Ngb-pt-0636-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

པའོ།། །། རྒྱ་གར་སྐད་དུ། ཀ་བཱ་ལ་ཀ་ལ་པ༷་མཧྭ་བྷ་ར་ཏན་ཏྲ་ནཱ་མ། བོད་སྐད་དུ། ཐོད་པ་བརྟག་པ་འཇིགས་བྱེད་ཆེན་པོའི་རྒྱུད་ཅེས་བྱ་བ། དཔལ་འཇིགས་བྱེད་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དཔལ་ཆེན་པོ་དུར་ཁྲོད་ཆེན་པོ་ན་རོལ་རྩེད་མཛད་ཅིང་། མ་མོ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་དཀར་མོ་མིག་གཅིག་མ་དང་། ནག་མོ་མཆེ་བ་གཙིགས་མ་དང་། དམར་མོ་དབང་སྒྱུར་མ་དང་། སེར་མོ་ལས་མཁན་མ་སྟེ། ཐུགས་ཀྱི་དགེས་སྡེ་མ་བཞིས། དཔལ་ཆེན་པོ་བདེ་བ་ཆེན་པོས་མཉེས་པར་བྱས་ཏེ། འདི་སྐད་ཅེས་གསོལ་ཏོ། །འཇིགས་བྱེད་ཆེན་པོ་ཧེ་ཏུ་ཀ །བདེ་གཤེགས་དུང་ཆེན་བམ་ཆེན་ལ། །ཇི་ལྟར་བརྟགས་ཏེ་སྤྱད་པར་གྱི། །གཙོ་བོས་བདག་ལ་བཤད་དུ་གསོལ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །ཉོན་ཅིགལྷམོབཞིནབཟངསམ། །དུང་ཆེན་མཚན་ལྡན་ཡོད་པའི་རྟགས། །ཀ་ས་པ་ལ་སོལ་པྲ། ཁ་ཧ་བྷ་བྷ་ཀུ་ཤི་མུན་ཏྲ། །ཞེས་པ་མཚན་ལྔ་འཚོགས་པར་ཡོད་པའོ། །ཀ་ས་པ་ལ་ཞེས་བྱ་བ། །སྐྲ་ནག་འཚེར་ཞིང་འཇམ་པའོ། །སོ་ལ་བྲ་ཞེས་བྱ་བ་ནི། །སྨིན་ནག་མཚམས་དཀྱུས་རིང་ལ་འབྲེལ། །ཁ་ཧ་བྷ་ཞེས་བྱ་བ་ནི། །རྣ་བའི་བཞི་ཆེ་འཚོགས་མ་རིང་། །བྷ་ཀུ་མིག་གཉིས་དཀར་ཁྲེར་སྣང་། །བྷ་ཧུ་མཁུར་ཚོས་རུས་བ་མཐོ། ཁེ་མུན་ཏྲ་ནི་གཟུགས་བོངས་དང་། །བྱད་དབྱིབས་ལེགས་ལ་ཤ་མདོག་སྔོ། །སྤྱོད་པ་ཐམས་ཅད་ལེགས་པའོ། །ཡང་ན་ཐུགས་རྗེའི་ཞིང་དྲུག་སྟེ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས། །མ་ཉམས་ཚུལ་བཞིན་བསྲུངས་པ་ཡིན། །དེ་རྣམས་མཚན་ཉིད་བསྟན་པ་ནི། །མགོ་སྐྱེས་ཁམས་ལ་ལི་བ་དང་། །མིག་ཤེལ་བྱ་ལྟར་མ་འབེགས་དང་། །རྐང་དཀྱིལ་མཆེ་བ་ཟུར་གསུམ་ཅན། །ལག་པ་བྱ་ལྟར་འབྲེལ་བ་དང་། །རོ་འཛིན་སྣ་རྩེར་བགླེབས་པ་དང་། །དཔྲལ་དབྱེས་གཉེར་མ་དམར་པོ་ཅན། །འདི་རྣམས་བསྒྲལ་བའི་ཞིང་དྲུག་སྟེ། །མི་ཡི་སྐྱེ་བ་བླངས་པའོ། །དེ་ཡི་མཚན་མ་རབ་མཐོང་ནས། །ཐབས་ལ་མཁས་པས་བསྒྲལ་བྱས་སམ། །མ་བསྒྲལ་རྣམ་ཤེས་འདོར་ཀྱང་རུང་། །བམ་ཆེན་བཀྲོ་བའི་ཐབས་ལ་འབད། །ལྷ་མོས་གསོལ་པ། བམ་ཆེན་མཚན་ཉིད་ལྡན་པ་དེ། །ཇི་ལྟར་བཀྲོ་སྟེ་སྤྱད་པར་བགྱི། །དགོངས་པ་གང་ལ་དགོངས་ཏེ་སྦྱད། །གཙོ་བོས་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལྷ་མོ་བདེ་བའི་འབྱུང་གནས་ཉོན། །དགོངས་པ་རྣམ་པ་གསུམ་དག་སྟེ། །ཕྱི་མའི་དོན་དུ་དགོངས་པ་དང་། ཁེ་ཁ་གཅད་པའི་བཀྲོ་ལུགས་དང་། །ཟོར་ཁ་ཕུར་ཁ་བཟློག་ཕྱིར་རོ། །ཕྱི་མའི་དོན་དུ་དགོངས་པ་ནི། །བདུད་རྩི་སྨན་དུ་བཀྲོ་བ་དང་། །དཀྱིལ་འཁོར་རྫས་སུ་བཀྲོ་བ་དང་། །མཁའ་འགྲོ་མ་ཡི་དམ་རྫས་དང་། །རོ་བསྲེགས་ཐལ་བར་བཀྲོ་བའོ། །བདུད་རྩི་སྨན་དུ་བཀྲོ་བ་ནི། །ནང་གི་སྦས་པ་བཞི་དང་ནི། །ཕྱི་ཡི་མངོན་པ་བཞི་དག་དང་། །ཉ་བཞི་རྩ་བ་བརྒྱད་ལ་སོགས། །བ༷་པོ་བརྒྱད་པ་བཞིན་དུ་བྱ། །བདུད་རྩི་སྨན་དུ་བསྒྲུབ་པརབྱའོ། །དཀྱིལ་འཁོར་རྫས་སུ་བཀྲོ་བ་ནི། །ཐོད་པ་ཙིསྟ་སྙིང་ཁྲག་ནི། །དཔལ་ཆེན་རྫས་སུ་དགོད་པ་བྱ། །རུས་པ་བཀྲག་དང་དྲོད་དང་དབུགས། །པུ་ཀ་ལ་སོགས་བཞི་ཡི་རྫས། །མིག་དང་རྣ་བ་སྣ་དང་ལྕེ། །ཀེ་རི་ལ་སོགས་བཞི་ཡི་རྫས། ཁྲདང་རུས་པ་ཁྲག་དང་པགས། ཁོད་པ་རྒྱུ་ཁྲག་རྒྱུ་ཚིལ་དང་། །གློ་བ་ལ་སོགས་རྣམ་པ་བརྒྱད། །སིང་ང་ལ་སོགས་འཕྲ་མེན་རྫས། །ཡན་ལག་བཞི་པོ་སྒོ་མའི་རྫས། །ཞིང་གི་བླ་རེ་རྒྱུ་ཞགས་སྐུད། །རྐང་གི་གླིང་བུ་མཆོག་གི་ཕུར། །པྲ༷་ཅེའི་འཕྲེང་བ་ལ་སོགས་པ། །དཀྱིལ་འཁོར་རྫས་སུ་དགོད་པར་བྱའོ། །མཁའ་འགྲོ་མ་ཡི་དམ་རྫས་ནི། །ཕུང་པོ་ཡན་ལག་བཅས་པ་སྟེ། །ཡུམ་ཆེན་ཉིད་ལ་བསྔོ་བར་བྱ། །འབྱུང་བ་ཆེན་པོ་ལྔ་རྣམས་ནི། །ནམ་མཁའ་དབྱིངས་དང་ལྔ་ཡི་རྫས། །རྣམ་ཤེས་ཚོགས་བརྒྱད་ལ་སོགས་པ། །ཡེ་ཤེས་རྗེ་མོ་བཅུ་ཡི་རྫས། །རྩ་རྒྱུས་སྲོག་རྩ་དོན་སྣོད་དང་། །ཡན་ལག་རྣམ་པ་བཞི་ལ་སོགས། །ཆགས་བྱེད་ཆ་སྙོམས་མན་ཆད་ནས། ལས་ཀྱི་སྲིང་བཞི་ཡན་ཆད་རྫས། །སྒལ་ཚིགས་ཉི་ཤུ་རྩ་བརྒྱད་ནི། །དབང་མོ་ཉི་ཤུ་བརྒྱད་ཀྱི་རྫས། །མགོ་བོ་མངོན་རྫོགས་ཡབ་ཀྱི་རྫས། །དེ་ལྟའི་དགོངས་པས་བཀྲོ་བར་བྱ། །རོ་བསྲེགས་ཐལ་བར་བཀྲོ་བ་ནི། །གསང་བ་ནང་གི་གཟུང་བཞིན་དུ། །གནས་མཆོག་དག་དང་སྦྲེལ་བྱས་ལ། །རྒྱས་པར་བྱ་སྟེ་ཚ་ཚ་གདབ། །སྐུ་གདུང་མཆོད་རྟེན་ལ་སོགས་པ། །སྤྱི་ཡི་གཞུད་དུ་བསྡུ་བར་བྱ། ཁེ་ཁ་གཅོད་དམ་ཕུར་ཁ་ཟློག །རྣམ་པ་འདི་གཉིས་བཀྲོ་ལུགས་ནི། །བམ་སྐོངས་རྒྱས་པར་བསྐང་བྱས་ལ། །མ་མོའི་རྫས་བཞིན་བཀྲོ་བར་བྱ། དེ་ལྟར་གང་ལ་དགོངས་པར་རུང་། ཁྲེན་ཏུ་དབེན་པའི་གནས་དག་ཏུ། །སྐྱེ་བོ་རྣམས་ལ་རབ་གསང་སྟེ། །ཁྲུས་དང་གཙང་སྦྲ་རབ་བསྐྱེད་ལ། །གཅན་གྱིས་ཟོས་པ་ལྟར་མིན་ཅིང་། །ལེགས་པར་བཤད་ལ་སོ་སོར་དབྱེ། །བྱ་དང་ཁྱི་ཡིས་ཟླས་སུ་མིན། །སྐྱེ་བོའི་ཡ་ཁར་གཏང་མིན་ཅིང་། །རྣལ་འབྱོར་ཕལ་ལའང་གསང་ལ་སྤྱད། །འཇིགས་བྱེད་ཆེན་པོའི་རྒྱུད་ལས། གསོན་པོ་བརྟག་པ་དང་བམ་བཀྲོ་བའི་ལེའུ་སྟེ་དང་པའོ།། །།ད་ནི་བན་དྷའི་མཚན་ཉིད་བསྟན། །རིགས་དང་དུམ་བུ་མདོག་དང་། །དབྱིབས་དང་། རྩ་དང་རི་མོ་རུས་བ་རྣམས། །ངན་པ་ཟློག་པའི་ཐབས་དང་ནི། །བཟང་པོ་བཅང་བའི་ཐབས་རྣམས་དང་། །བཅངས་པས་དངོས་གྲུབ་གང་འགྲུབ་རྣམས། །འདིར་ནི་རྒྱས་པར་རབ་ཏུ་དབྱེ། །བདེ་གཤེགས་དངནི་མི་ཡི་རིགས། །བདེ་གཤེགས་རིགས་ནི་རྣམ་པ་ལྔ། །དེ་བཞིན་གཤེགས་རིགས་ཞལ་བུ་ནི། །ཡིད་ཙམ་ཟླུམ་ལ་དུམ་བུ་གཅིག །དུང་མོག་ལྟ་བུར་གྱུར་པ་ལ། །ནང་གི་རི་མོ་གཙུག་སྲུབས་སུ། །ཡ་ཡོ་མེད་ཅིང་དྲང་བར་ཆུད། །རྩ་དང་རི་མོ་གཙུག་ཏུ་འཁྱིལ། །རྫས་ལ་འཁོར་ལོ་རྩིབས་བརྒྱད་གསལ། །ཡིག་འབྲུ་བྲེ་མམ་ཨོ་དུ་གསལ། །ཡང་ན་་ཧ་ཀ་རྩེ་གསུམ་གསལ། །རི་མོ་ཐམས་ཅད་འཇམ་ལ་ཉུང་། །ངན་པའི་མཚན་མ་གང་ཡང་མེད། །ཁ་སྤུབ་ཡི་ཕྱི་དབྱིབས་བལྟས་ན། །འཚོགས་མ་ཤིན་ཏུ་འབུར་བ་ལ། །བྷ་གའི་ཟུར་དང་འདྲ་བར་གསལ། །གང་ནས་བལྟས་དང་ལེགས་པ་དེས། །ཁྲོ་བོའི་སྐུ་ཡི་རིགས་རྣམས་འགྲུབ། །ལྕངས་ལོ་ཅན་དུ་འདུག་འགྱུར་ན། །ཡང་དག་དོན་ལྡན་དཔལ་ལྡན་ལྕང་ལོ་ཅན། །ཞེས་བྱ་ཆོས་དབྱིངས་ཡེ་ཤེས་ཉིད། །གཟུགས་ཕུང་གཏི་མུག་རྣམ་སྦྱོང་བ། །དེ་བཞིན་གཤེགས་པའི་རིགས་ཀྱི་སྣོད། །དཔལ་ཆེན་ཡབ་ཡུམ་མངའ་ཞལ་དུ། །བསྒྲུབ་པ་པོ་ཡིས་ཤེས་པར་བྱ། །རྡོ་རྗེ་རིགས་ཀྱི་ཞལ་བུ་ནི། །ཅུང་ཟད་ཟུར་གསུམ་དུམ་བུ་གཉིས། །མདོག་ནི་ཅུང་ཟད་དམར་ལ་གདང་། །ནང་གི་རི་མོ་འཇམ་ལ་ཉུང་། །གཙུག་ཏུ་རྣམ་འཐེན་འཁྱིལ་པའི་རྩ། །བུ་ག་ཟང་ཐལ་དག་ཏུ་འབྱུང་། །རྫས་ལ་རྡོ་རྗེའི་རྣམ་པར་གསལ། །ཡིག་འབྲུ་འ་ཛ་གསལ་བར་བརྗོད། །ཡང་ན་བ་ར་ཛ་གསུམ་གསལ། །ངན་པར་གསལ་བ་གང་ཡང་མེད། ཁ་སྤུབ་ཕྱི་ཡི་དབྱིབས་བལྟས་ན། །ལྟག་པའི་བདུད་བསྒོའི་རུས་པ་འབུར། །དཔྲལ་བའང་འབུར་བ་ལྟ་བུར་སྣང་། །གང་ནས་བལྟས་དང་ལེགས་པ་དེས། །རྡོ་རྗེའི་རིགས་རྣམས་མྱུར་དུ་འགྲུབ། །ལྕང་ལོ་ཅན་དུ་འདུག་འགྱུར་ན། །གཉིས་མེད་དོན་ཐོབ་དཔལ་ལྡན་ལྕང་ལོ་ཅན། །ཞེས་བྱ་མེ་ལོང་ཡེ་ཤེས་ཉིད། །རྣམ་ཤེས་ཞེ་སྡང་རབ་སྦྱོང་བ། །མི་བསྐྱོད་རྡོ་རྗེའི་རིགས་ཀྱི་སྣོད། །དཀར་མོ་མི་གཅིག་མངའ་ཞལ་དུ། །བསྒྲུབ་པ་པོ་ཡིས་ཤེས་པར་བྱ། །རིན་ཆེན་རིགས་ཀྱི་ཞལ་བུ་ནི། །ཡིད་ཙམ་ལྗོང་ལ་དུམ་བུ་གསུམ། །མདོག་ནི་གསེར་ལྟར་སྣང་བ་སྟེ། །ནང་གི་རི་མོ་མང་ལ་འཇམ། །ལྗང་ལོའི་ལྗོན་ཤིང་ལྟ་བུར་སྣང་། །འཇམ་རིང་བའི་དཀྱིལ་དག་ན། །རྫས་ལ་བུམ་པའམ་རིན་ཆེན་ལྟར། །ཡི་འབྲུ་ཡ་ནི་གསལ་བར་ཡོད། །ཡང་ན་ཁམ་དང་བམ་ཐ་གསལ། །ངན་པའི་མཚན་མ་གང་ཡང་མེད། ཁ་སྤུབ་ཕྱི་ནས་དབྱིབས་བལྟས་ན། །འཚོགས་མའི་རུས་པ་དཀྱུས་རིང་ལ། །ལྟག་མིག་ཟླུམ་པ་ལྟ་བུར་སྣང་། །གང་ནས་བལྟས་དང་མཛེས་པ་དེས། །རིན་ཆེན་རིགས་ཀྱི་ལས་རྣམས་འགྲུབ། །ལྕང་ལོ་ཅན་དུ་འདུག་གྱུར་ན། །འདོད་ཡོན་སྒྲུབ་བྱེད་དཔལ་ལྡན་ལྕང་ལོ་ཅན། །ཞེས་བྱ་མཉམ་ཉིད་ཡེ་ཤེས་ཉིད། །ཚོར་བ་སེར་སྣ་རྣམ་སྦྱོང་བ། །རིན་ཆེན་འབྱུང་ལྡན་རིགས་ཀྱི་སྣོད། །ནག་པོ་མཆེ་གཙིགས་མངའ་ཞལ་དུ། །སྒྲུབ་པ་པོ་ཡིས་ཤེས་པར་བྱ། །པདྨ་རིགས་ཀྱི་ཞལ་བུ་ནི།།ཡིད་ཙམ་ཟླ་གམ་དག་ཏུ་གནས། །དུམ་བཞི་མདོག་ནི་ལྕོག་སྒོང་བཞིན། །ནང་གི་རི་མོ་འཇམ་ལ་ཐུང་། །རི་མོའི་དབྱིབས་ན་པདྨའི་དབྱིབས། །གཞན་པས་རི་མོ་ཉུངས་བར་སྣང་། །རྫས་ལ་པདྨ་འདབ་བརྒྱད་གསལ། །ཡིག་འབྲུ་ཨའམ་ཧི་རུ་གསལ། །ཡང་ན་ཨ་མ་ང་གསུམ་གསལ། །ངན་པར་གསལ་བ་གང་ཡང་མེད། །ཁ་སྤུབ་ཕྱི་ནས་དབྱིབས་བལྟས་ན། །རྣ་གཡས་ཡིད་ཙམ་འབུར་ལྟར་སྣང་། །གང་ནས་བལྟས་དང་ལེགས་པ་དེས། །པདྨ་རིགས་ཀྱི་ལས་རྣམས་འགྲུབ། །ལྕང་ལོ་ཅན་དུ་འདུག་གྱུར་ན། །ཡིད་འགྱུར་ས་མཁྲེགས་དཔལ་ལྡན་ལྕང་ལོ་ཅན། །ཞེས་བྱ་སོ་སོར་རྟོགས་པ་ཉིད། །འདུ་ཤེས་འདོད་ཆགས་རྣམ་སྦྱོང་ལ། །འོད་དཔག་མེད་ཀྱི་རིགས་ཀྱི་སྣོད། །དམར་མོ་དབང་སྡུད་མངའ་ཞལ་དུ། །རྣལ་འབྱོར་པ་ཡིས་ཤེས་པར་བྱ། །ལས་ཀྱི་རིགས་ཀྱི་ཞལ་བུ་ནི། །ཡིད་ཙམ་གྲུ་བཞིར་སྣང་བ་སྟེ། །མདོག་སྣུམ་དུམ་བུ་ལྔ་པ་ལ། །རི་མོ་ཐམས་ཅད་བགས་ཀྱིས་ཉུང་། །རྫས་ལ་རྡོ་རྗེ་རྒྱ་གྲམ་གསལ། །ཡིག་འབྲུ་ཧ་ཁ༷་གསལ་བ་ཡོད། །ཡང་ན་ཡ་ག་ལ་གསུམ་གསལ། །ངན་པར་གསལ་བ་གང་ཡང་མེད། ཁ་སྤུབ་ཕྱི་ཡི་དབྱིབས་བལྟས་ན། །ལྟག་རུས་འབུར་པོ་གཉིས་སུ་སྣང་། །གཉའ་ཆུ་རུས་འབུར་གསུམ་གསུམ་ཡོད། །གང་ནས་བལྷས་དང་ལེགས་པ་དེས། །ལས་ཀྱི་རིགས་རྣམས་མྱུར་དུ་འགྲུབ། །ལྕང་ལོ་ཅན་དུ་འདུག་གྱུར་ན། །བཀྲ་ཤིས་སྣོད་ལྡན་དཔལ་ལྡན་ལྕང་ལོ་ཅན། །ཞེས་བྱ་བྱ་གྲུབ་ཡེ་ཤེས་ཉིད། །འདུ་བྱེད་ཕྲག་དོག་རྣམ་སྦྱོང་བ། །དོན་ཡོད་གྲུབ་པའི་རིགས་ཀྱི་སྣོད། །སེར་མོ་ལས་མཁན་མངའ་ཞལ་དུ། །བསྒྲུབ་པ་པོ་ཡིས་ཤེས་པར་བྱ། །འཇིགས་བྱེད་ཆེན་པོའི་རྒྱུད་ལས། བན་དྷ་རྒྱལ་བ་ལྔར་རྣམ་པར་དག་པའི་རིགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ད་ནི་མི་རིགས་ཀྱི་མཚན་ཉིད་ཅན་དུ་བཤད་པར་བྱ་སྟེ། །ཟམ་ཟེ་རྒྱལ་རིགས་རྗེ་རིགས་དང་། །དམངས་རིགས་བུད་མེད་གདོལ་བའི་རིགས། །མི་རིགས་དྲུག་གི་ཐོད་པ་དང་། །ཐོད་པ་དུམ་བུ་རབ་དབྱེ་བས། །དེ་དང་དེ་ལ་རིགས་སུ་གཞག །མི་རིགས་དེ་དང་དེ་དག་གིས། ཁྲེས་པའི་ཐོད་པ་མཚན་ཅན་བཅང་། །བྲམ་ཟེ་ལ་སོགས་རིགས་བཞི་པོ། །གསན་ལ་བཟང་བའི་ལྟས་ཚང་ན། །དེ་ཡང་དེ་ཡི་ཐོད་པ་བཅས། །བུད་མེད་ཐོད་པ་དམ་པས་སྤངས། །གདོལ་བའི་རིགས་ནི་རྣམ་པ་བདུན། །མགོ་དང་གློག་ཁ་དགྲའི་རིགས། །རྟ་དང་ཀློང་དང་རབས་ཆད་དག །མཛེ་ཅན་རྣེལ་དྲི་མོ་རྣམས་ནི། །བཅང་བར་ངན་ཏེ་མནན་སོགས་བཟང་། །ཐོད་པའི་རིགས་སུ་གཞག་པ་ནི། །དུམ་བུ་གཅིག་པ་བྲམ་ཟེའི་རིགས། །བཅངས་ན་ཆོས་ཀྱི་སྐལ་ལྡན་འགྱུར། །དད་དང་སྙིང་རྗེ་ཆེན་པོ་འབྱུང་། །སྔ་མའི་ཚེ་ལ་ཆོས་མཁས་ཤིང་། །ཕྱི་མ་ལ་ཡང་ཆོས་ཤེས་འགྱུར། །འདིར་ཡང་རྟོག་མེད་ཁུ་འཕྲིག་ཆོད། །དུམ་བུ་གཉིས་པ་རྒྱལ་རིགས་ཏེ། །ཞལ་བུ་དེ་ཉིད་བཅངས་གྱུར་ན། །སྔ་མའི་ཚེ་ལའང་རྒྱལ་པོ་བྱས། །ཕྱི་མའང་རྒྱལ་རིགས་དག་ཏུ་སྐྱེ། །འདིར་ཡང་འཁོར་དང་བསོད་ནམས་ལྡན། །དམ་པ་ཆོས་ལ་མངའ་བསྙེས་འགྱུར། །དུམ་བུ་གསུམ་པ་རྗེ་རིགས་ཏེ། །དེ་ཉིད་འཆང་བའི་རྣལ་འབྱོར་དེ། །སྔར་ཡང་རྗེའུའི་ལུས་བླང་ཤིང་། །ཕྱི་མར་ཡང་ནི་རྗེ་རིགས་ཐོབ། །འདིར་ཡང་འཕྲིན་ལས་བཞི་ལ་མཁས། །ཆོས་ཀྱི་སྨྲ་བ་རབ་ཏུ་ཤིས། །དུམ་བུ་བཞི་བ་དམངས་རིགས་དང་། །དེ་ཉིད་འཆང་བའི་རྣལ་འབྱོར་པ། །སྔ་མའང་དམངས་རིགས་ཆོས་ཀྱི་སྣོད། །ཕྱི་མའང་ཆོས་ཀྱི་སྐལ་དང་ལྡན། །འདིར་ཡང་འཕྲིན་ལས་མ་ལུས་མཁས། །དུམ་བུ་ལྔ་བ་རིགས་མ་ངེས། །རིགས་བཞི་གང་གིས་བཅངས་དང་ཤིས། །འདི་དང་ཕྱི་མའི་དོ་ཡང་འགྲུབ། །རྒྱལ་བ་ལྔ་ཡི་དོན་ཚང་བས། །འཕྲིན་ལས་མཐའ་དག་འགྲུབ་པར་འགྱུར། །དེ་རྣམས་བསྟེན་པའི་དུང་ཆེན་ཡིན། །མི་རིགས་གང་གིས་གང་བཅངས་པ། །བྲམ་ཟེ་རིགས་ཀྱི་སྒྲུབ་པཔོས། །དུང་གི་མདོག་ཅན་སྣུམ་ཅན་དང་། །ཐལ་བའི་མདོག་ཅན་བོངས་ཆེ་བ། །དབྱིབས་ནི་པདྨའི་གཟུགས་འདྲ་ལ། །རྩའི་ཐིག་ལེ་པད་འདས་མཚན། །སྲུབས་ནི་རྡོ་རྗེ་ལྟ་བུ་ལ། །ཚངས་པའི་བུ་ག་ཡོད་པའོ། །སེར་སྐྱེའི་མདོག་ལ་ཅུང་ཟད་ཟླུམ། །རུས་མཚན་ཐིག་ལེ་ཟླུམ་པ་ལ། །འདི་གསུམ་བཅངས་ན་དངོས་གྲུབ་འགྲུབ། །དང་པོས་དངོས་གྲུབ་ཐམས་ཅད་འགྲུབ། །གཉིས་པ་སྒྲུབ་པའི་དུས་སུ་ཤིས། །གསུམ་པ་ལས་སྦྱོར་དག་ལ་བསྔགས། །རྒྱལ་པོ་རིགས་ཀྱི་རྣལ་འབྱོར་པས། །དུམ་བུ་ལྔ་པ་ཁ་དོག་དམར། །ཟླུམ་ཞིང་ཤིན་ཏུ་སྣུམས་པ་ལ། །ཕྱི་འམ་ནང་ན་པདྨ་ཡོད། །གཡུལ་ལས་རྒྱལ་བྱེད་སྣོད་ཡིན་པས། །ཕ་རོལ་དཔུང་འཇོམས་དོན་དུ་བཅང་། །རྗེའུ་རིགས་ཀྱི་རྣལ་འབྱོར་པས། །ཅུང་ཟད་མདོག་སེར་ཟླུམ་པ་ལ། །ནང་ན་རྡོ་རྗེ་མཚན་མ་གསལ། །ཚངས་པའི་བུ་ག་ཟང་ཐལ་ཅན། །ཟློག་བྱེད་ཆེན་པོའི་སྣོད་ཡིན་ཏེ། །བྱད་ཁ་བཟློག་ཕྱིར་འདི་ཉིད་བཅང་། །དམངས་རིགས་ཀྱི་ནི་རྣལ་འབྱོར་པས། །མུ་ཏིག་མདོག་འདྲ་རབ་ཏུ་མཁྲེགས། །ལྟག་གམ་དཔྲལ་བ་བྷ་གའི་ཟུར། ་་ཡི་དྲི་མ་མནམ་པ་ནི། །དྲག་པོ་སྒྲུབ་པའི་སྣོད་ཡིན་པས། །གསད་དང་བསྐྲད་པ་ལ་སོགས་པ། ཁེས་པར་འདོད་པ་འདི་ཉིད་བཅང་། །རྣལ་འབྱོར་གང་ཡང་རུང་བ་ཡིས ཐལ་བའི་མདོག་ཅན་བོངས་ཆེ་བ། །ཐིག་ལེ་དམར་པོ་ཟླུམ་པོ་ཅན། །ཁྲག་གི་དྲི་དག་མནམ་པ་ནི། །ལས་ཀུན་གྲུབ་བྱེད་སྣོད་ཡིན་པས། །ཀུན་གྱིས་གང་གྲུབ་ལས་ལ་བཅད། །འཇིགས་བྱེད་ཆེན་པོའི་རྒྱུད་ལས། ཐོད་པ་མི་རིགས་ཀྱིས་རབ་ཏུ་དབྱེ་བའི་ལེའུ་སྟེ་གསུམ་པའོ།། །།ད་ནི་དུམ་བུའི་གྲངས་བུར་གནག་ནད་མང་། །ཧ༷་སྐྱ་བཀྲིན་ལ་དུང་མདོག་གདོན། །མི་ཤིས་དུ་མའི་མདོག་ཡིན་པས། །རིག་པས་བརྟགས་ཏེ་སྤང་བར་བྱ། །ཀུན་ལ་བཟང་བའི་སྤྱི་མདོག་ནི། །དངུལ་དཀར་ལུགས་སུ་བླུག་པ་བཞིན། །དཀར་ལ་འཚེར་བ་རབ་ཏུ་ཤིས། །དབྱིབས་ནི་ཀུན་ནས་ཟླུམ་པ་དང་། །ཅུང་ཟད་ཟུར་གསུམ་ལྟ་བུ་ལ། །རང་མཐོ་འཚོགས་མ་མཐོ་བ་དང་། །ཟླ་གམ་དང་ནི་ཟུར་བཞི་སྟེ། །རྒྱས་པར་གོང་བཞིན་ཤེས་པར་བྱ། །སྤྱི་དབྱིབས་སྒོ་ང་ཕྱེད་བཀས་འདྲ། །རང་རང་དབྱིབས་དང་མི་ལྡན་དང་། །འདི་ཉིད་ཀུན་ལ་ཤིས་པ་ཡིན། །སྤང་བར་བྱ་བའི་དབྱིབས་རྣམས་ནི། །རང་རང་དབྱིབས་ལ་བརྟགས་བྱས་ཏེ། །ཡོན་པོར་འདུག་ཅིང་ཞོམ་པ་དང་། །ཕྱོ་རོལ་འབར་འབུར་མང་པོ་དང་། །ནང་ན་ཐག་ཐུག་མང་པོ་དང་། །འཁྲོ་བ་དང་འདྲ་རྟ་མིག་འདྲ། །བོང་མིག་ལྟ་བུར་རུབ་ལ་སོགས། །བྲམ་ཟེ་ལ་སོགས་རིགས་བཙུན་ཡང་། །བཅང་བར་མི་བྱ་སྤང་བར་བྱ། །དེ་ལྟར་དབྱིབས་དང་མདོག་གཉིས་ཀྱང་། །མི་ཡི་རིགས་སུ་སྦྱར་བར་བྱ། །འཇིགས་བྱེད་ཆེན་པོའི་རྒྱུད་ལས། དབྱིབས་དང་ཁ་དོག་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་སྤྱིར་ཁྱབ་པ་རྩའི་མཚན་ཉིད་བསྟན་ཏེ། ལུས་དེའི་རྣམ་པར་ཤེས་པ་ཉིད། །མཐོ་རིས་ཐོབ་བམ་ངན་སོང་སྐྱེ། །རིགས་རྒྱུད་འཕེལ་ལམ་རབས་ཆད་དམ། །ཤི་ཁ་ཆོད་དམ་མི་ཆོད་དམ། །ཕུར་ཁ་ཟློགས་སམ་མི་ཟློགས་དང་། །བུས་པ་འཚོ་དང་འཆི་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །འགྲུབ་དང་མི་འགྲུབ་ལ་སོགས་ལྟས། །དབྱེར་མེད་རྩ་དང་རི་མོ་དག །རྩག་རོ་དང་ནི་སྲིན་རྗེས་སོ། །རྩ་ནི་དཔག་བསམ་ཤིང་བཞི་དང་། །བྱ་རོག་རྗེས་དང་སྡོང་གཅིག་གོ །རི་མོ་སྐྲུ་འདྲས་ཀུན་ཏུ་ཁྱབ། །དབྱེ་ན་གཙུག་འཁྱིལ་སྐྲ་ཤད་འཛིངས། །རྫས་དང་ཡིག་འབྲུའི་གཟུགས་ལྟ་བུས། །མ་འདྲེས་སོ་སོར་སྣང་བའོ། །ཞལ་བུ་བྲེགས་པའི་སྣ་ལྟག་ནས། །དཔག་བསམ་ཤིང་བཞི་ཡལ་གར་བཅས། །དེ་ལ་བཟང་ངན་བརྟག་པ་ནི། །ཡལ་ག་ལྗོན་ཤིང་ལྟ་བུར་ཡང་། །རྩ་ཡི་ཡལ་ག་དྲང་འགྱུར་ཞིང་། །སྤྱི་བོའི་གཙུག་ཏུ་ཟངས་ཀྱིས་རྟོགས། །རྣམ་འཐེན་ཚངས་པའི་བུ་ག་སྲ །མདན་པ་གཉིས་ཀྱི་རྩ་མགོ་བཞི། །མ་ཆགས་གསལ་བར་ཆུད་པ་བཟང་། །རྫས་དང་ཡིག་འབྲུ་གསལ་བར་ཡོད། །རི་མོ་རྩེ་ཡང་ཚངས་བུ་ཆུད། །དེ་ལྟ་བུ་ཡི་དུང་ཆེན་ནི། །དེ་ཡི་གསོན་པོ་འགབ་བཟང་ཞིང་། ཁེ་བ་དེ་ཡང་བདེ་གནས་འགྲོ། །འཆང་བར་བྱེད་པའི་སྒྲུབ་པ་ཡང་།།འདི་དང་ཕྱི་མའི་དོན་གཉིས་འགྲུབ། །ངན་འགྲོར་སྐྱེ་བའི་མཚན་ལྟས་ནི། །དཔག་བསམ་ཤིང་གི་ཡལ་ག་རྣམས། །རྩེ་མོ་ཐུར་ལ་ཟུག་པ་དང་། །རི་མོའང་ཟབ་ལ་འཛིངས་པོར་སྣང་། །རི་མོ་གང་ཡང་འཕྲེད་ཉལ་འདྲ། །རི་མོའི་རྩེ་ཡང་ཐུར་དུ་ཕྱོགས། །རྫས་དང་ཡིག་འབྲུ་གསལ་བར་མེད། །རྩག་རོ་སྲིན་ཁུང་སྡོང་གཅིག་རྩ། །བྱ་རོག་རྗེས་དང་རྣམ་པ་བཞི། །ཆེ་བ་སྲན་མ་ཤོང་བ་ཙམ། །ཆུང་བ་ཉུངས་ཀར་ཤོང་བ་ཙམ། །ཁབ་རྩེས་བཙོགས་འདྲ་རྟོལ་ལ་ཁད། །དེ་ལྟ་བུ་ཡི་ཀ་བཱ་ལ། ཁེ་བ་དེ་ཡང་ངན་འགྲོར་སྐྱེ། །གསོན་པོ་རྣམས་ཀྱང་བཀྲ་མི་ཤིས། །བཅངས་སམ་འབྲེལ་བའི་རྣལ་འབྱོར་པ། །ལོ་ག་འདིར་ཡང་ཚེ་ཐུང་ཞིང་། །དབུལ་ཞིང་རིགས་རྒྱུད་འཆད་པར་ངེས། །ཕྱི་མར་འབྲས་བུ་མི་བཟོད་པ། །ཉམས་སུ་མྱོང་བར་དཔའ་བོས་བཤད། ཁེ་ཁ་ཆོད་དང་ཕུར་ཁ་ཟློགས། །འདི་ཡི་ཁྱད་པར་མཚན་ལྟས་ནི། །གོང་དུ་བཤད་པའི་སྟེང་ཉིད་དུ། །དཔྲལ་བའི་དཀྱིལ་ན་ལྟག་ཁུང་བར། །མོ་ཁབ་ཙམ་གྱི་རུས་པ་ཅིག །སྦོམ་ཕྲ་མེད་པར་བྱུང་ན་བཟང་། །རྩ་དང་རི་མོ་འཇམ་ལ་གསལ། །དྲང་ལ་བར་མ་ཆད་ན་བཟང་། །འབད་དེ་ཟློ་བ་བྱ་མི་དགོས། །དགེ་བ་ནར་མས་ཐུབ་པར་ངེས། །རྣ་ལྟག་རྩ་ཡི་ཡལ་ག་རྣམས། །གྲངས་ནི་དུ་བྱུང་སྤུན་གྲངས་བཙི། །བཟང་རྩ་འཕན་ན་མི་ཡང་འཕན། །བཟང་རྩ་ཉུང་ན་མི་ཡང་ཉུང་། །རྩ་ཡི་གྲངས་དང་མི་ཡི་གྲངས། །རྩ་ཡི་རྐེད་པ་ཡན་ཆད་དུ། །ཡལ་ག་དུ་གྱེས་བུ་ཚའི་གྲངས། །ཡལ་ག་ཆད་པ་ལྟར་བྱུང་ན། །བུ་ཚ་སྐྱེས་དང་འཆི་བར་བཤད། །ཡལ་ག་ཆུང་ལ་མ་ཆད་ལ། །དྲང་པོར་ཟང་ངེ་འདུག་འགྱུར་ན། །བུ་ཚ་འཚོ་བར་ངེས་པ་ཡིན། །མདན་པ་གཡས་སུ་བུ་ཡི་རྩ། །གཡོན་པ་བུ་མོར་ཤེས་པར་བྱ། །དུམ་བུ་གཅིག་ན་ལྔ་ཡི་བར། །རང་རང་མདོག་དང་དབྱིབས་ལྡན་ཅིང་ བཟང་པོའི་རྩ་དང་རི་མོ་ཚང་། །ངན་པའི་མཚན་མ་མིང་ཡང་མེད། །རྫས་དང་ཡིག་འབྲུ་ཡུལ་ན་གནས། །ཚུལ་བཞིན་བསྟེན་པའི་རྣལ་འབྱོར་པས། །འདི་ནི་ཐུན་མོང་དངོས་གྲུབ་འགྲུབ། །ཕྱི་མར་མཆོག་གི་དངོས་གྲུབ་ཐོབ། །བྱ་རོག་རྗེ་ཤེས་བྱ་བ་ན། །ཁ་བྲག་གསུམ་དུ་འདུག་པའམ། །ཡང་ན་ཁ་བྲག་གཉིས་སུ་འདུག །དེ་ཡང་གང་བྱུང་ས་རུ་ངན། །སྡོང་གཅིག་ཅེས་པའི་རྩ་དག་ནི། །ཟབ་ལ་ཐུང་ལ་སེར་ཁ་འདྲ། །རིང་ལ་སོར་གཉིས་ཐུང་ལ་ཕྱེད། །གཏིང་རིང་ཐག་ཐུག་ཅན་དུ་འབྱུང་། །ཕལ་ཆེར་འབྱུང་བ་ཉུང་བར་བཤད། །བྱུང་ན་གང་བྱུང་ས་རུ་ངན། །གཙར་ཡང་རྩ་བ་འཚད་པའི་རྩ། །རྩག་རོ་དག་གི་མཚན་ཉིད་ནི། །འཇི་ཁུང་ལྟ་བུར་གནས་པ་ཡིན། །ཏི་ཏི་བྱ་ཡི་ཁུང་བུ་འདྲ། །ཆེ་བ་སྲན་མ་ཤོང་བ་ཙམ། །ཆུང་ག་ཉུང་འབྲུ་ཤོང་བ་ཙམ། །གྲངས་ཀྱང་བདུན་འབྲེལ་ཚུན་ཆད་འབྱུང་། །གར་བྱུང་ཤིན་ཏུ་ངན་པར་གསུངས་། །སྲིན་རྗེས་བྱ་བའི་རི་མོ་ནི། །ཐུང་བ་ནས་གང་ཙམ་པ་ནས། །རིང་བ་སོར་གཅིག་སོར་ཕྱེད་ཙམ། །གཏིང་ཟབ་ཀྱག་ཀྱོག་རོལ་བ་འདྲ། །དེ་ཡང་གར་བྱུང་ཤིན་ཏུ་ངན། །དེ་ལྟར་ངན་པའི་མཚན་མ་བཞིན། །རིག་པས་དཔྱད་དེ་དོར་བར་བྱ། །སྤྱིར་ནི་རྩ་དང་རི་མོ་རྣམས། །སྤུ་ཡིས་བྲིས་འདྲ་བསམ་མི་ཁྱབ། །རྫས་ནི་བཀྲ་ཤིས་བརྒྱད་ལ་གཟུང་། །ཡིག་འབྲུ་དབྱངས་དང་གསལ་བྱེད་ལ། ཁྲེས་པ་གཟིགས་ལ་རབ་ཏུ་སྤྱད། །བསམ་གྱིས་གདབ། །འཇལ་བྱེད་ཚད་དང་ཐུར་ལའོ། །རྒྱས་པར་རབ་ཏུ་དབྱེ་བ་ལས། །དཔྲལ་བ་གཡས་དང་གཡོན་ངོས་སུ། །ཡོན་བདག་ས་དང་ཡོན་གནས་བརྟག །ལྟག་པ་གཡས་དང་གཡོན་ངོས་སུ། །དགྲ་དང་དེ་ཡི་ཡོན་གནས་བརྟག །མདན་པ་གཡས་གཡོན་དུར་ས་སྟེ། །དཀྱིལ་ནི་ནོར་གྱི་ས་རུ་བརྟག །ལྟག་རུས་དཔུང་རུས་དཔྲལ་ཟུར་དུ། །གཞུང་ཐིག་གཅིག་ནི་གདབ་པར་བྱའོ། །མཆོག་སྲུབས་སུམ་ཆར་ཐིག་གཅིག་གདབ། །ལྟག་སྲུབས་སུམ་ཆར་ཐིག་གཅིག་གདབ། །སྲུབས་ཡོད་པ་ལ་སྲུབས་ཉིད་ཡིན། །གཞུད་ཐིག་གཡས་གཡོན་ཚོན་དེ་མྲ །མ་ནོར་ཐིག་ཐུག་རྣམ་གཉིས་གདབ། །ཚད་དང་རང་གི་གདན་ས་ནི། །དཔྲལ་དབུས་གཡས་གཡོན་ཚོན་ཕྱེད་དེར། །རྣལ་འབྱོར་གཙོ་བོའི་གདན་སར་རྩི། །དེ་ནས་ཚོན་རེར་གཅལ་བ་ནི། །ཕུ་ནུ་མ་སྤུན་མེས་སྤུན་སོགས། །གཡས་སུ་ཡོན་བདག །ཡོན་སློབ་དཔོན། །ཐུར་ལ་སྲན་མའི་གའུ་རེ། །རང་རང་གདན་ས་དག་ནས་གཅལ། །རྒན་པོ་དར་ཡོལ་དར་མ་དང་། །ལྷང་ཤར་བུས་པ་ཆུང་བ་དང་། །ཆུང་མ་བུ་མོ་མག་ཆ་དང་། །དེ་རྣམས་ཀུན་གྱི་ནོར་ས་རྣམས། །རིམ་པ་བཞིན་དུ་བརྩི་བར་བྱ། །སྤྱིར་ནི་ནོར་ས་འདིར་མ་ཡིན། །རུས་ས་ལ་ཡངདེབཞིནཏེ། །པཚན་སྤྱི་རུ་བརྟག་པར་བྱ། །ཕོ་ཡི་དུར་ས་གཡས་སུ་བརྟག །བུད་མེད་གཡོན་དུ་བརྩི་བར་བྱའོ། །ཡང་ན་སྟེང་དང་འོག་ཏུ་བརྩི། །རྟག་པར་དགྲ་སབརྩི་བ་ཡང་། །གཡས་སུ་ཕོ་དང་དང་གཡོན་དུ་མོ། །ཡང་ན་ལ་ཁུ་ཁོ་རང་བརྩི། །གཞལ་ཚད་སྔར་དང་འདྲ་བར་བཤད། །ནོར་ས་བརྩི་བ་ག་འུའི་ཚད། །རང་རང་ཐད་དུ་སྔར་བཞིན་བརྩི། །འཚོགས་སྲབས་མཆོད་ཡོན་འདུ་ས་ཡིན། །སྤྱི་བོར་ནོར་རྫས་འདུ་ས་ཡིན། །ལྟག་ཁུང་དགྲ་བགེགས་འདུ་ས་ཡིན། །ལྟག་ཕྱོགས་བམ་མིག་རྣམ་གཉིས་ནི། །དགྲ་བགེགས་གཉིས་ཀྱི་བམ་མིག་ཡིན། །མདུན་ཕྱོགས་བམ་མིག་རྣམ་པ་གཉིས། །རྣལ་འབྱོར་ཡོན་བདག་བམ་མིག་ཡིན། །ནང་དུ་བྱུང་བའི་བམ་མིག་བཞི། །འདོད་འཇོའི་བ་ཞེས་བརྗོད་པ་ཡིན། །མཆོད་ཡོན་ས་རུ་རུས་མཁར་བཟང་། །འཇམ་ཞིང་སྙོམས་ལ་མཁྲེགས་སོགས་ན། །བཅང་བར་བྱ་བའི་ཞལ་བུ་ཡིན། །སྡོག་གཅིག་རྩ་དེ་བན་དེའི་སར། །བྱུང་ན་ནུས་པ་ཆུང་ལ་རྩུབ། །ནུས་པ་རང་གི་གདན་སར་བྱུང་། །ཅིས་ཀྱང་མི་ཟློགས་ངེས་པར་འཆི། །ཡོན་བདག་ས་རུ་བྱུང་བ་ན། །དེ་ཡང་རབས་ཆད་ཡིན་ན་ཐུབ། །དེ་མ་ཡིན་ན་ནུས་པ་ཆུང་། །སྔར་དང་འདྲ་བར་རབ་ཏུ་བརྟག །རྩ་དེ་སྔར་གྱི་སར་བྱུང་ཡང་། །དུར་སར་ཡང་ནི་དེ་བྱུང་ན། །དེ་ལ་བུ་ཡོད་དེ་ལ་རྩུབ། །བུ་མེད་ཕ་ཚན་བྱིན་པོ་ཡི། །བུས་པ་ལྟང་ཤར་གསུམ་ལ་རྩུབ། །དུར་སའི་གཡས་སུ་རྩ་དེ་བྱུང་། །ཕ་ཚན་བྱིན་གྱིས་རྒན་རིམས་ལ། །བུ་ཚ་ཡོད་ཀྱང་གཅིག་རབས་འཆད། །རོ་དེ་རབས་ཆད་ཡིན་གྱུར་ན། །དེ་ཉིད་རང་གིས་ཐམས་ཅད་ཐུབ། །བན་དྷིའི་ས་དང་དུར་སར་ཡང་། །ཡོན་བདག་དག་ལས་དཔག་པར་བྱ། །བརྩུག་རོ་སྲིན་ཁུང་བྱ་རོག་རྗེས། རྒན་པོའི་སར་བྱུང་རྒན་ལ་ངན། །གཞོན་པ་མན་ཆད་དེ་བཞིན་སྦྱར། །ནོར་སར་དེ་རྣམས་བྱུང་བ་ནི། །དབུས་སུ་བྱུང་ན་ཀུན་ཏུ་ངན། །མཐའ་མ་གང་ལ་ཉེ་བ་བརྟག །བཙག་རོ་སྲིན་ཁུང་ཆེ་ཆུང་དང་། །མང་དང་ཞུང་བའི་བྱེ་བྲག་གིས། །གོད་ཁ་ཆེ་ཆུང་དག་ཏུ་སྦྱར། །བཙག་རོ་དང་ནི་སྲིན་ཁུང་གཉིས། །དུར་སའི་གཡས་སུ་བྱུང་བ་ན། །སྔར་ཡང་རྐྱེན་བྱུང་ད་ཡང་འབྱུང་། །གཡོན་དུ་བྱུང་ན་ངེས་པ་མེད། །བྱ་རོག་རྗེས་ནི་གར་བྱུང་ཡང་། །འཐབ་རྩོད་འཁོན་དང་རྐྱེན་རྣམས་འབྱུང་། །གང་ལ་བྱུང་བར་ས་གཅོད་སྤྱོད། །དགྲ་སར་སྡོང་གཅིག་བྱ་རོག་རྗེས། །རྩག་རོ་སྲིན་ཁུང་འདོམ་བའང་འབྱུང་། །དགྲ་དེ་ངེས་བར་བདུན་རྒྱུད་འཆད། །ཀུན་མ་འཇོམ་ཡང་ཁ་ཡར་འབྱུང་། །འབད་དེ་བསྒྲུབས་ན་དགྲ་བོ་སྒྲོལ། །རྒན་གཞོན་བྱིས་པ་བུད་མེད་ནོར། །ཉེ་རིགས་ལ་ཁུང་ལ་སོགས་བ། །གང་ལ་ཉེ་བར་བྱུང་བ་ནི། །གོང་གི་དཔར་ལ་ཤེས་པར་བྱ། །དེ་ལྟར་ངན་པའི་མཚན་ལྷས་རྣམས། །ས་ཆོད་གང་དང་གང་དུ་བྱུང་། །སྲབས་དང་ཡུལ་ལ་རྒྱ་འབྲེ་བྱེད། །གང་ལ་ཉེ་བ་དེ་དང་སྦྱར། །རྩ་དང་རུས་པ་མདོག་དབྱིབས་རྣམས། །བཟང་སྣང་མང་ངམ་ངན་སྣ་མང་། །མཉམ་དང་གཅིག་ཡོད་གཅིག་མེད་རྣམས། །རིགས་པས་ཀུན་ཏུ་འཁྲུལ་ལ་སྤྱད། །འཇིགས་བྱེད་ཆེན་པོའི་རྒྱུད་ལས། ཡུལ་དང་ས་བཅད་ཐིག་གིས་རྣམ་ཕྱེ་སྟེ། བཟང་ངན་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།ད་ནི་ངན་པའི་བཟློག་ཐབས་བཤད། །རིགས་ངན་ཐོད་པ་མཚན་མ་ངན། །དུམ་བུ་མང་དང་མདོག་ངན་དང་། །རྩ་དང་རུས་པ་ངན་ལ་སོགས། །ངན་པ་དག་གི་མཚན་ལྟས་རྣམས། །མཆོད་ཡོན་ནོར་སར་བྱུང་བ་ཡིས། །ཐོད་པ་དག་དང་ཕྲད་པ་སྟེ། །དེ་ནི་ལྟས་ངན་དག་དང་ཕྲད་པ་སྟེ། །དེ་ལ་བཟློག་ཐབས་རྣམ་པ་གཉིས། །མཁའའགྲོ་བསྐངས་ལ་བཟློག་པ་དང་། །གཟུགས་བརྙན་ཐོད་པས་བཟློག་པའོ། །བན་དྷིའི་ས་རུ་མཚན་ངན་བྱུང་། །ཆ་མེད་རོ་ལངས་ངན་དང་ཕྲད། །དེ་ཡི་བཟློག་ཐབས་འདི་ལྟ་སྟེ། །ཡེ་ཤེས་ལྷ་ནི་བསྒྲུབ་ལ་འབད། །མཁའ་འགྲོ་སྲུང་མ་མཐོ་བ་ནས། །སྨན་མའི་མར་དུ་ཡས་མར་བསྐང་། །ཕོ་རྒྱུད་དྲེགས་པའང་དེ་བཞིན་བསྐང་། །དགོས་ཀྱིས་རང་ལ་འགོ་བ་ཉིད། །དང་ལ་བསྐངས་པ་མས་བསྐང་ཡིན། །ཕྱི་བསྐང་རྒྱལ་བའི་བཀའ་ཡིས་བསྐང་། །ནང་བསྐང་བླ་མ་བརྒྱུད་བའི་ལུང་། །གསང་བསྐང་བསྙེན་བསྒྲུབ་ཡུན་དུ་བསྲིང་། །ཡང་དག་ཁོ་ན་ཉིད་བསྐང་ནི། །ཐམས་ཅད་སྤྲོས་བྲལ་ཉིད་དུ་ལྟ། །བསྐང་རྫས་རབ་ནི་བམ་གྱིས་བསྐང་། །འབྲིང་ནི་ཚོགས་གཏོར་མདོས་ཀྱིས་བསྐང་། །ཐ་མ་ཤ་སྣ་ཁྲག་སྣ་དང་། །སྤུ་ཐོགས་མདངས་དང་འདྲ་གཟུགས་དང་། །ཆུ་རྡོར་གསེར་སྐྱེམས་སོགས་པས་བསྐང་། །ཡོན་བདག་ས་རུ་ངན་བཞི་བྱུང་། །ཡོན་བདག་སློབ་མར་བཅས་པ་རྣམས། །འཚོགས་ཏེ་རྫས་དང་ཡོ་བྱད་རྣམས། །ཡོན་བདག་དེ་ཡིས་བཤམས་ལ་བསྐང་། །ཁྱད་པར་དུ་ཡང་མ་མོ་ཡི། །བསྒྲུབ་པ་ཡུན་བསྲིངས་ཀུན་གྱིས་བྱ། །འཇུག་ཏུ་སྤྱི་མདོས་རྒྱས་བར་བསྐང་། །སུ་ལ་བྱུང་ཡང་ཐོད་ངན་དེ། །འབར་བའི་མེ་ལ་བསྲེག་པར་བྱ། །ཐོད་པའི་གཟུགས་ཀྱིས་བཟློག་པ་ནི། །བག་ཟན་དག་ལ་བན་དེའི་དབྱིབས། །ཆེ་ཆུང་ཚད་དང་མཉམཔ་ལ། །ཁྲག་གིས་ར་རི་ཚང་བར་བྱ། །ཟངས་ཀྱི་ནང་དུ་དེ་བཅུགསྟེ། །གཏོར་མས་ཟངས་དེ་ཁེངས་པར་དགང་། །རོ་དེའི་ཤ་སྣ་ཁྲག་སྣ་དང་། །གཞན་ཡང་ཤ་ཁྲག་འབྱོར་ཚད་དང་། །ཆང་ཕུད་བདུད་རྩིར་བཅས་པ་ཡིས། །གཏོར་མའི་སྟེང་དུ་ཟླུག་བྱ་སྟེ། །ཏམས་ཅད་འཚོགས་ལ་བསྐང་བཟློག་བྱ། །དགྲ་ཕྱོགས་བསྐྱལ་ན་ངེས་བར་ཟློག །དེ་རྣམས་སྤྱི་ཡི་བསྐང་བའོ། །རང་རང་གདན་སར་ངན་བྱུང་ན། །རང་རང་གནས་སུ་འབད་ལ་བསྐང་། །བསྐངས་བས་མི་གཡེལ་བྱིན་ཆགས་འགྱུར། །བསྐང་བའི་རིམ་པ་དེ་རྣམས་ཀྱང་། །མཚན་མ་ཆེ་ཆུང་དག་དང་སྦྱར། །འཇིགས་བྱེད་ཆེན་པོའི་རྒྱུད་ལས། ངན་པ་བཟློག་པའི་ཐབས་དང་བསྐངས་པ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཟང་པོ་བཅང་ཐབས་དང་། །དེ་ཡི་འབྲས་བུ་ང་ཡིས་བཤད། །གསོན་པོའི་དུས་ན་ལྟས་བཟང་ཞིང་། །དེ་ཡི་ཐོད་པ་མཚན་དང་ལྡན། །རིགས་དང་མདོག་རྩ་བཟང་བ་དང་། །དབྱིབས་དང་རུས་པ་བཟང་ལྟས་ཚང་། །ཡིད་བཞིན་ནོར་བུའི་དུང་ཆེན་དེ། །བསྒྲུབ་པ་པོ་ཡིས་འདི་ལྟར་བཅང་། །ཤིན་ཏུ་དབེན་བའི་བསྒྲུབ་ཁང་དུ། །བཟང་པོ་ལྔ་དང་བདུད་རྩི་ལྔ། །ཕྱི་ནང་ཀུན་ཏུ་ཁྱབ་པར་བྱུག །འབྲུ་ལྔ་བཅུད་ལྔ་རིན་ཆེན་ལྔས། །མཚན་ལྡན་དུང་ཆེན་བཀང་ནས་ཀྱང་། །རིན་ཆེན་མཛེས་པའི་སྣོད་ནང་དུ། །དར་དང་ཟ་འོག་མེན་དྲིས་གྲིལ། །སྒྲུབ་པའི་ཐད་དུ་དལ་སྟེངས་གཞག །མདུན་དུ་པྱུ་ཙ་ལྔ་ལསོགས། །བདུད་རྩི་རག་ཏ་བྷ་ལི་ཏ། །ཅི་འབྱོར་མཆོད་པའི་རྫས་སུ་བཤམ། །དང་པོ་ནང་གི་སྤང་ཀོང་གདོན། །དེ་ནས་རྣལ་འབྱོར་རྩེ་གཅིག་བསྒོམ། །རྟེན་འབྲེལ་མེ་ཏོག་དོར་བྱས་ལ། །མཆོད་པ་རྣམས་ཀྱིས་རིམ་པས་མཆོད། །བཀྲ་ཤིས་དག་གིས་ཤིས་པར་བྱ། །མེ་ཏོག་དོར་ལ་དངོས་གྲུབ་བླང་། །ཐུན་བཞི་ཐུན་གསུམ་དག་ཏུའོ། །ཡང་ན་ཞག་གཅིག་དུས་དྲུག་མཆོད། །གཏོར་ཚོགས་རྒྱ་ཆེན་མཁའ་འགྲོ་མཆོད། །མཆོད་མཐར་ཅི་འདོད་དངོས་གྲུབ་བླང་། །དམ་ཚིག་དག་ལ་གནས་པར་བྱ། །དེ་ལྟར་མཆོད་པའི་ཕན་ཡོན་ནི། །འཇིག་རྟེན་འདིར་ཡང་ཚེ་རིང་ཞིང་། །ནད་མེད་བདེ་ཞིང་རིགས་རྒྱུད་འཕེལ། །དཔལ་དང་འབྱོར་བ་ཕུན་ཚོགས་འཆར། །དགྲ་དང་བགེགས་དང་ཆོམ་རྐུན་དང་། །རིགས་དང་བྱད་སྟེམས་ཆད་པ་སོགས། །གང་གིས་ཀྱང་ནི་མི་ཚུགས་ཤིང་། །བསྲུང་བ་རྣམས་ཀྱི་མཆོག་ཏུ་འགྱུར། །ཞི་དང་རྒྱས་དང་དབང་དང་གསད། །དགུག་དང་བསྐྲད་དང་དབྱེ་བའང་འགྲུབ། །འཇིག་རྟེན་གསུམ་ཡང་མཐོང་བ་དང་། །མདོ་སྔགས་གཉིས་ཀྱིས་བསྡུས་པ་ཡིས། །ཆོས་རྣམས་ཀུན་ཀྱག་རྒྱུད་ལ་འཆར། །འཇིག་རྟེན་འཇིག་རྟེན་འདས་བའི་སྔགས། །གང་བཟླས་ཅི་བཟླས་སྐད་ཅིག་ལ། །ནུས་པ་མཐུ་དང་ལྡན་པར་འགྲུབ། །རལ་གྲི་མིག་སྨན་རི་ལུ་དང་། །བཅུད་དང་བུམ་དང་གནོད་སྤྱིན་མོ། །མི་སྣང་ས་ཡི་གཏེར་རྣམས་ཀྱང་། །འདི་ལ་བརྟེན་ནས་དེ་མྱུར་འགྱུར། །འཇིག་རྟེན་ཕ་རོལ་དངོས་གྲུབ་ནི། །རྒྱུད་ཀྱི་བག་ཆགས་ངན་བསལ་ནས། །ས་ལམ་རིམ་པར་མྱུར་བགྲོད་དེ། །རྡོ་རྗེ་རྒྱལ་པོའི་ས་ནོན་ནས། །འབྲས་བུ་མཐའ་ཐུག་དེ་ཉིད་ཐོབ། །གལ་ཏེ་བསྒྲུབ་པོ་བདག་ཉིད་དང་། །དམ་ཚིགས་ཉམས་པའི་བྱེ་བྲག་གིས། །མཐར་ཐུགས་ས་མ་ནོན་ན་ཡང་། །ཆོས་སྨྲ་བ་ཡི་སྐྱེས་བུ་སྐྱེ། །རྡོ་རྗེ་རྒྱལ་ཐེབ་ས་ནོན་ནས། །ཐ་མའང་བྲམ་ཟེ་རྒྱལ་རིགས་སམ། །རྗེ་རིགས་ལ་སོགས་བཙུན་པར་སྐྱེ། །དེ་ལྟར་བུ་ཡི་ཞལ་བུ་ནི། །དབང་མ་ཐོབ་དང་དམ་ཚིག་ཉམས། །སོ་སོ་སྐྱེ་བོའམ་ཉན་ཐོས་སོགས། །དེ་རྣམས་ཀུན་ལ་བསྟན་མི་བྱ། །དབང་མ་འདྲེས་ན་སྔགས་པ་ལའང་། །བསྟན་པརམི་བྱ་གསང་ལ་བཅང་། །འཇིགས་བྱེད་ཆེན་པོའི་རྒྱུད་ལས། དུང་ཆེན་མཚན་ལྡན་བཅང་ཐབས་དང་། བཅངས་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་སྤྱན་ཆེན་མོ་ལ་སོགས་ཐུགས་ཀྱི་དགེས་སྡེ་མ་བཞི་དང་། གཞན་ཡང་མཁའ་འགྲོམ་བདེ་བ་སྦྱིན་མ་དང་། དགའ་བྱེད་མ་ལ་སོགས་པ་མ་མོའི་ཚོགས་ཐམས་ཅད། འཇིགས་བྱེད་ཆེན་པོའི་གསུང་ལ་རབ་ཏུ་དགའ་བར་གྱུར་ཏེ། རངས་པར་གྱུར་ཏོ། །ཐོད་པ་བརྟག་པ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །། རྒྱ་གར་སྐད་དུ། ཡ་མ་ར་ཛ་ལ་ཏ་ཡ་ཀྭ་ཡ་ན་མ་མ་ཏན་ཏྲ། བོད་སྐད་དུ། གཤིན་རྗེ་ཟློག་བྱེད་འཆར་ཀ་ནག་