volume 026 601
༄༅། །ཟབ་དོན་གཅོད་ཡུལ་ལས། འཕོ་བ་ཐར་པའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །
«འཕོ་བ་ཐར་པའི་སྒོ་འབྱེད་ནི། རླུང་དང་རྣམ་ཤེས་གྱེན་དུ་འདྲེན་པ་འཕོ་བའི་ལམ་ཞེས་བྱ་བ་ནི། འཆི་བའི་དུས་སུ་སྤྱད་པར་བྱ་བ་འཕོ་བའི་གདམས་པ་འདི་ལ་གསུམ་སྟེ། སྔོན་འགྲོ་ནི། འཆི་བའི་དུས་སུ་འདི་ལྟར་བྱ་སྟེ་སྔོན་དུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པར་བྱས་ལ། ལུས་ལོངས་སྤྱོད་དང་བཅས་པ་མཆོད་པ་བཞི་རྫོགས་སུ་ཕུལ་བ་ནི། ལུས་ནི་དཔག་བསམ་གྱི་སྡོང་པོ། འདོད་ཡོན་གྱི་ཡལ་ག་རྒྱས་པ་ཞིག་ཏུ་བསྒོམས་ལ། མིག་ནི་མེ་ཏོག་གི་ཕུང་པོ་འདབ་མ་ཨུད་པ་ལ། པུཎྜ་རི་ཀ །ཀུ་མུ་ཏ། མན་དྷ་ར་བ་ལ་སོགས་པ་མེ་ཏོག་གི་མཆོད་པ་དཔག་ཏུ་མེད་པར་བསྒོམ། རྣ་བ་སིལ་སྙན་གྱི་རང་བཞིན་རྔ་དང༌། རྫ་རྔ་དང༌། དུང་དང༌། ཆ་ལང་དང༌། པི་ཝང་དང༌། གླིང་བུ་ལ་སོགས་པ་རོལ་མོའི་བྱེ་བྲག་དཔག་ཏུ་མེད་པར་བསྒོམ། སྣ་དྲིའི་རང་བཞིན། ཨ་ཀ་རུ་དང༌། དུ་རུ་ཀ་དང༌། རྒྱ་སྤོས་དང༌། ག་པུར། ཙནྡན་ལ་སོགས་པ་བདུག་སྤོས་ཀྱི་བྱེ་བྲག་དཔག་ཏུ་མེད་པར་བསྒོམ། ལྕེ་རོའི་རང་བཞིན། འབྲུ་དང༌། འབྲས་ཆེན་གྱི་ལྷ་བཤོས། རོ་མཆོག་བརྒྱ་དང་ལྡན་པའི་བཟའ་བཏུང་དཔག་ཏུ་མེད་པར་བསྒོམ། ལྤགས་པ་རེག་བྱའི་ངོ་བོ་མཉེན་པ། འཇམ་པ། འཁྲིལ་བ། རེག་ན་བདེ་བར་བསྒོམས་ལ། ཨོཾ་པདྨ་གུ་རུ་པུཥྤེ། དྷུཥྤེ། ཨ་ལོ་ཀེ །གྷནྡྷེ། ནཻ་ཝི་ཏེ། ཤབྟ་ཨ་ཧཱུྃ། ཅེས་པས་འབུལ་ལོ། །དེ་ནས། སྡིག་པ་མི་དགེ་སོ་སོར་བཤགས། །དགེ་བ་བྱེད་ལ་ཡི་རང་ངོ༌། །མྱ་ངན་མི་འདར་གསོལ་བ་འདེབས། །ཆོས་ཀྱི་འཁོར་ལོ་བསྐོར་དུ་ གསོལ། །དགེ་བ་རྫོགས་པའི་བྱང་ཆུབ་བསྔོ། །ནུས་ན་ཙོག་གིས་ལངས་ལ་ངག་གིས་བྱ། མ་ནུས་ན་ཡིད་ཀྱིས་སྒོམ་མོ། །དངོས་གཞི་འདི་ལྟར་དུ་བསྒོམ་སྟེ། བདག་གི་ལུས་འདི་མི་གཙང་བའི་ཕུང་པོར་འདུག །རྣག་ཁྲག་དང་ཆུ་སེར་གྱི་རྐྱལ་པར་འདུག །རུས་པའི་དུམ་བུར་འདུག །རྩ་རྒྱུད་ཀྱི་དྲ་བས་འབྲེལ། ལྤགས་པའི་རྒྱ་ཡིས་བསྡམས། ཤ་ཁྲག་འདུས་པའི་ཕུང་པོ། གསོ་བར་དཀའ་ལ་འཇིག་པར་སླ་བ། ཐོབ་པར་དཀའ་ལ་ཉམས་པར་སྐྱེན་པ། དེ་ལྟ་བུའི་ལུས་འདི་ལ་ཆགས་ཞེན་ཏིལ་འབྲུ་ཙམ་ཡང་མི་བྱའོ་སྙམ་དུ་བསམ་ལ་ལུས་སྐྱིལ་ཀྲུང་བཅའ། ལག་གཉིས་པུས་མོའི་སྟེང་དུ་བཀབ་ལ། མིག་བར་སྣང་གི་འདོམ་གང་ལ་ཧ་རེ་བཞག་གོ །དེ་ནས་རྐང་པ་གཉིས་ཀྱི་མཐིལ་དུ་སེམས་ཀྱི་ངོ་བོ། ཨ་དཀར་པོ་མཐེ་བོང་ཙམ་པ་རེ་གསལ་ལ་འོག་རླུང་གཉིས་ཡར་འཐེན་ལ། འོད་གཉིས་པོ་བོལ་གོང་གཉིས་དང༌། ངར་གདོང་གཉིས་ནས་ཡར་ཧྲི་ལི་ལི་བྱུང༌། མཆུ་སོའི་ཐད་ཁ་ནས་གཅིག་ཏུ་འདྲེས་ནས། སྙིང་ག་ནས་བྱུང༌། སྤྱི་བོ་ཚང་བུག་ནས་ཡར་རྩལ་པོ་ཆེས་མདའ་འཕངས་པ་ལྟར་སྟེང་གི་ནམ་མཁའ་ལ། རླུང་གི་རང་བཞིན་དུ་སྔོ་བུན་གྱིས་དོན་ནས། ནམ་མཁའ་སྟོང་པའི་ངོ་བོར་ཕྱད་ཀྱིས་འདྲེས་པར་བསམ་ལ་ཡལ་བར་བསྒོམ། དེངས་པར་བསྒོམ། ལུས་སེམས་ཤག་གིས་ཕྲལ་ལ། ལུས་ཅི་དགའ་བ་གྱིས་ལ་བཞག །སེམས་ཉིད་རྟོག་མེད་ཀྱི་རིག་པ་ནམ་མཁའ་ལ་འཕངས་ལ་རིག་པ་ཧ་རེ་ཧད་དེ་གསལ་བརྗོད་མེད་པའི་ངང་དུ་བཞག་པས། དུས་དེ་ཉིད་དུ་དབུགས་ཁྲོགས་སེ་འགྲོ་བ་ཡིན་ནོ། ། མཇུག་ཏུ་འཕོ་བའི་དགོས་པ་ནི། འཕོ་བ་བྱེད་པའི་གང་ཟག་དེ། རྫོགས་རིམ་ཆོས་ཉིད་ཀྱི་དོན་ལ་ཉམས་ལེན་བྱས་ན་སངས་རྒྱས་པ་ཡིན་ནོ། བསྐྱེད་རིམ་ལྷ་དང་ལྷ་མོའི་རྣམ་པར་བསྒོམས་ན། འོག་མིན་མངོན་དགའ་དང༌། བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་རྣམ་དག་ཏུ་ལྷའི་ངོ་བོར་སྐྱེ་བ་ཡིན་ནོ། །ཉན་ཐོས་ཀྱི་སྡོམ་པ་དང༌། འདུས་བྱས་ཀྱི་ཆོས་སྤྱོད་ལ་གནས་པ་ཞིག་གིས། འཕོ་བ་བྱས་ན་ལྷ་དང་མིའི་གོ་འཕང་ཐོབ་པར་འགྱུར་རོ། །ལོང་ཡོད་ན་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པའི་སྔོན་འགྲོ་རྣམས་བྱ། ལོང་མེད་ན་དངོས་གཞི་རང་ལ་དབབ་སྟེ་འཕོ་རུ་འདོད་ན། ཀག་སེ་ལངས་ལ་རྐང་པ་གཤིབས་སེ་བཤིབས། ཐལ་མོ་སྤྱི་བོར་སྦྱར་ལ། རླུང་དང་བསྟུན་ལ་སྔར་གྱི་དམིགས་པ་བསྒོམ། དེ་ལྟར་བྱས་པས་ངེས་པར་འཕོའོ། །གཅོད་ཀྱི་སྦྱང་བ་དང་ལས་ལ་སྦྱར་དུས་ཡིན་ནོ། །» «འཕོ་བ་ཐར་པའི་སྒོ་འབྱེད་རྫོགས་སོ།། །།«མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༢༦༽ཟབ་དོན་གཅོད་ཡུལ་ལས་འཕོ་བ་ཐར་པའི་སྒོ་འབྱེད།»- PAGE 46 -- PAGE 47 -- PAGE 45 -