Ngb-pt-0550-vol-06-text
Front
Body
རྒྱ་གར་སྐད་དུ། ཨུརུ་བོ་ཏྲ་ལོ་ཀ་ཏྲ་ཏ་ཏན་ཏྲ་ནཱ་མ། བོད་སྐད་དུ། འཕགས་པ་མི་གཡོ་བ་འཁོར་བ་དང་གྲོལ་གྱི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་རྟོགས་པ་རང་བྱུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་ཀུན་ཏུ་བཟང་པོ་དང་། འཕགས་པ་མི་གཡོ་བ་དང་། དུར་ཁྲོད་བདག་པོ་གདོང་རིངས་མ་དང་། བདུད་མོ་ཀུན་དགའ་བརྒྱ་བྱིན་དང་། མཁའ་འགྲོ་མ་གློག་གི་འཕྲེང་བ་དང་། སྤྱན་རས་གཟིགས་དང་། འཇམ་དཔལ་དང་། ཕྱག་ན་རྡོ་རྗེ་དང་། དགའ་རབ་རྡོ་རྗེ་དང་། ས་ལ་གནས་པའི་རིགས་འཛིན་ཀུན། །བཅོམ་ལྡན་ཀུན་ཏུ་བཟང་པོའི་སྤྱན་སྔར་འཁོར། །བསྐོར་བ་ཕྱག་བྱས་རིག་པའི་མེ་ཏོག་ཕུལ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །རང་བྱུང་རང་ཤར་ཆོས་ཞུ་འཚལ། །ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཁའ་འགྲོ་གློག་གི་འཕྲེང་བ་རྣམས། །ལེགས་པར་ཟུང་ཞིག་མཁའ་འགྲོ་མ། །གཞི་སྣང་ཆེན་པོ་ལྷུན་གྲུབ་ལ། །འོད་ལྔ་རང་ཤར་རང་གྲོལ་དང་། །འགྲོ་དྲུག་རང་ཤར་རང་གྲོལ་དང་། །སྐུ་ལྔ་རང་ཤར་རང་གྲོལ་དང་། །ཡུམ་ལྔ་རང་ཤར་རང་གྲོལ་དང་། །ཡེ་ཤེས་རང་ཤར་རང་གྲོལ་དང། །ཆོས་སྐུ་རང་ཤར་རང་གྲོལ་དང་། །སྤྱན་གསུམ་རང་ཤར་རང་གྲོལ་དང་། །ཐིག་ལེར་རང་ཤར་རང་གྲོལ་དང་། །ཁམས་གསུམ་རང་ཤར་རང་གྲོལ་ལོ། །ཞེས་གསུངས་སོ། །འཁོར་བ་རང་གྲོལ་གྱི་རྒྱུད་ལས། གླེང་གཞི་ཞུས་ལན་གྱི་ལེའུ་སྟེ་དང་པོའོ།། །།དེ་ནས་ཀུན་ཏུ་བཟང་པོ་ཡིས། །གཞི་ཉིད་རང་ཤར་བསྟན་པ་ནི། །ངོ་བོ་ཀུན་གསལ་རང་བཞིན་སྟོང་། །ཐུགས་རྗེ་མི་འགག་མི་འགྱུར་དང་། །འཕྲིན་ལས་ཅིར་ཡང་ཐོགས་པ་མེད། །གཞི་ལྔ་རང་ཤར་ངོ་བོ་གཅིག །གཅིག་པོ་ཀུན་ཤར་ཀུན་གཞི་ཡིན། །ཇི་ལྟར་སྣང་བ་གཞི་ལས་ཤར། །རང་ཤར་གཞི་ཡི་དོན་ལ་མཁས། །མཁས་པ་ཆེན་པོ་གསལ་བ་ཆེ ངོ་བོ་རང་ཤར་ཆད་པ་སྟོན། །རང་བཞིན་སྟོང་པས་རྟག་པ་སྟོན། །ཐུགས་རྗེ་མི་འགག་རང་བྱུང་བས། །རོལ་པ་ཅིར་ཡང་འཆར་བར་སྟོན། །ཡོན་ཏན་མི་འགྱུར་ཟད་མེད་སྟོན། །འཕྲིན་ལས་ཐོགས་མེད་རང་ཤར་སྟོན། །སྟོན་པ་ཀུན་གཞིའི་ཕྱི་མོ་ཡིན། །རང་ཤར་གནད་ཤེས་གཞི་ཡི་གདེང་། །ཞེས་གསུངས་སོ། །འཁོར་བ་རང་གྲོལ་གྱི་རྒྱུད་ལས། གཞི་རང་ཤར་རང་གྲོལ་གྱི་ལེའུ་སྟེ་གཉིས་པའོ།། །།ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཉོན་ཅིག་མཁའ་འགྲོ་གློག་འཕྲེང་མ། །ལྷུན་གྲུབ་རང་ཤར་འོད་དུ་ཤར། །ངོ་བོ་དཀར་པོའི་གདངས་སུ་ཤར། །རང་བཞིན་མཐིང་ཁའི་གདངས་སུ་ཤར། །ཐུགས་རྗེ་དམར་པོའི་གདངས་སུ་ཤར། །ཡོན་ཏན་སེར་པོའི་གདངས་སུ་ཤར། །འཕྲིན་ལས་ལྗང་ཁུའི་གདངས་སུ་ཤར། །གཞི་ཉིད་འོད་ལྔའི་ངོ་བོར་ཤར། །གཞི་ཤར་ཤེས་པས་འོད་ལས་གྲོལ། །འོད་ཀྱི་ཞབྲུལ་པ་རང་ཤར་བས། །རང་ཤར་རང་གྲོལ་ངོ་མཚར་ཆེ། །ཞེས་གསུངས་སོ། །འཁོར་བ་རང་གྲོལ་གྱི་རྒྱུད་ལས། འོད་ལྔ་རང་ཤར་གྲོལ་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས། །ཉོན་ཅིག་མཁའ་འགྲོ་གློག་འཕྲེང་མ། །གཞི་མོའི་དོན་ལ་མཁས་པ་ནི། །ཀུན་གྱི་ཐུན་མོང་མ་ཡིན་ནོ། །དུག་ལྔ་རང་ཤར་བསྟན་པ་ནི། །ངོ་བོ་ཞེ་སྡང་རང་ཤར་ཡིན། །རང་བཞིན་གཏི་མུག་རང་ཤར་ཡིན། །ཐུགས་རྗེ་འདོད་ཆགས་རང་ཤར་ཡིན། །ཡོན་ཏན་ང་རྒྱལ་རང་ཤར་ཡིན། །འཕྲིན་ལས་ཁོང་ཁྲོ་ཕྲག་དོག་རང་ཤར་ཡིན། །རང་ཤར་གཞི་ཤེས་ངོ་མཚར་ཆེ། །རང་གྲོལ་དུག་ལྔ་གནས་སུ་དག །གནས་སུ་དག་པས་རང་སར་གྲོལ། །གཞི་ལས་རང་ཤར་བསྒྱུར་བས་མིན། །སྤྱི་གཞི་མཁས་ན་མཁས་པ་ཡིན། །ཚིག་ལ་མཁས་པ་ནེ་ཙོ་འདྲ། །ཞེས་གསུངས་སོ། །འཁོར་བ་རང་གྲོལ་གྱི་རྒྱུད་ལས། །དུག་ལྔ་རང་ཤར་རང་གྲོལ་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་ཀུན་བཟང་གིས། །མཁའ་འགྲོ་གློག་གི་འཕྲེང་བ་ལ། །འགྲོ་དྲུག་རང་ཤར་རང་གྲོལ་བསྟན་པ་ནི། །ངོ་བོ་རང་ཤར་ཞེ་སྡང་དམྱལ་བ། །རང་བཞིན་རང་ཤར་གཏི་མུག་བྱོལ་སོང་། །ཐུགས་རྗེ་རང་ཤར་འདོད་ཆགས་ཡི་དྭགས། །ཡོན་ཏན་རང་ཤར་ང་རྒྱལ་མི། །འཕྲིན་ལས་རང་ཤར་ཁོང་ཁྲོ་ལྷ་མ་ཡིན། །འཕྲིན་ལས་རང་ཤར་ཕྲག་དོག་དེ་བའོ། །གཞི་ཉིད་རང་ཤར་འབྱུང་ལྔ་འོད། །གོ་རིམ་རང་ཤར་ཤེས་གཞིའི་རྩལ། །དུག་ལྔ་སྒོ་ལ་གཞི་ཉིད་རང་ཤར་ཡིན། །ངོ་བོ་རྣ་བར་རང་བཞིན་མིག །ཐུགས་རྗེ་ལྕེ་ལ་ཡོན་ཏན་སྣ། །འཕྲིན་ལས་འོག་སྒོ་གཉིས་སུ་ཤར། །གཞི་ཉིད་རང་ཤར་བྱེད་པ་བྱས་པ་མེད། །གཞི་མེད་རང་ཤར་ངོ་མཚར་རྨད་དུ་ཆེ། །ཞེས་གསུངས་སོ། །འཁོར་བ་རང་གྲོལ་གྱི་རྒྱུད་ལས། འགྲོ་དྲུག་རང་ཤར་རང་གྲོལ་གྱི་ལེའུ་སྟེ་ལྔ་པའོ།། །།བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས། །སྐུ་ལྔ་ཡུམ་ལྔ་རང་ཤར་བསྟན་པ་ནི། །ངོ་བོ་ལོངས་སྐུ་རང་ཤར་རོ། །རངབཞིནཆོསསྐུརངཤར་རོ། །ཐུགས་རྗེ་སྤྲུལ་སྐུ་རང་ཤར་རོ། །ཡོན་ཏན་རྡོ་རྗེའི་སྐུར་ཤར་རོ། །འཕྲིན་ལས་མངོན་བྱང་སྐུ་རུ་ཤར། །ངོ་བོ་སངས་རྒྱས་སྤྱན་དུ་ཤར། །རངབཞིན་ནམ་མཁའི་དབྱིངས་བྱུག་མ། །ཐུགས་རྗེ་གོས་དཀར་མ་རུ་ཤར། །ཡོན་ཏན་མྱ་མ་ཀི་རུ་ཤར། །འཕྲིན་ལས་དམཚིག་སྒྲོལ་མར་ཤར། །གཞི་ཉིད་རང་ཤར་ངོ་མཚར་ཆེ། །བསྒྲུབ་མི་དགོས་པརརང་ཤར་ཡིན། །ཉི་མ་འོད་དུ་རང་ཤར་བཞིན། །གཞི་མོ་རྒྱལ་བ་ཡབ་ཡུམ་ཤར། །རང་ཤརགྲོལ་བ་ངོ་མཚརཆེ། །རྩོལ་སྒྲུབ་མ་བྱས་གཞི་ལ་མཁས། །ཡོནཏན་རང་ཤར་བསམ་གཏན་ཐུན་ཚད་ཅིག །ཅེས་གསུངས་སོ། །འཁོར་བ་རང་གྲོལགྱི་རྒྱུད་ལས། རྒྱལ་བཡབ་ཡུམ་རང་ཤར་གྱི་ལེའུ་སྟེ་དྲུག་པའོ།། །།བཅོམལྡན་ཀུནཏུབཟང་པོ་ཡིས། །མཁའ་འགྲོ་གློག་གི་འཕྲེང་བ་ལ། །ཡེ་ཤེས་རང་ཤར་བསྟན་པ་ནི། །ངོ་བོ་གསལ་བ་དངོས་མེད་པ། །མེ་ལོང་ཡེ་ཤེས་རང་ཤར་ཡིན། །རང་བཞིན་སྟོང་པ་ཡུལ་མེད་དེ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཤར། །ཐུགས་རྗེ་སྣ་ཚོགས་གཅོད་པ་དེ། །སོ་སོར་རྟོག་པའི་ཡེ་ཤེས་ཤར། །ཡོན་ཏན་ཀུན་ལ་སྙོམས་པདེ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །འཕྲིན་ལས་ཅིར་ཡང་སྣང་བ་དེ། །བྱ་བ་སྒྲུབ་པའི་ཡེ་ཤེས་ཡིན། །གཞི་ཉིད་དབྱེར་མེད་རང་སྣང་བས། །ངོ་བོ་ཉིད་ཀྱི་ཡེ་ཤེས་ཤར། །ཡེ་ནིགཞི་མོའི་དོནལ་མཁས། ཁེས་པ་གཞི་ཡི་ཡོན་ཏན་ནོ། །གཞི་སྣང་ཆེན་པོ་ཤེས་པ་ནི། །ཡེ་ཤེས་རང་ཤར་རང་སར་གྲོལ། །རངགྲོལ་ཡེ་ཤེས་མ་ཤར་ན། །ལྐོག་གྱུར་ཡེ་ཤེས་ཕྱི་དུས་འདེབས། །ཡེ་ཤེསརང་ཤར་ཤེས་ནས་སྒོམ་པའིནད་དང་བྲལ། །སྣང་འདོད་མ་ཡིན་ཡེ་ནས་རང་ཤར་ལ། །རངཤར་ཡེ་ཤེས་ངོ་མཚར་ཆེ། །ཞེས་གསུངས་སོ། །འཁོར་བ་རང་གི་རྒྱུད་ལས། ཡེ་ཤེས་རང་ཤར་རང་གྲོལ་གྱི་ལེའུ་སྟེ་བདུན་པའོ།། །།བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས། །ཆོས་སྐུ་རང་ཤར་རང་གྲོལ་དགོངས་པ་བསྟན་པ་ནི། །གཞི་མོ་ཡེ་ནས་ཟང་ཐལ་བས། །ཆོས་སྐུ་རང་ཤར་ཟང་ཐལ་ཡིན། །གཞི་མོའི་རྒྱུ་རྐྱེན་མ་བསྐྱེད་པས། །ཆོས་སྐུ་རྟེན་མེད་རང་ཤར་ཡིན། །གཞི་མོ་འདུས་བྱས་མ་ཡིན་པས། །ཆོས་སྐུ་འདུས་མ་བྱས་སུ་ཤར། །གཞི་མོ་ཡེ་ནས་མི་འགག་པས། །ཆོས་སྐུ་ཡོན་ཏན་ཕྱོགས་མེད་ཤར། །གཞི་མོ་རྩོལ་སྒྲུབ་མ་བྱས་པས། །ཆོས་སྐུ་རང་ཤར་རྩོལ་སྒྲུབ་མིན། །གཞི་མོ་ཕྱོགས་མེད་རང་ཤར་རྒྱ་མ་ཆད། །ཆོས་སྐུ་རྒྱ་མཆད་པ་དང་། །ཕྱོགས་མེད་ཆེན་པོར་རང་ཤར་རོ། །གཞི་མོ་གཉིས་སུ་མེད་པས་ན། །གཉིས་མེད་ཆོས་ཀྱི་སྐུ་རུ་ཤར། །གཞི་ལ་དབྱིབས་དང་ཁ་དོག་མེད། །གཉིས་མེད་དབྱིབས་མེད་ཆོས་ཀྱི་སྐུ་རུ་ཤར། །གཞི་ལ་ཡོན་ཏན་ཚངས་པས་ན། །ངོ་བོ་འོད་དུ་བསྟན་པ་ཡིན། །འོད་ལ་ཡོན་ཏན་མ་འགགས་པས། ལོངས་སྐུ་གཟུགས་སྣང་རང་ཤར་རོ། །ཆོས་སྐུ་གཞི་མོ་མ་འགགས་པས། །སྤྲུལ་སྐུ་དངོས་སུ་རང་ཤར་རོ། །གཞི་ཡི་མཚན་མ་རང་གྲོལ་པས། །སྐུ་གསུམ་རང་ཤར་རང་གྲོལ་ཡིན། །ཞེས་གསུངས་སོ། །འཁོར་བ་རང་གྲོལ་གྱི་རྒྱུད་ལས། ཆོས་སྐུ་རྩོལ་སྒྲུབ་མ་བྱས་རང་ཤར་རང་གྲོལ་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས། །མཁའ་འགྲོ་གློག་གི་འཕྲེང་བ་ལ། །ཐིག་ལེ་རང་ཤར་བསྟན་པ་ནི། །གཞི་ཉིད་ཟང་ཐལ་ཐིག་ཏུ་ཤར། །ཐུགས་རྗེ་མི་འགག་ལེ་འུར་ཤར། །རང་བཞིན་སྟོང་པ་ཉག་གཅིག་ཤར། །དེ་ནི་གཞི་ཡི་ཐིག་ལེ་ཡིན། །གཞི་ཡི་ཡོན་ཏན་འོད་དུ་ཤར། །དེ་ནི་ལམ་གྱི་ལེའུར་ཤར། །ངོ་བོ་འོད་གསལ་ཐིག་ཏུ་ཤར། །དེ་ཉིད་ཟང་ཐལ་ཉག་གཅིག་ཤར། །དེ་ནི་དང་པོའི་ཐིག་ལེ་ཡིན། །འགྲོ་བ་རིགས་དྲུག་ལེ་འུར་ཤར། །ངོ་བོ་གཞི་སྣང་ཐིག་ཏུ་ཤར། །དེ་ཉིད་ཟང་ཐལ་ཉག་གཅིག་ཤར། །སྣང་བ་མི་འགག་ལེའུར་ཤར། །རིག་པ་རང་གསལ་ཐིག་ཏུ་ཤར། །དེ་ནི་བར་གྱི་ཐིག་ལེ་རང་ཤར་ཡིན། །རྩ་ལྔ་སྐུད་པ་ལེའུར་ཤར། །འགྱུར་བ་དངོས་མེད་ཐིག་ཏུ་ཤར། ངོ་བོ་སྟོང་པ་ཉག་ཅིག་ཤར། །དེ་ནི་ཐ་མ་རང་ཤར་ཡིན། །རང་ཤར་མི་འགགས་ལེའུར་ཤར། །དེ་ཉིད་རང་གྲོལ་ཐིག་ཏུ་ཤར། །དབྱེར་མེད་རང་སྣང་ཉག་གཅིག་ཤར། །ཞེས་གསུངས་སོ། །འཁོར་བ་རང་གྲོལ་གྱི་རྒྱུད་ལས། ཐིག་ལེ་རང་ཤར་གྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་ཀུན་ཏུ་བཟང་། །མཁའ་འགྲོ་གློག་གི་འཕྲེང་བ་ལ། །སྤྱན་གསུམ་རང་ཤར་བསྟན་པ་ནི། །གཞི་ཉིད་རང་གསལ་ཆེན་པོ་སྟེ། །དེ་ཉིད་ཆོས་ཀྱི་སྤྱན་དུ་ཤར། །གཞི་ཉིད་ཐུགས་རྗེ་མ་འགགས་པས། །ཐབས་དང་ཤེས་རབ་སྤྱན་དུ་ཤར། །གཞི་ཡི་རང་བཞིན་སྟོང་པ་སྟེ། །དེ་ཉིད་ཡེ་ཤེས་སྤྱན་དུ་ཤར། །དེ་ནི་གཞི་ཡི་རང་ཤར་ཡིན། །འོད་ལྔ་ཆོས་ཀྱི་སྤྱན་དུ་ཤར། །འགྱུ་བ་ཤེས་པ་སྤྱན་དུ་ཤར། །ཡིད་གསུམ་ཡེ་ཤེས་སྤྱན་དུ་ཤར། །དེ་ནི་ལམ་གྱི་སྤྱན་གསུམ་ཡིན། །རྣ་བ་ཆོས་ཀྱི་སྤྱན་དུ་ཤར། །སྙིང་ཁ་ཤེས་རབ་སྤྱན་དུ་ཤར། །མིག་ནི་ཡེ་ཤེས་སྤྱན་དུ་ཤར། །དེ་ནི་རྟགས་ཀྱི་སྤྱན་གསུམ་ཡིན། །འགྱུ་བ་ཆོས་ཀྱི་སྦྱན་དུ་ཤར། །ཡིད་ནི་ཤེས་རབ་སྦྱན་དུ་ཤར། །མཛོད་སྐྲུ་ཡེ་ཤེས་སྤྱན་དུ་ཤར། །དེ་ནི་དོན་གྱི་སྤྱན་གསུམ་ཡིན། །རིན་ཆེན་མན་ཤེལ་ཟང་ཐལ་ཏེ། །དེ་ནི་ཡེ་ཤེས་སྦྱན་དུ་ཤར། །ངོ་བོ་གསལ་བ་ཆོས་ཀྱི་སྤྱན། །ཟེར་མི་འགག་པ་ཤེས་རབ་སྤྱན། །དེ་ནི་གཞི་ཡི་སྤྱན་གྱི་དཔེ། །འོད་ནི་ཆོས་ཀྱི་སྤྱན་གྱི་དཔེ། །ཐིག་ལེ་ཤེས་རབ་སྤྱན་དུ་བསྟན། །ཟེར་ནི་ཡེ་ཤེས་སྤྱན་དུ་བསྟན། །དེ་ནི་དོན་གྱི་སྤྱན་གསུམ་ཡིན། །ཞེས་གསུངས་སོ། །འཁོར་བ་རང་གྲོལ་གྱི་རྒྱུད་ལས། སྤྱན་གསུམ་རང་ཤར་གྱི་ལེའུ་སྟེ་བཅུ་པའོ།། །།བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས། །མཁའ་འགྲོ་གློག་གི་འཕྲེང་བ་ལ། །ཁམས་གསུམ་རང་ཤར་བསྟན་པ་ནི། །གཞི་མོ་སྟོང་པ་རང་ཤར་བ། །དེ་ནི་གཟུགས་མེད་ཁམས་སུ་ཤར། །གཞི་མོ་ངོ་བོ་གསལ་བ་དེ། །དེ་ནི་འདོད་ཁམས་རང་ཤར་ཡིན། །གཞི་མོ་ཐུགས་རྗེ་མི་འགག་པ། །དེ་ནི་གཟུགས་ཁམས་རང་ཤར་ཡིན། །འོད་ལྔ་གཟུགས་སུ་རང་ཤར་རོ། །འགྱུ་བ་འདོད་པའི་ཁམས་སུ་ཤར། །ཡིད་ནི་གཟུགས་མེད་ཁམས་སུ་ཤར། །དེ་ནི་ལམ་གྱི་རང་ཤར་རོ། །གཟུགས་ཁམས་གནས་རིས་བསམ་ཡས་པས། །འོད་ཀྱི་ལུས་པ་འགྱུར་བ་ཡིན། །འདོད་ཁམས་གནས་རིས་བསམ་ཡས་པ། །འགྱུ་བ་ལོ་མ་རང་ཤར་ཡིན། །གཟུགས་མེད་སྐྱེ་མཆེད་མུ་མེད་པ། །ཡིད་འགྱུ་རྟེན་མེད་རང་ཤར་ཡིན། །དེ་ནི་འབྲས་བུ་རང་ཤར་ཡིན། །ཞེས་གསུངས་སོ། །འཁོར་བ་རང་གྲོལ་གྱི་རྒྱུད་ལས།ཁམས་གསུམ་རང་གྲོལ་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས། །རྡོ་རྗེ་མཁའ་འགྲོ་གློག་འཕྲེང་ཁྱོད། །རང་ཤར་གཞི་མོ་མ་ཤེས་ན། །ལམ་རྒྱུས་མེད་པའི་མགྲོན་པོ་འདྲ། །གཞི་མོ་རང་གྲོལ་མ་ཤེས་ན། །གྲང་ནད་ཅན་གྱི་ག་བུར་འདྲ། །གཞི་མོའི་སྐྱོན་ཡོན་མ་ཤེས་ན། །ལོང་བ་བྱང་ཐང་ལས་པ་འདྲ། །གཞི་མོའི་རྩ་བ་མཆོད་ན། །རྩ་བ་རུལ་པའི་ལོ་མ་འདྲ། །གཞི་མོའི་དོན་ལ་མཁས་པ་ནི། །ནོར་བུ་རིན་ཆེན་རྙེད་པ་འདྲ། །ཞེས་གསུངས་སོ། །འཁོར་བ་རང་གྲོལ་རྒྱུད་ལས། སྐྱོན་ཡོན་རྣམ་པར་ཕྱེ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།འཕགས་པ་མི་གཡོ་བ་འཁོར་བ་རང་གྲོལ་གྱི་རྒྱུད་ཆེན་པོ་ལས་སྟོན་པ་ཀུན་ཏུ་བཟང་པོ། ཞུ་བ་པོ་མི་གཡོ་བ། ཞུ་བ་མཁའ་འགྲོ་མས་ཞུས་པ། རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།རང་གྲོལ་གྱི་རྒྱུད་རྫོགས་སོ།། །།ལྷོ་སྟག་ཚང་སེང་གེ་