ཐུན་བཞིའི་རྣལ་འབྱོར་ལས༔ སྒོམ་པའི་རྣལ་འབྱོར

From Rangjung Yeshe Wiki Texts
LONGCHENPA-PECIN-05-CA-035
Jump to navigation Jump to search

རྣལ་འབྱོར་བཞི་ལས་ལྟ་བའི་རྣལ་འབྱོར klong chen rab 'byams kyi gsung 'bum (pe cin 2009)· Volume 5(CA) རྣལ་འབྱོར་བཞི་ལས༔ སྤྱོད་པའི་རྣལ་འབྱོར་དང་༔ འབྲས་བུའི་རྣལ་འབྱོར་གཉིས

Title ཐུན་བཞིའི་རྣལ་འབྱོར་ལས༔ སྒོམ་པའི་རྣལ་འབྱོར
Wylie thun bzhi'i rnal 'byor las:_sgom pa'i rnal 'byor


Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 5(CA), text 35, pages 368–369 (BDRC scan pages)
Section snying thig ya bzhi › mkha' 'gro snying thig


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.2.1.37
Citation Klong chen rab 'byams pa. thun bzhi'i rnal 'byor las sgom pa'i rnal 'byor. In Kun mkhyen klong chen rab 'byams kyi gsung 'bum, vol. 5, pp. 368–369. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །ཐུན་བཞིའི་རྣལ་འབྱོར་ལས༔ སྒོམ་པའི་རྣལ་འབྱོར་བཞུགས་པ་ལགས་སོ༔ ༔

« » «དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་པས་སྒོམ་པ་ལ་རྣལ་འབྱོར་དུ་བྱེད་པ་ལ་དྲུག་སྟེ༔ སྒོམ་པའི་ངོ་བོ༔ སྒོམ་པའི་ཚུལ༔ ངེས་ཚིག༔ དབྱེ་བ༔ ཉམས་སུ་བླང་ཐབས༔ སྒོམ་པའི་མཚན་བསྟན་པའོ༔ དང་པོ་སྒོམ་པའི་ངོ་བོ་ལ་གསུམ་སྟེ༔ བསྒོམ་བྱ༔ སྒོམ་བྱེད༔ ཐབས་ཁྱད་པར་ཅན་ནོ༔ དང་པོ་བསྒོམ་བྱ་ནི་གོང་དུ་བསྟན་པའི་ལྟ་བ་དེ་བསྒོམ་པའོ༔ སྒོམ་བྱེད་ནི་དེ་ལ་རྒྱུན་དུ་གནས་པའོ༔ ཐབས་ཁྱད་པར་ཅན་ནི༔ བཞུགས་སྟངས་ལ་སོགས་པ་ཁྲིད་ཡིག་ལྟར་རོ༔ ཀློང་གསལ་ལས༔ སྒོམ་གྱི་ངོ་བོ་གསུམ་ཡིན་ཏེ༔ བསྒོམ་བྱ་སྒོམ་བྱེད་ཐབས་ཀྱི་བསྒོམ༔ ཞེས་སོ༔ ཇི་ལྟར་བསྒོམ་པའི་ཚུལ་ནི༔ ལེ་ལོ་དང་བཏང་སྙོམས་མེད་པར་བསྒོམ་སྟེ༔ སྔ་མ་ལས། ལེ་ལོ་སྙོམས་ལས་སྤངས་བྱས་ལ༔ རྒྱུན་དུ་སྒོམ་ལ་གནས་པར་བྱ༔ ཞེས་སོ༔ ངེས་ཚིག་ནི༔ རྒྱུན་དུ་བསམ་གཏན་ལ་གནས་པ་ནི་སྒོམ་ཞེས་བྱའོ༔ རྒྱུད་ལས༔ སྒོམ་གྱི་ངེས་ཚིག་གནས་པའི་ཕྱིར༔ ཅེས་བྱའོ༔ སྒོམ་པའི་དབྱེ་བ་ལ་གསུམ་སྟེ༔ ཐབས་ཀྱི་སྒོམ་པ་དང་༔ ཤེས་རབ་གྱི་སྒོམ་པ་དང་༔ ཐབས་ཤེས་གཉིས་མེད་ཀྱི་སྒོམ་པའོ༔ དེ་ལ་ཐབས་ཀྱི་སྒོམ་པ་ལ་བསམ་གྱིས་མི་ཁྱབ་སྟེ་འདིར་མི་སྟོན༔ འདིར་ཐབས་ཤེས་རབ་གཉིས་མེད་ཀྱི་སྒོམ་པ་སྟོན་པའོ༔ རྒྱུད་ལས༔ སྒོམ་ལ་རྣམ་གྲངས་མང་གིས་ཀྱང་༔ ཟུང་འཇུག་ཐབས་ཀྱི་སྒོམ་པ་དང་༔ ཤེས་རབ་ཉིད་ཀྱི་སྒོམ་པ་དང་༔ ཐབས་ཤེས་གཉིས་མེད་སྒོམ་པ་འོ༔ དེ་ནི་སྒོམ་པ་མཆོག་ཏུ་ཟབ༔ ཅེས་སོ༔ ད་སྒོམ་»པས་«ཉམས་སུ་བླང་བ་ལ་བཞི་སྟེ༔ ཐུན་བཞིའི་རྣལ་འབྱོར་རོ༔ དེ་ཡང་སྔ་དྲོའི་ཐུན་དང་༔ ཕྱི་དྲོའི་ཐུན་དང་གཉིས་ལས༔ དང་པོ་སྔ་ཐུན་གསུམ་དུ་བྱས་ཏེ༔ ནམ་ལངས་ནས་ཉི་མ་རྩེ་ཤར་གྱི་བར་དུ་འདོན་ཟློས་དང་དཔེ་ལྟ་བ་ལ་སོགས་པ་བྱའོ༔ ཉི་མ་ཤར་ནས་གུང་གི་བར་ལ་ཐོད་རྒལ་ལ་གནས་པར་བྱའོ༔ གུང་ཐུན་ལ་ཕྱག་དང་བསྐོར་བ་དང་སྐྱོ་བསངས་ལ་སོགས་པ་བྱའོ༔ དེ་ནས་ཕྱི་དྲོ་ལ་ཡང་ཐོད་རྒལ་ལ་གནས་པར་བྱའོ༔ དགོང་མོ་གཏོར་མ་ཆོས་སྤྱོད་ཀྱི་རིམ་པ་རྣམས་བྱའོ༔ སྲོད་ཀྱི་ཐུན་ལ་ཡང་གསུམ་སྟེ༔ ཐུན་དང་པོར་འཆི་བ་མི་རྟག་པ་བསྒོམ༔ ཐུན་བར་པ་ལ་བསྐྱེད་རིམ་དང་བཟླས་པ་བྱ༔ གུང་ཐུན་ལ་གཉིད་ལོག་གོ༔ ཐོ་རངས་དང་པོར་བླ་མ་ལ་གསོལ་བ་གདབ༔ ཐུན་བར་པ་ལ་ཁྲེགས་ཆོད་ཀྱི་དོན་ལ་གནས་པར་བྱའོ༔ ཉིན་མཚན་ཕྲུགས་གཅིག་ལ་ཐུན་བཅུར་བྱེད་པ་ཡིན་ནོ༔ ཐུན་འགོ་ཐམས་ཅད་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་༔ ཐུན་མཇུག་ཏུ་བསྔོ་བས་རྒྱས་འདེབས་པ་གལ་ཆེའོ༔ རྒྱུད་ལས༔ དགེ་སྦྱོར་སྲོང་དུ་གཞུག་པའི་ཕྱིར༔ ཐུན་བཞིའི་རྣལ་འབྱོར་ཉིད་ལ་བསླབ༔ ཅེས་སོ༔ དེ་ལྟར་བསྒོམས་པ་དེ་ལ་མཚན་དུ་བཏགས་ན༔ ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ་ཞེས་བྱའོ༔ བར་དུ་ལེ་ལོ་མི་ཚུད་པའི་ཕྱིར་རོ༔ རྒྱུད་ལས༔ ཉིན་མཚན་ཆོས་ཀྱིས་འདའ་ཕྱིར་ཁ་སྦྱོར་ཉིད་དུ་སྒོམས༔ ཞེས་སོ༔ སྒོམ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་རོ༔ ཨི་ཐི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ༔ «ཐུན་བཞིའི་རྣལ་འབྱོར་ལས་སྒོམ་པའི་རྣལ་འབྱོར།

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 3 Word page fields, 1 embedded-object codes. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).