Ngb-pt-0533-vol-06-text
Front
Body
རྒྱ་གར་སྐད་དུ། ཏི་ལ་གུ་རྒྱ་ནཱ་མ་ཏནྟྲ་བོ་དྷི་ས་ཏྭ་ཙཀྟ་ཏནྟྲ་ནཱ་མ། བོད་སྐད་དུ། ཐིག་ལེ་གསང་བ་ཡང་གཏེར་ཞེས་བྱ་བའི་རྒྱུད། བྱང་ཆུབ་སེམས་དཔའ་སྤྱན་གྱི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འོག་མིན་ཆོས་ཀྱི་དབྱིངས་བདེ་བ་ཅན་དང་པདྨ་ཅན་གྱི་གནས། མངོན་པར་དགའ་བའི་ཚལ། བྱང་ཆུབ་མཐའ་ཡས་ཀྱི་ཕུག །འཇིགས་སུ་རུང་བ་སྐྱི་བུང་ཞེས་བྱ་བ་ན། དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་སྤྲུལ་ནས། རྡོ་རྗེ་མཁའ་འགྲོ་མ་མེ་ལོང་གདོང་ཞེས་བྱ་བ་དང་། གཙུག་གི་རྒྱན་ཅིག་མ་དང་། ཏི་རྟི་ཀ་དག་། རྡོ་རྗེ་མཁའ་འགྲོ་མ་འོད་ལྡན་དང་། རོ་ཟ་ཐོད་པའི་འཕྲེག་དང་། ཟླ་བའི་འོད་ཟེར་དང་། དྲི་མ་མེད་དང་། དུང་སྐྱོང་མ་དང་། འོད་འབར་མ་དང་། ཀུན་གྱི་འགྲམ་དུ་བྱོན་ནས། ལ་ལ་ནི་སླབ་པ་འཛིན་དུ་བཅུག །ལ་ལ་ནི་སངས་རྒྱས་ཀྱི་ས་ལ་བཀོད། །ལ་ལ་ནི་འགགས་པའི་རྣལ་འབྱོར་ལ་བཀོད།དེའི་ཚེ་དེའི་དུས་ན། གནས་ཀྱང་མཁའ་འགྲོ་གླིང་། དུར་ཁྲོད་འབར་བའི་གཞལ་ཡས་ཁང་དུ། ཉིད་མངོན་པར་སྐུ་སྤྲུལ་ཏེ། ཆོས་ཉིད་བདེན་པས་བཀའ་བསྒོ་བ་མཛད་པས། ཐམས་ཅད་ཆོས་ཉིད་ལ་བཀོད། ལ་ལ་ནི་རྡོ་རྗེ་མཁའ་འགྲོར་སྐུ་ལྟམ། ལ་ལ་ནི་ལས་ཀྱི་མཁའ་འགྲོར་ཞལ་གྱིས་བཞེས། ལ་ལ་ནི་པདྨའི་མཁའ་འགྲོར་ཞལ་གྱིས་བཞེས། ལ་ལ་ནི་ཤ་ཟའི་མཁའ་འགྲོར་ཞལ་གྱིས་བཞེས། ལ་ལ་ནི་དམ་ཚིག་མཁའ་འགྲོར་ཞལ་གྱིས་བཞེས་སོ། །དེ་ནས་སྟོན་པ་རྡོ་རྗེ་སེམས་དཔའ་ཡིས་དབང་རིམ་པར་བསྐུར་རོ། །ཨོ་བུརྙ་ཌའ་ཀི་ནི་བཛྲ་ཨོ་ཨུཿཧུ༷། ཨོ་བཛྲ་ཌའ་ཀི་ནི་ཨོ་ཨུ༷༷་ཧུ༷། ཨོ་རཏྣ་ཌའ་ཀི་ནི་ཨོ་ཨུཿ་ཧུ༷། ཨོ་པདྨ་ཌའ་ཀི་ནི་ཨོ་་་ཧུ༷། ཨོ་ཀརྨ་ཌ་ཀི་ནི་ཨོ་ཨུཿ་ཧུ༷། ཞེས་དབང་བསྐུར་རོ། །ཐམས་ཅད་མཁའ་འགྲོ་མའི་དབང་དམ་པ་དང་ལྡན་ནས། ལ་ལ་ནི་བྲོ་རྡུང་། ལ་ལ་ནི་གར་བྱེད་དོ། །རྡོ་རྗེ་སེམས་དཔའ་སྤྱན་གྱི་རྒྱུད་ལས། མཁའ་འགྲོ་མ་ལ་དབང་བསྐུརྗོ་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་མཁའ་འགྲོ་མ་རྣམས་ཀྱིས་ཡང་ཞུས་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ཉིད། །བརྡ་དང་བརྡ་རུ་བརྒྱུད་པའི་ཆོས། །ཉིད་ཀྱི་ཞལ་ནས་བྱིན་རླབས་སུ། །བདག་ཅག་མཁའ་འགྲོམའིཚོགསརྣམསལ། །ངེས་པར་མྱུར་དུ་བཤད་པར་ཞུ། །ཞེས་ཞུས་པ་དང་། རྡོ་རྗེ་སེམས་དཔའ་བཀའ་སྩལ་པ། ཀྱེ་ཀྱེ་མཁའ་འགྲོ་མ་རྣམས་ཉོན་ཅིག །ཉི་མ་འབུམ་དུ་གསལ་བའི་དཀྱིལ་འཁོར་ན། །རིག་པའི་ཁྱེའུ་ཆུང་ཉི་མའི་ཟེར་ལྟར་འཕྲོ། །འགག་སྒྲིབ་མེད་པར་ཡོང་བ་ལ། །སྤྲིན་ནག་ཆེན་པོ་ཅིག་བྱུང་ནས། །ཁྱེའུ་ཆུང་གི་རྐང་པ་བཀག་ཟེར་བ་དེ་ཡ་མཚན་ཆེ། །ཐིག་ལེ་ཁོང་གསལ་ཆོས་མིན་སྐུ། །རིག་པའི་ཟེར་གྱི་ཐིག་ལེ་ཕྱོགས་བཅུར་འཕྲོ། །ཕྱོགས་རིས་མེད་པར་ཡོངས་ལ་ཁྱབ་པ་ལ། །མ་རིག་འཁྲུལ་པས་མུན་པ་ཙམ་དུ་སྒྲིབས། །བདག་བློ་འཁྲུལ་པས་འཁོར་བའི་འདམ་དུ་ཚུད། །ཐིག་ལེ་ཆོས་མིན་ཁོང་གསལ་ངོ་མ་ཤེས། །སྒོམ་དང་སྒྲུབ་པ་ཀ་ནས་མ་གྲུབ་ལ། །རྒྱ་ཆད་ཕྱོགས་ལྷུང་མེད་པ་བློ་རེ་བདེ། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའ་སྤྱན་གྱི་རྒྱུད་ལས། ཐིག་ལེ་ཁོང་ནས་གསལ་བ་དང་མ་རིག་པའི་ཟེར་དུ་ངོ་སྤྲད་པའི་ལེའུ་སྟེ་གཉིས་པའོ།། །།ཡང་བཀའ་སྩལ་པ། འདོད་པའི་རྒྱལ་པོ་བུ་དྲུག་མ་མ་གཉིས། རྒྱ་མཚོའི་གླིང་ན་ནོར་བུ་རིན་པོ་ཆེ་འོད་འབར་བའི་བསེབ་ན་རྟ་ཅིག་འཚོ་ཡིན་ཡོད་པ་ལ། རྟ་དེ་ཕོ་སྤད་ཀྱིས་མ་ཐུབ་པས། ཕྱིའི་ལྷ་མོ་ལྔའི་གམ་དུ་ཤོར་བས། ཕྱིའི་ལྷ་མོས་ཀྱང་མ་ཐུབ། དེར་རྟ་ཚོམས་ཀྱིས་འཚོམས་པས། ཁྱེའུ་ལོ་གཅིག་ལས་མ་ལོན་པ་གཅིག་གིས་རྟ་དེ་ཐུབ་ནས་ནོར་དུ་སོང་བ་དེ་ཡ་མཚན་ཆེའོ། །རིན་པོ་ཆེ་འོད་འབར་བའི་ཐིག་ལེ་ངོ་མ་སྤྲད་ན་ཚོགས་དྲུག་ལྷུག་པའི་གདམས་པ་ཆད་དོ། །ཚོགས་དྲུག་རོལ་པའི་གདམས་པ་ཆད་ནས། །ཞི་བ་ཆོས་ཀྱི་སྐུའི་ངང་ལ་སྒོམ་པའི་ཉན་ཐོས་འགོག་པ་དང་ཁྱད་མེད་དོ། །རིན་པོ་ཆེ་འོད་ཀྱི་ཐིག་ལེ་ཆོས་མིན་གྱི་སྐུའི་ཡེ་ཤེས་ལ། སྒོམ་སྒྲུབ་ཀ་ནས་མ་གྲུབ་པའོ། །རིན་པོ་ཆེ་ཡིན་པས་ཐམས་ཅད་རང་ལ་ལྷུན་གྱིས་གྲུབ་པོ། །འོད་ཀྱི་གོང་བུ་ལྟ་བུ་ནི་མ་ཡིན་ཏེ་ཡོན་ཏན་ཐམས་ཅད་རང་ལ་གནས་སོ། །ཐིག་ལེ་ཡིན་ཏེ་རྒྱ་མ་ཆད་ཕྱོགས་སུ་མ་ལྷུང་ངོ་། །ཡིད་བཞིན་ཡིན་ཏེ་མཚན་མ་རང་སར་གྲོལ་ལོ། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའ་སྤྱན་གྱི་རྒྱུད་ལས། རིན་པོ་ཆེ་འོད་ཀྱི་ཐིག་ལེ་ལ་ངོ་སྤྲད་པས་ཚོགས་དྲུག་ལྷུག་པ་གདམས་པའི་ལེའུ་སྟེ་གསུམ་པའོ།། །།ཡང་བཀའ་སྩལ་པ། རིག་པ་དབུགས་མེད་ཀྱི་ཐིག་ལེ་ལ་ངོ་སྤྲད་པ་བསྟན་པ་ནི། སྔོན་ཙམ་ན་དྲང་སྲོང་དྲི་མ་མེད་པའི་གྲོང་ཁྱེར་ན་ཤེལ་གྱི་མཆོད་རྟེན་ཅིག་ཡོད་དེ། འོད་ཀྱིས་ཕྱོགས་ཐམས་ཅད་ཁྱབ་པ་ཅིག་ཡོད་པ་ལས། དྲང་སྲོང་དེའི་ཡུལ་མིས་འོད་ལ་བལྟ་བལྟ་ནས། ཤེལ་གྱི་མཆོད་རྟེན་མ་མཐོང་ཟེར་ཏེ། མིག་རྡུལ་ལམ་དེ་ཇི་ལྟར་ཡིན་དེ་ངོ་མཚར་ཆེ། དེ་ནས་རི་རབ་ཏུ་སོང་བ་ན་དྲང་སྲོང་དེའི་ཉེ་གནས་པ་ཅིག་བྱུང་ནས། མཆོད་རྟེན་དེ་ཡུལ་མི་ཀུན་ལ་བསྟན་པས་དེ་ཕན་ཆད་མཆོད་རྟེན་མཐོང་བས་འོད་ཟེར་ཐམས་ཅད་མཆོད་རྟེན་ལ་ཚུར་འདུས་སོ། །རིག་པ་དབུགས་མེད་ཆེན་པོའི་ཐིག་ལེ་ལ། ཐིག་པ་ཆོས་མིན་གྱི་ཡེ་ཤེས་ལས། འགྱུ་བ་ཕྱོགས་མེད་དུ་ཤར་བ་ལས། སྣང་བ་འགག་པ་མེད་པ་ལ་ཡན་པས་སྒོམ་གྲུབ་དགེ་བའི་རྩ་བ་ཅི་བྱས་ཀྱང་ཡུལ་ཡན་པ་ཡིན་ཏེ། དངོས་ཆོས་ཅན་ལས་མ་འདས་སོ། །རིག་པ་དབུགས་མེད་ཀྱི་ཐིག་ལེ་དེ་སྒོམ་སྒྲུབ་འདུས་བྱས་ཀྱི་ཆོས་དང་ཚོགས་གཉིས་རྫོགས་པ་ནི་མ་ཡིན་ཏེ། དུས་ཐམས་ཅད་དུ་ཆོས་ལས་འདས་པའི་སྐུ་ཡིན་ནོ། །འབྱུང་བ་ཆེན་པོ་ལྔས་མི་བསྐྱེད་པས་རྒྱུས་མ་བསྐྱེད་པ་ཡིན་པས་ན། ཆོས་ལས་འདས་པའི་སྐུ་ཡིན་ནོ། །དུས་གསུམ་དུ་བདེ་བར་གཤེགས་པ་ཐམས་ཅད་པས་སྔ་བས་རིགས་ལྔ་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་སྟོང་མ་ནུས་པས་རང་སྣང་བའི་ཐིག་ལེ་ཡིན་ནོ། །དུས་གསུམ་དུ་ཆུ་བོའི་རླབས་ཀྱིས་ཁྱེར་མ་ནུས་པས་རྒྱུ་རྐྱེན་གྱིས་ཕན་གནོད་མ་ནུས་པ་ཡིན་ནོ། །སེམས་ཀྱིས་གཏན་ལ་མ་ཕེབས་པས་སེམས་ལས་མ་བྱུང་བའི་ཡིན་ནོ། །སེམས་ནི་འདུ་འབྲལ་སྐྱོན་ཅན་ཡིན་ནོ། །མ་རིག་པ་ཡིད་རྣམ་ཤེས་བག་ཆགས་འདུས་ནས་ཀུན་གཞི་ཞེས་བྱ་བ་དབུགས་ཅན་ཡིན་ཏེ། ཀུན་གཞི་ཆོས་ཅན་ཡིན་ནོ། །སྐྱེ་འཇིག་ཅན་ཡིན་ནོ། །དེས་ན་གཞིས་དུས་ཐམས་ཅད་དུ་གནོད་པ་བསྐྱལ་ལོ། །རིག་པ་དབུགས་མེད་ལ་ཕན་གནོད་ཅིར་མི་བཏུབ་བོ། །ཅེ་སྟེ་རྐྱེན་ཁར་མི་སྣང་བའི་ཕྱིར་རོ། །ཞེས་གསུངས་སོ། །རིག་པ་དབུགས་མེད་ཀྱི་ཐིག་ལེ་དང་སེམས་དབུགས་ཅན་དུ་ངོ་སྤྲད་པའི་ལེའུ་སྟེ་བཞི་པའོ།། །།ཡང་བཀའ་སྩལ་པ། རིག་པ་འོད་ཀྱི་ཐིག་ལེ་བསྟན་པ་ནི། པདྨ་འདབ་མ་སྟོང་དང་ལྡན་པའི་ཡུ་བ་ལ་ཉི་ཟླ་གཉིས་ཁ་སྤྲད་ནས་ཉལ་བས། བར་ནས་གཟའ་ལྷག་པ་ཅིག་བྱུང་ནས་བར་སྣང་སྟོང་པ་བསྐོར་བས། དུས་དེ་ཐམས་ཅད་དུ་ཉི་མོ་དང་མཚན་མོ་ངོ་མ་ཤེས་པ་ཅིག་གི་སྣང་བ་ཅིག་བྱུང་ངོ་། །དུས་ཐམས་ཅད་ཀྱི་མུན་པ་སྐད་ཅིག་མ་ལ་དངས་ཏེ་འོད་ཀྱི་གདངས་ལས་མ་འདས་པ་ཅིག་བྱུང་ཟེར་བ་དེ་ཡ་མཚན་ཆེ། རིག་པ་སྐྱོན་མེད་ཀྱི་ཡེ་ཤེས་ལ་འོད་ཟེར་གྱི་ཕུང་པོ་ཕྱོགས་ཐམས་ཅད་དུ་འཕྲོ་ཡོ། །དེའི་རྩ་བ་ཐབས་ཤེས་རབ་ཟུང་དུ་འབྲེལ་བ་ལྷག་མཐོང་རང་རིག་པའི་ཡེ་ཤེས་ཀྱིས་བརྒྱན་པ་ཅིག་ངོ་ཤེས་པས་ཆོག་པར་བསྟན་ཏེ། དེ་ལ་ངོ་སྤྲད་ན་སྣང་གྲགས་ཀྱི་ཆོས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་རིག་པ་འོད་ཀྱི་ཐིག་ལེར་འདུས་ཏེ། དེ་ཡང་ཐབས་ཤེས་རབ་ཏུ་འདུས་ཏེ། དེ་ཡང་ཟུང་དུ་འབྲེལ་བར་འདུས། དེ་ཡང་ལྷག་མཐོང་ཁོ་ནར་འདུས། །ལྷག་མཐོང་སུ་སྒོམ་སུ་ལྟ་སྤྱོད། །འབྲས་བུ་ཐོབ་པར་འདོད་མཁན་འཁྲུལ་གྱིས། འདོད་མཁན་འཁྲུལ། སྒོམ་མཁན་ཞབྲུལ་པ་ལས། འོ་ན་གཞན་དུ་ཞབྲུལ། མི་སྒོམ་སྒོམ་ན་མཉམ་པ་ཉིད་ལས་གོལ། མི་ལྟ་བལྟས་ན་རིག་པ་ལ་ཞེ་འདོད་འོང་བས་གོལ། མི་སྤྱོད་སྤྱད་ན་དམིགས་བྱ་བྱུང་བས་གོལ། འབྲས་བུ་མི་འདོད་འདོད་ན་རང་མ་ཡིན་པས་སྐྱོན་དུ་ཆེ་བས་གོལ། རེ་དོགས་ཀྱི་རྟ་ལ་ཉམས་མྱོང་གི་ལྕག་གིས་བྲབས་པས། བརྩོན་འགྲུས་ཀྱི་འདུན་པ་མངོན་དུ་བཏང་ནས། ཐིག་ལེ་ཡངས་པའི་བྱ་ཐང་ལ། ཕྱོགས་རིས་སུ་བཅད་པའི་ཐང་ཀ་ལ་ཕྱིན་ཏེ་བོར་བས་རང་སྡུག་རྟ་ཆད་ནས་ཡམ་ཁར་ཤི་ནས་དུར་རྒྱགས་མེད་པར་འཆིའོ། །རིག་པ་འོད་ཀྱི་ཐིག་ལེ་ལ་སྒོམ་ཡེ་ནས་ཤར་བས། ཡུལ་སྣང་དུ་མ་གྲུབ་པས་མི་སྦྱོད། རང་ཡིན་པས་འབྲས་བུ་མི་འདོད། ཆོས་མིན་གྱི་སྐུ་ལ་བོགས་མི་འབྱིན། དབྱུང་དུ་འགྱུར་ས་མེད། ཡོད་ན་ཐུག་མེད་དོ། ཞེས་གསུངས་སོ། །རིག་པ་འོད་ཀྱི་ཐིག་ལེ་རང་གྲོལ་དུ། །སྟོན་པའི་དབུགས་མེད་ཉག་ཅིག་དགོངས་པའི་མཆོག །ལྟ་རུ་འདོད་ན་རྣམ་པར་དག །སྒོམ་དུ་བློ་ཡི་ཡུལ་ལས་གྲོལ། །སྤྱད་དུ་གཉིས་སྣང་མཐའ་ལས་འདས། །འབྲས་བུ་ཐོབ་ཏུ་ཡེ་ནས་གཏོར་བྲལ་མེད། །སྣང་སྲིད་ཁྱུར་གྱིས་མིང་དུ་གྲེ་བ་མེད། །འགྲོ་དྲུག་གཡང་ས་བཅད་དུ་ཡུལ་སྣང་ཉག་གཅིག་པོ་ལ་ཡེ་ནས་ཞེན་པས་འདོད་རྒྱུ་མེད། །བལ་ནག་ཡེ་ནས་གནག་པ་ལ། །ནག་པོ་འཕྲལ་ལ་སྒྲུབ་རྒྱུ་མེད། །ཡོད་ན་ནག་པོ་ཡིན་པར་ཐལ། །ཐ་སྙད་ཚིག་གིས་མཚོན་དུ་མེད། །ཐ་སྙད་ཉག་གཅིག་ངང་དུ་གཏོར། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའི་སྤྱན་གྱི་རྒྱུད་ལས། རིག་པ་འོད་ཀྱི་ཐིག་ལེ་ངོ་སྤྲད་པས། ཉག་གཅིག་རང་སྣང་དུ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།ཡང་བཀའ་སྩལ་པ། རིགས་ཀྱི་བུ་འཁོར་འདས་ཐིག་ལེ་རང་གསལ་བསྟན་པར་བྱ་ཞེས་གསུངས་ཏེ། འཁོར་འདས་ཐིག་ལེ་བརྡ་བསྟན་པ། ཨོ་རྒྱན་གྱི་ཡུལ་འདོན་ནགས་འོད་མའི་ཚལ་ཞེས་བྱ་བ་ཡ་ཀི་ན། ཕ་བོང་ནག་པོ་གནམ་བབས་ཀྱི་འོག་ན། མཁའ་འགྲོ་མ་མཚོ་སྐྱེས་རྡོ་རྗེ་ཞེས་བྱ་བ། སྤྱན་མིག་གཡས་པ་ཆོས་ཉིད་འཁྲུལ་གྱི་མེ་ལོང་དུ་འབར་རོ། །སྤྱན་མིག་གཡོན་པར་བྱུང་འཁྲུལ་གྱི་མེ་ལོང་དུ་འབར་ཏེ། མཁའ་འགྲོ་མ་གཞན་གྱིས་བལྟས་པའི་ཚེ། རེས་གང་མཐོང་རེས་གང་མཐོང་ལོ། །མོ་རག་གིས་བལྟས་ཙམ་ན་རེས་གང་ལ་ལྟ་རེས་གང་ལ་ལྟ། གོང་མ་ལ་བལྟས་ཙམ་ན་སྣང་སྲིད་ཐིག་ལེ་གཅིག་ཏུ་མཐོང་། འོག་མ་ལ་བལྷས་ཙམ་ན་འཁོར་བའི་སྣང་བ་མཐོང་། བསྣོལ་མར་གཅིག་གི་ནང་དུ་གཅིག་ལ་ལྟས་ཙམ་ན། འདུག་པ་གཉིས་ཀ་འདུག་པ་ལ། མོས་སུ་དབྱེར་མ་ཕྱེད་ནས། ཅི་ཙུག་ཡིན་ཐེ་ཚོམ་ཟོས། རེས་ཐིག་ལེ་ཉག་གཅིག་བདེན་པ་ཀ་འདྲ། རེས་འཁོར་བ་བདེན་པ་ཀ་འདྲ། རེས་གཉིས་ཀ་བདེན་པ་འདྲ་ནས་མོ་ཐེ་ཚོམ་ཟོས་པས། དུས་ནམ་ཞིག་ན་ཨོ་རྒྱན་གྱི་ཡུལ་གྱི་ཤར་ཕྱོགས་ན། རི་ཁ་ལ་མེ་འབར་གྱི་གནས་ན་དུར་ཁྲོད་ཀྱི་བདག་མོ་ལྔའི་གཙོ་མོ་མེ་ལོང་གདོང་ཞེས་བྱ་བ་ཅིག་བྱུང་ནས། མོ་ལ་ཁྱོད་ཐེ་ཚོམ་ཟོས་པ་བདེན་ནོ། །དེ་ཅིས་ལན་བྱས་པས། མེ་ལོང་གདོང་ན་རེ། ཁྱོད་རང་ལ་མེ་ལོང་གཉིས་ཡོད་པས་ལན། ང་ཡི་བྱད་ལ་མེ་ལོང་གཉིས་ཡོད་པས་ང་ནི་ཐེ་ཚོམ་མི་ཟ། ངའི་མེ་ལོང་ལ་ཁྱོད་ལྟོས། ཁྱོད་ཀྱི་མེ་ལོང་ལ་ངས་ལྟ་ཡིས་བྱས་པས། རུང་ཟེར་ནས་ལྟ་རེས་བྱས་པས། མེ་ལོང་གདོང་གིས་བལྟས་པས། མེ་ལོང་གཉིས་པོ་ཟིལ་གྱིས་ནོན་ནས། མེ་ལོང་གཅིག་ཏུ་གྲོལ་བར་མཐོང་། །མཚོ་སྐྱེས་ཀྱིས་བལྟས་པ་མོའི་མེ་ལོང་གཅིག་པོ་དེའི་ནང་ན་མོའི་མེ་ལོང་གཉིས་ཀ་འདུག །མོའི་མེ་ལོང་གཉིས་པོར་མོའི་མེ་ལོང་གཅིག་མི་ཤོང་བར་འདུག་པར་མཐོང་ནས། མེ་ལོང་གཅིག་པོ་བླངས་ནས་བྱིན་ནས། ཕྱིས་མོའི་མེ་ལོང་གཉིས་པོ་མ་དགོས་ཟེར་ཏེ། དེ་ངོ་མཚར་ཆེ། འཁོར་འདས་གཉིས་པོ་ལྟོས་ཆོས་ལ། །ལྟོས་ཆོས་ཆོས་མེད་ཐིག་ལེ་ཟང་ཐལ་སྐུ། །ཐབས་དང་ཤེས་རབ་དག་ལ་རྟེན་བཅས་ནས། །གཉིས་སྣང་ཡོད་དོ་ཟེར་བ་སྙིང་རེ་རྗེ། །བྱ་བྲལ་ཡུལ་ལ་མི་རྟེན་ཟང་ཐལ་སྐུ། །ཕྱི་ནང་མེད་པའི་ཟང་ཐལ་དོན་གཅིག་མ་རྟོགས་ན། །ཐེ་ཚོམ་ཟོས་ནས་འཁོར་བར་འཁྱམས་པར་མཆིའོ། །ཆོས་ལ་མ་རྟེན་ཤེས་རབ་བདག་མེད་སྐུ། །དབྱེར་མེད་ཟང་ཐལ་ཆེན་པོར་མ་ཤེས་ན། །རྟོག་སྒོམ་ཆོས་སྐུ་འདོད་པ་དོན་མི་རྙེད། །གཉེན་པོ་མེད་པའི་ཤེས་རབ་ཟང་མའི་སྐུ། །རེ་དོགས་མེད་པའི་ཤེས་རབ་མ་རྟོགས་ན། །ཕྱོགས་ལྷུང་རྒྱ་ཆད་ཡུལ་དུ་སོང་བར་མཆི། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའ་སྤྱན་གྱི་རྒྱུད་ལས། འཁོར་འདས་ཐིག་ལེ་འོད་གསལ་དུ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།ཡང་བཀའ་སྩལ་པ། སངས་རྒྱས་འོད་གསལ་ཐིག་ལེ་བསྟན་པ་ནི། །ཨོ་རྒྱན་གྱི་ཡུལ་གྱི་བྱང་ཕྱོགས་ན།མཁའ་འགྲོ་མ་རྡོ་རྗེའི་འོད་ཟེར་ཞེས་བྱ་བ་གཅིག་ཡོད་པ་དེ་ལ། ནོར་དུ་ལྕེ་སྦྱང་ནག་པོ་གཅིག་ཡོད་དེ། དེ་ནི་མོའི་རྟ་ཡིན་ནོ། །དུས་ནམ་ཞིག་ན་མོས་ཙན་དན་གྱི་ཕོ་བྲང་དུ་ཕྱིན་ནས་མཁའ་འགྲོ་མའི་ཚོགས་ལྟར་ཕྱིན་ནས། ཙན་དན་གྱི་གསེབ་སླེབ་པས། རྟའི་མིག་ལ་ཙན་དན་གྱི་ཚེར་མ་གཉིས་ཟུག་ནས་རྟ་ཤི །མོ་རང་ཐང་སྟོང་པ་ལ་ལས་ནས། མི་རང་གི་གནས་ནས་ནི་འཕགས། མཁའ་འགྲོ་མའི་གསེབ་ཏུ་མ་གླེབས་ནས་ཡོད་པ་ལ། སྔུན་དུ་བདུད་ཧ་ལིང་ནག་པོ་བྱུང་ནས། བཟའ་བྱས་པས་བུ་ཁྱེའུ་དྲུག །བུ་མོ་དྲུག་སྟེ་བཅུ་གཉིས་ཞག་གཅིག་ལ་སྐྱེས་ཏེ། ཧ་ལིང་ནག་པོ་དང་མོ་གཉིས་ལ་དཔོག་པའི་ནོར་མེད་ནས། དྲུག་རྡོ་རྗེ་གདན་གྱི་སྟེང་དུ་སྒྱུགས་པས། དྲུག་འོག་ཀླུའི་ཡུལ་དུ་སྒྱུགས་པས། སྟེང་དུ་འོང་མ་ནུས་འཐུར་ལ་འབབ་མ་ནུས་པ་དེ་ཡ་མཚན་ཆེའོ། །རྡོ་རྗེ་ལྟ་བུའི་ཐིག་ལེ་ཆོས་མིན་སྐུ། །འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོ་བ་ལ། །མ་རིག་དབང་གིས་ཡེ་ཤེས་དྲི་མེད་བསྲུབས། །འདོད་ཆགས་ཞེ་སྡང་གཉིས་སུ་འདུས་པ་ལས། །དུག་དྲུག་ཡུལ་དྲུག་དག་གི་སྣང་བ་ཤར། །ངན་འགྲོ་རྣམ་གསུམ་སྣང་བ་གསུམ་དུ་ཆད། །མཐོ་རིས་རྣམ་གསུམ་སྣང་བ་གསུམ་དུ་ཆད། །འགྲོ་དྲུག་སྣང་བ་ལོགས་ན་མེད་དེ་རང་གི་བསྒོས། །ཐིག་ལེ་ཆོས་མིན་སྐུ་ཡི་ཀློང་དེ་རང་གིས་བསྒྲིབས། །འོད་གསལ་ཟང་ཐལ་ཡོད་པ་མ་རིག་པས། །དུག་ལྔའི་ཐང་ལ་ཐར་པའི་དུས་ཀྱང་མེད། །སངས་རྒྱས་སེམས་ཅན་ཞབྲུལ་པའི་ཐིག་ལེ་ཡིན། །རང་འཁྲུལ་ཤེས་པས་རང་གྲོལ་མ་ཤེས་ན། །སེང་གེའི་མིག་བཞིན་རྒྱུན་དུ་མི་སྡོད་པ། །ལས་ཀྱི་ལུས་བླངས་གར་འགྲོ་ཤེས་སམ་བྱ་བྲལ་ཡུལ་ལ་ཀུན་ཏུ་རྒྱུག །འབྱུང་བ་རང་བྱུང་ཡིན་ཏེ་སྤྲིན་གྱི་ནམ་མཁའ་བསྒྲིབས། །རྒྱ་མཚོ་ཁ་རུ་དར་ཆགས་འདྲ་བར་འཁྲུལ། །འདོད་པས་གདུངས་པས་ཕྱེ་ལེབ་མེས་ཚིག་འདྲ། །འགྲོ་དྲུག་གཡང་ལ་རྟག་ཏུ་རྣམ་རྟོག་ལྟུང་། །ཉམས་མྱོང་སྐྱེས་ཏེ་བཟོད་པའི་གླགས་མེད་ན། །རྣམ་པར་སྨིན་པའི་ལུས་དེ་ཡང་བོར་ཡང་ལེན་ན། །བོར་བས་མ་ཕན་བག་ཆགས་རྟས་པས་ལན། །བག་ཆགས་འཁྲུལ་པར་འོག་བ་ཅི་ལས་སྤྲོས། །ནམ་མཁའ་སྤྲིན་དང་འདྲ་སྟེ་ཡང་དང་ཡང་དུ་དགོས། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའ་སྤྱན་གྱི་རྒྱུད་ལས། སངས་རྒྱས་འོད་གསལ་འཁྲུལ་པའི་ལེའུ་སྟེ་བདུན་པའོ།། །།ཡང་བཀའ་སྩལ་པ། འཁྲུལ་བ་ཡིན་པས་གྲོལ་བར་བསྟན་པ་ནི། །ཨོ་རྒྱན་ཡུལ་གྱི་ལྷོ་ཕྱོགས་ན་མཁའ་འགྲོ་མ་རྡོ་རྗེ་འོད་ཟེར་སྐྱོང་གིས་འ་་དུ་ཕྱིན་པ་ལ། ལམ་ཀ་ན་མེ་ཏོག་ལེགས་པ་གཅིག་དང་ཕྲད་ནས། མོས་སྙིང་དུ་སྡུག་གྲངས་ནས། འཆོས་ན་ཕན་སྙམ་ནས་འཆོས་པས་དེ་མ་ཏོག་ཏུ་མོ་ནད་ཀྱིས་ཐེབས་སོ། །དེར་མོས་ཁྱིམ་དུ་འོངས་ནས་ཟ་མོ་ལ་ང་ན་བྱས་པས། སྨན་པ་བཙལ་ལོ། །སྨན་པ་བརྒྱད་ཡོད་ནས། རིམ་པ་ཀས་བསྟན་པས་སོ་ཤི་ཤ་མདངས་མ་པྱེད་དོ། །དེ་བས་རིང་བ་ནས་སྨན་པ་དེ་ཚོ་ཡི་ཡང་མེས་པོ་གཅིག་ཡོད་ནས་བཀག་ནས་བསྟན་པས། སྨན་པ་དེ་ན་རེ། ཁྱོད་ཀྱིས་ཟོས་པའི་མེ་ཏོག་དེ་ལྟ་བུ་ཞིག་ཚོལ་ཅིག་ཟེར་ནས། གཞན་གྱིས་མ་རྙེད་ནས། མོ་རང་གི་འགོགས་ཏེ་ཕྱིན་པས།སྔ་མའི་ས་ནས་མེ་ཏོག་ཟོས་པ་དེ་ལ་ཡང་གཅིག་སྐྱེས་ནས་འདུག །ཁྱེར་འོངས་པས་སྨན་པ་ན་རེ་འདི་དུག་ཡིན་པས་སྤྱད་ལོག་དགོས་ཟེར་ནས་དེ་མིན་གྱི་དུག་ཀྱང་མང་དུ་སྦྱར་ནས་བཏང་བས། འདི་བཏང་ན་ང་འཆི་སྨན་པ་དེ་མིན་ཀུན་མཁས་པར་འདུག་ཁྱོད་ཀྱིས་མི་འོང་ཟེར་རོ། །འོ་ན་ངའི་ཚ་བོ་བསང་མཁས་ཀྱིན་དུག་འདི་ལ་དུམ་གཅིག་འཐུངས་པས། མོ་དང་ཀ་བདེ་ནས་ཡིད་ཆེས་སོ། །དེར་ཡོད་ཚད་འཐུངས་པས་སྐད་ཅིག་མ་ལ་སོས་ཏེ། རྡོ་རྗེའི་ལུས་བཞིན་དུ་གྱུར་ཏེ། །འདི་ངོ་མཚར་ཆེ། །འཁྲུལ་པ་རང་གིས་རང་གྲོལ་མ་ཤེས་ན། །གཞན་གྱིས་གྲོལ་བར་ཅི་ལ་ནུས། །སྐྱེ་མེད་རང་བྱུང་རང་གྲོལ་མ་ཤར་ན། ཁུ་རྐྱེན་འདུས་པའི་འབྲས་བུའི་འཆིང་བར་འགྱུར། །དཔེར་ན་ཁྱི་ཁུས་ཁྱི་ཁུ་འབྱིན་དང་མཚུངས། །ཐེག་བརྒྱད་སྤང་བླང་ཆོས་ཀྱི་འབྲས་བུ་འབྱིན་མི་ནུས། །འོད་ཟེར་གཅིག་ཐོབ་པ་འདྲ་ཡང་འདུས་བྱས་འབྲས་བུ་ཡིན། །འདུས་བྱས་འབྲས་བུ་བཙན་བཙན་འདྲ་སྟེ་ཡོང་མི་བཙན། །རང་གྲོལ་བུབྲ་ཆུབ་འབྲས་བུ་མ་རྟོགས་ན། །ཕྱོགས་རྟོགས་ཙམ་གྱིས་ཡང་དག་དོན་མི་རྙེད། །འཁྲུལ་པ་ཕྱོགས་མེད་ཤར་བའི་སྡུག་བསྔལ་རྣམས། །རང་འཁྲུལ་རང་གྲོལ་ཉིད་དུ་མ་ཤེས་ན། །མཚན་མ་ལམ་པའི་ཆོས་ཀྱི་འཁྲུལ་པ་ཅི་ལ་ཟློག །བག་ཆགས་ཚམ་ཟློག་པ་འདྲ་སྟེ་གཉེན་པོ་རྟེན་པ་ཡིན། གཉེན་པོ་མ་རྟེན་འཁྲུལ་པའི་ཁ་ན་འདུག །ཡིད་སྨོན་བློ་ཆུང་རྣམས་ལ་རྫོགས་ཆེན་མི་ཤོང་