Ngb-pt-0532-vol-06-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

ཐོག་མའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །རྒྱུད་ཐམས་ཅད་ཀྱི་སྙིང་པོ། ལུང་ཐམས་ཅད་ཀྱི་རྩ་བ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། གསང་བ་བས་ཀྱང་ཆེས་གསང་བ། ཀུན་ཏུ་བཟང་པོ་མ་འཁྲུལ་པའི་དགོངས་པ། གཞི་འདུག་ཚུལ་འཁོར་བ་དོང་སྤྲུགས་སུ་སྟོན་པ། རྒྱུད་ཉི་ཤུ་རྩ་ལྔའི་རྩ་བ། མན་ངག་སུམ་བརྒྱ་རྩ་གཉིས་ཀྱི་རྩ་བ། ཕྱི་ནང་གསང་བ་གསུམ་གྱི་ཡང་ཞུན། ཐིག་ལེ་འདུས་པ་སངས་རྒྱས་འོད་དཔག་ཏུ་མེད་པ་དང་། འོད་གྲུངས་དང་། མར་མེ་མཛད་གསུམ་ཀྱི་དགོངས་པ་གཅིག་ཏུ་བསྟན་པ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བསྡུས་པ། ཐིག་ལེ་འདུས་པའི་རྒྱུད་ཅེས་བྱ་བ། འཁོར་བརྒྱ་ཐེག་ཏུ་བསྟན་པའི་ཕྱིར། སྒྲུབ་པ་མ་ཧྭ་ཡོ་ག་ལ་ངོ་སྤྲད་པ་དང་། ལུང་ཨ་ནུ་ཡོ་ག་ལ་ངོ་སྤྲད་པ་དང། མན་ངག་ཨ་ཏི་ཡོ་ག་ལ་ངོ་སྤྲད་པ་དང་། ཡང་དག་པའི་མན་ངག་ཐིག་ལེ་འདུས་པ་མ་བུ་ལ་ངོ་སྤྲད་པ་དང་། རྩ་དང་། རླུད་དང་། ཐིག་ལེ་ལ་ངོ་སྤྲད་པ་དང་། བརྡའི་ངོ་སྤྲད་པ་དང་། འཁྲུལ་གཞིའི་ངོ་སྤྲད་པ་དང་། གནས་པའི་ངོ་སྤྲད་པ་དང་། ལྡོག་པའི་ངོ་སྤྲད་པ་དང་། ལྡོག་པ་རང་གི་མཚན་ཉིད་གནས་ལུགས་ལ་ངོ་སྤྲད་པའི་ངོ་སྤྲད་པའོ། །རྩ་བ་མདོར་བསྡུས་པའི་ལེའུ་སྟེ་དང་པོའོ།། །།ཐོག་མ་མེད་པའི་དུས་ཉིད་ན། །གནས་མེད་ངོ་བོ་ཉིད་ཀྱི་གནས། །སྟོན་པ་ལྷུན་གྲུབ་འབར་བ་སྟེ། །འཁོར་རྣམས་རང་གདངས་ཆེན་པོ་ལ། །བསྟན་པ་རང་ཤར་ཆེན་པོ་ཡིན། །ཞེས་གསུངས་སོ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས། །ངོ་བོ་སྟོན་པ་འོད་མི་འགྱུར་བ་ཞེས་བྱ། རང་གསལ་བརྡལ་ཁྱབ་འདུས་མ་བྱས་སུ་གནས་སོ། །ཐུགས་རྗེའི་སྟོན་པ་མར་མེ་མཛད་ཅེས་བྱ་བ། འགག་མེད་བརྡལ་ཁྱབ་འདུས་མ་བྱས་སུ་གནས་སོ། །རང་བཞིན་གྱིས་སྟོན་པ་འོད་སྲུངས་ཞེས་བྱ། གཉིས་མེད་བརྡལ་ཁྱབ་འདུས་མ་བྱས་སུ་གནས་སོ། །གཞི་གཏན་ལ་དབབ་པའི་ལེའུ་སྟེ་གཉིས་པོའོ།། །།སྟོན་པ་གསུམ་ལ་སྲས་རྣམ་པ་གསུམ་འཁྲུངས་པ་ཡ་ཆ། ལྷུན་གྲུབ་རླུང་ཆེན་མ་འགགས་པས་རིག་པ་རང་གསལ་ཆེན་པོར་བསྐྱོད། སྟོང་པ་རང་དངས་འོད་དུ་བཟུང་སྲས་གསུམ་དུས་མེད་རྟག་ཏུ་འཐབ་པ་ཡ་ཆ། འབྱེད་པ་མེད་པའི་ཆོས་སྐུ་ལ་སྐུ་གསུམ་སྣང་བ་གསུམ་དུ་ཤར། སྐུ་གསུམ་རང་བཞིན་འདུག་ཚུལ་གཅིག་པ་ལ་དུག་གསུམ་དབང་གི་འཁོར་བ་ཡ་ཆ། སྲས་གསུམ་འགག་པ་མེད་པ་ལས། རང་གདངས་ཡུལ་ལ་སྟོད་ཤ་བྱེད་པ་ཡ་ཆ། བརྡའི་ངོ་སྤྲོད་ཀྱི་ལེའུ་སྟེ་གསུམ་པའོ།། །།སྒྲུབ་པ་མ་ཧྭ་ཡོ་གའི་ངོ་སྤྲད་པ་ནི། སྣང་ལ་རག་བཞིན་མེད་པའི་སྐུ་མེ་ལོང་ལོགས་ལ་ངོ་སྤྲད། ཡུལ་གསལ་ལ་མ་འདྲེས་པས་ནམ་མཁའི་འཇའ་ཚོན་ལ་ངོ་སྤྲད། གཉིས་སུ་མེད་པ་ཆུའི་ཟླ་བ་ལ་ངོ་སྤྲད། མ་ཧྭ་ཡོ་གའི་ངོ་སྤྲོད་གསུམ་པོ་འདིས་ནི་མ་བསྒྲུབས་པར་སངས་རྒྱས་པར་བསྟན་པའོ། །ལུང་་ནུ་ཡོ་གའི་ངོ་སྤྲད་པ་བསྟན་པ་ནི། འཛིན་པའི་རིག་པ་ནི་ཀུན་ཏུ་བཟང་པོ། ཡུལ་རང་གདངས་ནི་ཀུན་ཏུ་བཟང་མོ། གཉིས་སུ་མེད་པ་ནི་བདེ་བ་འགག་མེད་དུ་ངོ་སྤྲད་པ་རྩོལ་བ་མེད་པར་སངས་རྒྱས་པར་བསྟན་པའོ། །མ་ཧྭ་དང་ཨ་ནུ་ངོ་སྤྲད་པའི་ལེའུ་སྟེ་བཞི་པའོ།། །།མན་ངག་རྫོགས་ཆེན་ཁ་འབྱམ་ལ་ངོ་སྤྲད་པ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་སྐུ། བརྡལ་ཁྱབ་ཆེན་པོ་ལ་སྒོམ་དང་མ་སྒོམ་གཉིས་སུ་མེད་ཡེ་ཤེས་སངསརྒྱས་ཆེན་པོར་བསྟན་ནོ། །མན་ངག་ཨ་ཏི་ཡོ་ག་ཁ་འབྱམ་གྱི་ངོ་སྤྲད་པའོ། །ཡང་དག་པའི་ངོ་སྤྲད་པའི་ཐིག་ལེ་འདུས་པའི་ངོ་སྤྲད་པ་ནི་གསུམ་སྟེ། ཕྱི་སྣང་བ་ཐམས་ཅད་རང་བཞིན་འོད་གསལ་བ་ཞེས་བྱ་བ་གཞིའི་རང་གདངས་སུ་ངོ་སྤྲད་པས་སྒྲུབ་པ་མ་ཧྭ་ཡོ་གའི་རྩོལ་སྒྲུབ་དང་བྲལ་བར་བསྟན་ནོ། །རིག་པ་སྣ་ཚོགས་སུ་མི་འགག་པ་ཡེ་ཤེས་ཀྱི་རྩལ་ལས་མ་འདས་པར་ངོ་སྤྲད་པས་ལུང་ཨ་ནུའི་རྩོལ་སྒྲུབ་དང་བྲལ་བར་བསྟན་ནོ། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཞཁྲུལ་བའི་དུས་སུ་ཡེ་ཤེས་ཀྱི་བཙལ་དུ་སྣང་ལ་གྲོལ་བའི་དུས་ན་བཙལ་དུ་སྣང་བ་ངོས་ཟིན་ལ། འཆི་ཁའི་དུས་སུ་ཡེ་ཤེས་ཁོང་གསལ་དུ་སངས་རྒྱས་པར་བསྟན་པའོ། །འབྲས་བུ་བར་དོར་ཐོབ་ཏུ་མེད་པར་བསྟན་པས་ཐམས་ཅད་རང་གྲོལ་རང་སངས་རང་ཤར་གཉིས་འཛིན་ལས་འདས་ཏེ། དེའི་ཚེ་དེའི་དུས་ན་རང་གྲོལ་བའི་སངས་རྒྱས་ཀྱི་དགོངས་པ་འདུས་པ་ཞེས་བྱའོ། །ཡང་དག་པའི་མན་ངག་ཐིག་ལེ་འདུས་པའི་ངོ་སྤྲད་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།རྩ་དང་རླུད་ལ་ངོ་སྤྲད་པ་ནི། སེམས་ཅན་དྲན་ཞིང་ཙིཀྟའི་དཀྱིལ། །ཆོས་གསུམ་འོད་ཀྱི་ངོ་བོར་ཤད། །བསྐལ་པ་བར་མ་ལ་སངས་རྒྱས་འོད་སྲུངས་ཀྱིས་ཐོག་མའི་སངས་རྒྱས་འོད་མི་འགྱུར་བའི་ཞལ་མ་ཚོལ་བ་ཡ་ཆ རྩལ་ཡང་ཕྱི་ནང་གསུམ་དུ་འདུས་སྟེ། ཕྱི་ཆོས་ཉིད་རང་བྱུང་རང་གདངས་ཆེན་པོའི་རྩ་དང་། ནང་རིག་པ་སྟོང་པའི་རྩ་དང་། གསང་བ་ཐིག་ལེ་རྟེན་པའི་རྩའོ། །རྒྱས་པའི་རྩ་ནི་ཉི་ཁྲི་ཆིག་སྟོང་ཡང་། །བསྡུས་པས་ངོ་སྤྲོད་གསུམ་དུ་འདུས། །རླུད་ལ་ཡང་ཕྱི་ནང་གསང་བ་གསུམ། །ཕྱི་རླུད་ཐམས་ཅད་ནང་རླུད་སྣང་བ་ཡིན། །ནང་རླུད་ཡེ་ཤེས་རླུད་གི་རྩལ། །གསང་བའི་རླུད་ཆེན་ངོས་ཟིན་ན། །འཁོར་བ་དོང་ནས་སྤྲུགས་པ་ཡིན། །ཐིག་ལེ་ལ་ཡང་ཕྱི་ནང་གསང་བ་གསུམ། །ཕྱི་ཡི་ཐིག་ལེ་རང་བྱུང་ཡེ་ཤེས་ཡིན། །ནང་གི་ཐིག་ལེ་རིག་པའི་ཡེ་ཤེས་ཡིན། །གསང་བའི་ཐིག་ལེ་ཆོས་སྐུ་མཁའ་ཁྱབ་དྭངས་པ་ཡིན། །ཡང་གསང་ཐིག་ལེ་ཡེ་ཤེས་ཁོང་གསལ་ཡིན། །གནད་དུ་འཛིན་པ་རིག་པའི་ཡེ་ཤེས་ཡིན། །གཉིས་མེད་ལྷངས་ཀྱིས་རྟོགས་པ་ཡེ་ཤེས་རླུད་དུ་ཤེས། །གཟུང་འཛིན་གཉིས་སུ་སྤྱོད་པ་མ་རིག་རླུད་དུ་ཤེས། །རྩ་རླུད་ཐིག་ལེ་ལ་ངོ་སྤྲད་པའི་མཚན་མ་ལམ་བའི་རྩོལ་སྒྲུབ་ལ་མི་རྟེན་པའི་ལེའུ་སྟེ་དྲུག་པའོ།། །།སྟོན་པ་གསུམ་འཁོར་བར་དུས་གཅིག་ལ་འཁྱམས་པ་ཡ་མཚན་ཆེ། འབྱེད་པ་མེད་པ་གཏི་མུག་རང་བཞིན་གྱི་སྟོན་པ། འགག་པ་མེད་པའི་ཞེ་སྡང་ངོ་བོ་ཉིད་ཀྱི་སྟོན་པ། རང་སྣང་ཆེན་པོའི་རྩལ་མི་འགག་པ་འོད་ཆགས་ཐུགས་རྗེའི་སྟོན་པ། རྩལ་འགག་པ་མེད་པ་དུག་ལྔ་ཐུགས་རྗེའི་རོལ་པ་མ་འགགས་པ་འགྲོ་དྲུག །རག་བཞིན་ཆོས་སྐུ། ངོ་བོ་ལོངས་སྐུ། ཐུགས་རྗེ་སྤྲུལ་སྐུ། སྐུ་གསུམ་འཁོར་བར་འ་ས་ཀྱང་སྙིང་པོ་ལ་འགྱུར་བ་མེད། འགྱུར་བ་མེད་པར་གནས་པའོ། །གནས་ལུགས་ལ་ངོ་སྤྲད་པའི་ལེའུ་སྟེ་བདུན་པའོ།། །།བསྐལ་པ་ཐ་མ་ལ་སྲས་གསུམ་གྱིས་འཐབས་པས་སྐད་ཅིག་མ་ལ་འཁོར་བ་ཐམས་ཅད་དུས་གཅིག་ཏུ་སྲོག་བཅད་ནས་མེ་ཆེན་གྱིས་བསྲེགས། རླུད་ཆེན་གྱིས་ཕྱགས་པ་དེ་ཡ་ཆ། ཡེ་ཤེས་ཆེན་པོའི་སྤྱན་གཉིས་འཛིན་མེད་པར་རང་གསལ། ཆོས་ཀྱི་སྤྱན་བར་དོ་མེད་པར་རང་གདངས། ཐབས་དང་ཤེས་རབ་ཀྱི་སྤྱན་ཅིར་སྣང་ཅིང་འཛིན་ཡེ་ཤེས། མབསྒྲུབས་མ་བཙལ་ཡིན་པའི་སྤྱན་གསལ་ལོ། །སྤྱན་གསུམ་ལ་སྐུ་གསུམ་ངོ་སྤྲད་པ་ནི། ཡེ་ཤེས་ཀྱི་སྤྱན་ཆོས་སྐུར་ངོ་སྤྲད། ཆོས་ཉིད་ཀྱི་སྤྱན་ལོངས་སྐུར་ངོ་སྤྲད། ཐབས་དང་ཤེས་རབ་ཀྱི་སྤྱན་སྤྲུལ་སྐུར་ངོ་སྤྲད། ངོ་སྤྲད་པ་མན་ངག་གི་རྒྱུད་ཀྱི་འདུག་ཚུལ་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་མ་འདས། སྤྱན་གསུམ་རང་ལ་གནས་པ་ནི་ཡེ་ཤེས་ཀྱི་སྤྱན་ནི་རིག་པའི་ཡེ་ཤེས་ལྷངས་ཀྱིས་རྟོགས་པའོ། །ཆོས་ཀྱི་སྤྱན་ནི་སྒྲོ་འདོགས་གཅོད་པའོ། །ཐབས་དང་ཤེས་རབ་ཀྱི་སྤྱན་ནི་ཐམས་ཅད་རང་གི་འདུག་ཚུལ་ལས་མ་འདས་བར་ཤེས་པའོ། །སྤྱན་གསུམ་ཁོང་དུ་ཆུད་པས་ཐེག་པ་རིམ་པ་བརྒྱད་ཀྱི་རྩོལ་སྒྲུབ་ཀྱི་ཆོས་དང་མུ་སྟེགས་རྟག་ཆད་དང་། རྫོགས་ཆེན་ཁ་འབྱམ་བཞི་ལ་དགོངས་པ་ལས་ཀྱི་དབང་མི་བཙན་ཟེར་བ་ལས་ཤན་ཕྱེ་སྟེ། ཆོས་སྐུ་མཁའ་ཁྱབ་དྭངས་པ་སྤྱན་གསུམ་འདུག་ཚུལ་གཅིག་ཏུ་བསྟན་པས་གྲོལ་བ་མཐར་ཕྱིན་པའོ། །ལྡོག་པའི་ངོ་སྤྲད་པའི་ལེའུ་སྟེ་བརྒྱད་པའོ།། །།ལོག་པ་རང་གི་མཚན་ཉིད་ནི། འདས་པ་གསུམ་དུ་ངོ་སྤྲད་པ་སྟེ། སྐུ་ལས་འདས་པའི་ཡེ་ཤེས་ཁོང་གསུམ། ཡུལ་ལས་འདས་པའི་ཆོས་སྐུ་མཁའ་ཁྱབ་དྭངས་པ། གཉིས་མེད་ལས་འདས་པའི་རིན་པོ་ཆེ་མན་ཤེལ་དྭངས་པའི་མཆོད་རྟེན་ལྟ་བུ། སྟོན་པ་གསུམ་གྱི་འཁོར་བར་འཁྱམས་པ་ཚོར་ནས་ཆོས་སྐུ་བཙལ་བར་བསམ་རྡུགས་ཀྱི་ལྷ་ཁང་དུ་སླེབ་ནས་འགྲོ་ས་མ་རྙེད་པ་དེ་ཡ་ཆ། ཐོག་མའི་སྟོན་པ་འོད་མི་འགྱུར་བས་གཅུང་པོ་གཉིས་ལ་བོས་པ། ཀྱེ་ཀྱེ་གྲོགས་པོ་བསམ་རྡུགས་ཀྱི་ལྷ་ཁང་དུ་སླེབ་པས་འགྲོ་ས་མེད་པ་ཡ་ཆ། ཆོས་སྐུ་མཁའ་ཁྱབ་དྭངས་པས་བཙལ་བ་ཡ་ཆཆོས་སྐུ་བསྒྲུབས་པསའབྲས་བུ་སྟོར་བ་ཡ་ཆ། རྩོལ་སྒྲུབ་མང་པོ་བྱས་པས་དྲི་མས་གཏུམས་པ་དེ་ཡ་ཆ། དེ་སྐད་ཅེས་གསུངས་པས། སྟོན་པ་འོད་སྲུངས་ཀྱི་ཞལ་ནས། རང་རིག་པ་རང་ལ་ཤར་བས་ཆོས་ལས་འདས་པ་ཡ་ཆ། ཡེ་ཤེས་ཁོང་གསལ་རྟོགས་པས་བསམ་དུ་མེད་པ་ཡ་ཆ། ཆོས་སྐུ་མཁའ་ཁྱབ་དྭངས་པར་ཆས་ཡིན་པས་བཙལ་དུ་མེད་པ་ཡ་ཆ། བསྒྲུབས་པས་མ་རྙེད་རང་ལ་ཡོད་པ་ཡ་ཆ། ཡེ་ཤེས་རང་གྲོལ་དུ་ཤར་ནས་སྟོན་པ་གསུམ་དུས་གཅིག་ལ་རྩོལ་སྒྲུབ་པ་མ་རྟེན་པར་སངས་རྒྱས་པ་ནི་ཡ་ཆ་གསུང་ངོ་། །སྟོན་པ་མར་མེ་མཛད་ཀྱི་ཞལ་ནས། ང་ནི་མཐའ་གཉིས་ཟད་པ་སྟེ་འབྱུང་བ་འོད་དུ་སྣང་བ་ནི་རང་གི་གདངས་ཡིན་པས།ཉོན་མོངས་བག་ཆགས་ལས་ཀྱི་སྒྲིབ་པའི་མཐའ་ཟད་པ་དེ་ཡ་ཆ། འཛིན་པ་ཡེ་ཤེས་ཁོང་གསལ་ཆེན་པོའི་རྩལ་དུ་ཤེས་པས། ཤེས་བྱའི་སྒྲིབ་པ་ལས་ཀྱི་མཐའ་ཟད་པ་དེ་ཡ་ཆ། ཆོས་སྐུ་མཁའ་ཁྱབ་དྭངས་པ་རང་ཆས་ཡིན། ལས་ཀྱི་སྒྲིབ་པ་མཐའ་ཟད་པ་ཡ་ཆ། ཕུང་པོ་བོར་བས་དུས་ཀྱི་མཐའ་ཟད་པ་ཡ་ཆ། བར་དོ་མེད་པར་ཡེ་ཤེས་ཁོང་གསལ་དུ་ཐིམ་པས། ལས་ཀྱི་མཐའ་ཟད་པ་ཡ་ཆ་གསུངས་སོ། །སྟོན་པ་གསུམ་གྱི་དགོངས་པ་མདོར་བསྡུས་པའི་ལེའུ་སྟེ་དགུ་པའོ།། །།རྩ་བ་ཐམས་ཅད་རང་བྱུང་ལ་འདུས་པས་རྩོལ་སྒྲུབ་ལས་འདས་པ་བསྟན་པ་ཡིན། ཡེ་ཤེས་ཁོང་གསལ་དུ་རྟོགས་པས་མཚན་མ་ཆོས་ལ་འདས་པ་ཡིན། ཆོས་སྐུ་མཁའ་ཁྱབ་ཏུ་འདུས་པས་འབྲས་བུ་མ་བསྒྲུབས་པར་སངས་རྒྱས་པར་བསྟན་པའོ། །ཕྱིའི་སྣང་བ་ལྷ་དང་ལྷ་མོ། བུམ་པ་བསྐྱེད་པའི་རིམ་པ་རང་སྣང་ཐོགས་མེད་དུ་ངོ་སྤྲད་པས། ཕྱིའི་དབང་ཐམས་ཅད་དུས་གཅིག་ཏུ་ཐོབ་པ་ཡིན། ནང་རིག་པ་ཁོང་གསལ་དུ་ཤེས་པས་ཐབས་དང་ཤེས་རབ་ཀྱི་སྤྱན་གསལ་བས། ཐབས་དང་ཤེས་རབ་ཀྱི་དབང་སྐད་ཅིག་མ་ལ་ཐོབ་པ་ཡིན། གསང་བ་ཕྱི་ནང་མེད་པར་ཆོས་སྐུ་མཁའ་ཁྱབ་ཏུ་རྟོགས་པས། གསང་བ་ཡེ་ཤེས་ཀྱི་དབང་སྐད་ཅིག་མ་ལ་ཐོབ་པ་ཡིན། དེ་རྣམས་བླ་མས་བསྟན་ན་མི་གོ་མི་སྲིད་པར་བསྟན་པས་ཚིག་དབང་རིན་པོ་ཆེའི་དབང་དུས་གཅིག་ལ་ཐོབ་པ་ཡིན་ནོ། །དབང་བསྐུར་བའི་ལེའུ་སྟེ་བཅུ་པའོ།། །།རང་བྱུང་ཡེ་ཤེས་ཆེན་པོ་ལ། །རང་གདངས་སྣ་ཚོགས་རིགས་ལྔ་སྣང་། །སྣང་བ་ཡིན་པར་ཐག་ཆོད་པས། །ལྷ་ཡི་བསྐྱེད་རིམ་སྐད་ཅིག་གིས་རྫོགས། །མ་བྲིས་དཀྱིལ་འཁོར་རང་སྣང་བས། །དཀྱིལ་འཁོར་གཞལ་ཡས་ཁང་སྒོམ་པ་སྐད་ཅིག་ཙམ་ལ་རྫོགས། །རྫོགས་པའི་ངང་ལ་མི་འདའ་བས། །དམ་ཚིག་ཐམས་ཅད་དུས་གཅིག་བསྲུངས། །ཡེ་ཤེས་ཁོང་གསལ་མི་འགྱུར་དྲན། །སྔགས་ཀྱི་འཛབ་འདྲེན་དུས་གཅིག་ཐོན། །དེ་ཡི་དོན་ལ་ཡེ་གནས་གསལ། །བསྲུང་མཚམས་ཐམས་ཅད་དུས་གཅིག་བསྲུངས་པ་ཡིན། །ལྷ་རྣམས་བསྐྱེད་དང་དཀྱིལ་འཁོར་སྒོམ་པ་དང་། །དམ་ཚིག་བསྲུང་དང་སྔགས་ཀྱི་འཕྲོ་འདུ་དང་། །བསྲུང་བ་མཚམས་ཀྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།སྟོན་པ་གསུམ་གྱི་རྫ་མཁན་གྱི་བུ་མོ་ཐམས་ཅད་སྲོག་གཅད་ནས་གཅིག་པུ་རབ་ཏུ་ཆེ་བའི་ལྷའི་གམ་དུ་བསྐྱལ་བ་དེ་ཡ་ཆ། སྲོག་གཅད་པ་དང་བདུད་གཅད་པའོ། །ཀུན་ཏུ་བཟང་པོ་ལ་བདུད་ཞུགས་པའི་དུས་སུ། འཁྲུལ་སྣང་ལོངས་སྐུར་འ་ས་པ་ཚོར་ནས། སྟོན་པ་འོད་སྲུངས་དང་བསྒྲོས་པས་མི་ཐུབ་པར་གཟིགས་ནས་རང་སྲོག་རང་གིས་གཅད། རང་བདུད་རང་གིས་བཅད་ནས་མཁའ་ཁྱབ་དངས་པའི་དུར་སར་ང་ཕུང་པོ་ལྷག་མ་མེད་པར་མྱ་ངན་འདས་ཕྱི་འོང་མ་ནུས་པ་ཡ་ཆ། དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དང་། སངས་རྒྱ་འོད་གྲུངས་མཇལ་ནས་བསྒྲོས་པས་ཁོང་གཉིས་གྲོགས་པོ་བྱས་པས་སྟོན་པའི་ས་བཟུང་ནས་འཁོར་རིགས་ལྔ་ལ་ཆོས་སྟོན་པ་ཡ་ཆ། དེ་ནས་སློབ་དཔོན་དགའ་རབ་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་སེམས་དཔའི་སྤྲུལ་པ་ཁྱེའུ་སྣང་བ་དམ་པ་ཞེས་བྱ་བས། སྟོན་པ་འོད་སྲུངས་ཞེས་བྱ་བ་དེ་བར་དུ་ངོ་མ་ཤེས་ནས་ལྟ་སྒོམ་ཞེཞེས་སྤྱད་པས་འགྲོ་དྲུག་ཏུ་འཁྱམས་པ་ཡ་ཆ། དེ་ནས་སྟོན་པ་དགའ་རབ་རྡོ་རྗེས་ཀུན་ཏུ་བཟང་པོའི་ལུང་བསྟན་ཐོབ་ནས། སྟོན་པ་འོད་སྲུངས་དང་མར་མེ་མཛད་གཉིས་ཀྱི་ཞལ་གཟིགས་ནས་སྟོན་པ་གཉིས་ལ་མ་ཆགས་པར་སྤྱད་ཀྱིས་སོང་བ་ཡ་མཚན་ཆེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ། ཐིག་ལེ་འདུས་པ་མན་ངག་གི་རྒྱུད། སྟོན་པ་གསུམ་དྲུག་གི་བདར་ཤ་བཅད་པ། ཁམས་གསུམ་སེམས་ཅན་ལ་ངོ་སྤྲོད་བྱས་པས་ལྟ་སྒོམ་ལ་རག་མ་ལུས་པ་སྐུ་གསུམ་བཀོག་བཞེངས་འཁོར་བ་དོང་སྤྲུགས། མངལ་ཁ་རྒྱས་འདེབས། བརྡ་ཆོས་ཡང་དག་པ་ཟང་བཅས་ཕུང་པོ་ལ་སྐུ་གསུམ་ངོ་སྤྲོད་ནས་འཇོག་པ། བར་མ་དོ་མེད་པར་སངས་རྒྱས་ཁོང་གསལ་དུ་སངས་རྒྱ་བ་འབྲས་བུ་དུས་ཟད་པས་ཐོབ་པ། ལས་ཀྱི་མཐའ་ཟད་པས་སངས་རྒྱ་བ། ཐམས་ཅད་དུ་ངོ་སྤྲོད་དུ་བསྟན་པ། གཞི་དང་། འཁྲུལ་ཚུལ། གནས་ཚུལ། ལྡོག་ཚུལ། ལོག་པ་རང་གི་མཚན་ཉིད་བསྟན་པ། ཐིག་ལེ་འདུས་པའི་རྒྱུད་རྫོགས་སོ།། །།རྒྱ་གར་སྐད་དུ། ཏི་ལ་གུ་རྒྱ་ནཱ་མ་ཏནྟྲ་བོ་དྷི་ས་ཏྭ་ཙཀྟ་ཏནྟྲ་ནཱ་མ། བོད་སྐད་དུ། ཐིག་ལེ་གསང་བ་ཡང་གཏེར་ཞེས་བྱ་བའི་རྒྱུད། བྱང་ཆུབ་སེམས་དཔའ་སྤྱན་གྱི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་