volume 024 528
༄༅། །རྡོ་རྗེའི་གླུའི་དཀར་ཆག་ལེགས་པར་བཀོད་པ་བཞུགས།« ན་མོ་གུ་རུ་བྷྱཿ རྡོ་རྗེའི་གླུ་འདི་ནི་འཇིག་རྟེན་པའི་གླུ་ལྟར་མ་ཡིན་གྱི། འཇིག་རྟེན་ལས་འདས་པ་ཐར་པ་དོན་དུ་གཉེར་བ་རྣམས་ཀྱི་དོན་དུ་བླང་བ་ཡིན་ཞིང༌། དུས་ནི་ཚོགས་ཀྱི་འཁོར་ལོ་དང༌། དཔའ་བོ་དང་དཔའ་མོའི་ཚོགས་ཀྱི་དགའ་སྟོན་དང༌། རྣལ་འབྱོར་བ་ཉམས་སྐྱོང་བའི་ཚེ་ལེན་པའོ། །དགོས་པ་ནི་དད་པ་དང་ངེས་འབྱུང་བསྐྱེད་པ་དང༌། དབེན་པར་སྒྲུབ་པ་ལ་བརྩོན་པ་དང༌། ཉམས་རྟོགས་གོང་དུ་འཕེལ་བ་ལ་སོགས་པའོ། །ལེན་ལུགས་ནི། ལེན་པ་པོ་རྣམས་ལུས་ཀྱིས་རྐང་བྲོ་དང་ཕྱག་རྒྱ་མཛེས་པ། ངག་གིས་འདྲེན་ཁུགས། ཚིག་འབྲུ་སྙན་པ། སེམས་ཀྱི་ལྟ་དགོངས་དང་དམིགས་པ་གསལ་བའོ། །གང་ལས་གསུངས་ན་གསང་སྔགས་བླ་ན་མེད་པའི་རྒྱུད་དང་མན་ངག་ཀུན་ནས་རྡོ་རྗེའི་གླུ་གསུངས་ལ། ཁྱད་པར་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས་བྱུང་ཞིང༌། དབང་རྣམ་པར་ཕྱེ་བའི་ཕྲ་ཐིག་ལས། སྐབས་འདིར་རྡོ་རྗེའི་གླུ་ཡང་བླང་བར་བྱའོ། །ཞེས་གསུངས་པས། དབང་ངོ་སྤྲོད་ཚོགས་ཀྱི་འཁོར་ལོའི་སྐབས་སུ། རྡོ་རྗེའི་གླུ་ལེན་པར་བཤད་དོ། །རྡོ་རྗེའི་གླུ་ཇི་ལྟར་བླང་བའི་ལག་ལེན་ཅུང་ཟད་ཕྱོགས་གཅིག་ཏུ་བསྡེབས་ཏེ། ཐེག་པ་བླ་ན་མེད་པའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པའོ། །རྡོ་རྗེའི་གླུ་འདི་ལ་ཕུན་སུམ་ཚོགས་ལྔ་མ། བདེ་སྐྱིད་མཚོ་ཆེན་མ། ནོར་བུ་ཉི་མ་མ། འདུན་པ་རྩེ་མོ་མ། གཞི་ལམ་འབྲས་བུ་མ། ཐེག་པ་རིམ་དགུ་མ།» «གཏན་དུ་ལེགས་པ་མ། ཨོ་རྒྱན་བྱིན་རླབས་མ། བདུད་རྩི་ཟིལ་མངར་མ། གཏད་མེད་ཡོངས་གྲོལ་མ། མཁའ་འགྲོ་འདུས་པ་མ། བདེ་སྐྱིད་རི་ཁྲོད་མ། མྱ་ངན་གཞི་གྲོལ་མ། བར་དོ་འཕྲང་སྒྲོལ་མ། སྦས་ཡུལ་རིན་ཆེན་མ། འཁོར་བ་དོང་སྤྲུགས་མ། བཀྲ་ཤིས་དཔལ་འབར་མ་དང་བཅུ་བདུན། ལྷུན་གྲུབ་གླིང་དུ་གསུངས་པའི་སྐོར་ལ་བཞུགས་སོ། །༈ ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱི་སྙིང་པོ་དོན་གྱི་མགུར་བཅུ་བཞུགས། ན་མོ་གུ་རུ་བྷྱཿ ཆོས་ཐམས་ཅད་གདོད་མ་ནས་རྣམ་པར་དག་པ། ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་རྒྱལ་བ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་རོ་གཅིག་ཏུ་གྱུར་པ་ལས། རང་བྱུང་ཡེ་ཤེས་འགག་པ་མེད་པར་གསལ་བའི་དགོངས་པ་ལས་བཞེངས་ཏེ། གནས་རྣམ་དག་སྟུག་པོ་བཀོད་པ་ལོངས་སྤྱོད་རྫོགས་པ་སྐུའི་ཞིང་དུ། རིགས་ལྔ་མཚན་རྫོགས་རྡོ་རྗེ་འཆང་གི་ཞིང་ཁམས་སུ་བཀོད་པ་ལས། ཐུགས་རྗེས་སྤྲུལ་པའི་སྐུར་བཞེངས་ཏེ་གདུལ་བྱའི་དོན་ཏུ་ཞིང་ཁམས་རྣམ་པར་བཀོད་པའི་རིགས་ལྔ་གང་ཆེན་མཚོ་སོ་སོར་སྣང་བ་ལས། ཤར་ཕྱོགས་སུ་མི་བསྐྱོད་པ་གང་ཆེན་མཚོའི་ཕྱག་མཐིལ་ན། རྡོ་རྗེ་རྣམ་པར་བརྩེགས་པའི་ཞིང་ཁམས་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་ཤིང༌། བ་སྤུའི་ཁུང་བུ་ཐམས་ཅད་ནས་སྤོས་ཆུའི་རྒྱུན་གང་ཆེན་མཚོ་འབབ་པ་ལ་ཞིང་ཁམས་གང་ཆེན་མཚོ་བརྟེན་པ་དང༌། ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་གང་ཆེན་མཚོའི་ཕྱག་མཐིལ་ན། རིན་ཆེན་རྣམ་པར་བརྩེགས་པའི་ཞིང་ཁམས་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་ཤིང༌། བ་སྤུའི་བུ་ག་ཐམས་ཅད་ནས་སྤོས་ཆུའི་རྒྱུན་གང་ཆེན་མཚོ་འབབ་པ་ལ་ཞིང་ཁམས་གང་ཆེན་མཚོ་བརྟེན་པ་དང༌། ནུབ་ཕྱོགས་སུ་སྣང་བ་མཐའ་ཡས་གང་ཆེན་མཚོའི་ཕྱག་མཐིལ་ན། པདྨ་རྣམ་པར་བརྩེགས་པའི་ཞིང་ཁམས་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་ཤིང༌། བ་སྤུའི་བུ་ག་ཐམས་ཅད་ནས་སྤོས་ཆུའི་རྒྱུན་གང་ཆེན་མཚོ་འབབ་པ་ལ་ཞིང་ཁམས་གང་ཆེན་མཚོ་བརྟེན་པ་དང༌། བྱང་ཕྱོགས་སུ་དོན་ཡོད་གྲུབ་པ་གང་ཆེན་མཚོའི་ཕྱག་མཐིལ་ན། རྒྱ་གྲམ་རྣམ་པར་བརྩེགས་པའི་ཞིང་ཁམས་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་ཤིང༌། བ་སྤུའི་བུ་ག་ཐམས་ཅད་ལས་སྤོས་ཆུའི་རྒྱུན་གང་ཆེན་མཚོ་འབབ་པ་ལ་ཞིང་ཁམས་གང་ཆེན་མཚོ་བརྟེན་པ་དང༌། དབུས་ཕྱོགས་སུ་རྣམ་པར་སྣང་མཛད་གང་ཆེན་མཚོའི་ཕྱག་མཐིལ་པདྨའི་སྟེང་ན། འཁོར་ལོ་རྣམ་པར་བརྩེགས་པའི་ཞིང་ཁམས་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་ཤིང༌། བ་སྤུའི་བུ་ག་ཐམས་ཅད་ནས་སྤོས་ཆུའི་རྒྱུན་གང་ཆེན་མཚོ་འབབ་པ་ལ་ཞིང་ཁམས་གང་ཆེན་མཚོ་བརྟེན་པ་ཐམས་ཅད་ལ་གདུལ་བྱ་སེམས་ཅན་གྱི་རིགས་ཁམས་གསུམ་རིགས་དྲུག་འཁོར་བའི་ཆོས་སོ་ཅོག་རང་སྣང་བ་སོ་སོའི་ངོ་ཁ་ལ། འདུལ་བྱེད་རྒྱལ་བའི་སྤྲུལ་སྐུ་གང་ལ་གང་འདུལ་བ་དཔག་ཏུ་མེད་པས་ཆོས་ཀྱི་སྒོ་དང༌། ཐེག་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་བསྟན་པས། འགྲོ་བ་རྣམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བྱང་ཆུབ་ལ་འགོད་པའི་ཕྲིན་ལས་དཔག་ཏུ་མེད་པ་མཛད་པ་ལས་ཁྱད་པར་དུ་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་འཁོར་ལོ་རྣམ་པར་བརྩེགས་པ་ལས། བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུ་ལ་བརྟེན་པའི་འཇིག་རྟེན་གྱི་ཞིང་ཁམས་མི་མཇེད་ཅེས་བྱ་བ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱད་ཅུས་བཀོད་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐལ་པ་བཟང་པོ་རྡོ་རྗེ་འཆང་དང་ཐུབ་པ་སྤྲུལ་པའི་སྐུ་སྟོང་གི་གདུལ་ཞིང་སོ་སོར་སྐུ་བྱེ་བ་ཕྲག་བརྒྱར་སྤྲུལ་ནས། སྔ་ཕྱིར་གཤེགས་ཤིང་ད་ལྟར་བཞུགས་པས་ཆོས་ཀྱི་སྒོ་དང་ཐེག་པའི་རྣམ་གྲངས་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་མཛད་པ་ལས། ཁྱད་པར་གླིང་བཞི་བར་མའི་འཇིག་རྟེན་མི་མཇེད་ལྷོ་འཛམ་བུ་གླིང་གི་ཚེ་ལོ་བརྒྱ་པའི་དུས་སུ། དཔལ་ཀུན་ཏུ་བཟང་པོ་རྡོ་རྗེར་འཆང་གི་སྐུར་བཞེངས་ཏེ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། དེ་ཉིད་ཐུན་མོང་གི་གདུལ་བྱ་ལ་ཤཱཀྱ་ཐུབ་པའི་སྐུར་བཞེངས་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཞི་བའི་དབྱིངས་སུ་མཉམ་པར་བཞག་པའི་རྗེས་སུ། ཕྱི་ནང་གི་བཀའ་ཡི་བསྡུ་བ་མཛད་དེ། དེ་དག་གི་དོན་བློ་དམན་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཆེད་དུ། རྒྱུ་འབྲས་ཀྱི་ཐེག་པ་སོ་སོའི་དོན་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཉིད་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་སྔགས་དང་མཚན་ཉིད་ཀྱི་ཐེག་པ་སོ་སོའི་དོན་འགྲེལ་པར་མཛད་པའི་པནྚི་ཏ་དང༌། རྒྱན་དྲུག་མཆོག་བརྒྱད་ལ་སོགས་དཔག་ཏུ་མེད་པ་དང༌། གྲུབ་ཆེན་བརྒྱད་ཅུ་ལ་སོགས་པ་མཐའ་ཡས་པའི་ཚོགས་སུ་སྤྲུལ་ཏེ་འཕགས་པའི་ཡུལ་དུ་ཆོས་ཀྱི་སྒྲོན་མེ་སྣང་བར་མཛད་པ་ཐམས་ཅད་སངས་རྒྱས་ཀྱི་སྤྲུལ་པར་བཤད་དེ། རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་སུ་ནི། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱེད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས་སོ། །དེ་ལྟར་འཛམ་བུའི་གླིང་འདི་ཉིད་དུ་སངས་རྒྱས་ཀྱི་སྤྲུལ་པ་བླ་མ་དགེ་བའི་བཤེས་གཉེན་མཁས་ཤིང་གྲུབ་པ་བརྙེས་པ་དཔག་ཏུ་མེད་པ་སྔ་ཕྱིར་སེམས་ཅན་གྱི་དོན་ལ་བྱོན་པ་ཐམས་ཅད་ཀྱི་བཀའི་དགོངས་པ་དཔག་ཏུ་མེད་པ་བཀྲལ་ཞིང༌། དོན་གྱི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུ་བར་མཛད་པ་ལས། རྒྱ་གར་ཆུ་བོ་གངྒཱ་ཕན་ཆད་དུ་གྲུབ་ཐོབ་བརྒྱད་ཅུ་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་དཔག་ཏུ་མེད་པ་བྱོན་པ་རྣམས་ཀྱིས་གདུལ་བྱའི་དོན་དུ། ཕྱི་ནང་གི་ངེས་པ་དོན་གྱི་སྙིང་པོ་རྡོ་རྗེའི་མགུར་ལ་སོགས་པ་དཔག་ཏུ་མེད་པ་བཞེངས་ཤིང༌། ཁྱད་པར་དུ་མངའ་རིས་བོད་ཀྱི་ཡུལ། གངས་ཀྱི་རི་བོའི་འགྲམ། རིགས་གསུམ་མགོན་པོའི་གདུལ་ཞིང་མེ་ཏོག་ཀུ་མུ་ད་ཁ་རྒྱས་པ་ལྟ་བུའི་ཁྲོད་འདི་ཉིད་དུ་བདེ་བར་གཤེགས་པའི་སྤྲུལ་པ་ཡང་དག་པ་དགེ་བའི་བཤེས་གཉེན་མཁས་ཤིང་གྲུབ་པ་བརྙེས་པ་དཔག་ཏུ་མེད་པ་སྔ་ཕྱིར་གཤེགས་ཤིང་བྱོན་པ་རྣམས་ཀྱིས་འགྲོ་བའི་དོན་ལ་ཆོས་ཀྱི་སྒོ་དང་ཐེག་པའི་རྣམ་གྲངས་དཔག་ཏུ་མེད་པ་གསུངས་ཤིང༌། ཁྱད་པར་དུ་བསྟན་པ་སྔ་དར་གྱི་དུས་ན་བསམ་ཡས་མཆིམས་ཕུར་གྲུབ་ཆེན་ཉི་ཤུ་རྩ་ལྔ། ལྷ་རི་ཡེར་པར་གྲུབ་ཆེན་བརྒྱ་རྩ། ལྷོ་བྲག་མཁར་ཆུར་ཉི་ཤུ་རྩ་གཅིགདཔལ་ཆེན་ཆུ་བོ་རིར་སུམ་ཅུ་རྩ་ལྔ་ལ་སོགས་པ་བྱོན་པ་རྣམས་ཀྱིས་རྡོ་རྗེའི་གླུ་དང་མགུར་བཞེངས་པ་བསམ་གྱིས་མི་ཁྱབ་ལ། བསྟན་པ་བར་དར་དང་ཕྱི་དར་གྱི་དུས་སུ་ཡང་བསྐྱེད་རྫོགས་ཟབ་མོའི་དོན་ལ་གྲུབ་པ་བརྙེས་པ་དུ་མ་བྱོན་ཤིང༌། རྡོ་རྗེའི་གླུ་དང་མགུར་དུ་བཞེངས་པ་ཚད་མེད་པ་ལ་དེ་དག་གི་ནང་ནས་ཕུལ་དུ་གྱུར་པ་རྣལ་འབྱོར་གྱི་དབང་ཕྱུག་མར་པ་མི་ལ་དང༌། དྭགས་པོ་གླིང་རས་པ་དང༌། འཁྲུལ་ཞིག་རྫ་རི་པ་དང༌། གྲུབ་ཆེན་མེ་ལོང་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་རི་ཁྲོད་ཕྱོགས་མེད་དུ་འགྲིམ། སྒྲུབ་པ་སྙིང་པོར་མཛད། དཀའ་སྤྱད་དང་དུ་བླངས། ཆོས་ཉིད་ཟད་སར་འཁྱོལ་བས་རང་དོན་རྟོགས་པའི་མགུར་བཞེངས་པ་དང༌། ཁྱད་པར་དུ་ཚེ་གཅིག་གིས་བླ་ན་མེད་པའི་བྱང་ཆུབ་འདོད་པ་རྣམས་དང༌། སྙིང་པོ་ངེས་དོན་ཉམས་སུ་ལེན་པར་འདོད་པ་རྣམས་དང༌། ཐར་པ་དམ་པའི་རིགས་ལ་གནས་པ་རྣམས་ཞི་བའི་ཆོས་ལ་བསྐུལ་བའི་ཕྱིར། གཞན་དོན་རྡོ་རྗེའི་མགུར་བཞེངས་པ་ལ་མཐའ་ཡས་པ་ལས། དེ་ལ་ད་རེས་ཀྱི་སྐབས་སུ་ཆོས་ཉིད་ཀྱི་དགོངས་པ་ལ་བར་མཚམས་མེད་པ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཞེས་བྱ་བ་དེ་ཉིད་ཀྱིས་ཕྱི་རབས་ཀྱི་དོན་དུ་རྡོ་རྗེའི་མགུར་བཞེངས་པ་བསམ་གྱིས་མི་ཁྱབ་པ། བྱིན་རླབས་དངོས་གྲུབ་འབྱུང་གནས་བླ་མ་ལ་གསོལ་བ་འདེབས་པའི་མགུར། རྣལ་འབྱོར་རིག་པའི་གསལ་འདེབས། ལྟ་བསྒོམ་སྤྱོད་འབྲས་ཀྱི་མགུར། ཉམས་རྟོགས་གོང་དུ་འབྱིན་པ་བོགས་འབྱིན་རྡོ་རྗེའི་མགུར། ཚིག་དོན་སྤྲོས་པ་གཅོད་པ་གྲུབ་མཐའ་ཤན་འབྱེད་ཀྱི་མགུར། ངེས་འབྱུང་སྐྱོ་ཤས་བསྐྱེད་པ་མི་རྟག་འཆི་བ་རྗེས་དྲན་གྱི་མགུར། དགེ་སྡིག་བླང་དོར་འབྱེད་པ་ལས་རྒྱུ་འབྲས་ཀྱི་མགུར་ལ་སོགས་པ་དཔག་ཏུ་མེད་པ་ཞིག་གསུངས་པ་ལས། ཁྱད་པར་ད་རེས་ཀྱི་སྐབས་སུ་རྣལ་འབྱོར་ཀྱི་དབང་ཕྱུག་དེ་ཉིད་ཀྱིས། གནས་ཕུན་སུམ་ཚོགས་པ་དབུ་རུ་ལྷ་ས་དང་ཉེ་བའི་གནས། བྲག་རི་རིན་ཆེན་བརྩེགས་པའི་འདབས། ལྷུན་གྲུབ་གླིང་ཞེས་བྱ་བའི་དབེན་གནས་སུ། འཁོར་ཕུན་སུམ་ཚོགས་པ་སྐལ་བཟང་གི་རྣལ་འབྱོར་ཕོ་མོ་དུ་མ་ལ། ཆོས་ཕུན་སུམ་ཚོགས་པ་ཐེག་པ་བླ་ན་མེད་པའི་ཡང་རྩེ་བཀའ་རྫོགས་པ་ཆེན་པོའི་འཁོར་ལོ་བསྐོར་བ་ན། དུས་ཕུན་སུམ་ཚོགས་པ་ཡར་ངོའི་ཚེས་བཅུ་མཁའ་འགྲོ་འདུ་བའི་ཚེ་གསོལ་འདེབས་མགུར་དུ་བཞེངས་པའི་སྐོར་སྙན་དུ་འབུལ་བས་གསན་པར་ཞུ་འཚལ། ཞེས་པ་ལ་སོགས་པ་མགུར་དབྱངས་ཀྱི་སྔོན་དུ་སྐབས་དང་སྦྱར་ལ་མཚམས་སྦྱར་རོ། །དཀར་ཆག་ཆེན་མོ་ཞེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་ལྷུན་གྲུབ་གླིང་གི་དབེན་གནས་སུ་སྦྱར་བ་རྫོགས་སོ།། ༈ ན་མོ་གུ་རུ་བྷྱཿ འདི་ཕྱིའི་སྐྱབས་གནས་བླ་མ་རྗེ། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ། །བྱིན་རླབས་མཆོག་སྩོལ་མཁའ་འགྲོ་མ། །མི་འབྲལ་སྤྱི་གཙུག་རྒྱན་དུ་བཞུགས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ལུས་ངག་ཡིད་གསུམ་རབ་དངས་བས། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཐུགས་རྗེས་དགོངས་ཤིང་བྱིན་གྱིས་རློབས། །སྣང་སྲིད་སྣོད་བཅུད་ཞིང་ཁམས་ན། །ཕྱི་ནང་གསང་བའི་མཆོད་པའི་སྤྲིན། །མཐའ་ཡས་རབ་འབྱམས་ཀུན་གྱིས་མཆོད། །རླབས་ཆེན་ཚོགས་གཉིས་རྫོགས་པར་གསོལ། །མ་རིག་ཉོན་མོངས་དབང་གྱུར་པས། །འགལ་འཁྲུལ་ཉམས་ཆགས་ཉེས་ལྟུང་ཀུན། །སྒྱུ་མ་ཙམ་དུ་བཤགས་པར་བགྱི། །འཁོར་བའི་བག་ཆགས་སྦྱང་དུ་གསོལ། །རང་གཞན་ཀུན་གྱིས་དུས་ཀུན་ཏུ། །བསགས་པའི་དགེ་བ་རྒྱ་མཚོ་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །དགེ་ཚོགས་གོང་འཕེལ་མཛད་དུ་གསོལ། །འགྲོ་བ་ཀུན་གྱི་དོན་གྱི་ཕྱིར། །ཐེག་པ་སྣ་ཚོགས་ཆོས་ཀྱི་སྒོ། །དཔག་མེད་འཁོར་ལོ་བསྐོར་དུ་གསོལ། །རྟག་ཏུ་ཆོས་དང་མི་འབྲལ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་པར། །མཐའ་ཡས་སེམས་ཅན་དོན་གྱི་ཕྱིར། །མྱ་ངན་མི་འདའ་བཞུགས་པར་གསོལ། །དོན་གཉིས་རྫོགས་པར་མཛད་དུ་གསོལ། །བདག་གི་དུས་གསུམ་དགེ་བ་ཡིས། །འགྲོ་དྲུག་ཐར་པའི་ལམ་ཞུགས་ཏེ། །ཉིན་མཚན་ཆོས་ཀྱིས་འདའ་བར་ཤོག» «།བྱང་ཆུབ་རྒྱ་མཚོ་མཐའ་ཡས་ཤོག» «།འཁོར་བའི་གནས་ན་བདེ་བ་མེད། །སྡུག་བསྔལ་ཆུ་བོའི་གཉེར་མ་འདྲ། །ད་རེས་ཐུགས་རྗེའི་གྲུ་ཆེན་གྱིས། །སྲིད་པའི་མཚོ་ལས་བསྒྲལ་བར་ཤོག» «།འཁྲུལ་སྣང་ལས་ལ་ཟིན་པ་མེད། །དོན་ཆུང་བྱིས་པའི་རྩེད་མོ་འདྲ། །ད་རེས་ཐུགས་རྗེའི་ཕྱག་བརྐྱངས་ཏེ། །ཐར་ལམ་ཟིན་པར་མཛད་དུ་གསོལ། །ཞི་བ་མྱང་འདས་ཐར་པའི་གླིང༌། །དེད་དཔོན་རིན་ཆེན་རྙེད་པ་འདྲ། །ད་རེས་གནས་ལུགས་གདོད་མའི་ངང༌། །བཙན་ས་ཟིན་པར་མཛད་དུ་གསོལ། །གསོལ་འདེབས་ཡན་ལག་བདུན་པ་ཞེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་ལྷུན་གྲུབ་གླིང་གི་དབེན་གནས་སུ་སྦྱར་བའོ། །༈ ན་མོ་གུ་རུ་བྷྱཿ འགྲོ་བའི་སྐྱབས་གནས་བླ་མ་རྗེ། །ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ། །གནས་ལུགས་དོན་གྱི་མཎྜལ་འབུལ། །སྐྱེ་ཤི་མེད་པའི་དོན་རྟོགས་ཤོག» «།བྱིན་རླབས་དངོས་གྲུབ་འབྱུང་བར་ཤོག» «།སྣ་ཚོགས་སྣང་བའི་མཎྜལ་ལ། །གཞི་མེད་གསལ་བའི་ཚོམ་བུ་བཀོད། །སྟོང་པ་ཆོས་སྐུའི་ངང་དུ་བཞེས། །སྐྱེ་ཤི་མེད་པའི་དོན་རྟོགས་ཤོག» «།གྲགས་པ་སྒྲ་ཡི་མཎྜལ་ལ། །རང་ཡལ་རྗེས་མེད་ཀྱི་ཚོམ་བུ་བཀོད། །གྲགས་སྟོང་གསུང་གི་ངང་དུ་བཞེས། །ཚངས་དབྱངས་ཆོས་ཀྱི་དོན་རྟོགས་ཤོག །དྲན་རིག་སེམས་ཀྱི་མཎྜལ་ལ། །ཤར་གྲོལ་འཛིན་མེད་ཀྱི་ཚོམ་བུ་བཀོད། །རིག་སྟོང་ཐུགས་ཀྱི་ངང་དུ་བཞེས། །མི་རྟོགས་ཡེ་ཤེས་དོན་རྟོགས་ཤོག །རང་བྱུང་རིག་པའི་མཎྜལ་ལ། །ཟང་ཐལ་རྗེན་པའི་ཚོམ་བུ་བཀོད། །ཆོས་ཟད་བློ་འདས་ཀྱི་ངང་དུ་བཞེས། །གཞི་ལམ་འབྲས་བུའི་དོན་རྟོགས་ཤོག» «།ཡེ་སྟོང་རིག་པའི་མཎྜལ་ ལ། །རྒྱ་ཆད་ཕྱོགས་བྲལ་གྱི་ཚོམ་བུ་བཀོད། །བསམ་བརྗོད་བྲལ་བའི་ངང་དུ་བཞེས། །གནས་ལུགས་ལྟ་བའི་དོན་རྟོགས་ཤོག །རང་གསལ་རིག་པའི་མཎྜལ་ལ། །མ་སྤངས་རང་གནས་ཀྱི་ཚོམ་བུ་བཀོད། །བང་དྭངས་འོད་གསལ་གྱི་ངང་དུ་བཞེས། །རང་བྱུང་སྒོམ་པའི་དོན་རྟོགས་ཤོག །མ་འགག་རིག་པའི་མཎྜལ་ལ། །སྣང་སེམས་སྒྱུ་མའི་ཚོམ་བུ་བཀོད། །བླང་དོར་གཉིས་མེད་ཀྱི་ངང་དུ་བཞེས། །ཞེན་མེད་སྤྱོད་པའི་དོན་རྟོགས་ཤོག» «།ཀ་དག་ཆོས་ཟད་ཀྱི་མཎྜལ་ལ། །བློ་བྲལ་ཟང་ཀའི་ཚོམ་བུ་བཀོད། །གནས་ལུགས་རང་མལ་གྱི་ངང་དུ་བཞེས། །མཐར་ཕྱིན་འབྲས་བུའི་དོན་རྟོགས་ཤོག» «།ངོ་བོ་སྟོང་པའི་མཎྜལ་ ལ། །བསམ་དང་བྲལ་བའི་ཚོམ་བུ་བཀོད། །བློ་ལས་འདས་པའི་ངང་དུ་ བཞེས། །ཆོས་སྐུ་རྒྱལ་པོའི་དོན་རྟོགས་ཤོག» «།རང་བཞིན་གསལ་བའི་མཎྜལ་ལ། ། ལྷུན་གྲུབ་རང་སྣང་གི་ཚོམ་བུ་ལ། །རང་བྱུང་འོད་གསལ་གྱི་ངང་དུ་བཞེས། །ལོངས་སྐུ་གཞིར་སྣང་གི་དོན་རྟོགས་ཤོག» «།ཐུགས་རྗེ་འགགས་མེད་ཀྱི་མཎྜལ་ལ། །འཆར་ཚུལ་སྣ་ཚོགས་ཀྱི་ཚོམ་བུ་བཀོད། །རང་བྱུང་རྒྱན་གྱི་ངང་དུ་བཞེས། །སྤྲུལ་སྐུ་ཀུན་ཁྱབ་ཀྱི་དོན་རྟོགས་ཤོག» «།བླ་མ་ཡི་དམ་མཁའ་འགྲོ་ལ། །དོན་གྱི་མཎྜལ་འདི་ཕུལ་བས། །འགྲོ་ཀུན་ཚོགས་གཉིས་རབ་རྫོགས་ཏེ། །ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོག» «།གནས་ལུགས་དོན་གྱི་མཎྜལ་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་ལྷུན་གྲུབ་གླིང་གི་དབེན་གནས་སུ་མགུར་དུ་བཞེངས་པའོ། །དགེའོ། །༈ ན་མོ་གུ་རུ་བྷྱཿ རྒྱལ་བའི་རྣམ་འཕྲུལ་བླ་མ་རྗེ། །ཀུན་ཏུ་བཟང་དང་དབྱེར་མེད་པ། །འགྲོ་བའི་མགོན་པོ་ཐུགས་རྗེ་ཅན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱོགས་གང་དུ་ཕྱིན་ཀྱང་བླ་མ་དྲན། །གནས་གང་དུ་བསྡད་ཀྱང་བླ་མ་དྲན། །དུས་ཉིན་མཚན་འཁོར་མར་བླ་མ་དྲན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དུས་ན་ནིང་བཞུགས་ཀྱང་ད་ལོ་མེད། །བསམ་ཞིང་བསམ་ཞིང་བླ་མ་དྲན། །གདུང་སེམས་མོས་གུས་རྒྱུན་ཆད་མེད། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྐྱེན་ཅི་འདྲ་ཤར་ཡང་བླ་མ་དྲན། །བརྡ་ཇི་ལྟར་མཐོང་ཡང་བླ་མ་དྲན། །ཆོས་གང་ལ་བསམ་ཀྱང་བླ་མ་དྲན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཤར་རི་བདུན་གངས་རིའི་རྩེ་མཐོང་བས། །ཕ་བླ་མ་དྲན་ནས་མཆི་མ་ཤོར། །སེམས་གདུང་བས་སྐྱོ་ནས་དྲན་པ་འཁྲུལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྟེང་སྤྲིན་དཀར་མཐོང་ནས་དབྱིངས་སུ་ཡལ། །དེས་ཀྱང་རྗེ་བཙུན་བླ་མ་དྲན། །ཁོང་མགོན་དུ་བྱོན་ནས་མྱ་ངན་འདས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཁའ་དག་པ་མཐོང་ནས་བླ་མ་དྲན། །དབྱིངས་ཆོས་ཀྱི་སྐུ་ཡི་དགོངས་པ་ལ། །དུས་འཕོ་འགྱུར་མེད་པར་རྟག་ཏུ་བཞུགས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དབྱིངས་ཟད་ཁར་མཐོང་ནས་བླ་མ་དྲན། །གཞི་དག་པ་ཆོས་སྐུའི་མཁའ་དབྱིངས་ནས། །ལྷུན་གྲུབ་གཟུགས་སྐུའི་སྣང་བ་སྟོན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྟེང་ཉི་ཟླ་བསམ་ནས་བླ་མ་དྲན། །ཐུགས་རྗེའི་འོད་ལ་ཕྱོགས་རིས་མེད། །སྐལ་ལྡན་མེ་ཏོག་པདྨའི་གཉེན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དུས་རྟག་ཏུ་བསྟེན་ཡང་སྐད་ཅིག་ཙམ། །ཆོས་མང་དུ་ཐོས་ཀྱང་སྐད་ཅིག་ཙམ། །ཕ་ད་དུང་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཚན་ཐོས་པ་ཙམ་གྱིས་འཁོར་བ་ཞིག» «།ཞལ་མཐོང་བ་ཙམ་གྱིས་མོས་པ་སྐྱེ། །གསུང་ཐོས་པ་ཙམ་གྱིས་ཙམ་སྣ་ཟིན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མགོན་ཁྱོད་དང་མཇལ་བའི་སྐལ་ལྡན་རྣམས། །འཁོར་བའི་འཕྲང་ལས་ཐར་པ་ལགས། །བདེ་ཆེན་གླིང་དུ་ཕྱིན་པ་ལགས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཁྱེད་ཀྱི་རྗེས་ཞུགས་གདུལ་བྱ་རྣམས། །ཚེ་འདིར་ཡང་བདེ་ལ་དེའི་ཕྱི་བདེ། །གཏན་གྱི་བདེ་ཆེན་གླིང་དུ་བདེ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བཀའ་དྲིན་དྲན་པ་མ་ཞེས་བྱ་བའི་གསོལ་འདེབས་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་ལྷུན་གྲུབ་གླིང་དུ་མཛད་པ་དགེའོ། །༈ ན་མོ་གུ་རུ་བྷྱཿ ཤེས་བྱའི་དཀྱིལ་འཁོར་ཡངས་པའི་མཁའ་དབྱིངས་སུ། །ཤེས་བྱེད་མཁྱེན་པའི་རྟ་བདུན་དཀྱིལ་འཁོར་རྒྱས། །མཁྱེན་བརྩེའི་སྐལ་ལྡན་སྙིང་གི་པདྨོ་འབྱེད། །དཔལ་མགོན་བླ་མ་དམ་པའི་ཞབས་ལ་འདུད། །ཀྱེ་གསོན་དང་སྐལ་ལྡན་གྲོགས་པོ་དག» «།ཕན་པའི་སྙིང་གཏམ་ཤ་ཚའི་གྲོས་འདེབས་ཤིག» «།སྙིང་ནས་ཡོད་ཀྱི་འདི་བཞིན་དང་དུ་ལོངས། །སྙིང་གཏམ་ལགས་པས་སྙིང་གི་དཀྱིལ་དུ་ཆོངས། །ཁྱེད་ཀྱིས་སྔོན་བསགས་དགེ་བའི་འཕྲོ་ཡོད་པས། །ཚེ་འདིར་རྙེད་དཀའི་དལ་འབྱོར་རིན་ཆེན་ཐོབ། །སངས་རྒྱས་བསྟན་པའི་ཆོས་དང་མཇལ་དུས་འདིར། །སྙིང་ནས་དམ་པའི་ཆོས་ཤིག་བྱེད་རེ་རན། །དལ་འབྱོར་འདི་ནི་ཐོབ་དཀའ་བརྒྱ་ལམ་ཙམ། །དེ་བས་ཆོས་དང་འཕྲད་པ་ཉིན་སྐར་བཞིན། །ཐེག་མཆོག་ཆོས་དང་མཇལ་བ་སྲིད་མཐའ་ཙམ། །སྙིང་ནས་དམ་པའི་ཆོས་ཤིག་མཛད་རེ་རན། །ད་ལྟ་དལ་འབྱོར་རྙེད་ཅིང་རང་དབང་ཐོབ། །སོ་ཐར་བྱང་སེམས་བླ་ན་མེད་པ་ཡི། །སྡོམ་གསུམ་རང་གི་རྒྱུད་ལ་ཚང་དུས་འདིར། །སྙིང་ནས་དམ་པའི་ཆོས་ཤིག་བྱེད་རེ་རན། །བླ་མ་མཁས་གྲུབ་འཇམ་དབྱངས་དངོས་དང་མཇལ། །ཐེག་ཆེན་བླ་མེད་དགོས་འདོད་ཆར་བཞིན་འབེབས། །སངས་རྒྱས་ལག་པའི་མཐིལ་དུ་བཞག་དུས་འདིར། །སྙིང་ནས་དམ་པའི་ཆོས་ཤིག་མཛད་རེ་རན། །དཔལ་མགོན་བླ་མས་སྐལ་ལྡན་གདུལ་བྱ་ལ། །ཟབ་མོའི་གདམས་པ་ཐུགས་ཀྱི་ཡང་ཞུན་ཏེ། །གང་འདོད་རྣམས་ལ་ཅི་འདོད་སྦྱིན་དུས་འདིར། །སྙིང་ནས་དམ་པའི་ཆོས་ཤིག་བྱེད་རེ་རན། །རང་གི་སེམས་ཉིད་སྐྱེ་བ་མེད་པའི་དོན། །གནས་ལུགས་ཇི་བཞིན་མངོན་དུ་བསྟན་པའི་ཚེ། །རང་གིས་ཆ་ཤས་ཙམ་ཞིག་གོ་དུས་འདིར། །སྙིང་ནས་དམ་པའི་ཆོས་ཤིག་མཛད་རེ་རན། །ཇི་ལྟར་བསྟན་པའི་རང་རིག་ཆོས་ཀྱི་སྐུ། །ཇི་བཞིན་ངང་ལ་སྐྱོང་དུ་ཡོད་རིང་འདིར། །ནམ་བཞག་གཏན་གྱི་འདུན་མ་སྒྲུབ་ན་ལེགས། །སྙིང་ནས་དམ་པའི་ཆོས་ཤིག་བྱེད་རེ་རན། །ཀྱེ་མ་ཁམས་གསུམ་གང་དུ་སྐྱེས་ན་ཡང༌། །བདེ་ཞིང་སྐྱིད་པའི་གནས་སྐབས་ཅུང་ཟད་མེད། །སྡུག་བསྔལ་རྒྱུ་འབྲས་དག་ལ་སྤྱོད་དགོས་པས། །ངེས་པར་བྱང་ཆུབ་སྒྲུབ་པའི་དུས་ལ་བབས། །གཉེན་བཤེས་ཚོགས་རྣམས་ཇི་ལྟར་མང་ན་ཡང༌། །མི་རྟག་གློ་བུར་འཆི་བའི་དུས་བྱུང་ཚེ། །ཡིད་ལ་ཕྲེང་ཡང་སྐད་ཅིག་སྡོད་དབང་མེད། །ངེས་པར་བྱང་ཆུབ་སྒྲུབ་པའི་དུས་ལ་བབས། །ནོར་རྫས་འབྱོར་པ་ཇི་ལྟར་ཆེ་བ་བཞིན། །སེར་སྣ་ལ་སོགས་ཉོན་མོངས་ཀུན་གྱི་གཞི། །འཆི་བའི་ཚེ་ན་སེམས་ཆགས་འབྱུང་བའི་རྒྱུ། །ངེས་པར་བྱང་ཆུབ་སྒྲུབ་པའི་དུས་ལ་བབས། །དམག་དཔུང་སྲིད་སྡེ་ཇི་ལྟར་འཛོམ་ན་ཡང༌། །ཡུན་དུ་མི་གནས་སོ་སོར་འབྲལ་བའི་ཆོས། །ཐམས་ཅད་མི་རྟག་འཇིག་རྟེན་ཕ་རོལ་འགྲོ། །ངེས་པར་བྱང་ཆུབ་སྒྲུབ་པའི་དུས་ལ་བབས། །དབང་དང་ཕོ་ཆུས་ཇི་ལྟར་ཆེ་ན་ཡང༌། །མི་དགེ་ཉོན་མོངས་སྡུག་བསྔལ་ཀུན་གྱི་གཞི། །མནར་མེད་ལ་སོགས་ངན་སོང་གསུམ་གྱི་རྒྱུ། །ངེས་པར་བྱང་ཆུབ་སྒྲུབ་པའི་དུས་ལ་བབས། །རང་བས་རྒན་དང་གཞོན་པ་མང་པོ་ཤི །མཉམ་པའང་འཆི་སྟེ་རང་ཡང་འཆི་བར་ངེས། །ཤི་ནས་གར་སྐྱེ་རང་དབང་མི་བདོག་པས། །ངེས་པར་བྱང་ཆུབ་སྒྲུབ་པའི་དུས་ལ་བབས། །མདོར་ན་ཚེ་འདིའི་བྱ་བ་ཐམས་ཅད་ཀུན། ཁ་ཟས་བཟང་ལ་བཙན་དུག་འདྲེས་པ་བཞིན། །སྙིང་ནས་སྤོང་བ་དམ་པའི་རྣམ་ཐར་ལགས། །ངེས་པར་བྱང་ཆུབ་སྒྲུབ་པའི་དུས་ལ་བབས། །ཀྱེ་མ་ཀྱི་ཧུད་ཁམས་གསུམ་འཁོར་བའི་ཆོས། །མི་རྟག་མི་བརྟན་སྡུག་བསྔལ་ཀུན་གྱི་གནས། །ཤི་བའི་ཚེ་ན་གནས་ངན་ལེན་པའི་རྒྱུ། །འཆི་དུས་ཕན་པའི་ཆོས་ཞིག་རང་ལ་འཚལ། །ཚེ་འདི་མི་རྟག་ཡུད་ཙམ་སྐར་མདའ་བཞིན། །ལང་ཚོ་མི་རྟག་སྟོན་ཀའི་མེ་ཏོག་འདྲ། །རང་དབང་མེད་པར་ཕ་རོལ་འགྲོ་དགོས་པས། །འཆི་དུས་ཕན་པའི་ཆོས་ཞིག་རང་ལ་འཚལ། །ད་ལྟའི་དུས་ན་ལེ་ལོས་གཡེངས་བ་དང༌། །སྙོམ་ལས་ངང་ལ་མི་ཚེ་འདས་པ་ན། །ལས་ཀྱི་དབང་གིས་གར་སྐྱེ་ཆ་མེད་དོ། །འཆི་དུས་ཕན་པའི་ཆོས་ཤིག་རང་ལ་འཚལ། །འཇིག་རྟེན་འདི་ནས་ཕ་རོལ་འགྲོ་བའི་ཚེ། །གཉེན་བཤེས་ནོར་རྫས་ཅི་ཡོད་ཤུལ་དུ་ལུས། །རང་གི་ལུས་འདི་དོར་ནས་འགྲོ་དགོས་པས། །འཆི་དུས་ཕན་པའི་ཆོས་ཤིག་རང་ལ་འཚལ། །གློ་བུར་ཉིད་དུ་འཆི་བའི་དུས་བྱུང་ཚེ། །གནས་ལུགས་རྟོགས་པའི་གདེང་དང་མི་ལྡན་ན། །ཟང་ཟིང་མང་པོས་ཕན་པར་ཅང་གདའ་འམ། །འཆི་དུས་ཕན་པའི་ཆོས་ཤིག་རང་ལ་འཚལ། །ད་ལྟ་ཉིད་དུ་འཆི་བར་གྱུར་པ་ན། །འཇིགས་པ་མེད་པའི་གདེང་ཞིག་ངེས་པར་འཚལ། །ཚོགས་གཉིས་བསགས་པའི་དགེ་འབྲས་ཅི་ཡོད་སོམས། །འཆི་དུས་ཕན་པའི་ཆོས་ཤིག་རང་ལ་འཚལ། །དེ་བས་སྐལ་ལྡན་སྤྲང་པོའི་གྲོས་ལ་གསོན། །རང་དབང་ཡོད་རིང་བྱང་ཆུབ་མི་བསྒྲུབས་ན། །རང་གིས་རང་ཉིད་བསླུས་པར་མི་འགྱུར་རམ། །འཆི་དུས་ཕན་པའི་ཆོས་ཤིག་རང་ལ་འཚལ། །ཨེ་མ་ཁམས་གསུམ་འཁོར་བའི་མཚན་ཉིད་འདི། །བརྟགས་ཤིང་དཔྱད་ན་སྙིང་པོ་ཅུང་ཟད་མེད། །ཅིས་ཀྱང་དགོས་མེད་ཐམས་ཅད་འཆིང་བའི་ཆོས། །ངེས་འབྱུང་སྐྱོ་ཤེས་ངེས་པར་གཅེས་སོ་ཨཾ། །ཐེག་ཆེན་ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ལ། །བདག་གཞན་བདེ་སྡུག་བརྗེ་བའི་བྱང་ཆུབ་སེམས། །སྙིང་ནས་སྐྱེས་པ་ངེས་པར་གཅེས་སོ་ཨང༌། །རང་ཉིད་ཡི་དམ་ལྷ་རུ་གསལ་བ་ཡི། །སྤྱི་བོར་བླ་མ་ཡིད་བཞིན་ནོར་བུ་བསྒོམ། །རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས་པའི་ཚེ། །མོས་གུས་གདུང་ཤུགས་ངེས་པར་གཅེས་སོ་ཨང༌། །ཀུན་གཞི་ཚོགས་བརྒྱད་གཟུང་འཛིན་གཉིས་ལ་སོགས། །སྣང་སྲིད་འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །ཡེ་སྟོང་རྩ་བྲལ་དངོས་མེད་ཟང་ཐལ་དུ། །གཏིང་ནས་རྟོགས་པ་ངེས་པར་གཅེས་སོ་ཨང༌། །གདོད་མའི་གནས་ལུགས་རང་རིག་ཆོས་ཀྱི་སྐུ། །རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་དེ་བཞིན་ཉིད། །རིག་སྟོང་རྗེན་པའི་ཡེ་ཤེས་མངོན་སུམ་དུ། །རྗེན་པར་རྟོགས་པ་ངེས་པར་གཅེས་སོ་ཨང༌། །ལམ་མཆོག་ཁྲེགས་ཆོད་ཐོད་རྒལ་རྣམ་པ་གཉིས། །ཆེད་འཛིན་མེད་པར་དབྱེར་མེད་ཟུང་འཇུག་ཅིང༌། །ཇི་བཞིན་སྤྲོས་པ་བྲལ་བར་རང་བབས་སུ། །ཡིན་ལུགས་སྐྱོང་བ་ངེས་པར་གཅེས་སོ་ཨང༌། །ཕན་པའི་སྙིང་གཏམ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའོ།། དགེའོ།། ༈ རྒྱལ་བའི་རྣམ་འཕྲུལ་བླ་མ་རྗེ། །འདོད་འབྱུང་ནོར་བུ་རིན་པོ་ ཆེར། །རྟག་ཏུ་གུས་པས་གསོལ་བ་འདེབས། །ཐུགས་རྗེས་བྱིན་གྱིས་རླབས་ཏུ་གསོལ། །འཁོར་བ་རྒྱལ་པོའི་བཙོན་ར་འདྲ། །འཁྲུལ་སྣང་སྡུག་བསྔལ་དཔག་ཏུ་མེད། །ད་རེས་བདེ་ཆེན་བྱང་ཆུབ་གླིང༌། །གཏན་གྱི་འདུན་མ་བྱས་ན་ལེགས། །ཚེ་འདིའི་སྣང་བ་རྨི་ལམ་འདྲ། །ཟང་ཟིང་འཁྲུལ་པས་རིག་པ་ བསླུ། །ད་རེས་མ་འཁྲུལ་དམ་པའི་ཆོས། །བསླུ་མེད་བཙན་ས་བཟུང་ན་ལེགས། །རྣམ་གཡེངས་ཚོང་དུས་ལྟད་མོ་འདྲ། །འདུ་འཛིའི་ངང་ལ་མི་ཚེ་ ཟད། །ད་རེས་ཐར་ལམ་སྙིང་པོ་ལ། །དོན་ཆེན་བྱང་ཆུབ་སྒྲུབ་ན་ལེགས། ། འཁྲུལ་སྣང་བྱིས་པའི་རྩེད་མོ་འདྲ། །གཟུང་འཛིན་སྣང་བས་རང་སེམས་ བསླུ། །ད་རེས་སྒོ་གསུམ་ཟབ་མོའི་ཆོས། །གནས་ལུགས་ངང་ལ་བརྩོན་ན་ལེགས། །འཆི་བདག་ནུབ་ཁའི་གྲིབ་མ་འདྲ། །སྐད་ཅིག་མི་སྡོད་ཚུར་ཚུར་ འོང༌། །ད་རེས་འཆི་མེད་གཉུག་མའི་དོན། །བདེ་ཆེན་བཙན་ས་བཟུང་ན་ལེགས། །གཉེན་བཤེས་ཚོང་ཁའི་མགྲོན་པོ་འདྲ། །ད་ལྟ་འདུས་ཀྱང་ཐ་མ་འབྲལ། །ད་རེས་འབྲལ་མེད་སྙིང་པོའི་དོན། །སེམས་ཉིད་རང་སོ་བལྟས་ན་ལེགས། །མཛའ་བཤེས་ལྕང་ཁའི་བྱེའུ་ཆུང་འདྲ། །མཐུན་པར་འགྲོགས་ཀྱང་སོ་སོར་འབྲལ། །ད་རེས་མི་འབྲལ་ཆོས་སྐུ་ལ། །གནས་ལུགས་བཙན་ས་བཟུང་ན་ལེགས། །འཁོར་གཡོག་ཉིན་གཅིག་གླ་མི་འདྲ། །ལྷན་ཅིག་འཁོར་ཀྱང་མྱུར་དུ་འབྲལ། །ད་རེས་མི་འགྱུར་ཆོས་སྐུ་ལ། །དགོངས་པ་ཟད་སར་བསྐྱལ་ན་ལེགས། །སྙན་གྲགས་ནམ་མཁའི་འབྲུག་དང་འདྲ། །དར་གཅིག་གྲགས་པས་རང་སེམས་བསླུ། །ད་རེས་ཡིན་ལུགས་གཉུག་མའི་དོན། །འོད་གསལ་ཆོས་ཉིད་བསྒོམ་ན་ལེགས། །ནོར་རྫས་བུང་བའི་སྦྲང་རྩི་འདྲ། །རང་གིས་བསགས་ཀྱང་གཞན་གྱིས་སྤྱོད། །ད་རེས་ཟས་ནོར་ལོངས་སྤྱོད་ཀུན། ། སྦྱིན་པའི་གཏེར་དུ་སྦས་ན་ལེགས། །ལུས་ངག་མ་ཞི་སྨྱོན་པ་འདྲ། །བག་མེད་ཉོན་མོངས་རང་གར་འཆོར། །ད་རེས་སྒོ་གསུམ་རབ་དུལ་བས། །ཚུལ་ཁྲིམས་རྒྱན་དང་ལྡན་ན་ལེགས། །གདུག་སེམས་ནགས་ཀྱི་མེ་ཆེན་འདྲ། །རང་རྒྱུད་དགེ་བའི་བུད་ཤིང་བསྲེགས། །ད་རེས་བཟོད་པའི་གོ་གྱོན་ལ། །ཁོང་ཁྲོའི་ཟུག་རྔུ་ཕྱུང་ན་ལེགས། །སྙོམ་ལས་མ་ཧེའི་གཉིད་དང་འདྲ། །བྱས་པའི་ལས་ལ་གྲུབ་དུས་མེད། །ད་རེས་བརྩོན་འགྲུས་ལྕགས་བྲབས་ལ། །རིག་པའི་རྟ་མཆོག་བསྐུལ་ན་ལེགས། །འཁོར་བའི་འཁྲུལ་སྣང་མིག་འཕྲུལ་འདྲ། །རྣམ་གཡེང་འདུ་འཛིས་ཉིན་མཚན་བསླུ། །ད་རེས་བསམ་གཏན་དོན་བསྒོམ་ནས། །གཅིག་པུར་དབེན་པར་གནས་ན་ལེགས། །གཏི་མུག་མཚན་མོའི་མུན་པ་འདྲ། །ཆོས་དང་ཆོས་མིན་གཟུགས་མི་མཐོང༌། །ད་རེས་ཤེས་རབ་སྒྲོན་མེ་ཡིས། །ཕྱོགས་མེད་ཐོས་བསམ་བྱས་ན་ལེགས། །བྲེལ་དོ་ཆུ་ཡི་གཉེར་མ་འདྲ། །བྱ་བྱེད་ལས་ལ་ཟིན་པ་མེད། །ད་རེས་ཚེ་འདིའི་བྱ་བ་ཀུན། །ཅོག་བཞག་རྒྱབ་ཏུ་བསྐྱུར་ན་ལེགས། །ཡོད་ཀྱིན་ཇེ་དགོས་ཕྱུག་པོ་འདྲ། །ཇི་ལྟར་འབྱོར་ཡང་ཆོག་ཤེས་མེད། །ད་རེས་སྒྱུ་མའི་ནོར་རྫས་ལ། །མ་ཞེན་འཛིན་པ་བཏང་ན་ལེགས། ། བདག་འཛིན་འཆིང་བའི་ཞགས་པ་འདྲ། །ང་བདག་འཁོར་བའི་བཙོན་རར་འཆིང༌། །ད་རེས་གང་ལའང་མ་ཆགས་པས། །སྣང་བ་ཆོས་སྐུར་བསྒྱུར་ན་ལེགས། །མཚན་ལྡན་ནོར་བུ་རིན་ཆེན་འདྲ། །འདི་ཕྱིའི་བདེ་སྐྱིད་ཆར་དུ་འབེབས། །ད་རེས་བླ་མ་དམ་པ་ལ། །བརྟེན་ནས་དམ་ཆོས་སྒྲུབ་ན་ལེགས། ། ཤེས་བྱ་ནམ་མཁའི་གཟའ་སྐར་འདྲ། །བསླབ་དགོས་གནས་ལ་ཟད་པ་མེད། ། ད་རེས་ཆོས་སྐུ་སྙིང་པོའི་དོན། །ཟབ་མོའི་དེ་ཉིད་བསྒོམ་ན་ལེགས། །ཐ་སྙད་ནེ་ཙོའི་འདོན་པ་འདྲ། །ཆོས་དང་རང་རྒྱུད་འཛོལ་བ་མང༌། །ད་རེས་གང་ཤེས་ཉམས་ལེན་གྱིས། །རང་རྒྱུད་ཉོན་མོངས་བཏུལ་ན་ལེགས། །གྲུབ་མཐའ་སྲིན་གྱི་ཁ་ཆུ་འདྲ། །རང་རྒྱུད་རང་གིས་འཆིང་བ་ལ། །ད་རེས་མཐའ་བྲལ་ཆོས་ཉིད་དོན། །ཁས་ལེན་འཛིན་པ་མེད་ན་ལེགས། །ལྟ་སྒོམ་ལོང་བའི་ཁ་བཤད་ འདྲ། །གླེང་བ་མང་སྟེ་ཐེབས་པ་ཉུང༌། །ད་རེས་སེམས་ཉིད་ཆོས་སྐུའི་དོན། ། ཡིན་མིན་བློ་ལས་འདས་ན་ལེགས། །དྲོད་རྟགས་བྱིས་པའི་ཁ་ཟས་འདྲ། །ཅུང་ཟད་རེ་ལ་ཆགས་པ་ལ། །ད་རེས་ཉམས་རྟོགས་ཅི་སྐྱེས་ཀྱང༌། །མི་མྱོང་ཞེན་པ་བྲལ་ན་ལེགས། །སྒྲུབ་འདོད་ཁེ་བསོག་ཚོང་པ་འདྲ། །ཕྱི་དུས་ཡིད་སྨོན་རེ་བ་མང༌། །ད་རེས་མཐར་ཐུག་ཆོས་སྐུའི་དོན། །རང་ཆས་ལྷུན་གྲུབ་རྟོགས་ན་ལེགས། །འཁོར་འདས་རྨི་ལམ་བཟང་ངན་འདྲ། །རང་སྣང་གཞི་མེད་སྟོང་པའི་གཟུགས། །ད་རེས་བླང་དོར་གཉིས་མེད་པས། །རིག་པ་རང་ས་བཟུང་ན་ལེགས། །ཆོས་བརྒྱད་ནད་པའི་སྔས་དང་འདྲ། །ཇི་ལྟར་བྱས་ཀྱང་བདེ་བ་ མེད། །ད་རེས་ཚེ་འདི་བློས་བཏང་ལ། །མིང་གཟུགས་ཕུང་པོ་བཤིག་ན་ལེགས། །རེ་འདོད་ཁྱི་རྒན་ལམ་ཟན་འདྲ། །འདོད་པའི་དོན་དང་འཛོལ་བ་མང༌། །ད་རེས་འདོད་བློ་གཞིག་བྱས་ལ། །གང་བྱུང་འདུན་མ་བརྟེན་ན་ ལེགས། །བྱ་རྩོལ་བྱིས་པའི་རྩེད་མོ་འདྲ། །བྱས་པས་མི་ཟིན་བཞག་ན་ ཟིན། །ད་རེས་བྱར་མེད་ཆོས་སྐུའི་ངང༌། །དགོངས་པ་ཟད་སར་བསྐྱལ་ན་ལེགས། །དཔེ་དོན་འདུས་པ་རྡོ་རྗེའི་མགུར། །དྲང་དོན་ངེས་དོན་འཛོམ་པ་འདི། །དད་ལྡན་རྣམས་ཀྱི་སྙན་དུ་འབུལ། །དགེ་བས་འཁོར་བ་དོང་སྤྲུག་ ཤོག» «།དཔེ་དོན་ངེས་དོན་རྡོ་རྗེའི་མགུར་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་དད་ལྡན་རྣམས་ཀྱི་དོན་དུ་ལྷུན་གྲུབ་གླིང་གི་དབེན་གནས་སུ་མཛད་པ་དགེའོ།། ༈ ན་མོ་གུ་རུ་བྷྱཿ རྟོགས་པ་ཆོས་ཉིད་རྒྱ་མཚོའི་ཀློང༌། །མི་འགྱུར་ནམ་མཁའི་དབྱིངས་རུམ་འདྲ། །མཐའ་དབུས་མེད་པར་ཁྱབ་བརྡལ་ལེ། །དགོངས་པ་བློ་ལས་འདས་པ་ལགས། །ཅིར་སྣང་རང་བྱུང་རིག་པའི་ངང༌། །སྣང་སྟོང་གཞི་མེད་རྩ་བ་བྲལ། །མ་འགག་སྣང་བ་ཟང་ཐལ་ལེ། །ཡུལ་སྣང་མེད་པ་གསལ་སྣང་ལགས། །གང་ཤར་རིས་མེད་སྟོང་པའི་ངང༌། །རང་ཡལ་རིས་མེད་གཞི་རྩ་བྲལ། །ཤར་གྲོལ་རིག་པ་ཕྱམ་བརྡལ་ལེ། །གཟུང་འཛིན་ཡེ་སྟོང་རྩ་བྲལ་ལགས། །རང་བྱུང་ཡེ་ཤེས་ཆོས་ཉིད་དང༌། །གཟུང་འཛིན་རིས་མེད་མཁའ་ལྟར་དག» «།རྒྱ་གྲོལ་ཆོས་སྐུར་རྗེན་ཁྲེས་སེ། །བློ་བྲལ་རྫོགས་པ་ཆེན་པོ་ལགས། །རང་བྱུང་ཀ་ནས་དག་པའི་གཞི། །མ་བགྲོད་ཡེ་ནས་ཉེ་བའི་ལམ། །མ་བསྒྲུབས་ལྷུན་གྱིས་གྲུབ་པའི་འབྲས། །འོད་གསལ་ཆོས་སྐུར་རྫོགས་པ་ལགས། །ཁྱབ་བརྡལ་ཆོས་ཉིད་གདོད་མའི་ཀློང༌། །འཁོར་འདས་རྫོགས་པ་ཆེན་པོའི་དོན། །རྒྱུ་འབྲས་རྩོལ་སྒྲུབ་འདས་པའི་མགུར། །ཀློང་ཆེན་རབ་འབྱམས་བཟང་པོས་བླངས། །གཉུག་མ་རྡོ་རྗེའི་མགུར་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་ལྷུན་གྲུབ་གླིང་གི་དབེན་གནས་སུ་མཛད་པ་དགེའོ།» «། ༈ མཁའ་ལྟར་དག་པའི་དཔལ་མགོན་ཆོས་ཀྱི་རྗེ། །ཆོས་ཉིད་རྟོགས་པས་འཁོར་འདས་གཞི་ནས་གྲོལ། །ཀུན་ཏུ་བཟང་དང་ཐུགས་དགོངས་དབྱེར་མེད་པའི། །མཚུངས་མེད་འགྲོ་མགོན་བླ་མའི་ཞབས་ལ་འདུད། །རིག་པའི་ངང་ལ་འཁོར་འདས་དབྱེར་མེད་པས། །གཞི་ནས་མ་སྐྱེས་ཆོས་ཟད་བློ་འདས་དང༌། །གཟུང་འཛིན་ཡུལ་མེད་ཆོས་ཉིད་རིག་པའི་འགྲོས། །བར་མེད་ཕྱལ་བ་རྗེན་པར་ཟང་ཐལ་ལེ། །གང་སྣང་ཐམས་ཅད་གཞི་མེད་སྟོང་པའི་གཟུགས། །མེད་ལ་གསལ་སྣང་སྒྱུ་མ་ཆུ་ཟླ་འདྲ། །སྣང་ལ་བདེན་མེད་གཞི་ལ་ཡོད་མ་མྱོང༌། །ཡུལ་མེད་སྟོང་པ་རྗེན་པར་ཟང་ཐལ་ལེ། །གང་ཤར་རིས་མེད་རང་གསལ་སྟོང་པའི་ངང༌། །དྲན་རྟོགས་རྗེས་མེད་སྟོང་ཡལ་ནམ་མཁའ་འདྲ། །སེམས་དང་སེམས་བྱུང་གཞི་རྩ་དངོས་པོ་མེད། །འཛིན་པའི་ཡུལ་མེད་སྟོང་པར་ཟང་ཐལ་ལེ། ། སྣང་སྲིད་སྣོད་བཅུད་འཁོར་འདས་ཅི་སྣང་ཡང༌། །སྟོང་པ་ཟང་ཀ་མ་བཅོས་གདོད་མའི་ངང༌། །གཞི་མེད་རྟེན་མེད་རང་བྱུང་རིག་པའི་ངང༌། །འཆར་ཚུལ་མ་འགག་སྣང་བར་ཟང་ཐལ་ལེ། །རང་གསལ་འཛིན་མེད་ཆོས་དབྱིངས་རིག་པའི་འགྲོས། །རྒྱ་ཡན་ཡོངས་གྲོལ་རྒྱལ་བའི་དགོངས་པ་ལ། །སྣ་ཚོགས་ཆོས་ཀུན་ཡེ་ནས་རྣམ་དག་པས། །གཉུག་མ་བློ་བྲལ་རྗེན་པར་ཟང་ཐལ་ལེ། །ཇི་ལྟར་འཆར་ཡང་དེ་ལྟར་མི་འཛིན་པས། །གང་ལྟར་སྣང་ཡང་དེ་ལྟར་མི་རྟོག་པར། །སྤྲོས་བསྡུ་མེད་པར་རང་གྲོལ་རིག་པའི་ངང༌། །རང་བབ་ཕྱལ་བ་རྗེན་པར་ཟང་ཐལ་ལེ། །ཕྱི་རུ་མི་སྤྲོ་ནང་དུ་མི་བསྡུ་ལ། །ཡིད་ལ་མི་བྱེད་དམིགས་གཏད་བློ་ལས་འདས། །སྒོམ་དང་མི་བསྒོམ་བསམ་ལས་འདས་པའི་ངང༌། ། རང་བྱུང་ཡེ་ཤེས་རྗེན་པར་ཟང་ཐལ་ལེ། །ཐུན་མཚམས་བར་མེད་རྒྱ་ཡན་རིག་པའི་འགྲོས། །རང་གསལ་རྗེན་པ་དམིགས་གཏད་ཀུན་དང་བྲལ། །ཕྱི་ནང་ཡུལ་མེད་ཆོས་དབྱིངས་གདོད་མའི་ངང༌། །བར་མེད་རིག་པ་ཆོས་སྐུར་ཟང་ཐལ་ལེ། །ཡེ་ནས་ལྷུན་གྲུབ་རྒྱལ་བའི་དགོངས་པ་ལ། །གཞི་ནས་མ་བཅོས་ལྷུན་གྱིས་གྲུབ་པའི་ངང༌། །རྒྱུ་འབྲས་བླང་དོར་འཁོར་འདས་གཉིས་མེད་ པར། །འོད་གསལ་རིག་པ་ལོངས་སྐུར་ཟང་ཐལ་ལེ། །མ་ཡེངས་མི་གནས་དྲི་མེད་རིག་པ་ལ། །གར་ཡང་མ་གྲུབ་ཅིར་ཡང་མ་འགགས་པར། །རྒྱ་ཆད་ཕྱོགས་ལྷུང་ཡོད་མེད་འདས་པའི་ངང༌། །འཆར་གཞི་མ་འགགས་སྤྲུལ་སྐུར་ཟང་ཐལ་ལེ། །འཁོར་བར་སྣང་ཡང་གཞི་མེད་སྟོང་པའི་གཟུགས། །རང་བཞིན་འཁྲུལ་སྣང་གདོད་ནས་ཡོད་མ་མྱོང༌། །སྤང་དུ་མེད་པ་སྒྱུ་མའི་གསལ་སྣང་འདི། །འཁོར་བ་དོང་སྤྲུག་དགོངས་པ་ཟང་ཐལ་ལ། །རང་སྣང་འཆལ་ཚུལ་ཅིར་ཡང་མ་འགགས་པས། །སྐུ་དང་ཡེ་ཤེས་དག་པའི་ཞིང་ལ་སོགས། ། ཇི་ལྟར་སྣང་ཡང་གཞི་མེད་སྟོང་པའི་གཟུགས། །འཁོར་འདས་མིང་མེད་སྟོང་པར་ཟང་ཐལ་ལེ། །རིགས་པའི་ངང་ན་བཟང་ངན་ཅི་སྣང་ཡང༌། །སྟོང་གསལ་མ་འགགས་རང་སྣང་རོལ་བ་ཙམ། །གཞན་དུ་མ་གཡོས་རང་དུ་མ་གྲུབ་ལ། ། གཉིས་མེད་རང་སྣང་རིག་པ་ཟང་ཐལ་ལེ། །སྣང་བརྟག་ཆོས་རྣམས་བློས་བཏགས་འཁྲུལ་བ་ལ། །གང་དུ་མ་གྲུབ་ཕྱི་ནང་ཡུལ་མེད་ངང༌། །རང་བྱུང་ཡེ་ཤེས་སྤྲོས་པའི་མཐའ་ལས་འདས། །ཆོས་ཟད་ངང་དུ་བློ་ཟད་ཟང་ཐལ་ལེ། ། འཁོར་རུང་འདས་རུང་སྣང་རུང་སྲིད་ཀྱང་རུང༌། །གཟུང་རུང་འཛིན་རུང་ཐམས་ཅད་གཞི་རྩ་བྲལ། །ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོ་རུ། །ཡེ་ནས་སངས་རྒྱས་ཆོས་སྐུར་ཟང་ཐལ་ལེ། །སྤང་བླང་མེད་པ་བྱང་ཆུབ་ཆེན་པོའི་དབྱིངས། ། འགྱུར་བ་མེད་པ་རང་བྱུང་རིག་པའི་ཀློང༌། །བློ་ལས་འདས་པ་རྫོགས་པ་ཆེན་པོའི་ངང༌། །ཀུན་བྱེད་རིག་པ་ཆོས་ཀུན་ཟང་ཐལ་ལེ། །མ་བསམ་མ་དཔྱད་གདལ་བ་ཆེན་པོའི་གཞི། །དབྱིངས་ལས་མ་གཡོས་ཆོས་སྐུ་རང་མལ་ལམ། ། རང་རིག་དྲི་མེད་མངོན་གྱུར་འབྲས་བུའི་ངང༌། །རང་བྱུང་རིག་པ་འགྱུར་མེད་ཟང་ཐལ་ལེ། །བྱ་རྩོལ་བྲལ་བའི་ཆོས་སྐུའི་མཁའ་དབྱིངས་ལ། །རང་བྱུང་རིག་པ་རྟོགས་པའི་རྩལ་ཆེན་གྱིས། །རྒྱུ་འབྲས་ཐེག་པའི་གཡང་ས་རབ་བཅད་» «དེ། །རིག་པའི་ཁྱུང་ཆེན་གདོད་མར་ཟང་ཐལ་ལེ། །རྩལ་ཆེན་རྫོགས་པ་ཆོས་ཉིད་རྡོ་རྗེའི་སྐུ། །ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོའི་དོན། །ཇི་བཞིན་མངོན་གྱུར་ཀློང་ཆེན་རབ་འབྱམས་ཀྱིས། །ཁམས་གསུམ་ཡོངས་གྲོལ་མི་ནུབ་རྒྱལ་མཚན་བསླངས། །མ་ལུས་འགྲོ་ཀུན་འབད་མེད་ཡོངས་གྲོལ་ཏེ། །ཀུན་བཟང་ཆོས་སྐུར་ལྷུན་གྱིས་གྲུབ་པར་ཤོག» «།རྫོགས་པ་ཆེན་པོ་དོན་གྱི་དབྱིངས། ཁྱུང་ཆེན་རྡོ་རྗེའི་མགུར། སློབ་དཔོན་རིན་ཆེན་ཤེས་རབ་ཀྱི་དོན་དུ་ལྷུན་གྲུབ་གླིང་གི་དབེན་གནས་སུ་མཛད་པ་རྫོགས་སོ།། །།ནམ་མཁའ་མཐའ་དབུས་མ་ཞེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བའོ། ། ༈ ན་མོ་གུ་རུ་བྷྱཿ བླ་མ་གྲུབ་ཆེན་རྣམས་ཀྱིས་གསུངས་པའི་མགུར་ལ་དཔག་ཏུ་མེད་པ་ལས། ད་རེས་ཀྱི་འདི་ཉིད་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་ལྷུན་གྲུབ་གླིང་གི་གནས་མཆོག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་དེར་ཚོགས་པའི་སྐལ་ལྡན་རྣམས་ལ། སྔོན་གྱི་གྲུབ་ཐོབ་གོང་མས་དངོས་གྲུབ་བརྙེས་ཚུལ་དང༌། རླུང་སེམས་དག་པའི་རྟེན་འབྲེལ་འགྲིག་ཚུལ་གླེང་པ་ན། ཁ་ཅིག་གིས་བླ་མ་རིན་པོ་ཆེ། དེ་ལྟ་བུའི་ཚུལ་དེ་རྣམས་ཉུང་ལ་དོན་འདུས་པ་ཞིག་གསུང་པར་ཞུ་ཞེས་ཞུས་པའི་ལན་དུ། གསང་སྔགས་བླ་ན་མེད་པའི་ཉེ་ལམ་རྡོ་རྗེ་ལུས་ཀྱི་ཕོ་བྲང་དུ་རྩ་ཐིག་རླུང་གསུམ་གྱི་རྟེན་འབྲེལ་འགྲིག་ཚུལ་མགུར་དུ་བཞེངས་པ། རྒྱལ་བ་ཀུན་དང་དབྱེར་མེད་ཅིང༌། །ཡོན་ཏན་ཡིད་བཞིན་དངོས་གྲུབ་གཏེར། །མཐའ་ཡས་འགྲོ་བའི་དོན་མཛད་པ། །ཆོས་རྗེ་བླ་མའི་ཞབས་ལ་འདུད། །རང་ལུས་རྒྱལ་བའི་ཕོ་བྲང་དུ། །རྩ་གསུམ་འཁོར་ལོ་བཞི་ཡི་གནས། །རླུང་སེམས་དག་པའི་འཕྲོ་འདུ་ཡིས། །ལེགས་པའི་རྟེན་འབྲེལ་ནང་དུ་འགྲིག །རང་བྱུང་འོད་གསལ་བྱང་ཆུབ་སེམས། །རླུང་སེམས་དག་པ་ཉི་ཟླའི་འགྲོས། །སྤྲུལ་པའི་འཁོར་ལོར་རབ་ཆུད་པས། །གཞན་དོན་ཕྲིན་ལས་ཚུལ་དུ་སྣང༌། །མཉམ་རྫོགས་རང་རིག་འོད་གསལ་མཆོག །ཆོས་ཀྱི་འཁོར་ལོ་རབ་ཆུད་པས། །གཟུང་འཛིན་བློ་ཡི་སྤྲོས་ཀུན་ཞི། །མི་རྟོག་ཆོས་སྐུའི་ཚུལ་དུ་སྣང༌། །རང་བྱུང་ངང་དྭངས་བྱང་ཆུབ་སེམས། །རླུང་སེམས་ལོངས་སྤྱོད་འཁོར་ལོར་ཆུད། །རྡོ་རྗེའི་གླུ་ཡི་མཚོ་རྡོལ་ཞིང༌། །འདོད་ཡོན་རང་རྫོགས་ལོངས་སྐུར་སྣང༌། །རྣམ་དག་རང་བྱུང་བྱང་ཆུབ་སེམས། །རླུང་སེམས་བདེ་ཆེན་འཁོར་ལོར་ཆུད། །བསམ་གྱིས་མི་ཁྱབ་ཡེ་ཤེས་ངང༌། །ངོ་བོ་ཉིད་སྐུའི་ཚུལ་དུ་སྣང༌། །རང་བྱུང་འཁོར་ལོའི་གཞལ་ཡས་སུ། །རླུང་སེམས་དྭངས་མའི་འཕྲོ་འདུ་ཡིས། །འདོད་རྒུ་ནང་ནས་འཆར་བ་འདི། །རྡོ་རྗེ་ཐེག་པའི་ཉེ་ལམ་ལགས། །ཡེ་ཤེས་མཆོག་གི་མཆོད་པ་འདི། །སྐལ་ལྡན་སྐྱེ་བོའི་ཚོགས་ལ་འབུལ། །དགེ་བས་ཁམས་གསུམ་འགྲོ་བ་ཀུན། །བདེ་ཆེན་བྱང་ཆུབ་ཐོབ་པར་ཤོག» «།རྩ་རླུང་རྡོ་རྗེའི་མགུར་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སློབ་དཔོན་རིན་ཆེན་ཤེས་རབ་ལ་གསུངས་པ་དགེའོ། །༈ ན་མོ་གུ་རུ་བྷྱཿ ཆོས་རྗེ་བླ་མ་དེ་ཉིད་བདེ་ཆེན་ལྷུན་གྲུབ་གླིང་གི་དབེན་གནས་ན་བཞུགས་པའི་ཚེས་བརྒྱད་ཅིག་གི་དུས་སུ། བླ་མ་གོང་མའི་མཛད་སྤྱོད་དང་བཀའ་དྲིན་དྲན་ཞིང༌། རང་གཞན་གྱི་སྣང་བ་ལ་སྐྱོ་ཤས་དྲག་པོ་སྐྱེས་ནས་དགོས་མེད་དོན་གྱི་མགུར་འདི་སྐལ་ལྡན་རྣམས་ལ་གསུང་པ། གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །ཐུགས་རྗེ་དགོངས་ལ་བྱིན་གྱིས་བརླབ་ཏུ་གསོལ། །འདི་དང་ཕྱི་མ་བར་དོའི་དུས་ཀུན་ཏུ། །མགོན་མེད་བདག་གི་སྐྱབས་དང་དཔུང་གཉེན་མཛོད། །བདག་འཛིན་འཁྲུལ་པའི་གནས་ལ་བརྟེན་བརྟེན་ནས། །ཆོས་ཉིད་དོན་གྱི་དགོངས་པའི་ས་ཟིན་མེད། །གནས་ལུགས་རིག་པའི་གཏན་ཡུལ་མ་ཟིན་ན། །ཡུལ་མཁར་ཁྱིམ་གྱིས་བདག་ལ་དགོས་པ་མེད། །ཉོན་མོངས་འཁྲུལ་པའི་གྲོགས་ལ་ཆགས་ཆགས་ནས། ། གཉུག་མ་ལྷན་ཅིག་སྐྱེ་པའི་ཡེ་ཤེས་རིང༌། །འདུ་འབྲལ་མེད་པའི་གྲོགས་དང་མ་འགྲོགས་ན། །བཟའ་ཚང་འཁྲུལ་པས་བདག་ལ་དགོས་པ་མེད། །ལན་ཆགས་བུ་ཚའི་གཉེར་ཀ་བྱེད་བྱེད་ནས། །རང་བྱུང་ཡེ་ཤེས་རིག་པའི་རང་མདངས་སྟོར། །སེམས་ཉིད་འོད་གསལ་ཁྱེའུ་ཆུང་མི་ལྡན་ན། །ལན་ཆགས་བུ་ཚས་བདག་ལ་དགོས་པ་མེད། །མཛའ་བཤེས་གཉེན་འདུན་འཁོར་ལ་ཆགས་ཆགས་ནས། །རང་ཆས་ཡོན་ཏན་ཡིད་བཞིན་དཔུང་གཉེན་སྟོར། །འབྲལ་མེད་ཡེ་ཤེས་འཁོར་དང་མི་ལྡན་ན། །མཛའ་བཤེས་གཉེན་འདུན་བདག་ལ་དགོས་པ་མེད། །ལོངས་སྤྱོད་འབྱོར་བདེ་ཕུན་ཚོགས་གཉེར་གཉེར་ནས། །ཡེ་ནས་ལྷུན་གྲུབ་རིག་པའི་དགའ་བདེ་སྟོར། །ཉམས་རྟོགས་ཏིང་འཛིན་ལོངས་སྤྱོད་མི་ལྡན་ན། །ཚེ་འདིའི་ལོངས་སྤྱོད་བདག་ལ་དགོས་པ་མེད། །འཁྲུལ་སྣང་སྒྱུ་མའི་ནོར་ལ་ཞེན་ཞེན་ནས། །སེམས་ཉིད་འོད་གསལ་ཡིད་བཞིན་ནོར་བུ་སྟོར། ། ཆོག་ཤེས་འཕགས་པའི་ནོར་དང་མི་ལྡན་ན། །ལོངས་སྤྱོད་ཟང་ཟིང་བདག་ལ་དགོས་པ་མེད། །མིང་དང་གཟུགས་ཀྱི་ཕོ་བཟོ་བྱེད་བྱེད་ནས། །སྒྲུབ་པ་མཐར་ཕྱིན་དངོས་གྲུབ་ཐོབ་དུས་མེད། །སྙིང་ནས་བརྩོན་པས་དམ་ཆོས་མ་བསྒྲུབས་ན། །ཕུན་སུམ་ཚོགས་ལོས་བདག་ལ་དགོས་པ་མེད། །རྣམ་གཡེང་འཁྲུལ་བས་ཉིན་མཚན་འདའ་འདའ་ནས། །ལྟ་སྒོམ་རྟོགས་པའི་གདེང་ཚད་ཐོབ་དུས་ མེད། །གོང་མ་རྣམས་ཀྱི་རྗེས་སུ་མ་སྙོགས་ན། །འདོད་ཡོན་འདུ་འཛིའི་བདག་ལ་དགོས་པ་མེད། །རྙེད་བཀུར་སྙན་གྲགས་རོ་ལ་ཆགས་ཆགས་ནས། །འཇིག་རྟེན་ཆོས་བརྒྱད་འདི་དང་འབྲལ་དུས་མེད། །ཞེན་ཆགས་འཁྲུལ་པ་མཁའ་ལྟར་མ་དག་ན། །བླ་མ་བཟང་ལོས་བདག་ལ་དགོས་པ་མེད། །ཚེ་འདིའི་མཛེས་ཆོས་གཞན་སྣང་བསྒྱུར་བསྒྱུར་ནས། །རང་སྣང་བསླུ་མེད་བཙན་ས་ཟིན་དུས་མེད། །སྙིང་ནས་དགོས་མེད་རྒྱུད་ལ་མ་སྐྱེས་ན། །ངོ་མཚར་ཆེ་ལོས་བདག་ལ་དགོས་པ་མེད། །རང་དོན་ཤོར་བའི་གཞན་དོན་བྱེད་བྱེད་ནས། །རང་དབང་བདེ་དལ་དམ་ཆོས་འགྲུབ་དུས་མེད། །དུས་ངན་འཁོར་སློབ་བརྟེན་འདྲིས་མ་སྤངས་ན། །གཞན་ཕན་ཆེ་ལོས་བདག་ལ་དགོས་པ་མེད། །དོན་མེད་འཁྲུལ་པའི་བྱ་བར་བསྟུན་བསྟུན་ནས། །རང་སྣང་གཉིས་མེད་ཡེ་ཤེས་བརྟན་དུས་མེད། །མཐུན་འཇུག་རྩིག་པ་རྨིང་ནས་མ་འགྱེལ་ན། །ངོ་སྲུང་སེམས་འཛིན་བདག་ལ་དགོས་པ་མེད། །ཉིན་མཚན་ཚེ་འདིའི་བྱ་བས་གཡེང་གཡེང་ནས། ། བྱར་མེད་ཆོས་ཉིད་གཏན་སྲིད་ཟིན་དུས་མེད། །བྱ་བྱེད་འཁྲུལ་པ་ཅོག་གིས་མ་བཞག་ན། །དོན་མེད་བྱ་བས་བདག་ལ་དགོས་པ་མེད། །དུ་མ་འདུས་པའི་གནས་ལ་བརྟེན་བརྟེན་ནས། །གཅིག་པུར་དབེན་པའི་དམ་ཆོས་འགྲུབ་དུས་མེད། །མི་མེད་ལུང་སྟོང་འགྲིམ་པར་མ་བྱས་ན། །འདུ་འཛིའི་གནས་ཀྱི་བདག་ལ་དགོས་པ་མེད། །འདི་དང་འདྲེས་པའི་དགེ་སྦྱོར་བྱེད་བྱེད་ནས། །གཏན་གྱི་ལམ་སྣ་ད་རེས་ཟིན་དུས་མེད། །ཚེ་འདིའི་མཛེས་ཆོས་སྙིང་ནས་མ་སྤངས་ན། ། དགེ་སྦྱོར་བཟང་ལོས་བདག་ལ་དགོས་པ་མེད། །དམིགས་བཅས་ལྟ་བསྒོམ་ཆོས་ལ་ཞེན་ཞེན་ནས། །ཆོས་ཉིད་རིག་པའི་གནམ་འཕང་གཅོད་དུས་མེད། ། བློས་བྱས་གཟུང་འཛིན་ཞེན་པ་མ་དག་ན། །དྲོད་རྟགས་ཕྲ་མོས་བདག་ལ་དགོས་པ་མེད། །རིམ་རྩོལ་བློ་ཡི་ཆོས་ལ་བརྟེན་བརྟེན་ནས། །བློ་བྲལ་དོན་གྱི་དགོངས་པ་རྟོགས་དུས་མེད། །རྫོགས་ཆེན་སྙིང་ཐིག་དོན་ལ་མ་བསྒོམས་ན། ། མཐར་འཛིན་ཆོས་ཀྱི་བདག་ལ་དགོས་པ་མེད། །ཨེ་མ་དད་ལྡན་ཐར་པ་འདོད་པ་དག» «།གསང་ཆེན་བླ་མེད་དོན་ལ་རབ་ཞུགས་ཏེ། །གཅིག་པུར་དབེན་པར་སྒྲུབ་པ་སྙིང་པོར་མཛོད། །ཚེ་འདིར་ཆོས་སྐུའི་གཏན་སྲིད་ཟིན་པ་ལགས། །གླུ་འདི་ཐེག་པའི་རྒྱལ་པོ་རྣལ་འབྱོར་པ། །ཀློང་ཆེན་རབ་འབྱམས་བཟང་པོས་ལེགས་པར་བླངས། །དགེ་བ་དེ་ཡིས་མ་ལུས་འགྲོ་བ་ཀུན། །འབད་མེད་ཡོངས་གྲོལ་ཀུན་ཏུ་བཟང་པོར་ཤོག །དགོས་མེད་དོན་གྱི་རྡོ་རྗེའི་མགུར། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་ལྷུན་གྲུབ་གླིང་གི་དབེན་གནས་སུ་བཞེངས་པ་དགེའོ། །༈ ན་མོ་གུ་རུ་བྷྱཿ རྒྱལ་སྲས་ཆོས་རྗེ་དེ་ཉིད་ཀྱིས་ལྷུན་གྲུབ་གླིང་གི་དབེན་གནས་སུ་དགུན་བཞུགས་མཛད་ནས་ཐོན་པའི་ཚོགས་ཀྱི་འཁོར་ལོ་ལ་རྣལ་འབྱོར་རྣམས་འདུས་ཏེ། སོ་སོས་ཉམས་ལེན་བྱས་ལུགས་གླེང་བ་ན། གོལ་ས་གཅོད་ཅིང་བོགས་འབྱིན་དང་རྩལ་སྦྱོང་བའི་གནད་འགག་གཅིག་ཏུ་དྲིལ་བ་གནད་དུ་བརྡེག་པ་ཅིག་མགུར་དུ་གསུང་བར་ཞུ་ཞུས་པ་ན། ཆོས་རྗེ་བླ་མས་ཡང་གསང་བླ་ན་མེད་པའི་རང་གནད་མགུར་དུ་བཞེངས་པ། རྒྱལ་བ་ཀུན་གྱི་ཡང་མེས་པོ། །གདོད་མའི་མགོན་པོ་ཀུན་ཏུ་བཟང༌། །བླ་མ་ཡིན་དམ་མཁའ་འགྲོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ངོ་བོ་ཀ་ནས་དག་པའི་དོན། །རིག་སྟོང་ཟང་ཐལ་ཆོས་ཀྱི་སྐུ། །རང་གསལ་རྗེན་པ་མ་གཏོགས་པ། །སེམས་འཛིན་བསྒོམ་པས་མི་བསླད་འཚལ། །རང་བཞིན་ལྷུན་གྱིས་གྲུབ་པའི་དོན། །རང་སྣང་འོད་གསལ་ལོངས་སྐུ་འདི། །གསལ་སྟོང་འཛིན་མེད་མ་གཏོགས་པ། །དགའ་བྲོད་ཞེན་པས་མི་འཆིང་འཚལ། །ཐུགས་རྗེ་ཀུན་ལ་ཁྱབ་པའི་དོན། །མ་འགགས་རང་ཤར་སྤྲུལ་སྐུ་འདི། །ཤར་གྲོལ་རྗེན་པ་མ་གཏོགས་པ། །སྐྱེ་འགགས་གྲངས་སུ་མི་གདབ་འཚལ། །ངོ་བོ་རང་བཞིན་ཐུགས་རྗེའི་དོན། །ངོ་སྤྲོད་ཐབས་ཆ་ཐ་དད་འདི། །དོན་ལ་དབྱིངས་གཅིག་མ་གཏོགས་པ། །ཐ་དད་གཞན་དུ་མི་བཟུང་འཚལ། །ངོ་བོ་བསྐྱང་ཡང་རང་བཞིན་དོན། །ཐུགས་རྗེ་མི་འགག་འཆར་ཚུལ་འདི། །ཟང་ཐལ་རིག་པ་མ་གཏོགས་པ། །སྟོང་ཆད་ཧད་པོར་མ་སོང་འཚལ། །རང་བཞིན་བསྐྱང་ཡང་ངོ་བོའི་དོན། །ཐུགས་རྗེ་འགག་མེད་ཤར་གྲོལ་འདི། །སྟོང་གསལ་འཛིན་མེད་མ་གཏོགས་པ། །རྟག་འཛིན་ཞེན་པར་མ་སོང་འཚལ། །ཐུགས་རྗེ་བསྐྱང་ཡང་ངོ་བོའི་དོན། །རང་བཞིན་ལྷུན་གྲུབ་རིག་གདངས་འདི། །ཡེ་སྟོང་རྩ་བྲལ་མ་གཏོགས་པ། །རྣམ་རྟོག་ཉིང་འཁྲུལ་མ་སོང་འཚལ། །ངོ་བོའི་དུས་ན་ཟང་ཐལ་དོན། །ལྷུན་གྲུབ་ཐུགས་རྗེ་རང་ཆས་འདི། །རིག་སྟོང་འཇོག་པ་མ་གཏོགས་ པ། །སྣང་སེམས་སྤང་བློ་མི་བསྐྱེད་འཚལ། །རང་བཞིན་དུས་ན་འོད་གསལ་དོན། །ངོ་བོ་ཐུགས་རྗེ་རང་ཆས་འདི། །རང་གདངས་ལྟ་བ་མ་གཏོགས་ པ། །སྟོང་སེམས་སྤོང་བློ་མི་བསྐྱེད་འཚལ། །ཐུགས་རྗེའི་དུས་ན་ཤར་གྲོལ་དོན། །ཟད་སར་སྐྱེལ་བ་མ་གཏོགས་པ། །སྟོང་གསལ་སྤོང་བློ་མི་བསྐྱེད་འཚལ། །ཇི་ལྟར་བསྒོམས་ཀྱང་རིག་པའི་དོན། །སྟོང་གསལ་མ་འགགས་འཆར་ཚུལ་འདི། །ཇི་བཞིན་འཇོག་པ་མ་གཏོགས་པ། །དམིགས་གཏད་ཞེན་པས་མི་འཆིང་འཚལ། །རིག་པ་ཆོས་ཟད་བློ་འདས་དོན། །གོམ་ན་རང་མལ་ཆོས་སྐུ་འདི། །ཡེ་ཐོབ་འབྲས་བུ་མ་གཏོགས་པ། །ཕྱི་དུས་རེ་དོག་མི་བསྐྱེད་འཚལ། །ཡང་གསང་གནད་འདུས་རྡོ་རྗེའི་མགུར། །གོལ་ས་གཞི་ཐོག་གཅོད་པ་འདི། །ཆོས་ཉིད་ཡན་པ་བློ་བདེས་བླངས། །དགེ་བས་ཁམས་གསུམ་ཡོངས་གྲོལ་ཤོག» «།རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་གནད་འདུས་རྡོ་རྗེའི་མགུར། དབང་པོ་ཡང་རབ་རྣམས་ཀྱིས་རྟོགས་པར་བྱ་བའི་དོན། ལྟ་དགོངས་གཅིག་པའི་གནས་ལས་གཞན་དུ་གསང་བར་གདམས་པའི་གནད། ཐེག་པའི་རྒྱལ་པོའི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས་ལྷུན་གྲུབ་གླིང་གི་དབེན་གནས་སུ་གསུངས་པ་དགེའོ། །༈ ན་མོ་གུ་རུ་བྷྱཿ ཆོས་རྗེ་རྒྱལ་སྲས་ཆེན་པོ་ཉིད་ལྷུན་གྲུབ་གླིང་གི་དབེན་གནས་ན་བཞུགས་པའི་དུས་སུ་ཕྱོགས་རིས་ནས་འདུས་པའི་དད་ལྡན་རྣམས་ཀྱིས། བླ་མ་རིན་པོ་ཆེས་མདོའི་གྲོང་དང་སྡེ་དགོན་གྱི་གནས་གང་ནའང་བདེ་བ་མི་གདའ་བས། སེམས་ཉིད་རྟོགས་པའི་སྒོམ་ཆེན་པ་རི་ཁྲོད་འགྲིམ་པ་ལས་སྐྱིད་པ་མ་མཐོང་བས། ངེས་འབྱུང་སྐྱོ་ཤས་སྐྱེ་བ། རི་ཁྲོད་དགོན་པའི་ཡོན་ཏན་དྲན་པ་གཅིག་མགུར་དུ་བཞེངས་པར་ཞུ་ཞེས་གསོལ་བ་བཏབ་པའི་དུས་སུ། རི་ཁྲོད་དགོན་པ་མ་ཞེས་བྱ་བ་ངེས་འབྱུང་སྐྱོ་ཤས་སྐྱེ་བ་འདི་གསུངས་སོ། །དྲིན་ཅན་བླ་མ་རིན་པོ་ཆེ། །འདི་ནས་བྱང་ཆུབ་སྙིང་པོའི་བར། །མི་འབྲལ་སྤྱི་གཙུག་རྒྱན་དུ་བཞུགས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གསོན་དང་དད་ལྡན་སྐྱེ་བོ་ཀུན། །གང་ལ་བལྟས་ཀྱང་སྙིང་པོ་མེད། །སྙིང་ནས་དམ་ཆོས་བྱེད་རེ་རན། །རི་ཁྲོད་དབེན་པ་འགྲིམ་དུ་ གཤེགས། །ད་རེས་ལམ་སྣ་མ་ཟིན་ན། །མི་ལུས་ཐོབ་ཀྱང་དོན་རེ་ཆུང༌། །ཟབ་མོའི་དེ་ཉིད་སྒོམ་རེ་རན། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །འཁྲུལ་མེད་བཙན་ས་མ་ཟིན་ན། །དལ་འབྱོར་ཐོབ་ཀྱང་ཆུད་རེ་གསན། །ཆོས་སྐུའི་གཏན་ཡུལ་འཛིན་རེ་རན། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །སྣང་བ་ཆོས་ལ་མ་བསྒྱུར་ན། །དབང་པོ་ཚང་ཡང་དོན་རེ་ཆུང༌། །ཉིན་མཚན་ཆོས་ལ་བརྩོན་རེ་རན། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །རྟག་ཏུ་དགེ་ལ་མ་འབད་ན། ། མཐོ་རིས་ཐོབ་ཀྱང་དོན་རེ་ཆུང༌། །ཚོགས་གཉིས་ལས་ལ་འབད་རེ་རན། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །མི་དགེ་སྡིག་པ་མ་སྤངས་ན། །མི་ལུས་སྐྱེས་ཀྱང་དོན་རེ་ཆུང༌། །ལས་ངན་སྡིག་སྒྲིབ་སྦྱང་རེ་རན། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །དགེ་བའི་བཤེས་ཀྱིས་མ་ཟིན་ན། །རྗེ་དཔོན་བཟང་ཡང་དོན་རེ་ཆུང༌། །མཚན་ལྡན་བླ་མ་མཇལ་རེ་རན། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །དམ་པའི་གྲོགས་དང་མ་འཕྲད་ན། །མཛའ་བཤེས་མང་ཡང་དོན་རེ་ཆུང༌། །ཆོས་མཛད་གྲོགས་དང་འགྲོགས་རེ་རན། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །ཟབ་མོའི་ཆོས་དང་མ་མཇལ་ན། །ཐ་སྙད་མང་ཡང་དོན་རེ་ཆུང༌། །སྙིང་པོའི་དམ་ཆོས་ཚོལ་རེ་རན། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །རང་བྱུང་སེམས་ཉིད་མ་མཐོང་ན། །འཁྲུལ་པའི་གཟའ་ཚང་མཐུན་ཡང་འབྲལ། །འབྲལ་མེད་དོན་ལ་སྦྱོར་རེ་རན། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །ཆོག་ཤེས་ནོར་དང་མི་ལྡན་ན། །སྒྱུ་མའི་ནོར་རྫས་སྤངས་ནས་འགྲོ། །གསོག་འཇོག་ཆགས་ཞེན་བསྐྱུར་རེ་རན། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །རིག་པའི་གཏན་ཡུལ་མ་ཟིན་ན། །ས་མཁར་མཐོན་པོ་བརྩིགས་ཀྱང་འཇིག །ཆོས་དབྱིངས་གནས་ལ་བརྟེན་རེ་རན། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །སྐུ་གསུམ་ཞིང་ཁམས་མ་སྦྱངས་ན། །གྲོང་ཡུལ་སྡེ་དགོན་འགའ་ཡང་འདོར། །མཐར་ཐུག་ཟད་སར་ཕྱིན་རེ་རན། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །འཆི་མེད་བཙན་ས་མ་ཟིན་ན། །སྐྱེས་པའི་ལུས་འདི་ཐ་མ་ འདོར། །སྐྱེ་མེད་ཆོས་ལ་སྦྱང་རེ་རན། །རི་ཁྲོད་དབེན་པ་འགྲིམ་དུ་ གཤེགས། །དབེན་པའི་རི་ངོགས་མ་བསྟེན་ན། །སྡེ་དགོན་གྲོང་ཡུལ་ཉོན་མོངས་འཕེལ། །གཅིག་པུར་དབེན་པར་གནས་རེ་རན། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །རི་ཁྲོད་དགོན་པ་མ་ལས་ངེས་འབྱུང་ཆོས་ལ་བསྐུལ་བའི་ལེའུ་སྟེ་དང་པོའོ།། །།ཡང་དེའི་ཚེ་དུས་ངན་འཁོར་བར་སྐྱོ་བའི་མགུར་འདི་གསུངས་སོ། ། སྣང་བ་འདི་ཡི་འགྱུར་ལུགས་སམ། །སྐྱོ་ཤས་འདི་ཡི་སྐྱེ་ལུགས་སམ། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །དུས་ཚོད་འདི་ཡི་ངན་ལུགས་སམ། །མཐའ་དབུས་མེད་པའི་འཁྲུགས་ལུགས་སམ། །འཕོ་འདེགས་འདི་ཡི་ཆེ་ལུགས་ སམ། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །ཚེ་སྲོག་འདི་ཡི་གཡོ་ལུགས་སམ། །འཆི་རྐྱེན་འདི་ཡི་མང་ལུགས་སམ། །ན་ཤི་འདི་ཡི་མོད་ལུགས་སམ། ། རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །ཡོད་པ་འདི་ཚོའི་སེར་སྣ»་«འམ། །མེད་པ་འདི་ཚོའི་རྩོལ་སྒྲུབ་བམ། །ཆེ་ཆུང་མེད་པའི་འདོད་པའམ། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །གྲོང་ཡུལ་རྣམས་ཀྱི་རྒུད་ལུགས་སམ། །མཐའ་མི་ཧོར་སོག་མང་ལུགས་སམ། །ཁྲལ་དམག་འདི་ཡི་ཆེ་ལུགས་སམ། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །སྐྱེ་བོ་རྣམས་ཀྱི་རྩོད་ལུགས་སམ། །བཟང་དྲིན་ཉེས་ཀྱི་འཇལ་ལུགས་སམ། །དད་མེད་སྡིག་ལ་རྔམས་ལུགས་སམ། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །འཇིག་རྟེན་ཡོངས་ཀྱི་རྒྱལ་ཁྲིམས་སམ། །ཡོད་མིན་མེད་མིན་གཟུགས་བརྙན་ནམ། །ངན་བྱེད་ངོ་སོའི་མཐོ་ལུགས་སམ། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས།» «།དུས་བཞིའི་རིམ་པ་འཆོར་ལུགས་སམ། ། ཆར་ཆུ་སྒང་གཤོངས་ཆེ་ལུགས་སམ། །ནད་དང་མུ་གེ་མང་ལུགས་སམ། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །སྡེ་དགོན་རྣམས་ཀྱི་འཁྲུགས་ལུགས་སམ། །ཆོས་པ་རྣམས་ཀྱི་ཆགས་སྡང་ངམ། །འདོད་ཡོན་འདུ་འཛིའི་གཉེར་ལུགས་སམ། ། རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །བཙུན་པ་ནོར་ལ་གདུང་ལུགས་སམ། ། ཚོང་དང་སོ་ནམ་བུན་སྐྱེད་དམ། །ཆོས་མིན་བྱ་བྱེད་མང་ལུགས་སམ། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །ནོར་ཕྱིར་ངོ་ཚ་གཏོང་ལུགས་སམ། །གཡོ་སྒྱུ་ཟོལ་ཁྲམ་ཆེ་ལུགས་སམ། །སྡོམ་དང་དམ་ཚིག་འཆལ་ལུགས་སམ། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །ཆེ་ཆུང་མེད་པའི་འདོད་པའམ། །འདུལ་ཁྲིམས་ཁྱད་དུ་གསོད་པའམ། །རྟགས་ཙམ་འཛིན་པའི་མང་ལུགས་སམ། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །འཁྲུལ་སྣང་བདེན་པར་འཛིན་ལུགས་སམ། ། ཆོས་དང་རང་རྒྱུད་འཛོལ་ལུགས་སམ། །ཐ་མལ་ངང་དུ་འཆི་ལུགས་སམ། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །མི་ཤེས་རྨོངས་པ་མང་ལུགས་སམ། ། ཤེས་ཀྱང་སྒྲུབ་པ་ཉུང་ལུགས་སམ། །དད་དང་ངེས་འབྱུང་མེད་ལུགས་སམ། ། རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །ཆོས་ལྟར་བཅོས་པ་མང་ལུགས་སམ། ། ཆོས་བཞིན་མཛད་པ་ཉུང་ལུགས་སམ། །ཆོས་བརྒྱད་ཁུར་པོ་ཆེ་ལུགས་སམ། ། རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །བསམས་ཤིང་སྐྱོ་བ་སྐྱེ་ལུགས་སམ། ། གཞིག་ཅིང་སྙིང་པོ་མེད་ལུགས་སམ། །བརྟགས་ཤིང་དགོས་མེད་སྐྱེ་ལུགས་སམ། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །རི་ཁྲོད་དགོན་པ་མ་ལས། སྙིང་ནས་སྐྱོ་ཤས་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། །།ཡང་དེའི་ཚེ་མདོ་དོན་ཆོས་ལ་བསྐུལ་བའི་མགུར་འདི་གསུངས་སོ། ། ཡང་ཅིག་གསོན་དང་སྐལ་ལྡན་ཀུན། །བརྒྱ་ལ་རེས་འགའི་མི་ལུས་འདི། །དོན་མེད་ཆུད་ཟོས་བྱེད་པ་མང༌། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །འཁོར་བ་པ་ལ་བདེ་བ་མེད། །སྡུག་པར་འདུག་ཀྱང་སུན་མཁན་མེད། །བྱ་དགོས་ཆོས་ལ་ཉན་མཁན་མེད། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །ཚེ་འདིའི་བྱ་བས་བསླུས་བསླུས་ནས། །ཕྱི་མའི་བདེ་བ་གཉེར་མཁན་མེད། །དོན་ཆུང་ལས་ལ་མི་ཚེ་ཟད། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །མི་རྣམས་ཕལ་ཆེར་ཅེར་རེ་ལོང༌། །དོན་ཆེན་བཞག་ནས་དོན་ཆུང་གཉེར། །འཆི་དུས་དོན་མེད་སྟོང་བར་འགྲོ། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །དབང་པོ་ཚང་ཡང་སྙིང་མེད་མང༌། །ཡར་འགྲོའི་ཆོས་ལ་བྱེད་མཁན་མེད། །མར་འགྲོའི་སྡིག་པ་སུས་ཐོབ་བྱེད། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །ཚེ་འདིའི་སྣང་བ་དར་ཅིག་ལ། ། གཏན་དུ་འཁྲུལ་པའི་ལས་ངན་སོག །འཆི་ཁར་འགྱོད་ཀྱང་ཕན་པ་མེད། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །སྒྱུ་མའི་ནོར་ལ་སྙིང་པོ་མེད། །ཡོད་ཅིང་ཇེ་དགོས་སྲེད་པ་འཕེལ། །རང་གིས་བསགས་པ་གཞན་གྱིས་སྤྱོད། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །མཛའ་བཤེས་འཁོར་གྱིས་དགོས་པ་མེད། །ཚེ་འདིར་འཆིང་ཞིང་ཟག་པ་འཕེལ། །མཐུན་པར་འགྲོགས་ཀྱང་ཐ་མར་འབྲལ། ། རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །བྱས་པའི་ལས་ལ་ཟིན་པ་མེད། །བྱས་ཤིང་བྱ་དགོས་དེ་བས་མང༌། །འཁྲུལ་པའི་སྣང་བས་ཉིན་མཚན་འདའ། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །ཚེ་འདིའི་ཆོས་ལ་སྙིང་པོ་མེད། །གང་ལྟར་བྱས་ཀྱང་བདེ་བ་མེད། །ཇི་ལྟར་བྱས་ཀྱང་ལེགས་པ་མེད། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །མང་པོའི་གནས་ན་འདུ་འཛིས་གཡེངས། །སྡེ་དགོན་ཡིན་ཡང་ཕན་པ་མེད། །ཆགས་སྡང་ཕྱོགས་རིས་ཟག་པ་འཕེལ། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །སྙིང་ནས་དམ་ཆོས་མཛད་པ་ཀུན། །ཚེ་འདིའི་བྱ་བ་བློས་བཏང་ལ། །ཐར་པའི་དམ་ཆོས་སྒྲུབ་པའི་ཕྱིར། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །རི་ཁྲོད་དགོན་པ་མ་ལས། དམ་ཆོས་སྙིང་ནས་བསྐུལ་བའི་ལེའུ་སྟེ་གསུམ་པའོ།། །།ཡང་དེའི་ཚེ་རི་ཁྲོད་དབེན་པའི་ཡོན་ཏན་མགུར་དུ་གསུངས་པ། རི་ངོགས་དབེན་པའི་གནས་མཆོག་ན། །ཚེ་འདིའི་རྣམ་གཡེང་འདུ་འཛི་མེད། །ཕྱི་མའི་དམ་ཆོས་ངང་གིས་འགྲུབ། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །རི་ངོགས་དབེན་པའི་གནས་མཆོག་ན། །སྐྱེ་བོ་མང་པོ་བསྟེན་འདྲིས་མེད། །ཕན་ཚུན་དགག་སྒྲུབ་ཟུག་རྔུ་བྲལ། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །རི་ངོགས་དབེན་པའི་གནས་མཆོག་ན། །གཅིག་པུར་སྒྲུབ་པ་ངང་གིས་འཕེལ། ། ངོ་སྲུང་སེམས་འཛིན་སྡུག་བསྔལ་མེད། །རི་ཁྲོད་དགོན་པ་འགྲིམ་དུ་ གཤེགས། །རི་ངོགས་དབེན་པའི་གནས་མཆོག་ན། །འཁྲུལ་པའི་བྱ་བྱེད་ངང་གིས་ཉུང༌། །མ་ཟིན་དོགས་པའི་སྡུག་བསྔལ་མེད། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །རི་ངོགས་དབེན་པའི་གནས་མཆོག་ན། །གང་བྱུང་ཆོག་ཤེས་ནོར་གྱིས་ཕྱུག» «།མ་ལྡང་དོགས་པའི་སྡུག་བསྔལ་མེད། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །རི་ངོགས་དབེན་པའི་གནས་མཆོག་ན། །དུས་བཞིར་འགྱུར་བའི་རིམ་པ་ཡིས། །མི་རྟག་སྐྱོ་ཤས་ངང་གིས་འཕེལ། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །རི་ངོགས་དབེན་པའི་གནས་མཆོག་ན། །དད་དང་ངེས་འབྱུང་གསར་དུ་སྐྱེ། །བླ་མ་མཁའ་འགྲོས་བྱིན་གྱིས་རློབས། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །རི་ངོགས་དབེན་པའི་གནས་མཆོག་ན། །ཉམས་རྟོགས་ཡོན་ཏན་གོང་འཕེལ་བས། །ཆོས་ཉིད་རིག་པའི་གཏན་ཡུལ་ཟིན། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །རི་ངོགས་དབེན་པའི་གནས་མཆོག་ན། །སྔོན་གྱི་རྒྱལ་བའི་ཡོན་ཏན་དང༌། །གྲུབ་ཐོབ་གོང་མའི་ཡོན་ཏན་ཡང༌། །དབེན་པ་བརྟེན་ལས་བྱུང་བར་གསུངས། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །རི་ངོགས་དབེན་པའི་གནས་མཆོག་ན། །ཆོས་ལ་བསྐུལ་བའི་རིམ་པ་འདི། །གུ་ཡངས་ཡན་པ་བློ་བདེ་ཡིས། །སྐལ་ལྡན་རྣམས་ཀྱི་སྙན་དུ་འབུལ། །དགེ་བས་མ་གྱུར་འགྲོ་བ་ཀུན། །ཉིན་མཚན་ཆོས་ཀྱིས་འདའ་བར་ཤོག» «།མངོན་པར་བྱང་ཆུབ་སངས་རྒྱས་ནས། །གཞན་དོན་མཛད་པ་མཐའ་ཡས་ཤོག» «།རི་ཁྲོད་དགོན་པ་མ་ལས་གནས་ཀྱི་ཡོན་ཏན་བརྗོད་པའི་ལེའུ་སྟེ་བཞི་པའོ།། །།ངེས་འབྱུང་སྐྱོ་ཤས་བསྐྱེད་པའི་རི་ཁྲོད་དགོན་པ་མ་ཞེས་བྱ་བའི་མགུར་ཐེག་པ་མཆོག་གི་རྣལ་འབྱོར་པ་ཡན་པ་བློ་བདེས་ལྷུན་གྲུབ་གླིང་གི་དབེན་གནས་སུ་གསུངས་པ་དགེའོ། །༈ ན་མོ་གུ་རུ་བྷྱཿ རྒྱལ་སྲས་ཆོས་རྗེ་ཉིད་ལྷུན་གྲུབ་གླིང་གི་དབེན་གནས་སུ་བཞུགས་པའི་དུས་སུ། བླ་མ་རིན་པོ་ཆེ་གླིང་པ་ཞི་བར་གཤེགས་ཞེས་ཐོས་པས་ཐམས་ཅད་ཡིད་རློང་རློང་པོར་གྱུར་པའི་སྐབས་སུ། མྱ་ངན་ཆོས་ཉིད་དུ་གྲོལ་བའི་མགུར་འདི་གསུངས་སོ། །སྐྱེ་ཤི་མེད་པའི་དཔལ་མགོན་ཆོས་ཀྱི་རྗེ། །བླ་མ་ཡི་དམ་མཁའ་འགྲོའི་ཞབས་ལ་འདུད། །རིག་སྟོང་སྐྱེ་མེད་ནམ་མཁའ་ལྟ་བུའི་དོན། །མྱ་ངན་གཞི་གྲོལ་ཆོས་ཉིད་ངང་དེར་ལྟོས། །འཁོར་བའི་མྱ་ངན་སྐྱེ་ཤི་འདུ་འབྲལ་ཡང༌། །དོན་ལ་མེད་དོ་སྟོང་པའི་ངོ་སྤྲོད་ཡིན། །» «སེམས་ཀྱི་ཟུག་རྔུ་རང་གིས་མ་བཟོ་བར། །གནས་ལུགས་རིག་པའི་ངོ་སྤྲོད་དོན་ལ་ཉོན། །མྱ་ངན་གཞི་གྲོལ་ཆོས་སྐུའི་ངོ་སྤྲོད་ཡིན། །སྐྱེས་པའི་དུས་ན་དོན་ལ་ཡོད་མ་མྱོང༌། །ལྟོས་དང་གནས་ལུགས་ལྟ་བའི་ངང་དུ་གྲོལ། །མཐའ་གྲོལ་ཀློང་ཡངས་ཆེན་པོར་ཟང་ཐལ་ལེ། །སྡུག་བསྔལ་སྟོང་གསལ་ལོངས་སྐུའི་ངོ་སྤྲོད་ཡིན། །མྱོང་བའི་དུས་ན་དོན་ལ་ཡོད་མ་མྱོང༌། །ལྟོས་དང་རང་སངས་སྒོམ་པའི་ངང་དུ་གྲོལ། །བར་མེད་ཕྱལ་བ་རྗེན་པར་ཟང་ཐལ་ལེ། །ཡིད་མི་བདེ་བ་སྤྲུལ་སྐུའི་ངོ་སྤྲོད་ཡིན། །བྱུང་བའི་དུས་ན་དོན་ལ་ཡོད་མ་མྱོང༌། །ལྟོས་དང་གཉིས་མེད་སྤྱོད་པའི་ངང་དུ་གྲོལ། །ཤར་གྲོལ་རང་ཡལ་གདོད་མར་ཟང་ཐལ་ལེ། །ཟུག་རྔུ་ངོ་བོ་ཉིད་སྐུའི་ངོ་སྤྲོད་ཡིན། །ཚོར་བའི་དུས་ན་དོན་ལ་ཡོད་མ་མྱོང༌། །ལྟོས་དང་རང་བྱུང་འབྲས་བུའི་ངང་དུ་གྲོལ། །ཆོས་ཟད་བློ་འདས་ཆེན་པོར་ཟང་ཐལ་ལེ། །དམིགས་བསམ་བྲལ་བའི་རིག་པ་བྱང་ཆུབ་ཀློང༌། ། མྱ་ངན་ཡུལ་མེད་བྱ་རྒྱུ་མ་རྙེད་དོ། །སྟོང་གསལ་ལྷུན་གྲུབ་རིག་པ་ཆོས་དབྱིངས་ཀློང༌། །སྡུག་བསྔལ་ཡུལ་མེད་བྱ་རྒྱུ་མ་རྙེད་དོ། །འཆར་གཞི་མ་འགགས་རིག་པ་འགྱུར་མེད་ཀློང༌། །ཡིད་མི་བདེ་མེད་བྱ་རྒྱུ་མ་རྙེད་དོ། །འཕོ་འགྱུར་མེད་པའི་རིག་པ་ཆོས་ཟད་ཀློང༌། །ཟུག་རྔུ་ཡུལ་མེད་བྱ་རྒྱུ་མ་རྙེད་དོ། ཁོ་བོས་ཆོས་རྣམས་བསམ་འདས་ཆོས་སྐུར་རྟོགས། །བུ་ཁྱོད་རྣམས་ཀྱང་དེ་ལྟར་རྟོགས་པར་མཛོད། །བློ་བཏགས་ཆོས་ལ་བདེན་པར་མ་འཛིན་པར། །གཞི་བྲལ་མཉམ་པ་ཆེན་པོའི་དོན་ལ་སྦྱོངས། །འཁོར་བའི་མྱ་ངན་གདོད་མའི་དབྱིངས་གྲོལ་ ནས། །ཀུན་ཀྱང་ཆོས་རྗེ་བླ་མའི་ཞལ་མཐོང་ཤོག» «།མྱ་ངན་གཞི་གྲོལ་རྡོ་རྗེའི་མགུར། རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གསུངས་པ་དགེའོ། །༈ ན་མོ་གུ་རུ་བྷྱཿ མཚུངས་མེད་ཆོས་རྗེ་བླ་མ་ཉིད་རྒྱ་མ་སྒང་ན་བཞུགས་པའི་དུས་སུ། ཚད་ནད་ཀྱི་བསྙུང་གཞི་དྲག་པོས་བསྙུངས་པ་ལ། ཉེ་འཁོར་བ་ཀུན་གྱིས་སྨན་བཅོས་ལ་སོགས་བསྐུལ་བའི་ཚེ། རྟོགས་པ་རྩལ་ཆེན་རྫོགས་པ་ན་དགའ་ཤི་སྐྱིད་ཀྱི་མགུར་འདི་གསུངས་སོ། །བདེ་ཆེན་འཕོ་འགྱུར་མི་མངའ་བ། །ཀུན་བཟང་རྒྱལ་བ་རྒྱ་མཚོ་དང༌། །ཆོས་རྗེ་བླ་མའི་ཞབས་ལ་འདུད། །དར་གཅིག་གསོན་དང་སྐལ་ལྡན་ཀུན། །སྔོན་ནས་ཆོས་ཉིད་དོན་ལ་སྦྱངས། །རྐྱེན་ངན་རིག་པའི་གྲོགས་སུ་ཤར། །བཅས་བཅོས་བྱེད་ན་རྣལ་འབྱོར་མིན། །ན་དགའ་ཤི་སྐྱིད་རྣལ་འབྱོར་ལགས། །སྨན་པའི་རྒྱལ་པོ་འཚོ་བྱེད་བྱོན། །བཅོས་ནས་འཚོ་བར་ཁས་ལེན་ཡང༌། །སྨན་དཔྱད་བྱ་རྒྱུ་བདག་ལ་མེད། །ན་དགའ་ཤི་སྐྱིད་རྣལ་འབྱོར་ལགས། །གསང་བདག་ཕྱག་ན་རྡོ་རྗེ་ བྱོན། །བསྲུང་ན་ཐུབ་པར་ཁས་ལེན་ཡང༌། །སྔས་སྲུང་བྱིན་རླབས་ཞུ་རྒྱུ་ མེད། །ན་དགའ་ཤི་སྐྱིད་རྣལ་འབྱོར་ལགས། །བཙུན་པ་སྤྱན་རས་གཟིགས་དབང་བྱོན། །ཚོགས་གསོག་བཟློག་པར་ཁས་ལེན་ཡང༌། །སཱཙྪ་གཏོར་ཞུས་བྱ་རྒྱུ་མེད། །ན་དགའ་ཤི་སྐྱིད་རྣལ་འབྱོར་ལགས། །མཁྱེན་རབ་འཕགས་པ་འཇམ་དཔལ་བྱོན། །ཆོ་གས་བསླུ་བར་ཁས་ལེན་ཡང༌། །མདོས་དང་རྟེན་འབྲེལ་བྱ་རྒྱུ་མེད། །ན་དགའ་ཤི་སྐྱིད་རྣལ་འབྱོར་ལགས། །ཐམས་ཅད་མི་བདེན་འཁྲུལ་པར་མཐོང༌། །གསོག་འཇོག་ཞེན་པ་མ་བྱས་པས། །སྒྱུ་མའི་ནོར་རྫས་ཡོད་མ་མྱོང༌། །རིམ་གྲོ་སྤང་དག་བྱ་རྒྱུ་མེད། །ན་དགའ་ཤི་སྐྱིད་རྣལ་འབྱོར་ལགས། །ཡིད་ལ་ཕྲེང་བ་སུ་ཡང་མེད། །ཁ་ཆེམས་བཞག་རྒྱུ་གང་ཡང་མེད། །«ཚིག་རྐང་གཅིག་ཆད་དམ་སྙམ་པས་བརྟག་«ན་དགའ་ཤི་སྐྱིད་རྣལ་འབྱོར་ལགས། །འཆི་མེད་རིག་པའི་དོན་ལ་སྦྱངས། །འབྱུང་བཞིའི་ཕུང་པོ་ནམ་ཡང་འཇོག །རིག་པའི་གནས་ལུགས་བཙན་ས་ཟིན། །ན་དགའ་ཤི་སྐྱིད་རྣལ་འབྱོར་ལགས། །གླུ་འདི་ཡན་པ་བློ་བདེས་བླངས། །དགེ་སྦྱོར་རྐྱེན་དང་འཕྲད་ན་མངོན། །ཚིག་འདི་མ་བརྗེད་ཡིད་ལ་ཟུངས། །དགེ་བས་བདེ་ཆེན་མཆོག་ཐོབ་ཤོག» «།ཐོག་འགེལ་སྙེམས་ཐག་བཅད་པ། ན་དགའ་ཤི་སྐྱིད་རྡོ་རྗེའི་མགུར། རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གསུངས་པ་དགེའོ། །༈ ན་མོ་གུ་རུ་བྷྱཿ ཡང་དེ་ཉིད་ཀྱི་དུས་སུ་རྐྱེན་སྣང་ལམ་དུ་ཁྱེར་བ་ན་བ་ལམ་སློང་གི་མགུར་འདི་གསུངས་སོ། །དགའ་བདེའི་ངང་ལ་རྟག་ཏུ་བཞུགས། །རང་གཞན་དོན་གཉིས་རྫོགས་པའི་དཔལ། །མཚུངས་མེད་བླ་མའི་ཞབས་ལ་འདུད། །ཡང་ཅིག་གསོན་དང་སྐལ་ལྡན་ཀུན། །ན་བ་ཆོས་ཀྱི་སྐུལ་རྐྱེན་ཡིན། །མི་དགའི་སྤང་བློ་བདག་ལ་མེད། །ཉམས་ལེན་བདེ་སྡུག་ཀུན་ལ་དགོས། ཁྱེད་ལ་གསལ་འདེབས་བཤད་ཀྱི་ཉོན། །ན་བས་ཚེ་འདིའི་ཞེན་པ་སྤོང༌། །མི་རྟག་འཆི་བ་རྗེས་སུ་དྲན། །ཅིས་ཀྱང་དགོས་མེད་རྒྱུད་ལ་སྐྱེ། །ན་བ་ཞེན་ལོག་གསལ་འདེབས་ཡིན། །ན་བས་དད་དང་ངེས་འབྱུང་སྐྱེ། །ཅིས་ཀྱང་མི་ཕན་ཆོས་རང་དྲན། །སྙིང་ནས་ཡིད་འབྱུང་སྐྱོ་ཤས་སྐྱེ། །ན་བ་ཐར་ལམ་གསལ་འདེབས་ཡིན། །ན་བས་ཚོགས་གཉིས་སྐུལ་རྐྱེན་བྱེད། །གཏོང་ཕོད་སྦྱིན་པའི་ས་བོན་འདེབས། །དཀར་པོའི་ལས་ལ་བག་ཆགས་འཇོག །ན་བ་དགེ་བའི་གསལ་འདེབས་ཡིན། །ན་བས་སྔོན་གྱི་ལས་ངན་འཛད། །ད་ལྟའི་ལས་དང་ཉོན་མོངས་སྦྱོང༌། །ཕྱི་མའི་ལས་ངན་མགོ་གནོན་པས། །ན་བ་སྒྲིབ་སྦྱོང་གསལ་འདེབས་ཡིན། །ན་བས་ཕྱི་མ་ངན་སོང་དུ། །སྐྱེ་ངེས་མྱོང་འགྱུར་འདིར་འདྲེན་པས། །གཉེན་པོའི་ནང་ནས་བླ་ན་མེད། །ན་བ་བདེ་ལེགས་གསལ་འདེབས་ཡིན། །ན་བས་ཕུང་པོའི་ཞེན་པ་བཟློག» «།རང་གཞན་ལུས་ལ་ཆགས་པ་སྤོང༌། །ཆགས་སྡང་ཉོན་མོངས་རང་འགག་པས། །ན་བ་ངེས་ལེགས་གསལ་འདེབས་ཡིན། །ན་བས་གདུང་སེམས་མོས་གུས་སྐྱེད། །བྱིན་རླབས་འཇུག་ཅིང་རྟོགས་པ་སྐྱེ། །ཆོས་མོས་ལྷག་པའི་ཤེས་རབ་སྐྱེ། །ན་བ་ལམ་བཟང་གསལ་འདེབས་ཡིན། །ན་བའི་ཡོན་ཏན་དྲན་བྱས་ནས། །སེམས་ཅན་ཀུན་གྱི་ནད་བསལ་ཕྱིར། །རང་ཉིད་ན་བར་རབ་དམིགས་པས། །ན་བ་སེམས་བསྐྱེད་གསལ་འདེབས་ཡིན། །ན་བ་སྣང་བ་མ་འགག་སྐུ། །ཟུག་རྔུ་བརྗོད་པ་སྔགས་ཀྱི་གསུང༌། །བལྟས་པས་རིག་སྟོང་སྐྱེ་མེད་ཐུགས། །ན་བ་བསྐྱེད་རིམ་གསལ་འདེབས་ཡིན། །ན་བ་རང་གསལ་ཐབས་མཆོག་ལ། །བརྟགས་པས་སྟོང་གསལ་ཤེས་རབ་ངང༌། །གཉིས་མེད་ཟུང་འཇུག་རྣམ་པར་དག །ན་བ་རྫོགས་རིམ་གསལ་འདེབས་ཡིན། །ན་བ་བླ་མའི་རྣལ་འབྱོར་ལ། །ཟུག་རྔུ་གསོལ་འདེབས་བརྗོད་པའི་དབྱངས། །བལྟས་པས་ཤར་གྲོལ་བྱིན་རླབས་དང༌། །ན་བ་ལམ་བཟང་གསལ་འདེབས་ཡིན། །ན་བའི་སེམས་ལ་ཚུར་བལྟས་པས། །ངོ་བོ་སྟོང་པ་རང་བཞིན་གསལ། །འཆར་ཚུལ་མ་འགག་ཅིར་ཡང་ སྣང༌། །ན་བ་སྐུ་གསུམ་གསལ་འདེབས་ཡིན། །ན་བས་རིག་པའི་དབྱིངས་ལ་སྦྱོར། །བརྟགས་པས་ཡུལ་མེད་སྟོང་པའི་ངང༌། །རང་མལ་གདོད་མར་ཕྱམ་བརྡལ་ལེ། །ན་བ་ཆོས་སྐུའི་གསལ་འདེབས་ཡིན། །ན་བས་རང་སངས་ངང་གདངས་རྙེད། །བརྟགས་པས་རང་གནས་བསམ་གཏན་ངང༌། །བར་མེད་ཕྱལ་བར་རྗེན་ཁྲེས་སེ། །ན་བ་ལོངས་སྐུའི་གསལ་འདེབས་ཡིན། །ན་བས་འཆར་གཞི་རྩ་བྲལ་མཐོང༌། །བརྟགས་པས་རང་ཡལ་རྗེས་མེད་ངང༌། །ཤར་གྲོལ་རིས་མེད་སྟོང་སངས་སེ། །ན་བ་སྤྲུལ་སྐུའི་གསལ་འདེབས་ཡིན། །མ་ན་བ་ལ་རྩལ་སྦྱོང་བྱས། །ན་བའི་དུས་ན་བོགས་སུ་འབྱིན། །ཐམས་ཅད་རིག་པའི་རྒྱན་དུ་ཤར། །ན་བ་དགེ་སྦྱོང་གསལ་འདེབས་ཡིན། །ན་བས་རིག་པ་དངས་སྙིག་འབྱེད། །ན་བས་འབྱུང་བའི་རང་གདངས་སྟོན། །ན་བས་རྣལ་འབྱོར་སྲང་ལ་འདེབས། །ན་བ་ཤན་འབྱེད་གསལ་འདེབས་ཡིན། །ང་རང་གུ་ཡང་བློ་བདེ་ཡིན། །དམ་ཆོས་རྫོགས་པ་ཆེན་པོ་ཡིན། །རྐྱེན་སྣང་ཆོས་ཉིད་རང་གྲོལ་ ཡིན། །ཐམས་ཅད་རིག་པའི་གསལ་འདེབས་ཡིན། །དགེ་བས་མཁའ་མཉམ་འགྲོ་བ་ཀུན། །བདེ་ཆེན་བྱང་ཆུབ་མཆོག་ཐོབ་ཤོག །ན་བ་ལམ་ཁྱེར་རྡོ་རྗེའི་མགུར། རྣལ་འབྱོར་གྱི་དབང་ཕྱུག་སྣ་ཚོགས་རང་གྲོལ་གྱིས་གསུངས་པ་དགེའོ། །༈ ན་མོ་གུ་རུ་བྷྱཿ མཚུངས་མེད་རྒྱལ་སྲས་བླ་མ་ཉིད་ལྷུན་གྲུབ་གླིང་གི་དབེན་གནས་ན་བཞུགས་པའི་དུས་སུ་ཞེན་པ་བཞི་བྲལ་གྱི་མགུར་འདི་གསུངས་སོ། །ཡོན་ཏན་ཐམས་ཅད་རབ་རྫོགས་ཤིང༌། །དངོས་གྲུབ་ཀུན་གྱི་ཡིད་བཞིན་གཏེར། །འགྲོ་བའི་མགོན་པོ་ཐུགས་རྗེ་ཅན། །ཆོས་རྗེ་བླ་མའི་ཞབས་ལ་འདུད། །གཟུང་བའི་ཡུལ་དང་འཛིན་པའི་སེམས། །གཉིས་མེད་གདོད་ནས་དག་པའི་ངང༌། །གཞི་མེད་ནམ་མཁའ་ལྟ་བུར་མཐོང༌། །གཟུང་འཛིན་ཞེན་པ་བྲལ་བ་ལགས། །ཉོན་མོངས་ཡེ་ཤེས་སྤང་གཉེན་བློ། །གཉིས་མེད་རང་བྱུང་ཡེ་ཤེས་ངང༌། །གང་ཤར་ཡེ་ནས་གྲོལ་བར་མཐོང༌། །སྤང་གཉེན་ཞེན་པ་བྲལ་བ་ལགས། །ལྟ་སྒོམ་སེམས་དང་སྤྱོད་འབྲས་བློ། །གཉིས་མེད་རིག་སྟོང་གཅིག་པུའི་ངང༌། །རིས་མེད་ཟང་ཐལ་རྗེན་པར་མཐོང༌། །ཐ་དད་ཞེན་པ་བྲལ་བ་ལགས། །བསྐྱེད་རྫོགས་སེམས་དང་བྱར་མེད་བློ། །གཉིས་མེད་རྩ་བྲལ་སྟོང་པའི་ངང༌། །ཆོས་ཟད་བློ་འདས་ཆེན་པོར་མཐོང༌། །བྱ་རྩོལ་ཞེན་པ་བྲལ་བ་ལགས། །ཞེན་པ་བཞི་བྲལ་རྡོ་རྗེའི་མགུར། །ཆོས་མེད་ཡན་པ་བློ་བདེས་བླངས། །སྐལ་ལྡན་རྣམས་ཀྱི་ཐུགས་ལ་ཞོག» «།དགེ་བས་འབད་མེད་ཡོངས་གྲོལ་ཤོག» «།ཞེན་པ་བཞི་བྲལ་རྡོ་རྗེའི་མགུར། རྟོགས་པ་གཅིག་ཆོད་དུ་གྲོལ་བའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གསུངས་པ་དགེའོ། །༈ ན་མོ་གུ་རུ་བྷྱཿ ངྷརྨ་ངྷཱ་ཏུ་ཡེ། རང་བཞིན་རྫོགས་པ་ཆེན་པོའི་མཁའ་ཀློང་ཡངས་པར་རྟོགས་པ་ཆོས་ཉིད་དུ་གྲོལ་བའི་མཚུངས་མེད་བླ་མ་ཉིད། ལྷུན་གྲུབ་གླིང་གི་དབེན་གནས་ན་བཞུགས་པའི་ཚེས་བཅུའི་ཚོགས་གྲལ་དུ་སྐལ་བཟང་གི་རྣལ་འབྱོར་པ་རྣམས་ལ། ཁམས་གསུམ་ཡེ་གྲོལ་ཆེན་པོར་ལ་བཟླ་བ་འཁོར་བ་དོང་སྤྲུགས་རྡོ་རྗེའི་མགུར་འདི་གསུངས་སོ། །མི་འགྱུར་ལྷུན་གྲུབ་ཀུན་ཏུ་བཟང་པོའི་དབྱིངས། །ཆོས་དབྱིངས་ཁྱབ་གདལ་ཀུན་ཏུ་བཟང་མོའི་ངང༌། །འདུ་འབྲལ་མེད་པ་རང་བྱུང་ཡེ་ཤེས་ལ། །ཁམས་གསུམ་འཁོར་ བ་དོང་སྤྲུགས་ཆེན་པོར་འདུད། །རྒྱུ་འབྲས་འདས་པའི་ཆོས་ཉིད་དོན་གྱི་དབྱིངས། །བླང་དོར་མེད་པ་བྱང་ཆུབ་སེམས་ཀྱི་ཀློང༌། །སྣང་སྲིད་ཆོས་ཀུན་ཡེ་ནས་རྣམ་དག་པས། །འཁོར་བ་དོང་སྤྲུགས་རྡོ་རྗེའི་གླུ་ལ་ཉོན། །འདི་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །གདོད་ནས་མ་སྐྱེས་རང་བཞིན་རྣམ་དག་པས། །འདི་ཞེས་མི་མཚོན་སྨྲ་བསམ་བརྗོད་ལས་འདས། །མཁའ་མཉམ་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །ཁམས་གསུམ་རིགས་དྲུག་བདེ་སྡུག་འཁྲུལ་སྣང་ཀུན། །རྨི་ལམ་ངང་བཞིན་མ་སྐྱེས་སྟོང་པའི་ངང༌། །སྣང་བའི་དུས་ན་རང་བཞིན་ཡོད་མ་མྱོང༌། །ཆོས་ཉིད་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །འཁོར་རྒྱུ་འཁོར་རྐྱེན་ལས་དང་ཉོན་མོངས་ཀུན། །བག་ཆགས་འཁྲུལ་པ་གློ་བུར་མིང་ཙམ་སྟེ། །གཞི་རྩ་རྟེན་མེད་ཆོས་དབྱིངས་གདོད་མའི་ངང༌། །སེམས་ཉིད་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །སྣང་སེམས་གཞི་མེད་དུ་བསྟན་པའི་ལེའུ་སྟེ་དང་པོའོ།། །།ཕྱི་རོལ་གཟུགས་སོགས་ཡུལ་དུ་སྣང་བའི་ཆོས། །ཕྱོགས་ཆ་དངོས་མེད་ཆུ་ཟླ་མིག་ཡོར་བཞིན། །སྣང་བས་སྟོང་ལ་གཟུགས་བྲལ་ཡངས་སངས་ཆེ། །ཡུལ་མེད་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །ནང་གི་སེམས་ལ་ཁ་དོག་དངོས་པོ་མེད། །འདི་ཞེས་མི་མཚོན་བསམ་དང་བྲལ་བ་ཡི། །མཐའ་དང་དབུས་མེད་མཁའ་ལྟར་དག་པའི་ངང༌། །འཛིན་མེད་ཀློང་དུ་འཁོར་བ་དོང་སྤྲུགས་སམ། །བར་གྱི་དམིགས་མྱོང་ལུས་སེམས་རྟེན་འདི་ཡང༌། །ར་རི་འལ་འོལ་བར་སྣང་འཇའ་ཚོན་བཞིན། །ལུས་ངག་སྟོང་གསལ་སྒྱུ་མ་རང་སྣང་ ཙམ། །རྟེན་མེད་ཀློང་དུ་འཁོར་བ་དོང་སྤྲུགས་སམ། །དབང་པོ་ཡུལ་དང་རྣམ་ཤེས་ཆོས་རྣམས་ཀུན། །མེད་ལ་གསལ་སྣང་དྲི་ཟའི་གྲོང་ཁྱེར་བཞིན། །རང་བཞིན་བདེན་མེད་གཞི་བྲལ་མཉམ་པའི་ངང༌། །ཡེ་སྟོང་ཀློང་དུ་འཁོར་བ་དོང་སྤྲུགས་སམ། །གཟུང་འཛིན་རྟེན་མེད་དུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།རིག་པའི་ངང་འདིར་ཕྱི་ནང་བར་མེད་པས། །གཟུང་འཛིན་ཡུལ་སེམས་རྟེན་མེད་ནམ་མཁའ་འདྲ། །གཅིག་ལས་མ་གཡོས་ཐམས་ཅད་གདོད་མའི་ངང༌། །ཀ་དག་ཀློང་དུ་འཁོར་བ་དོང་སྤྲུགས་སམ། །ཕྱི་ལྟར་སྣང་ཡང་ཡུལ་མེད་རིག་པའི་ཀློང༌། །ནང་ལྟར་སྣང་ཡང་འཛིན་མེད་ཡེ་ཤེས་ཀློང༌། །བར་ལྟར་སྣང་ཡང་རྟེན་མེད་སྟོང་པའི་ཀློང༌། །ལྷུན་གྲུབ་ཀློང་དུ་འཁོར་བ་དོང་སྤྲུགས་སམ། །ཕྱི་དང་ནང་མེད་རིག་པ་མཁའ་ལྟར་ཡངས། །ཟང་ངེ་ཐལ་ལེ་རྒྱ་ཆད་ཕྱོགས་ལྷུང་བྲལ། །རང་བྱུང་ཡེ་ཤེས་ཀུན་ཏུ་བཟང་པོའི་ཀློང༌། །ཆོས་ཟད་ཀློང་དུ་འཁོར་བ་དོང་སྤྲུགས་སམ། །རིག་སྟོང་ཆོས་ཟད་དུ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།ལྟ་བའི་ཡུལ་མེད་བསྒོམ་པའི་དམིགས་གཏད་མེད། །སྤྱོད་པའི་རིས་མེད་འབྲས་བུའི་འདོད་བློ་ཟད། །བྱ་རྒྱུའི་ཆོས་མེད་རྒྱ་ཡན་རིག་པའི་འགྲོས། ། གནས་ལུགས་ཀློང་དུ་འཁོར་བ་དོང་སྤྲུགས་སམ། །རྒྱུ་འབྲས་ཆོས་ཀུན་བྱིས་པའི་རྩེད་མོ་འདྲ། །བྱས་ཀྱང་ཆོག་སྟེ་རང་བཞིན་བཞག་ཀྱང་ཆོག» «།ནན་ཏར་བྱས་ན་བྱ་རྒྱུ་མེད་པ་ལགས། །བྱར་མེད་ཀློང་དུ་འཁོར་བ་དོང་སྤྲུགས་སམ། ། ཟང་ངེ་ཐལ་ལེ་རྒྱ་ཡན་རིག་པའི་ཀློང༌། །རང་བྱུང་ཀློང་དུ་འཁོར་བ་དོང་སྤྲུགས་སམ། །ཆོས་ཟད་བློ་འདས་སུ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དགོངས་དོན་གསང་བའི་རིག་པ་རང་ཤར་བས། །མ་སྤངས་བཞིན་དུ་ཉོན་མོངས་གཟུང་འཛིན་དག» «།ལས་དང་བག་ཆགས་རང་གྲོལ་ཟང་ཐལ་ ལེ། །རྣམ་དག་ཀློང་དུ་འཁོར་བ་དོང་སྤྲུགས་སམ། །བྱང་ཆུབ་སེམས་ཀྱི་དགོངས་པ་རང་ཤར་བས། །མ་བཙལ་ངང་དུ་ཡོན་ཏན་ལྷུན་གྱིས་གྲུབ། །སྐུ་དང་ཡེ་ཤེས་ཞིང་ཁམས་རང་སྣང་སངས། །འོད་གསལ་ཀློང་དུ་འཁོར་བ་དོང་སྤྲུགས་སམ། །བཏང་བཞག་མེད་པའི་བསམ་གཏན་རང་ཤར་བས། །འབད་རྩོལ་གཉེན་པོའི་ལམ་ལ་མ་བརྟེན་པར། །བདེ་གསལ་མི་རྟོགས་ཉི་ཟླ་མཐའ་དབུས་མེད། །ཉམས་རྟོགས་ཀློང་དུ་འཁོར་བ་དོང་སྤྲུགས་སམ། །དགོངས་དོན་རང་ཤར་དུ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།གཡོ་ཟོལ་མེད་པའི་རང་ལུས་ཁང་བཟང་དུ། །བྱིང་རྒོད་མེད་པའི་རིག་པ་རང་གསལ་བས། །འཕོ་འགྱུར་མེད་པ་ཆོས་སྐུའི་གཏན་སྲིད་ཟིན། །ཐོག་མའི་ཀློང་དུ་འཁོར་བ་དོང་སྤྲུགས་སམ། །གདོད་ནས་དག་པའི་ཡེ་ཤེས་རླུང་བཅིངས་པས། །འོད་རྩ་རྣམ་དག་ཀུན་བཟང་ཐིག་ལེ་གསལ། །མཐའ་དབུས་མེད་པར་ཐམས་ཅད་སངས་རྒྱས་ཞིང༌། །ཡེ་ཤེས་ཀློང་དུ་འཁོར་བ་དོང་སྤྲུགས་སམ། །གཞི་ནས་ཕྱམ་ཕྱམ་གདོད་ནས་མེ་རེ་རེ། །མཐའ་དབུས་ཁྱབ་བརྡལ་འོད་གསལ་གདོད་མའི་ངང༌། །སྣང་བཞི་ཟད་པས་རང་གསལ་ཆོས་སྐུའི་དབྱིངས། །ལྷུན་གྲུབ་སྦུབས་སུ་འཁོར་བ་དོང་སྤྲུགས་སོ། །གནས་གསུམ་ཆོས་ཉིད་དུ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།ཆོས་ཉིད་རང་བཞིན་རྫོགས་པ་ཆེན་པོའི་རྩེ། །གང་དང་མི་འདྲ་ཀུན་ལས་འཕགས་པས་ན། །འདི་དང་སུ་འཕྲད་ཚེ་འདིའི་གྲོལ་བ་ཐོབ། །མཐར་ཐུག་ཀློང་དུ་འཁོར་བ་དོང་སྤྲུགས་སམ། །ཐོག་མེད་བསྐལ་པ་རྒྱ་མཚོའི་རྡུལ་སྙེད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་པས། །འདི་ལ་འཇུག་པའི་སྐྱེས་བུ་སྐལ་བ་རབ། །བྱང་ཆུབ་ཀློང་དུ་འཁོར་བ་དོང་སྤྲུགས་ སམ། །ཡེ་ནས་ལྷུན་གྲུབ་ཀློང་ཆེན་རབ་འབྱམས་ཀྱིས། །གཉིས་མེད་རང་བཞིན་རྫོགས་པ་ཆེན་པོའི་གནས། །ཇི་བཞིན་གླུར་བླངས་དགེ་བས་འགྲོ་བ་ཀུན། །ཀུན་བཟང་ཀློང་དུ་འཁོར་བ་དོང་སྤྲུགས་ཤོག །ཆོས་དང་གང་ཟག་ལ་བསྔགས་པའི་ལེའུ་སྟེ་བདུན་པའོ།། །།མཆོག་གསང་རྫོགས་པ་ཆེན་པོ་རྡོ་རྗེ་རྩེ་མོའི་གླུ། འཁོར་བ་དོང་སྤྲུགས་མ་ཞེས་བྱ་བ་ཆོས་ཉིད་ཟད་སར་འཁྱོལ་བའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། དབང་པོ་ཡང་རབ་རྣམས་ཀྱི་རྟོགས་པ་ལ་བཟླ་བའི་དོན་དུ་གསུངས་པའོ། །རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གསུངས་པའི་སྙིང་པོ་དོན་གྱི་མགུར་རྫོགས་སོ།། །།དགེའོ། །»༈« ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྡོ་རྗེའི་གླུ་སུམ་ཅུ་བཞུགས་སོ། །ན་མོ་གུ་རུ་བྷྱཿམངྒ་ལ་སྭ་སྟི་སིདྡྷི་ཕ་ལ་ཧོཿ ལྷུན་གྲུབ་ཕུན་སུམ་ཚོགས་ལྔའི་ཞིང༌། །ཡེ་ནས་བཀྲ་ཤིས་དཔལ་འབར་བ། །དངོས་གྲུབ་ཡིད་བཞིན་ཆར་ཆེན་འབེབས། །མཆོག་གསུམ་བླ་མའི་ཞབས་ལ་འདུད། །ཐམས་ཅད་ཡེ་ནས་སངས་རྒྱས་པ། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །གནས་འདི་ཆོས་དབྱིངས་གདོད་མའི་ཞིང༌།» «།མགོན་འདི་ཆོས་རྗེ་ཀུན་ཏུ་བཟང༌། །འཁོར་འདི་ཡེ་ཤེས་རྒྱ་མཚོའི་ཚོགས། །ཆོས་འདི་རང་བཞིན་རྫོགས་པ་ཆེ། །དུས་འདི་གཞི་རྫོགས་འཕོ་འགྱུར་མེད། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །གནས་འདི་འོག་མིན་སྟུག་པོ་བཀོད། །མགོན་འདི་ཆོས་རྗེ་རྣམ་སྣང་མཛད། །འཁོར་འདི་རྒྱལ་སྲས་དག་པའི་ཚོགས། །ཆོས་འདི་བླ་མེད་ཐེག་པ་ཆེ། །དུས་འདི་རྟག་པ་འཁོར་མོའི་གཞི། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །གནས་འདི་ཤར་ཕྱོགས་མངོན་དགའི་ཞིང༌། །མགོན་འདི་ཆོས་རྗེ་མི་བསྐྱོད་པ། །འཁོར་འདི་རྒྱལ་སྲས་དག་པའི་ཚོགས། །ཆོས་འདི་བླ་མེད་ཐེག་པ་ཆེ། །དུས་འདི་རྟག་པ་འཁོར་མོའི་གཞི། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །གནས་འདི་ལྷོ་ཕྱོགས་དཔལ་ལྡན་ཞིང༌། །མགོན་འདི་ཆོས་རྗེ་རིན་ཆེན་འབྱུང༌། །འཁོར་འདི་ཡེ་ཤེས་རྒྱ་མཚོའི་ཚོགས། །ཆོས་འདི་རང་བཞིན་རྫོགས་པ་ཆེ། །དུས་འདི་གཞི་རྫོགས་འཕོ་འགྱུར་མེད། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །གནས་འདི་ནུབ་ཕྱོགས་བདེ་ལྡན་ཞིང༌། །མགོན་འདི་ཆོས་རྗེ་འོད་དཔག་མེད། །འཁོར་འདི་ཡེ་ཤེས་རྒྱ་མཚོའི་ཚོགས། །ཆོས་འདི་རང་བཞིན་རྫོགས་པ་ཆེ། །དུས་འདི་གཞི་རྫོགས་འཕོ་འགྱུར་མེད། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། ། གནས་འདི་བྱང་ཕྱོགས་ལས་རབ་ཞིང༌། །མགོན་འདི་ཆོས་རྗེ་དོན་ཡོད་གྲུབ། ། འཁོར་འདི་ཡེ་ཤེས་རྒྱ་མཚོའི་ཚོགས། །ཆོས་འདི་རང་བཞིན་རྫོགས་པ་ཆེ། ། དུས་འདི་གཞི་རྫོགས་འཕོ་འགྱུར་མེད། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །གནས་འདི་འོག་མིན་ཆོས་དབྱིངས་ཞིང༌། །མགོན་འདི་དྲུག་པ་རྡོ་རྗེ་འཆང༌། །འཁོར་འདི་གྲུབ་པ་རིགས་སྔགས་འཆང༌། །ཆོས་འདི་གསང་སྔགས་བླ་ན་མེད། །དུས་འདི་རྟག་པ་རྒྱུན་གྱི་གཞི། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །གནས་འདི་དགའ་ལྡན་དག་པའི་ཞིང༌། །མགོན་འདི་སྤྲུལ་སྐུ་རྡོ་རྗེ་སེམས། །འཁོར་འདི་རིག་འཛིན་མཁའ་འགྲོར་བཅས། །ཆོས་འདི་གསང་བ་དོན་གྱི་དབྱིངས། །དུས་འདི་རྫོགས་ལྡན་དང་པོ་ལ། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །གནས་འདི་ལྕང་ལོ་ཅན་གྱི་ཞིང༌། །མགོན་འདི་ཕྱག་ན་རྡོ་རྗེ་དཔལ། །འཁོར་འདི་མཁའ་འགྲོ་གནོད་སྦྱིན་ཚོགས། །ཆོས་འདི་ངེས་དོན་བླ་ན་མེད། །དུས་འདི་གདུལ་བྱ་ཇི་སྲིད་བར། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །གནས་འདི་དུར་ཁྲོད་ཆེན་པོའི་ཞིང༌། །མགོན་འདི་རིག་འཛིན་ཆེན་པོའི་ཚོགས། །འཁོར་འདི་རིག་ཅན་དམ་པ་བཞི། །ཆོས་འདི་གསང་ཆེན་ཐིག་ལེ་བཞི། །དུས་འདི་ཆོས་འབྱུང་ཆེན་པོ་བཞི། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །གནས་འདི་རི་བོ་རྩེ་ལྔའི་ཞིང༌། །མགོན་འདི་པཎ་ཆེན་བི་མ་ལ། ། འཁོར་འདི་རིག་པ་འཛིན་པའི་ཚོགས། །ཆོས་འདི་ཡང་གསང་བླ་ན་མེད། ། དུས་འདི་བསྐལ་པ་མ་ཞིག་བར། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། ། གནས་འདི་ཨོ་རྒྱན་རྔ་ཡབ་གླིང༌། །མགོན་འདི་རང་བྱུང་པདྨ་རྒྱལ། །འཁོར་འདི་མཁའ་འགྲོ་དཔག་ཏུ་མེད། །ཆོས་འདི་གསང་སྔགས་རྡོ་རྗེ་ཐེག།དུས་འདི་འཇིག་རྟེན་ཇི་སྲིད་བར། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །གནས་འདི་གར་བཞུག་ཆོས་ཀྱི་དབྱིངས། །མགོན་འདི་སྙན་རྒྱུད་རིན་པོ་ཆེ། །འཁོར་འདི་དད་ལྡན་བསགས་པ་རབ། །ཆོས་འདི་ཨ་ཏི་སྙིང་པོའི་དོན། །དུས་འདི་ཕྲིན་ལས་ཇི་སྲིད་བར། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །གནས་འདི་སྐལ་བཟང་གདུལ་བྱའི་ཞིང༌། །མགོན་འདི་ཆོས་རྗེ་རིན་པོ་ཆེ། །འཁོར་འདི་ལས་ཅན་དབང་པོ་རབ། །ཆོས་འདི་ཡང་གསང་རྫོགས་པ་ཆེ། །དུས་འདི་ཉིན་མཚན་ཆོས་ཀྱི་འདའ། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །དགོངས་པ་བརྡ་དང་སྙན་བརྒྱུད་ཀྱི། །བཀྲ་ཤིས་དམ་པ་འདི་བརྗོད་པས། །རང་བཞིན་བདེ་ལེགས་དཔལ་འབར་ཞིང༌། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག། ཕུན་སུམ་ཚོགས་པ་ལྔ་མ་བཀྲ་ཤིས་རྡོ་རྗེའི་གླུ། རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་ལྷུན་གྲུབ་གླིང་གི་དབེན་གནས་སུ་མཛད་པ་དགེའོ། །གླུ་འདི་ལ་བླ་མའི་བྱིན་རླབས་ཡོད། །ཚིག་འདི་ལ་ཡི་དམ་མཁའ་འགྲོ་ཆགས། །བློ་འདི་ལ་དམ་ཅན་རྒྱ་མཚོ་འདུ། །བཀྲ་ཤིས་ཉི་མ་ཤར་བ་ལགས། །༈ ཚོགས་གཉིས་རབ་རྫོགས་རྒྱ་མཚོ་ནས། །འདོད་འབྱུང་ནོར་བུ་རིན་པོ་ཆེ། །གང་འདོད་དངོས་གྲུབ་ཆར་འབེབས་པའི། །དཔལ་མགོན་བླ་མའི་ཞབས་ལ་འདུད། །གཟའ་གཏད་བྲལ་བའི་རྣལ་འབྱོར་པ། །ཕྱོགས་མེད་ཡན་པ་བློ་བདེ་ངས། །དད་ལྡན་འགྲོ་བའི་ཚོགས་རྣམས་ལ། །རང་སྣང་བདེ་བའི་ཆོས་གཞས་འབུལ། །མི་ཆོས་སྤང་ནས་ལོ་ཤས་སོང༌། །ད་ལྟ་དམ་ཆོས་སྙིང་པོ་བྱེད། །འཇིག་རྟེན་སྣང་བ་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །གཅིག་གཉིས་གསུམ་བྱས་ནས། །གུ་ཡངས་པའི་སྣང་བའི་བདེ་ཞད་ལ། །ཡན་པ་བློ་བདེའི་སྣང་བའི་བདེ་ཞད་ལ། །རང་སྣང་བདེ་བའི་ཆོས་གཞས་འབུལ། །མ་རིག་མུན་པའི་སངས་ཞད་ལ། །ཕ་ཡུལ་སྤངས་ནས་ལོ་ཤས་སོང༌། །ད་ལྟ་ཕྱོགས་མེད་རི་ཁྲོད་འགྲིམ། །ཆགས་སྡང་འཆིང་བ་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །གཉེན་བཤེས་སྤངས་ནས་ལོ་ཤས་སོང༌། །ད་ལྟ་བཤེས་མེད་གུ་ཡངས་པས། །ཉེ་འབྲེལ་སྐྱོང་དགོས་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །འཁོར་འདབ་སྤངས་ནས་ལོ་ཤས་སོང༌། །ད་ལྟ་དཔོན་མེད་གཡོག་མེད་ངང༌། །ཁ་ཏ་འཆིང་རེས་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །སྡེ་ཚན་སྤངས་ནས་ལོ་ཤས་སོང༌། །ད་ལྟ་ཕྱོགས་འཛིན་ཆགས་སྡང་བྲལ། །ཉེ་རིང་སྣང་བ་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །ངོ་སྲུང་སྤངས་ནས་ལོ་ཤས་སོང༌། །ད་ལྟ་སྣང་བ་ཐད་ཀར་གཅོད། །སེམས་འཛིན་སྡུག་བསྔལ་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །བྱ་བྱེད་སྤངས་ནས་ལོ་ཤས་སོང༌། །ད་ལྟར་བྱར་མེད་སོས་དལ་ངང༌། །མ་ཟིན་དོགས་པ་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །གསོག་འཇོག་སྤངས་ནས་ལོ་ཤས་སོང༌། །ད་ལྟ་ཆགས་མེད་ཞེན་མེད་ངང༌། །ཕྱི་ཚིས་འདུན་མ་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །ཞེན་འདོད་སྤངས་ནས་ལོ་ཤས་སོང༌། །ད་ལྟ་གང་བྱུང་གྲོགས་སུ་འཆར། །འདི་ཡིན་གཏད་སོ་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །ཆེ་དྲགས་སྤངས་ནས་ལོ་ཤས་» «སོང༌། །ད་ལྟ་སྤྲང་པོ་གུ་ཡང་པ། །མིང་གཟུགས་ཕོ་སྒོ་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །འཇིག་རྟེན་སྤངས་ནས་ལོ་ཤས་སོང༌། །ད་ལྟ་ཚེ་འདིའི་ཞེན་པ་ཐོང༌། །ཆོས་བརྒྱད་ཁུར་པོ་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །དགོས་མེད་སྐྱེས་ནས་ལོ་ཤས་སོང༌། །ད་ལྟ་གང་བྱུང་ཚོགས་སུ་གཏོང༌། །སེར་སྣ་སྡུག་བསྔལ་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །བསྟན་ལ་ཞུགས་ནས་ལོ་ཤས་སོང༌། །ད་ལྟ་བསླབ་གསུམ་དམ་ཚིག་ལྡན། །ཉམས་ཆག་ཞིག་རལ་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །ཐོས་བསམ་བྱས་ནས་ལོ་ཤས་སོང༌། །ད་ལྟ་ཚིག་དོན་གནས་ལ་མཁས། །ཐེ་ཚོམ་སོམ་ཉི་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། ། མདོ་རྒྱུད་སྦྱངས་ནས་ལོ་ཤས་སོང༌། །ད་ལྟ་ཕྱི་ནང་གྲུབ་མཐའ་ཤེས། །ཐ་སྙད་མངོན་རློམ་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །དམ་པ་བསྟེན་ནས་ལོ་ཤས་སོང༌། །ད་ལྟ་གོང་མའི་བྱིན་རླབས་ཞུགས། །མོས་གུས་ལྟེམ་རྐྱང་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །དབང་བཞི་རྫོགས་ནས་ལོ་ཤས་སོང༌། །ད་ལྟ་བསྐྱེད་རྫོགས་ཟུང་འཇུག་ངང༌། །ཐ་མལ་འཁྲུལ་རྟོག་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །ཕྱོགས་མེད་སྦྱངས་ནས་ལོ་ཤས་སོང༌། །ད་ལྟ་གདམས་ངག་ཀུན་ལ་མཁས། །ཕྱོགས་གཅིག་ཁ་འཛིན་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །གནས་ལུགས་རྟོགས་ནས་ལོ་ཤས་སོང༌། །ད་ལྟ་ཆོས་ཟད་བློ་འདས་ངང༌། །མཐར་འཛིན་ལྟ་བ་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །ཆོས་ཉིད་བསྒོམས་ནས་ལོ་ཤས་སོང༌། །ད་ལྟ་རང་རིག་འོད་གསལ་ངང༌། །སྟོང་བསྒོམ་མུན་རྡོ་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །དངོས་འཛིན་སྤངས་ནས་ལོ་ཤས་སོང༌། །ད་ལྟ་མཁའ་མཉམ་རྒྱལ་བའི་ཐུགས། །ལྟ་དགོངས་ཟད་སར་བསྐྱལ་བ་ལགས། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །དམིགས་འཛིན་སྤངས་ནས་ལོ་ཤས་སོང༌། །ད་ལྟ་ཆོས་ཉིད་གདོད་མའི་ངང༌། །སྒོམ་པ་བློ་ལས་འདས་པ་ལགས། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །དགག་སྒྲུབ་སྤངས་ནས་ལོ་ཤས་སོང༌། །ད་ལྟ་རང་གྲོལ་ཆོས་ཉིད་ངང༌། །སྤྱོད་པ་གཟའ་གཏད་བྲལ་བ་ལགས། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །རེ་དོགས་སྤངས་ནས་ལོ་ཤས་སོང༌། །ད་ལྟ་ཟང་ཐལ་ཆོས་ཉིད་ངང༌། །འབྲས་བུ་རང་བྱུང་ཡེ་ཤེས་ལ། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །དཔལ་མགོན་བླ་མའི་བཀའ་དྲིན་གྱིས། །གང་ལྟར་བྱས་ཀྱང་སྐྱིད་པར་བྱུང༌། །ཇི་ལྟར་བྱས་ཀྱང་བདེ་བར་བྱུང༌། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །གཅིག་གཉིས་གསུམ་བྱས་ནས། གུ་ཡངས་པའི་སྣང་བའི་བདེ་ཞད་ལ། །ཡན་པ་བློ་བདེའི་སྣང་བའི་བདེ་ཞད་ལ། །རང་སྣང་མ་རིག་མུན་པའི་སངས་ཞད་ལ། །གླུ་ཚིག་བཟང་དོན་དུ་ལེགས་པ་འདི། །གནས་ལྷུན་གྲུབ་གླིང་གི་དབེན་གནས་སུ། །ཆོས་ཐེག་པ་མཆོག་གི་རྣལ་འབྱོར་པ། ། མི་གུ་ཡངས་ཡན་པ་བློ་བདེས་བླངས། །དགེ་བས་མ་ལུས་འགྲོ་བ་ཀུན། །སྐུ་གསུམ་ཡེ་ཤེས་མཆོག་གི་གནས། །རླབས་ཆེན་ཚོགས་གཉིས་རབ་རྫོགས་ནས། །བྱང་ཆུབ་རྒྱ་མཚོ་མཐའ་ཡས་ཤོག །ཅེས་པའི་བདེ་སྐྱིད་མཚོ་མོ་མ་འདི་རྒྱལ་སྲས་བཟོད་པས་བསྐུལ་བའི་ངོར་གསུངས་པའོ།། །། ༈ ན་མོ་གུ་རུ་བྷྱཿ དངོས་གྲུབ་ཡེ་ཤེས་རྒྱ་མཚོ་ལས། །འདོད་རྒུ་ཡིད་བཞིན་རིན་ཆེན་གཏེར། །ཆོས་རྗེ་བླ་མའི་ཞབས་ལ་འདུད། །སྐྱེས་པ་འདི་ཚོའི་འཆི་ལུགས་སོམ། །སྒྱུ་མའི་ལུས་ཀྱིས་བསླུ་བསླུ་འདྲ། །སྐྱེ་ཤི་མེད་པའི་སེམས་ཉིད་ལ། །འགྱུར་མེད་བཙན་ས་བཟུང་ན་ལེགས། །འདུས་པ་འདི་ཚོའི་འབྲལ་ལུགས་སོམ། །གཉེན་འདུན་གྲོགས་ཀྱིས་བསླུ་བསླུ་འདྲ། །རང་བྱུང་ཡེ་ཤེས་སྙིང་པོའི་དོན། །འབྲལ་མེད་བཙན་ས་བཟུང་ན་ལེགས། །བསགས་པ་འདི་ཚོའི་འཛད་ལུགས་སོམ། །སྒྱུ་མའི་ནོར་གྱིས་བསླུ་བསླུ་འདྲ། །ཟས་ནོར་ལོངས་སྤྱོད་ཡོ་བྱད་ཀུན། །སྦྱིན་པའི་གཏེར་དུ་སྦས་ན་ལེགས། །མཐོན་པོ་དམའ་མོར་འགྱུར་ལུགས་སོམ། །ཆེ་དྲེགས་འབྱོར་པས་བསླུ་བསླུ་འདྲ། །རྟག་ཏུ་དམའ་བའི་ས་བཟུང་ནས། །དམ་ཆོས་ཚུལ་བཞིན་བསྒྲུབ་ན་ལེགས། །དབང་མེད་སྡིག་པའི་ལས་ལ་སྦྱོར། །འཇིག་རྟེན་དཔོན་གྱིས་བསླུ་བསླུ་འདྲ། །འདི་ཕྱིར་ལེགས་པའི་ལམ་སྟོན་པ། །བླ་མ་དམ་པ་བསྟེན་ན་ལེགས། །རྟག་ཏུ་སྡུག་བསྔལ་འཁོར་བའི་ཆོས། །ཚེ་འདིའི་འཁྲུལ་པས་བསླུ་བསླུ་འདྲ། །ཐར་པའི་ལམ་མཆོག་ཞི་བའི་ཆོས། །ཟབ་མོའི་དེ་ཉིད་བསྒོམ་ན་ལེགས། །ཆགས་ཞེན་ཉོན་མོངས་འཆིང་བའི་གཞི། །མཛའ་བཤེས་འཁོར་གྱིས་བསླུ་བསླུ་འདྲ། །ཉིན་མཚན་སྒོ་གསུམ་ཆོས་ཀྱིས་འདའ། །ཆོས་མཛད་གྲོགས་དང་འགྲོགས་ན་ལེགས། །འཁོར་བའི་བཙོན་ར་ཟུག་རྔུ་ཅན། །ཕ་ཡུལ་ཁྱིམ་གྱིས་བསླུ་བསླུ་འདྲ། །ཆགས་སྡང་འདུ་འཛིས་དབེན་པའི་གནས། །རི་ཁྲོད་དགོན་པ་འགྲིམ་ན་ལེགས། །འཁྲུལ་བའི་བྲེལ་དོས་ཉིན་མཚན་འདའ། །རྣམ་གཡེང་འདུ་འཛིའི་བསླུ་བསླུ་འདྲ། །འཁྲུལ་སྣང་ཚེ་འདིའི་བྱ་བ་ཀུན། །ཅོག་བཞག་ལིངས་ཀྱིས་བསྐྱུར་ན་ལེགས། །སེམས་དང་སེམས་བྱུང་འཁོར་བའི་ཡིད། །གཟུང་འཛིན་རྟོག་པས་བསླུ་བསླུ་འདྲ། །མི་རྟོག་རང་བྱུང་ཡེ་ཤེས་དོན། །ཆོས་ཉིད་འོད་གསལ་གོམས་ན་ལེགས། །གཉེན་པོ་དྲན་རྟོག་གོམས་ཚུལ་ལས། །དྲོད་རྟགས་ཞེན་པས་བསླུ་བསླུ་འདྲ། །རིག་སྟོང་ཆོས་ཟད་རྗེན་པའི་ངང༌། །ལྟ་སྒོམ་ཟད་སར་སྐྱོལ་ན་ལེགས། །ལེགས་པ་དམ་པ་རྡོ་རྗེའི་མགུར། གུ་ཡངས་ཡན་པ་བློ་བདེས་བླངས། །དགེ་བས་ཁམས་གསུམ་ཡོངས་གྲོལ་ཤོག །ལེགས་པ་དམ་པའི་བཀྲ་ཤིས་ཤོག །ལེགས་པ་དམ་པ་མ་ཞེས་བྱ་བའི་གླུ། གུ་ཡངས་ཡན་པ་བློ་བདེས་བླངས་པ་དགེའོ།། །། ༈ ནོར་བུ་ཉི་མ་ཆོས་ཀྱི་གླུ། འདོད་འབྱུང་དཔག་བསམ་ཡིད་བཞིན་མཁའ། །མཚན་ལྡན་བླ་མ་རིན་པོ་ཆེ། །སྤྱི་གཙུག་འཁོར་ལོའི་རྒྱན་དུ་ཆེ། །རྟ་བདུན་རྒྱས་པ་པདྨོའི་གཉེན། །དག་པའི་མཁའ་ལ་ཤར་བའི་ཚེ། །གླིང་བཞིའི་མུན་པ་སངས་པ་དང༌། །མཉམ་དུ་གེ་སར་པདྨོ་རྒྱས། །རང་བྱུང་ཡེ་ཤེས་རྟོགས་པའི་རྩལ། །རང་རིག་མཁའ་ལ་ཤར་བའི་ཚེ། །མ་རིག་མུན་པ་སངས་པ་ དང༌། །མཉམ་དུ་གནས་ལུགས་རྟོགས་པ་རྒྱས། །འཇིག་རྟེན་སྣང་བྱེད་འགྲོ་བའི་མིག །མཚན་མོའི་བདག་པོ་ཤར་བའི་ཚེ། །འོད་དཀར་སྣང་བ་འགྱེད་པ་དང༌། །མཉམ་དུ་མེ་ཏོག་ཀུནྡ་རྒྱས། །དགོངས་པ་འགྱུར་མེད་ཆོས་སྐུའི་ ཀློང༌། །ངང་གདངས་འོད་གསལ་ཤར་བའི་ཚེ། །བདེ་གསལ་འོད་སྟོང་འཕྲོ་བ་དང༌། །མཉམ་དུ་མི་རྟོག་ཡེ་ཤེས་རྒྱས། །བསོད་ནམས་རྒྱས་པའི་གཟི་འོད་ཀྱིས། །ཉི་ཟླའི་གཟི་འོད་འཕྲོག་པའི་ཚེ། །སྡུག་བསྔལ་སྣང་བྱེད་ནུབ་པ་ དང༌། །མཉམ་དུ་གཟའ་སྐར་སྣང་བ་རྒྱས། །རླུང་འཕོ་བ་བཅུ་དྲུག་དབྱིངས་སུ་ནུབ། །ཉི་ཟླ་སྒྲ་གཅན་ཟོས་པའི་ཚེ། །གཟུང་འཛིན་རྟོག་ཚོགས་ནུབ་པ་ དང༌། །མཉམ་དུ་འོད་གསལ་སྣང་བ་རྒྱས། །ཡིད་བཞིན་ནོར་བུ་རིན་པོ་ཆེ། ། རྒྱལ་མཚན་རྩེ་མོར་བཏགས་པའི་ཚེ། །དགོས་འདོད་གསོལ་བ་བཏབ་པ་ དང༌། །ཅི་འདོད་དངོས་གྲུབ་ཆར་དུ་འབབ། །སེམས་ཉིད་ཡིད་བཞིན་རིན་པོ་ཆེ། །རང་རིག་རྟོགས་པའི་རྩེར་ཕྱིན་ནས། །མ་ཡེངས་གོམས་པས་བརྩོན་པ་དང༌། །མཉམ་དུ་ཡོན་ཏན་ཆར་ཆེན་འབེབ། །སྐུ་གསུམ་ལྷུན་གྲུབ་རྒྱལ་བ་ ལ། །དད་ལྡན་སྐྱེ་རྒུས་བསྟེན་པའི་ཚེ། །འདི་ཕྱིའི་དོན་གཉིས་འགྲུབ་པ་ དང༌། །མཉམ་དུ་ཡོན་ཏན་ཕུན་སུམ་ཚོགས། །མཚན་ལྡན་བླ་མ་དམ་པ་ལ། ། བརྟེན་ནས་གསོལ་བ་བཏབ་པའི་ཚེ། །ཅི་བསམ་ཆོས་སུ་འགྲུབ་པ་དང༌། ། མཉམ་དུ་དངོས་གྲུབ་ཐམས་ཅད་འགྲུབ། །གླུ་དཔེ་བཞི་དོན་དང་རྣམ་པ་ བརྒྱད། །བཀྲ་ཤིས་བདེ་ལེགས་འབྱུང་བ་འདི། །ཐེག་པ་མཆོག་གི་རྣལ་འབྱོར་བ། །ཀློང་ཆེན་རབ་འབྱམས་བཟང་པོས་སྦྱར། །དགེ་བས་མཐའ་ཡས་འགྲོ་བ་ཀུན། །ཐེག་པ་མཆོག་ལ་རབ་ཞུགས་ནས། །དཔལ་མགོན་བླ་མ་མཉེས་བྱེད་ཅིང༌། །ཉིན་མཚན་ཆོས་ཀྱི་འདའ་བར་ཤོག །ཨོཾ་ཨཱཿཧཱུྃ་བྱས་ནས། ཐམས་ཅད་བདེ་ཆེན་སངས་རྒྱས་ཞིང༌། །སྣང་བ་རྒྱ་གྲོལ་རྣལ་འབྱོར་ལགས། །ཆོས་ཟེར་བ་འདི་བྱས་ཀྱང་ཆོག་ལ་བཞག་ཀྱང་ཆོག །ནན་ཏར་བྱས་ན་བྱ་རྒྱུ་མེད་པ་ལགས། ནོར་བུ་ཉི་མ་མ་ཞེས་བྱ་བ་རྡོ་རྗེའི་གླུ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། རྣམ་གྲོལ་ཟླ་བ་ཞེས་བྱ་བས་བསྐུལ་བའི་ངོར་སྦྱར་བ་རྫོགས་སོ།། །། ༈ ན་མོ་གུ་རུ་བྷྱཿ དགོས་འདོད་མ་ལུས་འབྱུང་བའི་གནས། །དངོས་གྲུབ་རིན་ཆེན་ཆར་འབེབས་པའི། །དཔལ་མགོན་བླ་མ་རིན་པོ་ཆེ། །མི་འབྲལ་སྤྱི་གཙུག་རྒྱན་དུ་བཞུགས། །ཕ་ཡུལ་སྤངས་ནས་རི་ཁྲོད་འགྲིམ། །ཚེ་འདིའི་བྱ་བ་རྒྱབ་ཏུ་བསྐྱུར། །ཐར་པ་དམ་པའི་ལྷ་ཆོས་བྱས། །འདུན་མ་རྩེ་མོར་ཕྱིན་པ་ལགས། །ཕྱོགས་རིས་མེད་པའི་ཐོས་བསམ་བྱས། །ཐེ་ཚོམ་བློ་ཡི་མུན་པ་བསལ། །ཆོས་དང་ཆོས་མིན་བླང་དོར་ཤེས། །འདུན་མ་རྩེ་མོར་ཕྱིན་པ་ལགས། །མཚན་ལྡན་བླ་མ་རྣམས་དང་མཇལ། །དཔག་ཏུ་མེད་པའི་མོས་གུས་སྐྱེས། །བྱིན་རླབས་ཉམས་དང་རྟོགས་པ་ཤར། །འདུན་མ་རྩེ་མོར་ཕྱིན་པ་ལགས། །འཁོར་བ་འཁྲུལ་བའི་རང་བཞིན་ལ། །ངེས་འབྱུང་སྐྱོ་ཤས་དྲག་པོ་སྐྱེས། །མི་རྟག་འཆི་བས་བསྐུལ་མ་བཏབ། །འདུན་མ་རྩེ་མོར་ཕྱིན་པ་ ལགས། །ཚེ་འདིའི་འཁྲུལ་སྣང་བྱ་བ་ཀུན། །ཐམས་ཅད་བྱས་པ་དོན་མེད་མཐོང༌། །མ་བྱས་ཆོས་ལ་བཙན་ས་བཟུང༌། །འདུན་མ་རྩེ་མོར་ཕྱིན་པ་ ལགས། །ནོར་ཡོད་ཀུན་གྱིས་སྡུག་བསྔལ་མཐོང༌། །ནོར་མེད་སེམས་ཀྱི་རྒྱན་དུ་ཤར། །ཆོག་ཤེས་འཕགས་པའི་ནོར་དང་ལྡན། །འདུན་མ་རྩེ་མོར་ཕྱིན་པ་ལགས། །རང་དོན་བདག་འཛིན་འཆིང་བ་བཅད། །གཞན་དོན་བྱང་ཆུབ་སེམས་ལ་སྦྱངས། །གཉིས་དོན་སྣང་བ་ཆོས་ལ་བསྒྱུར། །འདུན་མ་རྩེ་མོར་ཕྱིན་པ་ལགས། །ཡངས་སོ་ཆེའོ་ཆོས་ཀྱི་དབྱིངས། །ནམ་མཁའ་འདྲ་སྟེ་སྤྲོས་དང་བྲལ། །ལྟ་བ་རྟོགས་པའི་ཚད་དུ་ཕྱིན། །འདུན་མ་རྩེ་མོར་ཕྱིན་པ་ལགས། ། བདེའོ་གསལ་ལོ་མི་རྟོག་དང༌། །ཉི་ཟླ་འདྲ་སྟེ་འོད་རེ་གསལ། །སྒོམ་པ་དག་པའི་ཚད་དུ་ཕྱིན། །འདུན་མ་རྩེ་མོར་ཕྱིན་པ་ལགས། །ཐམས་ཅད་རང་སྣང་གཟུང་འཛིན་བྲལ། །སྒྱུ་མ་འདྲ་སྟེ་བདེན་ཞེན་མེད། །སྤྱོད་པ་འབྱོངས་པའི་ཚད་དུ་ཕྱིན། །འདུན་མ་རྩེ་མོར་ཕྱིན་པ་ལགས། །རང་རིག་དྲི་མེད་ཆོས་ཀྱི་ སྐུ། །ནོར་བུ་འདྲ་སྟེ་ལྷུན་གྱིས་གྲུབ། །འབྲས་བུ་དག་པའི་ཚད་དུ་ཕྱིན། །འདུན་མ་ལེགས་པའི་བྲོ་བརྡུང་འདི། །ཆོས་ཐེག་པ་མཆོག་གི་རྣལ་འབྱོར་པ། །གུ་ཡངས་ཡན་པ་བློ་བདེས་བླངས། །དགེ་བས་ཁམས་གསུམ་ཡོངས་གྲོལ་ ཤོག །གཞས་དགའ་ཡོ་སྐྱིད་དོ་རྡོ་རྗེའི་སྤུན། །རང་སྣང་དམ་པའི་ཆོས་ལ་བསྒྱུར། །ཨོཾ་དང་མ་ཎི་པདྨེ་ཧཱུྃ་ཧྲཱིཿཡ། ཨོཾ་མ་ཎི་པདྨེ་ཧཱུྃ། གུ་ཡངས་པའི་སྣང་བའི་བདེ་ཞད་ལ། །ཡན་པ་བློ་བདེའི་སྣང་བའི་བདེ་ཞད་ལ། །མ་རིག་པའི་མུན་པ་སངས་ཞད་ལ། །ཞེས་པ་འདི་ཉིད་སློབ་དཔོན་རིན་ཆེན་ཤེས་རབ་ལ་གསུངས་པའོ། ། ༈ དངོས་གྲུབ་ཐམས་ཅད་འབྱུང་བའི་གནས། །བདེ་ཆེན་ཐར་པའི་གྲོང་ཁྱེར་དུ། །མ་ལུས་འགྲོ་ཀུན་འདྲེན་མཛད་པའི། །དཔལ་མགོན་བླ་མའི་ཞབས་ལ་འདུད། །གདོད་ནས་དག་པ་ཆོས་ཀྱི་དབྱིངས། །འགྱུར་བ་མེད་པ་དེ་བཞིན་ཉིད། །བློ་བྲལ་ནམ་མཁའ་ལྟ་བུ་ནི། །གཞི་གདོད་ནས་དག་པ་ཆོས་སྐུ་ ལགས། །གནས་ལུགས་རྟོགས་པ་རིག་པའི་ངང༌། །ཕྱི་ནང་ཡུལ་མེད་ཟང་ཀ་མ། །ཡེ་བབས་མ་བཅོས་དགོངས་པ་འདི། །ལམ་བསམ་བརྗོད་འདས་པའི་རང་བཞིན་ལགས། །ཡེ་སངས་རྒྱས་པའི་རིག་པ་ལ། །ཡང་སངས་རྒྱས་པའི་རྟོགས་པ་འཁྲུངས། །སྒྲིབ་མེད་ཟང་ཐལ་གཅེར་བུ་འདི། །འབྲས་བུ་རེ་དོགས་བྲལ་བ་ལགས། །གཞི་ལམ་འབྲས་གསུམ་རྡོ་རྗེའི་གླུ། །ཕྱོགས་མེད་ཡན་པ་བློ་བདེས་བླངས། །ལྷུན་གྲུབ་གླིང་གི་གནས་སུ་སྦྱར། །དགེ་བས་འཁོར་བ་དོང་སྤྲུགས་ཤོག །གཅིག་གཉིས་གསུམ་བྱས་ནས། །གནས་ལུགས་རྟོགས་པའི་རྣལ་འབྱོར་པ་ལགས་སོ། །གཉིས་གསུམ་དྲུག་བྱས་ནས། །ཟད་སར་སྐྱོལ་བའི་རྣལ་འབྱོར་པ་ལགས་སོ། །གཞི་ལམ་འབྲས་གསུམ་རྡོ་རྗེའི་གླུ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་རྟོགས་ལྡན་བྱང་རྡོར་གྱིས་བསྐུལ་བའི་ངོར་བཀོད་པ་རྫོགས་སོ། ། ༈ རླབས་ཆེན་ཚོགས་གཉིས་རབ་རྫོགས་ཤིང༌། །ཐུགས་རྗེ་ཡིད་བཞིན་སྤྲིན་ཚོགས་ལས། །བྱིན་རླབས་དངོས་གྲུབ་ཆར་འབེབས་པའི། །བླ་མ་ཀུན་ལ་གསོལ་བ་འདེབས། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །ཐར་པ་དམ་པའི་ལམ་ཞུགས་ནས། །རང་དོན་བདག་འཛིན་འཆིང་བ་བཅད། །ཉན་ཐོས་ཐེག་པ་ལྷུན་གྱིས་གྲུབ། །གཟུང་བ་ཡུལ་གྱི་ཆོས་རྣམས་ཀུན། །སྣང་ལ་ཞེན་མེད་ཆུ་ཟླ་འདྲ། །རྟེན་འབྲེལ་བསྒོམས་པས་ཉོན་མོངས་གྲོལ། །རང་རྒྱལ་ཐེག་པ་ལྷུན་གྱིས་གྲུབ། །གཞན་དོན་བརྩོན་པས་གོ་བགོས་ཏེ། །ཚོགས་གཉིས་ཤིང་རྟའི་ལམ་ཞུག་ནས། །ཆོས་ཀུན་མཁའ་ལྟར་རྣམ་དག་པས། །བྱང་སེམས་ཐེག་པ་ལྷུན་གྱིས་གྲུབ། །སྒོ་གསུམ་རྟག་པར་དགེ་བ་ཡིས། །རབ་དཀར་ཟབ་མོའི་ཆོས་ལ་བརྩོན། །བྱ་བས་དངོས་གྲུབ་མཆོག་ལ་སྦྱོར། །ཀྲི་ཡའི་ཐེག་པ་ལྷུན་གྱིས་གྲུབ། །ལུས་དང་ངག་སེམས་རབ་ཞི་བས། །རིག་གསུམ་སྙིང་པོའི་དོན་ཆེན་སྒྲུབ། །དཔག་མེད་སྤྱོད་པ་རླབས་ཆེ་བས། །ཨུ་པའི་ཐེག་པ་ལྷུན་གྱིས་གྲུབ། །ཆོས་ཀུན་ཡེ་ནས་མངོན་བྱང་ལྔས། །ཏིང་འཛིན་རྒྱལ་པོ་རབ་བརྟན་ཞིང༌། །རྣལ་འབྱོར་དམ་པ་རབ་བསྒྲུབ་པས། །ཡོ་གའི་ཐེག་པ་ལྷུན་གྱིས་ གྲུབ། །སྣང་སྲིད་ཡེ་ནས་སངས་རྒྱས་ཞིང༌། །དཀྱིལ་འཁོར་གསུམ་དུ་རབ་རྟོགས་ནས། །རིམ་གཉིས་ཟབ་གསལ་གཉིས་སུ་མེད། །མ་ཧཱའི་ཐེག་པ་ལྷུན་གྱིས་གྲུབ། །ཐམས་ཅད་དབྱིངས་དང་ཡེ་ཤེས་དང༌། །ཐབས་དང་ཤེས་རབ་གཉིས་སུ་མེད། །བདེ་སྟོང་ཡེ་ཤེས་ཟུང་འཇུག་དང༌། །ཨ་ནུའི་ཐེག་པ་ལྷུན་གྱིས་གྲུབ། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །ཐམས་ཅད་རང་བྱུང་ཡེ་ཤེས་ངང༌། །རྒྱུ་འབྲས་བྱ་རྩོལ་གཉིས་མེད་པས། །ཨ་ཏིའི་ཐེག་པ་ལྷུན་གྱིས་གྲུབ། །ཐེག་པ་རིམ་དགུའི་ཆོས་གཞས་འདི། །གུ་ཡངས་ཡན་པ་བློ་བདེས་བླངས། །དགེ་བས་མ་ལུས་འགྲོ་བ་ཀུན། །ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོག །ཨོཾ་དང་ཨཱཿདང་ཧཱུྃ་དང་བྱས་ནས། །དོན་གཉིས་འགྲུབ་པའི་རྣལ་འབྱོར་པ་ལགས་སོ། །གཅིག་གཉིས་གསུམ་བྱས་ནས། །གནས་ལུགས་རྟོགས་པའི་རྣལ་འབྱོར་ལགས་སོ། །ཐེག་པ་རིམ་དགུ་མ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་རབ་འབྱམས་ཀྱིས། ལྷུན་གྲུབ་གླིང་གི་དབེན་གནས་སུ་སྦྱར་བ་དགེའོ། །ཐེག་པ་རིམ་དགུ་མ་འདི་དགེ་འདུན་རིན་ཆེན་མིང་སྲིང་གཉིས་ཀྱིས་བསྐུལ་བའི་དོན་དུ་གསུངས་པ་དགེའོ། །༈ དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །མཁའ་འགྲོ་འབར་བའི་སྤྲིན་འཕྲོ་ཞིང༌། །དངོས་གྲུབ་རིན་ཆེན་ཆར་འབེབས་པ། །རང་བྱུང་པདྨའི་ཞབས་ལ་འདུད། །ཕྱི་རུ་བལྟས་པས་སྣང་བའི་ཡུལ། །ཐམས་ཅད་ཨོ་རྒྱན་མཁའ་འགྲོའི་གནས། །འགྲོ་ཀུན་ལྷ་དང་ལྷ་མོའི་ཚུལ། །རང་སེམས་སྣང་བའི་བདེ་ཞད་ལ། །ནང་དུ་བལྟས་པས་རིག་པའི་ངང༌། །གང་ཤར་རང་གྲོལ་འཛིན་པ་མེད། །ཆོས་ཟད་བློ་འདས་ཡེ་ཤེས་ངང༌། །རང་སེམས་སྣང་བའི་བདེ་ཞད་ལ། །ཕར་ལ་བལྟས་པས་སྒྱུ་མའི་ ཡུལ། །གང་སྣང་བདེན་མེད་རྨི་ལམ་ཙམ། །རང་སྣང་གདོད་མའི་དབྱིངས་སུ་གྲོལ། །རང་སེམས་སྣང་བའི་བདེ་ཞད་ལ། །ཚུར་ལ་བལྟས་པས་སྒྱུ་མའི་ ལུས། །ཆུ་ཟླ་མིག་ཡོར་སྣང་བ་ཙམ། །བདེན་མེད་སྟོང་པའི་རང་གཟུགས་གཅིག །རང་སེམས་སྣང་བའི་བདེ་ཞད་ལ། །ཡར་ལ་བལྟས་པས་མྱ་ངན་འདས། །ཆོས་སྐུ་ཡེ་ནས་སངས་རྒྱས་པས། །མཁའ་ལྟར་དྲི་མེད་རྣམ་པར་ དག །རང་སེམས་སྣང་བའི་བདེ་ཞད་ལ། །མར་ལ་བལྟས་པས་སྲིད་པའི་ ཆོས། །ཁམས་གསུམ་རྨི་ལམ་སྒྱུ་མ་ཙམ། །སྣང་བཞིན་སྟོང་པས་གཞི་བྲལ་ངང༌། །རང་སེམས་སྣང་བའི་བདེ་ཞད་ལ། །ལུས་ལ་བལྟས་པས་ལྷ་ཡི་ སྐུ། །བར་སྣང་དག་པའི་འཇའ་ཚོན་བཞིན། །སྣང་ལ་རང་བཞིན་མེད་པའི་ངང༌། །རང་སེམས་སྣང་བའི་བདེ་ཞད་ལ། །ངག་ལ་བལྟས་པས་སྔགས་ཀྱི་ སྒྲ། །གྲགས་སྟོང་སྐྱེ་མེད་བྲག་ཆ་བཞིན། །གྲགས་པ་རང་བཞིན་མེད་པའི་ངང༌། །རང་སེམས་སྣང་བའི་བདེ་ཞད་ལ། །སེམས་ལ་བལྟས་པས་ཆོས་ཉིད་ངང༌། །སྟོང་གསལ་དག་པའི་ནམ་མཁའ་བཞིན། །བློ་བྲལ་རྫོགས་པ་ཆེན་པོའི་ངང༌། །རང་སེམས་སྣང་བའི་བདེ་ཞད་ལ། །གཤིས་ལ་བལྟས་པས་གདོད་མའི་ངང༌། །རང་བྱུང་ཡེ་ཤེས་མཐའ་དབུས་བྲལ། །དོན་དམ་པདྨ་འབྱུང་གནས་ངང༌། །རང་སེམས་སྣང་བའི་བདེ་ཞད་ལ། །སེམས་ལ་བལྟས་པས་གཟུང་འཛིན་མེད། །ཡངས་སོ་ཆེའོ་རྒྱལ་བའི་ཐུགས། །ཀུན་བཟང་དགོངས་པར་ལྷུན་གྱིས་གྲུབ། །རང་སེམས་སྣང་བའི་བདེ་ཞད་ལ། །གང་ལ་བལྟས་ཀྱང་ཆོས་ཟད་ངང༌། །ལྷུག་པ་ཕྱལ་བ་བར་མཚམས་མེད། །རྒྱ་གྲོལ་ནམ་མཁའ་ཕྱམ་ཕྱམ་གཅིག།རང་སེམས་སྣང་བའི་བདེ་ཞད་ལ། །གང་བལྟས་གུ་ཡངས་བློ་བདེའོ། །པདྨ་རྒྱལ་དང་འདུ་འབྲལ་མེད། །བསམ་རྒུའི་རེ་བ་འགྲུབ་པ་ ལགས། །རང་སེམས་སྣང་བའི་བདེ་ཞད་ལ། །གཅིག་གཉིས་གསུམ་བྱས་ ནས། །ཨོ་རྒྱན་གུ་རུའི་གཅེས་ཕྲུག་ལགས། །གསུམ་དྲུག་དགུ་བྱས་ནས། ། སངས་རྒྱས་བསྟན་པ་དར་བ་ལགས། །ཨོཾ་བཛྲ་གུ་རུ་པདྨ་སིདྡྷི་ཨཱཿཧཱུྃ་ཧྲཱིཿ ཨོ་རྒྱན་བྱིན་རླབས་རྡོ་རྗེའི་གླུ། །ཕྱོགས་མེད་ཡན་པ་བློ་བདེ་ཡིས། །དད་ལྡན་སྐྱེ་བོའི་ཚོགས་ལ་འབུལ། །དགེ་བས་སྐུ་ལྔ་ལྷུན་གྲུབ་ཤོག །ཨོ་རྒྱན་བྱིན་རླབས་མ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། ལྷུན་གྲུབ་གླིང་གི་གནས་མཆོག་ཏུ་གསུངས་པའི་ཕྲིན་ལས་ཕུན་སུམ་ཚོགས་པར་གྱུར་ཅིག ། ༈ རྒྱལ་སྲས་བླ་མ་ཉིད་ལྷུན་གྲུབ་གླིང་དུ་བཞུགས་པའི་དུས་སུ་སྐལ་ལྡན་འགའ་ཡིས་ཞུས་པ། ཆང་འདི་ངོ་ལྐོག་ཙམ་ལས་ཐམས་ཅད་འཐུངས་ཀྱང༌། སྒོས་སུ་སྒོམ་ཆེན་པ་ཁོ་ནས་འཐུང་ཞེས་བཀའ་གདམས་འདུལ་འཛིན་ལ་སོགས་པའི་གྲྭ་ས་པ་རྣམས་ཁ་ཟེར་བར་གདའ་བས། ཐམས་ཅད་འཐུང་བའི་རྒྱུ་མཚན་དང༌། ཆང་གི་ཡོན་ཏན་ལེགས་པ་ཞིག་ཆོས་གཞས་སུ་མཛད་པར་ཞུ་ཞེས་ཞུས་པའི་ལན་དུ། ཆང་གི་བྱུང་རབས་ཡོན་ཏན་བརྗོད་པ་བདུད་རྩིའི་ཟིལ་མངར་ལ་རྡོ་རྗེའི་གླུ་གསུངས་པ། ན་མོ་གུ་རུ། ཆང་གི་ཡོན་ཏན་ལ་བསྔགས་པ། དཔལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ཆང་གི་མེས་པོ་རྡོ་རྗེ་འཆང་ཆེན་ དང༌། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་མཆོད། །སྐལ་བཟང་རྣམས་ཀྱི་བཏུང་བའི་མཆོག་གྱུར་པའི། །བདུད་རྩི་ཆང་གི་ཡོན་ཏན་བཤད་ཀྱི་ ཉོན། །ཡིད་འོང་མཐོ་རིས་ལྷ་ཡི་གྲོང་ཁྱེར་ནས། །བདུད་རྩིའི་ཐིག་པ་མཆོག་གཅིག་ལྷུང་བ་ནི། །འཛམ་གླིང་སྐྱེ་བོ་ཡོངས་ཀྱིས་བསོད་ནམས་ལས། །འབྲུ་རྣམས་བཅུད་ཆགས་ཆང་གི་དྭངས་མར་གྱུར། །ཁ་དོག་རོ་ལྡན་སྦྲང་རྩི་ལྟ་བུ་ལ།།དྲི་བསུང་ཕུན་ཚོགས་ལྷ་ཡི་བདུད་རྩི་བཞིན། །མཐོང་ན་ཡིད་དགའ་བསྟེན་པས་འབྲལ་མི་ཕོད། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །འཐུང་བས་བདེ་བ་མྱང་ན་ཞིམ་པ་སྟེ། །ཁོང་དུ་སོང་ན་ལུས་སེམས་མཆོག་ཏུ་ བདེ། །སྣང་བ་བདེ་ཁྲོལ་ཆོས་ཉིད་རྟོགས་པ་འདྲ། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །འཐུངས་པའི་རྗེས་ལ་བློ་བདེ་རང་མལ་དུ། །རྟོག་མེད་ངང་ལ་རྒྱ་ཡན་གཉིད་ཕེབས་པས། །ཏིང་འཛིན་འོད་གསལ་བསམ་གཏན་འབྱོངས་པ་འདྲ། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །འཐུང་པའི་མོད་ལ་དགའ་བའི་གཏམ་རྣམས་དང༌། །ཡིད་འོང་སྙན་པའི་གླུ་དབྱངས་དུ་མ་འབྱུང༌། །གཞན་ལ་མི་འཇིགས་སྤོབས་པ་དཔག་ཏུ་མེད། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །རོ་མཆོག་བརྒྱད་ལྡན་བདུད་རྩི་ཆང་ཉིད་ལ། ། གཙོ་བོའི་རོ་མཆོག་མངར་སྐྱུར་ཁ་བ་གསུམ། །ཕྱོགས་སུ་མ་ཆད་གཅིག་ལ་ཀུན་ཚང་བས། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །དང་པོ་མངར་བ་ཅུང་ཟད་སྐྱུར་བའི་རོ། །འབོལ་ཞིང་འཁྲིལ་བ་ཁ་བས་འབྲལ་མི་ ཕོད། །བརྟགས་ཤིང་ངོ་མཚར་རོ་མཆོག་དཔག་ཏུ་མེད། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །འཐུང་བས་ལུས་བདེ་གཟི་བརྗིད་འཕྲལ་ལ་ སྐྱེ། །མགྲིན་པའི་མཚོ་རྡོལ་གྲེ་འགྱུར་ཕུན་སུམ་ཚོགས། །སྣང་བ་ཡིད་བདེ་སེམས་ལ་དགའ་བ་རྙེད། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། ། འདུ་བ་སྙོམས་ཤིང་ནད་རྣམས་ཀུན་ལ་ཕན། །ཁྱད་པར་བད་རླུང་འདུས་པ་སེལ་བས་ན། །སྨན་རྣམས་ནང་ནས་བདུད་རྩི་སྨན་གྱི་མཆོག །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །གང་དུ་འཕྲད་ན་བྲེལ་བའང་དལ་གྱུར་ ཞིང༌། །འཐུང་བའི་མོད་ལ་སེམས་ཀྱི་སྡུག་བསྔལ་འགག །ཉིན་མཚན་ཡུན་ཐུང་སོང་བ་མི་ཚོར་བས། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། ། སྐྱིད་སྡུག་ཀུན་ལ་རང་བཞིན་དགོས་པ་དང༌། །ཆེ་ཆུང་ཀུན་གྱིས་ཡོངས་སུ་སྤྱོད་པ་དང༌། །གཞི་བྱེས་ཀུན་ཏུ་མེད་ཐབས་མེད་པའི་ཕྱིར། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །དོན་རྣམས་སྒྲུབ་ཀྱང་གླེང་བའི་གཞིར་དགོས་ ལ། །མཛའ་བཤེས་འདུན་ཀྱང་ངོ་དགའི་སྐྱེས་སུ་དགོས། །གཉེན་འདུན་ཚོགས་ཀྱང་སྣ་ལེན་ཕྱིར་དགོས་པས། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །མཐོན་པོར་གྱུར་པའི་མི་དབང་རྒྱལ་པོ་ནས། །བླ་མ་མཆོག་དང་བཤེས་གཉེན་མཁས་རྣམས་དང༌། །ཁྲིམས་ལ་དབང་བའི་མི་ཆེན་ཆེ་རྒུས་བསྟེན། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །ཡུལ་ཁམས་སོ་སོའི་གྲོང་གི་མི་རྣམས་དང༌། །སྡེ་དགོན་ཕལ་དང་དབེན་པའི་རི་ངོགས་ ནའང༌། །ལོངས་སྤྱོད་ཀུན་གྱི་གཞི་མདོར་བསྟེན་པས་ན། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །སྒྲིན་པོར་རློམ་པའི་བཀའ་གདམས་འདུལ་འཛིན་དང༌། །མཚན་ཉིད་པ་དང་ཇོ་གདན་ལ་སོགས་ཀྱང༌། །ལྐོག་ཏུ་འཐུང་ཞིང་སྲེད་པ་སུ་བས་ཆེ། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །སྐྱེས་པ་རྣམས་ཀྱང་ཅི་ཡོད་ཆང་ལ་འཇལ། །བུད་མེད་རྣམས་ཀྱང་བལ་སྐུད་གཏེར་བོར་ འཇོག །ཡོན་ཏན་མཁན་རྣམས་བཟོ་ཡི་ཚབ་ཏུ་འཇོག །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །སྔགས་བོན་རྣམས་ཀྱང་རྔ་ཤང་རིན་དུ་ འཇལ། །བཙུན་པ་རྣམས་ཀྱང་བཙུན་ཆས་ཚབ་ཏུ་འཇོག །གྲུབ་ཆེན་རྣམས་ཀྱང་ཉི་མ་གཏེ་བོར་འཇོག །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ ཚོགས། །གསང་སྔགས་ཟབ་མོའི་སྒྲུབ་རྫས་ཡིན་པ་དང༌། །དབང་དང་བྱིན་རླབས་ཆོས་སྒོ་འབྱེད་པ་དང༌། །བསྐྱེད་རྫོགས་ལམ་གྱི་མཐུན་རྐྱེན་ཡིན་པའི་ཕྱིར། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །བླ་མ་ཡི་དམ་མཁའ་འགྲོ་མཆོད་པ་དང༌། །སྲུང་མ་དམ་ཅན་རྒྱ་མཚོ་བསྟེན་པ་དང༌། །ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ཡིན་པའི་ཕྱིར། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་འདུ་བ་དང༌། །རྣལ་འབྱོར་དབང་ཕྱུག་ཚོགས་རྣམས་དགྱེས་པ་དང༌། །ཚོགས་གཉིས་རྫོགས་པའི་དམ་རྫས་ཡིན་པའི་ཕྱིར། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །མི་རྣམས་ཀུན་ཀྱང་དགའ་བས་བསྟེན་པ་དང༌། །འདྲེ་རྣམས་ཀུན་ཀྱང་ཞིམ་པས་ཁྱེར་བ་དང༌། །ལྷ་རྣམས་ཀུན་ཀྱང་དགྱེས་པས་རོལ་པའི་ཕྱིར། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །དྭངས་མ་འཕེལ་བས་ལུས་སེམས་བདེ་བ་དང༌། །བདེ་དྲོད་བསྐྱེད་པས་ཏིང་འཛིན་འཕེལ་བ་དང༌། །རིག་ངར་ཐོན་པས་རྟོགས་པ་འཆར་བའི་ཕྱིར། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ ཚོགས། །དེ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད། །བརྗོད་ཀྱིས་མི་ལང་ལྷ་ཡི་བདུད་རྩི་བཞིན། །མི་ཡུལ་བཏུང་བའི་རོ་མཆོག་དམ་པ་འདི། །རང་གཞན་ཀུན་གྱིས་དགྱེས་ཤིང་རོལ་པར་མཛོད། །ཚུལ་འདི་སྣང་བ་རྒྱ་ཡན་རྣལ་འབྱོར་པ། །རིག་པ་གུ་ཡངས་ཡན་པ་བློ་བདེས་བླངས། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །ཉིན་མཚན་ཀུན་ཏུ་དགའ་བདེ་ཕྱམ་བརྡལ་ཤོག །ཆང་གི་ཡོན་ཏན་ལ་བསྔགས་པ་བདུད་རྩིའི་ཟིལ་མངར་མ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའོ། །སྣང་བ་ཀུན་བན་མ་བུན་མ། རིག་པ་ཀུན་ཕྱད་མ་ཕྱོད་མ། རང་རྒྱུད་ཀུན་ཤག་མའི་ཤིག་མ། རང་སེམས་ཀུན་ཁྲལ་མའི་ཁྲོལ་མ། དགའ་ཡལ་ལེ། སྐྱིད་ཆིལ་ལེ། བན་མ་བུན་མར་ཡ། ཕྱད་མ་ཕྱོད་མར་ཡ། ཤག་མ་ཤིག་མར་ཡ། ཁྲལ་མ་ཁྲོལ་མར་ཡ། རྒྱོབ་རྒྱོབ་རྒྱོབ། བདུད་རྩི་ཆང་གི་རྦ་ཀློང་དེ་ལ་ཅོང་ངེ་བ་གཅིག་རྒྱོབ། ཞོང་ངེ་བ་གཅིག་གསོལ། ཁྲོལ་ལེ་བ་གཅིག་མཆོད། ཅེས་གསུངས་སོ། །དགེའོ། ། དགེའོ། །དགེའོ། ། ༈« « ཡང་ཆོས་རྗེ་བླ་མ་ཉིད་ལྷུན་གྲུབ་གླིང་དུ་བཞུགས་དུས་སྐལ་ལྡན་རྣམས་ལ་གཏད་མེད་རྡོ་རྗེའི་གླུ་འདི་གསུངས་སོ། །ན་མོ་གུ་རུ་བྷྱཿ གཏད་མེད་ཡོངས་གྲོལ་ཆོས་ཀྱི་རྗེ། །དྲིན་ཆེན་བླ་མའི་ཞབས་ལ་འདུད། །མཆོག་དང་ཐུན་མོང་ལ་སོགས་པའི། །དངོས་གྲུབ་ཀུན་འབྱུང་ཨེ་མ་ཧོ། །ཡོད་ཡོད་འདྲ་ལ་མེད་བཞིན་སྣང༌། །འཁོར་འདས་སྒྱུ་མ་རང་སྣང་ཆོས། །གདོད་ནས་གཞི་རྩ་བྲལ་བའི་ངང༌། །མ་འགག་འཆར་ཚུལ་ཨེ་མ་ཧོ། །བདེན་བདེན་འདྲ་ལ་མི་བདེན་པ། །འཁོར་བ་འཁྲུལ་པ་བསླུ་བའི་ཆོས། །བརྟགས་ན་གཞི་མེད་སྟོང་པའི་ངང༌། །མེད་པ་གསལ་སྣང་ཨེ་མ་ཧོ། །རྫུན་རྫུན་འདྲ་ལ་མི་རྫུན་པ། །མྱ་ངན་འདས་པ་བདེན་པའི་ཆོས། །སྐུ་དང་ཡེ་ཤེས་བླ་མེད་ངང༌། །མཐར་ཐུག་འཐོབ་བྱ་ཨེ་མ་ཧོ། །གྲུབ་གྲུབ་འདྲ་ལ་མ་གྲུབ་པ། །རང་བྱུང་ཡེ་ཤེས་རིག་པའི་ཆོས། །སྟོང་གསལ་མ་འགགས་ཆོས་དབྱིངས་ངང༌། །ཀུན་གྱི་འབྱུང་གནས་ཨེ་མ་ཧོ། །ལྟོས་ཤིག་ལྟོས་ཤིག་མ་ལྟ་ཞིག །བལྟས་ན་ལྟ་བ་ཡུལ་དང་བཅས། །མ་བལྟས་རིག་པའི་དབྱིངས་མི་མཐོང༌། །བལྟས་ལ་མ་བལྟས་ཨེ་མ་ཧོ། །སྒོམས་ཤིག་སྒོམས་ཤིག་མ་བསྒོམས་ཤིག །བསྒོམ་ན་དམིགས་གཏད་བློ་དང་ བཅས། །མ་བསྒོམས་སེམས་ཉིད་དོན་མི་མཐོང༌། །བསྒོམ་ལ་མ་བསྒོམས་ཨེ་མ་ཧོ། །སྤྱོད་ཅིག་སྤྱོད་ཅིག་མ་སྤྱད་ཅིག །སྤྱད་ན་གཉིས་འཛིན་རིགས་དང་བཅས། །མ་སྤྱད་དགག་སྒྲུབ་སྙེམས་མི་ཆོད། །སྤྱད་ལ་མ་སྤྱད་ཨེ་མ་ཧོ། །ཐོབ་ཅིག་ཐོབ་ཅིག་མ་ཐོག་ཅིག །ཐོབ་ན་ཐོབ་བྱེད་གཉིས་དང་བཅས། །མ་ཐོབ་མཐར་ཐུག་འབྲས་མི་རྙེད། །ཐོབ་ལ་མ་ཐོབ་ཨེ་མ་ཧོ། །གྱིས་ཤིག་གྱིས་ཤིག་མ་བྱེད་ཅིག །བྱས་ན་བྱ་རྩོལ་འཁོར་བའི་ཆོས། །མ་བྱས་ཐར་ལམ་བསྒྲོད་དུས་མེད། །བྱས་ལ་མ་བྱས་ཨེ་མ་ཧོ། །ཡིན་ལ་མིན་པ་ཡིན་པའི་ཆོས། །གཏད་མེད་ཡོངས་གྲོལ་རྫོགས་པ་ཆེ། །རྒྱུ་འབྲས་འདས་པའི་བློ་ལ་སྦྱོངས། །མ་སྤངས་དག་པ་ཨེ་མ་ཧོ། །ཡོད་ལ་མེད་པ་ཡོད་པའི་ཆོས། །རང་བྱུང་འོད་གསལ་ངང་ལ་ལྟོས། །ཐམས་ཅད་སྐུ་དང་ཡེ་ཤེས་ངང༌། །མ་བཙལ་ལྷུན་གྲུབ་ཨེ་མ་ ཧོ། །སྟོང་ལ་སྣང་བ་སྟོང་པའི་ཆོས། །རང་སྣང་ཆོས་ཟད་གདོད་མར་ཕྱིན། ། སྣང་གསལ་ལྷུན་གྲུབ་རིན་ཆེན་སྦུབས། །ཀུན་བཟང་ཆོས་སྐུ་ཨེ་མ་ཧོ། ། འགལ་འགལ་འདྲ་ལ་མི་འགལ་བ། །གླུ་འདི་གཏད་མེད་རྡོ་རྗེའི་གླུ། །གུ་ཡངས་ཡན་པ་བློ་བདེས་བླངས། །དགེ་བས་ཁམས་གསུམ་ཡོངས་གྲོལ་ ཤོག །གཏད་མེད་ཡོངས་གྲོལ་རྡོ་རྗེའི་གླུ། །རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གསུངས་པ་དགེའོ། །གནས་ལུགས་རྟོགས་པ་ཨེ་མ་ཧོ། །ཟད་སར་སྐྱོལ་བ་ཨེ་མ་ཧོ། །དོན་གཉིས་ལྷུན་གྲུབ་ཨེ་མ་ཧོ། །ཨེ་མ་ཧོ་སྟེ་ངོ་མཚར་ཆེ། །དགེའོ། །དགེའོ། །དགེའོ། ། ༈ ཆོས་རྗེ་བླ་མ་ཉིད་ལྷུན་གྲུབ་གླིང་གི་གནས་ན་བཞུགས་པའི་དུས། ཁྲིད་ཀྱི་དགའ་སྟོན་གྱི་ཚེ་སྐལ་ལྡན་རྣམས་ལ་མཁའ་འགྲོ་དོན་གྱི་དགོངས་པ་རྡོ་རྗེའི་གླུ་འདི་གསུངས་སོ། །ན་མོ་གུ་རུ་བྷྱཿ དངོས་གྲུབ་རིན་ཆེན་ཆར་འབེབས་པ། །ཡིད་བཞིན་བླ་མ་རིན་པོ་ཆེ། །ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། ། ངོ་མཚར་བྱིན་རླབས་ཨ་ལ་ལ། །ཐེག་པ་རིམ་དགུའི་མཐར་ཐུག་དོན། །ཡང་གསང་རྫོགས་པ་ཆེན་པོའི་རྩེ། །ཆོས་རྗེ་བླ་མའི་བཀའ་དྲིན་གྱིས། །ཟད་སར་སྐྱོལ་པ་ཨ་ལ་ལ། །མ་བཙལ་ལྷུན་གྱིས་གྲུབ་པའི་གཞི། །མ་བགྲོད་ཡེ་ནས་ཉེ་བའི་ལམ། །མ་བསྒྲུབས་གདོད་ནས་གྲུབ་པའི་འབྲས། །རང་ལ་རྙེད་པ་ཨ་ལ་ལ། །ཆོས་དབྱིངས་མཁའ་འགྲོའི་ཞིང་ཁམས་སུ། །རྡོ་རྗེ་མཁའ་འགྲོའི་མེ་ལོང་ལ། །རིན་ཆེན་མཁའ་འགྲོའི་སྣང་བ་ཤར། །པདྨའི་སྤྱན་གཟིགས་ཨ་ལ་ལ། ། ལས་ཀྱི་མཁའ་འགྲོ་ཐོགས་མེད་ངང༌། །ཀུན་བཟང་དགོངས་པ་ཟང་ཐལ་ལེ། ། སྟོང་གསལ་ལྷུན་གྲུབ་ཀ་དག་དབྱིངས། །མངོན་དུ་གྱུར་པ་ཨ་ལ་ལ། །དབྱིངས་ཉིད་ཀ་ནས་དག་པའི་ཡུལ། །སྟོང་གསལ་ནམ་མཁའ་ཡངས་པ་འདི། །ཆོས་དབྱིངས་མཁའ་འགྲོའི་ཞིང་ཁམས་ལགས། །ཕྱི་ནང་དབྱིངས་གཅིག་ཨ་ལ་ ལ། །སྒོ་འདི་གཟུང་འཛིན་དག་པའི་སྒོ། །རྒྱ་མཚོ་དྭངས་པའི་རང་བཞིན་ འདི། །རྡོ་རྗེ་མཁའ་འགྲོའི་མེ་ལོང་ལགས། །ཕྱི་ནང་ཟང་ཐལ་ཨ་ལ་ལ། །གཞི་སྣང་རིག་པའི་ལྷུན་གྲུབ་གདངས། །སྐུ་དང་ཡེ་ཤེས་རང་སྣང་འདི། །རིན་ཆེན་མཁའ་འགྲོའི་སྣང་བ་ལགས། །སྟོང་གསལ་འཛིན་མེད་ཨ་ལ་ལ། །རང་སྣང་མ་ཡེངས་གཟིགས་པས་དག །ཕྱི་ནང་ངང་གནས་བསམ་གཏན་འདི། །པདྨ་མཁའ་འགྲོའི་སྤྱན་མཆོག་ལགས། །མ་ཆགས་ཏིང་འཛིན་ཨ་ལ་ལ། །མ་འགགས་ཤེས་རབ་ཐོགས་མེད་ངང༌། །ཟང་ཐལ་དགོངས་པ་རང་གྲོལ་འདི། ། ལས་ཀྱི་མཁའ་འགྲོའི་ཐོགས་མེད་ངང༌། །ཆོས་དབྱིངས་གདོད་མར་ཨ་ལ་ ལ། །ཀ་ནས་དག་པའི་རིག་པ་ལ། །འཕེལ་འགྲིབ་མེད་བཞིན་འཕེལ་དང་ཟད། །སྣང་བཞི་ཆོས་སྐུ་རང་མལ་དུ། །རླུང་སེམས་དག་ཚུལ་ཨ་ལ་ལ། །གཞི་ལས་མ་གཡོས་གདོད་མའི་ངང༌། །དགོངས་པ་ཆོས་ཉིད་བར་མེད་དུ། །མ་ཡེངས་མི་གནས་འཁོར་འདས་གྲོལ། །རང་བྱུང་ཡེ་ཤེས་ཨ་ལ་ལ། །བླ་མེད་རྫོགས་པ་ཆེན་པ་ཆེན་པོའི་དོན། །དབང་པོ་ཡང་རབ་སྤྱོད་ཡུལ་འདི། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས། །ཚེ་འདིར་གྲོལ་བ་ཨ་ལ་ལ། །མཁའ་འགྲོ་འདུས་པ་རྡོ་རྗེའི་གླུ། །ཀློང་ཆེན་རབ་འབྱམས་བཟང་པོས་བླངས། །དགེ་བས་འཁོར་བ་དོང་སྤྲུགས་ཏེ། །བཀྲ་ཤིས་ཕུན་ཚོགས་ཨ་ལ་ལ། །མཁའ་འགྲོ་འདུས་པ་རྡོ་རྗེའི་གླུ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཡན་པ་བློ་བདེས་བླངས་པ། གླུ་འདི་ཆོས་ཉིད་དོན་གྱི་གླུ། །བྲོ་འདི་མཁའ་འགྲོ་འདུས་པའི་བྲོ། །བླ་མ་ཡི་དམ་བྱིན་རླབས་ཡོད། །མཁའ་འགྲོ་ཆོས་སྐྱོང་ཆགས་པ་ལགས། ། ༈ ཡང་ཆོས་རྗེ་བླ་མ་ཉིད་ལྷུན་གྲུབ་གླིང་ན་བཞུགས་པའི་ཚེ། སྒོམ་ཆེན་རི་ཁྲོད་དུ་སྡོད་མ་ཟུག་པ་ཁ་ཅིག་འཁྱམས་སུ་འགྲོ་བ་ལ་རྡོ་རྗེའི་མགུར་འདི་གསུངས་པ། ན་མོ་གུ་རུ་བྷྱཿ དབེན་པའི་གནས་སུ་དངོས་གྲུབ་བརྙེས། །བླ་མ་གྲུབ་ཐོབ་རྣམས་ལ་འདུད། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །གོང་མ་རྣམས་ཀྱང་རི་ཁྲོད་བསྟེན། །མ་ཚུགས་འཁྱམས་པའི་སྒོམ་ཆེན་ཀུན། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །ཀློང་རྡོལ་གྱི་སྒོམ་ཁང་ཁྱེར་ལགས་སམ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །དགྲ་ཀུན་གྱི་གནོད་འཚེ་བྱུང་ལགས་སམ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །ཁྲལ་དང་གཙེར་བ་བྱུང་ལགས་སམ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །གྲོང་དགོན་གྱི་ཁ་འཛིན་མཛད་ལགས་སམ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །ཁྱི་ཟ་ལོང་སྤྲང་མཛད་ལགས་སམ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །ཚོང་དང་སོ་ནམ་མཛད་ལགས་སམ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །མི་ཆོས་ཀྱི་འདུན་མ་མཛད་ལགས་སམ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །གྲོང་དགོན་གྱི་ཆགས་སྡང་རྩོད་ལགས་སམ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །འཇིག་རྟེན་གྱི་ཁ་ལོ་བསྒྱུར་ལགས་སམ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །འཇིག་རྟེན་གྱི་བྲེལ་དོ་ཤོམ་ལགས་སམ།།ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །ཆོས་མིན་གྱི་ཀུན་སྤྱོད་སྐྱོང་ལགས་སམ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །རྣམ་གཡེང་འདུ་འཛི་མ་སྤངས་སམ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །སྙིང་ནས་བསམ་མནོ་ལེགས་པོ་ཐོངས། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །ཚེ་འདིའི་འཁྲུལ་པས་རིག་པ་བསླུ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །འཇིག་རྟེན་ཆོས་ལ་སྙིང་པོ་མེད། །ད་དུང་རི་ཁྲོད་བསྟེན་ན་ ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །མི་རྟག་འཆི་བ་མྱུར་དུ་འོང༌། །ད་དུང་རི་ཁྲོད་བསྟེན་ན་ལེགས། ། བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། ། འགྲོས་མོ་ཆེ་ལ་ཅི་ཕན་ནམ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །སྐྱས་མོ་ཆེ་ལ་ཅིས་སྟོངས་སམ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །བེམས་རིག་བྲལ་ཚེ་ཅི་བྱེད་དམ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། ། སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །བར་དོའི་འཕྲང་ལ་ཅིས་སྟོང་སམ། ། ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །ཕྱི་མའི་ལམ་སྣ་ཨེ་ཟིན་ནམ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །སེམས་ཉིད་གཏན་ལ་ཨེ་ཕེབས་སམ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །གཏན་གྱི་འདུན་མ་ཨེ་གྲུབ་བམ། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །གོང་མའི་རྣམ་ཐར་བསྐྱང་ན་ལེགས། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །སྒྲུབ་པ་སྙིང་པོར་བྱས་ན་ལེགས། །ད་དུང་རི་ཁྲོད་བསྟེན་ན་ལེགས།།བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །སྒོམ་པ་ཡུན་དུ་བསྲིང་ན་ལེགས། །ད་དུང་རི་ཁྲོད་བསྟེན་ན་ ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །ངེས་འབྱུང་སྐྱོ་ཤས་སྐྱེས་ན་ལེགས། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །ཉིན་མཚན་རྟག་ཏུ་བརྩོན་ན་ལེགས། །ད་དུང་རི་ཁྲོད་བསྟེན་ན་ལེགས།།བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །ཅིས་ཀྱང་དགོས་མེད་བསམ་ན་ལེགས། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །ཆགས་མེད་ཞེན་མེད་སྐྱང་ན་ལེགས། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །ཚེ་འདི་བློ་ཡིས་བཏང་ན་ལེགས། །ད་དུང་རི་ཁྲོད་བསྟེན་ན་ ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །སྙིང་རུས་སྡུག་སྲན་བསྐྱེད་ན་ལེགས། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །སྐྱེས་པ་འཆི་ཞིང་འདུས་པ་འབྲལ། །ད་དུང་རི་ཁྲོད་བསྟེན་ན་ ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །བསགས་པ་འཛད་ཅིང་མཐོན་པོ་ལྷུང༌། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །གང་ལའང་སྙིང་པོ་མེད་ལ་ལྟོས། །ད་དུང་རི་ཁྲོད་བསྟེན་ན་ ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །ཕྱོགས་བཅུར་མ་འཁྱམས་བསྡད་ན་ལེགས། །མཚམས་དང་འདག་སྦྱར་བྱས་ན་ལེགས། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །ད་རེས་དོན་ཆེན་བསྒྲུབ་ན་ལེགས། །ད་དུང་རི་ཁྲོད་བསྟེན་ན་ལེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྒོམ་ཆེན་ཚོ་རི་ཁྲོད་འགྲིམ་ན་ལེགས། །བདེ་སྐྱིད་རི་ཁྲོད་མ་ལས། ཤ་ཚ་གྲོས་སུ་འདེབས་པའི་ལེའུ་སྟེ་དང་པོའོ།། །།ཡང་གཅིག་གསོན་དང་སྐལ་ལྡན་ཀུན། །འདུ་འཛིའི་གནས་ན་བདེ་བ་མེད། །དེ་ལ་བསྟེན་པའི་ཉེས་པ་མང༌། །དེང་སང་རི་ཁྲོད་འགྲིམ་ན་ལེགས། །བདེ་སྐྱིད་རི་ཁྲོད་དབེན་པར་» «ཡོད། །གྲོང་ཡུལ་ན་སྡུག་བསྔལ་གྱི་བཙོན་ར་ཆེ། །སྡེ་དགོན་ན་གཟུང་འཛིན་གྱི་འཆིང་བ་དམ། །དེང་སང་རི་ཁྲོད་འགྲིམ་ན་ལེགས། །བདེ་སྐྱིད་རི་ཁྲོད་དབེན་པར་ཡོད། །གྲོང་ཡུལ་ན་དུག་ལྔའི་འཁྲུག་རྩོད་མང༌། །སྡེ་དགོན་ན་ཆགས་སྡང་གི་ཟུག་རྔུ་ཆེ། །དེང་སང་རི་ཁྲོད་འགྲིམ་ན་ལེགས། །བདེ་སྐྱིད་རི་ཁྲོད་དབེན་པར་ཡོད། །གྲོང་ཡུལ་ན་ལས་ངན་གྱི་སྡོང་པོ་རྒྱས། །སྡེ་དགོན་ན་ཉོན་མོངས་ཀྱི་མེ་ཏོག་བཀྲ། །དེང་སང་རི་ཁྲོད་འགྲིམ་ན་ལགས། །བདེ་སྐྱིད་རི་ཁྲོད་དབེན་པར་ཡོད། །གྲོང་ཡུལ་ན་འཁྲུལ་སྣང་གི་ཕྱ་ཕྱོ་མང༌། །སྡེ་དགོན་ན་འདོད་ཆགས་ཀྱི་ཚ་རིམས་འབར། །དེང་སང་རི་ཁྲོད་འགྲིམ་ན་ལགས། །» «བདེ་སྐྱིད་རི་ཁྲོད་དབེན་པར་ཡོད། །གྲོང་ཡུལ་ན་ཚེ་འདིས་བྲེལ་དོས་ཟིན། །སྡེ་དགོན་ན་ཆོས་མིན་གྱི་བྱ་བས་གཡེངས། །དེང་སང་རི་ཁྲོད་འགྲིམ་ན་ལེགས། །» «བདེ་སྐྱིད་རི་ཁྲོད་དབེན་པར་ཡོད། །གྲོང་ཡུལ་ན་ཁྲལ་དམག་གི་གཙེར་བས་དེད། །སྡེ་དགོན་ན་ལས་སྣའི་ཟེར་གྱིས་བཀོལ། །དེང་སང་རི་ཁྲོད་འགྲིམ་ན་ལེགས། །བདེ་སྐྱིད་རི་ཁྲོད་དབེན་པར་ཡོད། །གྲོང་ཡུལ་ན་འཐབ་རྩོད་ཀྱི་འཁྲུག་ལོང་མོད། །སྡེ་དགོན་ན་ནང་ཚན་གྱི་ཆགས་སྡང་ཆེ། །དེང་སང་རི་ཁྲོད་འགྲིམ་ན་ལེགས། །བདེ་སྐྱིད་རི་ཁྲོད་དབེན་པར་ཡོད། །གྲོལ་ཡུལ་ན་ཕྱོགས་རིས་ཀྱི་ཆགས་སྡང་རྩོད། །སྡེ་དགོན་ན་དོན་མེད་ཀྱི་ཁེ་དྲག་འཐེན། །དེང་སང་རི་ཁྲོད་འགྲིམ་ན་ལེགས། །བདེ་སྐྱིད་རི་ཁྲོད་དབེན་པར་ཡོད། །གྲོང་ཡུལ་ན་རྟག་ཏུ་རྣམ་གཡེང་ཆེ། །སྡེ་དགོན་ན་ཉིན་མཚན་འདུ་འཛིས་འདའ། །དེང་སང་རི་ཁྲོད་འགྲམ་ན་ལེགས། །བདེ་སྐྱིད་རི་ཁྲོད་དབེན་པར་ཡོད། །གྲོང་ཡུལ་ན་སོ་ཚིས་ཀྱི་བྱ་བས་བྲེལ། །སྡེ་དགོན་ན་ཚོང་དང་སོ་ནམ་གྱིས་གཡེངས། །དེང་སང་རི་ཁྲོད་འགྲིམ་ན་ལེགས། །བདེ་སྐྱིད་རི་ཁྲོད་དབེན་པར་ཡོད། །གྲོང་ཡུལ་ན་གཟའ་ཚང་གི་སྐྱོང་དགོས་མང༌། །སྡེ་དགོན་ན་དཔོན་སློབ་ཀྱི་སེམས་ལས་» «ཆེ། །དེང་སང་རི་ཁྲོད་འགྲིམ་ན་ལེགས། །བདེ་སྐྱིད་རི་ཁྲོད་དབེན་པར་» «ཡོད། །གྲོང་ཡུལ་ན་སྲུང་སྡོམ་གྱི་གཉེན་པོ་འཆོར། །སྡེ་དགོན་ན་ཉོན་མོངས་ཟག་པ་འཕེལ། །དེང་སང་རི་ཁྲོད་འགྲིམ་ན་ལེགས། །བདེ་སྐྱིད་རི་ཁྲོད་དབེན་པར་ཡོད། །གྲོང་ཡུལ་ན་ཚེ་འདི་དོན་དུ་གཉེར། །སྡེ་དགོན་ན་ཆོས་བརྒྱད་ཀྱི་ཁུར་པོ་ཆེ། །དེང་སང་རི་ཁྲོད་འགྲིམ་ན་ལེགས། །བདེ་སྐྱིད་རི་ཁྲོད་དབེན་པར་ཡོད། །གྲོང་ཡུལ་ན་མི་ཚེ་སྟོང་པར་ཟད། །སྡེ་དགོན་ན་ཐ་མལ་ངང་དུ་» «འཆི། །དེང་སང་རི་ཁྲོད་འགྲིམ་ན་ལེགས། །བདེ་སྐྱིད་རི་ཁྲོད་དབེན་པར་» «ཡོད། །གྲོང་ཡུལ་གྱི་གནས་ལ་སྐྱོ་བ་སྐྱེས། །སྡེ་དགོན་གྱི་གནས་ལ་ཡིད་འབྱུང་སྐྱེས། །དེང་སང་རི་ཁྲོད་འགྲིམ་ན་ལེགས། །བདེ་སྐྱིད་རི་ཁྲོད་དབེན་པར་» «ཡོད། །བདེ་སྐྱིད་རི་ཁྲོད་མ་ལས། གྲོང་ཡུལ་གྱི་ཉེས་པ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། ཡང་ཅིག་གསོན་དང་སྐལ་ལྡན་ཀུན། །གང་ལ་བསམ་ཀྱང་སྙིང་པོ་ མེད། །ཅི་ལ་བསམས་ཀྱང་སྐྱོ་བ་སྐྱེས། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་ཁྲོད་ཀྱི་གནས་ན་ཡོད། །དབེན་ཞིང་ཉམས་དགའ་རིག་པ་འཛིན། །སྨན་ལྗོངས་ནགས་དང་གངས་རིས་མཛེས། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །ཕུག་དང་བྲག་རིའི་ཁང་བཟང་ན། །སྨན་ཤིང་མེད་ཏོག་འབྲས་བུས་བརྒྱན། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །རྩྭ་དང་ལོ་མའི་ཁང་བཟང་དང༌། །ཆུ་གཙང་ཡན་ལག་བརྒྱད་ལྡན་འབབ། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །ཡིད་འོང་བུང་བས་སྙན་སྒྲོག་ཅིང༌། །བྱ་དང་རི་དྭགས་མང་པོས་གང༌། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །ངང་གི་ཆོས་འཕེལ་རིག་པ་དྭངས། །དུས་བཞི་འགྱུར་བས་བློ་སྣ་ཐུང༌། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །དགྲ་གཉེན་གང་དང་མ་འབྲེལ་བས། །ཆགས་སྡང་ཟག་པ་ངང་གིས་མེད། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །ཆེ་ཆུང་གང་དང་མ་འབྲེལ་པས། །ངོ་སྲུང་སེམས་འཛིན་སྡུག་བསྔལ་མེད། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །སྐྱེ་བོ་གཞན་དང་མ་འབྲེལ་བས། །ཟོག་དང་ཚུལ་འཆོས་ངང་གིས་མེད། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །གཅིག་པུར་རང་དབང་ཆོས་ལ་ཐོབ། །སུས་ཀྱང་ཚེ་འདིར་འཆིང་མཁན་མེད། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །འཇིག་རྟེན་རྣམ་གཡེང་འདུ་འཛི་མེད། །ཆགས་སྡང་ཉོན་མོངས་ངང་གིས་འགྲིབ། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །སྤྱོད་ལམ་དུས་དྲུག་ཐམས་ཅད་དུ། །ཉིན་མཚན་རྟག་ཏུ་ཆོས་ཀྱིས་འདའ། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །མི་རྟག་འཆི་བ་རྗེས་སུ་དྲན། །དད་དང་ངེས་འབྱུང་སྐྱོ་ཤས་སྐྱེ། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །ཚེ་འདིའི་ཆོས་དང་རྒྱང་བསྲིང་བས། །རྟག་ཏུ་བྱ་རྒྱུ་ཆོས་ལས་མེད། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །རྟག་ཏུ་ཆོས་ལ་དམིགས་པའི་ཕྱིར། །སྤྱོད་ལམ་ཐམས་ཅད་དགེ་བར་འགྱུར། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །མཁས་གྲུབ་བླ་མ་མཆོག་ལ་བསྟེན། །རྟག་པར་ཆོས་མཛད་གྲོགས་དང་འགྲོགས། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །སྙིང་ནས་མོས་གུས་གདུང་སེམས་བསྐྱེད། །བླ་མ་མཁའ་འགྲོས་བྱིན་གྱིས་རློབས། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། ། རྟག་ཏུ་སྒྲུབ་པ་སྙིང་པོར་བྱེད། །ཉམས་དང་རྟོགས་པ་ངང་གིས་འཆར། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། ། བྱས་པ་གཅིག་ལ་དོན་ཆེ་བས། །མི་ལུས་རིན་ཆེན་དོན་དང་བཅས། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །ཚེ་འདིར་ཡང་བདེ་སྟེ་ཕྱི་མའང་བདེ། །གཏན་དུ་བདེ་ལ་སྤྱོད་པ་ཡིན། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །རྒས་ཤིང་རི་ཁྲོད་ཇེ་མཐོར་ཐོངས། །སྐལ་ལྡན་ཀུན་གྱིས་དེ་བཞིན་མཛོད། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་ཀྱི་གནས་ན་ཡོད། །བདེ་སྐྱིད་རི་ཁྲོད་རྡོ་རྗེའི་གླུ། །གུ་ཡངས་ཡན་པ་བློ་བདེས་བླངས། །དགེ་བས་ མཁའ་མཉམས་འགྲོ་བ་ཀུན། །མངོན་པར་བྱང་ཆུབ་སངས་རྒྱས་ཤོག །བདེ་སྐྱིད་རི་ཁྲོད་མ་ལས། ཡོན་ཏན་བསྔགས་པའི་ལེའུ་སྟེ་གསུམ་པའོ།། །། བདེ་སྐྱིད་རི་ཁྲོད་མ་ཞེས་བྱ་བ། ཕྱོགས་མེད་ཀྱི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས་གསུངས་པའོ། །རྣལ་འབྱོར་ངས་ཀྱང་རི་ཁྲོད་འགྲིམ། །སྐལ་ལྡན་ཀུན་ཀྱང་རི་ཁྲོད་ལ་གཤེགས། །རྟག་ཏུ་རི་ཁྲོད་དབེན་པ་བསྟེན། །གཏན་གྱི་དོན་ཆེན་བསྒྲུབ་པར་འཚལ། །དགེའོ། །དགེའོ། །དགེའོ། ། ༈ ཆོས་རྗེ་བླ་མ་ཉིད་ལྷུན་གྲུབ་གླིང་ན་བཞུགས་པའི་ཚེ། སྐལ་ལྡན་རྣམས་ལ་མྱ་ངན་ཆོས་ཉིད་དུ་གྲོལ་བ་རྡོ་རྗེའི་གླུ་འདི་བླངས་སོ། ། ན་མོ་གུ་རུ་བྷྱཿ བདེ་ཆེན་འགྱུར་མེད་ཆོས་སྐུའི་ངང༌། །རྟག་ཏུ་འཕོ་འགྱུར་མེད་པར་བཞུགས། །ཐུགས་རྗེས་འགྲོ་བ་འདྲེན་མཛད་པ། །ཀུན་བཟང་བླ་མའི་ཞབས་ལ་འདུད། །ཆོས་ཀུན་ཡེ་ནས་མ་སྐྱེས་པས། །མཉམ་རྫོགས་བྱང་ཆུབ་སེམས་ཀྱི་ཀློང༌། །མྱ་ངན་གཞི་མེད་སྟོང་པའི་ངང༌། །མི་དགའ་བྱ་བའི་མིང་ཡང་མེད། །རིག་སྟོང་གདོད་ནས་རྣམ་དག་པས། །ཐམས་ཅད་ཟབ་མོ་ཆོས་ཉིད་ཀློང༌། །མྱ་ངན་གཞི་མེད་སྟོང་བའི་ངང༌། །མི་དགའ་བྱ་བའི་མིང་ཡང་མེད། །ཆོས་དབྱིངས་མཁའ་ལྟར་སྟོང་གསལ་ངང༌། །དུས་གསུམ་འཕོ་འགྱུར་མེད་པའི་ཀློང༌། །ཡིད་མི་བདེ་བ་མཐའ་གྲོལ་ངང༌། །མི་དགའ་བྱ་བའི་མིང་ཡང་མེད། །སེམས་ཉིད་གཉུག་མ་ཁྱབ་བརྡལ་བས། །འོད་གསལ་རང་བྱུང་ཡེ་ཤེས་ཀློང༌། །ཟུག་རྔུ་གཞི་བྲལ་ཆོས་ཉིད་ངང༌། །མི་དགའ་བྱ་བའི་མིང་ཡང་མེད། །མྱ་ངན་སེམས་ཀྱིས་བཟོས་པ་ཡིན། །སྡུག་བསྔལ་བློ་ཡིས་བཏགས་པ་ཡིན། །ཟུག་རྔུ་རང་གིས་བྱས་པ་ཡིན། །མི་དགའ་བྱ་བའི་མིང་ཡང་མེད། །མི་དགར་འཛིན་པ་རང་གིས་སེམས། །དེ་ལ་ཁ་དོག་དངོས་པོ་མེད། །ལྟོས་དང་སྟོང་གསལ་ནམ་མཁའ་འདྲ། །མི་དགའ་བྱ་བའི་མིང་ཡང་མེད། །ཁྲོ་བར་འཛིན་པ་རང་གིས་སེམས། །དཔྱད་ན་གཞི་རྩ་དངོས་པོ་མེད། །ལྟོས་དང་མཁའ་ལ་རླངས་ཡལ་འདྲ། །མི་དགའ་བྱ་བའི་མིང་ཡང་མེད། །ཡིད་ཆད་ཡིད་འབྱུང་རང་གི་སེམས། །གཞིག་ན་ཡེ་སྟོང་དངོས་པོ་མེད། །ལྟོས་དང་བར་སྣང་སྟོང་པ་འདྲ། །མི་དགའ་བྱ་བའི་མིང་ཡང་མེད། །སྐྱོ་བར་འཛིན་པ་རང་གི་སེམས། །བརྟགས་ན་ཡུལ་མེད་སྟོང་པ་ཉིད། །ལྟོས་དང་ནམ་མཁའ་རྣམ་དག་འདྲ། །མི་དགའ་བྱ་བའི་མིང་ཡང་མེད། །འཇིགས་པར་འཛིན་པ་རང་གིས་སེམས། །བཙལ་ན་མི་རྙེད་ཕྱོགས་ན་མེད། །ལྟོས་དང་མཁའ་ལ་སྤྲིན་དེངས་འདྲ། །མི་དགའ་བྱ་བའི་མིང་ཡང་མེད། །མཐོ་དམན་རེ་དོགས་རང་གིས་སེམས། །བྱུང་བའི་དུས་ན་དོན་མེད་ལ། །ལྟོས་དང་བར་སྣང་འཇའ་ཚོན་ འདྲ། །མི་དགའ་བྱ་བའི་མིང་ཡང་མེད། །ལེགས་ཉེས་བདེ་སྡུག་རང་གིས་སེམས། །སྣང་བའི་དུས་ན་རང་བཞིན་མེད། །ལྟོས་དང་མཁའ་ལ་ཚེ་གཟུགས་འདྲ། །མི་དགའ་བྱ་བའི་མིང་ཡང་མེད། །འགྱོད་ཅིང་གདུང་བ་རང་གིས་སེམས། །ཕྱི་ནང་བར་མེད་ངོས་བཟུང་བྲལ། །ལྟོས་དང་ནམ་མཁའ་ཡངས་པ་འདྲ། །མི་དགའ་བྱ་བའི་མིང་ཡང་མེད། །གནས་ལུགས་གཞི་མེད་དུ་བསྟན་པའི་ལེའུ་སྟེ་དང་པོའོ།། །། ཡང་ཅིག་ལྟོས་དང་རིག་པའི་ངང༌། །གང་ལྟར་ཤར་ཡང་གདོད་མའི་དབྱིངས། །གནས་ལུགས་དོན་གྱི་གསལ་འདེབས་ཡིན། །མི་དགའ་བྱ་བའི་མིང་ཡང་མེད། །དགག་སྒྲུབ་གཉིས་ཀྱི་གསལ་འདེབས་ཡིན། །དེ་ཀའི་ངང་ལ་ཚུར་ལྟོས་དང༌། །ཤར་གྲོལ་རྗེན་པར་ཟང་ཐལ་ལེ། །མི་དགའ་བྱ་བའི་མིང་ཡང་མེད། །བདེ་སྡུག་རིག་པའི་གསལ་འདེབས་ཡིན། །དེ་ཀའི་ངང་ལ་ཚུར་ལྟོས་དང༌། །རང་གསལ་གདོད་མར་རྗེན་ཁྲེས་སེ། །མི་དགའ་བྱ་བའི་མིང་ཡང་མེད། །རྐྱེན་ངན་ཆོས་ཉིད་གསལ་འདེབས་ཡིན། །དེ་ཀའི་ངང་ལ་ཚུར་ལྟོས་དང༌། །ཆོས་ཟད་གདོད་མར་སྟོང་སང་ངེ། །མི་དགའ་བྱ་བའི་མིང་ཡང་ མེད། །བར་ཆད་གེགས་སར་གསལ་འདེབས་ཡིན། །དེ་ཀའི་ངང་ལ་ཚུར་ལྟོས་དང༌། །འཁུ་འཁྲིག་རང་གྲོལ་གདེང་ཡེ་རེ། །མི་དགའ་བྱ་བའི་མིང་ཡང་ མེད། །གསལ་འདེབས་བོགས་འབྱིན་དུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། ཡང་ཅིག་ལྟོས་དང་གདོད་མའི་ངང༌། །ཐམས་ཅད་ཡེ་ནས་སངས་རྒྱས་ པ། །མྱ་ངན་སྡུག་བསྔལ་སྐུ་བཞིའི་ངང༌། །མི་དགའ་བྱ་བའི་མིང་ཡང་ མེད། །མྱ་ངན་སེམས་ལ་ཚུར་ལྟོས་དང༌། །གཞི་མེད་ཡེ་གྲོལ་ཆོས་ཟད་ ངང༌། །སྟོང་གསལ་ཆོས་སྐུར་དགའ་ཡལ་ལེ། །མི་དགའ་བྱ་བའི་མིང་ཡང་མེད། །སྡུག་བསྔལ་སེམས་ལ་ཚུར་ལྟོས་དང༌། །རྟེན་མེད་རྩ་བྲལ་རང་སངས་ངང༌། །མ་འགགས་ལོངས་སྐུར་དགའ་ཡལ་ལེ། །མི་དགའ་ཟུག་རྔུའི་སེམས་ལ་ཚུར་ལྟོས་དང༌། །དངོས་མེད་ཡེ་གྲོལ་རང་གྲོལ་ངང༌། །རང་གྲོལ་སྤྲུལ་སྐུར་དགའ་ཡལ་ལེ། །མི་དགའ་བྱ་བའི་མིང་ཡང་མེད། །མི་དགའི་སེམས་ལ་ཚུར་ལྟོས་དང༌། །གནས་མེད་ཡེ་སྟོང་རྩ་བྲལ་ངང༌། །ངོ་བོ་ཉིད་སྐུར་དགའ་ཡལ་ ལེ། །མི་དགའི་བྱ་བའི་མིང་ཡང་མེད། །གླུ་འདི་ངོ་སྤྲོད་གསལ་འདེབས་ ཡིན། །གུ་ཡང་ཡན་པ་བློ་བདེས་བླངས། །དགེ་བས་མ་ལུས་འགྲོ་བ་ཀུན། །མྱ་ངན་འདས་པ་ཐོབ་པར་ཤོག །སྐུ་བཞིའི་ངོ་སྤྲོད་དུ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། མྱ་ངན་གཞི་གྲོལ་རྡོ་རྗེའི་གླུ། རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གསུངས་པ་དགེའོ། །གཅིག་གཉིས་གསུམ་བྱས་ནས། །འཁོར་བ་ཡེ་ནས་མ་གྲུབ་པས། །མྱ་ངན་གཞི་ནས་ཡོད་མ་མྱོང༌། །མི་དགའ་བྱ་བའི་མིང་ཡང་ མེད། །ཆོས་ཉིད་ངང་དུ་དགའ་ཡལ་ལེ། །དགེའོ། །དགེའོ། །དགེའོ། ། ༈ ན་མོ་གུ་རུ་བྷྱཿ ཆོས་རྗེ་བླ་མ་ཉིད་ལྷུན་གྲུབ་གླིང་ན་བཞུགས་པའི་དུས་སུ། སྐལ་ལྡན་རྣམས་ལ་བར་དོ་འཕྲང་སྒྲོལ་གྱི་མགུར་འདི་གསུངས་སོ། །རང་དོན་ཆོས་སྐུ་འགྱུར་མེད་ངང༌། །གཞན་དོན་གཟུགས་སྐུའི་དོན་མཛད་པ། ། ཀུན་བཟང་ཆོས་རྗེ་བླ་མ་དང༌། །ཡི་དམ་མཁའ་འགྲོའི་ཞབས་ལ་འདུད། །རིག་པའི་ངང་ལ་བར་དོ་མེད། །ངང་ལ་མི་འགག་མེད་བཞིན་སྣང༌། །མཁའ་ལ་འབྱུང་བཞིའི་འཕོ་འགྱུར་བཞིན། །བར་དོ་འཕྲང་སྒྲོལ་གླུ་འདི་ཉོན། །རིག་པ་ཀ་དག་ཆོས་སྐུ་ལ། །བར་དོ་བྱ་བ་ཡོད་མ་མྱོང༌། །བར་དོ་འཁོར་འདས་རང་སྣང་ཡིན། །བར་དོའི་འཕྲང་ལས་གྲོལ་བ་ལགས། །སྐྱེ་ཤི་རྨི་ལམ་འཆི་ཁ་ དང༌། །སྲིད་པ་འཁོར་བའི་འཁྲུལ་སྣང་སྟེ། །ཏིང་འཛིན་ཆོས་ཉིད་མྱ་ངན་འདས། །བར་དོའི་འཕྲང་ལས་གྲོལ་བ་ལགས། །བར་དོ་བྱ་བ་རང་སྣང་ ཡིན། །རང་སྣང་གཞི་མེད་སྟོང་པ་ཡིན། །སྟོང་གསལ་རིག་པའི་དོན་ལ་ སྦྱོང༌། །བར་དོའི་འཕྲང་ལས་གྲོལ་བ་ལགས། །ད་ལྟའི་ལུས་སེམས་སྣང་བ་འདི། །སྐྱེ་ཤི་བར་དོའི་རང་སྣང་ཡིན། །གཞི་མེད་སྟོང་པའི་རྩལ་སྦྱོང་ མཛོད། །བར་དོའི་འཕྲང་ལས་གྲོལ་བ་ལགས། །རླུང་སེམས་ནང་འདུས་འཁྲུལ་སྣང་གཉིད། །རྨི་ལམ་བར་དོའི་རང་སྣང་ཡིན། །རྨི་ལམ་འོད་གསལ་རྩལ་སྦྱོང་མཛོད། །བར་དོའི་འཕྲང་ལས་གྲོལ་བ་ལགས། །བདེ་གསལ་མི་རྟོག་བསམ་གཏན་འདི། །ཏིང་འཛིན་བར་དོའི་རང་སྣང་ཡིན། །རང་གནས་ངང་དྭངས་རྩལ་སྦྱོང་མཛོད། །བར་དོའི་འཕྲང་ལས་གྲོལ་བ་ལགས། །ཕྲ་རགས་འབྱུང་བའི་ཐིམ་ཚུལ་འདི། །འཆི་ཁ་བར་དོའི་རང་སྣང་ཡིན། །མ་ཡེངས་གསལ་འདེབས་རྩལ་སྦྱོང་མཛོད། །བར་དོའི་འཕྲང་ལས་གྲོལ་བ་ལགས། །སྐུ་དང་ཡེ་ཤེས་འཆར་ཚུལ་འདི། །ཆོས་ཉིད་བར་དོའི་རང་སྣང་ ཡིན། །རང་ངོ་ཤེས་པའི་རྩལ་སྦྱོང་མཛོད། །བར་དོའི་འཕྲང་ལས་གྲོལ་བ་ལགས། །སྐྱེ་འཆི་གཉིས་ཀྱི་འཁྲུལ་སྣང་འདི། །སྲིད་པ་བར་དོའི་རང་སྣང་ ཡིན། །དབང་པོ་གསུམ་གྱི་རྩལ་སྦྱོང་མཛོད། །བར་དོའི་འཕྲང་ལས་གྲོལ་བ་ལགས། །བར་དོའི་འཆར་ཚུལ་སྣང་བ་ཀུན། །རང་བཞིན་མེད་པ་གསལ་སྣང་ཙམ། །གཞི་མེད་སྟོང་པའི་རྩལ་སྦྱོང་མཛོད། །བར་དོའི་འཕྲང་ལས་གྲོལ་བ་ལགས། །འཁྲུལ་སྣང་ཞེན་པ་རང་དག་ན། །སྐྱེ་ཤི་བར་དོ་འབྱོངས་པའི་ ཚད། །ཆོས་དབྱིངས་ངོ་བོ་ཉིད་སྐུར་གྲོལ། །བར་དོའི་འཕྲང་ལས་གྲོལ་བ་ལགས། །གཉིད་དང་རྨི་ལམ་འོད་གསལ་འདྲེས། །རྨི་ལམ་བར་དོ་འབྱོངས་པའི་ཚད། །མི་རྟོག་ཆོས་ཀྱི་སྐུ་རུ་གྲོལ། །བར་དོའི་འཕྲང་ལས་གྲོལ་བ་ ལགས། །དགོངས་པ་བར་དང་མཚམས་མེད་ན། །ཏིང་འཛིན་བར་དོ་འབྱོངས་པའི་ཚད། །མི་འགྱུར་རྡོ་རྗེའི་སྐུ་རུ་གྲོལ། །བར་དོའི་འཕྲང་ལས་གྲོལ་བ་ལགས། །གོམས་པའི་གདམས་ངག་རང་གསལ་ན། །འཆི་ཁ་བར་དོ་འབྱོངས་པའི་ཚད། །མངོན་པར་བྱང་ཆུབ་སྐུ་རུ་གྲོལ། །བར་དོའི་འཕྲང་ལས་གྲོལ་བ་ལགས། །རང་སྣང་འོད་གསལ་རང་ངོ་ཤེས། །ཆོས་ཉིད་བར་དོ་འབྱོངས་པའི་ཚད། །ལོངས་སྤྱོད་རྫོགས་པའི་སྐུ་རུ་གྲོལ། །བར་དོའི་འཕྲང་ལས་གྲོལ་བ་ལགས། །རྐྱེན་སྣང་ཐུག་ཕྲད་གདམས་པ་དྲན། །སྲིད་པ་བར་དོ་འབྱོངས་པའི་ཚད། །ཐུགས་རྗེ་སྤྲུལ་པའི་སྐུ་རུ་གྲོལ། །བར་དོའི་འཕྲང་ལས་གྲོལ་བ་ ལགས། །ཕྱིར་སྣང་བར་དོའི་དབྱིངས་སུ་ཐིམ། །དབྱིངས་ཉིད་ཆོས་སྐུ་རང་གསལ་ངང༌། །མཐར་ཐུག་འབྲས་བུ་ཐོབ་པ་ལགས། །བར་དོའི་འཕྲང་ལས་གྲོལ་བ་ལགས། །འཁོར་འདས་བར་དོའི་འཕྲང་གྲོལ་གླུ། །གུ་ཡངས་ཡན་པ་བློ་བདེས་བླངས། །དགེ་བས་མ་ལུས་འགྲོ་བ་ཀུན། །གདོད་མའི་དབྱིངས་སུ་གྲོལ་བར་ཤོག།བར་དོ་འཕྲང་གྲོལ་རྡོ་རྗེའི་གླུ། རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གསུངས་པའོ། །ཆོས་རྗེ་བླ་མ་རིན་པོ་ཆེ། །བར་དོའི་འཕྲང་འདི་འཇིགས་པ་ཆེ། །བར་དོའི་འཕྲང་སྒྲོལ་གདམས་པ་ཞུ། །བར་དོ་གྲོལ་བར་བྱིན་གྱིས་རློབས། །དགེའོ། །དགེའོ། །དགེའོ། ། ༈ རྒྱལ་སྲས་ཆོས་རྗེ་བླ་མ་ཉིད་ལྷུན་གྲུབ་གླིང་ན་བཞུགས་པའི་དུས་ སུ། །རང་གཞན་གྱི་སྣང་བ་ལ་ཐུགས་སྐྱོ་ཞིང༌། སྦས་ཡུལ་བགྲོད་པའི་ལོ་དང་རྟགས་མཚན་མང་པོ་འཛོམ་པར་དགོངས་ཏེ། སྐལ་ལྡན་རྣམས་ལ་སྦས་ཡུལ་བགྲོད་པའི་རྡོ་རྗེ་གླུ་འདི་གསུངས་སོ། །ན་མོ་གུ་རུ་པདྨ་བཛྲ་ཡེ། ཆོས་སྐུ་ཀུན་བཟང་ལོངས་སྐུ་འོད་དཔག་མེད། །རང་བྱུང་སྤྲུལ་སྐུ་པདྨ་འབྱུང་གནས་ ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འདུ་འབྲལ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། །དེང་སང་དུས་ངན་ལྔ་བརྒྱ་ཐ་མ་ལ། །གང་དུ་བསམས་ཀྱང་ཡིད་འབྱུང་སྐྱོ་བ་སྐྱེ། །བདག་གིས་སེམས་འདི་ནགས་རིའི་ཁྲོད་དགའ་བས། །སྦས་ཡུལ་རིན་ཆེན་བགྲོད་པའི་གླུ་འདི་ཉོན། །ཡུལ་རྣམས་ཀུན་ཀྱང་རང་བཞིན་འགྱུར་བ་ལ། །མི་རྣམས་ཀུན་ཀྱང་ལོ་རེས་གཤིས་འགྱུར་ཞིང༌། །ཕྱོགས་རྣམས་ཀུན་ཀྱང་དམག་དང་འཁྲུག་ལོང་རྒྱས། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །མི་དབང་རྒྱལ་བོའི་ཁྲིམས་ཀྱང་འཇིག་ཏུ་ ཉེ། །སྡིག་སྤྱོད་སོག་པོ་རྣམས་ཀྱང་ཡོང་དུ་ཉེ། །རྒྱལ་བའི་བསྟན་པ་འདི་ཡང་ནུབ་ཏུ་ཉེ། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །བདུད་རིགས་འབྱུང་པོ་ཡུལ་གྱི་དབུས་སུ་ཞུགས། །མི་རྣམས་འཁྲུག་ཅིང་ནད་མཚོན་མུ་གེ་དར། །གཅིག་གིས་གཅིག་འཇོམས་དཀོན་མཆོག་རྟེན་གསུམ་འཇིག། སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །མི་རྣམས་བདེ་སྐྱིད་ཁྲིམས་གཉིས་གྲུ་ཆེན་ཞིག །བཙུན་པ་རྣམས་ཀྱང་དམག་ཁྲལ་འུ་ལགས་འབབ། ། གྲོང་ཡུལ་གོག་ཅིང་སྡེ་དགོན་ཁྱིམ་པས་འཛིན། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །དད་ལྡན་ཉུང་ཞིང་དགེ་བའི་གྲོལ་ཐུང་ནུབ། །ཆོས་བྱེད་དམོད་ཅིང་སྡིག་ཅན་བཀུར་བ་སྟེ། །རྒྱལ་བའི་རྟེན་ལ་བཀུར་སྟི་རིམ་གྲོ་ མེད། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །ཆོས་མཛད་དམ་པ་རྣམས་ནི་སྐུ་ཚེ་ཐུང༌། །ཐོས་བསམ་སྒོམ་པའི་སྒྲོན་མེ་ནུབ་ཏུ་ཉེ། །སྡོམ་དང་དམ་ཚིག་ཚུལ་བཞིན་བསྲུང་བ་ཉུང༌། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །ཐམས་ཅད་ཀུན་ཀྱང་ངོ་ཚ་ཁྲེལ་ཡོད་འདོར། །རིགས་དང་མི་རིགས་དོན་ལ་དཔྱོད་པ་མེད། །སྲི་ཞུའི་གནས་ལ་བཀུར་སྟི་རིམ་གྲོ་མེད། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །སྔོན་གྱི་དབེན་གནས་གཙུག་ལག་ཁང་རྣམས་གོག །མཆོད་པ་མེད་ཅིང་སྡིག་ཅན་རྣམས་ཀྱིས་འཛིན། །དཀོར་རྣམས་སྤྱོད་ཅིང་མར་འགྲོའི་ལས་ངན་སོག །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །མཐའ་མི་དབུས་ལྷུང་དབུས་རྣམས་མཐའ་རུ་འཆུག །མཐའ་དབུས་འཁྲུག་ཅིང་སྡུག་བསྔལ་རྔོན་སྐད་འདོན། །ཕྱོགས་རྣམས་གང་ནའང་བདེ་སྐྱིད་སྐབས་མེད་པས། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །དད་ལྡན་དགེ་བ་ཅན་རྣམས་ཡིད་འབྱུང་ཞིང༌། །དབེན་པར་མོས་པས་ཟབ་དོན་སྙིང་པོ་ཚོལ། །ལྷག་པར་རང་བྱུང་པདྨའི་ཆོས་ལ་མོས། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །ཕྱོགས་བཞི་སྦས་ཡུལ་རིན་ཆེན་སྒོ་བཞི་ཡང༌། །དམ་པ་འགའ་ཡིས་ལ་ལ་རྙེད་ཅེས་གྲགས། །ཐམས་ཅད་དེང་སང་རྙེད་པའི་དུས་མིན་པས། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །སྙིང་ནས་ཆོས་མཛད་སྐྱེ་བོ་ཀུན་གྱིས་ཀྱང༌། །ད་ལྟ་ཕྱིན་ན་རང་བཞིན་ཐར་བར་གསུངས། །ཕྱི་ནས་དཀའ་བས་དེང་སང་གཤེགས་རེ་རན། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །སྦས་ཡུལ་དུ་བགྲོད་པའི་དུས་ཚིགས་བསྟན་པ་དང༌། །ལས་ཅན་རྣམས་སྤྱིར་བསྐུལ་བའི་ལེའུ་སྟེ་དང་པོའོ།། །། ཡང་ཅིག་ཉོན་དང་སྤྲང་པོ་གུ་ཡངས་པ། །རང་དབང་ཐོབ་ཅིང་དོན་ཆུང་ཅི་ལ་ཆགས། །གང་ལ་བསམས་ཀྱང་སྐྱོ་བར་མ་མཐོང་ངམ། །སྦས་ཡུལ་རིན་ཆེན་གནས་སུ་ཕྱིན་ན་ལེགས། །ཆགས་སྡང་འདུ་འཛིའི་རྣམ་པར་གཡེང་བས་གཟེང༌། །བདག་འཛིན་གནས་ཀྱིས་བདག་ལ་ཅི་བྱར་ཡོད། །མ་བྱས་རང་འཁྲུངས་བྲག་རིའི་ཁང་བཟང་གནས། །སྦས་ཡུལ་སྣ་འཕེལ། །སྒྱུ་མའི་ནོར་གྱིས་བདག་ལ་ཅི་བྱར་ཡོད། །དྲི་མེད་འཕགས་པའི་ནོར་བདུན་འབྱུང་བའི་གནས། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །ངོམས་ཤིང་ཚད་མེད་སྤྱད་ཅིང་སྲེད་པ་འཕེལ། །བཟའ་བཏུང་ལོངས་སྤྱོད་བདག་ལ་ཅི་བྱར་ཡོད། །དཀའ་ཐུབ་བཅུད་ལེན་ངང་གིས་འགྲུབ་པའི་གནས། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །དར་ཟབ་རས་དང་སྣམ་ཐེར་ལ་སོགས་ པ། །མཛེས་སྒེག་གོས་ཀྱིས་བདག་ལ་ཅི་བྱར་ཡོད། །ངན་ངོན་ཙམ་གྱིས་གྲང་བ་སྐྱོབ་པའི་གནས། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །གང་ལ་ཞོན་ནས་ཕྱོགས་རྣམས་འགྲོ་བྱེད་པ། །རྟ་སོགས་ཞོན་པས་བདག་ལ་ཅི་བྱར་ཡོད། །རང་གི་གོམས་པས་ཕྱོགས་རྣམས་བགྲོད་པའི་གནས། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །བསླབ་ན་མི་ཉན་རྟག་ཏུ་ཟག་པ་འཕེལ། ། དོན་མེད་འཁོར་གྱིས་བདག་ལ་ཅི་བྱར་ཡོད། །གཅིག་པུར་གུ་ཡངས་ཆོས་ལ་སྤྱོད་པའི་གནས། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །རྣམ་གཡེངས་ལོག་སྒྲུབ་ཟུག་རྔུ་རྒྱུན་མི་ཆད། །བུ་སློབ་གྲྭ་བས་བདག་ལ་ཅི་བྱར་ཡོད། །སུས་ཀྱང་མི་འཆིང་རང་དབང་བདེ་དལ་གནས། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །རྟག་ཏུ་ངོ་སྲུང་སེམས་འཛིན་རྒྱུན་མི་ཆད། །ས་གནས་ཡོན་བདག་བདག་ལ་ཅི་བྱར་ཡོད། །གང་དང་མ་འབྲེལ་གཉེན་སྒྲུབ་འཆིང་བ་མེད། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །བསྟོད་པས་ཚེ་རིང་ནད་མེད་ཆོས་འཕེལ་ལམ། །སྙན་དང་གྲགས་པས་བདག་ལ་ཅི་བྱར་ཡོད། །སུས་ཀྱང་མི་ཐོས་དགག་སྒྲུབ་མེད་པའི་གནས། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །ཟོལ་མེད་ཕན་པ་སྒྲུབ་ཀྱང་སྒྲོ་སྐུར་གཞི། །དུས་ངན་གཞན་དོན་བདག་ལ་ཅི་བྱར་ཡོད། །རྟག་ཏུ་རང་དོན་ཞི་བ་སྒྲུབ་པའི་གནས། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །འཁྲུལ་སྣང་འདུ་འཛི་གཟུང་འཛིན་འཁོར་བའི་ཆོས། །ཚེ་འདིས་སྣང་བས་བདག་ལ་ཅི་བྱར་ཡོད། །ཉིན་མཚན་རྟག་ཏུ་ཆོས་ཀྱིས་འདའ་བའི་གནས། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །ཕྱི་ནང་གི་རྐྱེན་ལ་མངོན་པར་སྐྱོ་བ་དང༌། རང་ལ་དགོས་སུ་བསྐུལ་བའི་ལེའུ་སྟེ་གཉིས་པའོ།། །། ཡང་ཅིག་སྦས་ཡུལ་རིན་ཆེན་བསྔགས་པ་ཉོན། །སྐྱིད་ཅིང་ཉམས་དགའ་ལྷ་ཡི་ཡུལ་ལྟ་བུ། །ཕྱི་རབས་དོན་དུ་རིན་ཆེན་གཏེར་དུ་སྦས། །སྦས་ཡུལ་རིན་ཆེན་གནས་སུ་སྒོམ་དུ་གཤེགས། །རི་མཐོ་ས་གཙང་མཐའ་དམག་གནོད་པ་མེད། །ཡུལ་ཡང་ཉམས་དགའ་བདེ་སྐྱིད་ཕུན་སུམ་ཚོགས། །རྟག་ཏུ་བཀྲ་ཤིས་ཡོན་ཏན་བསམ་མི་ཁྱབ། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་» «བབས།» «།སྨན་ལྗོངས་ནགས་ཚལ་གངས་རིའི་ཚོགས་མང་ཞིང༌། །ཡིད་འོང་བྱ་དང་རི་དྭགས་མང་པོས་གང༌། །ཆུ་རྒྱུན་གཙང་མའི་ལྷུང་སྒྲ་སྙན་པར་སྒྲོག» «།» «སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །རི་རྩེ་ནགས་ཀྱི་མཐོང་རྣམས་ཉམས་དགའ་ཞིང༌། །སྦ་དང་འཁྲི་ཤིང་འོད་མའི་ར་བས་བསྐོར། །རྨ་བྱ་གར་བྱེད་ཁུ་བྱུག་སྙན་པར་སྒྲོག །བྲག་རིའི་ཕུགས་དང་ལོ་མའི་ཁང་བཟང་ དང༌། །སྨྱུག་མའི་བསིལ་ཁང་དབེན་ཞིང་ཉམས་དགའ་བ། །ཤིང་ལོའི་མལ་སྟན་འཇམ་ཞིང་མཛེས་པས་བརྒྱན། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །མ་རྨོས་ལོ་ཏོག་གྲོ་མ་འབྲུ་ཡིས་ཚོགས། །ཤིང་བལ་རེག་ན་བདེ་བའི་གོས་བཟང་གྱོན། །སྔོ་འོད་ཤིང་འབྲས་མང་པོའི་ཁ་ཟས་ལྡན། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །དབྱར་བཞིན་དགུན་ཡང་མེ་ཏོག་མདངས་བཀྲ་བ། །དུས་བཞིར་ནགས་ཚལ་སྔོ་འཁྲུངས་བསིལ་དྲོད་སྙོམས། །དངས་ལ་ཡིད་སྤྲོ་སེམས་གཙང་རིག་པ་འཛིན། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །རང་བྱུང་པདྨས་བྱིན་གྱིས་བརླབས་པའི་གནས། །ཟབ་གཏེར་ཡོན་ཏན་འབྱོར་པས་བརྒྱན་པའི་གནས། །རྒྱལ་སྲས་སྤྲུལ་པ་མཆོག་རྣམས་འབྱོན་པའི་གནས། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །བླ་མ་ཡི་དམ་མཁའ་འགྲོ་འདུ་བའི་གནས། །མཆོག་དང་ཐུན་མོང་དངོས་གྲུབ་འབྱུང་བའི་གནས། །འོག་མིན་ཞིང་ཁམས་ཨོ་རྒྱན་གནས་མཆོག་བཞིན། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་བབས། །ལས་ཅན་དབང་པོ་རབ་རྣམས་འདུ་བའི་གནས། །ཉམས་རྟོགས་བྱིན་རླབས་དཔག་ཏུ་མེད་པའི་གནས། །ཡོན་ཏན་ཚད་མེད་གངྒཱའི་བྱེ་སྙེད་གནས། །སྦས་ཡུལ་རིན་ཆེན་བགྲོད་པའི་དུས་ལ་ བབས། །སྦས་ཡུལ་རིན་ཆེན་སྒོ་བཞིར་འཇུག་པའི་གླུ། །སྣང་བ་གུ་ཡངས་ཡན་པ་བློ་བདེས་བླངས། །དགེ་བ་དེ་ཡིས་ལས་ཅན་སྐྱེ་བོ་ཀུན། །སྦས་ཡུལ་ཕྱིན་ནས་དངོས་གྲུབ་མཆོག་རབ་ཐོབ། །ཡུལ་གྱི་བཀོད་པ་དང་ཡོན་ཏན་ལ་བསྔགས་པའི་ལེའུ་སྟེ་གསུམ་པའོ། །སྦས་ཡུལ་རིན་ཆེན་མ་ཞེས་བྱ་བ། རྒྱལ་སྲས་དྲི་མེད་འོད་ཟེར་གྱིས་རྡོ་རྗེའི་གླུར་གསུངས་པ་དགེའོ།། །།སྦས་ཡུལ་རིན་ཆེན་སྐྱིད་ཀྱི་ཡུལ། །ཉིན་མཚན་ཆོས་ཀྱིས་འདའ་བའི་ཡུལ། །རྣལ་འབྱོར་ཉིད་ཀྱང་སྒོམ་དུ་འགྲོ། །སྐལ་ལྡན་རྣམས་ཀྱང་སྒོམ་དུ་གཤེགས། །དགེའོ། ། དགེའོ། །དགེའོ། ། ༈ དགོངས་པ་མཁའ་ལྟར་ཡངས་པའི་ཆོས་རྗེ་བླ་མ་ཉིད་ལྷུན་གྲུབ་གླིང་ན་བཞུགས་པའི་དུས། སྐལ་ལྡན་རྣམས་ལ་འཁོར་བ་དོང་སྤྲུགས་རྡོ་རྗེའི་གླུ་འདི་གསུངས་པ། ན་མོ་གུ་རུ་བྷྱཿ མགོན་པོ་གདོད་ནས་རྫོགས་སངས་རྒྱས། ། འཁོར་འདས་ཀུན་གྱི་དཔལ་གྱུར་པ། །ཀུན་བཟང་བླ་མའི་ཞབས་ལ་ འདུད། །འཁོར་བ་དོང་སྤྲུགས་དགོངས་པ་ཉོན། །ཆོས་ཀུན་ཡེ་ནས་སངས་རྒྱས་པས། །ཁམས་གསུམ་འཁོར་བའི་མིང་ཡང་མེད། །ཅིར་སྣང་རང་བྱུང་ཡེ་ཤེས་ཀློང༌། །འཁོར་བ་དོང་ནས་སྤྲུགས་པ་ལགས། །སྣོད་དུ་སྣང་བ་གཞལ་ཡས་ཁང༌། །བཅུད་དུ་སྣང་བ་ལྷ་ཡི་སྐུ། །རྟོག་ཚོགས་རང་གྲོལ་ཆོས་ཉིད་ ཀློང༌། །འཁོར་བ་དོང་ནས་སྤྲུགས་པ་ལགས། །ཕུང་པོ་རྒྱལ་བ་ཡབ་ལྔ་ལ། ། འབྱུང་ལྔ་རིགས་ཀྱི་ཡུམ་དུ་ཤར། །དབང་པོ་ཁམས་རྣམས་བྱང་ཆུབ་སེམས། ། འཁོར་བ་དོང་ནས་སྤྲུགས་པ་ལགས། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང༌། །ཡེ་ནས་མངོན་པར་སངས་རྒྱས་པས། །འཁོར་བ་དོང་ནས་སྤྲུགས་པ་ལགས། །སྒོ་གསུམ་གཟུགས་སྒྲ་དྲན་རིག་ཀུན། །དཀྱིལ་འཁོར་གསུམ་དུ་སངས་རྒྱས་པས། །ཡེ་ནས་བསྐྱེད་རྫོགས་བྱང་ཆུབ་ཀློང༌། །འཁོར་བ་དོང་ནས་སྤྲུགས་པ་ལགས། །ཐམས་ཅད་རང་བྱུང་ཡེ་ཤེས་ཀློང༌། །ཆོས་ཀུན་མཉམ་རྫོགས་ཆེན་པོ་ལས། །གཞན་དུ་ཅུང་ཟད་གཡོས་པ་མེད། །འཁོར་བ་དོང་ནས་སྤྲུགས་པ་ལགས། །བསྐྱེད་པར་སྣང་བའི་དུས་ཉིད་ནས། །རྫོགས་པའི་རིམ་པར་ལྷུན་གྲུབ་པས། །ཡེ་ནས་ཟུང་འཇུག་གཉིས་མེད་ངང༌། །འཁོར་བ་དོང་ནས་སྤྲུགས་པ་ལགས། །རྫོགས་པ་ཆེན་པོའི་རང་བཞིན་དུ། །ཆོས་ཀུན་ཀ་དག་ལྷུན་གྲུབ་པས། །རྒྱུ་འབྲས་སྤང་བླང་བྱ་རྩོལ་བྲལ། །འཁོར་བ་དོང་ནས་སྤྲུགས་པ་ལགས། །ཕྱི་ལྟར་སྣང་ཡང་ཡུལ་མེད་ ལ། །མེད་པ་གསལ་སྣང་སྟོང་པའི་གཟུགས། །ཐམས་ཅད་རང་བྱུང་ཡེ་ཤེས་ངང༌། །འཁོར་བ་དོང་ནས་སྤྲུགས་པ་ལགས། །ནང་ལྟར་སྣང་ཡང་སེམས་མེད་ལ། །ཚོགས་བརྒྱད་ཀུན་གཞི་སྒྲོ་བཏགས་ཙམ། །ཐམས་ཅད་བློ་བྲལ་ཆོས་དབྱིངས་ངང༌། །འཁོར་བ་དོང་ནས་སྤྲུགས་པ་ལགས། །བར་མེད་རིག་པ་ཟང་ཐལ་ལེ། །ཡུལ་སེམས་རྒྱ་ཆད་ཕྱོགས་ལྷུང་བྲལ། །ཕྱལ་བ་རྗེན་པ་ཕྱམ་བརྡལ་ངང༌། ། འཁོར་བ་དོང་ནས་སྤྲུགས་པ་ལགས། །ཆོས་ཀུན་མྱང་འདས་ཡེ་ཟིན་པས། །བྱ་དང་རྩོལ་བའི་ནད་དང་བྲལ། །བར་མེད་ངང་དུ་རྗེན་ཁྲེས་སེ། །འཁོར་བ་དོང་ནས་སྤྲུགས་པ་ལགས། །མ་བགྲོད་ཡེ་ནས་ཉེ་བའི་ལམ། །ལམ་འདིར་རང་ཆས་ལྷུན་གྲུབ་པས། །གཞན་དུ་མི་བགྲོད་གཞི་ཕྱམ་མེ། །འཁོར་བ་དོང་ནས་སྤྲུགས་པ་ལགས། །རིག་པ་གཅེར་བུ་ཟང་ཀ་མ། །འཁོར་འདས་གཉིས་མེད་གདོད་མའི་ངང༌། །སྤང་གཉེན་མེད་པར་ཟང་ཐལ་ལེ། །འཁོར་བ་དོང་ནས་སྤྲུགས་པ་ལགས། །རང་གཤིས་རིག་སྟོང་རྗེན་པ་ལ། །ལྟ་སྒོམ་སྤྱོད་འབྲས་མིང་མེད་པས། །དམིགས་གཏད་མེད་པར་རྒྱ་ཁྲོལ་ལེ། །འཁོར་བ་དོང་ནས་སྤྲུགས་པ་ལགས། །འགྱུར་མེད་རང་རིག་རྫོགས་ཆེན་ཀློང༌། །འཁོར་བ་མ་སྤང་ཀ་ནས་དག །མྱང་འདས་མ་བཙལ་ལྷུན་གྱིས་གྲུབ། །འཁོར་བ་དོང་ནས་སྤྲུགས་པ་ལགས། །རིག་པ་ཇི་བཞིན་གཡོ་མེད་ལ། །ཆེད་དུ་མ་བཙལ་མ་བསྒྲུབས་བཞིན། །ཡོན་ཏན་འཆར་སྒོ་དཔག་ཏུ་མེད། །འཁོར་བ་དོང་ནས་སྤྲུགས་པ་ལགས། །གང་ཞིག་ཅུང་ཟད་མ་སྤངས་བར། །གཟུང་འཛིན་ཉོན་མོངས་རང་སར་དག །རིག་པ་དྲི་མེད་ཤེས་སྒོང་བཞིན། །འཁོར་བ་དོང་ནས་སྤྲུགས་པ་ལགས། །ཡིད་ལ་ཅུང་ཟད་མ་བྱས་པར། །འགྱུར་མེད་རྟོགས་པའི་གདིང་ཚད་རྙེད། །ཉམས་རྟོགས་ཡོན་ཏན་ཕུན་སུམ་ཚོགས། །འཁོར་བ་དོང་ནས་སྤྲུགས་པ་ལགས། །བརྗོད་དུ་མེད་པའི་རིག་པ་ལ། །བསམ་དང་བྲལ་བའི་གདོད་མར་ཕྱིན། །དམིགས་གཏད་བྲལ་བས་གོལ་སྒྲིབ་ཆོད། །འཁོར་བ་དོང་ནས་སྤྲུགས་པ་ལགས། །རང་གསལ་ཀ་ནས་དག་པའི་ངང༌། །ལྷུན་གྲུབ་འཆར་ཚུལ་དཔག་ཏུ་མེད། །མཐར་ཐུག་ཆོས་ཀུན་ཟད་སར་ཕྱིན། །འཁོར་བ་དོང་ནས་སྤྲུགས་པ་ལགས། །རིག་སྟོང་བར་མེད་རང་གསལ་ལ། །ཕྱི་ནང་ཡུལ་སེམས་འཛིན་པ་ཟད། །ཆོས་སྐུ་རང་མལ་བློ་ལས་འདས། །འཁོར་བ་དོང་ནས་སྤྲུགས་པ་ལགས། །ཆོས་འདི་རྫོགས་པ་ཆེན་པོའི་རྩེ། །གང་དང་ཕྲད་རྣམས་གྲོལ་བ་རྙེད། །སྲིད་པ་ཐ་མའི་དམ་ཆོས་ལགས། །འཁོར་བ་དོང་ནས་སྤྲུགས་པ་ལགས། །ཚུལ་འདི་རྟོགས་པའི་རྣལ་འབྱོར་པ། །ལུས་འདི་ཐ་མལ་ཅིར་ཡང་སྣང༌། །དགོངས་པ་ཆོས་ཉིད་སངས་རྒྱས་དངོས། །འཁོར་བ་དོང་ནས་སྤྲུགས་པ་ལགས། །གླུ་འདི་ཀུན་བཟང་ཆོས་སྐུའི་གླུ། །ཚིག་འདི་མི་འགྱུར་རྡོ་རྗེའི་ ཚིག །བྲོ་འདི་གནས་ལུགས་རིག་པའི་བྲོ། །འཁོར་བ་དོང་ནས་སྤྲུགས་པ་ལགས། །ཁམས་གསུམ་ཡེ་ནས་གྲོལ་བའི་གླུ། །སྲིད་གསུམ་ཀ་ནས་དག་པའི་ཚིག །རྒྱུ་འབྲས་བྱ་རྩོལ་བྲལ་བའི་བྲོ། །འཁོར་བ་དོང་ནས་སྤྲུགས་པ་ ལགས། །བླ་མ་ཡི་དམ་མཉེས་པའི་གླུ། །མཁའ་འགྲོ་དམ་ཅན་ཆགས་པའི་ ཚིག །བྱིན་རླབས་ཉམས་རྟོགས་འབར་བའི་བྲོ། །འཁོར་བ་དོང་ནས་སྤྲུགས་པ་ལགས། །ཆོས་ཉིད་མི་འགྱུར་རྡོ་རྗེའི་གླུ། །ཀློང་ཆེན་རབ་འབྱམས་བཟང་པོས་བཀོད། །དགེ་བས་ཁམས་གསུམ་ཡོངས་གྲོལ་ཏེ། །འཁོར་བ་དོང་ནས་སྤྲུགས་པར་ཤོག །འཁོར་བ་དོང་སྤྲུགས་རྡོ་རྗེའི་གླུ། །རྣལ་འབྱོར་གྱི་དབང་ཕྱུག་དམ་པ་ཀློང་ཆེན་རབ་འབྱམས་ཀྱིས་གསུངས་པའོ།། །། གླུ་འདི་ཁམས་གསུམ་ཡོངས་གྲོལ་གླུ། །ཚིག་འདི་སྲིད་གསུམ་ཀ་དག་ཚིག །བྲོ་འདིས་བྱིན་རླབས་ཉམས་རྟོགས་འབར། །འཁོར་བ་དོང་སྤྲུགས་ཆེན་པོ་ལགས། །དགེའོ། །དགེའོ། །དགེའོ། ། » « ཡང་ཆོས་རྗེ་བླ་མས་ལྷུན་གྲུབ་གླིང་དུ་སྐལ་ལྡན་རྣམས་ལ་བཀྲ་ཤིས་རྡོ་རྗེའི་གླུ་འདི་གསུངས་སོ། །ཨ་ཧོ། བཀྲ་ཤིས་དཔལ་དུ་འབར་བའི་ལྷ། །མཆོག་གསུམ་བླ་མའི་ཞབས་ལ་འདུད། །བཀྲ་ཤིས་རིན་ཆེན་ཆར་འབེབས་པའི། ། ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །གནས་འདི་གང་སྣང་སངས་རྒྱས་ ཞིང༌། །རང་སྣང་རིག་པའི་ཞིང་ཁམས་ལ། །ཡེ་ནས་འོག་མིན་ཆོས་ཀྱི་དབྱིངས། །གནས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །མགོན་འདི་ཆོས་རྗེ་རིན་པོ་ཆེ། །འགྲོ་བ་འདྲེ་པའི་དཔལ་དུ་ཤར། །ཡེ་ནས་རྒྱལ་བའི་རྣམ་འཕྲུལ་མགོན། །སྟོན་པ་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །འཁོར་འདི་སྐལ་ལྡན་དད་དང་ལྡན། །ཐར་ལམ་སྒྲུབ་པ་སྙིང་པོར་བྱེད། །ཡེ་ནས་དཔའ་བོ་མཁའ་འགྲོའི་ཚོགས། །འཁོར་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཆོས་འདི་ཐེག་པ་ཀུན་གྱི་རྩེ། །མཆོག་ཏུ་གསང་བ་བླ་ན་མེད། །ཡེ་ནས་རྫོགས་པ་ཆེན་པོའི་ཀློང༌། །ཆོས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །དུས་འདི་ཆོས་ཉིད་འཕོ་འགྱུར་མེད། །རྟག་པ་རྒྱུན་གྱི་འཁོར་ལོའི་གཞི། །ཡེ་ནས་དུས་བཞི་མཉམ་པ་ཉིད། །དུས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་མི་འགྱུར་རྡོ་རྗེའི་གླུ། །བཀྲ་ཤིས་གུ་ཡངས་བློ་བདེས་བླངས། །བཀྲ་ཤིས་ཡིད་བཞིན་མཆོད་སྡོང་ལ། །བཀྲ་ཤིས་དཔལ་དུ་འབར་བར་ཤོག །བཀྲ་ཤིས་དཔལ་འབར་མ་ཞེས་བྱ་བ། རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གསུངས་པ་དགེའོ། །གཅིག་གཉིས་གསུམ་བྱས་ནས། །བཀྲ་ཤིས་དཔལ་དུ་འབར་བ་ལགས། །གཉིས་གསུམ་དྲུག་བྱས་ནས། །བཀྲ་ཤིས་བསམ་པ་འགྲུབ་པ་ལགས། །དགེའོ། །»༄༅། །བླ་མ་དམ་པ་ཀུ་མ་རཱ་ཛ་ལ་རྟོགས་པ་ཕུལ་བ་ཞེས་བྱ་བ་བཞུགས། །
«ཨོཾ་སྭ་སྟི་སིདྡྷཾ། རང་བཞིན་གདོད་ནས་དག་པའི་ཆོས་ཉིད་ལས། །སྣ་ཚོགས་གཟུགས་སྐུའི་དཀྱིལ་འཁོར་མ་འདྲེས་གསལ། །ཐུགས་རྗེའི་སྤྲུལ་པས་འགྲོ་བའི་དོན་མཛད་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ ལོ། །ཀྱེ་མ་གྲོགས་དག་ཕྱོགས་འཛིན་སེམས་བོར་ལ། །གཟུ་བོའི་ཡིད་ཀྱིས་རྟོགས་པའི་དོན་འདི་ཉོན། །བདག་དང་སྣ་ཚོགས་སྲིད་པའི་སེམས་ཅན་ རྣམས། །ཡེ་ནས་རྣམ་དག་སངས་རྒྱས་ཡིན་པ་ལ། །རིག་དང་མ་རིག་ཞེས་བྱའི་ཐ་སྙད་ཀྱིས། །སྲིད་པར་འཁྲུལ་པ་རྨི་ལམ་སྒྱུ་མ་ཙམ། །འཁྲུལ་དང་མ་འཁྲུལ་གཉིས་མེད་རྒྱལ་བའི་སྐུ། །ད་ལྟ་ཉིད་ནས་སྐུ་གསུམ་འདུ་འབྲལ་ མེད། །ལྷུན་གྲུབ་རྩལ་ལ་ལུས་དང་ཡུལ་འཁྲུལ་ཞིང༌། །ཡེ་ཤེས་རྩལ་ལས་མ་རིག་སེམས་འཁྲུལ་ཡང༌། །མ་རིག་སེམས་ཉིད་རིག་པའི་ཡེ་ཤེས་དངོས། ། སྤང་བླང་འཁྲུལ་པའི་བྱུང་ཁུངས་ཟད་པ་ཡིན། །གཞི་མེད་རྩ་བྲལ་འགྱུ་བ་ཡེ་ཤེས་ཆེ། །སངས་རྒྱས་སེམས་ཉིད་མ་བཅོས་ཟང་ཀ་མ། །གཟའ་གཏད་བླང་དོར་ཐ་སྙད་ཀུན་ལས་འདས། །བཀག་པས་མི་ཁེགས་དེ་བཞིན་སྒྲུབ་ཏུ་མེད། ། རང་ཤར་རང་གྲོལ་སྐྱེས་གྲོལ་སྔ་ཕྱི་མེད། །དགེ་མེད་སྡིག་བྲལ་གཟུང་འཛིན་ཀུན་ལས་འདས། ། གང་ཡིན་ཡིན་གྱི་གཉེན་པོས་བཅོས་མི་དགོས། །འདི་ཡིན་མེད་ཀྱི་སྤང་བྱར་བསྐྱུར་དུ་མེད། །གཟུང་བས་མ་བསླད་འཛིན་པས་མ་བསྒྲིབས་ཤིང༌། །བྱར་མེད་ངང་ལ་ལྷུན་གྲུབ་བློ་བདེའོ། །བདག་བློའི་མཁའ་ལ་རྟོགས་པའི་ཉི་མ་ཤར། །མི་ནུབ་སྟོང་ཁམས་བརྡལ་བ་ཡོངས་ལ་ཁྱབ། ། ཕྱོགས་མེད་རིས་བྲལ་དུས་བཞིར་འགྱུར་བ་མེད། །རང་གིས་མཐོང་སྟེ་བཤད་ཀྱང་མཚོན་དུ་མེད། །ཉི་མའི་སྙིང་པོ་ཡེ་ཤེས་རིག་པའི་རྩལ། །གང་ལྟར་ཤར་ཡང་དེ་ལྟར་མི་འཛིན་པ། །ཆུ་བོའི་རྒྱུན་བཞིན་ཆེད་དུ་བསྒོམ་པ་མེད། །འཁྲུལ་པ་ཞིག་པས་སྒྲིབ་པ་མ་མཐོང་སྟེ། །གང་ལྟར་ཤར་ཡང་ཀུན་བཟང་དག་པའི་ཀློང༌། །ཡེངས་དང་མ་ཡེངས་བདག་ལ་རྩིས་གདབ་མེད། །སྒོམ་དང་མི་སྒོམ་ལྟ་དང་སྤྱོད་པ་མེད། །དོན་འདི་ཡིན་མིན་སུ་ལའང་དྲི་རྒྱུ་མེད། །ཡོད་མིན་མེད་མིན་སེམས་ཀྱིས་བཏགས་པའི་ཆོས། །རྟོག་པས་གཟིར་རྣམས་ཇི་ལྟར་དགྱེས་དགྱེས་མཛོད། །འདི་ལྟར་སྣང་སྲིད་འཁོར་འདས་ཐམས་ཅད་ཀྱང༌། །རང་བཞིན་གཞན་ཡིན་ཡེ་ཡིན་རྫོགས་པ་ཆེ། །ཡེ་ཤེས་མདངས་ཡིན་ཞིང་ཁམས་ཆེན་པོ་ཡིན། །དེ་ལྟར་ཡིན་ཡང་སྐལ་བ་དམན་པའི་བློས། །འབྲིང་དང་ཐ་མའི་གང་ཟག་དྲང་བའི་ཕྱིར། །ཡེངས་མེད་དྲན་པའི་ལྟ་སྒོམ་མཛད་པ་ཡང༌། །ངོ་མཚར་ཆེ་སྟེ་བདག་བློའི་ཡིད་མ་ཁེངས། །རང་རིག་རྫོགས་ཆེན་བྱ་རྩོལ་མེད་པའི་དོན། །དགེ་སྡིག་ཕན་གནོད་མེད་པའི་རང་བཞིན་ལ། །ལྟ་སྒོམ་སྤྱོད་པའི་སྤྲིན་གྱིས་སྒྲིབ་ཅི་དགོས། །བློ་ཡིས་བལྟར་མེད་སེམས་ཀྱིས་བསྒོམ་དུ་མེད། ། སྔར་ཡང་འབད་རྩོལ་ཞེན་པའི་ཆོས་རྣམས་ཀྱིས། །འཁོར་བ་འདིར་འཁྱམས་སྡུག་བསྔལ་འབའ་ཞིག་བྱས། །ད་ནི་རྩོལ་མེད་རང་གྲོལ་སྐད་ཅིག་མ། །སྐྱེས་དང་གྲོལ་མཉམ་དགེ་སྡིག་དེ་ལྟར་རྟོགས། །རྟོགས་དང་མ་རྟོགས་རང་སར་རང་གིས་གྲོལ། །སྐད་ཅིག་སེམས་ནི་ཁ་དོག་དབྱིབས་མེད་ན། །དེ་ལ་བརྟེན་པའི་ཆོས་རྣམས་སོམས་དང་ཀྱེ། །དྲན་རིག་སེམས་འདི་རང་གྲོལ་ཆོས་ཀྱི་ སྐུ། །སངས་རྒྱས་རྒྱ་མཚོའི་ངང་ལས་འབྲོས་པར་མཐོང༌། །དེ་ཚེ་སེམས་ཀྱང་རང་བཞིན་འཁྲུལ་པ་སྟེ། །བླང་དོར་མི་དགོས་རིག་པའི་མཚང་འདི་རྟོགས། ། རྟོགས་པའི་དོན་ལ་རྒྱུན་ཆད་མེད་པའི་བློ། །གཉིས་ཀ་རྣམ་དག་ཆུ་བོའི་རྒྱུན་བཞིན་གནས། །མཐར་ཐུག་སྙིང་པོའི་དོན་ཉིད་ཐོབ་ནས་ཀྱང༌། །རྩོལ་བཅས་སེམས་ཀྱིས་བསྒྲུབ་པའི་སངས་རྒྱས་འདོད། །རིན་ཆེན་རྙེད་ནས་འཆིང་བུ་ཚོལ་བ་བཞིན། །ཀྱི་ཧུད་བསྐལ་པར་འབད་ཀྱང་གྲོལ་པར་གྱུར་པ་དཀོན། །སྐལ་བཟང་འོད་གསལ་ཡེ་ཤེས་སྙིང་པོའི་དོན། །ཀུན་ལ་ཡོད་ཀྱང་ཀུན་གྱིས་མི་རྟོགས་ཏེ། །ཉེ་བར་གྱུར་ཀྱང་མ་མཐོང་དམུས་ལོང་བཞིན། །ཀྱེ་མ་བདག་ནི་དྲིན་ཆེན་བླ་མའི་དྲིན། །ཐུགས་རྗེའི་འོད་ཀྱིས་བཀྱེ་བས་རྫོགས་པར་ཉོན། །ཡེ་ནས་རང་གནས་ཀ་དག་ལྷུན་གྲུབ་སྟེ། །ངོ་བོ་རང་བཞིན་ཐུགས་རྗེའི་སྙིང་པོ་ཅན། །སངས་རྒྱས་སེམས་ཅན་རྒྱ་ཆད་ཕྱོགས་ལྷུང་མེད། །ཀུན་གྱི་སྤྱི་གཞི་འོད་གསལ་ཆེན་པོར་གནས། །དེ་ཉིད་ངང་ལས་ལྷུན་གྲུབ་གདངས་ཤར་བས། ། ཐུགས་རྗེ་རིག་པའི་རྩལ་གཡོས་སྐད་ཅིག་ལ། །རིག་པ་ཀུན་བཟང་གཞི་ཐོག་བྱང་ཆུབ་སྟེ། །མ་རིག་འཁྲུལ་ཡང་བདག་དང་སེམས་ཅན་ཀུན། །སྙིང་དབུས་གཞོན་ནུ་བུམ་པའི་སྐུར་གསལ་བ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས། །ངོ་བོ་མི་རྟོག་འདི་ཞེས་མཚོན་དུ་མེད། །རང་བཞིན་འོད་གསལ་རིན་ཆེན་མདངས་ལྔའི་འོད། །དར་དཀར་རྩ་ལ་རྒྱ་མཚོར་ཚང་བཅས་ཏེ། །དག་པའི་མཁའ་ལ་ཟེར་གདངས་སོ་སོར་གསལ། །འདུ་འབྲལ་མེད་པའི་དབྱིངས་རིག་དགོངས་པ་ལ། །གཟུང་འཛིན་མེད་པའི་དམིགས་པའི་ལྕགས་ཀྱུ་སྟེ། ། འོད་གསལ་ཉིད་ལ་རང་སེམས་གོམས་པ་ཡིས། །ལུས་དང་ཡུལ་གྲོལ་འཁྲུལ་སྣང་ལོངས་སྐུར་ཐིམ། །འཛིན་བཅས་རྟོག་པ་སྣང་བ་རང་ནུབ་ནས། །ལོངས་སྐུའི་སྣང་བ་ཀ་དག་ངང་དུ་ཐིམ། །བུམ་པའི་སྐུ་དེ་རང་གསལ་ལྷུན་གྱིས་ གྲུབ། །རྣམ་མཁྱེན་ཐམས་ཅད་མཁྱེན་པར་ཐིམ་པ་ཡིས། །ཀུན་མཁྱེན་ཡེ་ཤེས་སྐུ་གསུམ་འདུ་འབྲལ་མེད། །ཡེ་ཤེས་རྒྱ་མཚོའི་ཞིང་ན་ལྷང་ངེ་བ། །རྟག་མིན་ཆད་མིན་རང་བཞིན་ལྷུན་གྱིས་གྲུབ། །མི་གཡོ་མི་གསུང་ཆོས་སྐུའི་ངང་ལ་བཞུགས། །གདུལ་བྱའི་འཇིག་རྟེན་མཁྱེན་ནས་འོད་འགྱེད་དེ། །ཆོས་སྐུའི་ངང་ལས་ལོངས་སྐུའི་སྣང་བ་འདི། །རིག་པ་སྐུ་ལྔ་ཡེ་ཤེས་ལྔ་ལ་སོགས། །ཤེལ་ལས་འོད་བཞིན་ལོངས་སྐུའི་ཞིང་སྣང་ངོ༌། །དེ་ལས་སྣོད་བཅུད་སྤྲུལ་པའི་རང་བཞིན་སྐུ། །སྣ་ཚོགས་དེར་སྟོན་གདུལ་བྱའི་མོས་པ་བཞིན། །གང་འདུལ་དེར་སྣང་གཅིག་ཆར་རྣམ་པར་སྤྲུལ། །གདུལ་བྱའི་འཁོར་བ་མ་ལུས་རབ་དྲངས་ནས། །སྤྲུལ་སྐུ་ལོངས་སྐུ་བུམ་པའི་སྐུར་ཐིམ་ནས། །ཇི་ལྟར་སྔོན་བཞིན་ཀ་དག་ཆེན་པོའི་ངང༌། །རང་བཞིན་ལྷུན་གྱིས་གྲུབ་པར་བཞུགས་པ་ཡིན། །དེ་ལྟར་རང་སྣང་རྟོགས་པའི་དོན་སྨྲས་ཀྱང༌། །སྐལ་མེད་རྣམས་ལ་ལོག་ལྟའི་སྤྲིན་འཁྲིགས་ཏེ། །ཚིག་ངན་ཆར་གྱིས་ཕྱོགས་རྣམས་ཀུན་ཏུ་ཁྱབ། །ཀྱེ་མ་གཅིག་པུར་གནས་རྣམས་སྤྲོ་བ་རབ་ཏུ་སྐྱེ། །རང་གནས་རྟོགས་པའི་འོད་གསལ་ཉི་ཤར་ཡང༌། །བློ་ངན་མུན་པའི་ཚོགས་རྣམས་རབ་འཐོམས་ཏེ། །ལྷུན་གྲུབ་ཆོས་སྐུའི་གཟུགས་མཛེས་མ་མཐོང་བས། །མ་རིག་སྡུག་བསྔལ་ཉོན་མོངས་ཉམ་ཐག་གིས། །བློ་དང་ཐོས་པའི་ནོར་གྱིས་ལེགས་འབྱོར་ཅིང༌། །ཉམས་དང་རྟོགས་པའི་འདབས་གཤོག་རབ་རྫོགས་ཀྱང༌། །དམན་པའི་འགྲོ་ལ་གཅིག་པུའི་རི་དྭགས་བཞིན། །ཇི་ལྟར་བདག་གིས་ནམ་ཞིག་ཕན་ཐོགས་འགྱུར། ། རིན་ཆེན་གསང་བའི་ཡང་གབ་ཅེས་བྱ་བ་གཡའ་ཕུའི་མིག་ཅེས་བྱ་བའི་དབེན་གནས་སུ་བླ་མ་དམ་པ་ཀུ་མ་རཱ་ཛ་བཞུགས་པའི་དྲུང་དུ་ཕྱིན་དུས་དེར་བརྩོན་གྱི་བསྟན་འཛིན་ཁྲེགས་ཆོད་བསྒོམས་པ་ལ། དགོངས་པ་ཆུ་བོའི་རྒྱུན་འདི་བདག་གིས་ཡི་གེར་བཀོད་ནས་ཕུལ་བས། བླ་མ་རིན་པོ་ཆེ་ཤིན་ཏུ་མཉེས་ནས་འོར་ཆེ་འོར་ཆེ་ཕ་ལ་བུ་སྐྱེས་གསུངས་ནས་བསྔགས་ཏེ། ཡི་གེ་འདི་བླ་མེད་ཐོབ་པ་མ་གཏོགས་པ་གཞན་ལ་མ་བསྟན་ཅིག་གསུངས་ནས་བཀའ་རྒྱ་མཛད་དོ། །སངས་རྒྱས་སེམས་ཅན་གཉིས་སུ་མེད། སྤྲོས་པའི་ཡུལ་ལས་འདས། རྟོགས་དང་མ་རྟོགས་ཁྱད་མེད། སངས་རྒྱས་ཆོས་ཀྱི་སྐུ། འཁོར་འདས་གཉིས་སུ་མེད། གཉིས་འཛིན་འཁྲུལ་པར་ཤེས་ན་དེ་ཀས་ཆོགསྐད་ཅིག་མའི་མཚང་རིག་པའི་གདམས་ངག་སངས་རྒྱས་ལག་འཆང་ཞེས་བྱ་བ་འདི། ལས་དང་སྐལ་བར་ལྡན་པའི་སྐྱེས་བུ་རྣམས་ཀྱི་སྤྱོད་ཡུལ་ཐུན་མོང་མ་ཡིན་པ་རྫོགས་སོ། །སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ། །« མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༢༤༽ རྡོ་རྗེའི་གླུའི་དཀར་ཆག་ལེགས་པར་བཀོད་པ།
»-PAGE 208--PAGE 297--PAGE 207-