Ngb-pt-0549-vol-06-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། བཛྲ་བཱ་ཁི་ཏྲ་ཐ་ཐི་ལ་དུ་ཏ་ཏན་ཏྲ་ནཱ་མ། བོད་སྐད་དུ། ཕྱག་ན་རྡོ་རྗེ་དྲག་པོ་ལྟ་སྟངས་ཡེ་ཤེས་ཐོག་འབེབས་ཀྱི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །རང་བཞིན་གྱི་ནི་བྱིན་གྱིས་བརླབས། །སྟོན་པ་ཀུན་ཏུ་བཟང་པོའི་སྐུ། །བདེ་གཤེགས་ཀུན་གྱི་ངོ་བོའི་སྐུ། །རང་བཞིན་དག་པའི་ནམ་མཁའ་ལ། །ཕྱོགས་ལྷུང་མེད་པའི་དགོངས་པ་ཤར། །རང་གི་དགོངས་པ་མ་བཅོས་ངང་ བྱ་བཙལ་མེད་པའི་ཀློང་དུ་ཁྱབ། །ཁྱབ་པར་རང་བྱུང་སྤྲུལ་པའི་སྐུ། །རྡོ་རྗེ་སེམས་དཔའ་རང་བྱུང་སྐུ། །བདེ་གཤེགས་ཀུན་གྱི་གཙོ་བོ་སྐུ། །སྐུ་མདོག་དཀར་པོ་གངས་རི་འདྲ། །གཡས་པ་རྡོ་རྗེ་རྩེ་ལྔ་བསྣམས། །ཡེཤེས་ལྔ་དང་ལྡན་པའི་རྟགས། །གཡོན་པ་དྲིལ་བུ་བསྣམས་པ་ནི། །ཐབས་དང་ཤེས་རབ་འབྲེལ་བའི་རྟགས། །སྐུ་སྟོད་དར་དཀར་རྒྱན་གསོལ་བ། །ཡོན་ཏན་ཀུན་དང་ལྡན་པའི་རྟགས། །སྐུ་སྨད་བ་ཏི་ཙི་གུ་ནི། །ཉོན་མོངས་སྐྱོན་གྱིས་མ་གོས་རྟགས། །དེ་ཡི་ངང་ལས་རང་བྱུང་བ། །སྤྲུལ་སྐུ་ཕྱག་ན་རྡོ་རྗེ་ནི། །སྐུ་མདོག་ལྗང་ཁུའི་འོད་ཟེར་ལྔ། །གཡས་པ་རྡོ་རྗེ་རྩེ་དགུ་ནི། །ས་དགུ་རང་སར་ནོན་པའི་རྟགས། །གཡོན་པ་དྲེལ་བུ་བསྣམས་པ་ནི། །གསང་ཡུམ་དབྱིངས་ན་གནས་པའི་རྟགས། །ན་བཟའ་ལྗང་ཁུ་གསོལ་བ་ནི། །འཕྲིན་ལས་འགྲོ་དོན་མཛད་པའི་རྟགས། །ཞལ་མདོག་མཐིང་ཁར་བསྟན་པ་ནི། །ཆོས་སྐུ་འགྱུར་བ་མེད་པའི་རྟགས། །བདེ་གཤེགས་དེ་ཡི་བྱིན་བརླབས་ལས། །མཁའ་འགྲོ་རྣམ་པ་ལྔ་སྤྲུལ་ཏེ། །རྡོ་རྗེ་མཁའ་འགྲོ་སྐུ་མདོག་དཀར། །རྡོ་རྗེ་རང་རྟགས་སྡིགས་མཛུབ་དང་། །ལྕགས་ཀྱུ་ཐོགས་ནས་འགྲོ་བ་འདྲེན། །དབྱིངས་ཀྱི་མཁའ་འགྲོ་སྐུ་མདོག་སེར། །རྡོ་རྗེ་ཞགས་པས་རྣམ་རྟོག་འཆིང་། །དམ་ཚིག་མཁའ་འགྲོ་ལྕགས་སྒྲོག་གིས། །གཟུང་འཛིན་འཆིང་ཞིང་འགྲོ་བ་སྒྲོལ། །ལས་ཀྱི་མཁའ་འགྲོ་སྐུ་མདོག་དམར། །རྡོ་རྗེ་ལྕགས་སྒྲོག་རྣམ་རྟོག་སྡོམ། ཁྲ་ཟའི་མཁའ་འགྲོའི་སྐུ་མདོག་ལྗང་། །རྡོ་རྗེ་དྲིལ་བུ་སྡུག་བསྔལ་འཇོམས། །ཡེ་ཤེས་མཁའ་འགྲོ་སྐུ་མདོག་མཐིང་། །རྡོ་རྗེ་ཐོད་ཁྲག་འཁོར་བ་རྔུབ། །གཙོ་བོ་མཁའ་འགྲོ་རྣམས་ལ་ནི། །ལས་བྱེད་མཁའ་འགྲོ་མང་པོས་བསྐོར། །དམ་ཉམས་ཆད་པ་གཅོད་པར་བྱེད། །ཀུན་ཏུ་བཟང་པོའི་ཆོས་སྐྱོང་མ། །རྡོ་རྗེ་ཛ་ཏི་རལ་པ་ཅན། །གཡས་ན་སྐྲུ་གྲི་གཡོན་ན་བན་དྷའོ། །རྡོ་རྗེ་མཁའ་འགྲོ་མ་ཚོགས་རྣམས། ཁྲ་ཟ་ཁྲག་འཐུང་འཁོར་གྱིས་བསྐོར། །བདེ་གཤེགས་དེ་ཡི་བྱིན་བརླབས་ལས། །མ་གཅིག་མཁའ་འགྲོ་དྲག་མོ་ཡི། །ལྷུམས་ནས་དགའ་རབ་རྡོ་རྗེ་སྤྲུལ། །མཁའ་འགྲོ་མ་རྣམས་རབ་ཏུ་དགྱེས། །མཁའ་འགྲོ་མ་ཡི་ཚོགས་རྣམས་ཀྱིས། །དྲག་པོ་ལྟ་སྟངས་ཐོག་འབེབས་ཞུས། །དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །དྲག་པོ་ཀུན་འདུལ་ཏིང་འཛིན་ལ། །སྙོམས་པར་ཞུགས་ནས་འདི་སྐད་ཞུས། །དྲག་པོ་དྲག་མོ་འདུལ་བ་ཡི། །ཐབས་མཆོག་བླ་མེད་ང་ཡིས་བཤད། །ཅེས་གསུངས་སོ། །ཕྱག་ན་རྡོ་རྗེ་དྲག་པོ་ལྟ་སྟངས་ཡེ་ཤེས་ཐོག་འབེབས་ཀྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་མཁའ་འགྲོ་རྣམས་ཀྱིས་སུ། །དཔའ་བོ་རྡོ་རྗེ་སེམས་དཔའ་ཁྱོད། །བདག་ཅག་མཁའ་འགྲོ་མ་རྣམས་ཀྱིས། །དེ་ཡི་འདུལ་བའི་ཆོས་ཞུ་འཚལ། །ཞེས་ཞུས་པ། ཧེ་ཧེ་རྡོ་རྗེ་མཁའ་འགྲོའི་ཚོགས། །ཡེ་ཤེས་རྒྱལ་པོ་ཐོག་འབེབས་འདི། །མཁའ་འགྲོའི་ཚོགས་ལ་ང་ཡིས་བཤད། །རྩེ་གཅིག་ཉོན་ཅིག་མཁའ་འགྲོ་མ། །ཟ་འོག་གུར་ཁྱིམ་བླ་རེ་ལ། །རི་མོའི་རྣམ་པ་བསམ་ཡས་ཀྱང་། །བསྡུས་པས་ཟ་འོག་གུར་ཁྱིམ་ཡིན། །ཁ་དོག་སྣ་ཚོགས་འཇའ་གསལ་བ། །ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ། །འདུ་འབྲལ་མེད་ན་དགོངས་པ་ཡིན། །འཁོར་བ་རང་བྱུང་འགྲོ་དྲུག་འདི། །ཐིག་ལེ་ཡེ་ཤེས་གཟུགས་སྣང་ཡིན། །དམྱལ་བའི་མེ་ལྕེ་འབར་བ་དང་། །རང་སྣང་ཞབྲུལ་པའི་ངོ་བོ་ནི། །ཆོས་སྐུ་ཐིག་ལེ་རང་སྣང་ཡིན། །རྣམ་པར་སྣང་མཛད་ལ་སོགས་དང་། །སྤྲུལ་སྐུ་ཐུབ་པ་དྲུག་པོ་ནི། །འགྲོ་དྲུག་དྲང་ཕྱིར་ལུང་བསྟན་ཡིན། །རང་བྱུང་རྡོ་རྗེ་སེམས་དཔའ་དེ། །མཁའ་འགྲོ་མ་ཡི་སྙིང་ལ་གནས། །ཆོས་སྐུ་ཀུན་ཏུ་བཟང་པོ་དེ། །རྡོ་རྗེ་མཁའ་འགྲོའི་གཙུག་ན་གནས། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་དེ། །མཁའ་འགྲོ་མ་ཡི་མདུན་ན་གནས། །མཁའ་འགྲོ་རིག་པའི་ཡེ་ཤེས་དེ། །ཆོས་མིན་རྩོལ་སྒྲུབ་བློ་ལས་གྲོལ། །ལྟ་བ་ཐོད་རྒལ་ཉམ་ང་མེད། །སྤྱོད་པ་ཐོད་རྒལ་ཐབས་སྣང་གྲོལ། །སྒོམ་པ་བློ་གྲོལ་ཡེ་ཤེས་ཤར། །འབྲས་བུ་རང་བྱུང་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །ཡེ་ཤེས་ཐོག་འབེབས་ཀྱི་རྒྱུད་ལས། ཡེ་ཤེས་ཐོག་ཏུ་དབབ་གསུང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོ་མས། །ཧེ་ཧེ་སྟོན་པ་རྡོ་རྗེ་སེམས་དཔའི་སྐུ། །བདག་ཅག་མཁའ་འགྲོ་ཚོགས་རྣམས་ལ། །དྲི་མེད་ཡེ་ཤེས་ཐོག་འབེབས་གསུང་དུ་གསོལ། །ཞེས་ཞུསླ་སོ། །སྟོན་པས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ། །སྔོན་ཀླུའི་རྒྱལ་པོ་དགའ་བོ་ཡིས། །དྲང་སྲོང་དྲི་མེད་བལྟར་ཕྱིན་པས། ཁྲེལ་གྱི་སྒོ་ཁང་ནང་དུ་ཚུད། །ནོར་བུ་རིན་ཆེན་དེ་རུ་རྙེད། །ནོར་བུ་དེ་ལ་འོད་བྱུང་བས། །འདོད་པ་སྣ་ཚོགས་དེ་རུ་ཀྲུབ། །བསམ་གཏན་སྒོམ་པ་མ་ཡིན་ཏེ། །དྲི་མེད་ཡེ་ཤེས་ཟང་ཐལ་དེ། །ངོ་ཤེས་པ་ཡིས་དྲི་མེད་ཤ། །རང་བྱུང་ཡེ་ཤེས་དྲི་མེད་རྙེད། །ཡོན་ཏན་ཕྱོགས་མེད་རང་སྣང་བས། །ཆོས་ཀྱི་སྤྲོས་པ་དེ་རུ་ཆོད། །ཅེས་གསུངས་སོ། །ཡེ་ཤེས་ཐོག་འབེབས་ཀྱི་རྒྱུད་ལས། ཡེ་ཤེས་དྲི་མེད་རང་ཆས་སུ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་མཁའ་འགྲོ་རྣམས་ཀྱིས་སུ། །སྟོན་པ་རྡོ་རྗེ་སེམས་དཔའ་ལ། །སྦྱོར་སྒྲོལ་མཆོད་པ་དབུལ་ལགས་ན། །བཞེས་ཏེ་དངོས་གྲུབ་བདག་ལ་སྩོལ། །གཟུགས་ལ་རྣམ་གསུམ་ཞེས་བྱ་བ། །དེ་ཉིད་ཆོས་སྐུར་སྦྱོར་སྒྲོལ་ནས། །གཟུགས་ཀྱི་དབང་མཆོག་དམ་པ་འདིས། །བཅོམ་ལྡན་སྤྱན་ལ་མཆོད་པར་འབུལ། །སྒྲ་ལ་རྣམ་གསུམ་ཤེས་བྱས་ནས། །དེ་ཉིད་ལོངས་སྐུར་སྦྱོར་སྒྲོལ་ནས། །སྒྲ་ཡི་དབང་མཆོག་དམ་པ་འདིས། །བཅོམ་ལྡན་སྙན་ལ་མཆོད་པར་འབུལ། །རོ་ལ་རྣམ་གསུམ་ཤེས་བྱས་ཏེ། །དེ་ཉིད་སྤྲུལ་སྐུར་སྦྱོར་སྒྲོལ་ན། །རོ་ཡི་དབང་མཆོག་དམ་པ་འདིས། །བཅོམ་ལྡན་ལྗགས་ལ་མཆོད་པར་འབུལ། །དྲི་ལ་རྣམ་གསུམ་ཤེས་བྱས་ནས། །ངོ་བོ་ཉིད་ཀྱི་སྐུ་རུ་སྦྱོར་སྒྲོལ་ཏེ། །དྲི་ལ་དབང་བའི་མཆོག་ཡིན་ཏེ། །བཅོམ་ལྡན་ཤངས་ལ་མཆོད་པར་འབུལ། །རེག་ལ་རྣམ་གསུམ་ཤེས་བྱས་ནས། །ངོ་བོ་ཉིད་ཀྱི་སྐུ་རུ་སྦྱོར་སྒྲོལ་ཏེ། །དྲི་ལ་དབང་བའི་མཆོག་ཡིན་ཏེ། །བཅོམ་ལྡན་ཤངས་ལ་མཆོད་པར་འབུལ། །རེག་ལ་རྣམ་གསུམ་ཤེས་བྱས་ཏེ། །མངོན་བྱང་སྐུ་རུ་སྦྱོར་སྒྲོལ་ནས། །རེག་གི་དབང་མཆོག་དམ་པ་ཡིན། །སྐུ་ལ་མཆོད་འབུལ་བཞེས་སུ་གསོལ། །ཡིད་ལ་རྣམ་གསུམ་ཤེས་བྱས་ཏེ། །དེ་ཉིད་ཡེ་ཤེས་སྐུ་རུ་སྦྱོར་ཞིང་སྒྲོལ། །ཡིད་ལ་མཆོད་འབུལ་བཞེས་སུ་གསོལ། །ཞེས་གསུངས་སོ། །ཡེ་ཤེས་ཐོག་འབེབས་ཀྱི་རྒྱུད་ལས། སྦྱོར་སྒྲོལ་མཆོད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོ་རྣམས་ཀྱིས་སུ། །སྟོན་པ་རྡོ་རྗེ་སེམས་དཔའ་དང་། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ། །དཀྱིལ་འཁོར་མཎྜལ་དབུལ་བ་ནི། །འབྱུང་ལྔ་དབུས་ཀྱི་དཀྱིལ་འཁོར་དུ། །རིན་ཆེན་སྣ་བདུན་ཚོམ་བུ་བཀོད། །མཁའ་འགྲོ་རྣམས་ཀྱིས་བྱིན་བརླབས་ན། །རྡོ་རྗེ་སེམས་དཔའ་ཉིད་ལ་དབུལ། །སྐྱེ་མེད་དངོས་གྲུབ་སྩལ་དུ་གསོལ། །རྩ་འདབ་ལྔ་ཡིས་དཀྱིལ་འཁོར་དུ། །ཐིག་ལེ་རླུད་གི་ས་ཚོན་ལ། །རང་བྱུང་ཡེ་ཤེས་ས་ཚོན་བཀོད། །རྡོ་རྗེ་སེམས་དཔའ་ཉིད་ལ་དབུལ། །རང་བྱུང་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསུངས་སོ། །ཡེ་ཤེས་ཐོག་འབེབས་ཀྱི་རྒྱུད་ལས། དཀྱིལ་འཁོར་མཎྜལ་ཕུལ་བའི་ལེའུ་སྟེ་ལྔ་པའོ།། །།རྡོ་རྗེ་མཁའ་འགྲོ་རྣམས་ཀྱིས་སུ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ནི། །སྣང་སྲིད་ཚོགས་པའི་གཞལ་ཡས་ན། །རང་བྱུང་བདུད་རྩི་སྣ་ཚོགས་གསོག །གཉིས་སུ་མེད་པའི་ཆོས་སྐུ་རྫོགས། །གཉིས་མེད་རང་བྱུང་འཁོར་ལོ་འདི། །རྡོ་རྗེ་སེམས་དཔའ་ཉིད་ལ་བསྐོར། །སྐྱེ་བ་མེད་པ་འཁོར་ལོ་འདི། །རྡོ་རྗེ་སེམས་དཔའ་ཉིད་ལ་འབུལ །རང་ལུས་ཚོགས་པའི་གཞལ་ཡས་ན། །རང་རིག་སྐུ་ལྔ་ཡེ་སོགས་ལ། །དབྱེར་མེད་རང་གྲོལ་ཐིག་ལེར་རྫོགས། །རང་རིག་རང་ཤར་འཁོར་ལོ་འདི། །རྡོ་རྗེ་སེམས་དཔའ་ཉིད་ལ་བསྐོར། །རང་བྱུང་དག་པའི་དངོས་གྲུབ་གསོལ། །སི་ར་ཚོགས་པའི་གཞལ་ཡས་ན། །རང་རིག་ཡེ་ཤེས་ལྷ་མཐོང་ཚོགས། །རང་སྣང་དག་པའི་འཁོར་ལོ་འདི། །རྡོ་རྗེ་སེམས་དཔའ་ཆེ་ལ་འབུལ། །རང་སྣང་རང་གྲོལ་དངོས་གྲུབ་སྩོལ། །ཞེས་གསུངས་སོ། །ཡེ་ཤེས་ཐོག་འབེབས་ཀྱི་རྒྱུད་ལས། ཚོགས་ཀྱི་འཁོར་ལོའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་མཁའ་འགྲོ་མ་རྣམས་ཀྱིས། །རང་ལ་རང་བྱིན་གྱིས་བརླབས། །རྡོ་རྗེ་སེམས་དཔའ་སྟོན་པའི་གཙོ། ཁྲ་དང་ཁྲག་དང་རུས་པ་མེད། །ཆུ་ཡི་ཟླ་བ་ལྟ་བུའི་སྐུ། །སྐྱོན་མེད་དྲི་མ་རྣམ་པར་དག །ཉི་མའི་འོད་བས་གསལ་ཞིང་འཚེར། །བྱིན་བརླབས་མཁའ་ལ་ཉི་ཤར་འདྲ། །རྣམ་དག་པདྨའི་སྐུ་ལྟ་བུའི། །འཇའ་ཚོན་དང་བ་ལྟར་མཛེས་པ། །འགྲོ་མགོན་ཁྱོད་ལ་ཕྱག་འཚལ་བསྟོད། །ཧུ༷། མཁའ་འགྲོ་མ་རྣམས་ཚུར་ཉོན་དང་། །ང་ནི་རྡོ་རྗེ་མཁའ་འགྲོ་སྟེ། །སྐྱེ་འཆི་མེད་པའི་བྱིན་གྱིས་བརླབས། །ང་ནི་རིན་ཆེན་མཁའ་འགྲོ་སྟེ། །འགྱུར་བ་མེད་པའི་བྱིན་གྱིས་བརླབས། །ང་ནི་པདྨའི་མཁའ་འགྲོ་སྟེ། །དྲི་མེད་དག་པར་བྱིན་གྱིས་རློབས། །ང་ནི་ལས་ཀྱི་མཁའ་འགྲོ་སྟེ། །རང་གྲོལ་ལྷུབ་ཆུབ་བྱིན་གྱིས་བརླབས། །ང་ནི་དབྱིངས་ཀྱི་མཁའ་འགྲོ་སྟེ། །ཡེ་ཤེས་རང་སྣང་བྱིན་གྱིས་བརླབས། །རང་རིག་རང་བྱུང་བྱིན་རླབས་འདི། །མཁའ་ལ་ཉི་མ་ཤར་བ་འདྲ། །རང་ལས་བྱུང་བའི་བྱིན་རླབས་འདི། །ནམ་མཁའི་དཀྱིལ་ནས་གློག་འགྱུ་འདྲ། །རང་ལས་འབར་བའི་ཡེ་ཤེས་འདི། །ཧ་ལི་འབར་ལ་མེ་བྱུང་འདྲ། །རང་ལ་སྣང་བའི་ཐིག་ལེ་འདི། །མེ་མར་འོད་དང་ཆས་པ་འདྲ། །རང་ལས་ཤར་བའི་ཟང་ཐལ་འདི། །བར་སྣང་འཇའ་ཚོན་དྭངས་པ་འདྲ། །རང་ལས་བྱུང་བའི་འགྱུ་བ་འདི། །བུ་ཆུང་སྐད་དང་ཆས་པ་འདྲ། །རང་ལ་རྫོགས་པའི་སྐུ་ལྔ་འདི། །དཀྱིལ་འཁོར་གསལ་དང་ཆས་པ་འདྲ། །རང་ལས་ཤར་བའི་བྱིན་རླབས་འདི། །མན་ཤེལ་འོད་དང་ཆས་པ་འདྲ། །ཞེས་གསུངས་སོ། །ཡེ་ཤེས་ཐོག་འབེབས་ཀྱི་རྒྱུད་ལས། རང་ལས་བྱིན་གྱིས་བརླབས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་མཁའ་འགྲོ་མ་རྣམས་ཀྱིས། །སྟོན་པ་སྤྱན་སྔར་དགོངས་པ་ཕུལ་བ་ནི། །མཁའ་འགྲོ་མེད་པའི་སྔོན་རོལ་ན། །ལྟ་སྒོམ་སྤྱོད་པའི་མིང་ཡང་མེད། །འབྲས་བུ་རང་གྲོལ་བར་མཚམས་མེད། །མཁའ་འགྲོ་མེད་པའི་སྔོན་རོལ་ན། །འབྱུང་བ་ལྔ་པོ་ཡེ་ནས་མེད། །རང་བྱུང་དབྱིངས་ཀྱི་དགོངས་པ་བསྟན། །རྒྱུན་ཆད་མེད་ན་ལམ་གྱི་མཆོག །བར་ཆད་མེད་ན་འབྲས་བུ་འཕགས། །སྣང་སྲིད་རང་གསལ་གཞི་ལས་གྲོལ། །འཁོར་བ་རང་བྱུང་གནས་ཀྱི་མཆོག །སྣང་བར་འོད་འབར་ལོངས་སྐུའི་གཙོ། །རིག་པ་འོད་གསལ་སྤྲུལ་སྐུའི་གཙོ། །འདུ་འབྲལ་མེད་པས་ཀུན་ཁྱབ་སྐུ། །དབྱེར་མེད་རང་གྲོལ་འོད་གསལ་ཡེ་ཤེས་སྐུ། །འགྱུ་བ་རང་གྲོལ་རྡོ་རྗེའི་སྐུ། ཁྲེས་རབ་དག་པ་རྡོ་རྗེའི་སྐུ། །འདུ་འབྲལ་མེད་པས་ཀུན་ཁྱབ་སྐུ། །ཐེག་དམན་སྐུ་དང་ཡེ་ཤེས་རྣམས། །ཕྱོགས་སུ་ལྷུང་བའི་གོལ་ས་ཡིན། །རྫོགས་ཆེན་རང་གྲོལ་རང་སྣང་སྐུ། །ཡེ་ཤེས་རང་བྱུང་ཁྱད་པར་ཆེ། །སྣང་སྲིད་རྣམ་དག་ངོ་མཚར་ཆེ། །སྣང་བ་འོད་ལས་གྲུབ་པ་ཡི། །མཁའ་འགྲོ་ལྔ་ནི་ངོ་མཚར་ཆེ། །རང་བྱུང་ལུས་ལས་གྲུབ་པ་ཡི། །རྡོ་རྗེ་མཁའ་འགྲོ་ངོ་མཚར་ཆེ། །རིག་པ་སེམས་ལས་གྲུབ་པ་ཡི། །རང་ཤརམཁའ་འགྲོ་ངོ་མཚར་ཆེ། །འགྱུ་བ་འོད་ལས་གྲུབ་པ་ཡི། །རང་རིག་མཁའ་འགྲོ་ངོ་མཚར་ཆེ། །རང་རིག་ཐིག་ལེ་མཁའ་འགྲོ་མ། །སི་ར་ལྔ་ཡི་དབུས་ན་འགྱིང་། །སྣང་བ་དབྱིབས་ཀྱི་གཏོར་མ་ཟ། །བདུད་རྩི་རྣམ་ལྔའི་གཏོར་མ་ཟ། །རང་བྱུང་འདོད་ཡོན་གཏོར་མ་ཟ། །རང་གྲོལ་བདེ་བའི་གཏོར་མ་ཟ། །སྣང་སྲིད་ཐིག་ལེའི་གཏོར་མ་ཟ། །གཏོར་ཟན་མཁའ་འགྲོ་དམ་ལ་གནས། །དམ་ལ་གནས་ཀྱི་དམ་ལ་ཐོགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞེས་གསུངས་སོ། །ཡེ་ཤེས་ཐོག་འབེབས་ཀྱི་རྒྱུད་ལས། དགོངས་པ་བསྟན་ཅིང་གཏོར་མ་རག་ལས་བྱུང་བའི་ལེའུ་སྟེ་བརྒྱད་པའོ།། །།ཨེ་མ་ཧོ་མཁའ་འགྲོ་མ་རྣམས། །གར་གྱི་མཆོད་པ་གསུང་དུ་གསོལ། །ཞེས་སྟོན་པས་སླར་གསུངས་པས། མཁའ་འགྲོ་མ་ཡིས་གར་བྱས་ཏེ། །རྡོ་རྗེ་མཁའ་འགྲོ་གར་གྱི་གླུ། །ཧུ༷་ཧུ༷་ཧུ༷་བཛྲ་ཌའ་ཀི་ཧྭ༷་ཏེ་ཏེ་ཏེ་ན་ཧུ༷་བུ་དྷ་ཧུ༷། རྡོ་རྗེ་རྩེ་ལྔ་སྤྱི་གཙུག་བཞག །དྲིལ་བུ་གསང་བའི་ཁ་རུ་བསྟན། །མཁའ་འགྲོ་མ་ཡི་གར་བྱས་ཏེ། །ཐབས་དང་ཤེས་རབ་བརྡ་རུ་བསྟན། །ཧུ༷་ཧུ༷་ཧུ༷་རཏྣ་ཌའ་ཀི་ཧུ༷་ཏེ་ཏེ་ཏེ་ན་བུ་རྙ་ཧུ༷། རིན་པོ་ཆེ་ནི་སྙིང་ཁར་བཞག །སྙན་པའི་པི་ཝང་རྣ་བར་གཏད། །རིན་ཆེན་སྤྱན་གསུམ་བརྡ་རུ་བསྟན། །ཧུ༷་ཧུ༷་ཧུ༷་པདྨ་ཌའ་ཀི་ཧུ༷་ཏེ་ཏེ་ཏེ་ན་བྲརྙ་ཧུ༷། པདྨ་མདོག་གསལ་གསང་བར་བཞག །སྣ་ཚོགས་ཞལ་སྣོད་ཁ་ལ་གདེངས། །སྐྱོན་མེད་རྣམ་དག་བརྡ་རུ་བསྟན། །ཧུ༷་ཧུ༷་ཧུ༷་ཀརྨ་ཌའ་ཀི་ཧུ༷་ཏེ་ཏེ་ཏེ་ན་ཧུ༷་བུརྙ་ཧུ༷། རྒྱ་གྲམ་རྐང་པའི་མཐིལ་དུ་བཞག །ཆོས་ཀྱི་དུང་ནི་ལྟེ་བར་བསྟན། །རང་བྱུང་རང་གྲོལ་བརྡ་རུ་བསྟན། །ཧུ༷་ཧུ༷་ཧུ༷་བྲརྙ་ཌའ་ཀི་ཧུ༷་ཏེ་ཏེ་ཏེ་ན་ཧུ༷། འཁོར་ལོ་འབར་བ་སྙིང་ཁར་བསྟན། །རྡོ་རྗེ་དྲེལ་བུ་སྙིང་ཁར་བསྟན། །རང་བྱུང་འཁོར་བ་རང་གྲོལ་དང་། །ཀུན་ཀྱང་བསྐྱེད་པ་ལྟེ་བ་ན། །ཕྱག་རྒྱ་གར་རྟགས་འགྲོ་བ་འདུལ། །རང་བྱུང་འབྱུང་པོ་འདུལ་བ་ཡི། །ཐབས་ཀྱི་ཕྱག་རྒྱ་ཅིང་ཡང་བསྟན། །གཟུགས་ཀྱི་སྐུ་ནི་ངེས་མེད་པ། །རང་བྱུང་ཉོན་མོངས་མ་ངེས་བརྡ། །རང་གྲོལ་སྟོན་པའི་ཐབས་ཆེན་ཡིན། །ཞེས་གསུངས་སོ། །ཡེ་ཤེས་ཐོག་འབེབས་ཀྱི་རྒྱུད་ལས། གར་ཐབས་བརྡའི་ལེའུ་སྟེ་དགུ་པའོ།། །།བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མས། །རྡོ་རྗེ་སེམས་དཔའ་སྟོན་པའི་གཙོ། །བདག་གིས་རྟོགས་པ་འདི་བཞེས་ཤིག །དུག་གསུམ་ཡེ་ཤེས་ཐིག་ལེར་སྣང་། །རང་སྣང་བདུད་རྩི་ངོ་མཚར་ཆེ། །སྡུག་བསྔལ་ཐིག་ལེ་བདེ་བར་ཤར། །རང་གྲོལ་རྒྱལ་པོ་ངོ་མཚར་ཆེ། །ཉོན་མོངས་རང་བྱུང་ཡེ་ཤེས་འབར། །ཆོ་འཕྲུལ་སྔོན་འབྱུང་ངོ་མཚར་ཆེ། །ལུས་པོ་ཆོ་འཕྲུལ་ཆོས་སྐུར་སྣང་། །རང་ལས་སྣང་བ་ངོ་མཚར་ཆེ། །ངག་གི་ཆོ་འཕྲུལ་ལོངས་སྐུར་ཤར། །རང་ལས་བྱུང་བ་ངོ་མཚར་ཆེ། །སེམས་ཀྱི་ཆོས་ཞབྲུལ་སྤྲུལ་སྐྲུ་འབར། །རང་ལ་ཤར་བ་ངོ་མཚར་ཆེ། །མ་རྟོགས་ང་་ལ་སྐུ་གསུམ་གསང་། །རངགསང་ཐབས་ཀྱི་ཆོད་པ་ཨེ་མ་ཧོ། །རྟོགས་པས་ཐིག་ལེ་ཆོས་མིན་ལ། །རྩོལ་སྒྲུབ་རང་གྲོལ་ཨེ་མ་ཧོ། །སྤྱོད་པ་ཚད་ལས་འདས་པས་སྣང་སྲིད་ཐིག་ལེར་གྲོལ། །སྒོམ་པ་ཚད་ལས་འདས་པ་ཡེ་ཤེས་རྒྱུན་མི་འཆད། །ལྟ་བ་ཚད་ལས་འདས་པས་དབྱེར་མེད་རང་སྒོར་གསལ། །འབྲས་བུ་ཚད་ལས་འདས་པས་འཕོ་བའི་ཡུལ་མ་རྙེད། །རང་བྱུང་ཚད་ལས་འདས་པས་རྩོལ་བའི་གནད་དང་བྲལ། །མ་རིག་ཚད་ལས་འདས་པས་སྐྱེ་འཆི་དག་ལས་གྲོལ། །རིག་པ་ཚད་ལས་འདས་པས་སངས་རྒྱས་ཡུལ་མེད་ཤར། །ཡེ་ཤེས་ཚད་ལས་འདས་པས་ཐིག་ལེ་ཁོང་ནས་རྡོལ། །ཉམས་མྱོང་ཚད་ལས་འདས་པས་འགྱུ་བ་དཀར་ནག་སངས། །བདེ་བ་ཚད་ལས་འདས་པས་ཚོགས་དྲུག་རང་སར་གྲོལ། །རྟོགས་པ་ཚད་ལས་འདས་པས་ཐིག་ལེ་ཆོས་མིན་ཤར། །ཞེས་གསུངས་སོ། །ཕྱག་ན་རྡོ་རྗེ་དྲག་པོ་ལྟ་སྟངས་ཡེ་ཤེས་ཐོག་འབེབས་ཀྱི་རྒྱུད་ལས། དགོངས་པའི་ལེའུ་སྟེ་བཅུ་པའོ།། །།སྟོན་པ་ཀུན་བཟང་རྡོ་རྗེ་སེམས། །ཕྱག་ན་རྡོ་རྗེའི་བྱིན་བརླབས་ལས། །མཁའ་འགྲོ་མ་ཡི་བརྡར་ཤར་བས། །རྡོ་རྗེ་སེམས་སོགས་རབ་ཏུ་དགེས། །ཞེས་གསུངས་སོ། །ཡེ་ཤེས་ཐོག་འབེབས་ཕྱག་ན་རྡོ་རྗེ་དྲག་པོ་ལྟ་སྟངས་ཀྱི་རྒྱུད་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཕྱག་ན་རྡོ་རྗེ་དྲག་པོ་ལྟ་སྟངས་ཀྱི་རྒྱུད་ཡེ་ཤེས་ཐོག་འབེབས་ཀྱི་རྒྱུད་ཡེ་ཤེས་ཐོག་འབེབས་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨུརུ་བོ་ཏྲ་ལོ་ཀ་ཏྲ་ཏ་ཏན་ཏྲ་ནཱ་མ། བོད་སྐད་དུ། འཕགས་པ་མི་གཡོ་བ་འཁོར་བ་དང་གྲོལ་གྱི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་རྟོགས་པ་རང་བྱུང་གི་རྒྱལ་པོ་ལ་ཕྱག་འཚལ་