volume 026 592

From Rangjung Yeshe Wiki Texts
Jump to navigation Jump to search

༄༅། །ཟབ་དོན་ཐུགས་ཀྱི་སྙིང་པོའི་དྲག་ལས་བཞུགས་སོ། ། དྲག་པོའི་ལས་ནི། སྤྱིར་གཅོད་མཁན་ལ་གནོད་བསྐྱལ་ཡང༌། ལག་པ་མགོ་ལ་བཀབ་སྟེ་བཟོད་པ་བསྒོམ་དགོས། དེ་ལྟར་མ་བྱས་ན་ཐོགས་བཅས་ཀྱི་བདུད་མ་ཆོད་པར་འགྲོ། ལེ་ལག་ལས། འདྲེ་གདོན་ཐུལ་བ་མ་ལགས་ཏེ། །རང་རྒྱུད་ཐུལ་བར་མི་གདའ་ན་ཞེས་གསུངས། འོན་ཀྱང་སྡིག་ཅན་ཚོགས་མ་བསགས་ཀླན་ཀ་དབང་མེད་དུ་བརྐོ་བ། བསྒྲལ་བའི་ཞིང་བཅུ་ཚང་བ་ཞིག་འདུག་ན། གཅོད་མཁན་འདྲེའི་དཔོན་པོ་ཡིན་པས། དམས་ཉམས་འདྲེ་ལ་བསྐུར་བའི་ཕུང་གཏད་འདི་བྱའོ། །དེ་ལ་གསུམ། ས་དམིགས་བརྟགས་པ། འཁོར་ལོ་བཅའ་བ། དགྲ་བོ་འདྲེ་ལ་གཏད་པའོ། །དང་པོ་གཉན་ས་མང་དུ་གཉན་ཁྲོད་འགྲིམས། ཆོ་འཕྲུལ་གང་ཆེ་བ། ཚར་གཅོད་གང་ཆེ་བའི་ས་དེ་ན། ལྷ་འདྲེའི་རིགས་གནས་པ་བརྟགས་ལ། ངོས་བཟུང་མེད་པར་ཞུགས་སོ། །གཏད་འཇུག་པ་ལ། སྔགས་པ་བས་ཀྱང་གཅོད་མཁན་གྱིས་འཇུག་པ་འདི་སླ་བ་ཡིན་ནོ། ། དེས་ས་གང་དུ་གཉན་ས་དགྲ་ལ་གཏན་ལ་དབབ་ཏུ་བཏུབ་པ་ཚུར་ལ་མི་ལྡོག་པ། ཕར་དགྲ་ལ་ཐེབས་པ་ཡིན། བསྲུང་འཁོར་སོགས་མི་དགོས་པ་ཡིན་གསུང༌། འཁོར་ལོ་བཅའ་བ་ནི། འཇམ་གཏད་དྲག་གཏད་གཉིས་ལས། འཇམ་གཏད་དུ་བྱེད་ན། ཀླུ་གཏོར་གྱི་སྨན་ཕུལ་གང་ཞག་པར་བརྡུངས་ཏེ། དཀར་གསུམ་གྱིས་སྦྲུས་ལ། དགྲ་བོའི་ལིང་ག་སོར་བརྒྱད་པ་ཞིག་བྲིས་ཏེ། དེ་ལ་དགྲའི་དྲི་ཆེན་དྲི་ཆུ་གང་རྙེད་བྱུགས། དེའི་སྙིང་གར་རས་སམ་གྲོ་ག་ལ། འཁོར་ལོ་དཔེ་ཆུང་ལྟར་བྲིས་པ་བཅུག །དེ་རྫའི་བུམ་པའི་ནང་དུ་སྨན་ལྔ། འབྲུ་ལྔ་དར་སྣ་བཅས་གཞུག །རིན་པོ་ཆེ་བརྡར་ལ་ཁ་འགྲིག་པར་བཅད། སྤྲ་ཚིལ་གྱིས་བསྡམ་མོ། ། དགྲ་བོ་འདྲེ་ལ་གཏད་པ་ནི། ལིང་ག་དེ་སྔར་ནས་བརྟགས་པའི་ས་མིག་གཉན་ས་དེར་ཁྱེར་ལ། ཆུ་གཏོར་དང་ཀླུ་གཏོར་གཏོང༌། ཆུ་མིག་ནས་འདོམ་གང་བཅལ་བའི་འོག་ཏུ། དོང་ཟླུམ་པོ་གཏིང་ཁྲུ་གང་བ་ཞིག་བྲུས་ལ། ཀླུ་གཉན་པོ་ཁྱོད་ལ། ཡུལ་ཆེ་གེ་མོའི་མི་མིང་འདི་ཁྱོད་ཀྱི་ཟས་སྐལ་དུ་གཏོང༌། འཐུང་སྐལ་དུ་གཏོང༌། ལྟོ་སྐལ་དུ་གཏོང༌། རྒྱག་སྐལ་དུ་གཏོང༌། ཟོས་ཤིག །གསོལ་ཅིག །རོལ་ཅིག་འདི་ལོ་དང་ཟླ་བར་མ་བཞག །ཞག་དང་ཟ་མར་མ་བཞག་པར་ཟོ་ཞིག ། ཅེས་བརྗོད་ལ། ལེགས་པར་ལྗིབས་ལ་རྫི་ལྕག་འཐེམས་པར་བྱ། ཆུ་མིག་དེ་ནས་ཆུ་གྲོད་པ་གང་བླངས་ལ་དགྲའི་ཐེམ་པར་མ་སླེབས་བར་དུ། གྲོད་པ་ལ་ཁབ་གཙོག་རྒྱབ་ལ་ཆུ་ཐིགས་དེས་ལམ་བཏོད། སྐམ་གཏད་ཡིན་ན། གཏད་ས་དེ་ནས་ས་བླངས་ལ་ལམ་རྒྱུད་དུ་བཙར་ལ་ལྷ་འདྲེ་ལ་ལམ་བཏོད། དྲག་གཏད་བྱེད་ན་ལིང་ག་སྔར་དང་འདྲ། དེའི་ལྟེ་བར་དྲག་གཏད་ཀྱི་འཁོར་ལོ་དཔེ་ཆུང་ལྟར་བྲིས་ལ་བཅུག །ལིང་གའི་ལག་ཏུ་ཁའི་སྨྱུག་བུའི་མཚོན་ཆ་རྩེ་མོ་ཆགས་པ་སོར་གཅིག་ལ། དུག་དང་ཤུ་དག་གླ་རྩི་བྱུགས་ལ། གཏད་དེ་མཛེ་ཐོད་ཁྲག་ཙ་རེའི་ཨག་རྩེའི་བར་དུ་བཅུག་ལ། རེ་བས་དྲིལ་ཏེ། སྔར་གྱི་ཆུ་མིག་གཉན་པོ་དེ་ལ། ཆུ་མིག་ནས་འདོམ་གང་འཇལ་བའི་འོག་ཏུ། དོང་གྲུ་གསུམ་ཟུར་གཅིག་པའི་ངོས་ལ་བསྟན། མཛེ་ཐོད་ཀྱི་མགོ་ཆུ་མིག་ངོས་སུ་བསྟན་ལ་གཞུག་གོ །ཀླུ་གཉན་པ་ཁྱོད་ལ། ཡུལ་ཆེ་གེ་མོའི་མི་མིང་འདིས་སྡོས་སོ། །བརྙས་པ་བྱས་སོ། །འཐབ་བོ། །རྩོད་དེ་ཀླུའི་ཡུལ་འཕྲོག །ནོར་འཕྲོག །ཀླུ་གསོད་པ་ཡིན་ཟེར་ཞིང་འདུག་གོ །ཀླུ་ཁྱོད་ལ་ནུས་པ་ཅི་ཡོད་ན་ད་རེས་ཐོན་ལ་ཁོ་བརླག་པར་གྱིས་ཤིག །ཀླུ་ལ་མཐོང་པའི་དུག་ དང༌། རེག་པའི་དུག་དང༌། ཁ་རླངས་ཀྱི་དུག་དང་བཞི་ཡོད་པས་དེ་ཁོ་ལ་ཐོངས་ཤིག །དེ་མ་བཏང་ན་ཀླུ་ཁྱོད་གསོད་པར་འདུག །ཅེས་ཀླུ་དང་དགྲའི་བར་དུ་དབྱེན་བཅུག་གོ །གཏད་ལམ་སྔར་བཞིན་བསྟན། དེ་ནས་རང་ཆུ་མིག་དེའི་ལྟག་ཏུ་ཉལ་ལོ། །ང་ཡུལ་ག་གེ་མོའི་མི་མིང་འདིས་བཏང་བ་ཡིན་པས། ཀླུ་ཁྱོད་ཚར་མ་ཆོད་པར་ཕྱིར་མ་འོང་ཟེར་ནས་བཏང་བས་འདིར་མི་འོང་བའི་དབང་མེད་ཡིན་པས། ཀླུ་ཁྱོད་ལ་ནུས་པ་ཅི་ཡོད་པ་ཐོན་ལ་ཁོ་སོད། ཞག་བདུན་གྱི་ཁོངས་སུ་ཁོ་སོད་ཅིག །ཁོ་མ་ཤི་ན་ང་ལོག་དབང་མེད་པས། ང་བསྐལ་པའི་བར་དུ་ཡང་འདིར་སྡོད་དོ། །ཁོ་ནམ་ཤི་བ་དང་ཡར་ལོག་འགྲོ་བ་ཡིན། ང་འགྲོ་མི་འགྲོ་ཁོ་ལ་རགས་ལས། ཁོ་མ་ཤི་བར་དུ་འདིར་སྒོ་མནན་ནས་བསྡད་པ་ཡིན་ནོ། །ཞེས་པའི་ཚིག་དེ་རྣམས་ཉིན་ལན་གསུམ་མཚན་ལན་གསུམ་བརྗོད་ཅིང་གཅོད་ཀྱི་ཉམས་ལེན་གྱི་ངང་དུ་ཉལ་བས་རབ་ཞག་བདུན། འབྲིང་ཞག་བཅུ་བཞི། ཐ་མ་ཡང་ཉི་ཤུ་རྩ་གཅིག་ན་དགྲ་བོ་དེ་ཕོ་གླང་གིས་བཏབ་ནས་འཆི་བའམ་མཛེ་དང་ལྷོག་ཐབས་འབྱུང༌། གལ་ཏེ་རང་ཉལ་དུ་འགྲོ་བ་མ་ཁོམ་ན། རང་གི་དྲི་ཆེན་དྲི་ཆུ་དང་ས་བསྲེས་ལ་རང་གི་གཟུགས་སོར་བཞི་པ་ཞིག་བྱས་ལ། དེ་ལ་རང་གོས་ཀྱི་རས་མ་དུམ་གཅིག་བཀོན་ལ། སྔར་གྱི་ཚིག་དེ་རྣམས་ཡིག་གེ་བྲིས་པ་སྐེར་བཏགས་ལ་ཆུ་མིག་གི་ལྟག་མིས་མི་ཤེས་པར་བསྙལ་ལ་བཞག་གོ །དེ་ལྟར་བྱས་པས་རང་ཉལ་བ་དང་ཁྱད་མེད་པའི་ནུས་པ་འབྱུང་ངོ༌། ། མཐུ་བྱེད་ན་སྟེང་གདོན་གནས་པའི་ས་དམིགས་བཙལ་བ་གལ་ཆེ་བས་ལྷ་ཁང་དང་དུར་ཁྲོད་ལ་སོགས་པ་གང་གཉན་ས་རུ་ཉལ་ཏེ། རྒྱལ་པོ་དང་པེ་ཧར་རམ། བཙན་དང་བདུད་དམ། ལྷ་འདྲེ་གཉན་པ་གང་ན་འདུག་པ་བལྟས་ལ། གང་གཉན་ས་དེ་རུ་སྔར་གྱི་ཚིག་དེ་རྣམས་བརྗོད་ལ། གཅོད་ཀྱི་ཉམས་ལེན་གྱི་ངང་དུ་ཉལ་ལོ། །སྐབས་སུ་རྒྱལ་པོ་པེ་ཧར་ལ་སོགས་པ་ལ་ཁྱོད་ཡུལ་ཆེ་གེ་མོའི་མི་མིང་འདི་ཞེས་བྱ་བ་དེ། ད་ལྟར་ཕུང་བ་དང་བརླག་པར་གྱིས་ཤིག །མི་བྱེད་ན་ཁྱེད་ཀྱི་གནས་འདི་ད་ལྟ་ཉིད་དུ་མི་བཤིག་རི། རྟེན་འདི་མི་བཤིག་རི། ཁྱེད་རང་མི་གསོད་རི། ང་ནམ་ཤི་སངས་རྒྱས་ཡིན། ཐོད་པ་བོར་ཆོག་ཡིན། རྩར་ཉལ་འཕྲིག་མེད་ཡིན། མཐའ་མེད་རླུང་ཁྱེར་གྱི་མི་ཡིན། ན་མེད་ལ་འདས་ཀྱི་མི་ཡིན། ཕུང་ཤི་སྟུག་ཟད་ཀྱི་མི་ཡིན། ཞག་རྡོག་གི་ཚེ་ལ་རིང་ཐུང་མེད་དོ་བྱས་ལ་ལྷ་འདྲེ་དེ་གཅུད་ལ་བོར། དེ་ལྟར་བྱས་པས་ཁོ་ལ་མི་འགྲོ་བའི་དབང་མེད་དོ། །དགྲ་མྱུར་དུ་འཆི་འོ། །འདི་ནི་ལྷ་འདྲེ་སྒྲུབ་ཅིང་སྲོག་སྔགས་འདྲེན་པ་ལས་རྩུབ་སྟེ། ཇོ་བོ་སྔགས་པ་ཀུན་གྱིས་འདི་བྱེད་མ་ནུས་པ་ཡིན། ནུས་ན་མཐུ་ལ་ཚེགས་མེད་གསུངས་སོ། ། སེར་བ་འབེབས་ན། ཞིང་ལ་ཡོད་པའི་གཟུགས་བྱས་ལ། དེ་འཁོར་ལོ་དང་སྦྲགས་ལ་ཆུ་མིག་གི་ནང་དུ་བཅུག་དང༌། སྔོ་ཐོག་སྡུད་པ་ཡིན། ཐོག་འབེབས་ན་དགྲའི་རྐང་རྗེས་ཀྱི་ས་ལ་ལིང་ག་བྱས་ལ་ཐོག་གིས་ཤི་བའི་རུས་པ་དང་ཐོག་མེ་ལ་བཅུག་ལ་ཁོའི་ཁང་པ་ལ་ཕོག་སྟེ། ཐོག་འབེབས་པའི་ཆོ་ག་བྱེད་པ་ཡིན་ནོ། ། དྲག་པོའི་ལས་བཞི་ཡོད་དེ། སྤྱིར་ཡང་ཆོས་པའི་ཕྲིན་ལས་ཐམས་ཅད་ལྷ་འདྲེས་སྒྲུབ་ལ། སྒོས་སུ་ཡང་གཅོད་མཁན་གྱི་ཕྲིན་ལས་བཞི་ཆར་འདྲེས་བསྒྲུབས་པས་སྤྱོད་པ་མཐར་ཕྱིན་པར་བྱའོ། །ཨ་མ་ཇོ་མོ་ལ་སྡོང་པོ་གསེར་ལག་ཅན་དུ་ཀླུའི་རྒྱལ་པོ་ལག་སྐྱོང་གིས་ཕྲིན་ལས་བཞི་པོ་འདི་དངོས་གྲུབ་ཏུ་གནང་བ་ཡིན་པས། གཅོད་མཁན་ཐམས་ཅད་ལ་འདི་མེད་པས་ཤིན་ཏུ་གསང་བར་བྱའོ། །རྫོགས་ སོ།། །།དྲི་མེད་འོད་ཟེར་ལུགས་ཀྱི་གཅོད་པདྨ་གླིང་པའི་ཕྱག་བཞེས་སོ་མངྒལཾ།«མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༢༦༽ཟབ་དོན་ཐུགས་ཀྱི་སྙིང་པོའི་དྲག་ལས།»- PAGE 286 -- PAGE 289 -- PAGE 285 -