volume 026 599
༈ རིན་ཆེན་མཁའ་འགྲོའི་དུར་ཁྲོད་ཀྱི་རྒྱུད་བཞུགས་སོ། ། རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །མ་གཅིག་ལབ་ཀྱི་སྒྲོན་མ་ཡིས། །རིན་ཆེན་མཁའ་འགྲོའི་དུར་ཁྲོད་གླིང་ཆེན་གྱི། །མཁའ་འགྲོ་དབང་དུ་བསྡུས་ནས་བྲན་ལ་བཀོལ། །ཐོད་སྨྱོན་བསམ་འགྲུབ་ཀྱིས་སྙན་དུ་བརྒྱུད། དེ་ལ་ལྷོ་ཕྱོགས་དུར་ཁྲོད་ཀྱི་མཁའ་འགྲོ་མ་སྟག་གི་མགོ་ཅན། ལྷོ་ཕྱོགས་གླིང་ཆེན་བཞི་ལ་ཡང་དེ་འདྲ་བཞི། དེ་སྒྲུབ་པའི་སྐོར་ནི། མཎྜལ་ས་ཚོན་གོང་དང་འདྲ། བསྐྱེད་རིམ་ནི། རང་དུར་ཁྲོད་ཀྱི་མཁའ་འགྲོ་མ་སྐུུ་མདོག་སེར་མོ་སྟག་མགོ་ཅན། ཞལ་གཅིག་ཕྱག་གཉིས། སྐུ་ལ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གཡས་ཞིང་ཆེན་གྱི་རྒྱལ་མཚན། གཡོན་པས་ནོར་བུ། རང་གི་དབུ་ཐོག་ནས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་བསྐྱེད། སྙིང་གི་དཀྱིལ་དུའང་རིན་ཆེན་འབྱུང་ལྡན་ཡབ་ཡུམ། དེའི་ཤར་དུ་སྔོན་མོ་སྟག་གི་མགོ་ཅན། ལྷོ་ཕྱོགས་སུ་སེར་མོ་སྟག་མགོ་མ། ནུབ་ཏུ་དམར་མོ་སྟག་མགོ་ཅན། བྱང་དུ་ལྗང་མོ་སྟག་མགོ་མ། གསང་བའི་གནས་ཆེན་བཞི་ལ། དེ་འདྲ་བཞི་ཡོད། རང་གི་ཕྱོགས་བཞིར་དེ་འདྲ་བཞི་བསྒོམ། གཡས་ཐམས་ཅད་ཞིང་གི་རྒྱལ་མཚན། གཡོན་ཐམས་ཅད་ན་ནོར་བུ། སྐུུ་ལ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་ཧ་དང་ཧཱུྃ་གི་སྒྲ་སྒྲོག་པ། གསང་བའི་གནས་ཆེན་བཞིའི་དུར་ཁྲོད་ཀྱི་མཁའ་འགྲོ་མ་བཀུག་ ཅིང༌། རང་གི་ཕྱོགས་མཚམས་ཐམས་ཅད་དུ་འུབ་ཀྱིས་འདུས་པར་བསྐྱེད། དེ་ནས་ངག་ཏུ་ཕཊ་བརྗོད་པས། དེ་རྣམས་ཀྱི་སྟོང་གསུམ་གྱི་བཅུད་དང་ཚེ་བཀྲག་བསྡུས་ནས་རང་ལ་བསྟིམས། ཕཊ་དྲག་ཏུ་བརྗོད་ནས་འགྲོ་བ་ཕོ་མོ་དབང་དུ་བསྡུས་ནས་རང་ལ་ཐིམས། བྲན་གཡོག་གི་ཚུལ་དུ་འཁོར་བར་བསྐྱེད། དེ་ནས་སྙིང་པོ་འདི་ཉིད་བགྲངས། ཧ་རི་ནི་ས་མ་མ་རཏྣ་དྲོངས། མུ་འདུས་ཧ་ཡ་ཕཊ། ཧ་རི་ནི་ས་ར་ན་བང་འདུས། དེ་དུས་སྙིང་པོ་གྲངས་མེད་བསྒྲངས་ལ། གཉན་ཁྲོད་འགྲིམ་ཞིང་དམིགས་པ་གཅུན་ན་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་འགྱུར་རོ། །རིན་ཆེན་དུར་ཁྲོད་གསང་སྒྲུབ་རྫོགས་སོ།། །། ༈ དུར་ཁྲོད་ཀྱི་གནས་སུ་ཉལ་བའི་དུས་སུ། དུར་ཁྲོད་རོ་ཆས་ཀྱི་དམིགས་པ་འདི་བཞིན་བྱའོ། །རང་གི་མདུན་དུར་ཁྲོད་ཀྱི་མཁའ་འགྲོ་མ། སྐུ་མདོག་སེར་མོ་སྟག་གི་མགོ་ཅན། གཡས་གྲི་གུག་གཡོན་ཐོད་ཁྲག །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན་པ་ཞིག་ཏུ་བསྐྱེད་དེ། ཕཊ་བྱས་ལ་རིག་པ་དབྱིངས་སུ་ཐིམས། རང་གི་སྨིན་མཚམས་ནས་རྦད་ཀྱིས་བཅད་ལ་མདུན་དུ་བཞག །བྲང་བྲེག་སྙིང་བཏོན་དེའི་ནང་དུ་བཅུག །ཤ་ཁྲག་རྣམས་དེའི་ནང་དུ་སྤུངས། ཞལ་བུའི་ནང་དུ་རཾ་ཞིག་བསྐྱེད་ལ། རཾ་ལས་མེ་འབར་བག་ཆགས་དྲི་མ་རྣམས་བསྲེགས་པས། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། ཡར་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་དངས་མ་འབུལ། བར་ཡོན་ཏན་གྱི་མགྲོན་ལ་འབུལ། ཐ་མ་ལན་ཆགས་དང་སྙིང་རྗེའི་མགྲོན་ལ་འབུལ། དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་འབུལ། ཡོན་ཏན་གྱི་མགྲོན་རྣམས་སྐོང་བར་གྱུར་ཅིག །ལན་ཆགས་ཀྱི་མགྲོན་རྣམས་ཚིམས་པར་གྱུར་ཅིག །སྙིང་རྗེའི་མགྲོན་རྣམས་ཕུན་སུམ་ཚོགས་པར་གྱུར་ཅིག །ཡང་ན་ཚོགས་གསོགས་འདི་ལྟར་བྱ། རང་གི་མདུན་དུ་མཁའ་འགྲོ་མ་སྐུ་མདོག་སེར་སྐྱ་ཞིག །ཕཊ་བྱས་པས་རིག་པ་མ་ལ་བསྟིམ། ལྤགས་པ་དེ་དམར་ཕྱམ་གྱིས་བཏིང་ནས། སྟོང་གསུམ་གང་བར་བསམ། ཡང་ཕཊ་བྱས་པས་ཤ་རྣམས་ཉིལ་གྱིས་སོང༌། ཁྲག་རྣམས་བདུད་རྩིར་ལྟེམ་གྱིས་སོང༌། རུས་པ་རྣམས་འདོད་དགུར་སོང༌། ཕཊ་བྱས་པས་མགོ་བོ་དེ་ཀླུའི་ཕོ་བྲང་ཆེན་པོ་ཞིག་ཏུ་བསམ། ཀླུ་ཐམས་ཅད་ཀྱི་བཅུད་བསྡུས་ནས་བསྟིམ། རཾ་ཡཾ་ཁཾ་གིས་གཡོས་བྱས། ཨོཾ་ཨཱཿཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་དངས་མ་འབུལ། །སྙིགས་མ་རིགས་དྲུག་ལན་ཆགས་ཡོངས་ལ་བསྔོ། །དགོས་འདོད་ཕུན་སུམ་ཚོགས་པའི་ཚོགས་གསོགས་འདི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་སྡེ་བཞི་མཉེས་གྱུར་ཅིག །ལན་ཆགས་འགྲོ་དྲུག་ཚིམས་གྱུར་ཅིག །རང་གི་མདུན་དུ་མཁའ་འགྲོ་མ་སྐུ་མདོག་སེར་མོ་སྟག་གི་མགོ་ཅན་བསྐྱེད་ལ། ཕཊ་བྱས་པས་རིག་པ་རང་ལ་བསྟིམ། ལྤགས་པ་དམར་ཕྱམ་གྱིས་སོང་བ་ལ། གཡང་གཞི་ཞིག་ཏུ་གྱུར་པར་བསམ། གླིང་བཞི་ཁེངས་པར་བསམ། མགོ་བོ་འཛམ་བུའི་གླིང་དུ་ཡོད་པར་བསམ། ཕཊ་བྱས་པས་ཤ་རུས་རྣམས་ཉིལ་གྱིས་སོང་བར་བསམ། འདོད་ཡོན་ཕུན་སུམ་ཚོགས་པར་བསམ། ཁྲག་རྣམས་བདུད་རྩིར་བསམ། ཕཊ་བྱས་པས་རིའི་རྒྱལ་པོ་རི་རབ་འདོད་དགུ་ཕུན་སུམ་ཚོགས་པར་བསམ། ཁྲག་རྣམས་བདུད་རྩིར་བསམ། ཕཊ་བྱས་པས་རིའི་རྒྱལ་པོ་རི་རབ་ཕུན་སུམ་ཚོགས་པར་གླིང་བཞིའི་སྐྱེ་འགྲོའི་བཅུད་བསྡུས་ནས། རཾ་ཡཾ་ཁཾ་གིས་བསྲེག་སྦྱངས་བྱ། ཨོཾ་ཨཱཿཧཱུཾ་གསུམ་གྱི་བྱིན་གྱིས་བརླབས། དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ། བདུད་རྩི་དྲི་ཞིམ་པ། རོ་མངར་བ། ཕུན་སུམ་ཚོགས་པ་ཕུལ་བས་མཉེས་པར་བསམ། ཡོན་ཏན་གྱི་མགྲོན་རྣམས་ཐམས་ཅད་དང༌། རིགས་དྲུག་རྣམས་ལ་ཕུལ་བས་ཕུན་སུམ་ཚོགས་པར་གྱུར་ཅིག །ད་ནི་གཟུགས་བསྐྱུར་ལ། རང་གི་མདུན་གྱི་བར་སྣང་ལ། མ་ཅིག་བསྐྱེད་ལ་རིག་པ་དེ་ལ་བསྟིམ། ཕཊ་བྱས་པས་མགོ་བོ་བཅད་ནས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱི་དབང་པོ་རྣམ་པ་ལྔ་ཚིམས་པར་བསམ། །ཡང་ཕཊ་བྱས་པས། ལག་གཡས་བཅད་ནས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ཚིམས་པར་བསམ། ཡང་ཕཊ་བྱས་པས་རྐང་པ་གཡས་བཅད་ནས་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཚིམས་པར་བསམ། ཕཊ་བྱས་པས་ལག་པ་གཡོན་པས་ཚིམས་པར་བསམ། ཕཊ་བྱས་པས་རྐང་པ་གཡོན་པས་ཚིམས་པར་བསམ། ཡང་ཕཊ་བྱས་པས་ཟོ་ཁོག་དེ་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ཟོས་ནས་ཚིམས་པར་བསམ། ཁྲག་གི་མཚོ་མོ་ཀུན་གྱིས་འཐུངས་པས་ཚིམས་པར་བསམ་མོ།། །།དགེའོ། །དགེའོ། །དགེའོ། །མངྒལཾ།། «མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༢༦༽རིན་ཆེན་མཁའ་འགྲོའི་དུར་ཁྲོད་ཀྱི་རྒྱུད།»- PAGE 40 -- PAGE 41 -- PAGE 39 -