Ngb-pt-0670-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། ཤི་ཡ་མ་ར་ཡ་རཀྟ་ཙ་ར་གུ་རྒྱ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་གཤིན་རྗེ་དམར་པོ་མ་ར་ཡ་ཁྲག་སྒྱུག་གསང་བའི་རྒྱུད་ཅེས་བྱ་བ་། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ར་རེབ་རིའི་བྱང་ཕྱོགས་ན། གནོད་སྤྱིན་དམར་པོ་འཁྲུགས་པའི་དཀྱིལ་འཁོར་ནས། ཚེ་སྲོག་གི་བདག་པོ་འཇིག་རྟེན་པའི་སྐུ། གཤིན་རྗེ་དམར་པོ་མི་ཟན་ཏེ། །གསོད་བྱེད་བཞི་དང་ལྷན་ཅིག་ཏུ། །གནོད་སྤྱིན་དྲག་པོ་གཏུམ་བག་ཅན། །བྱེ་བ་དཔག་མེད་འཁོར་ཚོགས་ཀྱིས། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱིས། །བླ་དང་སྲོག་ལ་དབང་བསྐུར་ཞིང་། །མི་ཤ་རློན་པ་ཟས་སུ་ཟ། །མི་ཁྲག་རློན་པ་ཁྲག་ཏུ་འཐུང་། །རྔམ་པའི་ང་རོ་འབྲུག་ལྷར་སྒྲོགས། །སྒྱུགས་པའི་ང་རོ་བོད་སྒྲ་སྒྲོག །ཨ་ལ་ལ་ཡི་གད་མོ་སྒྲོག །དེ་ཚེ་རྡོ་རྗེ་དྲག་ཤུག་ཅན། །དྲེགས་པའི་གདན་ལ་བརྐྱང་བསྐུམ་བགྲད། །སྲོག་ལ་སྒྲོལ་བའི་མ་རུ་རྩེ། །ཤན་པ་མ་ར་ཁྲག་སྒྱུག་ཚོགས། །འཚམ་རྔམ་འབར་བས་དབང་དུ་སྡུད། །དེ་ཚེ་དྲག་པོའི་སྔགས་རྒོད་འདི། །སྐྲུ་གྲི་རེ་ཆོད་རྔམ་པ་ཡི། །རྨོད་པའི་དུག་མདའ་འདི་གསུངས་སོ། །ཨོ་ཡ་ཧོ་ཕཊ། མ་ཧོ་ཕཊ། གཤུ་ཧོ་ཕཊ། མ་རུ་ཙེ་ཕཊ། རྔམ་རྔམ་ཕཊ། རྔམ་རྔམ་དགྲ་བོའི་སྲོག་ལ་རྔམ། ཉི་ཕཊ། ཧཱུཾ༷་ཧཱུཾ༷་ཕཊ། ས་མ་ཡ་ཐུ་ཐ་ཕཊ། ཅེས་བཟླས་སོ། །མྱ་ར་ཡ་ཁྲག་སྒྱུག་གསང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་དྲག་པོ་སྒྲོལ་བའི་སྐུ། །རྡོ་རྗེ་ཅན་ལ་ལུས་བ་་ནས། །གཤིན་རྗེ་དམར་པོ་མ་ཟིན་ཏེ། །སྲོག་གི་བདག་པོ་སྒྲུབ་པ་དང་། །ཉེ་བར་བོད་དང་གསད་སྔགས་དང་། །འཁོར་ལོ་དག་གིས་ལས་རིམ་དང་། །མ་གྲུབ་སྤོགས་དང་ཤི་ས་བསྟན། །རྟགས་ཀྱི་དྲོད་ཚད་བཟུང་བ་དང་། །ནོར་བུ་སྒྲུབ་པའི་རིམ་པ་དག །འཁོར་ལ་ངེས་པར་བཤད་པར་མཛོད། །ཅེས་གསོལ་ཏོ། །དེ་ནས་ཡ་མ་རྡོ་རྗེའི་སྐུས་སྐྲུ་གྲི་ཤན་པའི་ལས་འདི་གསུངས་སོ། །རག་ཏའི་ཀློང་ནས་སྐུ་བཞེངས་པའི། །གནོད་སྦྱིན་དམར་པོ་ཤན་པའི་ཚོགས། །གྱད་པ་བཞི་དང་ལྷན་ཅིག་ཏུ། །རྣལ་འབྱོར་ལྡན་ཞིང་བརྟུལ་ཞུགས་ཀྱིས། །མ་ལ་ཡ་ཡི་གནས་སུ་སྒྲུབ། །ལྷོ་ཕྱོགས་དུར་ཁྲོད་རོ་ཁུང་ས། །དཔའ་བོ་གྲི་རུ་གསད་པའི་ཤུལ། །ལྷ་འདྲེ་གདུག་པའི་ས་ཤུལ་དུ། །གསད་པའི་འཁོར་ལོ་དྲག་པོའི་དབུས། ཁ་དོག་ནག་པོ་རྩང་གིས་བསྐོར། །ཟླ་གམ་དམར་པོ་གདུག་པའི་མཚོན། །འཁོར་ལོ་རྩིབས་བཞི་ཐོད་འཕྲེང་མེད། །མཁས་པས་ཉི་མ་ནུབ་ནས་རྩིག །དབུས་སུ་འཁོར་ལོ་ཐོད་པ་གཅའ། །འཁོར་ལོ་རྩིབས་བཞི་ལྡན་པ་ལ། །གདུག་པའི་མཚོན་ཆ་དམར་པོ་ལ། །སྲོག་ཆགས་བསྒྲལ་བའི་སྙིང་བཞི་གཟུགས། །བཤོས་བུ་གྲུ་གསུམ་དམར་པོ་ལ། །རུ་མཚོན་དམར་པོ་བཞི་ཡང་གཟུགས། །གཏོར་མ་རཀྟ་བདུད་རྩི་ཡང་། །འཚོགས་པར་བྱས་ལ་རྣལ་འབྱོར་བྱ། །དང་པོ་སྟོང་པ་བྱང་ཆུབ་སེམས། །རྒྱུ་ཡི་ས་བོན་ལྡན་པ་ཡིས། །རང་གི་སྔགས་ཀྱི་རྫོགས་པའི་སྐུ། །དམར་ནག་པདྨ་ར་གའི་སྐུ། ཁམ་ནག་རལ་བ་ཀས་སོར་བསླེབ། །རྩེ་ལ་བརྙ་ལྕང་ལོ་ལས། །སྤྲུལ་པ་གློག་སྟོང་སྐར་མདའ་འཁྲུག །གསོད་བྱེད་རལ་གྲི་གཡས་ན་བསྣམས། །གཡོན་ན་སྦྲུལ་ཞགས་སྡིགས་མཛུབ་མེ། །གྱད་ཀྱི་དོར་སྟབས་དྲེགས་པ་བརྫིས། །བདུད་ཀྱི་ལྕང་མོ་ཁྲག་མིག་མ། །རླུད་ནག་ཚུབ་མའི་དཀྱིལ་འཁོར་ནས། །ལྕགས་ཀྱུ་དམར་པོ་འཕྲོ་འདུ་ཡིས། །ཐོད་ཁྲག་དམར་པོའི་དལ་ཡ་མས་འབེབས། །ཛ་ལས་སྤྲུལ་པའི་སྒྲོལ་གིང་བཞི། །དམར་པོ་བསེ་ཡི་རལ་པ་ཅན། །བསེ་ཁྲབ་དམར་པོ་སྐུ་ལ་གསོལ། །ཆིབས་སུ་བསེ་ཡི་བྱ་ཁྲ་ཆིབས། །ཁྲག་གི་ཞགས་བ་དམར་པོ་དང་། །བསེ་ཡི་མདུང་དམར་ཆེམས་སེ་ཆེམས། །གནམ་ལྕགས་འབར་བའི་རལ་གྲི་དང་། །བསེ་ཡི་ལྡན་དཀར་ལག་ཆར་ཐོགས། །འཇིགས་བྱེད་དཀྱིལ་འཁོར་གསལ་བ་དང་། །རང་བཞིན་དཀྱིལ་འཁོར་སྤྱན་དྲང་མཆོད། །འཕྲིན་ལས་བཅོལ་བའི་ལས་ཀྱང་བྱ། །རང་གི་གནས་ནས་འཕྲོ་འདུ་ལས། །སྲོག་གི་འཁོར་ལོ་རབ་བསྐོར་ནས། །ལས་མཁན་མྱུར་དུ་བོད་པར་བྱ། །སྒྲུབ་བྱའི་རྩ་སྔགས་དྲིལ་ལ་བཟླས། །ཤ་དང་ཁྲག་དང་རུས་པ་ལ། །སྲོག་ལ་རྦད་ཅིང་བླ་ཚེ་དགུག །དམིགས་པ་ཁུགས་པའི་དྲོད་དང་སྦྱར། །གསད་པའི་ལས་ཀྱི་མཇུག་ཏུ་ཡང་། །བོད་རྦད་བསད་གསུམ་སྐྲུ་གྲི་སྦྱར། །སྟོང་གྲངས་བར་དུ་བྲབ་པ་ཙམ། །དགོངས་ཀྱི་གྲིབ་སོ་ནག་པོ་དང་། །ནམ་གྱི་གུང་ལ་གསད་པ་ཙམ། །དེ་དུས་ཐོད་པར་གདབ་ཅིང་ག་ །ཉི་ཟེར་ཟླ་ཟེར་སྐར་ཟེར་ལ། །རྦད་ཅིང་བླ་ཚེ་དགུག་བར་བྱ། །ལས་རྫོགས་འཁོར་ལོ་ལིང་ག་ཀུན། །བསྟབ་དང་གནད་དང་བསྲེག་པ་ཀུན། །བདུད་ཀྱི་ཕོ་སྐོར་མོ་སྐོར་དག །རོ་ལངས་རུབ་པའི་དུས་སུ་བྱ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་དམར་པོ་མ་ར་ཁྲག་སྒྱུག་གི་རྒྱུད་ལས། སྒྲུབ་ཅིང་ལས་ལ་སྦྱར་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དྲག་སྔགས་བཤད་བྱ་བ། །གཤིན་རྗེ་བསད་ཁྲམ་དུག་གི་མཚན། །བསད་པའི་དུས་ནི་འདི་དག་གོ །ཨོ་ཤི་མཉུ་ཡ་མ་རྭ་ཛ་ཨེ་ཀཞི་ཛ་ཛ། ཨོ་ལ་ཧོ་ཕཊ། མ་ཧོ་ཕཊ།གཤུ་ཧོ་ཕཊ། མ་རུ་རྔམ་ཡ༷་རྦད། རྔམ་རྔམ་ཕཊ། ཉི་ཕཊ། ཧཱུཾ༷་ཧཱུཾ༷་ཕཊ། རྔམ་རྔམ་དགྲ་བོའི་སྲོག་ལ་རྔམ། རྔམ་རྔམ། དགྲ་བོའི་རུས་ལ་རྔམ རྔམ་རྔམ་དགྲ་བོའི་ཤ་ལ་རྔམ། ཨོ་ཡ་མ་ཧཱུཾ༷་ཧཱུཾ༷་ཧྲི་རྦད། ཧཱུཾ༷་ཤུ་དྲི་རྦད། མ་རུ་ཏྲེ་ཡ༷་རྦད། མ་རུ་རྔམ་ཡ༷་རྦད། མ་རུ་རྩེ་མུགས་ནི་མུགས་ནི་རྦད་རྦད། ཨོ་ཡ་ཤུ་ཏི་ལ་དུན། མ་རུ་ངམ་ས་ཡ་བོད། མུགས་པ་ནི་མུགས་རྦད། རྦད་དུ་རྦད་པ་ཡ། དྲི་ཆེ་གེ་མོ་རྦད་རྦད། སྲོག་ལ་བྲེང་བྲེང་། མ་རུ་ཙེ་རྩ་ཁྲག་ཙིསྟ་ཕྱུང་། དགྲ་བོའི་སྲོག་ལ་ཐུམ་རིལ་དྲི་ཐུམས་ཐུམས། ཙིསྟ་རྦད་རྦད་ཡ། སྲོག་མུགས་ཏི་རྦུད་རྦུད། རྦད་ཤ་རྦད་མྱོགས། ཙིསྟ་ཀུ་ལ་རྦད་རྦད། རྦད་ཡ༷། རྦད་ཐིབས། རྦད་ར༷་རྦད་མྱོགས། རྦད་ཁ༷་རྦད་རྨུགས།རྦད་ལ༷་རྦད་མྱགས། མ་རུ་ཙེ་དགྲ་བོའི་སྲོག་ལ་རྦད་ཡ། ཨོ་ས་མ་ཡ་ཕུག་ཕུག་རྟོལ་རྟོལ། ཙིསྟ་ཕྱུང་སྙིང་ཁ་ལ་ར༷། ཚལ་པ་ཚལ་པ་སྨྱོ། ཁམ་ཁམ་སྙིང་ལ་ཁམ། ཕྱུང་ཕྱུང་ཙིསྟ་ཕྱུང་། ཙག་ཤུ་བ༷་རིལ། ཐུམ་སྙིང་ལ་ཡ།སྙིང་ཁྲག་ཁོང་ནས་ཕྱུང་ལ་ཤོག །ཆེ་གེ་མོ་མྱ་ར་ཡ་རྦད། ས་མུ་ཧེ་ནུ་ཐ་ཕཊ། ཛོ་ཏ་ཏ་བ་ཀྲི་ཏ་སོད་སོད་རུ་ཏ་རུ་ཏ་བོ་བོ་ཡ༷་ཡ༷་ནན། གཤིན་རྗེ་དམར་པོ་མ་ར་ཁྲག་སྒྱུག་གི་རྒྱུད་ལས། དྲག་པོ་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་འཁྲུལ་འཁོར་བཤད་བྱ་བ། །དུར་ཁྲོད་རོ་རས་དེ་དག་ལ། །དྲག་པོའི་འཁོར་ལོ་རིམ་པ་གསུམ། །རྩ་བ་དྲག་པོ་སྤུ་གྲི་རྣམས། །མཁས་པས་འཁོར་ལོ་ལིང་ག་བྲི། །བླ་སྲོག་གཅོད་དང་འགུགས་པ་ཡི། །གཅོད་པ་མཚོན་ཆའི་འཁོར་ལོ་ཞེས། །ཡང་དག་རྡོ་རྗེས་བཤད་པ་ཡིན། །ཙ་རའི་ཐོད་པར་དགྲ་གཟུགས་བཞུག །གསད་གནད་ལས་ཀྱི་འཁོར་ལོ་དེ། །མནན་གྱི་གསད་པའི་འཁོར་ལོར་བཤད། །གཅན་གཟན་དར་མའི་ཐོད་པ་ལ། །གཤིན་རྗེ་དམར་པོའི་གཟུགས་དང་སྔགས། །བྲིས་ལ་ལྟོ་བར་ལིང་གུ་གྲུབ། །རྣལ་མ་རྒྱུན་གྱི་འཁོར་ལོ་སྟེ། །གཤེད་མ་སྲོག་ལ་འབེབས་པ་ཡི། །འཁོར་ལོ་ནག་པོ་ཞེས་སུ་འདོད། །རྣིར་དྲེའི་ཐོད་པ་རྨེ་ཤ་སྲ །སྒྱུག་བ་ཁྲག་དང་ལྕ་བ་དུག །གཟེར་པ་ཉུངས་ཀར་ཐུན་སྦྱར་ཏེ། །སྐབས་སུ་ལིང་ག་དག་ལ་བརྡེག །དགྲ་ལ་ཟོར་དུ་འཕང་བ་སྟེ། །དྲག་པོ་ཐུན་གྱི་འཁོར་ལོ་འདོད། །གསད་པའི་འཁོར་ལོ་མནན་པ་བྱ། །བརྣག་པའི་འཁོར་ལོ་རྒྱུན་དུ་རྟེན། །ཐུན་གྱི་འཁོར་ལོ་དགྲ་ལ་བརྡེག །ཅེས་གསུངས་སོ། །གཤིན་རྗེ་དམར་པོ་མ་ར་ཁྲག་སྒྱུག་གི་རྒྱུད་ལས། འཁོར་ལོའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དྲག་པོའི་ལས་བྱ་བ། །མ་གྲུབ་སྤོགས་པའི་ཆོ་ག་བྱ། །ལན་གསུམ་དག་གིས་མ་གྲུབ་ན། །དུར་ཁྲོད་རས་ལ་གཤིན་རྗེའི་གཟུགས། །ལྷོ་བར་སྔགས་ཀྱི་འཕྲེང་བ་བྲི། །དྲག་པོ་གཅན་གཟན་ཐོད་པར་གཞུག །ཞག་ནེ་བདུན་གྱི་བར་དག་ཏུ། །ཟློག་ཅིག་ཨ་ར་ལ་གཏད་པར་བྱ། །དེ་ཚེ་གུ་གུ་ལ་ནག་པོ་ཡིས། །འཁོར་ལོ་བདུག་ཅིང་ཡུངས་ཀར་བྲབ། །རྫོགས་ན་འཁོར་ལོ་མནན་པ་བྱ། །གལ་ཏེ་རྣལ་འབྱོར་ཉམ་ཆུངས་ནས། །ཚེ་སྲོག་བདག་བོས་འཚེ་བ་ན། །ཁྲག་དང་དུག་དང་ཉུངས་ཀར་གྱིས། །སྐུ་ལ་གཏོར་ཅིང་བཟློག་པར་བྱ། །དེ་ནི་གཤིན་རྗེ་དམར་པོ་དག །ཨར་ལ་གཏད་པའི་ལས་སུ་བཤད། །གཤིན་རྗེ་དམར་པོ་མ་ར་ཁྲག་སྒྱུག་གི་རྒྱུད་ལས། མ་གྲུབ་སྤོགས་པ་དང་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གྲུབ་རྟགས་ངེས་བཤད་པ། །བདུན་ལ་བསྙེན་པའི་རྟགས་བཟུང་བ། །རྟ་པ་ཞུབ་ཅན་ཁྲ་ལ་སོགས། །འོད་དང་སྒྲ་དང་རླུད་ནག་དང་། །མི་རེང་དམར་པོ་བཙུན་པ་རྣམས། །ལས་མཁན་རྟགས་སུ་ཤེས་པར་བྱ། །རྟ་ཞོན་དམག་གིས་དགྲ་ཡུ་ལ་འཇོམས། །ར་གཡག་ཁྲིད་ནས་གསོད་པ་དང་། །དགྲ་ཡི་མཚོན་ཆ་ཐོབ་པ་དང་། །ཤ་ཀྱི་འགྱེད་དང་རི་དྭགས་ཤོར། །བླ་ཚེ་ཁུགས་པའི་རྟགས་ཡིན་པས། །བསད་པའི་ལས་ལ་འཇུག་པར་བྱ། །ར་དང་རི་དྭགས་བསད་པ་དང་། །བླ་ཤིང་གཅད་དང་ངོས་སུ་གསད། །མྱུར་དུ་སོད་པའི་རྟགས་ཡིན་པས། །ཤ་ཁུར་སྙིང་ཁྱེར་བྱུང་བ་དང་། །སོད་པས་གཏང་རག་གཏང་བར་བྱ། །དྲོད་རྟགས་བསྙེནསྒྲུབ་ལས་ལ་སྦྱར། །གཤིན་རྗེ་དམར་པོ་མ་ར་ཁྲག་སྒྱུག་གི་རྒྱུད་ལས། རྟགས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ནོར་བུ་བུམ་པའི་རྒྱལ། །རིན་ཆེན་ག་འུ་ཟ་མ་ཏོག །རིན་ཆེན་ལྷ་དང་འདོད་པའི་མི། །འདྲེལ་པའི་འཁོར་ལོ་རྫོགས་པ་དག །བང་མཛོད་ནང་དུ་རྟག་ཏུ་རྟེན། །དགོས་འདོད་འདུ་ཞིང་འཕེལ་བར་འགྱུར། །ཞེས་གསུངས་སོ། །འབར་བྱེད་ཁྲོ་བོ་གཏུམ་བག་ཅན། །གདུག་པའི་ང་རོས་འཇིག་རྟེན་གཡོ། །འབར་བྱེད་ཡེ་ཤེས་ཐིག་ལེ་ཉིད། །མ་ལུས་འདུལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །དཔལ་གཤིན་རྗེ་དམར་བོ་མ་ར་ཁྲག་སྒྱུག་གི་གསང་བའི་རྒྱུད་ལས། ནོར་བུ་སྒྲུབ་པ་དང་བསྟོད་པའི་ལེའུ་སྟེ་བདུན་པའོ།། །།དཔལ་གཤིན་རྗེ་དམར་པོ་མ་ར་ཡ་ཁྲག་སྒྱུག་སྐྲུ་གྲི་རེག་ཆོད་ཀྱི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷ་ན་ད་ལས། བོད་ཀྱི་བན་ཆུང་ཁྲི་གཙུག་ལ་གནང་བའོ།། །།