Ngb-pt-0590-vol-06-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

སྣང་བ་བཀོད་པའི་ཞིང་ཁམས་ན། །མ་བཀོད་རིགས་པའི་རང་སྣང་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་ལོ་ནི་སུམ་བརྒྱ་ཉེར་ལྔ་ན། །པྱ༷ར་གྱི་མེ་ཏོག་པད་གླིང་ལ། །འཇམ་དཔལ་དཔལ་བཟངས་རྫུས་ཏེ་འཁྲུངས། །རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་བཞི། ཁྱད་པར་ཡང་ཏིག་སྲོག་ཏིག་རྣམས། །ཨུ་རྒྱན་པདྨ་ཉིད་ལ་གཏད། །དུར་ཁྲོད་འཇག་མའི་གླིང་གོང་དུ། །ཕུང་པོ་ལྷག་མེད་རང་ཡལ་ལོ། །པདྨས་གདུང་བའི་སྨྲེ་སྔགས་རྡུངས། །འོད་ཀྱིས་ནང་ནས་འདི་སྐད་ཤར། །ཀྱེ་མ་ཀྱེ་མ་རིགས་ལྡན་ཉོན། །གསང་སྔགས་ཨ་ཏི་འདི་ལྟར་སྤྱོད། །ཞལ་ཆེམས་བཞག་ཐབས་བཞི་ལ་ཉོན། །ལུས་འདི་བཞུགས་སྟངས་གསུམ་ལ་གཞག །ངག་བསླབ་གནས་དང་ལ་ཟླའོ། །ཡིད་ནི་གཟེག་བྲལ་ངང་བཞག་གདུང་བའོ། །ནང་དབྱིངས་རྒྱང་ཞགས་ལམ་ལ་བཞག །ཕྱི་དབྱིངས་ལུ་གུ་རྒྱུད་ལ་བཞག །གཉིས་པོ་དྲིལ་ལ་ཐིག་ལེར་བཞག །ཐིག་ལེ་དམིགས་གཏད་བྲལ་བར་བཞག །གཉིས་པའོ། །སྐྱེས་གནས་བར་དོར་ཅིག་ཆོད་བཞག །ཆོས་ཉིད་བར་དོར་རང་སྣང་བཞག །སྲིད་པ་བར་དོར་རང་ལོག་གཞག །གཞག་ཐབས་བཞི་པ་རྫོགས་སོ།། །།གསང་སྔགས་གསང་བའི་ཡང་གནད་རྣམས། །བཞག་ཚིགས་འདི་ལས་མ་འདུས་མེད། །ཉམས་སུ་ལོང་ཞིག་ཕྱི་རབས་རྣམས། །ལྔ་ལྡན་བུ་ལ་འདི་གཏོད་ཅིག །པྱ་མྱ་ཡ། རྒྱ་རྒྱ་རྒྱ། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ།། །།