Ngb-pt-0506-vol-06-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

དྷརྨ་ཀྭ་ཡ་མ་ཧྭ་ནཱ་མ། འཁོར་འདས་ཐམས་ཅད་ཆོས་དབྱིངས་ཆེན་པོའི་ཀློང་། །སྣང་སྲིད་ཐམས་ཅད་ཡེ་ཤེས་ཆེན་པོའི་གདངས། །སྣོད་བཅུད་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་། །སྐྱེ་ཤི་ཐམས་ཅད་རྒྱལ་བ་ཆོས་ཀྱི་སྐུ། །བདེ་སྡུག་བསྔལ་ཐམས་ཅད་ཤེས་རབ་གསལ་བའི་གདངས། །ཆགས་ཞེན་ཐམས་ཅད་རང་བྱུང་རིག་པའི་རྩལ། །སྣང་གསལ་ཐམས་ཅད་རང་བྱུང་ཡེ་ཤེས་བཀྲག །གཉིས་སྣང་འཁོར་བ་སྤྲོས་པ་བྱང་ཆུབ་སེམས། །ཡུལ་ལྔར་འབར་བ་དྭངས་མེད་ཤེས་རབ་གསལ་བའི་གདངས། །ཁམས་གསུམ་འཁོར་བའི་རིག་པ་རང་བྱུང་གི་གདངས། །སྐུ་དང་ཡེ་ཤེས་ཤེས་རབ་ཀྱི་གདངས། །འཇིག་རྟེན་ཞབྲུལ་པ་ཡིད་བློ་རིག་པའི་རླངས། །འདས་པའི་བསམ་བློ་ཤེས་རབ་རླངས། །དངོས་མེད་སྣང་བ་རྒྱལ་བ་ཆོས་ཀྱི་སྐུ། །སྣང་མེད་གསལ་བ་ཤེས་རབ་ཡེ་ཤེས་ཀྱི་འོད། །ཕྱོགས་མེད་འཆར་བ་རིག་པ་རང་བྱུང་གི་འགྲོས། །སྤྲོས་མེད་་་་་་་ཁྱབ་པ་བྱང་ཆུབ་སེམས་ཀྱི་ཀློང་། །ལྟ་བའི་མཁན་པོ་དངོས་མེད་ཀུན་ཏུ་སླ། །དཔེ་ནམ་མཁའ་དྭངས་པ་དང་འདྲ། །སྒོམ་པའི་མཁན་པོ་རང་བྱུང་ཡེ་ཤེས་དྭངས་ཏེ་ཀུན་ཏུ་སྒྲིབ་མེད་ཀུན་ཏུ་ཤར། དཔེར་ཉི་མའི་གཉེན་པོ་དང་འདྲ། །སྤྱོད་པའི་མཁན་པོ་བྱང་ཆུབ་སེམས་ཀྱི་ངང་སྟེང་དུས་གསུམ་རྒྱུན་ཆད་མེད། །དཔེ་ཆུ་བོའི་གཞུང་དང་འདྲ། །ཡོན་ཏན་གྱི་མཁན་པོ་རིག་པ་རང་བྱུང་ཀློང་སྟེ། །མ་ལུས་ཐམས་ཅད་འབྱུང་། །དཔེ་ནམ་མཁའི་ཆོ་འཕྲུལ་རང་འདྲ། །འབྲས་བུའི་མཁན་པོ་ཀུན་གཞི་ཆོས་ཀྱི་དབྱིངས་ཏེ་འཕེལ་འགྲིབ་འགྱུར་བ་མེད། །དཔེ་རིན་པོ་ཆེ་གསེར་གླིང་དང་འདྲ། །ཆོས་སྐུའི་རྒྱལ་པོ་སྣ་ཚོགས་སྣང་ཡང་། །ངོས་ཟུང་མེད་པའོ། །དཔེར་ནོར་བུ་རིན་པོ་ཆེ་དང་འདྲའོ། ཁྲེས་རབ་རྒྱལ་པོས་ཐམས་ཅད་མཁྱེན་པ་དང་འབྱེད་པ་མེད་པའོ། །དཔེ་ཉི་མའི་སྙིང་པོ་དང་འདྲ། །ཡེ་ཤེས་ཀྱི་རྒྱལ་པོས་ཐམས་ཅད་གསལ་ཏེ་ཁ་དོག་མེད་པའོ། །དཔེ་བར་སྣང་ལ་ཉི་མ་ཤར་བ་དང་འདྲ། །བདེ་བའི་རྒྱལ་པོ་ཆོས་དབྱིངས་ཀློང་སྟེ་གོས་པ་མེད་པའོ། །དཔེ་རིན་པོ་ཆེ་ཤེལ་གྱི་བུམ་པ་དང་འདྲ། །རྟག་པའི་རྒྱལ་མོ་ཆོས་ཀྱི་སྐུ་སྟེ་དངོས་པོ་མེད་པའོ། །དཔེ་ནམ་མཁའི་ཀློང་ལྟ་བུའོ། །དངོས་པོར་སྣང་བའི་བཙུན་མོ་སྟོང་ཉིད་ཡུམ་སྟེ་ཐམས་ཅད་ཆོས་དབྱིངས་སོ། །དཔེ་ཆུ་དང་འཁྱག་པ་དང་འདྲ། །མ་རིག་རྒྱལ་པོའི་བཙུན་མོ་རང་བྱུང་ཡེ་ཤེས་ཡུམ་སྟེ་ཐམས་ཅད་དབྱེར་མེད་ཀློང་། །དཔེ་རྒྱ་མཚོའི་ཆུ་གཟུགས་དང་འདྲ། །སྡུག་བསྔལ་རྒྱལ་པོའི་བཙུན་མོ་སྤྲོས་མེད་ཆོས་དབྱིངས་ཡུམ་སྟེ་རང་བཞིན་གྲུབ་མེད། །དཔེ་ནམ་མཁའི་ཆོ་འཕྲུལ་དང་འདྲ། །རེ་དོགས་འདོད་པའི་བཙུན་མོ་བདག་མེད་སྟོང་གསལ་ཡུམ་སྟེ་ཕྱོགས་མེད་བརྡལ་བའོ། །དཔེ་རིན་པོ་ཆེ་གསེར་གླིང་དང་འདྲ། །ཆགས་པས་བསྡམས་པའི་བཙུན་མོ་དངོས་མེད་རང་གསལ་ཡུམ་སྟེ་མ་བཅོས་སྒྲིབ་མེད། །དཔེ་མེ་ཏོག་འདམ་ནས་སྐྱེས་པ་དང་འདྲ། །ང་བདག་རྒྱལ་པོའི་བཙུན་མོ་ཕྱོགས་མེད་ཀློང་ཡངས་ཡུམ་སྟེ་དངོས་པོ་མེད་པའོ། །དཔེ་ནམ་མཁའི་འབྲུག་དང་འདྲའོ། །ཆོས་ཀྱི་དབྱིངས་ཀྱི་བློན་པོ་དུས་གསུམ་སངས་རྒྱས་ཀྱི་སྐུའི་དབྱིངས་ཏེ་ཁ་དོག་མེད་པའོ། །དཔེ་སྐོས་ཕོར་ནང་གི་ཚ་ཚྭ་དང་འདྲ། །ཀུན་གཞི་སྟོང་གསལ་གྱི་བློན་པོ་ཤེས་རབ་གསལ་བའི་བཀྲག་སྟེ་དངོས་བསམ་རྫས་སུ་མེད། །དཔེ་མེ་ལོང་ནང་གི་གཟུགས་བརྙན་དང་འདྲའོ། །བྱང་ཆུབ་སེམས་ཀྱི་བློན་པོ་རིག་པ་རང་བྱུང་ཟེར་ཏེ་རྒྱུ་རྐྱེན་གྲུབ་པ་མེད། །དཔེ་བར་སྣང་གི་སེར་བུ་དང་འདྲ། །གསལ་གདངས་ཐིག་ལེའི་བློན་པོ་རྣམ་པར་ཤེས་པ་བརྒྱད་དེ་ཕྱོགས་དང་རང་བཞིན་མེད། །དཔེ་འོད་དང་ཟེར་དང་འདྲ། །འཁྲུལ་པ་ཡིད་བློའི་བློན་པོ་སྣང་གསལ་སྒོ་ལྔའི་གདངས་ཏེ་སྟོང་ལ་སངས་པར་གནས་ཏེ། །དཔེར་ན་བར་སྣང་ལ་འཇའ་ཤར་བ་དང་འདྲ་སྟེ། །ཀུན་གཞིའི་སྲས་པོ་ཚངས་པའི་རིག་བྱ་སྤྲོས་པ་མེད་པའོ། །དཔེ་ཤིང་བལ་གྱི་འདབ་མ་དང་འདྲ། །ཡེ་ཤེས་ཀྱི་སྲས་པོ་སྒྲོན་མེའི་གདངས་ཏེ་སྣང་བ་རང་གྲོལ་དུ་ཤར། །དཔེ་ཆུ་དང་གཟའ་སྐར་དང་འདྲ། །སེམས་ཉིད་ཀྱི་སྲས་པོ་ཙཀ་ཀྲའི་སྒྲ་སྟེ་སྟོང་ལ་རང་སངས་སོ། །དཔེ་བྲག་ཆའི་སྒྲ་སྙན་དང་འདྲ། ཁོ།ས་རབ་ཀྱི་སྲས་པོ་པདྨའི་རོ་སྟེ་ཆགས་པ་རང་གྲོལ་ལོ། །དཔེ་ཕོ་མོའི་དགའ་བདེ་དང་འདྲ། །རིག་པའི་སྲས་པོ་རླུད་སྒྲོམ་ཧཱུཾ༷་སྟེ་རང་བྱུང་འཆར་བའོ། །དཔེ་བར་སྣང་གི་སེར་བུ་དང་འདྲའོ། །ཡང་ཆོས་ཀྱི་དབྱིངས། །མ་བྱང་རྣམ་དག་བྱང་ཆུབ་ལམ། །ཐིག་ལེ་སྤྲོས་བྲལ་ཡེ་ཤེས་རྩལ། །ཐམས་ཅད་རྫོགས་པ་ཀློང་ཡངས་ཆེ། །བདེ་བ་བྱང་ཆུབ་སེམས་ཀྱི་རྒྱུད་རྫོགས་སོ།། །།