Ngb-pt-0646-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། ཡ་མ་ཙི་ལ་ད༷་ཏ་ཀྭ་ལ་ནཱ་མ་ཏནྟྲ། བོད་སྐད་དུ། གཤིན་རྗེ་འཆར་ཀ་ནག་པོ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་འཇམ་དཔལ་ནག་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཆོས་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས། རི་རབ་ཀྱི་ལྷོ་ཕྱོགས་དུར་ཁྲོད་ཆེན་པོ་རབ་ཏུ་འཇིགས་པ་ཅན་ཞེས་བྱ་བའི་ནང་ན། དཀྱིལ་འཁོར་སྒོ་བཞི་མུ་ཁྱུད་དང་བཅས་པའི་ནང་། གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ཁང་། བསྐལ་པའི་མེ་རི་འབར་བའི་ནང་ན་མཐའ་མ་ལྕགས་རི་ཁྱུད་མོས་བསྐོར་བའི་ནང་ན་བཞུགས་ཏེ། དེ་ཡི་འཁོར་ནི་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་། མིག་དམར་དང་། ཡ་བ་ཏི་དང་། དུད་ཁ་དང་། སྨིགས་པ་དང་། ཏེལ་པ་དང་། རལ་པ་ཚར་དགུ་དང་། ཕྱ་སངས་ལ་སོགས་པ་རྩིས་ཐོགས་ཀྱི་ལྷ་དང་། གཞན་ཡང་ཡབ་རྗེ་ནག་པོ་དང་། ནག་པོ་བཀྲག་མེད་ལ་སོགས་པ་ཁྲམ་ཐོགས་ཀྱི་བདུད་དང་། ཡ༷་དམར་པོ་དང་། ཚངས་པ་དུང་ཐོར་གཙུག་ཅན་ལ་སོགས་པའི་གྲི་ཐོགས་གིང་དཔག་ཏུ་མེད་པ་དང་། ནམ་གྲུ་མ་དང་། ཤ་ཟ་ནག་མོ་ལ་སོགས་པ་ཁྲམ་ཐོགས་པའི་མ་མོ་དཔག་ཏུ་མེད་པ་དང་། ལྕེ་ཀྲམ་དང་ཀུན་དུག་མ་ལ་སོགས་པ་དུག་ཐོགས་པའི་བལ་མོ་མང་པོ་དང་། ཟླ་བ་དང་། མིག་དམར་ལ་སོགས་པའི་ཙན་གྱི་ཤོད་དྷི་ཐོགས་པའི་གཟའ་དང་བཙན་མང་པོ་དང་། ནད་རྐྱལ་དང་མཚོན་ཆ་ཐོགས་པའི་ཤན་པ་མང་པོ་དང་། གཞན་ཡང་དུར་ཁྲོད་ཆེན་པོ་འཇིགས་པ་ཅན་དེ་ཡི་ནང་ན། ཕྱོགས་སྐྱོང་བ་དང་། ཞིང་སྐྱོང་བ་དང་། ཀླུ་དང་། མཁའ་འགྲོ་མ་དང་། ལྷན་ཅིག་སྐྱེས་པའི་འདྲེ་གདོན་མང་པོ་དང་། སྤྱང་ཁུ་དང་། ལྕེ་སྤྱང་དང་། ཁྱི་དང་། ལི་འདུ་དང་། དོམ་དང་། དྲེད་དང་། སྟག་དང་། གཟིགས་དང་། གུང་དང་། དབྱི་ལ་སོག་པ་དང་། ཀང་ཀ་དང་། འུག་པ་དང་། དུར་བྱ་དང་། བྱ་རོག་དང་། བཞད་དང་། ཝ་དང་། བྱ་ཆེན་པོ་ལ་སོགས་པ་དཔག་ཏུ་མེད་པ། བསམ་གྱིས་མི་ཁྱབ་པ། དཔག་པ་ལས་འདས་པ་རྣམས་ཤ་ཟ་ཞིང་ཁྲག་འཐུང་བ། རུས་པ་འཆའ་ཞིང་རྐང་ལྡག་པ། ཕྱོགས་བཞིར་བསྐོར་བ་བྱེད་པ། བལྟ་ཞིང་རྒོད་པ། ཀུ་ཅོ་འདོན་ཞིང་ཡང་བ། ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བའི་གནས་དེ་ལྟ་བུ་ན་བཞུགས་སོ། །དེ་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་འདས། ལྷ་དང་བདུད་གཉིས་ཇི་ལྟར་འཐབ། ཐ་མར་གང་རྒྱལ། ཐབས་གང་གིས་བཤིས། ཞེས་གསོལ་པ་དང་། བཀའ་སྩལ་པ། ཆོས་ཀྱི་རྒྱལ་པོ་ཉོན་ཅིག །བདག་རི་རབ་ཀྱི་ལྷོ་ཕྱོགས་ཀྱི་གནས་ན་འདུག་པའི་ཚེ། བདུད་ཀྱི་ཐམས་ཅད་དུ་ཡང་དམག་དྲངས་ཏེ། ཁྱད་པར་དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་རྡོ་རྗེ་གདན་གྱི་ཤིང་ལ་རྒྱབ་གཏད་ནས་བཞུགས་པའི་ཚེ། བདུད་ལྷ་སྦྱིན་དང་། དགའ་རབ་དབང་ཕྱུག་དང་། སྟོབས་ཀྱི་རྒྱུ་དང་།འདོད་པའི་རྒྱལ་པོ་དང་བཞིས་དཔོན་བྱས་ནས། དམག་ཆེ་ཞིང་མང་བ་བཤམས་ཏེ། ཕྱོགས་བཞི་ནས་གཡུལ་བཤམས་ནས་དམག་དྲངས་པ་དང་། བཅོམ་ལྡན་འདས་བྱ་བ་ཅི་བ་རྩམས་ཀྱང་བདུད་དེས་དེངས་སུ་མ་ཉན་ནས།ལྷོ་ཕྱོགས་ཀྱི་དུར་ཁྲོད་ན་འཇམ་དཔལ་ནག་པོ་བཞུགས་པ་ལ། བདུད་འདུལ་བར་བཀའ་བསྒོ་བ་མཛད་དེ། གཤིན་རྗེ་ནག་པོའི་བསམ་གཏན་ལ་ཞུགས་པར་སེམས་པ་ལ། བདུད་ཀྱི་དམག་ཕྱོགས་བཞི་ནས་བྱུང་བས་སོ་ནི་མ་གསོད་ནས། ཁྱོད་ཀྱིས་བདུད་ཀྱི་དམག་སྡེ་དང་བཅས་པ་ཐུལ་ཅིག །མེད་པར་གྱིས་ཤིག །བརླག་པར་གྱིས་ཤིག །ཅེས་བསྐོ་ནས། འཇམ་དཔལ་ནག་པོས་དུར་ཁྲོད་མེ་འབར་བའི་གནས་དེ་ན། བསྐལ་པའི་མེ་རི་དམར་ནག་ཡང་མེ་ལྕེ་སྲིད་པ་གསུམ་དུ་བསླེབ་པ། མེ་ལྕེ་ཕྱོགས་བཅུ་རུ་གསལ་ཞིང་འབར་བ། དུ་བ་བསྐལ་པའི་མཐའ་ནས་འཐུལ་བར་བྱས་ཏེ། བདུད་ལ་འབྲོས་ས་མེད་པར་བྱས་ནས། ལས་ཀྱི་གཤིན་རྗེ་འཆར་ཀ་ནག་པོའི་ངན་སྔགས་འདི་ཉུངས་ཀར་ལ་བསྔགས་ཤིང་བཏབ་བོ། ཁྲ་རི་སྨྱོ། མ་རི་སྨྱོ། ཁྲག་མ་མ་སྨྱོ། ཙ་རི་སྙིང་སྨྱོ། སྙིང་སྨྱོ། མ་ཏྲི་ཐོད་ཁྲག་ཛ། ཁྲག་ཏི་སྙིང་ལ་ཡ། ཐྲོ་སྲི་ཆོད། མུ་ལོ་ཆོད། ཤ་ལོ་ཆོད།ཤ་ལ་ཀྱིང་ཀྱིང་སྨྱོ་སྨྱོ། ས་མ་ཡ། ཨ་ཏྲི་ཀྲ་མ་ཏི་ནི་བ་ར་ན་ནི་བ་ར་ན་རྦད། ཅེས་བརྗོད་པས། བདུད་ཐམས་ཅད་བརྒྱལ་ཏེ་དངངས་ཤིང་བྲེད་ནས་ཤིན་ཏུ་འཇིགས་སྐྲག་ནས། ཤིན་ཏུ་ཉམ་ཐག་འདར་ཞིང་བྲེད་དོ། །དེ་ལྟར་བདུད་ཀྱི་དམག་མི་ཐམས་ཅད་ཀྱང་བརྒྱལ་ཞིང་སྔངས་སོ། །ས་ལ་བུབ་ཅིང་འགྱེལ་ལོ། །དེར་བདུད་ཀྱི་རྒྱལ་པོ་བཞིས། བཅོམ་ལྡན་འདས་ལ་གསོལ་པ། ཉོན་ཅིག་བཅོམ་ལྡན་འདས་བདུད་ལས་རྒྱལ་བ། སྐུ་མདོག་མཐིང་ནག་འཇིགས་པའོ། །བདག་འདྲ་བ་ཡི་སེམས་ཅན་རྣམས། །ཐུགས་རྗེའི་དབང་གིས་སྐྱབ་ཏུ་གསོལ། །ཅེས་གསོལ་པ་དང་། དེར་བདུད་བཞི་པོས་རང་གིས་སྡེ་དང་བཅས་པ་དབང་དུ་བསྡུས་ཏེ་བཏུལ་ལོ། །དེར་བཅོམ་ལྡན་འདས་ཀྱིས་བསམ་གཏན་བདེ་བ་ཉིད་ལས་སངས་རྒྱས་སོ། །དེ་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་གསོལ་བ། གཤིན་རྗེ་འཆར་ཀ་ནག་པོ་འདི་ཡི་ཕ་དང་མ་ནི་གང་། །མཛད་པའི་ལས་ཁ་གང་ལ་བསྐོས། །ཞེས་གསོལ་པ་དང་། བཀའ་སྩལ་པ། ཆོས་ཀྱི་རྒྱལ་པོ་ཉོན་ཅིག །ལྷ་དབང་ཕྱུག་ཆེན་པོ་ཞེས་བྱ་བ་འདོད་པའི་ཁམས་ན་དབང་ཆེ་བ་དེ་དང་། ཀླུ་མོ་ཨུ་མ་དེབ་གཉིས་ཀྱི་བུ་འཆར་ཀ་ནག་པོ་ཡིན་ཏེ། དེ་ཡང་ཇི་ལྟར་ཡིན་ཞེ་ན། དང་པོ་ལྷ་དང་བདུད་ཐབས་པའི་དུས་ན། བདུད་གཞན་ཐུབ་ཀྱང་མ་ཏྲང་རུ་ཏྲ་མ་ཐུབ་པོ། །དེར་ལྷ་རྣམས་ཀྱིས་འདོད་པའི་ཁམས་ན་དབང་ཆེ་བ་ན་དབང་ཕྱུག་ཆེན་པོ་ཁྱོད་ལས་མཐུ་ཆེ་བ་ནི་མེད་ན། ལྷའི་དཔོན་ཡིན་པ་ལ་བདུད་མ་ཏྲང་རུ་ཏྲ་མ་ཐུབ་པས། འདི་ཇི་ལྟར་བྱེད་བྱས་པ་ལས། དབང་ཕྱུག་ཆེན་པོ་ཞེ་སྡང་སྐྱེས་ནས་མཆོད་པ་ཆེན་པོ་བྱས་ནས་གསོལ་བ་བཏབ་ནས།ང་ཀླུ་མོ་དང་སྦྱོར་བ་བྱས་པ་ཡིས། བདུད་མ་ཏྲང་རུ་ཏྲོརེ་གཉེན་པོ་དང་གཤེད་པོ་བྱེད་པ་ཅིག་ཤོག་ཅིག་བྱས་ནས། ཀླུ་མོ་ལ་འཁྲིག་པ་བྱས་པས། བུ་ལྕགས་ཀྱི་གྲོད་པ་ཅིག་སྐྱེས་པས། དབང་ཕྱུག་ཆེན་པོ་འཁྲིག་ནས་གཤིན་རྗེ་གཤེད་པོ་ལ་བསྟན་པས། བཅོམ་ལྡན་འདས་ཀྱིས་མཚོན་གྱིས་བརྒྱབ་པས། མི་ནག་པོ་ཆེན་པོ་མཇུག་མ་སྐྲུལ་དུ་འདུག་པ་ཅིག་གཡས་ན་ཁྲམ་ཤིང་གཡོན་ན་ཞགས་པ་ཐོགས་པ་ཅིག་བྱུང་བས་ཐམས་ཅད་སྐྲག་གོ །དེར་སྨྲས་པ། ལྷ་དང་བདུད་འཐབ་པས་བདུད་མ་ཏྲང་རུ་ཏྲ་མ་ཐུབ་པས། དེ་ཐུལ་ཅིག་བྱས་པས། དེ་ཁོས་བ་་ལོ། །དེ་ནས་སྐྱེ་བ་རྣམ་བཞི་སེམས་ཅན་ཡོ་ཁོས་ཟོས་ནས། ཐམས་ཅད་སྐྲག་ཅིང་སྔངས་ནས་ཐམས་ཅད་ཕུང་བར་བྱས་སོ། །དེ་ནས་འཇམ་དཔལ་ནག་པོས་འདི་གྲགས་ཏེ་འདུག་སྙམ་ནས། རྟེན་འབྲེལ་གསུམ་དང་ལྡན་པའི་མཆོད་རྟེན་གྱིས་མནན་ཏེ་བཞག་པས། ཁོས་མ་ལོངས་པར་གྱུར་ཏོ། །དེ་ནས་ཐལ་མོ་སྦྱར་ཏེ་གསོལ་པ། བཅོམ་ལྡན་འདས་འཇམ་དཔལ་ནག་པོ་ཁྱོད། ། སེམས་ཅན་ཀུན་གྱི་མགོན་ལགས་ན། །བདག་ནི་དབང་ཕྱུག་ཆེན་པོའི་བུ། །མ་གཟིར་མ་གནན་འདི་ནས་ཐོང་། །ཞེས་བརྗོད་ནས།བཀའ་སྩལ་དམ་ལས་བདག་མི་འདའ། །ཞེས་གསོལ་པ་དང་། འཇམ་དཔལ་ནག་པོས་བཀའ་སྩལ་པ། དབང་ཕྱུག་ཆེན་པོའི་བུ་ཁྱོད། །དང་པོ་བདུད་ནི་འདུལ་ཕྱིར་སྤྲུལ། །བར་དུ་མ་ཏྲང་རུ་ཏྲ་བ་། །ཐ་མར་སེམས་ཅན་ཐམས་ཅད་ཟོས། །དེ་ནས་མཆོད་རྟེན་གསུམ་གྱིས་མནན། །བཀའ་སྩལ་དམ་ལས་མི་འདའ་ན། །སངས་རྒྱས་བསྟན་པ་གཉན་པོ་བགྲུངས། །དམ་ཅན་ཀུན་གྱི་བསྲུང་བཟློག་གྱིས། །དམ་ཉམས་ཀུན་གྱི་བསད་མནན་གྱིས། །ཞེས་བཀའ་སྩལ་པ་དང་། བདུད་རྩི་ལྕེ་ལ་བཞག་ནས་མིང་ནི་འཆར་ཀ་ནག་པོར་བཏགས་སོ། །ཡང་འཆར་ཀ་ནག་པོས་གསོལ་པ། དང་པོར་བདག་ནི་ལྷ་ཡི་བུ། །ཡིན་པའི་ཕྱིར་ན་ལྷ་ཡང་བཏུལ། །བདག་གི་ལུས་པོ་མི་ཡི་ལུས། །དེ་བས་མི་ཡི་བསྲུང་བཟློག་བྱ། །བདག་གི་རྐང་པ་མཇུག་མ་སྦྲུལ། །ཀླུ་ཡི་གནོད་པ་ཐམས་ཅད་བསལ། །དམ་ཅན་ཀུན་གྱི་སྲུང་བཟློག་བྱ། །དམ་ཉམས་ཀུན་གྱི་བདུད་གཅོད་བྱ། །བཅོམ་ལྡན་ཁྱོད་ཀྱི་བཀའ་འཁོར་གྱི། །ཞེས་གསང་བའི་དམ་བཅས་པས། མཛད་པའི་ལས་བཀའ་སྲུང་བཟློག་གི །གཤིན་རྗེ་འཆར་ཀ་ནག་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།ཡང་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་དྲག་པོ་འདུལ་བའི་གཙོ་བོ་གཤིན་རྗེ་འཆར་ཀ་ནག་པོ་འདིས། དང་པོ་བསྲུང་ན་ཇི་ལྟར་བསྲུང་། །བར་དུ་བཟློག་ན་ཇི་ལྟར་བཟློག །ཐ་མ་གསད་ན་ཇི་ལྟར་གསད། །ཅེས་གསོལ་པ་ལས། འཇམ་དཔལ་ནག་པོས་བཀའ་སྩལ་པ། དང་པོ་བགྲུང་བའི་ཆོ་ག་ངས་བཤད་པར་བྱ་ཡི། ལེགས་པར་ཉོན་ཅིག་ཡིད་ལ་ཟུང་ཞིག །དང་པོར་ཡིད་དང་འཐད་པའི་གནས་སུ་མཎྜལ་ལེགས་པར་བྱས་ལ་ཚོགས་བསག །དེ་ནས་ས་བཟང་པོ་ལ་ལས་ཀྱི་གཤིན་རྗེའི་གཟུགས་ཁྲུ་གང་བ་བྱས་ལ། མཆོད་རྟེན་གསུམ་དང་ལྡན་པར་གཞག །མེ་ཏོག་ལ་སོགས་པས་མཆོད། སྲུང་བའི་འཁོར་ལོ་བྱས་ལ་དབུས་སུ་བྲིས། ཐ་མར་སྔགས་བྲི། རབ་གནས་བྱ་པའི་ཕྱིར་ཁམ་ཕོར་གཙང་མར་བཅུག་ལ་གཞག །སྐུད་པ་དཀར་པོས་དཀྲི། གསོལ་བ་གདབ། སྔགས་སྟོང་བཟླས། དེ་ནས་འཁོར་ལོ་ལ། ལ་ཆའམ་འཇིམ་པས་རྒྱས་གདབ། གཟུངས་སྐུད་གདགས་ཡང་ན་ག་འུར་བཅུག་ལ་གཞག །སྲིའུ་གསོན་གཏོར་མ་བཅུ་གསུམ་གྱིས་མཐའ་བསྐོར། ཕ་མ་སྟན་དཀར་པོ་ལ་གཞག །ཀོང་བུར་པ་ཏ་རྐྱེན་གྱི་ཁུ་བ་བླུག །མཐའ་བསྐོར། སྔགས་ལ་རཀྟ་གདགས། འདོད་པའི་དོན་ལ་གསོལ་བ་གདབ། སེར་བ་སྲུང་ན་ཐོད་པར་ཉུངས་ཀར་དང་ཐལ་ཆེན་བླུག་ལ་སྔགས་ཉི་ཁྲི་ལྔ་སྟོང་བཟླས་ལ། བཟློག་དུས་སུ་ཡི་དམ་ལྷའི་བཤམས་ལ་གདགས། ཀོང་བུ་རྟར་བཟུང་མཐོ་རྩིག་གོ །ནད་པ་བསྲུང་ན་གཏོར་མ་ཀོང་བུར་བྱས་ལ་བསྐོར། ནད་པའི་གཟུགས་བྱས་ལ་མིང་རུས་བྲིས་ཏེ་གཏོར་མར་བཅུག་ལ་གཏང་། རིམས་ནད་བསྲུང་ན་སྐུད་པ་སྣ་ལྔ་བུ་མོ་གཞོན་པ་མཚན་དང་ལྡན་པས་བཀལ་ཏེ། སྔགས་སྟོང་བཟླས་ཤིང་ཐོད་པ་དུམ་བུ་གཅིག་པར་བཅུག་ལ་མཆོད་པ་དབུལ། ཐམས་ཅད་ཀོང་བུས་བསྐོར། ཆང་བསྲུང་ན་གུ་གུལ་ཉ་ཁྲིས་ཤུ་དག་གསུམ། ར་རོག་པོའི་རྭའི་ནང་དུ་བླུགས་ལ། སྟོང་རྩ་བརྒྱད་བཟླས་ཆང་ཡོར་གཞུག །ཀོང་བུས་བསྐོར། གྲོང་ཁྱེར་བསྲུང་ན་མཐོ་དང་ཀོང་བུས་བསྐོར། ཐམས་ཅད་ལ་སྲུང་སྐུད་འཁོར་ལོ་གདགས། བྷ་ལིང་བཏང་ལ་འཕྲིན་ལས་གཞོལ། ཡ་མ་འཆར་ཁ་ནག་པོའི་རྒྱུད་ལས། བགྲུང་བའི་ལེའུ་སྟེ་གཉིས་པའོ།། །།བཟློག་པ་བྱེད་ན་དཀྱིལ་འཁོར་དང་རུ་བ་བཟང་པོ་ལ། ལས་ཀྱི་གཤིན་རྗེ་ཁྲུ་གང་བ་བྱ། བཟློག་པའི་འཁོར་ལོ་བཅའ། བྷ་ལིང་བཏང་ལ་འཕྲིན་ལས་བཅོལ། བྱད་གཏོང་བའི་ཕྱོགས་སུ་ཁ་བསྟན། ཕ་མཚན་བྱོལ་ཁ་བྱེད་པ་བཟློག་ན། ཁམ་བུ་དང་བྷ་ལིང་ཕྱོགས་སུ་འཕང་། སྔགས་ལ་སྨྱོ་དང་བཟློག་གདགས། སེང་ལྡེང་ཕུར་བུ་གདགས། མཛེ་འཕྲོ་བཟློག་ན་སྟན་དམར་པོ་ལ་བཞག །བྷ་ལིང་ཀོང་བུས་བསྐོར་ལ་གཏང་། ཞག་མང་དུ་བྱ། སྲུང་སྐུད་སྣ་ལྔ་གདགས། ཤྭ་བུད་བཟློག་ན་མཛེ་ཐོད་ལ་འཁོར་ལོ་བྲི། དུག་དང་། ཁྲག་དང་། ཉུངས་ཀར་ཉུངས་ནག་ལ་ཐུན་བྱ། དོང་བྲུས་ལ་ཆུ་མི་འཆོར་བར་བཅུག་ལ། སྟེང་དུ་མཆོད་རྟེན་བརྩིག །རྟེན་འབྲེལ་བུམ་པར་གཞུག །རྨི་ལམ་ངན་པ་བཟློག་ན་སྔས་བཟློག་ལ་ཉལ། བལ་ནག་པོའི་ནང་དུ་རྨི་ལམ་དུ་ཅི་བྱུང་བ་བཅུག་ལ་གཏོར་མར་གཏང་། ཙྭ་ཀུ་ཤ་སྔས་སུ་གཞུག །ཀོང་བུས་བསྐོར། སྨྱོ་འབོག་བཟློག་ན་དམར་གཏོར་བཅུ་གསུམ་བྱས་ལ། ནད་པའི་སྐྲ་དང་སེན་མོ་གཞག །སྨེ་ཁྲག་སྙིང་སྣ་གཞུག །ཀོང་བུས་བསྐོར།ཚོན་སྐུད་ཀྱིས་བཅིངས་ལ་ག་ས་ལ་འཕང་། ཡང་ན་མལ་འོག་གནན་ནོ། །འཆར་ཀ་ནག་པོའི་རྒྱུད་ལས། བཟློག་པའི་ལེའུ་སྟེ་གསུམ་པའོ།། །།གསད་པའི་ལས་བྱེད་ན། ཐོད་པ་བཀྲ་མི་ཤིས་པའི་ནང་དུ་གྲུ་གསུམ་བསྣོལ་མར་བྲི། དབུས་སུ་དགྲ་བོའི་ལིང་ཁ་གཞུག །སྙིང་ཁར་ཤ་རི་སྦྱོ་གཞུག །སྤྱི་བོར་མ་རི་སྨྱོ་གཞུག །ལྟེ་བར་ཁྲག་མ་མ་སྨྱོ་གཞུག །མདོམས་སུ་ཙིར་སྙིང་གཞུག །རྐང་མཐིལ་དུ་སྙིང་སྨྱོ་བྲི། དགྲའི་སྐྲ་དང་བྲུན་དང་ཁམས་ལ་ལིང་ཁ་བཅའ། མིང་རུས་སྙིང་ཁར་གཞུག །མཐའ་མ་གྲུ་གསུམ་ལ་སྨྱོ་ལྔའི་སྔགས་དགོད། གཅིག་ལ་མ་ཏྲི་ནཱ་ཤ་ཡན་རྦད་དགོད། གྲུ་གསུམ་ལ་མུ་ལོ་ཡན་ཆད་ནས། མིང་རུས་སྤེལ་ལ་སྔགས་རྣམས་གཡོན་བསྐོར་རོ། །ཐོད་པ་སླེའུ་ནག་པོའི་སྟེང་དུ་གུ་གུལ་གྱིས་བདུག །ལྷ་སྲིན་སྡེ་བརྒྱད་ལ་བྷ་ལིང་སྦྱིན། མུ་ར་ཡ་བཏགས་ཏེ། ལྕགས་ཕྱེ་རྡོ་ཕྱེ་ཟངས་ཕྱེ་ལ་སོགས་པས་ཐུན་བྱ། རུ་པར་ག་ས་ལ་འཁོར་ལོ་ཟླ་བ་གཟས་ཟིན་པའི་ནུབ་མོ། ལྷ་སྲིན་སྡེ་བརྒྱད་ལ་དབུལ་ལོ། ཁྱད་པར་དུ་ལྷ་སྲིན་སྡེ་བརྒྱད་ལ་ལས་གཞོལ་ལོ། །ཐ་མར་སྦྱིན་སྲེག་གི་ཐལ་བ་རླུད་ལ་བསྐུར་རོ། །འཆར་ཁ་ནག་པོའི་རྒྱུད་ལས། གསད་པའི་ལེའུ་སྟེ་བཞིཔའོ།། །།གཤིནརྗེཆོསཀྱི་རྒྱལ་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་ཤན་པ་བཞི་པོ་ཇི་ལྟར་ལགས། ཞེས་ཞུས་པས། བཀའ་སྩལ་པ། ལྷ་དབང་ཕྱུག་ཆེན་པོའི་འཁོར་ཤན་པ་བཞི་ཡིན་ཏེ། བན་དྷི་དང་།བོན་པོ་དང་། ཞང་བློན་དང་། མོན་པ་ནག་པོའོ། །དེ་བཞིའི་ཟོར་དང་སྦྱར་ན་ཚངས་པ་ཆེན་པོའང་ཟླ་བ་གཅིག་གིས་གདོན་མི་ཟའོ། །གསོལ་པ། དེ་བཞིའི་ཟོར་དང་སྔགས་བཤད་དུ་གསོལ། ཞེས་གསོལ་པ་དང་། བཀའ་སྩལ་པ། བན་དྷིའི་ཐོད་ཟོར་དང་། བོན་པོའི་རྭ་ཟོར་དང་། མོན་པ་ནག་པོའི་ཀོང་ཟོར་དང་། ཞང་བློན་ནག་པོའི་མདའ་ཟོར་རོ། །དེ་ལ་བོན་པོའི་རྭ་ཟོར་བཤད་པར་བྱ་སྟེ། མཎྜལ་གྲུ་གསུམ་ནག་པོའི་སྟེང་དུ། གཡག་རུ་གཡས་པའམ། གཡག་རོག་པོའི་རྭ་ཡི་ནང་དུ་ལིང་ག་བྱད་དུ་བཅུག་སྟེ། གཡུལ་སྤྲད་པའི་རྡོ་དཀར་པོ་ལ་ཁྲག་གིས་བྱུགས་པ་དང་། མི་ཕུང་ཤུལ་གྱི་རྡོ་བ་ནག་པོ་ལ་དུག་གིས་བྱུགས་པ་དང་། བཱ་ར་ཡ་བཏགས་པས་ལས་བྱའོ། །དེ་ནས་ནམ་ཕྱེད་ན་འཕང་ངོ་། །འཆར་ཁ་ནག་པོའི་རྒྱུད་ལས། བོན་པོ་རྭ་ཟོར་གྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བན་དྷི་ནག་པོའི་ཐོད་ཟོར་བཅའ་བ་ནི། རབས་ཆད་ནག་པོའམ། སྣེལ་དྲི་མའམ། མཛེ་པོའི་འམ། ཡང་ན་དུམ་བུ་དྲུག་པའམ། བརྒྱད་པའི་ནང་དུ་ལིང་ག་བཅུག་ལ། ཉུངས་ཀར་དང་། ཉུངས་ནག་དང་། དུག་དང་། ཁྲག་ཐམས་ཅད་ལ་བསྙེན་པ་བསྐྱལ་ལ་ཐུན་སྒྲུབ་བྱས་ཏེ། ཐོད་པ་ཟོར་དུའཕངངོ། །གཤིནརྗེའཆར་ཁ་ནག་པོའི་རྒྱུད་ལས། བན་དྷིའི་ཐོད་ཟོར་གྱི་ལེའུ་སྟེ་དྲུག་པའོ།། །།མོན་པ་ནག་པོའི་ཀོང་ཟོར་ནི། དུག་སྣ་ཚོགས་དང་ཁྲག་གིས་སྤྲུས་ལ། ཀོང་བུ་ཟུར་གསུམ་བདུན་བྱས་ལ། ནང་དུ་དུད་པ་དང་། ཚ་བ་དང་། སྒོག་སྐྱ་དང་། སྦང་མ་བླུགས་ལ། བསྙེན་པ་མང་དུ་བྱས་ལ་དགྲ་ཕྱོགས་སུ་འཕང་ངོ་། །ཟོར་ཡོ་འཕེན་ཁར་རྡེའུ་དཀར་ནག་ལ་སྨོད་པ་བོར་རོ། །འཆར་ཁ་ནག་པོའི་རྒྱུད་ལས། མོན་པ་ནག་པོའི་ཀོང་ཟོར་གྱི་ལེའུ་སྟེ་བདུན་པའོ།། །།ཞང་བློན་གྱི་མདའ་ཟོར་བཅའ་བ་ནི། སྨྱུག་མ་ཚིག་གསུམ་པའི་མདའ་ལ། བྱ་རོག་འུག་པའི་སྲིན་བྱ་གསུམ་གྱི་སྒྲོ་སྐྱོན་ལ། སྐྱེར་བའི་མདེའུ་ཟུར་གསུམ་པ་ལ། མྱ་ར་ཡ་སྨྱོ་བྲིས་བཙུགས་ལ། དུག་དང་ཁྲག་གི་ངར་བླུད་ལ། ཐུན་རྫས་ཐམས་ཅད་ལ་བཟླས་པར་བྱས་ལ། ཐུན་སྦུ་གུར་བླུགས། འདོད་པའི་ཤིང་ངམ། མཆོག་ཆེན་གྱི་རྩིབས་མ་ལ་ཞིང་རྒྱུད་ཀྱི་རྒྱུད་བཏགས་ཏེ་འཕགས་ན། དགྲ་ཐམས་ཅད་ཕུང་བར་ངེས་སོ། །འཆར་ཁ་ནག་པོའི་རྒྱུད་ལས། ཞང་བློན་གྱི་མདའ་ཟོར་གྱི་ལེའུ་སྟེ་བརྒྱད་པའོ།། །།གསོལ་པ། བཅོམ་ལྡན་འདས་དེ་རྣམས་ཀྱི་གསང་སྔགས་བསྟན་དུ་གསོལ། ཅེས་ཞུས་པས། བཀའ་སྩལ་ཏོ། །དེ་རྣམས་ཀྱི་གསང་སྔགས་ནི་འདི་ལྟ་སྟེ། སྔགས་མ་བསྟན་ན་ལས་མི་འགྲུབ་སྟེ། ཡ་མ་འཆར་ཀའི་རྒྱུད་ལས་ལས་ཐམས་ཅད་འགྲུབ་པར་བྱེད་པ་ནི་འདི་ཡིན་ནོ། ཁྲ་རི་སྨྱོ། མ་རི་སྨྱོ། ཁྲག་མ་མ་སྨྱོ། རྩི་ར་སྙིང་སྨྱོ། སྙིང་སྨྱོ། མ་ཁྲི་ཐོད་ཁྲག་སྨྱོ། ཁྲག་ཏི་སྙིང་ལ་ཡ། དྲི་སྲི་ཆོད། མུ་ལོ་ཆོད། ཤ་ལོ་ཆོད། ཤ་ལ་ཀྱིང་ཀྱིང་སྨྱོ་སྨྱོ། ས་མ་ཡ་ཨ་ཏི་ཀྲ་མ་དྲི་པ་ར་ན་བཟློག །སྔགས་འདིས་བསྟུས་པའོ་ཞེས་བྱའོ། །ཨོ་ཨ་ཀྲོ་ཏེ་ཀ་བྷ་རི་བ་རི་ཤག་ཕྱེ། དུ་པེ་ཏ་ལ་ཙིཀྲ་ཧ་ན་ཧ་ན་ཧཱུཾ༷་ཕཊ། གདུག་ཅན་རླག་བྱེད་གསང་སྔགས་ཏེ། །མིང་ནི་མཐའ་མེད་ཅེས་བྱའོ། ་རྐོ་རི་སྨྱོ་ཤ་ཏྲུ༷་མ་ར་ཡ་རྦད། མ་རི་སྨྱོ་ཤ་ཧྲུ༷་མྱ་ར་ཡ་རྦད། དེས་འདྲེའོ། །ས་མ་ཡ་དྲི་པར་ན་ཡ་ཤཧྲུ་༷་སྨྱུ་ར་ཡ་རྦད། ཟློག་ན་བཟློག་དང་སྨྱོ་གདགས། སྲུང་ན་རཀྟ་གདགས། གསོད་ན་ཤ་ཧྲུ༷་མུ་ར་ཡ་རྦད་གདགས་སོ། །གཤིན་རྗེ་འཆང་ཀ་ནག་པོའི་རྒྱུད་ལས། གསང་སྔགས་བསྟན་པའི་ལེའུ་སྟེ་དགུ་པའོ།། །།ཀྱེ་བཅོམ་ལྡན་འདས། སྲུང་དང་ཟློག་གསད་པ་ཡི། །ལས་རྣམས་ཀོང་བུས་བྱེད་པ་ན། །ཀོང་བུའི་རྫས་དང་ཀོང་པུའི་རྒྱུ། །ཀོང་བུའི་དོན་རྣམས་བཤད་དུ་གསོལ། །ཅེས་པ་དང་། བཀའ་སྩལ་པ། ལས་ཐམས་ཅད་ཀོང་བུས་བྱེད་དོ། །ཀོང་བུའི་རྒྱུ་ནི་གཡུལ་སྦྲད་པའི་ས་དང་། ཕུང་ཤུལ་གྱི་ས་དང་། དུར་ཁྲོད་ཀྱི་ས་ལའོ། །ཀོང་བུའི་རྫས་ནི། གཤིན་རྗེའི་གཉེན་པོ་ཉུངས་ཀར་སྒང་བུ་དང་། བདུད་ཀྱི་གཉེན་པོ་བྲག་ནག་པོའི་ཚེ་དང་། རྒྱལ་པའི་གཉེན་པོ་སྤོས་དང་། མ་བདུད་ཀྱི་འཕང་དང་། གནོད་སྦྱིན་གྱི་དུད་པ་དང་། ཀླུའི་ཤ་ཁྲག་དང་། ཐེའུ་རང་གི་སྦང་མ་དང་།མཁའ་འགྲོ་མའི་མར་མེ་དང་། གཟའི་ཚེར་མ་དང་། ས་བདག་གི་ལྷ་བཤོས་དང་། དྲེ་བོ་དང་ནག་མོའི་ཕབས་དང་། ཚིག་མ་དང་། འགོང་པོའི་དུག་དང་། བཙན་གྱི་རྟ་ཚིལ་དང་། རྨུ་ཡི་གཉེན་པོར་རམས་དང་། ཐམས་ཅད་ཀྱི་གཉེན་པོར་ཤ་ཁྲག་གོ །ཀོང་བུའི་དོན་ནི་མ་ཏྲང་རུ་ཏྲ་བརླགས་པར་བྱས་སོ། །ཕུང་བར་བྱས་སོ། །ཀོང་བུ་འཕེན་པའི་དུས་སུ། རང་བེར་ནག་དང་ཐོད་ནག་པོ་བཅིངས་ལ། གཡང་གཞི་གོན་པ་གདོང་ཁྲག་གིས་བྱུགས་ལ། རང་འཆར་ཁ་ནག་པོའི་ཏིང་ངེ་འཛིན་དུ་ཞུགས་ལ། གྲི་བོ་ལག་ནན་གྱི་སྐྲ་དང་། ཙན་བྷ་ལིའི་སྐྲ་ཤད་ཀྱིས་བརྡམ། གཡུལ་དུ་བསྐྲད་པའི་སྐྲལ་སུམ་སྒྲིལ་དུ་བྱས་ལ་འུར་རྡོ་བྱ། ཞིང་ལྤགས་ཀྱི་མཐིལ་བྱ། ཚོན་སྐུད་ཀྱི་འཇག་བཏགས་ལ་ནམ་ཕྱེད་ཉི་ཕྱེད་ན་འཕང་ངོ་། །གཤིན་རྗེ་འཆར་ཁ་ནག་པོའི་རྒྱུད་ལས། ཀོང་ཟོར་གྱི་རྒྱུ་དང་རྫས་བསྟནཔའི་ལེའུ་སྟེ་བཅུ་པའོ།། །།གསོལ་པ། བཅོམ་ལྡན་འདས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སྡིག་ཅན་ཕུར་བཟློག་བྱེད་པ་ཡི། །བན་དེ་དམ་ཉམས་བསྒྲལ་བའི་ཐབས། །ལེགས་པར་བདག་ལ་བཤད་དུ་གསོལ། །ཅེས་གསོལ་བ་དང་། བཀའ་སྩལ་པ། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །བན་དེ་དམ་ཉམས་ཕུར་བཟློག་མཁན། །གཤིན་རྗེ་འཆར་ཁ་ནག་པོ་ཡིས། །ཐུགས་ཀྱི་འཁོར་ལོ་བྱས་འགྱུར་ན། །སྡིག་ཅན་མྱུར་དུ་རང་གཤེད་འཁོར། །དེ་བས་ཁྱོད་ཀྱིས་ལེགས་པར་ཉོན། །བན་དེ་ནང་འགྲས་ན་སྟེགས་བུ་གྲུ་བཞི་ནག་པོའི་སྟེང་དུ་གནས་ལྔའི་ས་བརྡུངསལ། གཤིནརྗེའཆར་ཁ་ནག་པོའི་གཟུགས་བྱས་ལ། གཡས་སུ་ཁྲམ་ཤིང་གཡོན་ཞགས་པ་ཐོགས་པ་བྱས་ལ། རབས་ཆད་ཐོད་པ་གཅིག་གི་ནང་དུ་མེ་རླུད་གི་འཁོར་ལོ་བྲིས་ལ་གཞུག །ཞབས་མས་གྲིལ་ལ་ཚོན་སྐུད་ཀྱིས་བཅིངས་ལ་སྙིང་ཁར་གཞུག །ཏིང་ངེ་འཛིན་དུ་ཞུགས་ལ་ཤ་ཁྲག་གིས་གཏོར་མ་གཏང་ཞིང་། ཞག་ཉི་ཤུ་རྩ་གཅིག་བསྙེན་པ་བསྐྱལ་ལོ། །དེ་ཡང་རང་མ་འབགས་པའི་དྲི་མ་ལ་གཟུགས་བྱས་ལ། གྲོ་ག་ལ་ཁོ་ཡི་མིང་རུས་བྲིས་ལ། སྙིང་ཁར་ཨེ་སྤོ་བྲི། དཔུང་པ་གཡས་པར་རུས་བྲིས། གཡོན་པར་མིང་བྲི། མདོམས་སུ་བུ་སྨད་ཀྱི་མིང་བྲིས་ལ་སྙིང་ཁར་གཞུག །དེ་ཚོ་ཞགས་པས་བཅིངས་ཏེ་རྡོ་རྗེས་གནན་ཅིང་བརྡེག །ཐ་མར་གཟུགས་དེ་ཁོའི་ཕྱོགས་སུ་རྐང་བ་ཡར། མགོ་བོ་མར་བཅུག་ལ་གནན་ནོ། །འཆར་ཁ་ནག་པོའི་རྒྱུད་ལས། ཐུགས་ཀྱི་འཁོར་ལོའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཡང་གསོལ་པ། བཅོམ་ལྡན་འདས། གཤིན་རྗེ་འཆར་ཁ་ནག་པོ་དང་། །ལས་ཀྱི་ཤན་པ་བཞི་པོ་ཡི། །སྐུ་མདོག་དང་ཕྱག་མཚན་རྣམས་ལེགས་པར་བདག་ལ་བཤད་དུ་གསོལ། ཅེས་ཞུས་པ་དང་། བཀའ་སྩལ་པ། གཤིན་རྗེ་འཆར་ཁ་ནག་པོ་ནི་མདོག་གནག་ལ་འཚེར་བ། ཆར་ནག་འོང་བའི་སྤྲིན་ནི་ནག་ལ་འཁྲུག་ཅིང་དྲག་པས། མདོག་ནག་པ་ལ་མིང་བཏགས་པ་སྟེ། འཆར་ཁ་ནག་པོ་ཞེས་བྱའོ། །དབུལ་དར་ནག་པོའི་ཐོད་བཅིངས་པ། སྐུ་གསུང་ཐུགས་དང་ལྡན་པའི་རྟགས་སུ་མཆོད་རྟེན་གསུམ་དང་ལྡན་པ། དར་ནག་པོའི་བེར་གསོལ་བ། སྦྲུལ་སྔོན་པོའི་མཇུག་མ་རབ་ཏུ་འཁྲིལ་བ། མིག་མེ་མ་དག་གི་ཕུང་པོ་བུས་པ་འདྲ་བ། མཆེ་བ་གཙིགས་ཤིང་ཞལ་གདངས་པ། ཤིན་ཏུ་ཁྲོས་ཤིང་རྔམ་པར་བསྒོམ། ཤན་པ་བན་དེ་ནག་པོ་སྨུག་ནག་ཁྲོས་པར་བསྒོམ། ནག་པོ་རལ་གྲི་ཅན། དར་ནག་ཅོད་པན་ཅན། གཡས་རྡོ་རྗེ་གཡོན་དར་ནག་འཕྱར་བའོ། །ཞང་བློན་ནག་པོ་ནད་རྐྱལ་དང་མཚོན་གྱི་གྲུ་གུ་ཅན་ནོ། །བོན་པོ་ནག་པོ་དམར་ནག་ལྕགས་ཀྱི་སྦར་ཤད་ཅན། དར་ནག་གི་ཅོད་པན་ཅན་ནོ། །མོན་པ་ནག་པོ་གྲི་གུག་དང་སྦྲུལ་ཞགས་ཅན་ནོ། །གཞན་ཡང་དེའི་འཁོར་ནི། བདུད་དང་། གཤིན་རྗེ་དང་། མ་མོའི་ཚོགས་ཀྱིས་བསྐོར་བའོ། །གཤིན་རྗེ་འཆར་ཁ་ནག་པོའི་རྒྱུད་ལས། ལྷ་བསྒོམ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཡང་གསོལ་པ། གཤིན་རྗེ་འཆར་ཀ་ནག་པོ་ཡི། །བདུད་ཀྱི་གདོང་ཟོར་ནག་པོ་ཡིས། །དགྲ་བོ་གསད་པ་བཤད་དུ་གསོལ། །ཞེས་ཞུས་པས། བཀའ་སྩལ་པ། གསང་བའི་མན་ངག་བདུད་ཀྱི་རྭ་ཟོར་ནག་པོ་དང་སྤགས་ཏེ་གསད་པ་ནི་བཤད་ཀྱིས་ཉོན་ཅིག །གང་ཞིག་མཐུ་ཆེ་བ་དང་འགྲས་ན། ལུས་ཏིལ་མར་གྱིས་བསྐུས་ལ། གཡག་རུ་གཡས་པའི་ནང་དུ་ལིང་ཁ་བཅུག་ལ་ཐུན་གྱིས་བྲབས་ལ། ཁྲག་སྣ་ཚོགས་དང་། འཚེ་དང་། ཉུངས་ཀར་དང་། སྙིང་སྣ་ཚོགས་བསྲེས་ལ། ནམ་ཕར་ཕྱེད་ཚུར་ཕྱེད་ན་ཡུགས་ས་མོས་གཏོར་ན་རབ། མེད་ན་རང་བདུད་ཆས་སུ་ཞུགས་ལ་བྱའོ། །ཟོར་ཁ་ཐམས་ཅད་བཟློག་པའི་གསང་སྔགས་ནི། ཨོ་ཧདེམོ། ཧཧིདདྷཡ།པྲ་ཧ་ར་ནི་ཧཱུཾ༷་ཕཊ། སྨྱོ་སྦྱོ་སྨྱོ། ས་མ་ཡ། ཨ་ཏྲི་ཀྲ་མ་ཏི། བཟློག་བཟློག །ཨ་ལ་ལ་པྲ་མོ་ཧ། སྨྱོ་སྨྱོ་སྨྱོ། ཞེས་བཟླས་ཏེ་གཏོར་རོ། །ཕ་ཚན་བྱོལ་ཁ་བྱེད་ན། ཁྲག་དང་།ཉུངས་ཀར་དང་།ཚེས་བྱའོ། །ནང་པ་དང་སྲི་བུ་འདྲའོ། །རྨི་ལམ་ངན་པ་ལ་ཉུངས་ཀར་དང་ཁྲག་ལ་བྱའོ། །གཤིན་རྗེ་འཆར་ཀ་ནག་པོའི་རྒྱུད་ལས། བདུད་ཀྱི་གདོང་ཟོར་ནག་པོའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཡང་གསོལ་པ།བཅོམ་ལྡན་འདས་འཇམ་དཔལ་ནག་པོ་ཁྱོད་འདི་ཡི་སྦྱོར་བ་ཕྲན་ཚེགས་ཀྱི་ལས་ཀྱི་སྦྱོར་བ་བཤད་དུ་གསོལ། ཅེས་གསོལ་པ་དང་།བཀའ་སྩལ་པ། སྦྱོར་བ་ལ་རྟེན་བཤད་པར་བྱ། །ལེགས་པར་ཉོན་ལ་ཡིད་ལ་ཟུང་། །མཛའ་བོ་དབྱེ་བར་འདོད་གྱུར་ན། །གཉིས་བྱས་བར་དུ་ཟས་བཅུག་ལ། །བྱ་རོག་འུག་པའི་སྒྲོ་ཡང་གཟུགས། །ཚོན་སྐུད་ཡུགས་སའི་ཞབ་མས་བཅིང་། །ཨེར་གཅུག་མདུན་དུ་བཞག་ནས་ཀྱང་། ་་ས་ཀར་ཐུན་བྲབ་སྔགས་འདི་བཟླས། །ཨོ་མ་ཧྭ་ཏི་སྟ་ཡ། ཀྟ་མ་དུ་པ་གྲྭཧྭ། དེ་ལ་རྟགས་བྱུང་རྒྱབ་སྤྲད་དེ། །སྐུད་པས་ཕྱིན་ཀར་སྒྲིལ་བཅིངས་ཏེ། །ཞག་གསུམ་བར་དུ་སྔགས་འདི་བཟླས། །ཨོ་ཨད་བྱི་དར་སད། ཨ་མི་ལ་བྱི་མི་ལ་སད། ཨ་ཀར་བྱི་ཀར་སད། དེ་སྐད་བྱས་ཏེ་བཟླས་ན་དེ་ནི་དབྱེ་བའི་མཆོགཏུབཤད། གཤིནརྗེའཆར་ཁ་ནག་པོའི་རྒྱུད་ལས། དབྱེ་བའི་རབ་ཏུ་སྦྱོར་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །གྲོ་གའི་ལོ་མ་དག་ལ་ནི། །བྱ་རོག་ཁྲག་དང་དུར་སོལ་གྱིས། །རླུད་གི་དཀྱིལ་འཁོར་དབུས་དག་ཏུ། །སྒྲུབ་བྱའི་མིང་དང་སྔགས་སྒྲགས་ཏེ། །གཏོར་ཟན་མགྲིན་པར་བཅིང་གྱུར་ཏེ། །འཆར་ཁ་ནག་པོའི་ཏིང་འཛིན་གྱིས། ཁ་ཡང་ལྷོར་བསྟན་གཏང་གྱུར་ན། །སྐད་ཅིག་མ་ནི་གཅིག་ཉིད་ལ། །བྱ་རོག་བཞིན་དུ་ས་ཀུན་འཁོར། །གཞན་ཡང་ཚ་བའི་མར་བསྐུས་ཏེ། །ནིམ་པའི་ཤིང་དང་བྱ་རོག་ཚང་། །དུར་ཁྲོད་ཤིང་བསྲེགས་ཐལ་བ་དེ། །བླངས་ཏེ་གང་གི་མགོར་བླུགས་ན། །དེ་མ་ཏག་ཏུ་སྐྲད་པར་འགྱུར། །གཞན་ཡང་དུར་ཁྲོད་རས་བླངས་ལ། །དུག་ལ་སོགས་པས་སྔགས་བྲིས་ལ། །སྲེ་མོའི་སྤུ་དང་སྤྲུལ་ལྤགས་བླངས། །དེ་ལ་སྡོང་བུ་དག་བྱས་ཏེ། །གང་གི་ཁྱིམ་དུ་སྤར་གྱུར་ན། །དེས་ནི་ཕ་ཚན་འབྱེ་བར་འགྱུར། །དེ་ནས་དགྲ་བོའི་བཤང་གཅི་བླངས། །དགྲ་གཟུགས་བྱས་ལ་དུག་གིས་བྱུག །སྔགས་བྲིས་སྙིང་ཁར་བཅུག་བྱས་ལ། །དུར་ཁྲོད་མེ་སྦར་འཆར་ཀ་ནག་པོ་ཡི། །སྦྱོར་བ་ལྟར་ལྡན་རྐང་པ་ནས་གཏུབས་ལ། །གོང་གི་མིང་བཅས་བསྲེགས་འགྱུར་ན། །སྐད་ཅིག་གིས་ནི་འཆིར་བར་འགྱུར། །རེངས་པར་འདོད་ན་གཡམ་པ་ལ། །བ་གླང་དང་ནི་ཡུང་པའི་ས། །མང་དང་བཅས་ཏེ་ལེགས་བྲིས་ལ། །ལམ་ནི་རྒྱ་གྲམ་ཆུ་མདོར་གནན། །དེས་ནི་རེངས་པར་ཐེ་ཚོམ་མེད། །དུག་དང་བུལ་རྡོག་ཕུར་ཚི་གསུམ་བཅས་ཏེ། །སྔགས་འདི་བཟླས་ཏེ་བཏབ་གྱུར་ན། །སྔོན་དུ་སྐམ་པར་ཐེ་ཚོམ་མེད། །དབང་དུ་བྱ་བར་འདོད་གྱུར་ན། །གྲོག་ཁར་གུར་གུམ་ལྷི་ཧ༷་ལ། །སོར་བཅུ་དྲུག་པའི་གཟུགས་བྱས་ལ། །སྙི་ཧང་སྲིན་ལག་ཁྲག་གིས་ནི། །གྲོ་ག་ལ་ནི་འཁོར་ལོ་བྲའི། །སྙིང་ཁར་བཅུག་ལ་ཁྱིམ་དུ་གཞག །འཆར་ཁ་ནག་པོར་བསྒོམ་བྱས་ཏེ། །མེ་ཏོག་དམར་པོས་དུས་གསུམ་མཆོད། །ནུབ་ཏུ་བལྟས་ཏེ་སྔགས་བཟླས་ན། །ཞག་ནི་བདུན་གྱི་སྦྱོར་བ་ཡིས། །བརྒྱ་བྱིན་ཡང་ནི་དབང་དུ་འགྱུར། །མི་རྣམས་ལྟ་བུ་སྨོས་ཅི་དགོས། །གཤིན་རྗེ་འཆར་ཁ་ནག་པོའི་རྒྱུད་ལས། སྦྱོར་བ་ཕྲན་ཚེགས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །།ཡང་གསོལ་པ། བཅོམ་ལྡན་འདས། འདི་ཡི་ལྟས་དང་མཚན་མ་དང་། །ངེས་པར་གང་ལགས་བཤད་དུ་གསོལ། །ཅེས་པ་དང་། བཀའ་སྩལ་པ། འདི་ཡི་ལྟས་དང་མཚན་མ་ནི། །ཕྱི་རྟགས་ནང་རྟགས་གཉིས་སུ་བཤད། །ཕྱི་རྟགས་ཆར་སྲིན་ཆེན་པོ་དང་། །ཚུབ་མ་སྦོམ་ལ་གནག་པ་དང་། །འབྲུག་གི་སྒྲ་དང་ཐོག་སེར་རྣམས། །ནང་རྟགས་ཉམས་དང་རྨི་ལམ་སྟེ། །མི་ནག་མོན་དང་ཨ་ཙ་ར། །རས་ནག་དར་ནག་གོན་པ་དང་། །མདའ་དང་མདུང་རིངས་ཐོགས་པ་ན། །མ་ནོར་རྟགས་སུ་ཤེས་པར་བྱ། །གཡག་རྒོད་ཁྱི་དང་ལུག་ལ་སོགས། །གཅན་གཟན་མང་པོ་འོང་བ་དང་། །འོད་དང་སྒྲ་ལ་སོགས་པ་ནི། །འབྲིང་གི་རྟགས་སུ་ཤེས་པར་བྱ། །སེམས་ཅན་དེ་དག་ཐག་རིང་ཞིང་། །མ་མགུ་བ་རྣམས་ཐ་མ་ཡིན། །སྒྲུབ་ཚེ་སློབ་དཔོན་རྨི་བ་དང་། བྱ་ནག་མང་པོ་རྨི་ན་བཟང་། །ཡུགས་ས་མཛེ་ཕོ་རྨི་གྱུར་ན། །དམ་ཚིག་བསྐང་ཞིང་ཚོགས་སོག་བྱ། །སེར་བ་རླུད་དང་གཡུལ་སྐྲོད་ན། །བྱད་ཁ་ཡིན་པར་ཤེས་པར་བྱ། །མི་རེང་བུད་མེད་ཚོགས་རྣམས་དང་། །གཡུལ་ཤོམ་གྱུར་དང་མཚོན་ཆ་བརྡུང་། །ཁྱིར་བའི་ལས་དང་མེ་གཏོང་དང་། །དེ་བཞིན་སྲོག་ཆགས་གསོད་པ་དང་། །གསད་པའི་ལས་ལ་སྦྱར་བར་བྱ། །དམག་གཤོམ་གཡུལ་ནི་འགྱེད་པའི་ཚེ། །ཕས་ཚུར་དྲག་གམ་གོ་བཟང་ན། །ཀོང་བུའི་ནུབ་རེ་གཏོར་མ་གཏང་། །སྔགས་ནི་བརྒྱ་དང་རྩ་བརྒྱད་བཟླས། །ཕྱོགས་སུ་འཕང་དང་གནན་པ་བྱ། །འཆར་ཀ་ནག་པོའི་རྒྱུད་ལས། དྲོད་ཚད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།ཡང་གསོལ་པ། གང་ཞིག་ཕྱི་རབས་རྣལ་འབྱོར་པ། །གལ་ཏེ་སྦྱར་བ་རྩུབ་མོ་སྟོན། །དེ་ཡི་ངག་གནན་ཇི་ལྟར་བགྱི། །ཞེས་ཞུས། བཀའ་སྩལ་པ། གང་ཞིག་རྣལ་འབྱོར་དམ་ཅན་ལ། །སྔགས་ཀྱི་སྦྱོར་བ་བྱེད་གྱུར་ན། །མི་ལྤགས་ལ་ནི་དུག་ཁྲག་གིས། །ལྕགས་ཕྱེ་དུག་ཁྲག་དག་གིས་ནི། །ལིང་ག་བྲིས་ཏེ་ངག་ཕྱུང་སྟེ། །འཁོར་ལོ་རྩིབས་བརྒྱད་བྲིས་ནས་ཀྱང་། །སྔགས་བྲིས་མིང་དང་བཅས་པ་ཡི། །སྤྱི་བོར་ཀྭ་ཡ་སྟ༷་བྷ་ཡ། །མགྲིན་པར་བཱ་ག་སྟ༷་བྷ་ཡ། །སྙིང་ཁར་ཙིཉི་སྟ༷་བྷ་ཡ། །ཆེ་གེ་མོ་ཡི་ལུས་ངག་ཡིད་གསུམ་དྲི་ཛ་སྟ༷་བྷ་ཡ། མོ་ཧ་ཡ་བན་དྷ་ཡས་བསྐོར་ཏེ། བྱང་དུ་བཅུག་ཏེ་ཐོད་པར་གཞུག །ཐུན་བྲབ་ལུས་ངག་ཡིད་གསུམ་གྱི། །ནུས་པ་ཀུན་བསྡུས་བདག་ལ་ཐིམ། །གཏོང་གྲོགས་བྱེད་པ་ཁོ་རང་གཤེད། ཁྱད་པར་བསམ་ཞིང་ངག་རྣམས་བཅིང་། །ཐེམ་པའི་འོག་གམ་ལམ་འོག་གནན། །ཐ་མ་འཁོར་ལོ་དཀྱིལ་འཁོར་འོག་ཏུ་གནན། །ཡང་ནས་དགྲ་དག་ལ་གནན། །སྟེང་ནས་རི་རབ་རྒྱ་གྲམ་བཅའ། །བྲོ་བརྡུང་གསོལ་བ་གདབ་པར་བྱ། །གཤིན་རྗེ་འཆར་ཀ་ནག་པོའི་རྒྱུད་ལས། ངག་གནན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།ཡང་གསོལ་བ། བཅོམ་ལྡན་དྲག་པོ་འདུལ་བའི་གཙོ། །འདི་ཡི་དམ་ཚིག་བདག་ལ་གསུངས། །ཞེས་ཞུས་པ་དང་། བཀའ་སྩལ་པ། དམ་ཚིག་ཉམས་ན་དོན་མི་འགྲུབ། །དེ་བས་དམ་ཚིག་བཤད་པར་བྱ། །བླ་མ་དང་ནི་དཀོན་མཆོག་གསུམ། །རྟག་ཏུ་གུས་པར་བྱ་བ་ཡིན། ཁྱད་པར་གཤིན་རྗེ་གཤེད་ལ་གུས། །ལས་ཀྱི་གཤིན་རྗེའི་དམ་ཚིག་ནི། །གསང་སྔགས་གསང་ནས་སྒྲུབ་ཅེས་པས། །མི་རུང་མི་སྨྲ་གཡེལ་མི་བྱ། །རྫས་དང་གཟུགས་སོགས་བསྟན་མི་བྱ། །འཕྲེང་བ་དང་ནི་ཁ་འཕྲོ་བསྲུང་། ཁྱད་པར་གཏོར་མ་བཅག་མི་བྱ། །འདི་ནི་རྟག་ཏུ་གྱུར་པ་ཡི། །སེམས་ཅན་ཀུན་ལ་བྱམས་པར་བྱ། །སྤྲོ་བསྐྱེད་ཡིད་ནི་དགའ་བར་བྱ། །དེ་ལྟར་བསྲུངས་ན་དངོས་གྲུབ་ནི། །ཐེ་ཚོམ་མེད་པར་ཐོབ་པར་འགྱུར། །གཤིནརྗེའཆར་ཀ་ནག་པོའི་རྒྱུད་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཡང་གསོལ་བ། འདི་ཡི་འཁོར་ལོ་ཅི་ལྟར་བཅའ། །ཞེས་ཞུས་པ་ལས། བཀའ་སྩལ་པ། ཞིང་གི་རས་ལ་དུག་ཁྲག་གིས། །སྣག་ཚལ་ལྕགས་སམ་རྐང་གི་སྨྱུག་གུས་བྲི། །རིམ་པ་ལྔ་ལྡན་ལེ་ཚེ་ཅན། །དང་པོ་གྲུ་གསུམ་དཀྲུགས་ལ་གསད། །དེ་ཡི་ཕྱི་རིམ་སྔགས་རྣམས་བྲི། །རྟེན་འབྲེལ་བཅུ་གཉིས་དཀྲུགས་ལ་གསད། ཁྲ་ཆུམ་སྔགས་ནི་དཀྲུགས་ཏེ་བྲི། །ཐ་མར་ཨུ་ལི་ཀྭ་ལི་བྲི། །གསང་སྔགས་འབྱུང་བའི་རྒྱུད་ཡིན་ནོ། །བསྲུང་བཟློག་གསད་གནན་གང་བྱེད་ཀྱང་། །རྩ་བའི་འཁོར་ལོ་ཤེས་པར་བྱ། །དབུས་སུ་མཐའ་འགྱུར་སྔགས་དང་བསྐུལ་ཚིག་གོ །འཆར་ཀ་ནག་པོའི་ལྟོ་བ་ན། །འགྲོ་བ་རིགས་དྲུག་འཕྱོ་བ་ཡིན། །དེ་ཡང་ལས་ཀྱི་གཤིན་རྗེ་དེས། །ཐམས་ཅད་ཀྱང་ནི་སྒྲོལ་བར་ནུས། །གཤིན་རྗེ་འཆར་ཀ་ནག་པོའི་རྒྱུད་ལས། འཁོར་ལོའི་ལེའུ་སྟེ་བཅུ་དགུ་པའོ།། །།ཡང་གསོལ་པ། བཅོམ་ལྡན་འདས། ལས་ཀྱི་ཤན་པ་བཞི་ཡི་བསྙེན་བསྐྲུབ་དང་། །གསད་པའི་ཐབས་བཤད་དུ་གསོལ། །ཞེས་ཞུས་པ་དང་། བཀའ་སྩལ་པ། ལས་ཀྱི་ཤན་པ་བཞི་པོ་ཡིས། །གསད་པའི་ཐབས་ནི་བཤད་པར་བྱ། །ཉོན་ཅིག་གཤིན་རྗེ་ཆོས་ཀྱི་རྒྱལ། །བན་དྷ་མཚན་ངན་ནང་དུ་ར་ཁྲག་བླུགས། རྭ་སོགས་ལ་མིང་བྲིས་ཏེ་ནང་དུ་གཞུག ཁྲམ་ཤིང་གིས་དཀྲུག་ཅིང་སྔགས་འདི་བརྗོད། །ཨོ་བཛྲ་ཙིསྟ་དུན་དུན་རྦད་རྦད། སྙིང་ཁྲག་དུན་ཁུག་རྦད་རྦད་གྲྭཧྭ། ཐུ༷་ཤིག་ཁུག་ལིང་རྦད་རྦད་སྲུཧྭ། དགྲ་བོའི་སྙིང་ཁྲག་དུན་རྨུགས་རྦད་རྦད་གྲྭཧྭ། ཉུངས་ཀར་ལ་བཟླས་ཤིང་དཀྲུག་པར་བྱ། །བན་དྷ་ར་སོགས་འཁྲུག་ཅིང་འཚེག །ཉི་ཤུ་རྩ་གཅིག་བྱས་གྱུར་ན། །ནང་རྟགས་ཤར་གྱིས་འོང་བར་ངེས། །དེ་ནས་གསད་ལས་བྱ་བར་བཤད། །ཨོ་མ་ཧྭ་ཀྭ་ལ་བན་དེ་ནག་པོ་སྲོག་ཐུན་བི་ཤ་རྦད། དགྲ་བོ་ཤ་ཏྲུ༷་མྱ་ར་ཡ་རྦད། ཀ་ཤ་ཀ་ཤ །བྲག་ཚ་ལ་ཤག །མ་ཐ་ཤ་སྙིང་གོ་ཆོད། ཡ་ཡ། བྲ་བྲ། ཞུད་ཞུང་། རིལ་རིལ། རྦད་རྦད། ཡ༷་ཡ༷། ཨོ་ཙེ་ཙེ། ན་ན་རྦད་རྦད།སྙིང་ལ་ཡ་ཡ་རྦད། པྲ་ཏི་ས་མན་ཙ་རྨུགས། པྲ་ཏི་ས་མན་ཙེ་ཆོད། པྲ་ཏི་ས་མན་ཙ་ཁུག ཁ་ལ་རག་ཤ་རྦུད་རྦུད་དྭ། དུམ་བུར་ཀ་ཤ་རྦུད་རྦུད་དྭ། ཙཀྲ་རསྒ་རྦུད་རྦུད་དྭ། ཙིསྟ་རསྒ་རྦད་རྦད་དྭ། དེ་ནས་གཉེན་པོ་ལྷ་ཆེན་བཞི་བསྒོམ། །ནག་པོ་མཆེ་གཙིགས་ཐོད་རློན་ཅན། །རལ་གྲི་དགྲ་སྟ་ཕྱག་ན་འཛིན། །རོ་ཡི་གདན་ལ་བཞུགས་པའོ། ཁྲ་དང་ཁྲག་གི་མཆོད་པ་དབུལ། །དཀྱིལ་འཁོར་གྲུ་གསུམ་སུམ་བརྩེགས་ཏུ། །བདུན་ཚོ་བཞིའི་རྩང་བཀྲམ་སྟེ། །མདའ་མདུང་ཏྲི་ཤུལ་རྒྱབ་ཏུ་དགོད། །དང་པོར་གྲུ་ལ་ལྡེར་སོ་བཞག །གཉིས་པ་ལ་ནི་ཀོང་བུའོ། །གསུམ་པ་ཐུན་རྫས་གཏོར་མའོ། །མདུན་དུ་མཆོད་པ་བསམ་པར་བྱ། །ཐ་མ་ལྡེར་སོའི་ཕྱོགས་སུ་བསྐྱལ། །ལྷ་ཆེན་བསྙེན་པ་རྒྱ་མཚོ་མཆོད། །ཨོ་མ་ཧྭ་ཀྭ་ལ་རུ་པ་བ༷། ཨོ༷་མ་ཧྭ་ཀྭ་ལ་རག་ཤ །ཨོ་མ་ཧྭ་ཀྭ་ལ་ན༷་ན༷། ཏྲི་ཤ་ཨ་སྙེས་སྟེས། ཀྭ་ལ་རྙུ་པ། ཤ་གླི༷་བཱ་ར་ཡ་རྦད། གཉེན་པོ་ལས་དང་བཅས་པ་ལ། །བྷ་ལི་དབུལ་ཞིང་འཕྲིན་ལས་བཅོལ། །མ་མ་སརྦ་ཤ་ཧྲུ༷། ཨ་མུ་ཀ་མ་ཛ་མེ་ཏི། བ་ས༷་ས་མ་ཡ། རསྒ་རུ་ཏི་ཛི་བ༷། པི་ཡ་བཀྟ་ནི། ཨི་ད༷་བྷ་ལི། གྲོ་ཎ་གྲོ་ཎ། ཁུ་ཧི་ཁུ་ཧི། སྣུརྫི་ཧོ། པི་བ་ཏོ་ས་མ་ཡ་ཨ་ཏི་ཀྲ་མ་གྲྭཧྭ།བྷ་ལི་གཏང་ཞིང་སྦྱིན་སྲེག་བྱ། །དང་པོ་གཤིན་རྗེ་གཤེད་ལ་དབུལ། །དེ་ནས་ལྷ་ཆེན་པོ་ལ། །དེ་འོག་ཤན་པ་བཞི་ལ་དབུལ། །ཐལ་བ་གནན་ནམ་ཡང་ན་ཕྱར། །དེ་ལྟར་འཁོར་ལོ་གསུམ་བྱས་པས། །ཚངས་པ་ཡང་ནི་བརླག་པར་འགྱུར། །གཤིན་རྗེ་འཆར་ཀ་ནག་པོའི་རྒྱུད་ལས། ཁྲ་ནང་བཞི་ཡི་བསྙེན་བསྒྲུབ་ཀྱི་གསང་བའི་ལེའུ་སྟེ་ཉི་ཤུ་པའོ།། །།ཡང་གསོལ་པ། བཅོམ་ལྡན་འདས། འདི་ཡི་འཁོར་ལོ་ཇི་ལྟ་བུ། །བྲི་བའི་སྣག་ཚ་ཇི་ལྟར་ལགས། །དེ་དག་བདག་ལ་བཤད་དུ་གསོལ། །ཅེས་ཞུས་པ་དང་། བཀའ་སྩལ་པ། འཁོར་ལོ་བྱ་བའི་མན་ངག་ནི། །རོ་རས་ཞིང་རས་དུག་ཁྲག་རྫས། །གཅེས་བུ་ལྷོར་བལྟས་ཏིང་འཛིན་ལྡན། །ལྕགས་ཀྱི་སྨྱུ་གུས་བྲི་བར་བྱ། །རྩིབས་བཞི་མུ་ཁྱུད་ལྡན་པ་ལ། །སོ་སོའི་སྔགས་དང་མིང་བྱང་བྲི། ཁ་སྦྱར་ཚོན་སྐུད་རྒྱ་གྲམ་བཅིང་། །ཐོད་པའི་ནང་དུ་ཐུན་རྫས་འཕང་། །ཐ་མར་གནན་པ་བྱས་ལ་བཞག །འཆར་ཀ་ནག་པོའི་རྒྱུད་ལས། ཤན་པ་བཞིའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།ཡང་གསོལ་པ། བཅོམ་ལྡན་དྲག་པོ་འདུལབའིགཙོ། །གཤིནརྗེའཆར་ཀ་ནག་པོ་ཡི། །སྦྱིན་སྲེག་ཆོ་ག་བཤད་དུ་གསོལ། །ཞེས་ཞུས་པ་དང་། བཀའ་སྩལ་པ། དྲག་པོ་སྦྱིན་སྲེག་བྱེད་གྱུར་ན། །གྲུ་གསུམ་ཐབ་ཏུ་དུག་ཁྲག་བྱུག །ཞིང་གི་སྟན་ལ་ཁྲོ་སེམས་ཀྱིས། །ལྷོར་བལྟས་རྣམ་སྣང་ཁྲག་གིས་བྱུག །དུག་དང་ཁྲག་དང་ལིང་ཁར་བཅས། །བྱ་རོག་འུག་པའི་ཤ་ཚིལ་དང་། །ཝ་སྤྱང་ཤ་ཆེན་སྲེག་པར་བྱ། །ཚེར་མ་ཅན་གྱི་བུད་ཤིང་ལ། །དུག་གི་ཡམ་ཤིང་ཁྲག་སྦྱར་སྦག །ཐ་མའང་བརྒྱ་རྩ་བརྒྱད་དབུལ་བྱ། །དང་པོར་ཀྲིཁྱི་བཛྲ་མ་རི་ནི། །བར་དུ་མ་ཧྭ་དེ་བས་ཏེ། །ཐ་མར་འཆར་ཀ་ནག་པོའོ། །གོ་རིམ་བཞིན་དུ་དབུལ་བར་བྱ། །མིང་རུས་རྣམ་སྣང་བོང་སྤངས་དང་། །ཚེར་མ་མིང་རུ་མཚན་པྱེད་ན། །བརྒྱ་རྩ་བརྒྱད་དུ་ཞག་བདུན་བྱ། །དེས་ནི་འཆི་བར་ཐེ་ཚོམ་མེད། །དབྱེ་བར་འདོད་པའི་སྤྱིན་སྲེག་ནི། །བྱ་རོག་འུག་པ་རྨ་བྱ་དང་། །སྦྲུལ་ཤ་སྐྲ་དང་འབྲས་ཆང་དང་། །མ་ཧེ་རྟ་ཤ་མི་དང་བཅས། །དུར་ཁྲོད་མེར་བསྲེགས་འབྲས་བར་འགྱུར། །དུག་གི་ཤིང་ལ་མེ་སྤར་ནས། །གོང་རྫས་ཁྱིམ་དུ་བསྲེགས་གྱུར་ན། །ཚངས་པའང་ཉི་མ་བདུན་གྱིས་འཆི། །སྐྲོད་པར་འདོད་ན་བྱ་རོག་ཤ །རྔ་མོའི་རྟུག་པ་ཆང་དང་སྦྱར། །དུར་ཁྲོད་ཤིང་བཅས་གཅེར་བུ་ཡིས། །ལྷོར་བལྟས་མིང་བཅས་བསྲེགས་གྱུར་ན། །གནས་ནས་སྒྲོད་པར་ཐེ་ཚོམ་མེད། །རེངས་པར་འདོད་ན་བ་ལང་སྐྲུ། །ལྡོང་རོས་ལྷི་ཧ༷་དཀྱིལ་འཁོར་དུ། །ཆར་ཁའི་མིང་བྱང་ལས་དང་སྦྱར། །གང་གིས་མིང་བཅས་བསྲེགས་གྱུར་ན། །ཉི་མ་བདུན་གྱིས་རེངས་པར་འགྱུར། །ནུབ་མོ་རེངས་འདོད་ཚེར་མ་དང་། །དུག་དང་ཀེ་ཚེ་ཁྲག་གིས་སྦྲུས། །རེངས་པར་གྱུར་ཅེས་སྟོང་བྱས་ན། །རེངས་འགྱུར་འདི་ལ་ཐེ་ཚོམ་མེད། །རྒྱས་པ་ཏིལ་དང་ནས་འབྲས་མར། །ཨུཏུལ་ཤིང་ལ་བྱང་བལྟས་ཏེ། །ལས་ཀྱི་རྗེས་འབྲེལ་དུག་གསུམ་བསྲེག །བསྐུལ་ཚིག་བཅས་པས་རྒྱས་པར་འགྱུར། །ཞི་བར་འདོད་ན་མར་སྦྲང་རྩི། །འོ་མ་དུད་པར་བཅས་པ་ལ། །འོ་མ་ཅན་གྱི་བུད་ཤིང་ལ། །དགེ་འདུན་བྲམ་ཟེའི་མེ་སྦར་ལ། ཁྲར་དུ་བལྟས་ཏེ་དུག་གསུམ་བསྲེག །ལས་འབྲས་བསྐུལ་ཚིག་བཅས་གྱུར་ན། །ཞི་པར་ཡང་ནི་ཐེ་ཚོམ་མེད། །འཆར་ཀའི་མདུན་དུ་ཤ་ཆེན་དང་། །བ་གླང་ཤ་དང་བཅས། །གོང་གི་མིང་བཅས་སྤྱིན་སྲེག་སྟོང་། །དེས་ནི་བྲན་བཞིན་ཐེ་ཚོམ་མེད། །ཁུར་མངས་ཁྱི་ཤ་མཚན་ཕྱེད་ན། །མིང་བཅས་སྤྱིན་སྲེག་བརྒྱ་རྩ་བརྒྱད། །བྱས་ན་ནོར་རྫས་དབང་དུ་འདུ། །གཤིན་རྗེ་འཆར་ཀ་ནག་པོའི་རྒྱུད་ལས། སྦྱིན་སྲེག་གི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།ཡང་གསོལ་པ། ཀྱེ་བཅོམ་ལྡན་འདས། གནན་པ་དྲག་པོ་བདག་ལ་ཤོད། །ཅེས་ཞུས་པ་དང་། བཀའ་སྩལ་པ། ལས་མཇུག་གནན་པ་བྱ་བ་ཡིན། །འདི་ཡི་འཁོར་ལོ་ལིང་རོ་དང་། །བཅས་པ་གནན་ཅིང་གཏད་འདོད་ན། །སྦལ་སྤྲུལ་ལྟོ་སྦྱར་ནང་དུ་ལིང་ག་གཞུག །མར་དང་སྦྲང་རྩི་ལ་སོགས་གཞུག ཁམ་པའི་ག་འུར་བཅུག་གནས་ཀྱང་། །ཀླུ་ཡི་གནས་སུ་སྦས་གྱུར་ན། །དེས་ནི་ནད་ངན་སྣ་ཚོགས་འབེབས། །གལ་ཏེ་ལིང་རོ་ཐོད་པར་གཞུག །མཆོད་རྟེན་འོག་ཏུ་སྦས་གྱུར་ན། །ཡང་ན་རྒྱ་གྲམས་དགྲལ། །སྔགས་བཀོར་བྲིས་ཏེ་བཟླས་བྱས་ན། །བ་རུ་གླང་རུར་བཅུག་ན་ཡང་། །རྒྱ་གྲམ་རིའམ་མཚོ་འགྲམ་གནན། །ཡང་ན་གནན་པའི་འཁོར་ལོ་དེ། །ལ་ཆར་བཅུག་ལ་མཚོ་ལ་གནན། །དེས་ཀྱང་འགྲུབ་པར་ཐེ་ཚོམི་མེད། །གཤིན་རྗེ་འཆར་ཁ་ནག་པོའི་རྒྱུད་ལས། གཏད་ཅིང་གནན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་ཡང་འཁོར་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འཇམ་དཔལ་ནག་པོ་ཆེ། །ཆོས་སྐུ་སྤྲོས་བྲལ་མཚན་མ་མེད། །ལོངས་སྤྱོད་མཚན་དང་དཔེ་བྱད་འབར། །སྤྲུལ་སྐུས་གདུག་པ་འདུལ་བྱེད་པ། །སེམས་ཅན་ཀུན་གྱི་མགོན་པོ་ཁྱོད། །དད་པས་ཕྱག་འཚལ་སྐྱབས་སུ་མཆི། །བདག་ཅག་འཁོར་དུ་གཏོགས་པ་ཡི། །ཐུན་མོང་མ་ཡིན་འཆར་ཀའི་རྒྱུད། །འདི་ནི་ཡོངས་སུ་བཟུང་བར་གྱིས། །བསྟན་པ་ཡུན་དུ་རྒྱས་ཤིང་གནས། །འཆར་ཀ་ནག་པོའི་བསྟན་པ་འདི། །ཐམས་ཅད་བདག་གིས་བསྲུང་བར་བགྱི། །གཤིན་རྗེ་འཆར་ཀ་ནག་པོའི་རྒྱུད་ལས། བསྟོད་ཅིང་དམ་བཅའ་བའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་འཁོར་རྣམས་ལ་བཀའསྩལཔ། གཤིནརྗེཆོསཀྱི་རྒྱལ་པོ་ལ་སོགས་པ་ཁྱེད་རྣམས་ཀྱིས། རྒྱུད་འདི་ཡོངས་སུ་ཟུང་ཞིག །བསྟན་པ་བགྲུང་བའི་ཕྱིར་ཕྱི་རབས་ཡོངས་སུ་རྒྱས་པར་གྱིས་ཤིག །དམ་ཉམས་པ་དང་དམ་མེད་པ་ལ་མ་སྤེལ་ཅིག །སྤེལ་ན་དེ་ལ་ཆད་པ་ཆོད་ཅིག །ཡོངས་སུ་ཆོངས་ལ་ཐུབ་པར་གྱིས་ཆིག །བསྟན་པ་རྒྱས་པར་གྱིས་ཤིག །ཅེས་གསུངས་ནས་བཞུགས་སོ། །འཁོར་དེ་དག་ཀྱང་རྗེས་སུ་ཡི་རང་ངོ་། །འཆར་ཀ་ནག་པོའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།གཤིན་རྗེ་འཆར་ཀ་ནག་པོ་ཞེས་བྱ་བའི་རྒྱུད་རྫོགས་སོ།། །།རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱིས་རྡོ་རྗེ་གདན་གྱི་འོག་ནས་རྙེད་པའོ། །མགོས་ལ་གནང་།། །། རྒྱ་གར་སྐད་དུ། ཡ་མ་མནྟྲ་མ་རན་ཏནྟྲ་ནཱ་མ། བོད་སྐད་དུ། གཤིན་རྗེ་སྔགས་བཟློག་གི་རྒྱུད་ཅེས་བྱ་བ། འཇམ་