Ngb-pt-0453-vol-05-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱས་ནས་འཁོར་བ་དོང་སྤྲུགས་ཟེར་བ་དེ་ཡ་ཆ། སྔོན་དྲང་གྲོང་རྒན་པོ་རླུང་གི་རྟ་སྐྱའོ་སྲབ་མེད་ལ་ཤོན་ནས་གྲོང་ཁྱེར་ཐམས་ཅད་སྒོ་ཚངས་ལ་འོངས་ཏེ། དེ་ཅི་འདུག་པ་འདོད་དུ་འོང་བ། སུས་ཀྱང་རྒན་པོ་བསད་པས་མ་སོད་པས། སློབ་དཔོན་དེས་རྟ་སྐྱའོ་དེ་སྒྲོག་སུམ་སྦྲེལ་དུ་བཅུག་པས་རྒན་པོ་ཀུན་དགའ་གསལ་སྐུ་གསུམ་བརྩེགས་པའི་བརྩེ་མོར་སོང་ནས། འཁོར་བའི་སྒོ་རུ་འཇུག་ཐག་ཆོད་ཟེར་ཏེ་དེ་ཡ་ཆ།ཞེས་གསུངས་སོ། །འབྲུ་བཤད་ལས་ཀྱི་འཁོར་ལོ་ལས། འཁོར་ལོ་རྒྱུན་གཅོད་བརྡའི་སྐབས་ཏེ་སོ་བཞི་པའོ།། །།འབྲུ་བཤད་ལས་ཀྱི་འཁོར་ལོ་འདི། །གསང་བར་འོས་ཀྱིས་མི་ལ་མ་བསྟན་ཅིག །གསང་བར་གཉེར་སྣོད་སྣོད་མེད་ཀུན་ལ་གསང་། །ཕྱི་རུ་གསང་བའི་ལས་འབྲས་འདི་ནས་བཀྲལ། །ནང་དུ་གསང་བའི་བསྐྱེད་རྫོགས་ལས་འབྲས་འདི་རུ་བསྟན། །གསང་བའི་གསང་བ་བླ་མེད་ལས་འབྲས་རང་གྲོལ་འབྲས་བུ་བསྟན། །གསང་བ་དང་ནི་ཕྱི་ནང་གསང་བ་གསུམ། །གབ་པ་ལ་ནི་ཕྱི་ནང་གསང་བ་གསུམ། །སྦས་པ་ལ་ནི་ཕྱི་ནང་གསང་བ་གསུམ། །ཐིག་ལེ་ལ་ཡང་ཕྱི་ནང་གསང་བ་གསུམ། དེ་བཞིན་འདི་རུ་ཐམས་ཅད་འདུས་པ་ཡིན། །ཞེས་གསུངས་སོ། །འབྲུ་བཤད་ལས་ཀྱི་འཁོར་ལོ་ལས། འཁོར་བ་རྒྱུན་གཅོད་རྒྱུན་འབྱུང་ལས་གདམས་པའི་སྐབས་ཏེ་སོ་ལྔ་པ་རྫོགས་སོ།། །།བྱང་ཆུབ་སེམས་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །སེམས་ཀྱི་དབྱིངས་ནས་རིས་པའི་བཅུད་ཤར་བས། །ཐམས་ཅད་གཅིག་ཏུ་སྦྱོར་བས་རྒྱལ་བ་ཀུན་གྱི་མེས། །མི་འགྱུར་རྟག་པར་བཞུགས་པས་གཡུང་དྲུང་བྱང་ཆུབ་སེམས། །མ་བསྒྲིབས་གསལ་བར་ཤར་བས་མི་ནུབ་རྒྱལ་མཚན་ཏེ། །སྐྱེ་འཇིག་འདུ་འབྲལ་མེད་པས་གསང་ཆེན་རྡོ་རྗེའི་ཕྱིར། །མཁའ་ལྟར་དག་ཅིང་མ་བསྒྲིབས་ཀུན་ལ་ཤར། །བདེ་ཆེན་མཉམ་པར་གཞག་པས་ཀུན་བྲལ་ཇི་མ་ཡངས རིག་པས་མཚོན་དུ་མེད་པས་ཡོད་མཐའ་ཀུན་དང་བྲལ། །མ་བསྒྲིབས་གསལ་བར་ཤར་བས་མེད་མཐའ་ཀུན་དང་བྲལ། ཡོད་མེད་གཉིས་ལས་བྲལ་བས་བརྗོད་པའི་ཚིག་དང་བྲལ། །མ་ནོར་ངེས་པར་མཐོང་ན་བདེ་བ་ཆེན་པོའི་གནས། །མྱ་ངན་འདས་པ་གསང་བ་བྱང་ཆུབ་ཀྱི་སེམས་ཉིད་བདེ་བ་ཆེན་པོའི་ནང་ཉིད་དུ་བསྟན་ཏེ། བདེ་བ་མཆོག་གི་ལོངས་སྤྱོད་བསྟན་པས་འགྲུབ། །མི་གཉིས་བདེ་མཆོག་བླ་ན་མེད་པ་ནི། །རང་སྲོག་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་མིན། །དགོངས་བའི་ཁྱད་པར་ཇི་སྙེད་བསྟན་པ་ཡང་ རང་སེམས་རྟོགས་ལས་དགོངས་པ་ཐམས་ཅད་གསལ། །ལྟ་བའི་ཁྱད་པར་ཇི་སྙེད་བསྟན་པ་ཡངས། །རང་སེམས་མཐོང་བས་ལྟ་བ་ཐམས་ཅད་བསལ། །སེམས་ནི་མེད་པའི་རྒྱུ་ལས་འོད་གསལ་བ། །གསལ་བས་མ་མཐོང་ཅི་ཡང་མེད། །དེ་ཉིད་འདྲེས་བའི་དཀྱིལ་འཁོར་ལ། །ཡོད་མེད་གཉིས་སུ་བསྟན་དུ་མེད། །དང་པོར་མེད་པའི་རྒྱུ་ཡིན་ན། །དེ་ལ་རྟོག་པའི་རྫས་ཅི་ཡོད། །རྩ་བ་འདུས་པའི་བདུད་རྩི་དེ། །སྐྱེ་ཤི་མེད་པའི་གཏེར་དུ་བསྟན། །འཁོར་བ་རྒྱུན་ཐག་གཅོད་པའི་གྲི། །ཡེ་ཤེས་སྐྲུ་གྲི་ཆེན་པོ་ཡིས། །ཐ་སྙད་ཐམས་ཅད་རྩད་ནས་གཅོད། །ཐམས་ཅད་བདུད་རྩི་ཡིན་པར་ནི། །བདེ་བ་ཆེན་པོའི་ཐུགས་ལ་གནས། །མི་འགྱུར་ལུང་གི་སྙིང་པོ་ནི། །ཐོག་མ་མེད་པའི་དབྱིངས་ནས་གསལ། །མཐོང་བ་མེད་པས་ཆོས་ཀྱི་སྐུ། །བདེ་ཆེན་ཁྱལ་པར་གསལ་བས་ལོངས་སྤྱོད་རྫོགས་པའི་སྐུ། །སྒྱུ་མའི་ཚོ་འཕྲུལ་ཅི་ཡང་སྣང་བས་ཐུགས་རྗེ་སྤྲུལ་བའི་སྐུ། །སྒྱུ་མའི་ཆོ་འཕྲུལ་ཇི་ལྟར་སྣང་བ་ཡང་། །ཟད་པ་མེད་པའི་ཀློང་ནས་ཤར་ནས་ཀློང་དུ་ནུབ། །བརྣག་པ་ཐུགས་ལས་རྡོལ་ནས་ཚད་མར་གོ་ནས་ནི། །གསུང་ཡང་སོ་སོར་ཡོད་མ་ཡིན། །བརྡ་དང་ཟུར་གྱིས་མཚོན་པ་བས། །ཡང་རྩེ་ལུང་གིས་སྤྱི་བརྡོལ་ཏེ། །རྡོ་རྗེ་རི་རབ་ལྷུན་རྩེ་ནས། །རྣམ་རྟོག་མེད་པའི་ཉི་ཤར་ཏེ། །འཁོར་བའི་འཛིན་པ་ཐམས་ཅད་ཀྱང་། །འཛིན་ཆགས་མེད་པའི་དབྱིངས་སུ་གྲོལ། །བཅོམ་ལྡན་འདས་ཀྱི་མཛོད་ཆེན་པོ། །མ་ནོར་བ་ཡི་བྱང་ཆུབ་སེམས། །དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱིས་གཏེར་གྱི་དབྱིག །མ་བཙལ་རང་ལ་རྙེད་པའི་ལུང་བསྟན་ཏོ། །རྣམ་དག་ཐམས་ཅད་འབྱུང་བའི་རྒྱུ། །རྣལ་འབྱོར་རྣམ་ཐར་ལྕགས་དགུ་ལ། །ལྡེ་མིག་གཅིག་གིས་དགུ་འབྱེད་ཅིང་། །ཡང་དག་གཏེར་གྱི་སྒོ་ཕྱེ་ནས། །ཟད་པ་མེད་པའི་དབྱིངས་ལ་སྤྱོད། །བཀའ་གསལ་ཐུགས་ཀྱི་ཐིག་པ་འདིས། །མི་མཆོག་སྣོད་རབ་རྣ་བརྒྱུད་དེ། །ཟླ་གསང་སེམས་ཀྱི་དཀྱིལ་འཁོར་ལ། ཁེན་ཏུ་གསང་བར་བཞག་པ་ཡིན། །མ་བཅོས་སེམས་ཀྱི་མན་ངག་འདི། །དབྱིངས་ནས་ཤར་ཅིང་མཁའ་ལ་ནུབ། །མི་འགྱུར་རྡོ་རྗེ་སྙིང་པོ་འདི། །བཙལ་བས་མ་རྙེད་རང་ལ་བྱུང་། །གདོད་ནས་དག་པའི་བརྩོན་འགྲུས་ལ། །རྣམ་རྟོག་བགེགས་ཀྱི་བྱ་བ་མེད། །རང་ལ་ཤར་བའི་ཡེ་ཤེས་ནི། །ཇེ་གསལ་ཇེ་གསལ་ནུབ་པ་མེད། ཁམས་གསུམ་ལས་འདས་བྱང་ཆུབ་རིན་པོ་ཆེ། །མཚན་མའི་དངོས་པོ་དུས་གསུམ་མི་སྣང་བས། །སྟོན་པས་བཙལ་ཀྱང་རྙེད་པར་ག་ལ་འགྱུར། །ཐིག་ལེ་ཆེན་པོ་ཆུབ་པར་གནས་པ་ནི། །ཡེ་ཤེས་སྙིང་པོ་འདི་ལས་གཞན་ན་མེད། །སེམས་ལ་དབང་ཐོབ་ཡེ་ཤེས་ལུང་དུ་ཤར། མན་ངག་གཏེར་དུ་སྨན་པས་འབྲས་བུ་ཀུན་གྱི་བཅུད། །སྐྱེས་བུ་བདེ་མཆོག་སུ་ཡི་བློ། །དུར་ཁྲོད་ཁུ་བྱུག་ཀློང་དུ་འཁྱེར། །འཁྱིལ་བའི་འཁྱིལ་བར་བསྟན་པ་ནི། །དགོངས་པ་ཀུན་གྱི་ཡང་ཐོག་ནས། །ཡེ་ཤེས་སྐུ་མཆོག་དཔལ་གྱི་སྐུ། །རང་གི་གནས་ཤེས་མཁའ་ལ་སྦས། ཁུབ་པའི་རྣལ་འབྱོར་དབྱིངས་ན་གནས། །རང་བཞིན་རྣལ་འབྱོར་མ་གཡོས་མ་གཡོས་ཏེ། །སྤྲུལ་པའི་རྣལ་འབྱོར་ཅི་ཡང་ཤར། །མང་པོར་སྐྱེས་ནས་གོང་བུར་སྒོམ། །དེ་ཉིད་བསྟན་པ་དབྱེ་ལ་སྡུད། །མང་པོར་བཅོས་ཀྱི་རང་སྤྲོས་ཏེ། །སྐུ་ཡི་དབྱིག་ཏུ་སྡུད་པའོ། །སངས་རྒྱས་སྲོག་གི་འཁོར་ལོ་ཆེ། །བདུད་རྩི་ངེས་པའི་ལུང་མེད་ན། །འཕགས་པའི་གདུང་བརྒྱུད་གཅོད་པར་ངེས། །འདིནིཙིསྟའིདཀྱིལའཁོར་ཡིན། །ཟུར་གསུམ་ཤེལ་གྱི་དཀྱིལ་འཁོར་ལ། །མཁས་བ་རྡོ་རྗེ་ཐིག་འདེབས་པ། །འདི་ནི་ལུང་གི་ཕུག་ཅེས་བྱ། །ཡུམ་བཞི་ཕྱག་རྒྱས་བཏབ་ནས་ཀྱང་། །རྡོ་རྗེ་ལྕགས་ཆེན་མཆེ་བ་དགུ། །གེ་སར་ལུབ་ཆུབ་བརླབས་ཀྱིས་བརློབ། །རང་བྱུང་དཔའ་པོའི་ཐུགས་ཀ་ནས། །གསང་བའི་ཡེ་ཤེས་མངོན་ཤར་བས། །འདི་ནི་བསྒྲུབ་བྱ་གཙོར་ཡིན་ཏེ། །བདུད་རྩི་ཞེས་ཀྱང་འདི་ལ་བྱ། །དུར་ཁྲོད་ཁུ་བྱུག་ཀློང་དཀྱིལ་ནས། །མེ་མར་གྱིས་ནི་ལུང་མནོས་ནས། །ལྕགས་ཀྱི་སྒྲིབ་བུར་གཏེར་བཅས་ཤིང་། །ཆུ་སྲིན་གདུག་པའི་ཁ་རྒྱུད་དེ། །སྤུ་གྲི་སོ་ནི་བཏབ་པ་ལ། །བསོད་ནམས་མཐར་ཕྱིན་རྣལ་འབྱོར་དང་། །འདུ་འབྲལ་མེད་པའི་དོན་རྟོགས་ནས། །དབྱིངས་ཀྱི་བདེ་ལ་རབ་གནས་ཤིང་། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །འདོད་དགུ་རང་ལ་འཆར་བའི་ཕྱིར། །ཇི་སྐད་སྨྲས་པ་འགྲོ་བའི་དོན། །ངེས་དོན་འདབ་གཤོག་རྒྱས་པ་ལ། །དཀྲི་དོན་དཔྱད་ཐག་ཅི་ལ་གཅེས། །གྲུབ་པའི་ནམ་འཕངས་ཆོད་པ་ལ། །གདོང་བསྒྲུབ་འདབགཤོགསྐྱོདམིདགོས། །བྱང་ཆུབ་སེམས་ནི་གཏན་བྱང་ལ། །སྦྱངས་བའི་གཉེན་པོས་སྦྱང་མི་དགོས། །ཡེ་ནས་རྣམ་པར་དག་པ་ལ། ཁྲིམས་ཀྱི་སྡོམས་པས་ཅི་ཞིག་བསྲུང་། །འབྲས་བུ་ལྟོས་པ་མེད་པ་བྱང་ཆུབ་སེམས་འདི་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བྱིན་གྱིས་བརླབས་ལས་བྱུང་བ་ཡང་མ་ཡིན། ཐབས་དང་ཤེས་རབ་ལས་རྟེན་ཏེ་འབྱུང་བ་ཡང་མ་ཡིན། རྒྱུ་འབྱུང་བ་ལྔ་ལས་སྐྱེད་པ་ཡང་མ་ཡིན། །རྟེན་ཅིང་འབྲས་བུ་སྐུ་གསུང་ཐུགས་ལ་ཡང་རྟེན་མི་འཆའ་འོ། །གནས་ནི་ཡང་དག་པའི་ཡེ་ཤེས་བྱ་བ་ཙམ་ལ་ཡང་མི་གནས་སོ། །པདྨ་གེ་སར་གྱི་གཞལ་ཡས་ཁང་པདྨ་གེ་སར་གྱི་ཀློང་། །བྱང་ཆུབ་སེམས་ཀྱི་དཀྱིལ་ནས་མ་ནོར་བའི་རཀྟ་ཤར་བའི་དུས་ན། །ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་དབྱེ་བ་མེད་པར་ལྷུན་གྱིས་གྲུབ་པའོ། །ཡིད་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱུར་པ་ནི། །བྱང་ཆུབ་ཀྱི་སེམས་ཡུལ་ཙམ་དུ་སྣང་ངོ་། །རྣམ་པ་གཅིག་ཏུ་འབྲས་བུ་གང་ལ་ཡང་ལྷོས་པ་མེད་པའི་བྱང་ཆུབ་ཀྱི་སེམས་ངོ་བོ་ཉིད་ཀྱིས་ལྷུན་གྲུབ་པས། ཆོས་ཀྱི་དབྱིངས་ལས་འབྱུང་བ་ཡང་མིན། །སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གྱིས་བྱིན་གྱིས་བརླབས་ལས་འབྱུང་བ་ཡང་མིན། ཐབས་དང་ཤེས་རབ་ལས་འབྱུང་བ་ཡང་མ་ཡིན། རྒྱུ་རྐྱེན་ལྔ་ལས་བསྐྱེད་དེ་འབྱུང་བ་ཡང་མ་ཡིན། དེ་དག་ཀུན་གྱི་བབ་ཀྱི་སྙིང་པོར་བྱང་ཆུབ་ཀྱི་སེམས་ཤར་ཏེ། སེམས་ལ་མཐོང་ཞིང་རྟག་ཏུ་མེད་པ་ན།ཕྱོགས་སུ་བལྟས་ཤིང་མིང་མེད་ཇི་ལྟར་ཡང་གདགས། རྩ་བའི་སྙིང་པོ་ལ་རྟག་ཏུ་གོམས་པར་བལྟའོ། །བྱང་ཆུབ་ཀྱི་སེམས་ཐིག་པ་ཉ་མོ་བག་ལ་ཉལ་རྫོགས་འཐུན་པའི་སྒོ་ནས་བསྟན། །རིག་པ་སོ།། །།རྒྱ་གར་གྱི་མཁན་པོ་ཤི་སིདྷ་དང་། བོད་ཀྱི་ལོ་ཙ་བ་བི་རོ་ཙ་ནས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཙིསྟ་པ་ས་མོ་བྷ་འོརྙ་ཡེ་ན་མ། བོད་སྐད་དུ། རིག་པ་ནམ་མཁའ་ལྟར་གསལ་བ་ཞེས་