Ngb-pt-0686-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

གཉིས་ཀྱི་བསྒྱུར་ནས་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། ཤི་ཧེ་ཛུ་ཀ་ཧ་ཡ་རྒི་བ་གུ་ཡ་མ་ལི་ཏནྟྲ་ནཱ་མི། བོད་སྐད་དུ། དཔལ་ཆེ་བའི་ཆེ་མཆོག་རྟ་མགྲིན་གསང་བ་འདུས་པའི་རྒྱུད་ཅེས་བྱ་བ། །པདྨ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །ནུབ་ཕྱོགས་བདེ་ཆེན་དབང་དྲག་རོལ་བའི་དཀྱིལ་འཁོར་ཆེན་པོ་ན། །ཡེ་ཤེས་དང་བསྐལ་བའི་མེ་དཔུང་དམར་ནག་ཏུ་འབར་བའི་ཀློང་ཆེན་མོ། །འཇིགས་པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་ན། །ཐོད་པ་སྐམ་རློན་རྣམས་ལྕགས་ཀྱི་གཟེར་གྱིས་བལྟམས་ཏེ་བརྩིགས་པའི་གཞལ་ཡས་ཁང་ཆེན་པོ་ན། །ཀླུ་བརྒྱད་ཀྱི་ཀ་གདན། །ལྷ་བརྒྱད་ཀྱི་ཀ་བ། གཟའ་བརྒྱད་ཀྱི་ཀ་ཞུ། །རྒྱུ་སྐར་གྱི་དྲལ་ཕྱ་མ་ཞིང་ཆེན་གྱི་སྒོ་ལོག་ཙིསྟའི་ཕོ་ཏོ། །སྦྲུལ་ཆུན་གྱི་སྐྱེས་བུ་ལ་སོགས་འཇིགས་པའི་གཞལ་ཡས་ཁང་ཆེན་པོའི་དབུས་ན། །བདུད་བཞི་དང་། །ཀླུ་རྒྱལ་ཕོ་མོ་དང་། དྲེགས་པ་རུ་་་རྣམས་བསྣོལ་བའི་སྟེང་ཉི་མ་དང་ཟླ་བ་པདྨའི་སྟེང་ན། །དབང་ཆེན་པདྨ་ཧེ་རུ་ཀ་གསང་བ་འདུས་པ་འཇིགས་པའི་ཁྲོ་རྒྱལ་ཆེན་པོ་དང་། །ཡུམ་པདྨ་གཟི་ལྡན་རྣལ་འབྱོར་མ་དང་དབྱེར་མེད་བདེ་བ་ཆེན་པོའི་ངང་དུ་བཞུགས་སོ། །དབང་གི་འཁོར་ཡང་རིགས་བཞིའི་སྲས་དང་། །སྤྲུལ་པ་བྱི་ལ་དང་། །པུ་ཤུད་ཀྱི་མགོ་ཅན་དང་། །གཤིན་རྗེ་དང་། །མ་མོ་དང་། མཁའ་འགྲོ་དང་། ལས་བྱེད་ལྕམ་དྲལ་ལ་སོགས་པས་བསྐོར་ནས་བཞུགས་སོ། །དེའི་ཚེ་ཡུམ་ཆེན་མོ་གཟི་ལྡན་རྡོ་རྗེ་ཕག་མོས་ཧ་ཧ་ཧི་ཧི་། ཧ་ཡ་གྲི་བ་ཧེ་ཧེ་ཧྲིང་ཧྲིང་། །ཞེས་རྡོ་རྗེའི་གད་མོས་བསྐུལ་ནས་གཙོ་བོ་ལ་ཞུས་པ། རང་འབྱུང་དབང་གི་རྒྱལ་པོ་ནི། །ཁྲོས་པའི་རྒྱལ་པོ་ཧེ་རུ་ཀ །དག་དང་མ་དག་འདུས་པའི་འཁོར། །དཀྱིལ་འཁོར་གཙོ་དང་འཁོར་དུ་བྱས། །དེ་ཡང་ལྕམ་དྲལ་དྲེགས་པའི་འཁོར། །དབང་བསྐུར་དམ་ལ་གཞག་བའི་ཕྱིར། །གར་གྱི་དབང་སྒྱུར་ཆེན་མོ་མཛོད། །ཅེས་བདེ་བའི་མདངས་དང་རྡོ་རྗེའི་གླུས་བསྐུལ་བ་དང་། །དེ་ནས་གཙོ་བོ་ཡབ་ཀྱིས་དེ་རྣམས་ཀྱི་ལག་ཏུ་རྡོ་རྗེ་གཏད། །ཡུམ་གྱིས་ཐོད་ཁྲག་གཏད་དེ། །རྩ་སྔགས་ཞབས་སུ། །ཨེ་ཀ་ཛ་ཏི་མ་ཧྭ་ཀྲོ་ཏ་ཧཱུཾ༷་ཕཊ། །རག་ཏ་ཙ་མུན་ཏི་ཁེ་ན་ཁེ་ན་ཧཱུཾ༷་ཧཱུཾ༷་ཕ ཊ་ཕཊ། །ཅེས་བརྗོད་པས། །དྲེགས་ཅན་དེ་རྣམས་ཐམས་ཅད་རང་དབང་མེད་པར་འདར་ཞིང་བྲེད་པར་གྱུར་ཏེ། །ཏག་རག་ཤ་ཛ་སྨྱོ། །ཡུམ་བདག་གིས་སྲོག་གི་སྙིང་པོ་འབུལ་ན་བཀའ་ཅི་འཚལ་ཞེས་པ་དང་། རྟ་མགྲིན་ཡབ་ཡུམ་གཉིས་མེད་དུ་སྦྱར་བའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་དམ་ཚིག་ལྕེ་ལ་གཞག །གསང་དབང་བསྐུར་ཐུགས་ཀྱི་སྲས་སུ་བྱས་ནས་བཀའི་སྲུངས་མར་གཞག་གོ །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ལྕམ་དྲལ་གཉིས་ཀྱིས་འདི་སྐད་ཞུས་སོ། །ཨེ་མ་དཔའ་བོ་ཡབ་ཡུམ་སྐུ། །ཉིད་ཀྱི་ལྟ་བ་ཇི་ལྟར་ལགས། །དཔའ་བོ་ཡབ་ཡུམ་གྱི་བཀའ་སྩལ་པ། །སྣང་སྲིད་དངོས་པོར་སྣང་བ་ཀུན། །ང་ཡི་རོལ་བ་སྐུ་ཡི་རྒྱན། །སྒྲ་རུ་སྣང་བ་ཐམས་ཅད་ཀུན། །ང་ཡི་གསུང་གི་རང་བཞིན་ཡིན། །སེམས་ཀྱི་དྲན་རྟོག་ཐམས་ཅད་ཀུན། །ང་ཡི་ཐུགས་ཀྱི་ལོངས་སྤྱོད་བརྒྱུན། །ཐིག་ལེ་བྱང་ཆུབ་སེམས་ཉིད་ལ། །རིག་དང་མ་རིག་ཁྱད་པར་བྱུང་། །ལས་དང་ཡེ་ཤེས་གཉིས་སུ་སྣང་། །རིག་པའི་ཡེ་ཤེས་མྱ་ངན་འདས། །འཁོར་འདས་ཁྱད་པར་དབྱིངས་སུ་མཉམ། །ལས་དང་ཡེ་ཤེས་གཉིས་སུ་མེད། །མ་འགགས་པ་ནི་ཆོས་ཀྱི་སྐུ། །མི་དམིགས་པ་ནི་ཆོས་ཀྱི་སྐུ། །དེ་རྟོག་དེ་ལ་གནས་པ་ཡིན། །སངས་རྒྱས་ཀུན་གྱི་དགོངས་པ་ཡིན། །ད་ལྟར་ངས་ཀྱང་དེ་སྐད་བཤད་པ་ཡིན། །ཞེས་གསུངས་སོ། །ལྟ་བ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ལྕམ་དྲལ་གཉིས་ཀྱིས་འདི་སྐད་ཞུས་སོ། །ཉིད་ཀྱི་སྒོམ་པ་ཇི་ལྟར་ལགས། །དཔའ་བོ་ཡབ་ཡུམ་སྙམ་བྱེད་སྐྱེ་མེ་དག་དོད་ནས་དག །ཡོད་མེད་རྟག་ཆད་གཟུང་འཛིན་དང་། །མ་བཙལ་བཞག་ན་སྒོམ་པ་ཡིན། །གཉིས་མེད་སྟོང་པ་ཆོས་དབྱིངས་ལ། །མ་འགགས་དུག་ལྔ་རྣམ་རྟོག་ཤར། །དབྱིངས་ནས་ཤར་ནས་དབྱིངས་སུ་ཐིམ། །རང་ཤར་རང་གྲོལ་སྒོམ་པའི་མཆོག །ལྷ་དང་ཀུན་རྟགས་སྣང་བ་ཡང་། །དངོས་པོར་གཟུང་ན་རྟག་པར་གོ །ལྷ་དང་དངོས་མེད་ཆོས་མེད་ཆོས་ཀྱི་སྐུ། །མེད་པར་གཟུང་ན་ཆད་པར་གོལ། །ཡོད་མེད་མཉམ་པའི་ངོ་བོ་ལས བདེ་གཤེགས་འགྲོ་དོན་ཕྱིར་ཡང་མཛད། །སྐྱེད་རྫོགས་ཟུང་འཇུག་སྒོམ་པ་ཡིན། །ཞེས་གསུངས་སོ། །སྒོམ་པ་བསྟན་པའི་ལེའུ་སྟེ་གསུམ་པའོ། །དེ་ནས་ལྕམ་དྲལ་གཉིས་ཀྱིས་འདི་སྐད་ཞུས་སོ། །ཉིད་ཀྱི་སྤྱོད་པ་ཇི་ལྟར་ལགས། །དཔའ་བོ་ཡབ་ཡུམ་སྐྱེ་འགྲོའི་གཟུགས་སུ་སྣང་བ་ཀུན། །གང་ཡིན་ཐམས་ཅད་ཕྱག་རྒྱའི་ཚོགས། །ང་ཡི་སྐུ་ཡི་རྒྱན་དུ་ཤར། །སྒྲ་རུ་གྲགས་པ་སྔགས་ཀྱི་ཚོགས། །ང་ཡི་གསུང་ནི་སྒྲ་སྐད་ཡིན། །སེམས་ཀྱི་དྲན་རྟོགས་ཐམས་ཅད་ཀུན། །མ་ལུས་ཐུགས་ཀྱི་ཆོས་ཉིད་ཡིན། །ང་ཡི་ཐུགས་ཀྱི་ཆོས་ཉིད་ཡིན། །སྐུ་གསུང་ཐུགས་སུ་ལོངས་སྤྱོད་པ། །འདི་ཡང་ང་ཡི་སྤྱོད་པ་ཡིན། །ཆོས་དབྱིངས་སྐྱེ་བ་མེད་པ་ལས། །རིག་པ་ཡེ་ཤེས་གཉིས་མེད་སྦྱོར། །ཐབས་ཀྱི་རང་བཞིན་སྐྱེ་མེད་པ། །ཤེས་རབ་མ་འགགས་གཉིས་མེད་སྦྱོར། །འདི་ཡང་ང་ཡི་སྤྱོད་པ་ཡིན། །ཞེས་གསུངས་སོ། །སྤྱོད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ལྕམ་དྲལ་གཉིས་ཀྱི་འདི་སྐད་ཞུས་སོ། །ཉིད་ཀྱི་འབྲས་བུ་ཇི་ལྟར་ལགས། །དཔའ་བོ་ཡབ་ཡུམ་བཀའ་སྩལ་པ། །རང་བཞིན་མེད་པར་ལྷུན་གྲུབ་པས། །རིག་པ་ཡེ་ཤེས་ཆོས་ཀྱི་སྐུ། །མ་བཙལ་རང་ཤར་རང་ལ་ཡེ་ནས་གནས། །འདི་ཡང་ང་ཡི་འབྲས་བུ་ཡིན། །ལོངས་སྤྱོད་རྫོགས་པ་སྐུ་ཡི་དང་། །རང་ལས་བྱུང་ཞིང་རང་ལ་ཐིམ། །འདི་ཡང་ང་ཡི་འབྲས་བུ་ཡིན། །འདི་ལྟར་སྣང་བ་ཐམས་ཅད་ཀུན། །སྣ་ཚོགས་རང་ཤར་སྤྲུལ་པའི་སྐུ། །གང་ལྟར་རྟགས་པ་དེ་ལྟར་སྣང་། །འདི་ཡང་ང་ཡི་འབྲས་བུ་ཡིན། །སྐུ་གསུམ་ཡེ་ནས་རང་ལ་རྫོགས། །མ་བཙལ་ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ། །མ་བསྒྲུབ་རང་ལས་བྱུང་ཞིང་གནས། །འདི་ཡག་ང་ཡི་འབྲས་བུ་ཡིན། །ཞེས་གསུངས་སོ། །འབྲས་བུ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་ལྕམ་དྲལ་གཉིས་ཀྱིས་འདི་སྐད་ཞུས་སོ། །ཉིད་ཀྱི་བསྐྱེད་རིམ་ཇི་ལྟར་ལགས། །དཔའ་བོ་ཡབ་ཡུམ་བཀའ་སྩལ་པ། །བསྐྱེད་པའི་རིམ་པ་སྒྲུབ་པ་ནི། །རྣལ་འབྱོར་ལྟ་བས་ཐག་ཆོད་ནས། །ཐོག་མར་བཀྲ་ཤིས་དབེན་པའི་གནས། །ནུབ་ཏུ་ཁ་ལྟས་ས་གཞི་དམར། །ཀུན་ནས་ཟླ་གམ་དབྱིབས་སུ་གནས། །མེ་ཏོག་དམར་པོའི་སྣམ་བུ་ཆགས། །རྩི་ཤིང་ཡལ་ཁ་གཡུལ་ཐ་བར། །སྟོན་པའི་ཞབས་ཀྱིས་བཅགས་པ་དེར། །དཀྱིལ་འཁོར་དང་ནི་མཆོད་རྫས་ཀུན། །འོད་ཟེར་ཁ་དོག་དམར་པོར་བྱ། །བླ་མ་ལྷ་ཚོགས་བཅས་པ་ལ། །ཡན་ལག་བདུན་གྱི་ཚོགས་བསགས་པ། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །འབྱུང་བ་ལྔ་ནི་རིམས་བརྩེགས་ཏེ། །བྷན་དྷ་འབར་བའི་གཞལ་ཡས་ཁང་། །སྨུག་ནག་གྲུ་གསུམ་གནམ་སྒོ་ཅན། །ཟླ་ཁམ་མུ་ཁྱུད་གྲུ་ཆད་ཅན། །སྒོ་བཞི་རྒྱན་ལྡན་ཁོར་ཡུག་མཛེས། །ཀླུ་དང་ཉི་ཟླ་པདྨའི་གདན། །རང་སེམས་ཧྲི་ཡི་འཕྲོ་འདུ་ལས། །ཕྱག་མཚན་རྡོ་རྗེ་ཡོངས་སུ་འགྱུར། །བདག་ཉིད་དཔལ་ཆེན་རྟ་མགྲིན་སྐུ། །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་རྡོ་རྗེ་དུང་དམར་དཀྲུག །ཞབས་གཉིས་གདན་སྟེངས་སྐྱིལ་ཀྲུང་བགྲད། །སྤྱན་གསུམ་སྨིན་མ་ཁྲོ་གཉེར་གཡོ། །ཞལ་བགྲད་མཆེ་གཙིགས་སྨ་ར་སེར། །དབུ་སྐྲ་རལ་པ་གྱེན་ལ་བརྫེས། །དབུ་གཙུག་རྟ་མགོ་རྟ་སྐད་འཚེར། །སྐུ་ལ་དུར་ཁྲོད་ཆས་རྣམས་གསོལ། །ཡུམ་ཆེན་གཟི་ལྡན་སྐུ་ལ་སྦྱོར། །དམར་ནག་རལ་གཅིག་ཕྱག་གཉིས་མ། །གཡས་པ་ཁ་ཊ༷་ཡབ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་བཏབ། །ཞབས་གཉིས་ཡབ་ཀྱི་སྐུ་ལ་འཁྱུད། །དེ་ལྟར་སྐུ་བསྐྱེད་གསལ་བ་དང་། །སྐ་གསུང་ཐུགས་སུ་བྱིན་གྱིས་རློབས། །ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར། །སྤྱན་དྲངས་བཞུགས་གསོལ་ཕྱག་འཚལ་མཆོད། །བསྟོད་ཅིང་དཔལ་གྱི་རྟ་སྐད་སྟོན། །མ་མོ་རྣལ་འབྱོར་དོན། །ཐུགས་རྗེའི་ཡེ་ཤེས་སེམས་དཔའ་ལ། །སྔགས་ཀྱི་འཕྲོ་འདུ་འཁོར་ལོ་ལ། །སྤྲོ་བསྡུ་བྱ་ཞིང་བསྙེན་པ་བྱ། །རྩ་སྔགས་རྗོད་ལ་ཡི་དམ་བཅས་པའི་འཛབ་རྫོགས་ནས། །ཚོགས་དང་གཏོར་མའི་ཆོ་ག་བྱ། །དཔལ་གྱི་བཀའ་སྲུགས་ལྕམ་དྲལ་མཆོད། །འཁོར་གྱི་མཁའ་འགྲོ་ལྷག་མས་མཆོད། །གཏོར་མ་གཏང་ཞིང་རྟ་བྲོ་བརྡུངས། །དཀྱིལ་འཁོར་བསྡུས་ཏེ་སྟོང་པར་བསྒོམ། །བསྐྱེད་པའི་རིམ་པ་སྒྲུབ་པ་ཡིན། །བསྐྱེད་པ་མ་ཧྭ་ཡོ་གའི་སྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ལྕམ་དྲལ་གཉིས་ཀྱིས་འདི་སྐད་ཞུས། །ཉིད་ཀྱི་རྫོགས་རིམ་ཇི་ལྟར་ལགས། །དཔའ་བོ་ཡབ་ཡུམ་བཀའ་སྩལ་ཞུ། །བསྐྱེད་པའི་རིམ་པ་བསྟན་པ་དང་། །སྐད་ཅིག་དྲན་རྫོགས་ལྷར་བསྐྱེད་ནས། །འགྲོ་ཉལ་འདུག་གསུམ་ཐམས་ཅད་དུ། །ལྷ་ཡི་ངང་ལས་འབྲལ་མི་བྱ། །གཟུགས་སུ་སྣང་བ་རྟ་མགྲིན་སྐུ། །སྒྲ་རུ་སྒྲགས་པ་རྟ་མགྲིན་གསུང་། །སེམས་ཀྱི་དྲན་རྟོགས་རྟ་མགྲིན་ཐུགས། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེ། །ཡན་ཏན་སྣ་ཚོགས་ཟད་མི་ཤེས། །འཕྲིན་ལས་སྣ་ཚོགས་ཐོགས་མེད་སྤྱོད། །པདྨ་དབང་གི་རང་བཞིན་ལ། །བདག་ཀྱང་སྣང་བ་ཡོད་མ་ཡིན། །ཐམས་ཅད་དབང་གི་དཀྱིལ་འཁོར་ཆེ། །མ་བཙལ་བཞག་པས་འགྲོ་དོན་འགྲུབ། །ཡིད་བཞིན་ནོར་བུ་མ་བཙལ་རྙེད། །རྟ་མགྲིན་དབང་གི་རྣལ་འབྱོར་ཡིན། །ཞེས་གསུངས་སོ། །རྫོགས་པ་ཨ་ནུ་ཡོ་གར་སྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ལྕམ་དྲལ་གཉིས་ཀྱིས་འདི་སྐད་ཞུས། །རྫོགས་པ་ཆེན་པོར་རང་སྒྲུབ་པ། །དཔའ་བོ་ཡབ་ཡུམ་གསུང་དུ་གསོལ། །རྟ་མགྲིན་དབང་གི་དཀྱིལ་འཁོར་དེ། །ལོགས་ན་ཡོད་པ་མ་ཡིན་ཏེ། །རང་ཉིད་རྟ་མཆོག་སྐུར་སྣང་བས། །ལྷ་ཉིད་རང་ལ་རང་ཉིད་ལྷ། །ལྷ་དང་རང་ཉིད་གཉིས་སུ་མེད། །སེམས་ཉིད་རྟོགས་ན་སངས་རྒྱས་ཏེ། །སངས་རྒྱས་གཞན་ནས་མ་འཚོལ་ཅིག །སྐུ་མདོག་ཕྱག་མཚན་བཞུགས་ཚུལ་དང་། །རྒྱན་དང་ཆ་ལུགས་ཡབ་དང་མཐུན། །གཙོ་དང་འཁོར་དུ་བཅས་པ་ཡང་། །སེམས་ཀྱི་སྣང་བ་དེ་ལྟར་ཡིན། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གང་ལྟར་སྣང་བ་དེ་ལྟར་སྣང་། །སེམས་ལ་རྒྱུ་དང་རྐྱེན་མེད་པ། །མ་སྒྲུབ་ཡེ་ནས་རང་བྱུང་གནས། །དམ་བཙལ་བཞག་པས་རང་ས་ཟིན། །དེ་ལྟར་རྟོག་ན་རྟ་མཆོག་དཔལ། །ཆོས་ཉིད་དོན་གྱི་དབང་ཆེན་ཡིན། །གཟུགས་འཛིན་སྐུ་རུ་འཛིན་པ་དེ། །གྲ་ལ་བར་འདོད་ཀྱང་འཁོར་བར་འཚིང་། །གྲུབ་པར་བསྒྲུབས་ཀྱང་འགྲུབ་མི་འགྱུར། །དེ་བས་མ་བཙལ་བཞག་ན་གྲོལ། །མ་གྲུབ་ལྷུན་གྲུབ་ངང་ལ་ཞོག །རྫོགས་པ་ཆེན་པོའི་སྒྲུབ་པ་ཡིན། །ཞེས་གསུངས་སོ། །རྫོགས་པ་ཆེན་པོར་སྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ལྕམ་དྲལ་གཉིས་ཀྱིས་འདི་སྐད་ཞུས། །རྫས་ལ་བརྟེན་ནས་སྒྲུབ་པ་ཇི། །དཔའ་བོ་ཡབ་ཡུམ་བཀའ་སྩལ་པ། །སྒྲུབ་ལ་རྟེན་གྱི་དམ་རྫས་ནི། ཁུགས་འཆང་དམར་ཞུར་ཐོད་པ་ལ། །དཔྲལ་བར་རྟ་མགྲིན་ཡབ་ཡུམ་བྲི། །འགྲམ་བར་ལས་བྱེད་ལྕམ་དྲལ་བྲི། །པདྨར་ག་དམར་པོར་བྱ། །མིག་དང་རྣ་བ་གསལ་བར་བསྟོད། །ལེ་བརྒན་དར་དང་ཟབ་ཀྱི་རྒྱན། །ཀླད་ཕོར་ནང་དུ་བཞུགས་སུ་གསོལ། །རང་སྔགས་ཙཀྲ་བཅས་པ་དང་། །ལས་བྱེད་ལྕམ་དྲལ་སྲོག་སྙིང་ནི། །ལེ་བརྒན་དར་ལ་བྲིས་པའམ། །ཡང་ན་མཐིང་ལ་མཚལ་གྱིས་བྲི། །ཕ་འོང་ལོང་བུ་ཤེལ་གྱི་རྡོ། །ཕོ་རྒྱུད་དག་གི་བླ་རྡོ་ཡིན། །མཆོད་དང་ན་ཆུང་མཚལ་ཁྲག་ནི། །མོ་རྒྱུད་མཁའ་འགྲོའི་བླ་རྡོ་ཡིན། །ལེ་བརྒན་དར་གྱིས་གྲིལ་ནས་ནི། །ཟ་འོག་སྐུད་པས་བསྡམ་པར་བྱ། །རྟ་ཐོད་ནང་དུ་བླ་རྡོ་གཞུག །རྟ་ཐོད་རྟ་མགྲིན་མངའ་གསོལ་བྱ། །དལ་གྱི་དབུས་སུ་གཞག་ལ་བསྒྲུབ། །དགྲ་བགེགས་སྒྲོལ་ན་ལིང་ཁ་གཞུག །རྣམ་ཤེས་སྲོག་སྙིང་སྤུ་གྲིས་འདེབས། །ཉུངས་ཀར་ལ་སོགས་དྲག་རྫས་ལ། །སྔགས་བཟླས་རྒྱུན་དུ་བྲབ་པར་བྱ། །མེ་འབར་འོད་དུ་སྒྲ་ཡང་བྱུང་། །ལིང་ཁ་ཕྱུང་ལ་ལས་སྦྱོར་བྱ། །རྟ་ཐོད་བསྒྲུབ་པའི་རྟེན་དུ་ཟུང་། །སྲིད་པའི་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ཀྱིས། །སྲོག་འདུ་བླ་གསུམ་ཟིལ་མནན་ནས། །བཀའ་མཉན་མི་ཟློག་ལས་ཀུན་བྱེད། །ཅེས་གསུངས་སོ། །ཕྱི་རྟ་ཐོད་ལྷ་ལ་བརྟེན་ནས་སྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།ལེའུ་བཅུ་པ་དྲེལ་ཐོད་ལ་རྟེན་ནས། །བཅུ་གཅིག་པ་འཁོར་ལོ། །དེ་ནས་ཡང་དག་བཤད་པར་བྱ། །ལོ་བསྒྲུབ་རྣེལ་གྲིའི་སྙིང་དུ་ནི། །རྣེལ་གྲི་མོ་ཡི་ཐོད་པ་མྲ །པདྨ་ར་གའི་མཚལ་གྱིས་བྱུག །དབུས་སུ་གྲུ་གསུམ་སྲོག་སྙིང་བྲི། །རྣེལ་གྲིའི་སྙིང་དུ་ལིང་ཁ་བཅུག །ཚོན་སྐུད་དམར་པོས་ལིང་ཁ་བཅིང་། །ལེ་བརྒན་དར་གྱིས་ཐོད་པ་བཅིང་། །སྲོག་ཅི་བྱ་རྒོད་སྒྲོའི་རྩའམ། །ཟངས་ཀྱི་ག་འུར་གཞུག་པར་བྱ། །དར་གྱི་དཀྱིལ་མཐིངས་ཕྱེ་ལ་བཞུགས། །ལིང་ཁའི་དཀྱིལ་གྱི་ཚོན་སྐུད་ཡར་དྲངས་ལ། །སེང་ལྡེང་འཛོ་མོའི་ཕུར་པ་གཉིས། །ལྕམ་དྲལ་གཉིས་སུ་མངའ་གསོལ་བསྟོད།།སྣེལ་ཐོད་འབྲུབ་ཁུང་ནག་པོར་གཞུག ་་ས་ཀར་ཉུངས་ནག་ཐུན་སྒྲུབ་ལ། །སྲོག་རྩའི་ནང་དུ་ཐུན་གྱིས་བྲབ། །ཐོད་པ་འཕར་དང་ལིང་ཁ་འཚེགས། །འོད་དང་སྒྲ་དང་མེ་སྟག་འཕྲོ །སྙིང་ནང་ལིང་ཁར་ཕུར་པ་གདབ། །གཏོར་མ་གཏང་དང་སྲེག་པ་དང་། །དྲག་པོའི་ལས་ལ་སྦྱར་བར་བྱ། །རྩ་གཅིག་རྩ་གཅིག་ལས་འགྲུབ་བོ། །དེས་མ་འགྲུབ་ན་ལན་གསུམ་བསྐྱར། །དེས་ནི་མི་གྲུབ་མི་སྲིད་དོ། །མ་མོའི་སྙིང་ཐུན་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །ཁྲག་དུག་ཟོར་གྱིས་གསད་པ་ནི། །རྣེལ་གྲི་མོ་ཡི་ཐོད་པ་མྲ །མི་ཁྲག་ཁྱི་ཁྲག་ར་ཁྲག་གསུམ། །བཙན་དུག་ཐར་ནུ་ཐང་ཁྲོམ་གསུམ། །ཉུངས་ཀར་ཉུངས་ནག་སྐེ་ཚེ་གསུམ། །སྦྱར་ལ་ཐོད་པར་བླུག་ནས་ནི། །ཁྲག་དུག་ཐུན་དུ་བསྒྲུབ་པར་བྱ། །རྟགས་ནི་ཐུན་ཁྲག་ཁོལ་ནས་འོང་། །དགྲ་ཡི་ཁང་པ་དག་ལ་བརྡེག །རིམས་ནད་ཕོག་ན་ཁ་ཕུང་འཆི། །ཞེས་གསུངས་སོ། །དུག་ཐུན་ཁྲག་ཐུན་གྱིས་གསད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་དག་བཀའ་སྩལ་པ། །གསད་པའི་དྲག་སྔགས་སྒྲུབ་པ་ནི། །འབྲུབ་ཁུང་དམར་པོར་གསད་པ་ནི། །བཞིན་པའི་ས་ལ་འབྲུབ་ཁུང་བྱ། །བང་རིམ་གཉིས་བརྩེགས་བྱས་པ་ལ། །ཁ་གཅོད་དབུས་སུ་བུ་གུ་བཏོད། །མེ་ལ་བསྲེགས་ཏེ་ཚིག་པར་བྱ། །གང་ལ་བྱ་བའི་ལིང་ཁ་གཞུག །དྲག་སྔགས་ཉུངས་ཀར་བསྔགས་ཏེ་སྒྲུབ། །རྟགས་ནི་ཐུན་དང་ལིང་ཁ་འཚེགས། །ཕུར་པ་བཏབ་ལ་མེ་ལ་སྲེག །དགྲ་བགེགས་མྱུར་དུ་སྒྲོལ་བར་འཀྱུར། །ཞེས་གསུངས་སོ། །དྲག་སྔགས་ཉུང་ཀར་གྱིས་འབྲུབ་ཁུང་དམར་པོར་གསད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ལྕམ་དྲལ་གཉིས་ཀྱིས་འདི་སྐད་ཞུས། །ཉིད་ཀྱི་ལས་ཀྱི་འདེབས་ཐུན་གང་། དཔའ་བོ་ཡབ་ཡུམ་གསུང་དུ་གསོལ། །ཕན་གནོད་ལས་ཀྱི་འདེབས་ཁ་ནི། །གང་ལ་བྱ་བའི་དམིགས་དང་སྐྱར། །ལྟས་ངན་མ་མོའི་གཟུགས་བཅས་རྦད། །རྨི་ལམ་ཐུན་བྲབ་དགྲ་ལ་རྦད། །སྨྱོ་འབོག་ཐང་ཕྲོམ་ཐུན་གྱིས་བྲབ། །སེར་བ་རྟ་བླ་ཕུར་པས་ཟློག །ཐོག་ལ་ཐོག་སྙིང་ཐོད་པར་བྲག །རང་སྲུངས་ཕྱི་གྲུམ་ཞལ་བྱ། །ཆར་འདོད་ཕུར་པ་གླུ་ལ་གཟིར། །ཐོག་སེར་ཁ་ཆར་ཐུན་གཏོར་ཟློག །རྦོད་གཏོང་གཏོར་མའི་ཐུན་གྱིས་ཟློག །རྨི་ལམ་ཐལ་མོ་བརྡབ་ཅིང་བཟློག །དུས་མིན་འཆི་བདག་བཟིར། །ཚེ་རིང་བུམ་པར་ཚེ་བསྒྲུབ་བྱ། །བསོད་ནམས་ལོངས་སྤྱོད་རྫས་ཀྱིས་སྒྲུབ། །རིམས་སྲུངས་སྲུང་སྐུད་སྐེ་ལ་གདགས། །ནང་འགྲས་མཆོད་རྟེན་དམར་པོར་བྱ། །ངག་མནན་ལྕེ་༄༅ ལ་ཕུར་པས་གཟིར། །ངག་འགྲོལ་ལྕེ་ལ་རྡོ་རྗེ་སྒོམ། །ཀླུ་གཏད་དམར་པོར་རྫ་རུ་བྱ། ཁུགས་སྒྲོལ་ཉུངས་ཀར་གཟུགས་ལ་བརྡེག །ཇག་ཆིངས་མི་སྙིང་ཉུངས་ཀར་སྒྲུབ། །དབྱེ་བ་བྱ་རོག་འུག་སྒྲོས་བྱ། །དབང་སྡུད་ཟངས་ཀྱི་ག་འུར་སྒྲུབ། །སེལ་ནི་དཀོར་རྫས་ཐོད་ངན་སྦ། །ལས་འདེབས་ཉི་ཤུ་རྩ་གཅིག་པའོ། །དཔའ་བོའི་ལག་ཏུ་མཚོན་བསྐུར་འདྲ། །གང་་ལ་བྱ་བའི་ལས་ཀུན་འགྲུབ། །ཅེས་གསུངས་སོ། །ལས་ཀྱི་འདེབས་ཁའི་རྫས་ཀྱི་ལེའུ་བཅོ་ལྔ་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །ལས་ཀྱི་འདེབས་ཁ་གང་བྱེད་ཀྱང་། །དང་པོ་རྟ་མགྲིན་ཡབ་ཡུམ་གྱི། །བསྙེན་པའི་སྔགས་ལ་རྟགས་ཕྱིན་བྱ། །རྩ་སྔགས་བརྗོད། །དེ་ནས་ལས་བྱེད་ལྕམ་དྲལ་སྔགས། །དེ་ལ་དྲིལ་ལ་བསྒྲུབ་པར་བྱ། །ཏྲག་རག་ཤ་ཛ་སྨྱོ། དེ་ལ་སྒྲུབ་པ་ཤིན་ཏུ་གཅེས། །གསད་པ་སྐྲུ་གྲིའི་ཤམ་བུ་ནི། །མྲི་ཧུར་ཐུམས་ཛ། ཁྲ་ཏྲུ༷་མ་ར་ཡ་རྦད། །རྟ་ཐོད་ཐོད་ཆེན་གང་སྒྲུབ་ཀྱང་། །གསད་པའི་ཤམ་བུ་གོང་དང་སྦྲེལ། །ཆེ་གེ་མོ་ཙ་ཀྲ་མ་ར་ཡ་ཧཱུཾ༷་ཕཊ། །ཙ་ཀྲས་གསད་པའི་སྤུ་གྲི། །ཏྲག་རག་ཤ་དགྲའོ། །མ་ར་ཡ་ཙག་ཏྲ་སྙིང་ཐུན་རྦུད། །སྙིང་ཐུན་གྱིས་གསད་པའི་སྔགས། །མུ་རག་ཤ་ཙ་མུན་ཏི་སྨྱོ་རྦད། །ཐུན་གྱིས་གསད་པའི་པུ་གྲིའོ། །མ་ཧེ་དུ་ཧེ་སྲུཧྭ་ཕོབ། དུངས་ཡ་གྲྭཧྭ་ཕོབ། ཧེ་ཙ་དུ་ན་ཕོབ། ལྟས་ངན་དབབ་པོའི་མདེལྭ །མུ་ར༷་མུ་ར༷་ཐུ༷་ཐུ༷་སྨི་ཡ༷་ཐུ༷་གྲྭཧྭ། རྨི་ལམ་གསུངས་སོ། །ཕྱི་ལྟར་སྲོག་འཕྲོག་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །ནང་ལྟར་སྲོག་འཕྲོག་སྒྲུབ་པ་ནི། །དཔལ་ཆེན་རྟ་མགྲིན་ཡབ་ཡུམ་དང་། །སྤྲུལ་པ་ལྕ་མ་དྲལ་བཅས་པ་སྟེ། །གྲུབ་ནས་དངོས་གྲུབ་ཞལ་མཐོང་ཡང་། །དེ་ལ་དངོས་སུ་བཟུང་བས་ན། །ལས་ཀྱི་སྲིན་པོ་སྲིན་མོ་དང་། །དངོས་སུ་མཐོང་དང་ཁྱད་པར་མེད། །དེ་ཉིད་སེམས་ཀྱི་ཆོ་འཕྲུལ་ཡིན། །སེམས་ལས་མ་གཏོགས་ཆོས་གཞན་མེད། །སེམས་ལས་བྱུང་ཞིང་སེམས་སུ་སྤྱོད། །དཔ་ལ་ཆེན་རྟ་མགྲིན་ཡབ་ཡུམ་ལས། །ལས་ཀྱི་སྒྲོལ་གིང་ཡབ་ཡུམ་ཡང་། །མི་མཉམ་མཉམ་པར་ཡེ་ནས་གནས། །མཉམ་ཉིད་ཆེན་པོ་ཆོས་ཀྱི་སྐུ། །སྲོག་ནི་མ་ངེས་ཏིང་ངེ་འཛིན། །སྙིང་པ་རང་དབང་མེད་པའི་སྔགས། །དངོས་སུ་བྱུང་ནས་ལས་ལ་བསྐུལ། །ལེབ་འདེབས་ཉི་ཤུ་རྩ་གཅིག་གིས། །གང་འདོད་དམིགས་པའི་འཕྲིན་ལས་བཅོལ། །མཆོག་ཐུན་དངོས་གྲུབ་དེ་ལས་འབྱུང་། །ཞེས་གསུངས་སོ། །ནང་ལྟར་སྲོག་འཕྲོག་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །གསང་བ་སྲོག་འཕྲོག་འདི་ལྟ་སྟེ། །སེམས་ཉིད་ངོ་བོ་རྟ་མགྲིན་ཏེ། །ལོགས་ནས་སྒོམ་ཞིང་སྒྲུབ་ཏུ་མེད། །རང་སེམས་གསལ་ལ་མ་འགགས་པར། །རང་བྱུང་རང་ཤར་ཅིར་ཡང་སྣང་། །ཞི་བ་སྤྱན་རས་གཟིགས་སུ་སྣང་། །ཞལ་དང་ཕྱག་ནི་ཅིར་ཡང་སྣང་། །སྐུ་མདོག་སྣ་ཚོགས་གང་སྣང་ཡང་། །དེ་དག་སེམས་ཀྱི་ཆོ་འཕྲུལ་ཡིན། །རང་རྒྱུད་པ་ཅིག་སྒྲུབ་ཏུ་མེད། །རང་བྱུང་རང་ཤར་རང་སར་གྲོལ། །ངོ་བོ་སྟོང་པ་དེར་འདུག་པས། །རྟ་མགྲིན་ཆོས་སྐུ་རང་ལ་གནས། །རང་སེམས་མི་འགགས་ཤར་བ་ནི། །ལོངས་སྤྱོད་རྫོགས་པའི་རྟ་་མགྲིན་ཡིན། །རིག་པའི་རྩལ་ནི་མ་འགགས་ཤར། །སྤྲུལ་པ་སྐུ་ཡི་རྟ་མགྲིན་ཡིན། །སྐུ་གསུམ་མ་བསྒྲུབས་རང་ལ་རྫོགས། །རྟ་མགྲིན་སྲོག་ཐོབ་མ་བསྒྲུབས་འགྲུབ། །ཅེས་གསུངས་སོ། །གསང་བ་སྲོག་འཕྲོག་པའི་ལེའུ་སྟེ་བཅུ་དགུ་པའོ། །དེ་ནས་ཡང་དག་བཤད་པར་བྱ། །ཕྱི་ནང་གསང་གསུམ་སྲོག་ཐུབ་ནས། །དགྲ་བགེགས་ལ་སོགས་སྒྲོལ་འདོད་ན། །བདག་ཉིད་ལྷ་ཡི་སྐུར་བསམ་ནས། །ཡིད་ཀྱི་འཛིན་ཕུར་ཐབས་པ་ན། །གསོད་བྱེད་སྙིང་གི་རྩ་བ་ན། །ལྷ་སྲིན་སྲོག་ཐོབ་གདན་ལ་དབབ། །བསྟན་པ་འཇིག་དང་དཀོན་མཆོག་སྨོད། །རྣལ་འབྱོར་སྐུ་ལ་བསྡོ་བ་དང་། །སྲོག་འཕྲོག་བླ་དང་ལུས་སེམས་དབྲལ། །སྲོག་གི་ཡི་གེ་ཁི་རུ་གནས། ་་་ཐུམ་ཛ་ཡིས་སྙིང་ནས་ཕྲོལ། །མ་ར་ཡ་ནི་གསད་པའི་སྔགས། །སྲོག་གཅོད་སྐྲུ་གྲི་འབྲུ་བཞི་ཡིས། །བླ་ནི་འ་་པའི་རྣམ་བཞི་སྟེ། །རང་དབང་མེད་པར་བསད་པ་ཡི། །ཕུང་པོ་བལྟོས་པ་ཕྱིར་གཞག་ནས། །ལྷོས་མེད་སེམས་དང་དབྲལ་བ་ཡི། །སྲོག་གཅོད་བསྟན་སྲུང་ཕྱིར་རྟོགས། །ཕྲན་ཚེགས་རྩམ་ལས་བྱས་པ་ན། །སྔགས་པས་བདུད་ཀྱི་ལས་བྱས་ན། །ཤི་ནས་རྡོ་རྗེ་དམྱལ་བར་ལྟུང་། །དེ་བས་ལེགས་པར་སྤྱད་པར་བྱ། །ཞེས་གསུངས་སོ། །བསྒྲལ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །ནམ་ཞིག་དུས་ཀྱི་ཐ་མ་ལ། །སྔགས་པ་ནང་འགྲོས་སྤོད་གཏོང་བྱེད་། །དེ་ཚེ་ཟབ་པའི་ཁྱད་འདོད་ན། །ནད་དང་གདོན་དང་བསྲུང་བ་དང་། །འཕྲིན་ལས་དམིགས་པ་གང་བྱེད་ཀྱང་། །རང་ཉིད་རྟ་མགྲིན་སྐུར་གསལ་ནས། །སུས་ཀྱང་ཚུགས་པར་མི་འགྱུར་ཏེ། །སྟོང་པའི་གོ་ཆ་བླ་ན་མེད། །འདི་ནི་བསྲུང་བའི་རྒྱལ་པོ་ཡིན། །རྣམ་པར་རྟོག་པ་བགེགས་ཡིན་ཏེ། །བགེགས་ཀྱང་རང་གི་སེམས་ཉིད་ཡིན། །སེམས་ཉིད་རིག་པའི་རྩ་ལ་ཐོབ་ནས། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུགརྔུ་འབྱིན་པ་བླ་ན་མེད། །སེམས་ཀྱི་བྱ་བ་མ་ལུས་རྟོགས། །དེ་ནི་དོན་དམ་སྟོང་པའི་དབྱིངས། །ཉམས་པའི་ཆད་པ་བྱུང་བ་ལ། །མགོན་བཙུན་དེ་ལས་གཞན་མེད་དོ། །ཞེས་གསུངས་སོ། །ཟློག་སྲུང་ཁྱད་པར་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །བསྟན་པ་བསྲུང་བའི་ལྕམ་དྲལ་ཁྱེད། །བསྟན་པའི་རྒྱུ་འདི་གར་གནས་པས། །དམ་ཚིག་གཉན་པོ་མ་འདའ་བར། །རྣལ་འབྱོར་དམ་ཆེན་བསྟན་པ་སྲུངས། །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་ལ་ཕངས་སྨོད་པ་དང་། །རྣལ་འབྱོར་སྐུ་ལ་སྡོ་བའི་དགྲ །ཁྱེད་ཀྱིས་མྱུར་དུ་སྒྲོལ་བར་གྱིས། །ཞེས་པས་གཉེར་ཁ་གཏད་དོ། །གཙོ་བོ་ཡབ་ཡུམ་ཆོས་ཉིད་ལ་གནས་ཏེ། །ལྕམ་དྲལ་གཉིས་བསྟན་པའི་སྲུངས་མར་བཞག་གོ །དཔལ་རྟ་མགྲིན་གསང་བའི་འཕྲིན་ལས། །དྲག་སྔགས་གཅིག་པའི་རྒྱུད་ལེའུ་ཉི་ཤུ་རྩ་གཉིས་པའོ།། །།ས་མ་