Ngb-pt-0173-vol-02-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། ཀྲོ་དྷ་དེ་བ་ཏནྟྲ་མ་ཧྭ་ཀལྤ། བོད་སྐད་དུ། ཁྲོ་བོ་ལྷ་རྒྱུད་ཀྱི་རྟོག་པ་ཆེན་པོ། བཅོམ་ལྡན་འདས་རིགས་ལྔ་ཁྲག་འཐུང་འཁོར་རྒྱ་མཚོ་དང་བཅས་པ་ལ་ཕྱག་འཚལ་ལོ། །བདག་མེད་གཉིས་རྟོགས་སྒྲིབ་པ་གཉིས་བྲལ་ལས། ཐུགས་རྗེའི་སྤྲུལ་པས་འགྲོ་བ་མ་ལུས་སྒྲོལ། །ཡུལ་མེད་མ་སྐྱེས་བྱམས་པའི་ཆོས་དབྱིངས་ལས། །འཛིན་པ་མི་རྟོག་སྙིང་རྗེ་ཞི་ཆགས་ཁྲོ། །གཉིས་མེད་ངང་ལས་ཕྲིན་ལས་སྙིང་རྗེ་སྙོམས། །དཔལ་ཆེན་ཁྲག་འཐུང་མཆོག་ལ་ཕྱག་འཚལ་ལོ། །རྟོག་འཇོམས་སྤྱོད་པ་མཐུན་པས་འགྲོ་འདུལ་ཞིང་། །བརྡ་ཅན་ཡང་དག་ལེན་པས་དོན་གོ་ལ། །ལྷ་རྒྱུད་བརྗོད་པས་དངོས་གྲུབ་ཀུན་དང་འབྲེལ། །བཀའ་དོན་གཏན་ཚིགས་རིགས་པས་བརྗོད་པར་འོས། །ཞེས་བྱའོ། །ལུང་གསུམ་མན་ངག་གསུམ་དང་སྤྱི་དོན་གསུམ། །ལུང་གི་སྤྱི་གཅོད་མན་ངག་གདེངས་སུ་བྱ། །སྤྱི་ཁོག་བཅུ་གཉིས་དོན་གྱི་ཁོག་ཕུབ་ལ། །བཞི་བཅོམ་དྲུག་ལྡན་རྩིས་འགོས་ས་བཅད་དེ། །ཁྲོ་བོའི་རྟོག་པ་མཚན་མའི་གཉེར་གྱིས་བཤད། །འདི་ནི་ཁྲག་འཐུང་རྔམ་བརྗིད་རྒྱལ་པོའི་ལུང་། །ཞེས་ཚིག་ཉུང་ཞིང་མདོར་བསྡུས་ལ་དོན་མང་པོར་འབྱུང་བའི་མདོའི་སྡེ་ཞེས་བྱའོ། །དེ་ལ་བཤད་པ་ནི། ལུང་གསུམ་གྱིས་སྣ་དྲངས་ཏེ་གདང་སྐུ་བྱའོ། །མན་ངག་གསུམ་གྱིས་མཇུག་བསྡུས་ཏེ་བློ་ལ་བཞག་པའི་མན་ངག་ཏུ་བྱའོ། །སྤྱི་དོན་གསུམ་གྱིས་ལུང་ཐམས་ཅད་ཀྱི་སྤྱི་བཅད་དོ། །སྤྱི་དོན་བཅུ་གཉིས་དོན་གྱི་ཁོག་དབུབ་བོ། །བདུད་བཞི་བཅོམ་པས་ཡོན་ཏན་ཀུན་ལ་སྣང་བའི་བདུད་བཅོམ་མོ། །རྩིས་འགོ་དྲུག་གིས་ས་བཅད་དོ། །ཁྲོ་བོའི་རྟོག་པ་མཚན་མ་གཉེར་གྱིས་བཤད་པས་ནི་གོལ་ས་དང་སྒྲིབ་པ་སྤང་ངོ་། །ཡོན་ཏན་ཀུན་ལ་རྔམ་པས་བརྗིད་གཞན་ལ་སྣང་བརབྱ་ཕྱིར་རྔམ་བརྗིད་ཆེན་པོ་སུམ་ཅུ་རྩ་དྲུག་བསྟན་ནོ། །རྒྱལ་པོ་ཡིན་པའི་ཕྱིར། རྒྱལ་མཚན་གྱི་རྟགས་སུ་རིན་པོ་ཆེ་སྣ་བདུན་གྱིས་རྒྱལ་པོ་ཆེན་པོར་མངའ་གསོལ་ལོ། །ལུང་རྣམ་པ་གསུམ་སྤྱིར་དྲིལ་ཏེ་སྤྱད་དོ། །དེ་ལྟར་རྣམ་པ་བཅུར་གསེས་ནས། ད་ནི་ཕྱེ་བྱང་བུ་ངོ་བསྟུན་པས་གསེས་ནས་བཤད་དོ། །དེ་ལ་ལུང་གསུམ་ནི། ཞི་གནས་མི་རྟོག་དངོས་པོ་མཁའ་ཁྱབ་འདྲ། །ལྷག་མཐོང་མ་རྨོངས་མཁའ་ལ་གཟའ་སྐར་བཀྲམ། །རྡོས་བཅས་དོན་དང་བསྟུན་ཞིང་འཚམས་པར་བཤད། །ཏིང་འཛིན་ཤེས་རབ་བཀའ་ལུང་གསུམ་དུ་འདུས། །དེ་ལ་མན་ངག་གསུམ་ནི།བདག་ཏུ་མི་རྟོག་སྤྲུལ་པ་མཛད་ནས་འཐོན། །ཡུལ་དུ་མ་གྲུབ་གཞན་མེད་མཛོད་དུ་གཤེགས། །ཡུལ་སེམས་གཉིས་མེད་མ་སྐྱེས་དབྱིངས་སུ་གཅིག །ཉན་ཐོས་རང་རྒྱལ་སེམས་ཙམ་ཡོད་མན་ངག དེ་ལ་སྤྱི་དོན་གསུམ་ནི། མེད་རྒྱུ་བཏགས་ཆགས་བསྒྲུབས་འགྲུབ་བརྟས་པས་སྣང་། །སྤྱོད་མཐུན་ཁྲོ་དྲག་གདུག་པ་དཔའ་བོས་འདུལ། །རྟོག་འཇོམས་སྨད་རྫས་དང་ལེན་དངོས་གྲུབ་རྒྱུ། །འདི་ནི་ཁྲོ་བོ་སྤྱི་ཡི་དོན་དུ་བཤད། །དེ་ལ་སྤྱི་ཁོག་བཅུ་བཞི་ལ། །གང་ཁྲོ་གང་ལ་ཅིའི་ཕྱིར་གང་གིས་ཁྲོ། །གང་ཁྲོ་རྣམ་པ་བཞིར་ནི་ཤེས་པར་བྱ། །ངང་ཁྲོ་ཤུགས་ཁྲོ་ཁྲོ་བར་བཅས་དང་བཅོས། །རྟོགས་པས་ཐུགས་རྗེའི་རང་བཞིན་འདུལ་བའི་དབང་། །གང་ལ་སྙིང་རྗེ་ཁྲོས་ཏེ་ཡུལ་དང་གནས། །ལས་དང་འབྲས་བུ་སེམས་ཅན་གྲུབ་པ་པོ། །ལས་བཞི་ཡང་བྱུང་ཀྱི་འབྲས་བུ་སྐུ་གསུང་ཐུགས། །ཅི་ཕྱིར་རྒྱུ་དང་འབྲས་བུ་གཉིས་ལ་ནི། །དུག་གསུམ་མི་སྤང་ཤ་རུས་ཁྲག་ལ་རོལ། །གང་གི་རྒྱུ་ནི་ཧུ༷་དང་ཧ་ཧེ་ཕཊ། །གནས་ནི་སྟེང་འོག་མཁའ་སྟེ་ཡེ་ཤེས་སྐུ། །བསྐྱེད་ཐབས་ཆོ་འཕྲུལ་གསུམ་པོ་ཁྲོ་བོའི་སྐུ། །འབྲས་བུ་དཔལ་ཆེན་ཕྲ་མེན་འཁོར་གྱིས་བསྐོར། །ཕྲིན་ལས་དྲག་པོས་འགྲོ་བ་ཅིས་འདུལ་མཛད། །དེ་ལ་བདུད་བཞི་བཅོམ་པ་ནི། །ཚམ་རྔམས་དྲག་པོས་ལྷ་ཆེན་འདར་བསྒྱེལ་བརྫིས། །བརྟུལ་ཞུགས་རོལ་པས་རྡོས་བཅས་ཕུང་པོ་བཤིག །དུག་གསུམ་མི་སྤང་ཤ་རུས་ཁྲག་ལ་ཟ། །རྣམ་ཤེས་འཆི་མེད་རྒྱལ་བའི་གནས་སུ་སྟོབ། །དེ་ལ་རྩིས་འགོ་དྲུག་ནི། དབང་དང་རབ་ཏུ་ལྡན་པ་དང་། །དཔལ་དང་གཟུགས་དང་གྲགས་པ་དང་། །ཡེ་ཤེས་དང་ནི་ནན་ཏན་དང་། །དྲུག་དང་ཡང་དག་ལྡན་ཕྱིར་རོ། །དེ་ལ་དབང་བ་ནི། ཆགས་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ནི། །མཉེས་སྟོབས་ཡུམ་དང་འཇིགས་ཚུལ་སྐུ་ཡི་སྤྲུལ། །དྲན་མེད་ཐོད་པ་ཁམ་ཕོར་གཡང་གཞི་དང་། །ཁ་༷་རྒྱལ་མཚན་ཆེ་དང་ལྷ་ཆེན་དྲེགས་པ་གནོན། །དེ་ལ་དཔལ་དྲུག་ནི། བྱམས་པས་ཁྱབ་ལ་ཐུགས་དམ་དམིགས་ཀྱིས་སྒྲོལ། །ཐུགས་རྗེས་འགྲོ་བ་ཐམས་ཅད་བུ་ལྟར་དགོངས། །སྨོན་ལམ་དབང་གིས་འཁོར་བ་ཇི་སྲིད་བཞུགས། །གཞན་དོན་མཛད་པས་བདག་དོན་ལྷུན་གྱིས་གྲུབ། །ཡོངས་སུ་རྫོགས་པས་བདེ་བ་ཆེན་པོའི་དཔལ། །ཁྲོ་རྒྱལ་ཁྲག་འཐུང་དཔལ་ཆེན་རྣམ་དྲུག་ཡིན། །དེ་ལ་བདེ་བ་ཆེན་པོ་ཡོངས་སུ་རྫོགས་པའི་དཔལ་ནི། བསམ་གྱིས་མི་ཁྱབ་པ་བཞི་སྟེ།དེ་ཡང་གང་ཞེ་ན། སྐུ་གསུམ་ས་གསུམ་སེམས་དཔས་རྟོགས་དཀའ་བ། །མཁའ་ཁྱབ་སྤྲིན་བརྡལ་ཆར་འབབ་ཆུ་བོའི་རྒྱུན། །ཏིང་འཛིན་བསམ་ཡས་བོ་དྷི་ཐོགས་པ་མེད། །བསམ་ཡས་བསམ་ཁྱབ་མཁའ་ལ་གཟའ་སྐར་གསལ། །ཀླུ་མཐུ་འདུལ་ཕྱིན་ཀླུ་ལྔས་སྐུ་བརྒྱན་པ། །རྔ་ཆེན་གསུང་སྒྲ་བྱམས་དང་ཕོ་ཉའི་དབང་། །དུག་ལྔ་རྟོག་བཅས་འདུལ་བྱེད་རྒྱན་བྱས་པ། །ཁྲག་སྤྲུལ་གཡང་གཞི་ཁ་ཊ༷་དྲེགས་པ་གནོན། །དེ་ལ་གཟུགས་རྣམ་གཉིས་བཞིཡངབྱུངཔོ་ནི། །མི་ཐུང་བྱིས་པའི་གཟུགས་འདྲ་ལ། །ཨ་ནི་གོ་ལ་རྐང་ལག་རྟགས། །དྲང་སྲོང་ཁྲོས་པའི་ཆ་བྱད་ལ། ཁེན་ཏུ་སྐེམ་ཞིང་མཁྲང་བག་བྲི། །གནོད་སྦྱིན་སྙིལ་བག་མི་ཐུང་གཟུགས་ལ་ནི། །འདུལ་དབང་ཡི་དྭགས་སྲིན་པོ་འདྲ། །དེ་ལ་གྲགས་པ་ནི། བུརྙ་བོ་དྷིས་བསྟོད་ལ་སྲས་སྐྲུན་དགོངས། །གཏི་མུག་གཟེངས་བསྟོད་ང་རྒྱལ་གནོན་པར་གྲགས། །དེ་ལ་ཡེ་ཤེས་ནི། རྣམ་དག་དབྱིངས་མཁྱེན་འཁོར་བའི་སྐྱོན་དང་བྲལ། །འགྲོ་བའི་རྒྱུད་མཁྱེན་མྱ་ངན་མཐའ་ལས་འདས། །གཉིས་སུ་མེད་པར་མཁྱེན་པས་དབུ་མའི་ངང་། །མདོར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན། །དེ་ལ་ནན་ཏན་ནི། ནན་ཏན་སྙིང་པོ་ཟག་བཅས་ཟག་མེད་འདུ། །ནན་ཏན་ཕྲིན་ལས་འགྲོ་བའི་གནས་ནས་འདོན། །བསམ་ཡས་ནན་ཏན་འགྲོ་བ་ཆུད་མི་གསན། །ནན་ཏན་མཆོག་གི་མཆོག་ཏུ་ཤེས་པར་བྱ། །ད་ནི་ཁྲོ་བོའི་རྟོག་པ་བཤད་དེ། དེ་ཡང་མི་འདའ་རྒྱན་གྱི་ལུང་དང་། ཆེ་མཆོག་ཡོན་ཏན་གྱི་ལུང་། ཡན་ལག་རྟགས་ཀྱི་ལུང་གིས་བཤད་དེ། །དེ་ལ་མི་འདའ་བརྒྱན་གྱི་ལུང་ནི། གླང་ཆེན་འདུལ་སྟོབས་ཐེག་པའི་རྒྱན་ཞེས་པ། །བདུད་འཇོམས་སྨན་རྫས་གྲུབ་དང་ལྟ་བའི་གཞུང་། །སྟག་ནི་དཔའ་བརྟུལ་ཟ་བྱེད་རྒྱན་ཞེས་པ། །ཡེ་ཤེས་ཐུགས་རྗེ་ཕྲིན་ལས་རྒྱན་དུ་བསྟན། །སྦྲུལ་ནི་དཔའ་བརྗིད་མཉེན་ལྕུག་རྒྱན་ཞེས་པ། །འཇིགས་ཚུལ་གདུག་གནོན་འཁྲིལ་བའི་ཡུམ་ཞེས་བྱ། །ཐོད་ཕྲེང་དབང་ཆས་སྒྲོལ་བའི་རྒྱན་ཞེས་པ། །སྐུ་གསུམ་ཐེག་གསུམ་དུས་གསུམ་དབང་ཆས་སྒྲོལ། །གཡང་གཞི་ཚུལ་ཁྲིམས་གོས་ཀྱི་རྒྱན་ཞེས་པ། །བྱང་ཆུབ་སེམས་ཚུལ་དམ་ཁྲིམས་གོས་ཞེས་བྱ། །རཀྟ་ཐུགས་རྗེ་ཆགས་པའི་རྒྱན་ཞེས་པ། །མི་རྟོག་དབྱིངས་ནས་ཐུགས་རྗེའི་པདྨའི་སྤྱན། །གཟི་ཆེན་དོན་དམ་བཅུད་ཀྱི་རྒྱན་ཞེས་པ། །བཅུད་ཀྱི་ཐིག་ལེ་དོན་དམ་ཀུན་ཏུ་འོད། །ཐལ་བ་འདུལ་བྱེད་ཕྲིན་ལས་རྒྱན་ཞེས་པ། །ཡི་གེ་འཁོར་ལོས་མཚན་མ་ཐལ་བར་རློག །མེ་འབར་འཕྲོ་འདུ་སྲེག་ཀློང་དཀྱིལ་ནས་བཞེངས་པའོ། །ཡེ་ཤེས་ཐུགས་རྗེའི་དབྱིངས་སུ་ཕྲིན་ལས་ཏེ། །ཟད་པར་ཤེས་པ་མཐའ་འདས་དཀྱིལ་ཞེས་བྱ། །མེ་སྒྲ་སྒྲ་ཆེན་ཐ་དད་སྒྲ་ཞེས་པ། །ཆོས་སྐུས་ཁྱབ་དང་ཏིང་འཛིན་སྣ་ཚོགས་འཕྲོ། །རལ་པ་འཇིགས་ཤིང་ཁམ་ནག་འཕྱོ་བ་ནི། །ཡེ་ནས་ཆོས་ཉིད་དབང་དྲག་སྤྲུལ་པ་འཕྲོ། །སྐུ་མདོག་མཐིང་ནག་ནམ་མཁའི་རྒྱན་ཞེས་པ། །འདུལ་དབང་ཡོན་ཏན་མཐའ་མེད་དགོངས་པ་གཏིང་མི་དཔོག །ཅེས་བྱའོ། །དེ་ལ་ཁྲག་འཐུང་ཞེས་བྱ་བའི་སྒྲ་ནི་གོང་དུ་བཤད་པར་ཟད་དོ། །དེ་ལ་དཔལ་ཧེ་རུ་ཀ་སྐུ་མདོག་དང་ཕྱག་མཚན་ཅིར་ཡང་མ་ངེས་པར་འབྱུང་སྟེ། གང་ལྟར་བསྒྲུབས་ཀྱང་འགྲུབ་པའོ་ཞེས་བཤད་དོ། །དེ་ཡང་མཚན་ཉིད་མེད་པའི་ཕྱག་རྒྱ་དང་། །དེ་ལས་དངོས་འབྱུང་ཕྱག་རྒྱ་རྣམས། །ངེས་པ་མེད་པར་དཔའ་བོས་བཤད། །མཁས་པས་ཅི་དགར་བསྒོམས་ན་འགྲུབ་ཅེས་འབྱུང་། །འོན་ཀྱང་འདི་སྐབས་སུ་ཧེ་རུ་ཀ་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་དེ། དེ་ཡང་ཡན་ལག་རྟགས་ཀྱི་ལུང་གིས་བཤད་ན། གྲུབ་པ་རྟགས་ཀྱི་ཕྱག་རྒྱ་དང་། མཛད་པ་ལས་ཀྱི་ཕྱག་རྒྱ་དང་གཉིས་སོ། །དེ་ལ་གྲུབ་པ་རྟགས་ཀྱི་ཕྱག་རྒྱ་ནི། །དབུ་གསུམ་དུག་གསུམ་སྐུ་གསུམ་ལྷུན་གྱིས་གྲུབ། །ལྟ་སྤྱོད་རྣམ་པ་གསུམ་གྱིས་གྲུབ་པའི་རྟགས། །སྤྱན་དགུ་ས་གསུམ་སྐུ་གསུམ་ཡེ་ཤེསགསུམ། །བསྒྲུབ་མེད་ཐོབ་ཟིན་དམིགས་པའི་ཡུལ་ལས་འདས། །རྟག་ཆད་སྤྱན་གཉིས་མཐའ་སྤངས་དབུ་མའི་ངང་། ཁྲངས་གསུམ་སྲོག་ལ་མངའ་མཛད་ཏིང་འཛིན་གསུམ། །དེ་བཞིན་ཉིད་རྒྱུ་ཀུན་སྣང་ཞེས་བྱའོ། །སྒྲ་ཆེན་ཐ་དད་སྒྲ་དེ་ཆོས་སྐུ་ཏིང་འཛིན་སྙན། །ཞལ་གསུམ་རྣམ་ཐར་སྒོ་གསུམ་ལྷུན་གྱིས་གྲུབ། །ལྗགས་གསུམ་ཐེག་གསུམ་མཐར་ཕྱིན་ཤེས་པའི་རྟགས། །མཆེ་བཞི་ཕྲིན་ལས་མཐར་ཕྱིན་བཞི་ཡི་ཚུལ། །ཡེ་ཤེས་དྲུག་ནི་མཐར་ཕྱིན་ཕྱག་དྲུག་སྟེ། །ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ཕྱག་མཚན་དྲུག །ཞབས་བཞི་ལམ་བཞི་བགྲོད་པ་མེད་པར་ཐོབ། །དེ་ལ་མཛད་པ་རྟགས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི། །སྤྱན་དགུས་ས་དགུ་འདུལ་བའི་བྱེ་བྲག་གཟིགས། །སྤྱན་གསུམ་སྲིད་གསུམ་འགྲོ་རྒྱུད་སོ་སོར་མཁྱེན། །ཤངས་ནས་རླུད་བྱུང་སྤྲུལ་པས་སྟོང་གསུམ་འགེངས། །སྙན་དྲུག་འགྲོ་དྲུག་གནས་ནས་ཅི་གསོལ་གསན། །དབུ་གསུམ་སྲིད་གསུམ་མགོན་མཛད་སྐུ་གསུང་ཐུགས། །ཞལ་གསུམ་དབྱིངས་སུ་དུག་གསུམ་ཟད་པར་རྔུབ། །ལྗགས་གསུམ་ཐེག་གསུམ་བསྟན་པའི་གདངས་རང་སྒྲོགས། །ཁམས་གསུམ་ཉུག་བྱེད་རྡོ་རྗེ་སྲིན་པོའི་ལྕེ། །མཆེ་བཞི་སྐྱེ་ཤི་རྩད་ནས་གཅོད་པར་བྱེད། །ཕྱག་དྲུག་རྒྱུད་དྲུག་འཁོར་བ་གཏིང་ནས་འདོན། །ཕྱག་མཚན་ཕ་རོལ་ཕྱིན་དྲུག་འགྲོ་དོན་མཛད། །ཞབས་བཞིས་ཕྲིན་ལས་རྣམ་བཞིས་བགྲོད་མེད་སྒྲོལ། །ཡན་ལག་རྟགས་ཀྱི་ལུང་ནི་འདི་ལྟར་སྦྱར། །རྡོ་རྗེ་ཡེ་ཤེས་ཕ་རོལ་ཕྱིན་པ་ནི། །རང་བཞིན་མི་འགྱུར་ལས་ནི་འབིགས་ཤིང་འཇོམས། །ཆོས་སྐུ་མི་འགྱུར་རྟོག་དང་བག་ཆགས་སྲེག །ཡེ་ཤེས་ཡིན་ཕྱིར་དེ་ལ་དེ་སྐད་བྱ། །བྷརྙ་བཟོད་པའི་ཕ་རོལ་ཕྱིན་པ་ནི། །ཆོས་དབྱིངས་སྤྲོས་མེད་ཡེ་ཤེས་བཞི་དང་ལྡན། །ཡེ་ཤེས་དབྱིངས་རྟོགས་ཞེན་ཆགས་ཐུགས་རྗེ་སྐྱེ། །མཐའ་གཉིས་སྐྱོན་གྱིས་མི་སྦགས་བཟོད་པའི་མཆོག །ཁ་ཊ༷་སྟོབས་ཀྱི་ཕ་རོལ་ཕྱིན་པ་ནི། །དུག་གསུམ་སྒྲོལ་བྱེད་དྲེགས་པའི་ལྷ་བདུད་འཇོམས། །སྟོབས་གསུམ་སྲིད་གསུམ་ཡོངས་འདུལ་རྒྱལ་བའི་རྟགས། །ཀུན་ལ་མངའ་མཛད་འཁོར་རྣམས་དབང་དུ་སྡུད། །ཞིང་ཆེན་སྨོན་ལམ་ཕ་རོལ་ཕྱིན་པ་ནི། །འབོད་པའི་གཡབ་མོས་འཁོར་རྣམས་དབང་དུ་སྡུད། །སྤྱིན་པའི་བཟའ་བས་མཁའ་འགྲོ་ཚིམས་པར་བྱེད། །བརྡེགས་པའི་དབྱུག་པས་རྡོས་བཅས་ཕུང་པོ་བཤིག །རྟོགས་པའི་ཆོས་ཉིད་དྲན་མེད་ཡེ་ཤེས་ལྔཡིསབཟུང་། །ཇི་ལྟར་སྨོན་ལམ་འགྲུབ་པས་དེ་སྐད་བྱ། །ཐོང་གཤོལ་ཐབས་ཀྱི་ཕ་རོལ་ཕྱིན་པ་ནི། །ཉོན་མོངས་ཐུགས་རྗེས་ཐ་བ་རློག་མཛད་ཅིང་། །ཡེ་ཤེས་ཆོས་དབྱིངས་མཐའ་དང་བྲལ་བ་རྟོགས། །ཐབས་ཀྱི་སྐུ་གསུམ་ལྷུན་གྲུབ་སྤྲུལ་པ་འཕྲོ། །རྔ་ནི་ཤེས་རབ་ཕ་རོལ་ཕྱིན་་བསྟན་པ། །ཡུལ་མེད་ཆོས་སྐུ་རྣམ་དག་རྔ་ལོགས་ལ། །འཛིན་པ་བདག་མེད་རིག་པའི་དབྱུག་གུས་བརྡུངས། །གསུང་རབ་རྔ་སྒྲས་འགྲོ་བ་ཤེས་རབ་བསྐྱེད། །འཁོར་ལོ་བསམ་གཏན་ལྷག་པ་གསུམ་གྱིས་མཚན། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་གསུམ་དང་ལྡན། །བདག་མེད་སེམས་ལས་རིན་ཆེན་དགོས་འདོད་སྐོང་། །མི་ཟད་པར་ལྡན་སྤྱིན་པའི་ཕ་རོལ་ཕྱིན། །པདྨ་འདམ་སྐྱེས་མ་ཆགས་ཐུགས་རྗེས་སྤྱོད། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་ངང་དུ་བསྟན། །རལ་གྲི་ཡེ་ཤེས་ཐུགས་རྗེས་མཐའ་གཉིས་གཅོད། །རྩེ་གཅིག་ཏིང་འཛིན་གཉིས་ལ་བརྩོན་འགྲུས་མཛད། །དགྲ་སྟ་ཞགས་པ་ལ་སོགས་ཕྱག་མཚན་རྣམས། །རང་གཉེར་ལས་ཀྱི་བརྡ་མཚོན་ཆོས་སྐུ་རྟོགས་པར་བསྟན། །དེ་ལ་འདི་མན་ཆད་ཆེ་མཆོག་ཡོན་ཏན་གྱི་ལུང་གི་སྤྱི་དྲིལ་ཏེ་བཤད་པ་ནི། ཡོན་ཏན་གྱི་བརྗིད་ལས་ཕྲིན་ལས་ཀྱི་རྔོམ་སུམ་ཅུ་སོ་དྲུག་གིས་བསྟན་པ་ནི། དེ་ལ་སྐུའི་རྗོམ་བཞི་ལ་ནི། ནམ་མཁའི་རི་མོར་ཕྱག་རྒྱར་རྗོམ། །ཅིར་ཡང་འགྱུར་བའི་བཞུགས་ཐབས་རྗོམ། །ཟིལ་གྱིས་གནོན་པའི་གདན་ཡང་རྗོམ། །ཚམ་རྔམས་ཆེན་པོའི་སྟོབས་ལྡན་རྗོམ་སྟེ་བཞིའོ། །དེ་ཡང་ཀུན་རྫོབ་ཏུ་རང་བཞིན་མེད་པ་ནམ་མཁར་ལས་སྤྲིན་དེངས་པའི་ཚུལ་དང་། ལྷ་དང་འཕགས་པ་དང་ཚངས་པ་དང་། སྨོན་ལམ་དང་ཅིར་ཡང་འགྱུར་བའི་བཞུགས་ཐབས་ཀྱི་ཚུལ་དང་། སྲིད་པའི་འཁོར་ལོ་ཟིལ་གྱིས་གནོན་པ་དྲི་མེད་པདྨ་ཉི་ཟླ་འོད་ཀྱི་ཡོན་ཏན་རྟགས་ཏེ་གདན་ཁྲིའི་ཚུལ་དང་། །སྟོབས་ཆེན་བཅུའི་ཚུལ་རྣམས་ནི་འོག་ནས་འཆད་དོ། །གསུང་གི་རྔམ་བཞི་ལ། ཧོམ་ལྔ་འབྲེལ་བར་འབྱུང་བའི་ཞལ་རྔམ། ཟླ་གམ་ཅིར་ཡང་རྔམས་པའི་ལྗགས་རྔམ། སྐྱེ་ཤིའི་རྩ་བ་གཅོད་པའི་ཚེམས་རྔམས། གསུང་སྒྲ་འབྲུག་ལྟར་སྒྲོག་པའི་དབྱངས་རྔམ་དང་བཞིའོ། །དེ་ཡང་ཞལ་ཡེ་ཤེས་ཀྱི་ཕྱག་རྒྱ་ལས། རོ་རྣམ་པ་ལྔའི་སྲེག་ཁང་དུ། །རོ་རྣམ་ལྔས་ཚིམས་ཤིང་མཆོད་པས་འབྲེལ་པ་ལྔའི་ཚུལ་དང་། གསུང་དབང་ཚུལ་གྱིས་འདུས་བྱས་དང་། རང་བཞིན་དང་། ཟུར་མ་འདྲེས་པར་སྟོན་པའི་ཚུལ་དང་། མཆེ་བ་ཡེ་ཤེས་ཀྱི་འཕྲོ་འདུས། དུག་བཞི་རྣམ་ཤེས་བཞི་གཅོད་པའི་ཚུལ་དང་། འབྲུག་ལྟར་སྒྲོགས་པ་ཡན་ལག་དྲུག་ཅུ་དབྱངས་ཀྱིས་སྙད་པས་མདོ་སྡེ་གོ་བར་སྒྲོགས་ཤིང་ཟིལ་གྱིས་གནོན་པའི་ཚུལ་དང་རྣམ་པ་བརྒྱད་དོ། །ཐུགས་ཀྱི་རྔམ་བཞི་ལ། ཏིང་ངེ་འཛིན་ནམ་མཁའི་རྒྱན་གྱི་སྐར་ཚོགས་ལྟར་རྔམ། ཕྲིན་ལས་རྒྱ་མཚོའི་རྦ་རླབས་རྔམ། ཡོན་ཏན་མི་ཟད་རྩི་ཤིང་རྔམ། མཛད་པའི་རོལ་མོ་གར་ཐབས་རྔམ། དེ་ཡང་རྒྱན་ཆེན་པོ་བཞི་ནི། རང་བཞིན་དང་རྒྱན་དུ་དབྱེའོ། །ལྷག་མཐོང་གི་རང་བཞིན་ལས། ལྷག་མཐོང་གི་རྒྱན་མ་གཡོས་པར་སྣང་བའི་ཚུལ་དང་། ཞི་གནས་ཀྱི་རང་བཞིན་བཟོད་པ་ལས་ལྷག་མཐོང་གིས་ཕན་འདོགས་པའི་ཚུལ།ཞི་གནས་ཀྱི་རང་བཞིན་མ་གོད་མི་ཟད་པ་ལས་ལྷག་མཐོང་གིས་ཅིར་ཡང་འབྱུང་ཞིང་དགའ་བ་བསྐྱེད་པའི་ཚུལ་ལོ། །མཐུའི་རྗོམ་བཞི་ལ། རྭ་དྲ་བཅོམ་པའི་གནས་རྔམ། ལྷ་ཆེན་བརྟུལ་བའི་གདན་རྔམ། ཁམས་གསུམ་བསྒྲལ་བའི་ཞིང་རྔམ། རྟོག་འཇོམས་སྤྱོད་པའི་བརྟུལ་ཞུགས་རྔམ་པ་དང་བཞིའོ། །དེ་ནས་ཡང་གནས་ཁྱད་པར་ཅན་བཀྲ་ཤིས་ཤིང་ཅིས་ཀྱང་མི་ཚུགས་པའི་ཚུལ་དང་། གདན་ཁྱད་པར་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་ཚུལ་དང་། ཞིང་ཁྱད་པར་ཅན་ཁམས་གསུམ་ཡོངས་སུ་སྒྲོལ་བའི་ཚུལ་དང་། སྤྱོད་པ་ཁྱད་པར་ཅན་སྲིད་པའི་རྟོག་པ་དུས་གཅིག་ཏུ་འཇོམས་པའི་ཚུལ་ལོ། །དེ་ལྟར་རྔམ་ཚུལ་སུམ་ཅུ་རྩ་གཉིས་ཀྱིས་བཤད་དོ། །དེ་ལ་སྐུའི་བརྗིད་ཆེན་པོ་བཞི་ལ། སྐུ་ཆེ་ཡན་ལག་རགས་པས་བརྗིད་ཆེ། གྲངས་མང་རྐྱེན་དང་འཚམས་པས་བརྗིད་ཆེ། བཀུར་འོས་གཙོ་བོར་མཐོང་བས་བརྗིད་ཆེ། ཁྱད་ཞུགས་ཡིད་དང་ལྡན་པས་བརྗིད་ཆེ་སྟེ་བཞིའོ། །དེ་ཡང་ཆོས་ཀྱི་སྐུ་དང་མཉམ་པར་འབྱུང་བའི་སྒོ་ནས་ཆེ། ཐུགས་རྗེ་མཉམ་པར་བྱུང་བའི་སྒོ་ནས་ཡན་ལག་རགས། འདུ་བྱེད་མཉམ་པར་བྱུང་བའི་སྒོ་ནས་སྒྲུལ་པ་མང་། སྨོན་ལམ་གྱི་སྒོ་ནས་རིགས་མཐུན་གྱི་རྐྱེན་དང་འཚམས། སྤྱོད་ལམ་གྱི་སྒོ་ནས་བཀུར་བར་འོས། རིགས་བཙུན་པའི་སྒོ་ནས་གཙོ་བོར་སྣང་། རང་བཞིན་གྱིས་གྲུབ་པའི་སྒོ་ནས་ཁྱད་ཞུགས། ཕྲིན་ལས་ཀྱི་སྒོ་ནས་ཡིད་དང་འཐད། གསུང་གི་བརྗིད་བཞི་ལ། གདངས་ཆེ་སྟོང་གསུམ་གང་བས་བརྗིད་ཆེ། ཚིག་མྱུར་ཐེ་ཚོམ་གཅོད་པས་བརྗིད་ཆེ། བདག་ལ་ཉི་ཚེར་སྟོན་པར་སྣང་བས་བརྗིད་ཆེ། ཁྱད་ཞུགས་ཡོན་ཏན་མཐོང་བས་བརྗིད་ཆེ་སྟེ་བཞིའོ། །དེ་ཡང་ཆོས་སྐུས་ཁྱད་པའི་སྒོ་ནས་གདངས་ཆེ། སྒྲ་ཐ་དད་པའི་སྒོ་ནས་སྟོང་གསུམ་འགེངས། སྐད་དབྱངས་ཀྱི་སྒོ་ནས་ཀུན་གྱིས་གོ་བར་མྱུར། ཉེ་བར་གྱུར་པའི་སྒོ་ནས་ཐེ་ཚོམ་གཅོད། བྱམས་པའི་སྒོ་ནས་བདག་ལ་གཟིགས། ཐུགས་རྗེའི་སྒོ་ནས་ཉི་ཚེར་སྟོན། ཤེས་པའི་བྱེ་བྲག་གི་སྒོ་ནས་ཁྱད་ཞུགས། ཚིག་གི་ཡོན་ཏན་གྱི་སྒོ་ནས་ཀུན་འདུལ། ཐུགས་ཀྱི་བརྗིད་བཞི་ལ། ཡངས་ལ་རེ་དོགས་མེད་པས་བརྗིད་ཆེ།གསལ་བ་མཐའ་གཉིས་སྤངས་པས་བརྗིད་ཆེ། ཐུགས་རྗེས་ཐུགས་དམ་མཐར་ཕྱིན་པས་བརྗིད་ཆེ། མ་རྨོངས་ཐབས་ཀྱིས་འདུལ་བས་བརྗིད་ཆེའོ། །དེ་ཡང་གཉིས་སུ་མེད་པའི་སྒོ་ནས་ཡངས། བླང་དོར་མོད་པའི་སྒོ་ནས་རེ་དོགས་མེད། ལྷག་མཐོང་གི་སྒོ་ནས་དབུ་མར་གནས། ཞི་གནས་ཀྱི་སྒོ་ནས་མི་འགྱུར་བས་མཐའ་སྤངས། མཛད་པ་རྒྱུན་མི་འཆད་པའི་སྒོ་ནས་ཐུགས་རྗེ་ཆེ། འཁོར་བ་ཇི་སྲིད་དུ་བཞུགས་པའི་སྒོ་ནས་ཐུགས་དམ་མཐར་ཕྱིན། ཤེས་རབ་ཀྱི་སྒོ་ནས་མ་རྨོངས། ཏིང་ངེ་འཛིན་གྱི་སྒོ་ནས་ཐབས་ཀྱིས་འདུལ། ཡོན་ཏན་གྱི་བརྗིད་གཞི་ལ། མེད་ལ་ཟད་མི་ཤེས་པས་བརྗིད་ཆེ། གཅིག་ལས་འདོད་དགུར་སྟོན་པས་བརྗིད་ཆེ།གནོད་་ར་ཕན་པར་མཛད་པས་བརྗིད་ཆེ། ཐབས་མཁས་སྐྱོན་གྱིས་མི་གོས་པས་བརྗིད་ཆེ། དེ་ཡང་བདག་ཏུ་མི་འཛིན་པའི་སྒོ་ནས་མེད། མེད་པའི་སྒོ་ནས་ཟད་མི་ཤེས། ཡེ་ཤེས་ཀྱི་སྒོ་ནས་གཅིག སེམས་ཀྱི་བསམ་པའི་སྒོ་ནས་འདོད་དགུར་སྟོན། སེམས་ཅན་གྱི་སྒོ་ནས་གནོད་པར་སྦྱོར། གྲུབ་པའི་རྒྱུའི་སྒོ་ནས་ཕན་པར་མཛད། ཤེས་བྱའི་སྒོ་ནས་ཐབས་མཁས། སྤྱོད་པའི་སྒོ་ནས་སྐྱོན་གྱིས་མ་གོས། ཕྲིན་ལས་ཀྱི་བརྗིད་བཞི་ལ། མི་དངངས་ཉམས་བག་ཆེ་བས་བརྗིད་ཆེ། འཁོར་བ་ཡུན་རིང་མི་བསྙེལ་བས་བརྗིད་ཆེ། མགོན་སྐྱབས་རྒྱུན་དུ་མཛད་པས་བརྗིད་ཆེ། དགོངས་པའི་དོན་རྣམས་མཛད་པས་བརྗིད་ཆེ། དེ་ཡང་སྒྱུ་མར་མཛད་པའི་སྒོ་ནས་མི་བརྙེངས། རང་བཞིན་གཅིག་པའི་སྒོ་ནས་ཉམས་བག་ཏུ་རོལ། དོན་མཛད་པའི་སྒོ་ནས་འཁོར་བར་ཡུན་རིང་པོར་གནས། བྱ་བ་མེད་པའི་སྒོ་ནས་མི་བསྙེལ། མཐུའི་སྒོ་ནས་མགོན་སྐྱབས་ཆེ། དམ་བཅས་པའི་སྒོ་ནས་འགྲོ་དོན་རྒྱུན་དུ་མཛད། རྩེ་གཅིག་པའི་སྒོ་ནས་མཐའ་གཉིས་ཀྱི་དོན་ལ་དགོངས། ནན་ཏན་གྱི་སྒོ་ནས་བྱ་བ་གྲུབ། བརྗིད་ཉི་ཤུ་ནི། སྒོ་བཞི་བཅུ་དང་། སྒྱིར་དྲུག་ཅུའོ། །དེ་ལ་རིན་པོ་ཆེ་སྣ་བདུན་ནི། འཁོར་ལོ་རིན་པོ་ཆེས་ནི་དབང་བཅུས་སྐྱེ་བ་རྣམ་བཞི་ལ་དབང་བསྒྱུར་རོ། །བཙུན་མོ་རིན་པོ་ཆེས་ནི་ཡུམ་བཞི་རྒྱལ་པོ་མཉེས་པ་འབུལ། དམག་དཔོན་རིན་པོ་ཆེས་ནི་ཚུལ་དགུས་ཕ་རོལ་གྱི་དཔུང་འཇོམས་སོ། །ཁྱིམ་བདག་རིན་པོ་ཆེས་ནི་ཚད་མེད་པ་བཞིས་རྒྱལ་པོའི་ཆབ་སྲིད་འཛིན་ནོ། །གླང་པོ་རིན་པོ་ཆེས་ནི་སྟོབས་བཅུས་བདག་དང་གཞན་གྱི་དོན་བྱེད་དོ། །རྟ་མཆོག་རིན་པོ་ཆེས་ནི་མྱུར་མགྱོགས་ཀྱི་རྫུ་འཕྲུལ་གྱི་རྐང་པ་བཞིས་བགྲོད་པའི་གནས་སུ་གླེབ་པར་བྱེད་དོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་ནི་རྣམ་པ་བཞིའི་སྒོ་ནས་སེམས་ཅན་གྱི་རེ་འདོད་སྐོང་ངོ་། །ལུང་རྣམ་པ་གསུམ་ནི། མི་འདའ་རྒྱན་གྱི་ལུང་ལ་སོགས་པ་གོང་དུ་རྩིས་འགོས་སྤྱིར་སྦྱར་བ་ཟད་དོ། །དེ་ལ་འཁོར་ལོ་རིན་པོ་ཆེའི་དབང་བཅུ་ནི། སྐྱེ་བཞི་སྐུར་སྟོན་སྐྱེ་བཞི་སྒྲོལ་མཛད་པ། །ལྷ་མི་སྡིག་སྦྲུལ་སྐྱེ་བ་བཞི་རུ་བསྟན། །ཡོ་བྱད་སྲིད་པའི་འདོད་ཡོན་ལྔ་དང་ནི། །རྟོག་པ་གཞོམ་ཕྱིར་སྨན་ལྔ་དང་ལེན་རོལ། །ཇི་ལྟར་མོས་བཞིན་ཚུལ་དགུའི་གཟུགས་བསྟན་པ། །གང་དག་ཐབས་ཀྱི་ཚུལ་དགུས་རོལ་པ་མཛད། །རྫུ་འཕྲུལ་བ་སྐྲུའི་དབྱིངས་ནས་ཕྲ་མེན་འཕྲོ། །ལུས་ནི་ཅིར་བརྫུ་སེམས་ནི་ཆོ་འཕྲུལ་སྟོན། །གད་རྒྱངས་གདངས་ངར་སྣ་ཚོགས་ཕྱོགས་བཅུར་སྒྲོགས། །མཆེ་བས་ཟིལ་གནོན་ཐ་དད་ཆོས་རྣམས་སྟོན། ཁེས་རབ་ཐབས་ལྡན་སྤྱན་གཉིས་དབུ་མའི་ངང་། །དབྱིངས་ནས་མི་གཡོ་ཅིར་ཡང་ས་ལེ་མཁྱེན། །སེམས་ཀྱི་བྱེ་བྲག་ཏིང་འཛིན་ས་ཡ་འཕྲོ། །བསམ་གྱིས་མི་ཁྱབ་བཞི་ལ་རོལ་པ་མཛད། །རྡོ་རྗེའི་སྡེར་མོ་པགས་པ་སྤུ་ཕྲེང་བརྒྱན། །འཁོར་བ་སྲིད་པར་བཞུགས་པའི་ཚེ་ལ་དབང་། །ལྟ་བ་རྣམ་བཞིའི་སྤྱན་ཟུར་གྱིས་བསྐུལ་བས། །ཕྲ་མེན་བཞི་འཕྲོ་ཕྱོགས་བཞིར་ལས་བཞི་མཛད། །སྨོན་ལམ་དབང་གིས་དྲག་པོའི་སྐུར་སྟོན་ཅིང་། །དུས་མཐའི་བསྐལ་པ་བཞིན་དུ་བཤོལ་དུ་མེད། །དེ་ལ་བཙུན་མོ་རིན་པོ་ཆེའི་ཡུམ་བཞི་ནི། མ་ཆགས་རྡོ་རྗེའི་གཟུགས་ཀྱི་ཡུམ་གྱིས་འཁྱུད། །ཞི་གནས་ཏིང་འཛིན་མི་གཡོ་ཡུམ་གྱིས་སྦྱོར། །ཐོགས་མེད་ཤུགས་འཆང་དོན་གྲུབ་ཡུམ་གྱིས་བསྐྱོད། །ལྷག་མཐོང་ཡེ་ཤེས་ཡུམ་གྱིས་གཉིས་མེད་འབེབས། །འབྱུང་བ་བཞི་པོ་རྡོ་རྗེའི་ལྷ་མོ་དེས། །བདེ་བ་ཆེན་པོའི་སྐུ་ལ་མཆོད་པ་འབུལ། །དེ་ལ་དམག་དཔོན་རིན་ཆེན་ཚུལ་དགུ་ནི། སྒེག་པས་འགྲོ་བ་ཤེས་རབ་སྐྱེད་པའི་ཚུལ། །ཉམ་ང་མེད་པའི་མཛད་སྤྱོད་དཔའ་བོའི་ཚུལ། །གདུག་རྩུབ་རྔམས་པས་བརྒྱན་པས་འཇིགས་པའི་ཚུལ། །ལོག་པའི་བལྟ་བ་ཞེ་གཅོད་གཤེ་བའི་ཚུལ། །རྨད་དུ་བྱུང་བའི་ཆོས་སྒྲོགས་བཞད་པའི་ཚུལ། ཁེན་ཏུ་གདུལ་དཀའ་ཁྲོ་བོས་སྙིང་རྗེའི་ཚུལ། །སྨོན་ལམ་དབང་གིས་མི་བཤོལ་རྔམས་པའི་ཚུལ། །ཉོན་མོངས་གྲུབ་པའི་སྒྱུར་མཛད་ངོ་མཚར་ཚུལ། །ཁྲོ་དྲག་དབྱིངས་ནས་མི་གཡོ་ཞི་བའི་ཚུལ། །དེ་ལ་ཁྱིམ་བདག་རིན་པོ་ཆེའི་ཚད་མེད་པ་བཞི་ནི། ཁྲོ་ག་་ཚད་མེད་བྱམས་པར་སྣང་། །གསོད་ཆེན་སྙིང་རྗེའི་བདག་ཉིད་དེ། །བསྒྲལ་ཞིང་སྟོབ་པས་དགའ་བའི་མཆོག །ཡལ་བར་མི་འདོར་བཏང་སྙོམས་སོ། །དེ་ལ་གླང་པོ་རིན་པོ་ཆེའི་སྟོབས་བཅུ་ནི། ཐུགས་རྗེའི་སྟོབས་ནི་དྲེགས་ཆེན་སྤྱི་ནས་གནོན། །ཆོས་ཉིད་སྟོབས་ནི་མི་དམིགས་ནམ་མཁའི་མདོག །མི་འབྱེད་་ད་པའི་སྟོབས་ནི་གླང་པོའི་རྫས་ལ་རོལ། །གྲུབ་པའི་སྟོབས་ནི་བདུད་རྩི་དངོས་གྲུབ་རྒྱུ། །མ་སྤངས་སྟོབས་ནི་རྡོས་བཅས་སྐུ་ལ་བརྒྱན། །མ་གཡོས་སྟོབས་ནི་དོན་མཐུན་གྲོལ་བའི་རྒྱན། །སྨོན་ལམ་སྟོབས་ནི་བསྐལ་བར་གཡོ་སྒྲོལ་མཛད། །སྤྲུལ་པའི་སྟོབས་ནི་མགོ་བརྙན་ཕྲ་མེན་འཕྲོ། །ཕྲག་དོག་འཁོར་བར་ལོག་པར་གཅིག་མི་གཏོང་། །འདོད་ཆགས་ཕྲག་དོག་ཡུལ་ཆགས་སྤྱན་མདོག་དམར། །དེ་ལ་རྟ་མཆོག་རིན་པོ་ཆེའི་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། ཆོས་ཉིད་རྫུ་འཕྲུལ་མེད་བཞིན་ཅིར་སྣང་བ། །མཁའ་ལ་འཇའ་ཚོན་བཞིན་ཏེ་རྣམ་པར་བཀྲ། །ཡེ་ཤེས་རྫུ་འཕྲུལ་ཆོས་ཀྱི་དབྱིངས་ལ་རོལ། །མཁའ་ལ་ཉི་ཤར་འདྲ་སྟེ་གསལ་ལ་སྟོང་། །ཆོས་ཉིད་རྫོགས་པའི་རྫུ་འཕྲུལ་བྱེ་བྲག་ནི། །མཁརྔ་དང་མཉམ་པའི་སྤྲིན་ཕུང་བཞིན་དུ་གདལ། །སྤྲུལ་པའི་བྱེ་བྲག་འཕྲོ་བའི་རྫུ་འཕྲུལ་ནི། །རོ་གཅིག་ཆར་འབབ་སྣོད་ཀྱི་བྱེ་བྲག་ཕྱེ། །དེ་ལ་ནོར་བུ་རིན་པོ་ཆེའི་རང་བཞིན་ནི། །འགྲོ་རྣམས་ཇི་ལྟར་འདུལ་བཞིན་རེ་འདོད་སྐོང་། །མི་ཟད་བདག་མེད་གཏེར་ཆེན་ནམ་མཁའི་མཛོད། །སྲིད་པའི་མུན་ནག་སེལ་བའི་ཡེ་ཤེས་སྒྲོན། །དུས་གསུམ་རྒྱུན་མི་ཆད་པར་རིན་ཆེན་འཕྲེང་། །ལུང་རྣམ་པ་གསུམ་རྩིས་འགོས་སྦྱར་ཏེ་བཤད་པ་ཡིན་ནོ། །དེ་ནི་ལྷའི་རྒྱུད་ཀྱི་རྟོག་པ་སོ་སོར་བཤད་པར་བྱའོ། །འགྲོ་རྣམས་ཇི་ལྟར་འདུལབཞིནགཤེགསམཛད་པ། ཁྲེས་རབ་ནམ་མཁའི་བསྐལ་པས་རྒས་རྒུད་སྟོངས། །གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ། །གཏི་མུག་རྡོ་རྗེ་བུརྙ་ཧེ་རུ་ཀ །ཡེ་ཤེས་རྡོ་རྗེས་ཉོན་མོངས་འཁོར་བ་འཇོམས ཐབས་འཛིན་མཚོན་ཆའི་བསྐལ་པས་དངོས་པོ་འཇིག །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པའི། །ཞེ་སྡང་རྡོ་རྗེ་བཛྲ་ཧེ་རུ་ཀ །རིན་ཆེན་དབྱིག་ལྟར་རེ་འདོད་ཀུན་ཏུ་སྐོང་། །གདུག་མེད་ཞི་གནས་ཆུ་ཡི་བསྐལ་པས་ཞབྲུ། །ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་པ། །ང་རྒྱལ་རྡོ་རྗེ་རཏྣ་ཧེ་རུ་ཀ །འཁོར་བའི་འདམ་དུ་པད་ལྟར་སྐུ་ཞབྲུངས་ཤིང་། །ལྷག་མཐོང་མེ་ཆེན་བསྐལ་པས་ཐམས་ཅད་བསྲེག །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །འདོད་ཆགས་རྡོ་རྗེ་པདྨ་ཧེ་རུ་ཀ །ཕྲིན་ལས་རྒྱ་མཚོས་འགྲོ་བ་འདྲེན་མཛད་ཅིང་། ཁྲེས་བྱ་ཐོགས་མེད་བསྐལ་པའི་རླུད་གིས་བསྐྱོད། །ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་མཛད་པ། །ཕྲག་དོག་རྡོ་རྗེ་ཀརྨ་ཧེ་རུ་ཀ །སྐུ་ཡི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། ཁྲེས་རབ་མཐར་ཕྱིན་གཏི་མུག་རྣམ་པར་དག །ཕྱག་རྒྱ་གཟུགས་ཀྱི་མཆོད་པས་མཉེས་མཛད་མ། །ཆོས་དབྱིངས་ནམ་མཁའི་རང་བཞིན་ཁྲོ་མོའི་རྒྱལ། །ཐུགས་ཀྱི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །བརྩོན་འགྲུས་མཐར་ཕྱིན་ཞེ་སྡང་རྣམ་པར་དག །རྟོགས་པ་རེག་བྱའི་མཆོད་པས་མཉེས་མཛད་པ། །སྲ་བརྟན་རྡོ་རྗེ་དབང་བསྒྱུར་ཁྲོ་མོའི་རྒྱལ། །གསུང་གི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །ཚུལ་ཁྲིམས་མཐར་ཕྱིན་འདོད་ཆགས་རྣམ་པར་དག །གསུང་རབ་སྒྲ་ཡི་མཆོད་པས་མཉེས་མཛད་མ། །ལྷག་མཐོང་ཡེ་ཤེས་དབང་སྒྱུར་ཁྲོ་མོའི་རྒྱལ། །ཡོན་ཏན་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །སྦྱིན་པ་མཐར་ཕྱིན་ང་རྒྱལ་རྣམ་པར་དག །ཏིང་འཛིན་བྲོ་མཆོག་མཆོད་པས་མཉེས་མཛད་ཅིང་། །བདག་མེད་ཞིག་ནས་དབང་བསྒྱུར་ཁྲོ་མོའི་རྒྱལ། །ཕྲིན་ལས་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །བཟོད་པ་མཐར་ཕྱིན་ཕྲག་དོག་རྣམ་པར་དག །ཚུལ་ཁྲིམས་དྲི་ཡི་མཆོད་པས་མཉེས་མཛད་ཅིང་། །ཐོགས་མེད་ལས་ལ་དབང་བསྒྱུར་ཁྲོ་མོའི་རྒྱལ། །ཐུགས་མཆོག་རྣམ་དག་ཡེ་ཤེས་དཀར་མོའི་ཚོགས། །འགུགས་བྱེད་ཡེ་ཤེས་ལྔ་ཡི་དབྱུག་པ་ཅན། །དྲན་པས་རྒྱུད་ལྔ་སྒྲོལ་མཛད་ཞི་བར་གཟིགས། །སྲིད་གསུམ་འཇོམས་མཛད་དབྱུག་ཐོགས་གོ་རྡི་མ། །སྐུ་ཡི་ཡོན་ཏན་ཚོགས་སྡུད་རྐུན་མོའི་ཚོགས། །མཐུ་འཕྲོག་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །བདེན་གཉིས་ལྟ་བས་ཁྲོ་ཚུལ་འགྲོ་ལ་གཟིགས། །དམ་ཚིག་དབྱིངས་མཆོག་སྐུལ་བྱེད་ཙོ་རྡི་མ། །གསུང་གི་ཐམས་ཅད་ཟིལ་གནོན་རྨོངས་མོའི་ཚོགས། །དབང་མཛད་མཐའ་གཉིས་མི་སྤོང་ཆུ་སྲིན་ཅན། །མི་གནས་རྒྱལ་མཚན་འཛིན་ཅིང་མྱོས་པར་བལྟ། །སྟོང་གསུམ་དབང་མཛད་རྒྱལ་བྱེད་པྲ་མོ་ཧྭ། །ཐལ་བར་བྱེད་པས་ཐལ་བྱེད་མ་ཡི་ཚོགས། །ཀུན་གྱི་ལས་སྒྲུབ་རྡོ་རྗེ་རྩེ་དགུ་འཛིན། །ས་དགུའི་རྟོག་འཇོམས་ཤི་བ་སློང་པར་གཟིགས། །འཇིག་རྟེན་ཐལ་བྱེད་རྔེའུ་ཐོགས་པེ་ཏྭ་སྙི། །འབྱེད་མེད་ཤེས་རབ་མི་རྟོག་སྦོས་མོའི་ཚོགས། །འཁོར་བའི་རྒྱུད་འཛིན་འཆིང་ཞིང་དབང་འདྲེན་ལས། །ཁྲོ་གར་གཟིགས་ཚུལ་རྒྱུན་གྱི་ཐུགས་རྗེས་སྒྲོལ། །བདེ་ཆེན་དབྱིངས་སུ་འདྲེན་མཛད་པུསྐ་སྙི། །ཞེ་སྡང་ཚུལ་གྱིས་སྒྲོལ་མཛད་གཏུམ་མོའི་ཚོགས། །མྱོས་བྱེད་དབྱིངས་དང་ཡེ་ཤེས་གཉིས་མེད་ལས། །ཐུགས་རྗེས་དཀྲུག་ཅིང་རོ་ཟའི་ཚུལ་དུ་གཟིགས། །སྣོད་བཅུད་གཏིང་ནས་དཀྲུགས་མཛད་བྷསྨ་རི། །ཆགས་པའི་ཚུལ་གྱིས་དོན་མཛད་སྨེ་ཤ་ཅན། །མ་ནིང་རྒྱུད་འཕེལ་གཟུང་འཛིན་བྲལ་བའི་རྟགས། །མཐའ་གཉིས་མ་སྤངས་རྣམ་པར་གཡེངས་ཚུལ་གཟིགས། །འབར་མ་སྟོང་གསུམ་སྟོབ་བྱེད་ཙཎྜ་སྙི། །ཐམས་ཅད་འབྱུང་བའི་ཡུམ་གྱུར་མ་ཚོགས་མ། །ཀུན་གྱི་ལས་མཛད་ཆོས་སྐུ་སྙིང་པོ་འཛིན། །ཀུན་ལ་རོལ་པས་འཇིགས་ཚུལ་ཀུན་དང་ལྡན། །ཐུགས་རྗེས་འཇིག་རྟེན་སྒྲོལ་མཛད་སྨ་ཤ་ནི། །འཇོམས་བྱེད་རྩལ་མཆོག་རྡོ་རྗེ་ཐུགས་ཀྱི་ཡུམ། །གཉེན་པོའི་སྟོབས་ཀྱིས་ཐམས་ཅད་ཟིལ་གྱིས་གནོན། ཁེས་རབ་ཐབས་ལྡན་སྐུ་གསུམ་བདག་གཞན་དོན། །སྡུག་བསྔལ་ཞེ་སྡང་གསོད་བྱེད་སིདྷ་མ། །དཔའ་བརྟུལ་ཟ་བྱེད་ཡེ་ཤེས་ཐུགས་རྗེའི་ལས། །བརྩོན་འགྲུས་མྱུར་བའི་ཤུགས་འཆང་འགྲོ་དོན་མཛད། །ཐུགས་རྗེ་རྩེ་གཅིག་ཡེ་ཤེས་སོ་སོར་གཟིགས། །ང་རྒྱལ་འཆི་བདག་འཇོམས་མཛད་བྱུ་སྣྲི་མ། །འཇོམས་བྱེད་དམ་ཚིག་རྣམ་དག་གསུང་གི་༄༅ ཡུམ ཐབས་མཁས་སྤྱོད་པས་བདག་དང་གཞན་དོན་མཛད། །དོན་གྱི་ཆོས་སྐུ་ཏིང་འཛིན་ལྗགས་ལ་བསྟར། །འདོད་ཆགས་དུར་ཁྲོད་བགེགས་འཇོམས་སྲིད་གྭ་ལ། །མི་འབྱེད་སྤྱོད་པས་ལས་མཆོག་རིགས་ཀྱི་ཡུམ། །གཡེང་བའི་ཕྲིན་ལས་འགྲོ་ལ་ཐུགས་རྗེས་བསྲུང་། །ཆོས་ཉིད་སྐུ་ལ་ཡེ་ཤེས་སྤྱན་གྱིས་གཟིགས། །ཕྲག་དོག་ལས་ཀུན་འགྲུབ་བྱེད་ཤྭ་ན་མ། །ཡིད་ཀྱི་ཡེ་ཤེས་སོ་སོར་ཀུན་རྟོགས་ལ། །རྣམ་ཤེས་ཀྱིས་གསོད་དགོངས་འབྲེལ་ཚུལ་ཁྲིམས་བསྲུང་། །འཁོར་བའི་རྒྱུད་འཛིན་རྒྱུན་གཅོད་སྤུ་གྲི་འཛིན། །མགྱོགས་པས་སྙེག་བྱེད་ཁྲག་འཐུང་གྲི་རྟེ་མ། །རྣམ་ཤེས་མཉམ་ཉིད་ཡིད་འཕྲོག་མཚན་མ་འཇོམས བསད་པའི་གོད་རྣམས་སྦྱིན་པའི་ཕ་རོལ་ཕྱིན། །མཐའ་འདས་ཆོས་སྐུས་གཟུང་འཛིན་སྤོང་ཚུལ་འཛིན། །འགྲོ་བའི་སྡུག་བསྔལ་ཚེ་འཕྲོག་ཀདྷ་མ། །བསླད་པས་མི་འགྱུར་བཀྲུས་པས་མི་འདག་པས། །མི་འགྱུར་གཉེན་པོས་མི་ཤིགས་བཟོད་པའི་མཆོག །ཆོས་སྐུ་ཐུགས་སུ་ཆུད་ཕྱིར་ཞལ་ན་ཐོགས། །ཡོན་ཏན་ཡིད་བཞིན་བདག་ཉིད་ཀྭ་ཀ་མ། །དབྱིངས་ལས་མི་རྟོག་འགྲོ་ལ་ཐུགས་རྗེས་གཟིགས། །གཉིས་ལ་མི་གནས་ཤེས་རབ་ཕ་རོལ་ཕྱིན། །དབྱིངས་ཀྱི་ཐུགས་རྗེས་ཕྲིན་ལས་འདུས་མ་བྱས། །མཐའ་གཉིས་སྤངས་པའི་རྔམ་ཚུལ་ཨུ་ལྕུ་ཀྭ། །བཅུ་དྲུག་ཞག་གིས་ཟླ་བའི་དཀྱིལ་འཁོར་རྫོགས། །དཔལ་ཆེན་བཅུ་དྲུག་ས་ལ་ལྷུན་གྱིས་གྲུབ། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པའི་སྐུ། །ཐོག་ཐ་མེད་ཅིང་ཡོན་ཏན་བཟླས་པ་མེད། །སྤྱིན་པས་རིག་པའི་ཀློང་དུ་མཚོ་དྲངས་ལྟར། །འཁོར་བའི་རྫིང་ནས་ཐུགས་རྗེའི་ལྕགས་ཀྱུས་འདྲེན། །དཔའ་བར་འགྲོ་བའི་ཏིང་འཛིན་འགྲོ་དོན་མཛད། །ཐུགས་རྗེ་ཤར་མཛད་རྟ་གདོང་ལྕགས་ཀྱུ་མ། །དོན་དང་མཐུན་པས་ཀུན་ཀྱང་དགའ་བར་མཛད། །བྱམས་པའི་ཞགས་པས་འཁོར་བའི་རྒྱུད་འཛིན་ཅིང་། །རིན་ཆེན་ཕྱག་རྒྱས་སེམས་ཅན་རེ་འདོད་སྐོང་། །ཡོན་ཏན་ཚོགས་རྫོགས་ཕག་གདོང་ཞགས་པ་མ། །གཞན་གྱི་དོན་དུ་སྦྱད་པས་རང་གི་དོན། ཁྲེས་རབ་སྒྲོན་མས་དུག་ལྔའི་མུན་པ་སེལ། །དོན་གཉིས་མི་འདའ་ལྷུན་གྲུབ་དགའ་བའི་མཆོག །ཀུན་མཁྱེན་མ་རིག་ནུབ་མཛད་ཉི་ཟླའི་སྤྱན། །སྙན་པར་སྨྲས་པས་ཀུན་ཀྱང་བཀའ་བཞིན་བྱེད། །བཏང་སྙོམས་ཐབས་མཁས་ཐུགས་རྗེས་འགྲོ་དོན་མཛད། །ཕན་པས་རྣམ་ཤེས་ཐལ་བའི་གཟུགས་ཀྱང་འཚོ། །ཆོས་སྟོན་བག་ཆགས་སྦྱོང་མཛད་དྲིལ་འཁྲོལ་མ། །ད་ནི་རྡོ་རྗེ་སྲིན་པོའི་ལྷ་རྒྱུད་བཤད་པ་སྟེ། །བཅོ་བརྒྱད་ཤངས་ནས་བཅོ་བརྒྱད་སྤྲུལ་པ་འཕྲོ། །བཅོ་བརྒྱད་ཁམས་ལ་བཅོ་བརྒྱད་སྐུར་སྟོན་པ། །བཅོ་བརྒྱད་ཐུགས་ཀྱིས་བཅོ་བརྒྱད་འདུལ་ཐབས་མངའ། །བཅོ་བརྒྱད་སྙན་གྱིས་བཅོ་བརྒྱད་ཁམས་གསན་ཅིང་། །བཅོ་བརྒྱད་ལྗགས་ཀྱིས་བཅོ་བརྒྱད་གསུང་རབ་འཆད། །བརྒྱ་རྩ་བརྒྱད་ཀྱི་དགོངས་པ་བསམ་མི་ཁྱབ། །ས་དགུ་ཐུགས་རྗེས་དོན་མཛད་དབུ་དགུར་ལྡན། །བརྗིད་གནོན་ཞབས་བརྒྱད་ཕྱོགས་བརྒྱད་ལྷ་བརྒྱད་གནོན། །ཇི་ལྟར་རོལ་ཀྱང་སྤྱན་དགུ་དབྱིངས་མི་གཡོ། །འདུལ་བའི་དབང་དུ་བསྐལ་པའི་ཚུལ་སྟོན་ཅིང་། །རྡོ་རྗེ་སྲིན་པོས་ཅི་འདུལ་ཡིད་བཞིན་རྫོགས། །རྣམ་ཐར་གསུམ་ལས་སྐུ་གསུམ་ཕྲིན་ལས་འབྱུང་། །སྤྱོད་པ་རྣམ་དག་སྨོན་ལམ་སྟོབས་ཀྱིས་གཤེགས། །རལ་གསིག་སྤྲུགས་པས་འགྲོ་དོན་རྩེ་ཞིང་རོལ། །བཅོ་བརྒྱད་སྟོང་པས་མཉེས་མཛད་ཛ་྅་མ། །བརྗིད་པའི་སྟོབས་ཀྱིས་ཀླུ་རྣམས་ཟིལ་གྱིས་གནོན། །ཕྲ་མའི་སྐྱོན་སྤངས་ངག་གི་དབང་ཕྱུག་ཆེ། །འབད་པ་མེད་པའི་བརྩོན་འགྲུས་ཤུགས་དང་ལྡན། །ཆོས་ལ་དབང་མཛད་ཧ་ཡ་རྒི་བའི་དཔལ། །འཛིན་ཚུལ་སྟོབས་ཀྱིས་དྲང་སྲོང་ཚར་གཅོད་ཅིང་། །ལོག་པའི་ཉེས་སྤངས་ཡང་དག་དོན་དང་ལྡན། །ཚུལ་ཁྲིམས་མཐར་ཕྱིན་དྲང་སྲོང་ཀང་བས་ཆེ། །སྐྱེ་ལ་དབང་མཛད་བྲན་ཚུལ་མི་གཡོ་མགོན། ཁུགས་འཆང་སྟོབས་ཀྱིས་རླུད་ལྷ་གཟིར་གནོན་ཅིང་། །འཁྱལ་བའི་སྐྱོན་སྤངས་ངག་གི་དབང་ཕྱུག་ཆེ། །གཉེན་པོའི་སྨོན་ལམ་མཐར་ཕྱིན་བདུད་འདུལ་ཐུགས་རྗེའི་རྩི། །ལས་ལ་དབང་མཛད་བདུད་རྩི་ཀུཎྜ་ལི། །གནོན་པའི་སྟོབས་ཀྱིས་འབྱུང་པོ་ཚར་གཅོད་ཅིང་། །གནོད་སེམས་སྐྱོན་སྤངས་ཐུགས་ཀྱི་དབང་ཕྱུག་ཆེ། །གཉེན་པོའི་སྟོབས་ཀྱིས་མི་མཐུན་གནོན་མཛད་ཅིང་། །རྫུ་འཕྲུལ་དབང་མཛད་འཇིགས་བྱེད་སྟོབས་པོ་ཆེ། །བརྡེག་པའི་སྟོབས་ཀྱིས་སྲིན་པོ་ཚར་གཅོད་ཅིང་། །བདེན་དང་བྲལ་བའི་རྫུན་དང་སྐྱོན་སེལ་བའི། །མཚན་མའི་ཐབས་ཀྱིས་མཚན་མ་ཀུན་འདུལ་བ། །ཡེ་ཤེས་དབང་མཛད་དབྱུག་པ་སྔོན་པོ་ཅན། །ལྡོག་པའི་སྟོབས་ཀྱིས་ས་བདག་ཚར་གཅོད་ཅིང་། །བརྣབ་སེམས་སྐྱོན་སྤངས་ཐུགས་ཀྱི་དབང་ཕྱུག་ཆེ། །བཟོད་པ་ས་གཞི་ལྟ་བུའི་གཞིར་གྱུར་ལ། །སྨོན་ལམ་དབང་མཛད་འདམ་སྐྱེས་ཀུཎྜལི། །རོལ་པའི་སྟོབས་ཀྱིས་གཟའ་སྐར་ཚར་གཅོད་ཅིང་། །འདོད་ཆགས་སྐྱོན་སྤངས་སྐུ་ཡི་དབང་ཕྱུག་ཆེ། །ཡེ་ཤེས་མཐར་ཕྱིན་ཉི་ཟླའི་འོད་བཞིན་གསལ། །སྐྱེ་ཞིང་མོས་ལ་དབང་མཛད་ཧུ༷་ཀྭ་ར། །ཟློག་པའི་སྟོབས་ཀྱིས་ལྷ་རྣམས་ཚར་གཅོད་ཅིང་། །མ་བྱིན་ལེན་པའི་སྐྱོན་སྤངས་བདག་ཉིད་ཆེ། །རབ་ཏུ་ཤེས་པའི་ཤེས་རབ་མཐར་ཕྱིན་པ། །ཡོ་བྱད་དབང་མཛད་གཞན་གྱིས་མི་ཐུབ་རྒྱལ། །འཇིགས་བྱེད་སྟོབས་ཀྱིས་འཆི་བདག་ཟིལ་གནོན་ཅིང་། །སྲོག་གཅོད་ཉེས་སྤངས་སྐུ་ཡི་དབང་ཕྱུག་ཆེ། །གཟུང་འཛིན་སྐྱོན་སྤངས་བསམ་གཏན་ངང་ལ་གནས། །ཚེ་ལ་དབང་མཛད་འཇིགས་བྱེད་གཤིན་རྗེ་གཤེད། །ཡེ་ཤེས་ཐུགས་རྗེས་ཟིན་པས་མཐར་མི་འཆིང་། །ཐུགས་རྗེ་ཡེ་ཤེས་ཟིན་པས་སྲིད་ལས་སྒྲོལ། །གཉིས་ལ་མི་གནས་མཐའ་བྲལ་དབུ་མར་བསྙེམས། །འདོད་པའི་རྒྱལ་པོ་མཉེས་མཛད་ལྭ་པྱེ་ཀི །རིག་པའིསྡེརཆེནཆོསཀྱིདབྱིངས་ཉིད་འཛིན། །ཐུགས་རྗེའི་ལྕགས་ཀྱུས་འགྲོ་བ་མི་གཏོང་ཞིང་། ཁྲེས་རབ་ཐབས་ཀྱི་ལྕགས་ཀྱུས་མཐའ་གཉིས་འཛིན། །གཙོ་བོར་དབྱུག་སྔོན་མཉེས་མཛད་ཏྲ་ཏི་སྲ །ཡེ་ཤེས་མཚན་ལྡན་ཐུགས་རྗེའི་ཁྲོད་འབྱུང་ཞིང་། །སྤྲུལ་པས་འགྲོ་སྒྲོལ་སྐུ་དང་ཡེ་ཤེས་འཕྲོ། ཁེས་སྙིང་མ་སྐྱེས་དབུ་མའི་རིག་པ་སྐྱེ། །ཤཱ་ཤ་པ་ཏིས་ཁྲོ་རྒྱལ་གཤིན་རྗེ་མཉེས། །དབྱིངས་སུ་མཚན་མ་ཤེས་རབ་ཐོ་བས་བརྡུང་། །ཐུགས་རྗེའི་ཕྲིན་ལས་སེམས་ཅན་མཚན་མ་བཅོམ། །དབུ་མར་ཡེ་ཤེས་སྙིང་རྗེས་མི་རྟོག་དང་། མི་གཡོ་མགོན་པོ་མཉེས་མཛད་མུ་ས་ལ། །རྡོ་རྗེ་གཏུམ་མོས་མཚན་མའི་དངོས་པོ་བཅོམ། །ཐུགས་རྗེས་རྔམ་ཚུལ་སྲིན་པོ་ཐལ་བར་རློག །གཉིས་ལ་མི་གནས་མཐའ་བྲལ་དབུ་མར་བསྡིགས། །ཧ་ཡ་རྒི་བ་མཉེས་མཛད་ཙཎྜ་སྙི། །ཕྲ་མོར་འབིགས་པས་ཡེ་ཤེས་དབྱིངས་སུ་འཕེན། །འབིགས་པའི་ཡེ་ཤེས་གནད་དུ་ཐུགས་རྗེས་བརྡེག །མ་འཁྱོགས་དབུ་མ་ཆེན་པོའི་དོན་རྟོགས་པས། །གཞན་གྱིས་མི་ཐུབ་མཉེས་མཛད་ས་བྱུ་ཏི། །མཚན་མ་མེད་པའི་དབྱིངས་ཐོས་རིག་པའི་སྒྲ། །དབྱིངས་ཉིད་རིག་ཤེས་དབྱིངས་ལ་ཉལ་བའི་སྒྲ། །དེ་ལ་བསྟན་པ་གསུང་གི་སྒྲ་འབྱིན་པ། །བདུད་རྩི་འཁྱིལ་བ་ས་བྱུ་མི་ཏས་མཉེས། །བདག་ཏུ་རྟོགས་པའི་མཚན་མ་ཀུན་བཅོམ་ཞིང་། །ཟ་བྱེད་མཆེ་བས་སྐྱེ་ཤི་རྩད་བཅད་དེ། །སྐུ་དང་ཡེ་ཤེས་མ་སྐྱེས་མི་དམིགས་པ། །པདྨ་འཁྱིལ་པ་མཉེས་བྱེད་མྱ་ར་ཎ། ཐུགས་དམ་དབང་གིས་རྣམ་དག་དབྱིངས་ནས་བསྐུལ། །ཐུགས་རྗེའི་ཤུགས་ཀྱིས་འགྲོ་བ་གནས་ནས་འདྲེན། །མཉེས་བྱེད་མཆོད་བསྐུལ་དབུ་མའི་དགྱེས་པ་སྟོབས། །མ་ཧྭ་བ་ལ་མཉེས་མཛད་ཙུན་དྭ་མ། །བསྐྱོད་པའི་ཡེ་ཤེས་ས་རྣམས་དུས་གཅིག་གཅོད། །ཐུགས་རྗེའི་ཤུགས་ཀྱིས་འགྲོ་རྣམས་གནས་ནས་སྤོར། །ཐབས་དང་ཤེས་རབ་བསྐྱོད་པས་མཐའ་གཉིས་སྤངས། །དི་བ་ཡ་ཏིས་ཁམས་གསུམ་རྒྱུ༷་མཛད་མཉེས། །ཁམས་གསུམ་ཐུགས་རྗེའི་མི་བཟོད་ཕྲིན་ལས་ཀྱི། །ཡལ་བར་མི་འདོར་བརྩོན་འགྲུས་ཤུགས་ཀྱིས་བརྟུལ། །གདོད་ནས་དོན་མཛད་འཁོར་བ་མཐར་གཏུགས་སྒྲོལ། །དེ་ཕྱིར་དཔའ་བརྟུལ་ཟ་བྱེད་བྱུ་གྲི་མ། སྡང་མིག་ཐུགས་རྗེས་མི་འགྱུར་ཞེ་ལ་གནོན། །མཐུ་རྩལ་རྔམ་བརྗིད་འགྱུར་མེད་བདུད་དཔུང་བཟློག །ཚམ་རྔམས་རལ་གསིག་གདངས་ངར་འཇིག་རྟེན་འགེངས། །དེ་ཕྱིར་ཕྲ་མེན་འགྱུར་མེད་ཙ་མ་ར། །རྟོག་པའི་སྒྲ་སྤངས་དྲན་པའི་དགོན་པར་གནས། །འཁྲུལ་སྐྱོན་དྲི་མ་ཤེས་བཞིན་རྫིས་ཚོར་སྤངས། །འགྲོ་དོན་དུས་ལ་བབ་ལ་ཐུགས་རྗེ་འཇུག །དེ་ཕྱིར་འཇུག་པར་བྱེད་པའི་ཧ་རི་ཎ། །ཆོས་དབྱིངས་གནས་ལ་རྟོག་པའི་སྐྱོན་སེལ་ཞིང་། །ཐུགས་རྗེས་སྤྲུལ་པས་སྤུ་རིས་བསམ་མི་ཁྱབ། །དུག་གསུམ་འཇོམས་མཛད་ཤ་རུས་ཁྲག་ལ་རོལ། །སེལ་བྱེད་སྤྲུལ་པས་དོན་མཛད་བྱུ་སྒྲོ་མ། །ཡང་བག་ཟོན་ཆགས་འགྲོ་དོན་ཐབས་མཁས་ལྡན། །མི་འདུལ་ཟིན་ཐུབ་བཏང་སྙོམས་ཆེན་པོར་བཞུགས། །དུས་ལས་མི་འདའ་བརྩོན་འགྲུས་ཤུགས་དང་ལྡན། །དེ་ཕྱིར་མཁས་བརྩོན་མཛད་པའི་བི་ཌའ་ལ།ཚིགགཅིགར། ཡེ་ཤེས་དབྱིངས་ལ་འཇུག་པས་ཤེས་བྱ་ཟ། །ཐུགས་རྗེས་ཡེ་ཤེས་ཕྲིན་ལས་འཁོར་བ་ཟ། །དེ་ཕྱིར་ཟ་བྱེད་ཤྭ་ན་མུ་ཁ་མ། །རིགས་བཙུན་གཉེན་པོར་གྱུར་པས་ཐམས་ཅད་འདུལ། །ཕྲིན་ལས་རྩལ་གྱིས་བདུད་དཔུང་མ་ལུས་འཇོམས། །སྟོང་ཉིད་སྒྲ་སྒྲོགས་མུ་སྟེགས་ཝ་ཚོགས་འཇོམས། །དེ་ཕྱིར་འཇོམས་བྱེད་རྩལ་མཆོག་སིདྷ་མ། །དབྱིངས་ལ་ཡེ་ཤེས་ཉལ་ཞིང་ཐུགས་རྗེས་རྨི། །མཐིང་ནག་ཆེན་པོར་དྲག་པོའི་སྐུར་སྟོན་ཅིང་། །ཐུགས་མཆོག་རྣམ་དག་ཆོས་ཉིད་དབྱིངས་སུ་མཁྱེན། །དེ་ཕྱིར་རྨི་བྱེད་ཕྲ་མེན་རིཀྟ་ཀ །ཡེ་ཤེས་ཐུགས་རྗེའི་སྟོབས་ཀྱིས་མཐའ་གནོན་ཏེ། །ཚམ་རྔམས་རལ་གསིག་སྤྲུལ་པས་བདུད་དཔུང་འཇོམས། །ལས་སུ་ཅི་མཛད་བརྩོན་འགྲུས་སྟོབས་ཀྱིས་རོལ། །དེ་ཕྱིར་སྟོབས་ལྡན་ཕྲ་མེན་ཏ་རཀྱུ། །ལྷག་མཐོང་ཆོས་དབྱིངས་ཞི་གནས་རླན་གྱིས་རྒྱལ། །འཁོར་བ་ཐུགས་རྗེ་སྨོན་ལམ་སྟོབས་ཀྱིས་མྱོས། །རྟོག་འཇོམས་རྫས་ལ་གཙང་སྨེ་མེད་པར་རོལ། །དེ་ཕྱིར་མྱོས་བྱེད་ཕྲ་མེན་སྲུ་ཀ་ར། །ཡིད་གཡོ་ལས་ཅན་སེམས་པར་གྱུར་པ་ནི། །ཡེ་ཤེས་དབང་གི་ཐུགས་རྗེ་འགྲོ་ལ་གཡོ། །དོན་མཛད་ཡེ་ཤེས་གོད་འབྲོང་དབྱིངས་སུ་མཁྱེན། །དེ་ཕྱིར་ཚུལ་ཁྲིམས་ཆེན་པོ་གྲི་རྟེ་མ། །བསམ་པའི་དངོས་པོ་འདོད་ལ་འདུན་པར་གྱུར། །དབྱིངས་ཉིད་ཡེ་ཤེས་མཁྱེན་པས་ཤེས་བྱ་ཟ། །ཐུགས་རྗེས་འདུན་པས་འཁོར་བའི་བག་ཆགས་བླ། །དེ་ཕྱིར་ཟ་བྱེད་དྲོ་ཎ་ཀྭ་ཀ་མ། །དམིགས་ལ་སེམས་འཛིན་ཡིད་ལ་བྱེད་པར་འགྱུར། །ཡེ་ཤེས་དབྱིངས་རྟོགས་དྲངས་པས་ཉིན་མོ་ཉལ། །འགྲོ་འོང་རྨོངས་ལ་ཐུགས་རྗེས་མཚན་མོ་ལྡང་། །ཡེ་ཤེས་ཐུགས་རྗེས་དྲངས་པའི་ཨུ་ལྤུ་ཀ །བརྟགས་པའི་དངོས་ལ་དེ་གཅིག་ཏིང་འཛིན་གྱུར། །མཉམ་ཉིད་ཐོབ་བྲལ་དབྱིངས་ལས་མི་གཡོ་བ། །རྟོགས་པའི་སྤྱོད་ཡུལ་བྱིས་པས་མི་མཐོང་སྟེ། །དེ་ཕྱིར་ཕྲ་མེན་སྦེད་བྱེད་བཱ་ཡ་ས། །ལས་འབྲས་བདེན་ལ་ཡིད་ཆེས་དད་པར་འགྱུར། །མཉམ་ཉིད་དབྱིངས་སུ་ཐུགས་རྗེའི་ཤུགས་ཀྱིས་མགྱོགས། །ཞི་གནས་སྤྱན་གྱིས་ལྷག་མཐོང་བགྲོད་ཚེགས་ཆུང་། །དེ་ཕྱིར་མགྱོགས་བྱེད་ཕྲ་མེན་བག་ཤ་སི། སྙཀྟ༷སྙི། །ངེས་པའི་དངོས་ལ་འཛིན་པ་མྱོས་པར་གྱུར། །ལྷག་མཐོང་ཡེ་ཤེས་དབྱིངས་ཉིད་མཉམ་གྱུར་འཛིན། །ཞི་གནས་གཅེས་པར་འཛིན་པས་མི་འཕྲོག་སྟེ། །དེ་ཕྱིར་འཛིན་པའི་ཕྲ་མེན་ཙ་ཏ་མ། པརྫིརིཡངལ་ག །འདྲིས་པའི་དངོས་པོ་མ་འདྲེས་དྲན་པར་གྱུར། །དབྱིངས་དང་ཡེ་ཤེས་མཉམ་ཉིད་མི་བརྗིད་དྲན། །ཏིང་འཛིན་འབུམ་ཕྲག་ལྷག་མཐོང་སོ་སོར་གསལ། །གཉིས་ལས་མ་རྨོངས་ཟིན་པའི་ཏི་ཏི་ལ། །ཆོས་རྣམས་འབྱེད་པའི་བྱེ་བྲག་གྱུར་པ་ནི། །མཉམ་ཉིད་ངང་དུ་ལོག་ལྟ་བསལ་བྱེད་ཅིང་། །རིག་པ་བསྐྱེད་པས་སོམ་ཉི་ཐེ་ཚོམ་གཅོད། །དེ་ཕྱིར་ཕྲ་མེན་གསོད་བྱེད་ན་ཀུ་ལ། །འཇུག་པར་རང་དབང་མེད་པས་གཉིད་གྱུར་པས། །མཉམ་དང་མི་མཐུན་ལོག་བལྟ་མྱོས་པ་སྟེ། །བསྟན་པའི་ཆོས་བསྒྲགས་ལོག་བལྟ་མོས་པ་ཡིས། །ཐབས་ཀྱིས་སོས་བྱེད་ཕྲ་མེན་མྱུ་ཁི་ཀ །གསུམ་འདུས་གཅོད་པ་རེག་པར་གྱུར་པ་ནི། །ཕྲིན་ལས་བྱེ་བྲག་མང་པོ་ཅི་མཛད་ཀྱང་། །ཕྱག་རྒྱ་བཞི་པོ་མ་སྐྱེས་དབྱིངས་སུ་འབྲོས། །དེ་ཕྱིར་ཕྲ་མེན་འབྲོས་བྱེད་ཀ་སི་ཀ །འཁོར་བའི་རྡོ་རྗེ་བརྗོད་པས་མྱ་ངན་འདས། །ཆོས་སྐུ་རྡོ་རྗེས་གཅོད་པས་མཐའ་གཉིས་སྤངས། །བརྗོད་མེད་བརྗོད་བྲལ་དོན་གྱི་ཚིག་དང་བྲལ། །དེ་ཕྱིར་བརྗོད་མེད་བཛྲ་ལསྤྱི་ཁིའ། །ཆོས་ཉིད་རྡོ་རྗེ་མཚན་མའི་དངོས་པོ་བཤིག །ཡེ་ཤེས་རྡོ་རྗེས་གཟུང་འཛིན་རྟོག་པ་བསྲེག །ཕྱག་མཚན་རྡོ་རྗེས་གནས་པའི་ལྷ་བདུད་བཅོམ། །དེ་ཕྱིར་འཇོམས་བྱེད་བཛྲ་དྷི་ཏ་པ། །འཆི་མེད་བདུད་རྩིས་ཡུལ་སེམས་སྐྱེ་འགག་མེད། །གྲུབ་པའི་བདུད་རྩིས་བསམ་པའི་འབྲས་བུ་ཐོབ། །ཐུགས་རྗེས་འགྲོ་བས་བདུད་རྩི་བླ་མེད་འགྲུབ། །དེ་ཕྱིར་རྩི་མཆོག་ཡེ་ཤེས་བཛྲ་ཨ་ཕྲི་ཏ། །ཡེ་ཤེས་འཕྲོག་བྱེད་ཡོན་ཏན་རྒྱ་མཚོ་འགྲུབ། །ཐུགས་རྗེས་འཕྲོག་བྱེད་སྲིད་པ་དབང་དུ་སྡུད། །ཡེ་ཤེས་ཐུགས་རྗེས་གཉིས་མེད་དབྱིངས་སུ་ནུབ། །དེ་ཕྱིར་རླག་བྱེད་བཛྲ་མུ་ར་ཁེའ། །ང་ནི་པདྨདབངཆེནདང། །དབང་ཕྱུག་མའི་ལྷ་རྒྱུད་བརྗོད་པར་བྱའོ། །བཅོ་ལྔའི་སྤྱན་གྱིས་རྒྱུད་ལྔའི་མི་དགེ་བཅུ། །ཡེ་ཤེས་ལྔ་པོ་སོ་སོས་ཅི་འདུལ་མཁྱེན། །སྙན་བཅུས་མི་དགེ་བཅུ་ཡི་སྡུག་བསྔལ་སེལ། ཁྲངས་ལྔ་ནས་བྱུང་རིགས་ལྔའི་སྤྲུལ་པ་འཕྲོ། །རྒྱུད་ལྔའི་མགོན་མཛད་བརྩོན་ལྡན་རྟ་དབུ་ལྔ། །དུག་ལྔ་ཞལ་དུ་ཤར་ཏེ་རྔུབ་མཛད་ཅིང་།ལྗགས་ལྔ་ཐེ་ཚོམ་གཅོད་ཅིང་ཐེག་ལྔ་འཆད། །སྐྱེ་བཞི་ལས་བཞིས་སྒྲོལ་མཛད་གཤོག་གཞི་སྐྱོད། །བཅུ་དྲུག་དམྱལ་ཁམས་བཅུ་དྲུག་ཕྱག་གིས་འདྲེན། །ཕྱོགས་བརྒྱད་འདུལ་ཕྱིར་ཞབས་བརྒྱད་ཁྲོ་བརྒྱད་གནོན། །རིགས་བཞི་སྣོད་བཅུད་ཉི་ཟླའི་འོད་དང་རྫིས། །ཕྱོགས་བཞི་རྩལ་དྲུག་དབང་ཕྱུག་ཡང་ཆེ་གནོན། །ཆེ་བའི་ཆེ་བ་ཡང་ཆེ་བླ་ན་མེད། །བཅུ་དྲུག་ཞག་གིས་ཟླ་དཀྱིལ་རྫོགས་པ་ལྟར། །ཚོགས་གཉིས་རྫོགས་པ་བཅུ་དྲུག་ས་ལ་བཞུགས། །པྱོགས་བཞི་དབུས་ལྔར་འབར་ལྟར་རིགས་ལྔའི་དབུ། །མཁྱེན་པའི་ཡེ་ཤེས་ཐུགས་རྗེས་སོ་སོར་གཟིགས། །དབང་ཆེན་ཡོངས་སུ་འདུལ་བའི་དཀྱིལ་འཁོར་དང་། །ཚོགས་ཆེན་གཉིས་རྫོགས་ཐུགས་རྗེས་ལྷུན་གྲུབ་པ། །དཀྱིལ་འཁོར་གསུམ་གྱིས་བརྗིད་པའི་ཁྲོ་རྒྱལ་སྐུ། །ཐུགས་རྗེས་འདམ་སྐྱེས་སྤྱོད་པས་སྐྱོན་མ་གོས། །མཐའ་གཉིས་དབང་མཛད་པདྨ་ཧེ་རུ་ཀ །རྔམས་པའི་ཚུལ་གྱིས་སྲིན་མོའི་གཟུགས་འཛིན་ཅིང་། །ཐོད་རུས་གདུག་པའི་འབྲུ་མར་ཟས་སུ་ཟ། །སྲིད་པ་སེམས་ཅན་སྙིང་ཁྲག་དྲོན་མོར་གསོལ། །དབང་དྲག་ལས་མཛད་མ་ནུ་རཀྟ་སྙི། །སྡུག་བསྔལ་མྱ་ངན་འདས་སྟོན་ཚངས་མའི་གཟུགས། །ཚད་མེད་བཞི་རྫོགས་དཔལ་གྱི་དབུ་བཞིར་ལྡན། །ཞལ་བཞིས་སྨྲར་འདོན་གླིང་བཞིར་བཀྲ་ཤིས་ལྡན། །གཏི་མུག་ཡིད་བཞིན་རིན་ཆེན་བྲདྨ་ཁིའ། །ཐམས་ཅད་མཉམ་པ་ཉིད་རྟོགས་རིགས་མཆོག་མ། །མ་རིག་དུག་གསུམ་འཇོམས་མཛད་དཔལ་རྩེ་བསྣམས། །བུད་མེད་ཆགས་ཚུལ་དབང་མཛད་དཀའ་ཟློག་མ། །ཆགས་པའི་སྐྱོན་བྲལ་ལྷ་ཆེན་རོ་ཏྲི་མ། །ཐམས་ཅད་སྒྱུ་མ་བཞིན་དུ་རྟོགས་མཁྱེན་མ། །འབྲེལ་བའི་ཐུགས་རྗེས་འཇིག་རྟེན་གསུམ་ལ་རྟོགས། །ཕྲིན་ལས་རྒྱ་མཚོས་སྒྲོལ་བའི་བཞད་ཆེན་མ། །འཁོར་བའི་རྒྱུན་གཅོད་དྲག་མོ་བིཁྱི་བི། །འདུ་བྱེད་མི་རྟག་དྲིལ་བུའི་སྒྲ་ལྟར་མཁྱེན། །རྟག་པར་གཤོན་ཚུལ་འཁོར་བ་ཇི་སྲིད་བཞུགས། །ཉོན་མོངས་ཐ་བ་འབིགས་པའི་མདུང་ཐུང་འཕེན། །གཞོན་ཚུལ་ཆགས་པས་དབང་མཛད་ཀོ་མ་རྡི། །རྡོ་རྗེའི་ལས་མཛད་ཀུན་གྱི་བླ་ན་མེད། །ལྷ་ཡི་རྒྱལ་སྲིད་ཚོགས་ལ་དབང་བསྒྱུར་ཞིང་། །མཆོག་སྦྱིན་ཕྱག་རྒྱས་མི་དམིགས་སྐུ་མདོག་དཀར། །གསོད་བྱེད་རྡོ་རྗེ་ལྕེ་འབེབས་ཨིནྟྲ་ཁིའ། །བྱམས་མའི་ཐུགས་རྗེས་དབང་མཛད་སྐུ་མདོག་དམར། །བྷརྙ་བཅུད་ཡངས་སྣོད་ཀྱི་ཁྲག་མཚོ་ལ། །རྔམས་པའི་ཞལ་དུ་དུག་གསུམ་ཟ་བྱེད་མ། །སྡུག་བསྔལ་དབྱིངས་སུ་སྐོང་བྱེད་པིདྷ་ལ༷། །སེམས་ཅན་ཐམས་ཅད་འདུལ་ཐབས་མཆོག་ཏུ་མཁྱེན། །མུན་སེལ་སྒྲོན་འབར་བདུད་རྩིས་ནད་གསོ་མཛད། །འདམ་སྐྱེས་པད་ལྟར་འཁོར་བར་སྐུ་འཁྲུངས་ཀྱང་། །ཆགས་པའི་སྐྱོན་བྲལ་དབང་མཛད་ཨ་མྲི་ཏ། །ཞི་བའི་ལས་ནི་བསོད་གསོདཔའིཡངལ་ག ནམས་མཆོག་ཏུ་མཁྱེན། །ཟླ་ལྟར་ཡོན་ཏན་ཆ་ཤས་མཐར་ཕྱིན་སྐུ། །གདུང་བའི་ནད་སེལ་འཇིག་རྟེན་སྒྲོལ་མཛད་ཅིང་། །གདན་མཆོག་ཐམས་ཅད་སྟོབས་མཛད་སོའུ་མྱ་མ། །དབྱིག་པས་འཚོག་པ་འདྲ་བར་གཞལ་མེད་མཁྱེན། །ཐབས་ཀྱིས་མ་རྨོངས་ལྗང་གུ་ཕྲིན་ལས་མདོག །ནན་དབང་དྲག་ཤུལ་མཆོག་གི་དབྱུག་ཏོ་རྣམས། །དྲེགས་བྱེད་སྤྱི་ནས་འཇོམས་མཛད་དཎྜད༷། །ལོག་པར་བལྟ་བ་འཇིགས་བྱེད་སྤྱན་གྱིས་མཆོག །སྐྱེ་བ་འཕྲོག་བྱེད་སྐྱེ་རྒྱུན་ཁྲག་མཚོ་གསོལ། །ལས་མཛད་ཆགས་ཚུལ་གསེར་གྱི་སྐེད་ཆིངས་ཅན། །དྲག་མོ་རྔམ་ཚུལ་གློག་ཕྲེང་རཀྟ་སྙི། །ཕྲེང་བ་རྒྱན་གྱི་ནང་ན་མཆོག་ཏུ་མཛེས། །སྙིང་རྗེའི་རྒྱུན་སྐུད་བ་སུའི་ཞགས་པ་ཡིས། །ཆགས་མེད་ཞིང་དུ་ཁམས་གསུམ་སྒྲོལ་མཛད་མ། །ཐུགས་རྗེའི་རྒྱུན་གྱིས་སྒྲོལ་མཛད་བྷཀྟ་སྙི། །ཚོགས་པའི་དབྱིག་པས་མཆོད་པ་མཆོག་ཏུ་མཁྱེན། །གཏུམ་པོས་བདུག་པ་མ་ལུས་འཇོམས་མཛད་ཅིང་། །ཡོན་ཏན་མི་ཟད་ནོར་གྱི་གཏེར་འཛིན་མ། །སྟོང་གསུམ་ནོར་གྱིས་རྒྱས་མཛད་ར་ཏི་མ། །ར་རོ་འདྲ་བའི་དཔའ་བོ་གཞན་མེད་མཁྱེན། །ཆོས་རྣམས་གཉིས་མེད་དོན་རྟོགས་རྟག་ཏུ་མྱོས། །ཉོན་མོངས་ཐ་བརློགཔའིགཤོལབསྣམས་ཤིང་། །དགེ་བའི་ལོག་རྟོག་སྐྱེད་པའི་རུ་དྷི་རེ་མརྟི། །བརྟན་པས་གཞན་རྣམས་ཕམ་བྱེད་དཔའ་བའི་མཆོག །མ་ལུས་གསོད་བྱེད་ལས་ལ་འཇུག་བྱེད་ཅིང་། །བསྙེངས་པ་མི་མངའ་འགྲོ་དོན་གཅིག་པུར་སྤྱོད། །གསོད་བྱེད་བྲལ་མཛད་ཨེ་ཀ་ཙ་རི་ཁིའ། །བུད་མེད་ཚུལ་ཆགས་འགྲོ་བ་དབང་དུ་སྡུད། །ཐམས་ཅད་མ་ལུས་འགུགས་བྱེད་དགའ་བའི་མཆོག །འདོད་ལྷའི་མདའ་འཕེན་སྲིད་གསུམ་ཡིད་འཕྲོག་ཅིང་། །ཐུགས་རྗེས་ཞེན་པའི་མ་ནོ་ཧ་ར་མ། །ཁྲག་ལས་ཟས་གཞན་མེད་པར་རྟོགས་མཁྱེན་ཅིང་། །དོན་རྣམས་དབང་དུ་བསྒྱུར་ནས་རྦོད་གཏོང་ཅན། །མི་ཟད་གཏེར་ལྡན་ནོར་གྱི་བུམ་པ་འཛིན། །སྡུག་བསྔལ་རེ་སྐོང་མཐར་ཐུག་སིརྙི་ཀྭ། །རེག་བྱའི་སེམས་མ་རླུད་གི་ཁམས་ཏེ་མཆོག །སྲིད་གསུམ་དབུགས་ཀྱི་སྲོག་འབྱིན་ཚེ་འཕེལ་མ། །བདེ་གཤེགས་ལས་རྒྱུད་སེམས་ཅན་སྒྲོལ་མཛད་ཅིང་། །ཁམས་གསུམ་གནས་ནས་སྐྱོད་མཛད་བཱ་ཡ་བྲི། །སྙིགས་མ་ལྔ་ལྡན་ལྔ་བརྒྱའི་མཐའ་མ་ལ། །སྲིད་གསུམ་འཁོར་བའི་སེམས་ཅན་གདུལ་དཀའ་བ། །གསད་པ་ཉི་ཚེའི་ལས་ཀྱི་གདུལ་བར་མཛད། །སྡུག་བསྔལ་དབྱིངས་སུ་གསོད་མཛད་མུ་ར་ཎ། །གཟི་བརྗིད་ཅན་ནི་མེ་ཡི་ཁམས་ཏེ་མཆོག །འབར་བ་མཆོག་གིས་གདུག་པ་མ་ལུས་བསྲེག །ཟ་བྱེད་བསྐལ་པ་དུས་མཐའི་ཚུལ་སྟོན་པ། །ལྷག་མཐོང་ཡེ་ཤེས་འབར་འཕྲོ་ཨག་ན་ཡེ། །མཆེ་བ་དག་པས་སྐྱེ་བཞི་རྩད་གཅོད་ཞུགས། །ཉོན་མོངས་ཐ་བ་རློག་པ་ཕག་གི་དབུ། །ལོག་པའི་ཕྱོགས་རྣམས་སྲིད་གསུམ་སྟོབས་ཀྱིས་སྤོར། །སྐྱེ་བའི་རྩད་གཅོད་ཟ་བྱེད་བ་ར་ཧི། །འཆི་བདག་ཐམས་ཅད་གནས་ནས་མ་སྨོས་མཁྱེན། །ཐམས་ཅད་གསོད་བྱེད་དམ་ཉམས་འཆི་བདག་མཛད། །དམ་ཚིག་སྲུང་བའི་འཆི་བདག་བཟློག་མཛད་ཅིང་། །ལུང་གི་དུར་ཁྲོད་དབང་མཛད་ཙ་མུརྙིའ། །འཇིགས་ལས་ལྷག་པའི་བགེགས་ནི་གཞན་མེད་མཁྱེན། །སྟོང་ཕྲག་བརྒྱད་ཅུའི་བགེགས་ལ་དབང་མཛད་ཅིང་། །སྣ་ཆེན་གླང་སྣ་བདུད་རྩི་གི་ཧ༷་ཐོགས། །སྡུག་བསྔལ་ནད་སོས་མཛད་པའི་སུ་ཏ་ན། །ཆུ་ལས་ལྷག་པའི་ཟས་ནི་གཞན་མེད་མཁྱེན། །ནོར་གྱི་ཚོགས་རྣམས་མ་ལུས་འཕྲོག་མཛད་ཅིང་། །གདུག་པ་འདུལ་ཕྱིར་དུག་སྣོད་སྦྲུལ་ཞགས་བསྣམས། །ཞི་གནས་ཏིང་འཛིན་དབང་སྡུད་ཝ་རུ་ཁིའ། །འགྲོ་བའི་དོན་མཛད་མི་འགྱུར་སྐུ་མདོག་གནག །སྲིད་གསུམ་འཇོམས་མཛད་ཏྲི་ཤཱལ་གདེངས་པ་བསྣམས། །ཐུགས་རྗེས་ཤུགས་ཀྱིས་འདྲེན་མཛད་ལྕགས་ཀྱུ་བསྣམས། །འཁོར་བ་ཐུགས་རྗེ་ཤར་མཛད་ཀ་སྙི་མ། །ཆགས་པའི་ཚུལ་གྱིས་དོན་མཛད་ར་མགོ་ཅན། །བྱམས་པའི་ཞགས་པས་འཁོར་བའི་རྒྱུད་འཛིན་ཅིང་། །གང་ལ་ཅིས་འདུལ་དེ་ལ་དེར་སྟོན་པའི། །ཡོན་ཏན་ཚོགས་རྫོགས་རེ་སྐོང་ཙ་ཀ་ལྦེ། །སྟོན་པའི་བཀའ་དང་རང་གི་དམ་བཅས་གཉིས། །མི་འདའ་མ་གྲུབ་བར་དུ་བརྟན་པར་བཞུགས། །དམ་ཚིག་སྒྲོག་གིས་སེམས་ཅན་སྒྲོལ་མཛད་ཅིང་། །མ་རིག་ནུབ་མཛད་ཀུསྟ་ཀཎྜ་མ། །སྐུ་གསུང་ཡོན་ཏན་ཕྲིན་ལས་མཐའ་ཀླས་པ། །སྟོང་པའི་སྒྲས་བསྐུལ་འགྲོ་བའི་རྒྱུད་ལ་འབེབས། །སོ་སོའི་སྐད་དུ་ཆོས་ཀྱི་སྒྲ་སྒྲོགས་ཤིང་། །བག་ཆགས་བྱང་མཛད་ལསྐྲོ་ད་ར་མ། །མཚན་དང་དཔེ་བྱད་གཉིས་ལས་འཕྲོ། །མགྱོགས་པ་མགྱོགས་མའི་ཕོ་ཉ་སྟེ། །རྔམ་པ་གཏུམ་པའི་གཟུགས་ཅན་ནི། །དྲ་བ་མོ་དང་གློག་འགྱུར་གྲགས། །ཆོས་ཉིད་ཞགས་པས་མཚན་མ་དབྱིངས་སུ་སྡུད། །ཡེ་ཤེས་ཐུགས་རྗེས་འབྲེལ་པས་ཀུན་ལ་ཁྱབ། །ཕྲིན་ལས་དྲ་བས་འགྲོ་བ་རླབས་ཀྱིས་སྒྲོལ། །དེ་ཕྱིར་ལྷ་མོ་རིན་ཆེན་དྲ་བ་མོ། །ཨོ༷་བཛྲ་ཛུ་ལ་བཛྲ་ཧུ༷། ཡེ་ཤེས་གློག་འགྱུས་མཚན་མ་དབྱིངས་སུ་གཅོད། །སྐད་ཅིག་ཐུགས་རྗེས་འཁོར་བ་དབྱེ་བསལ་མེད། །ཕྲིན་ལས་གློག་འགྱུས་འགྲོ་བ་ཡིད་ཀྱིས་སྒྲོལ། །དྲ་བས་བསྡུས་ལ་གློག་འགྱུ་མ་ཡིས་འདྲེན། །བཛྲ་ཨ་མོ་ཀ་ཧུ༷། འོད་ཟེར་དུད་ཁ་འཕྲོ་བ་ནི། །ཧུ༷་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང་། །བསྐལ་པའི་འབྲུག་སྒྲ་ཆེན་པོ་བཞིན། །ཀུན་ཀྱང་མགྱོགས་པའི་རླུད་དང་མཚུངས། །མིག་གསུམ་པོ་ལ་ལྕགས་སྡེར་ཅན། །མགོ་གསུམ་པོ་ལ་རྐང་གསུམ་པོ། །ཤཱང་ས་ཟ་ཞིང་བདུད་ཁྱིམ་འཇོམས། །བལྟས་པས་བདུད་རྣམས་འཇིགས་པར་བྱེད། །ཀླུ་ཡི་གནས་ཀྱང་ངེས་པར་འཇོམས། །འདི་རྣམས་ཁྲོ་བོའི་ཕོ་ཉ་སྟེ། །ཧ་ཧ་རུ་ལུའི་སྒྲ་སྒྲོགས་ཤིང་། །གང་གི་རླུད་ཕྱོགས་སོང་བའི་ཚེ། །ཁྲོ་བོ་ཐམས་ཅད་ངེས་པར་འཆི། །ན་མོ་བི་ཙ་ར་སྨྱོ། ཧ་ཧ་རུ་ལུ་སྨྱོ།མགོ་བརྒྱད་པོ་ལ་ལག་བརྒྱད་པོ། །རྐང་པ་བརྒྱད་ལ་མིག་ཀྱང་བརྒྱད། ལག་པ་བརྒྱད་ནི་རྡོ་རྗེ་འཛིན། །རྟ་མགྲིན་གནས་ནི་ངེས་པར་འཇོམས། །རྐང་པ་དྲུག་ལ་མགོ་དྲུག་པོ། །ལག་པ་དྲུག་ནི་རྒྱུད་དྲུག་གཅོད། །གཡོན་པ་དྲུག་ནི་གཏོར་མ་འཛིན། །གཡས་པ་གསུམ་ནི་ཕུར་བུ་འཛིན། །གང་ནས་གང་དུ་འགྲོ་བའི་ཚེ། །བདག་གི་རྐང་པ་ཕུར་པ་ཡིན། །རྐང་པ་ལྕགས་ཕུར་རབ་ཏུ་གྲགས། །འོད་ཟེར་དུད་ཁས་རེག་པས་ནི། །ཚངས་པའི་གནས་ཀྱང་ངེས་པར་འཇོམས། །ལག་པ་གཡོན་པ་བསྐྱོད་པས་ནི། །ཕྲ་མེན་འཁོར་བཅས་རལ་པ་གསིག །ལྕགས་ཀྱི་དགྲ་སྟུ་རབ་ཐོགས་ཤིང་། །ཞིང་ཆེན་ཡན་ལག་འཛིན་པ་འཕྲོ། །བྱང་གི་ཕྱོགས་ནས་འབྱུང་བ་ནི། །ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་པོ། །ལྕགས་ཀྱི་ལུས་ལ་ཉི་མའི་མིག །སྐྲུ་ནི་ལྕགས་ཀྱུ་བསྲེགས་པ་འདྲ། །སྒྲ་ནི་འབྲུག་པས་རབ་ཏུ་ཆེ། །བང་ནི་གློག་པས་རབ་ཏུ་མགྱོགས། །རབ་ཏུ་མི་བསྲུན་འདི་དག་ནི། །ཕྱག་ན་རྡོ་རྗེའི་མཐུ་ཡང་འཕྲོག །མགོ་དགུ་པོ་ལ་རྐང་གཅིག་པོ། །ལུས་ནག་པོ་ལ་འོད་ཕུང་ཅན། །རལ་པ་གནག་ཅིང་མཆེ་བ་གནག །མིག་ཀྱང་གནག་ཅིང་རལ་པ་གནག །མགྱོགས་པ་རླུད་གིས་བསྐྱོད་དུ་མེད། །འདི་དག་ཕོ་ཉའི་མཆོག་ཡིན་ཏེ། །ཞུམས་པ་མེད་ཅིང་སྟོབསཆེནའཇོམས། །ཕ་རོལ་རྣམ་ཤེས་ངེས་པར་འཇིག །རྐང་གཅིག་འདི་དག་ཕོ་ཉ་ཡང་། །ཁ་དོག་འབར་བ་ཅི་འདྲ་སྟེ། །གཅིག་ལ་གཅིག་ནི་རབ་ཏུ་འཁྲིལ། །ཡང་ན་ལག་པ་བགྲད་སྟེ་འགྲོ། །མིག་ཀྱང་མེད་དེ་ཅང་མི་སྨྲ། །ལོང་བ་ཀུན་གྱི་མཆོག་ཡིན་ཏེ། །རྟ་བབས་དག་གི་སྒོར་བསྒོམས་ཏེ། །ལན་འགའ་དྲག་ཏུ་མངགས་ན་ནི། །གཉི་ག་སོང་སྟེ་དེར་ཕྱིན་ནས། །གང་ལ་དམིགས་པ་ལེན་པར་བྱེད། །སུས་ཀྱང་བཟློག་པར་མི་འགྱུར་རོ། །ཕོ་ཉ་དེ་རྣམས་སེམས་ཀྱི་ཁྱད་པར་ལས་བྱུང་སྟེ། །སྐུལ་བྱེད་མས་ནི་གཞན་འདེབས་ཤིང་། །མགྱོགས་པའི་ལམ་ནི་ཕྱིན་པར་འགྲོ །ལྷག་ག་་མ་སྲིང་བུ་མོ་ཆུང་མ་བཞིན། །ཕྱི་ཁྲོ་ནང་ཚུལ་བྱམས་ཕྱིར་ཕྲ་མེན་ནོ། །དེ་ལ་ཕོ་ཉ་བཞི་སྟེ་ཐུགས་དམ་བསྐུལ། །ཀུན་ཏུ་ཁྱབ་དང་འཇལ་བ་ངེས་ཚིག་གོ །ཐུགས་དམ་བསྐུལ་བ་བསྙེན་པ་ལས་བཞི་པོ། །ཏིང་འཛིན་སྤྲུལ་པ་ལས་དང་རྣམ་ཤེས་གཡོ། །རྩལ་དང་རྩལ་ཆེན་མི་རྟ་ཅི་བཞིན་ནོ། །ཁྱབ་པ་ཀུན་རྫོབ་ཁྱབ་པ་དོན་དམ་གཉིས། །ལུས་ལ་གཉེན་པོ་དཀྱིལ་འཁོར་རང་བཞིན་ཁྲོ། །ལུས་ལ་རང་བཞིན་དངོས་པོ་མེད་པ་གཅོད། །ཁྱབ་པ་ཆོས་ཉིད་ཁྱབ་པ་ཟ་བྱེད་ན། །དོན་དམ་མཁའ་ལ་ཉི་ཤར་གསལ་སྟོང་ཁྱབ། །གསོད་པའི་ལས་ནི་གྲུབ་པ་ཡིན། །སོ་སོ་ཡིད་འཕྲོག་བསྒྲུབ་པ་ཡིས། །འཕྲོག་ཅེས་འབྱུང་བ་དེ་ལྟར་བྱ། །ཕྲ་མེན་ཞེས་བྱའི་ངེས་ཚིག་ནི། །དོན་དམ་རང་བཞིན་བྱིན་རླབས་རྟགས་དང་སྦྲུལ། །བརྟུལ་བ་ཡིན་ཏེ་རྣམ་པ་དྲུག་ཏུ་བཤད། །དོན་ནི་དབྱིངས་དང་ཡེ་ཤེས་གཉིས་མེད་ཚུལ། །གསེར་དངུལ་བསྲེས་པའི་སྤ་བརྗིད་ཇི་བཞིན་དུ། །བྱིན་རླབས་བྱམས་དང་སྙིང་རྗེ་གཉིས་སྣང་བ། །ཉི་འོད་དྲོ་དང་བསྲེག་པ་ལྟ་བུའི་ཚུལ། །གཉིས་ལས་བྱུང་ཕྱིར་རང་བཞིན་ཤ་རུས་ཏེ། །ཕྱི་རོལ་གདུག་ཟ་ནང་ཚུལ་བྱམས་པ་ཡིན། །རྟགས་ནི་ཞི་དྲག་གཉིས་ཀྱི་དོན་མཛད་པ། ཁྲ་ཟའི་མགོ་བཅད་མི་ཡི་ཐོད་ཏུ་བཏགས། །སྤྲུལ་པའི་ལས་དང་ཐུགས་དམ་འབྲེལ་བས་ན། །དེ་འདྲའི་རྫུ་འཕྲུལ་སྒྱུ་འདྲ་འཕྲུལ་ལ་སྣང་། །ངེས་ཚིག་ཡེ་ཤེས་ཕོ་ཉས་དབྱིངས་ལ་འཇུག །སོ་སོར་རང་བཞིན་དངོས་པོ་ཉམས་དོན་འཇལ་ཞེས་བྱའོ། །བརླང་པོའི་ལས་མཛད་ཁྲོ་ཚུལ་རྔམ་པ་འདི། །བཅོམ་ལྡན་དགོངས་པའི་མཛད་སྤྱོད་མི་རྟོགས་པའི། །རྨོངས་པས་དཔྱད་ན་བདག་གི་དགྲ་བོ་ཞེས། །དོན་ནོར་ཞེར་འདེབས་སྒྲོ་སྐུར་དབྱེ་བར་བྱེད། །མིའི་ཙམ་བཤད་ལོག་ལྟ་ཉེས་སྒྲིབས་པར་སྤངས། །དགོངས་པའི་མཛད་སྤྱོད་གྲོལ་བས་དངོས་གྲུབ་རྒྱུ། །ལུང་དང་རིག་པ་གཏན་ཚིགས་ཀུན་དང་འབྲེལ། །བཀའ་དང་བསྟུན་ཏེ་དབྱེ་གསལ་འདི་བརྩམས་པ། །བདག་འདྲ་དམན་པས་དབྱེ་བར་མི་འོས་ཀྱང་། །སྭ་ལུའི་འཕྲོད་བཞིན་དུ་ནི་སྒྲོན་སྣང་བས། །རྨོངས་པའི་མུན་སེལ་འགྲོ་བའི་དོན་བྱས་པས། །བཤེས་མཆོག་དུས་གསུམ་འགྲོ་བ་མ་ལུས་རྣམས། །སྐྱོན་བརྗོད་ཉེས་པའི་ཟེར་གྱིས་མི་འབོག་ཅིང་། །ཉོན་མོངས་སྨད་པ་གྲུབ་པའི་རྒྱུད་རྟོགས་པས། །བསྟན་པ་རྒྱུད་ཀྱི་དོན་ལ་འཇུག་གྱུར་ཅིག །གཉིས་མེད་འབྲས་བུ་བླ་མེད་འགྲུབ་པར་ཤོག །ལུང་ཐམས་ཅད་ཀྱི་རྒྱལ་པོ། མན་ངག་ཐམས་ཅད་ཀྱི་རྩ་བ། རིགས་འོས་བཤད་འཐད་གཏན་ཚིགས་ཐམས་ཅད་ཀྱི་ཚད་མའི་འབྲེལ་བ། ལྷ་རྒྱུད་ཀྱི་རྟོག་པ་ཆེན་པོ་རྫོགས་སོ།། །། རྒྱ་གར་སྐད་དུ། མ་ཧྭ་ཀྭ་རུ་ཎའ་བ་ལིརྩི་མུ༷་ས་རཀྟ་སྦི་མ་ཧྭ་བ་ལིསྟནྟྲ། བོད་སྐད་དུ། ཐུགས་རྗེ་ཆེན་པོའི་གཏོར་མ་དང་། ཤ་ཁྲག་རུས་པའི་གཏོར་རྒྱུད་ཆེན་པོ། བཅོམ་ལྡན་