volume 026 603
གེགས་སེལ་རྟེན་འབྲེལ་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །
«གེགས་སེལ་རྟེན་འབྲེལ་སྒོ་འབྱེད་ནི། །གེགས་དང་འགལ་རྐྱེན་ནམ་བྱུང་ཡང༌། །འདོན་ཐབས་གསུམ་ལས་མེད་པས་ཏེ། །ལྟ་བ་རྟོགས་པའི་ཤེས་རབ་ཀྱིས་འདོན་པ། སྒོམ་པ་གསལ་བའི་ཐབས་ཀྱིས་འདོན་པ། སྤྱོད་པ་ཟབ་མོ་རྟེན་འབྲེལ་གྱིས་འདོན་པས་ཏེ། སྤྱི་ཁྲིད་རང་ན་གསལ་ལོ། ། ཁྱད་པར་བཀའ་རྒྱུད་གནད་ལ་དབབ་པ་ནི། ནད་པའམ་གེགས་པའི་དྲུང་དུ་རྟེན་བཀྲམ། མཆོད་པ་དང་ཚོགས་དང་གཏོར་མ་བཤམས་ལ། ཨ་མའི་སྐུ་གཅིག །བླ་མའི་ཞབས་རྗེས། གཅོད་ཀྱི་སའི་ཆ་ནད་པའི་སྤྱི་བོའམ་ན་སར་བཞག་ལ། དེར་བཀའ་བརྒྱུད་བླ་མ་སྤྱན་དྲངས་ལ། ན་མོ་སངས་རྒྱས་ཆོས་དང་དགེ་འདུན། བླ་མ་ཡིད་དམ་མཁའ་འགྲོ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་ཕྱག་འཚལ་ལོ། །རྩ་བའི་བླ་མ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །བརྒྱུད་པའི་བླ་མ་བྱིན་རླབས་ཅན་ཕྱག་འཚལ་ལོ། །འདྲེན་པའི་བླ་མ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ད་རེས་ཡོད་ན་ད་རེས་ཡོད། ད་རེས་མེད་ན་ད་རེས་མེད། ད་རེས་ཐུགས་རྗེ་དང་བྱིན་རླབས་སྐྱེད་ཅིག །དཀོན་མཆོག་གསུམ་བདེན་ནམ་མི་བདེན། བླ་མ་བཀའ་རྒྱུད་རྣམས། གདམས་པ་བདུད་ཀྱི་གཅོད་ཡུལ། རྒྱུ་འབྲས་དགེ་སྡིག་མོས་གུས་བྱིན་རླབས་རྣམས་བདེན་ནམ་མི་བདེན་ད་རེས་བལྟའོ། །དད་པ་ཅན་ཡིད་ཐང་མ་བཅད། མོས་གུས་ཅན་བློ་ལྡོག་ཏུ་མ་གཞུག །ཉམས་ལེན་བྱེད་པ་རྣམས་ཆོས་ལ་བློ་ལྡོག་ཏུ་མ་གཞུག །རྒྱུ་འབྲས་སྤྱོད་པ་རྣམས་རྒྱུ་འབྲས་ལ་ཐེ་ཚོམ་ཟར་མ་གཞུག །རྒྱུ་འབྲས་ལས་ངན་དང་སྒྲིབ་པ། རྐྱེན་གདོན་བགེགས་དང་འབྱུང་པོ། འབྲས་བུ་ན་ཚ་དང་སྡུག་བསྔལ་ཐམས་ཅད། དུས་ད་ལྟ་ཉིད་དུ། ས་འདི་ཉིད་དུ། ཐབས་འདི་ལ་བརྟེན་ནས་སོས་པར་བྱིན་རློབས་ཤིག །ཡུམ་ཨ་མ་ཇོ་མོ་ཡི་དམ་ཁྲོས་མ་ནག་མོ། བཀའ་ཕ་རོལ་དུ་ཕྱིན་པ། གདམས་པ་བདུད་ཀྱི་གཅོད་ཡུལ། བྱིན་རླབས་ཡོད་དམ་མེད། ཐུགས་རྗེ་ཆེ་ཆུང༌། ཕན་མི་ཕན། བདེན་ནམ་མི་བདེན་ད་རེས་བལྟའོ། །བྱིན་རླབས་གནད་འབེབས་ཟབ་མོའི་གདམས་པའོ། ། ༈ བོགས་འདོན་ཡོན་ཏན་སྒོ་འབྱེད་ཀྱང༌། །ཡར་བླ་མ་དཀོན་མཆོག་ལ་མོས་གུས་ལ་བརྟེན་ནས་བོགས་འདོན་པ། མར་སེམས་ཅན་ལ་སྙིང་རྗེ་ལ་བརྟེན་ནས་བོགས་འདོན་པ། བར་བར་གཅོད་ལ་ཐོག་རྫིས་ལ་བརྟེན་ནས་བོགས་འདོན་པ་སྟེ་ཡོན་ཏན་གྱི་བོགས་འདོན་པ་གསུམ་གྱིས་བོགས་འདོན་པར་བྱའོ། །སྤྱི་ཁྲིད་ན་གསལ་ལོ། །དེ་ཉིད་ལོག་ན་བཀོལ་ཡང་འདི་ལས་ཟབ་པ་བཤད་རྒྱུ་མེད། རྫོགས་སོ།། །།«ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལུགས་ཀྱི་གཅོད་ཡུལ་འདི། རིག་འཛིན་གཏེར་སྟོན་གྱི་རྒྱལ་པོ་པདྨ་གླིང་པ་ནས་བརྒྱུད་པའོ། །«མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་བཀའ་འབུམ། ༼༢༦༽གེགས་སེལ་རྟེན་འབྲེལ་སྒོ་འབྱེད།»- PAGE 38 -- PAGE 53 -- PAGE 52 -