volume 013 403

From Rangjung Yeshe Wiki Texts
Jump to navigation Jump to search

༈ ཀུན་མཁྱེན་ཆོས་རྗེ་ཀློང་ཆེན་པའི་རྣམ་ཐར་མདོར་བསྡུས།

« ཀུན་མཁྱེན་ཆོས་རྗེ་ཀློང་རམས་པའི་རྣམ་ཐར་མདོར་བསྡུས་ནི། དེ་ལ་གང་དུ་སྐུ་བལྟམས་པའི་ཡུལ་ནི། གཡོ་རུ་གྲྭའི་སྟོད་གྲོང་དུ། ཡབ་གུ་རུའི་དངོས་སློབ་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་གདུང་རུས་ཟམ་མ་ཆད་པའི་མི་རབས་ཉེར་དྲུག་པར། སྔགས་འཆང་བསྟན་པ་སྲུང་དང༌། ཡུམ་འབྲོམ་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ། དུས་རབ་བྱུང་ལྔ་པའི་ནང་གི་ས་ཕོ་སྤྲེལ་ལོའི་དབོ་ཟླའི་ཚེས་བརྒྱད་རྒྱལ་འཛོམས་ལ། ཡུམ་གྱི་རྨིས་ལྟས་ངོ་མཚར་བ་དང་བཅས་མཚན་དཔེའི་པདྨོ་གསར་དུ་འབུས། སྐུ་བལྟམས་མ་ཐག་ནམ་གྲུ་རེ་མ་ཏི་བུད་མེད་ནག་མོའི་གཟུགས་ཀྱིས་ཕྱག་ཏུ་བླངས་ཏེ། སྤྲུལ་པའི་སྐུ་འདི་ངས་སྲུང་བ་ཡིན་ཟེར་ནས་སླར་ཡུམ་ལ་གཏད་དེ་མི་སྣང་བར་སོང་བ་བཞིན། ནམ་དགོས་དགོས་སུ་གཟུགས་ཐ་དད་པའི་སྒོ་ནས་བསྲུང་བ་དང་ཞབས་ཏོག་ཚུལ་བཞིན་སྒྲུབ་པའོ། ། སྐུ་ཆུང་ངུ་ནས་བྱམས་སྙིང་རྗེ་དང་བློ་གྲོས་ཀྱི་མཐུ་ཆེ་བས་དགུང་ལོ་ལྔ་ཙམ་ནས་འབྲི་ཀློག་ཚེགས་མེད་དུ་མཁྱེན། བདུན་ནས་བཟུང་ཡབ་ལ་བཀའ་བརྒྱད་བདེ་འདུས་སོགས་སྒྲུབ་ཐབས་འགའ་ཞིག་གི་དབང་ལུང་མན་ངག་ཕྱག་བཞེས་ཚུན་དང༌། སྨན་རྩིས་སོགས་ཐུན་མོང་གི་རིག་གནས་འགའ་ཡང་བྱང་ཆུབ་པར་མཛད། དགུང་ལོ་དགུ་སྐོར་ནས། ཉི་ཁྲི་དང་བརྒྱད་སྟོང་པ་གཉིས་བརྒྱ་རྩ་ཀློག་པས་ཐུགས་སུ་ཆུད། བཅུ་གཉིས་ལ་བསམ་ཡས་སུ་མཁན་པོ་བསམ་འགྲུབ་རིན་ཆེན་དང༌། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང༌། མཚན་ཚུལ་ཁྲིམས་བློ་གྲོས་སུ་གསོལ་ཏེ། འདུལ་བ་ལ་བསླབས་པས། བཤད་གསར་དང་དེའི་གྲལ་སྐོར་ཡང་མཛད། དགུང་ལོ་བཅུ་དྲུག་ནས་སློབ་དཔོན་བཀྲ་རིན་ལས་ལམ་འབྲས་གཉིས་སོགས་དང༌། སློབ་དཔོན་དབང་ཡེས་ལས་དུས་འཁོར་སོགས་དང༌། ཟ་ལུང་རིན་པོ་ཆེ་ལས་ཞང་ཚལ་པའི་ཆོས་སྐོར་སོགས་དང༌། ཁྱད་པར་དུ་དགུང་ལོ་བཅུ་དགུའི་དུས་གསང་ཕུར་བྱོན་ནས་བཙན་དགོན་པ་དང༌། བླ་བྲང་པ་ཆོས་དཔལ་རྒྱལ་མཚན། ཆོས་གྲགས་གཉིས་པར་གྲགས་པ་གཞོན་ནུ་རིན་ཆེན་གསུམ་གཙོ་བོར་བརྟེན་ཏེ་ཕར་ཚད་ཀྱི་གཞུང་འགྲེལ་རྣམས་ཀྱི་ཚིག་དོན་ལ་ལོ་དྲུག་གི་བར་དུ་སྒྲོ་ འདོགས་ལེགས་པར་བཅད། གཞན་ཡང་སྐད་གཉིས་སྨྲ་བ་བློ་གྲོས་བརྟན་པ་དང༌། ཆོས་རྗེ་རང་བྱུང་རྡོ་རྗེ། ཤུག་གསེབ་རིན་པོ་ཆེ། དན་ཕག་པ་གཞོན་ནུ་དོན་གྲུབ། གཉོས་ མཐིང་མ་པ་སངས་རྒྱས་གྲགས་འོད། ས་སྐྱའི་བླ་མ་བདག་ཉིད་ཆེན་པོ། བླ་མ་ཁྲོ་ཕུ་པ་སོགས་མཚན་ཉིད་དང་ལྡན་པའི་བཤེས་གཉེན་བཅུ་ཕྲག་གཉིས་ལྷག་ཚུལ་བཞིན་བརྟེན་ཏེ། དུས་དེར་བོད་ཡུལ་དུ་གྲགས་པའི་མདོ་རྒྱུད་མན་ངག་དང་བཅས་པ་ཕལ་ཆེར་གསན་ཅིང༌། བཟོ་གསོ་རྩིས་སྙན་སོགས་ཐུན་མོང་ཤེས་བྱའི་ཚུལ་ལ་འང་མཁས་པར་ བསླབས། གསན་པ་ཙམ་དུ་མ་བཞག་པར་དེ་དག་གི་སྐབས་ཅི་རིགས་པར། མི་གཡོ་བ་དང༌། དབྱངས་ཅན་མ་ཤེས་རབ་གསལ་བྱེད་སོགས་ཀྱི་སྒྲུབ་པ་མཛད་པས་ལྷ་སོ་སོའི་ཞལ་གཟིགས་དང༌། ཁྱད་པར་དབྱངས་ཅན་མའི་ཕྱག་མཐིལ་དུ་བཞག་ནས་གླིང་བཞི་རི་རབ་བཅས་ཞག་དུ་མར་གཟིགས་ཤིང༌། མགྲིན་པའི་རྩ་འདབ་ཀྱི་པདྨོ་ལྷུག་པར་གྲོལ་ཏེ་བློ་གྲོས་ཕྱོགས་མེད་ཀྱི་འདབ་མ་» «རྒྱས་པས། གསང་ཕུ་སོགས་རིག་གྲ་རྣམས་སུ་བསམ་ཡས་ལུང་མང་བ་ཞེས་གྲགས། གསང་ཕུར་བཞུགས་པའི་སྐབས་ཤིག་ཁམས་བཙུན་རྣམས་ཀྱིས་ཡང་ཡང་གཙེས་པར་བརྟེན་རྒྱམ་ཕུར་ཕེབས་པ་དང༌། ནས་རྐྱལ་པ་གང་གིས་མཚམས་རྒྱག་བྱས་ཏེ། སྒྲུབ་པ་སྨར་བར་མཛད་པས། ཟླ་བ་ལྔ་ཙམ་ན་འཕགས་མ་ཡིན་སྙམ་པའི་བུད་མེད་གོས་བཟང་གསེར་གཡུས་བརྒྱན་པ་ཞིག་གི་ཞལ་གཟིགས་» «ཤིང༌། ཐུགས་རྗེས་འཛིན་པར་གསོལ་བ་བཏབས་པས། རྟག་ཏུ་རྗེས་སུ་འཛིན་པའི་ཞལ་བཞེས་གནང༌། དབུ་རྒྱན་ཕུད་དེ་ཉིད་ལ་གསོལ་བས། ཟླ་བ་གཅིག་གི་ཡུན་ལ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ཕྱམ་བརྡལ། ཁྱད་པར་དུ་རིག་འཛིན་ཆེན་པོ་དང་མཇལ་བའི་ལུང་བསྟན་ཐོབ། མཚམས་ལས་ཐོན་ཏེ་ཡུམ་གྱི་དོན་དུ་ཀུན་རིག་གི་ཆོ་ག་བརྒྱ་རྩ་བརྒྱད་མཛད། དེ་ནས་ཡར་སྟོད་རྒྱམ་ཕུར་བྱོན། རིག་འཛིན་ཆེན་པོ་དཔོན་སློབ་རྣམས་སྦྲ་དང་ཕྱ་ཐེར་བདུན་ཅུ་ཙམ་མཛད་ནས་བཞུགས་པ་དང་མཇལ། ཁོང་གི་ཞལ་ནས་མདང་ལྷ་ཡི་བྱ་ཡིན་ཟེར་བ་ཡ་མཚན་པ་ཞིག་ལ་བྱ་བྲན་སྟོང་གིས་བསྐོར་ནས། ངའི་དཔེ་ཆ་ཁྱེར་བཞིན་ཕྱོགས་ཐ་དད་དུ་འཕུར་བ་རྨིས་པས། ཆོས་འདིའི་བརྒྱུད་འཛིན་ཞིག་འོང་བར་འདུག་གསུངས་ནས་དགྱེས་ཚོར་ཆེན་པོ་མཛད། དེ་བཞིན་གཟིམས་ལམ་དུ་པཎ་ཆེན་བི་མ་ལས་ཀྱང་ང་ཡིས་སྨོན་ལམ་བཏབས་པའི་སྐྱེས་བུ་ཡིན་པས་རྫོགས་པ་ཆེན་པོའི་བསྟན་པ་སྐྱོང་བ་འོང་ཞེས་ལུང་བསྟན་པ་ལ། ཤམ་པོ་གངས་རར་དབང་དང་གདམ་པ་མང་པོ་དང༌། ཁྱད་པར་དུ་ཐེག་པ་བླ་ན་མེད་པ་འོད་གསལ་གསང་བ་སྙིང་པོ་ཕྱི་ནང་གསང་སྐོར། རྒྱུད་བཅུ་བདུན། མན་ངག་བརྒྱ་དང་བཅུ་དགུ་ལས་ཕྲན་དང་བཅས་པ། མ་གཟའ་དམ་གསུམ་ལེགས་ལྡན་ལྕམ་དྲལ་སོགས་ཀྱི་སྒྲུབ་སྐོར་ལས་ཕྲན་ཕྱག་བཞེས་དང་བཅས་པ་རྫོགས་པར་གནང་ཞིང༌། རྒྱལ་ཚབ་ཆེན་པོར་དབང་བསྐུར། དྲང་སྲོང་རཱ་ཧུ་ལས་རང་རྟགས་ཐམ་དམར་རྣམ་བཅུ་དབང་ལྡན་རང་མིང་གི་རི་མོ་ཡོད་པ་དངོས་སུ་ཕུལ་ཞིང༌། ཅི་བསྒོ་བའི་བྲན་དུ་ཁས་བླངས། དེ་ཕྱིས་ཀུན་གྱི་མཐུན་སྣང་དུ་ཕྲིན་ལས་རྣོ་མྱུར་ཤིན་ཏུ་ཆེ། དེ་ལྟར་སྙིང་ཐིག་ཆེན་མོའི་དབང་རྒྱུད་མན་ངག་གཙོ་བོར་གྱུར་པའི་སྨིན་གྲོལ་ཆོས་ཀྱི་བདུད་རྩི་མཐའ་ཡས་པ་བཞེས་ཤིང༌། བྱ་བྲལ་ཀུན་སྤངས་ཁོ་ནས། མཆིམས་ཕུར་ལོ་བདུན་གྱི་བར་དམ་བཅས་སྒྲུབ་པ་ཉམས་བཞེས་སྙིང་པོར་མཛད་པས། བླ་མ་དང་ལྷག་པའི་ལྷ་དུ་མས་བྱིན་གྱིས་བརླབས་ཤིང༌། རིག་པ་ཚད་ཕེབས་ཆེན་པོའི་ས་ལ་གཤེགས། གཞན་ཡང་དགེའུ་གོང་དང༌། དུར་ཁྲོད། བྱ་འུག་ལྷ་ཁང་སོགས་སུ་སྒྲུབ་པ་ཁོ་ནར་མཛད་ཅིང་རྩ་གསུམ་ལྷ་ཡི་ཞལ་གཟིགས་པ་སོགས་ངོ་མཚར་བའི་རྣམ་ཐར་བསམ་གྱིས་མི་ཁྱབ། སྒྲུབ་པ་དེ་དག་གི་ཚེ་མཐུན་རྐྱེན་དམན་པས་དངུལ་ཆུའི་བཅུད་ལེན་དང༌། གྲང་དང་ཁ་བའི་དུས་སུ་སྒྱེ་མོ་ཞིག་ཡོད་པ་དེས་གོས་གདན་གཉིས་ཀྱི་གོ་བཅད་དེ་བཞུགས་པ་སོགས་དཀའ་སྤྱད་མཛད་ཚུལ་ལའང་སུས་ཀྱང་འགྲན་དུ་མེད། ཕྱིས་ཞིག་ལ་དན་ཕག་ཏུ་བྱོན་ནས་རྒྱུད་གསང་བ་སྙིང་པོ་གསན་ཏེ་མར་ལམ་རེས་མོ་དགོན་དུ་བྱོན། རེས་མོ་བ་དང་གསུང་གླེང་མཛད་པར། ཁོང་ལ་མཁའ་འགྲོས་བརྡས་བསྐུལ་བར་དགོངས་ཏེ་ཞུ་ནན་མཛད་པས་མཆིམས་ཕུར་སྙིང་ཐིག་གསུང་པའི་ཞལ་བཞེས་གནང༌། དགུང་ལོ་ཉེར་བརྒྱད་པར་མཆིམས་ཕུ་ར་མོ་ཅན་དུ་སྙིང་ཐིག་གསུང་པས་མེ་ཏོག་གི་ཆར་བབས་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང༌། གཞན་ཡང་གངས་རི་ཐོད་དཀར་» «དང༌། ཤུག་གསེབ། ཏེ་སྒྲོའི་མཚོན་པའི་གནས་རྣམས་སུ་རྩེ་གཅིག་པའི་སྒྲུབ་པ་དང༌། སྐལ་ལྡན་རྣམས་ལ་ཟབ་ཆོས་འདོམས་པ་སོགས་འཆད་པ་དང༌། དགོས་པ་ཁྱད་པར་ཅན་གྱི་རྩོམ་པ་དང༌། ཞྭའི་ལྷ་ཁང་གིས་མཚོན་པའི་རྟེན་གསུམ་ཉམས་པ་རྣམས་གསོ་བ་སོགས་རྒྱལ་བསྟན་འཁོར་ལོ་གསུམ་གྱི་བྱ་བས་དུས་འདའ་བར་མཛད། གཞན་གདུལ་བར་དཀའ་བའི་ཕྱོགས་གློ་མོན་དགེ་སྡིག་མི་ཤེས་པ་དང༌། མོན་བུམ་ཐང་སོགས་དམ་པའི་ཆོས་ཀྱི་སྒྲ་མི་གྲགས་པ་རྣམས་སུའང༌། བརྩེ་བ་ཆེན་པོས་དགེ་བཅུའི་ལམ་ལ་བཀོད། བསྟན་སྲུང་རྣམས་ཀྱི་ཕྲིན་ལས་དང་བཅས་པས་རི་རྒྱ། ཀླུང་རྒྱ་སོགས་ཐམས་ཅད་བདེ་འཇམ་ཡུགས་གཅིག་ཏུ་མཛད། ཚོགས་པ་རྒྱ་མཚོ་ལྟ་བུའི་དགེ་འདུན་གྱི་སྡེ་བཙུག །དེ་བཞིན་དུ་ལྷོ་བྲག་དང༌། ཡར་འབྲོག །ལྷ་ལྡན། གཡོར་ པོ་སོགས་གདན་འདྲེན་ཞུ་ནན་ཆེ་བ་རྣམས་སུ་ཕེབས་ཏེ། རང་རང་གི་སྐལ་པ་དང་འཚམས་པའི་དམ་པའི་ཆོས་ཀྱིས་ཚིམས་པར་མཛད། དེ་སྐབས་ཆེ་བར་གྲགས་པའི་ཁྲི་དཔོན་རྡོ་རྗེ་རྒྱལ་མཚན། ཏཱ་སི་བྱང་ཆུབ་རྒྱལ་མཚན།» «སི་ཏུ་ཤཱཀྱ་བཟང་པོ་སོགས་བླ་ཆེན་དང་དཔོན་སྐྱ་ཆེ་འདོད་ཀྱིས་ང་» «རྒྱལ་ཞིང༌། སྔར་སྡང་ཞུགས་ཅན་རྣམས་ཀྱང་ཞབས་ལ་བཏུད་ཅིང་གདན་འདྲེན་སོགས་མང་ཡང༌། ཐུགས་རྒྱུད་ཁེངས་པའི་དྲེགས་པ་མི་མངའ། བླ་ཆེན་གྱི་ལད་མོ་མི་མཛད། མི་ཆེན་གྱི་ངོ་བསྲུང་མི་གནང༌། དེ་དག་གི་ཚེ་དད་རྫས་ཅི་བྱུང་བའི་སུམ་གཉིས་ཚེས་བཅུ་སོགས་དུས་མཆོད་ལ་བཏང་ཞིང༌། སུམ་ཆ་གཅིག་འཕྲལ་དགོས་ཀྱི་འཚོ་བ་དང༌། བུ་སློབ་གཟིགས་སྐྱོང་མཛད་པའི་དམ་བཅའ་བརྟན་པོར་གནང། དད་ཟས་ཆུད་མི་གསོན་པའི་ཆེད། དུས་མཆོད་ཀྱི་ཟན་ཡང་དར་བ་དང་སིང་པོས་བརྫི་ཞིང༌། སྤྱན་ལམ་དུ་བྱུང་བའི་བཟའ་བཏུང་མཆོད་པའི་དམིགས་བསྒོམས་བྱས་པ་ལ། ཆེ་བཙུན་གལ་པོ་ཆེ་སུ་བྱུང་ཡང་འདི་ཟོས་པས་མི་འཇུ་གསུངས་ནས་མི་གནང༌། སྐུ་ཆས་དང་ཕྱག་རྫས་ཚུན་ཆད་སྤང་དག་ལན་གསུམ་དུ་མཛད་ཅིང༌། འགྱེད་མཛད་དུས་གྲལ་མཐོ་བ་རྣམས་ཀྱི་སྐལ་པ་ཆད་དོགས་མེད་གསུངས་ནས། གྲལ་གཞུག་ནས་ཡར་འགྱེད། བཀུར་བསྟི་དགེ་འདུན་ལ་དགོས་པ་ཡིན་གསུངས་ནས་སྐྱེ་ནག་ལ་མི་གནང༌། ཆེན་པོར་འདོད་པ་རྣམས་ལ་གདན་མི་འདིང༌། བཀུར་བསྟི་མི་མཛད་པ་ཐུགས་ཀྱི་དམ་བཅའ་ཡིན། འབྱོར་ལྡན་ཕྱུག་པོ་རྣམས་ཀྱིས་ཚོགས་བསགས་དང་འབུལ་བ་ཇི་ཙམ་བྱས་ཀྱང་ཡོན་བསྔོ་མཛད་པ་ལས། ཐུགས་ལ་བཏགས་པ་ཞལ་ནས་མི་འདོན། གདབ་ལན་དང་གནང་སྦྱིན་མི་མཛད། བྱས་ན་ཚོང་དུ་འགྲོ་བས་ཁོའི་དངོས་པོ་ཆུད་ཟོས་སུ་འགྲོ་བ་ཡིན་གསུངས། ཤཱཀྱ་ཐུབ་པ་ལ་རས་ཡུག་གསེར་སྲང་སྟོང་རི་བ་ཕུལ་ཡང་བསྔོ་བ་མཛད་པ་ལས་གནང་སྦྱིན་མཛད་པའི་སྲོལ་མེད། ཚོགས་བསགས་དང་ཆེ་འདོན་སོགས་ཡོན་བདག་གིས་བྱ་རྒྱུ་ཡིན། ཡོན་མཆོད་གོ་ལོག་ཏུ་སོང་ན་ནན་ཏར་མི་བཟང་བའི་གཏམ་རྒྱུད་དང༌། ལུང་འདྲེན་མང་དུ་མཛད། སྤྲང་པོ་སོགས་ཉམས་ཆུང་ཞིག་གིས་སྐྱོ་ནག་ཞིག་དྲངས་ནའང་ཞིམ་ཞིམ་ལྟར་གསོལ་ནས། མདོ་བསྔོ་དང་ཡོན་བཤད་རྒྱས་པ་རེ་མཛད་པ་སོགས་མཐུན་སྣང་ཕྱི་ཡི་རྣམ་ཐར་ཙམ་ལའང་དང་བ་འདྲེན་པའི་མཛད་སྤྱོད་བསམ་གྱིས་མི་ཁྱབ། དེ་བཞིན་དུ་ཟོལ་མེད་བརྩེ་བ་ཆེན་པོས་ཕྱི་རབས་བསྟན་འགྲོའི་དོན་དུ་གནང་བའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་གནས་གསུམ་དུ་དབྱེས་པའི་ཆོས་ཚན་སུམ་བརྒྱར་ཉེ་བ་ལས། གཞན་དང་མི་གཉིས་པའི་ནང་རྒྱུད་ཡོ་ག་གསུམ་ནས་ཁྱད་པར་ཡང་གསང་བླ་ན་མེད་པའི་སྐོར་ཚོའི་བར་གྱི་གདམས་ངག་དང་མན་ངག་རྒྱབ་ཆོས་སོགས། ཟབ་ཟབ་གཉེན་གཉེན་གང་གིས་ཀྱང་མི་འགྲན་པ་ད་ལྟའི་བར་དུ་བཞུགས་པ་འདི་ཀ་ལགས། ཐ་མའི་མཛད་པ་ཚོགས་པ་ལ་དབང་ཁྲིད་ཤིན་ཏུ་རྒྱས་པ་རྒྱབ་ཆོས་བཅས་གསུངས་ནས། རྒྱལ་སྲས་བཟོད་པར་ཞལ་ཆེམས་དྲི་མེད་འོད་གནང་བའི་སྐབས། ད་ནི་མི་སྡོད་པད་མ་ལས་འབྲེལ་རྩལ། །འཆི་མེད་བདེ་ཆེན་བཙན་ས་འཛིན་དུ་འགྲོ། །སོགས་གསུངས་པར། བཟོད་པ་སྤྱན་ཆབ་ཉིལ་བཞིན་རྟེན་འབྲེལ་ངན་པ་དེ་འདྲ་མི་གསུང་བར་ཞུས་པས། རྟེན་འབྲེལ་ངན་རྒྱུ་ཅི་ཡོད། ད་ལྟ་དལ་བའི་དུས་བྱས་པས། ད་གཟོད་བྲེལ་བའི་དུས་སུ་ཕན་པ་ཡིན་སོགས་» «དང༌། ཁྱེད་རང་གཞན་དོན་ནུས་པ་ཚོས། སྐལ་ལྡན་སློབ་མ་གང་བྱུང་ལ་རང་འདོད་ཀྱི་འཁྲིས་མེད་པར་སྨིན་གྲོལ་སྩོལ། མན་ངག་སྟོན། དམ་ཆོས་ཉམས་སུ་ལེན་པ་རྣམས་ཀྱིས་འཇིག་རྟེན་གྱི་བྱ་བ་དོན་དུ་མི་གཉེར་བར་ཁྲེགས་ཐོད་ཀྱི་དོན་ལ་མཉམ་པར་ཞོགས། མ་གོ་བར་བྱུང་ན་ཁོ་བོས་བྱས་པའི་ཡང་ཏིག་ཡིད་བཞིན་ནོར་བུ་འདི་དགོས་འབྱུང་བསམ་འཕེལ་དང་འདྲ་བ་ཡིན་པས་ལྟ་རྟོག་ཞིབ་མོ་གྱིས་ནས་སྒོམས་དང༌། འཁོར་བ་ཟད་སར་བསྐྱལ་ནས་མྱང་འདས་གདོད་མའི་ས་ལ་སླེབས་པར་འགྱུར་རོ། །ཞེས་ སོགས་ལེགས་པར་གདམས་ནས་དགུང་ལོ་ང་དྲུག་བཞེས་པ་ཆུ་མོ་ཡོས་ཀྱི་ལོ་རྒྱལ་ཟླའི་ཚེས་བཅོ་བརྒྱད་ཀྱི་དྲོ་ཁར་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་གསང་ཆེན་མེ་ཏོག་ཕུག་ཏུ། ད་ནི་སྒྱུ་ལུས་གོག་པོ་འདི་འདོར་བ་ཡིན་པས་ཁྱེད་རྣམས་ཅ་ཅོ་མ་བྱེད་པར་མཉམ་པར་ཞོག་ལ་སྡོད་ཅེས་གསུངས་ནས། ངོ་མཚར་བའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པར་འདུ་མཛད་དེ། ཆོས་སྐུའི་བཞུགས་སྟངས་ཀྱིས་གདོད་མའི་ཟད་སར་གཤེགས་སོ། །ཞལ་སློབ་ཀྱང་རྒྱལ་སྲས་བཟོད་པ། གླུ་མཁན་བསོད་སེང༌། མཁས་གྲུབ་ཁྱབ་གདལ་ལྷུན་གྲུབ། བདེ་ལེགས་རྒྱལ་མཚོ། ཆོས་ཀྱི་གྲགས་པ། སློབ་དཔོན་གཞོན་ནུ་སངས་རྒྱས། སློབ་དཔོན་དཔལ་མཆོག །བླ་མ་ཨོ་རྒྱན་པ། མཁན་ཆེན་དགེ་འདུན་རྒྱལ་མཚན། བླ་མ་སྤོས་གོང་པ་སོགས་མདོར་ན་དུས་དེར་ཆོས་ཀྱི་ཚོགས་པ་རེ་རེརའང་ཆོས་འཆད་ནུས་པའི་བླ་མ་སློབ་དཔོན་བཞི་བཅུར་སླེབས་པ་ཙམ་གྱིས་མཚོན་ཏེ་ཤིན་ཏུ་མང་ངོ༌།། །།ཞེས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་» «འཇུག་ཁང་ནས་འགྲོ་འདུལ་རྡོ་རྗེས་སོ།། །། « »PAGE «སྔོན་འགྲོའི་ཞུ་ཚིག«རྩོམ་པ་པོའི་རྣམ་ཐར།

»PAGE 4-PAGE 7--PAGE 1-