volume 011 363

From Rangjung Yeshe Wiki Texts
Jump to navigation Jump to search

¿༄༅། །ཟབ་དོན་སྙིང་པོ་ཅེས་བྱ་བ་བཞུགས་སོ། །«ཟབ་དོན་སྙིང་པོ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཚོགས་གཉིས་ཡོན་ཏན་རྒྱས་པའི་སྐུ། །རྣམ་གྲོལ་ཚངས་དབྱངས་དམ་ཆོས་སྒྲོགས་པའི་གསུང༌། །ཟབ་ཅིང་རྒྱ་ཆེ་མཁྱེན་རབ་རྒྱས་པའི་ཐུགས། །རྒྱལ་དང་དེ་སྲས་བླ་མའི་ཚོགས་ལ་འདུད། །རྒྱུད་དོན་མན་ངག་སྙིང་པོའི་གནས་དག་ལས། །རབ་ཏུ་རྟོགས་དཀའ་དབྱེ་བ་ངེས་པའི་དོན། །རྣམ་གསུམ་རང་བཞིན་དག་པའི་ཟབ་དོན་ཉིད། །ཕྱི་རབས་དོན་དུ་བདག་གིས་འདིར་གསལ་བྱ། །དེ་ལ་རྡོ་རྗེའི་གནས་སྤྱིའི་རང་བཞིནཤེས་པར་བྱ་བ་དང༌། ཤེས་ནས་ཉམས་སུ་བླང་བའི་རིམ་པའོ། །དང་པོ་ལ་གསུམ་སྟེ། ཀུན་གཞི་དང་ཆོས་སྐུའི་དབྱེ་བ། སེམས་དང་ཡེ་ཤེས་ཀྱི་དབྱེ་བ། ཡིད་དང་ཤེས་རབ་ཀྱི་དབྱེ་ བའོ། །དང་པོ་ནི། རང་བྱུང་གི་རིག་པ་གཅིག་ལ་འཁོར་འདས་གཉིས་བརྟེན་པ་ན། ངོ་བོ་རིག་པ་གཅིག་ལ་ཀུན་གཞི་དང་ཆོས་སྐུ་གཉིས་སུ་དབྱེ་བ་ལས། དང་པོ་ཀུན་གཞི་ནི་རིག་པ་ལས་གཞི་སྣང་ཤར་བ་ལས་བདག་ཏུ་བཟུང་བས་འཁོར་བ་གྲུབ་དུས། དྲི་མ་དང་བཅས་པའི་རིག་པ་གང་ཞིག་འཁོར་བ་པ་སོ་སོའི་ལུས་ངག་སེམས་དང༌། དེ་དྲི་མ་རྣམས་ཀྱི་རྟེན་དུ་གྱུར་བའོ། །འདི་ལ་ངོ་བོ་ངེས་ཚིག» «།དབྱེ་བ། བྱེད་ལས། སྒྲ་འཇུག་པའི་རྒྱུ་མཚན་དང་བཞི་ལས། ངོ་བོ་ཚོགས་པ་སྡུད་པར་བྱེད་པའོ། །ངེས་ཚིག་ཀུན་མང་བ་ལས། གཞི་མང་པོ་འདུས་པའི་ལས་བྱེད་པའོ། །དབྱེ་ན་གསུམ་སྟེ། ཡེ་དོན་གྱི་ཀུན་གཞི་གནས་པས་གཞི་ཡིན་ལ། འགྱུ་བས་ན་ཀུན་ཡིན་པའོ། །སྦྱོར་བ་དོན་གྱི་ཀུན་གཞི་ནི། འདུས་པས་ན་ཀུན་ཡིན་ལ། གཉིས་སྦྱོར་བས་ན་གཞི་ཡིན། བག་ཆགས་ལུས་ཀྱི་ཀུན་གཞི་ནི། སྔ་ཕྱི་བསྡེབ་པས་ན་ཀུན་ཡིན་ལ། དངོས་པོ་འདུས་པས་གཞི་ཡིན་ན། དེ་དག་ནི་རིག་པ་ཉིད་འཁོར་བས་བསྒྲིབས་པའི་ཆ་ནས་ཡེ་དང༌། སེམས་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟེན་དུ་གྱུར་པས་སྦྱོར་བ་དང༌། ཁམས་གསུམ་སོ་སོའི་ལུས་གསུམ་གྱི་ཆར་བརྟེན་པས་བག་ཆགས་ཀྱི་ལུས་ཀུན་གཞི་ཞེས་སོ་སོའི་ཆའམ། ལྡོག་པ་ནས་བཏགས་པའོ། །བྱེད་ལས་ནི། བག་ཆགས་སྔ་ཕྱིའི་རྟེན་བྱེད། ལས་དང་ཉོན་མོངས་པས་རྒྱུ་བྱེད། ལུས་དང་ཚོགས་པ་དུ་མའི་རྐྱེན་བྱེད། །ལུས་སེམས་ཀྱི་ཚོགས་སྦྱོར་བར་བྱེད་དོ། །སྒྲ་འཇུག་པའི་རྒྱུ་མཚན་ནི། བག་ཆགས་སྔ་ཕྱིའི་ཉིང་མཚམས་ནས་ལས་ཀྱི་རྣམ་སྨིན་སྔ་ཕྱིའི་འབྲེལ་དང༌། རྒྱུ་འབྲས་ཀྱི་སྡེ་པ་ཀུན་ཡིན་ལ། དེ་ལྷན་ཅིག་ཏུ་ཚོགས་པའི་གཞི་ཡིན་པས་ན་ཀུན་གཞི་ཞེས་བྱ་སྟེ། མདོར་ན་འཁོར་བའི་ལུས་ངག་སེམས་དང་ཡུལ་དུ་སྣང་བ་ཐམས་ཅད་ཀྱི་རྟེན་ནམ་གཞིར་གྱུར་པས་ཀུན་གཞི་སྟེ། ཡེ་དོན་གྱི་ཀུན་གཞི་མ་རིག་པ་མཚུངས་ལྡན་ལུང་མ་བསྟན་དང༌། སྦྱོར་བ་དོན་གྱི་ཀུན་གཞི་རྣམ་ཤེས་ཚོགས་བརྒྱད་དང་མཚུངས་ལྡན་ལུང་མ་བསྟན་དང༌། བག་ཆགས་ལུས་ཀྱི་ཀུན་གཞི་གདོས་བཅས་འོད་དང༌། མིང་གཞིའི་ཕུང་པོ་གསུམ་དང་མཚུངས་ལྡན་ལུང་མ་བསྟན་དུ་གནས་པའོ། །ཆོས་ཀྱི་སྐུ་ནི་སྟོང་གསལ་ཀ་ནས་དག་པའི་རིག་པ་མཚོན་བརྗོད་ལས་འདས་པ། ངོ་བོ་དགེ་སྡིག་སྐྱོན་ཡོན་ལས་འདས་པ་ནམ་མཁའ་ལྟ་བུའོ། །དེ་ལ་ངོ་བོ་རང་རིག་ཀ་ནས་དག་པའོ། ། ངེས་ཚིག་རྣམ་པར་གྲོལ་བའི་ཡོན་ཏན་མཐར་ཐུག་གི་ཆོས་ཡིན་པས་ཆོས་ སྐུའོ། །དབྱེ་ན་ངོ་བོ་རྣམ་དག་སྟོང་པའི་ཆོས་སྐུ། རང་བཞིན་གཏིང་གསལ་འཆར་གཞིའི་ཆོས་སྐུ། ཐུགས་རྗེ་རིག་སྟོང་ཁྱབ་པའི་ཆོས་སྐུ་གསུམ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ། །བྱེད་ལས་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པས་འཁོར་བ་ཆོས་ཉིད་དུ་གྲོལ་བའི་གཞི་བྱེད་དོ། །སྒྲ་འཇུག་པའི་རྒྱུ་མཚན་ནི་དྲི་མ་མེད་པ་དང༌། ལྷུན་གྱིས་གྲུབ་པ་དང༌། གོ་མི་འགགས་པར་ཡེ་ཤེས་ཀྱི་སྣང་བ་དང་ཡོན་ཏན་གྱི་ཚོགས་འཆར་བའི་ཆོས་ཀྱི་འབྱུང་ཁུངས་ཡིན་པའི་ཕྱིར་ཆོས་སྐུ་ཞེས་སྒྲར་སྦྱར་བའོ། །མདོར་ན་རིག་པའི་གཤིས་ཤེལ་དང་ནམ་མཁའ་མེ་ལོང་ལྟ་བུ་ནི་ཆོས་སྐུ་ཞེས་བྱ་སྟེ། ངོ་བོ་སྟོང་ཡང་ཕྱང་ཆད་དུ་མ་སོང༌། རང་བཞིན་གསལ་ཡང་མཚན་མར་མ་གྲུབ། ཐུགས་རྗེ་རིག་ཀྱང་དྲན་རྟོག་ཏུ་མ་གཡོས་པའོ། །དེ་དག་ཀྱང་མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཉིད་ནི་བསགས་པའི་ཕྱིར། །ཆོས་ཀྱི་སྐུ་ནི་ཟག་པ་ཟད། །སྟོང་ཞིང་གསལ་ལ་གསལ་ཞིང་ཁྱབ། །བསམ་པས་མ་སྦགས་དྲན་པས་སངས། །སྤྲོས་པ་ཉིད་དང་བྲལ་བ་སྟེ། །ནམ་མཁའ་ལྟ་བུར་ཁྱབ་ཅིང་སྟོང༌། །རང་དག་མཚོན་པ་ཀུན་དང་བྲལ། ། རྒྱུ་དང་རྐྱེན་བཅས་ཀུན་གཞི་ལ། །བག་ཆགས་གསོག་བྱེད་གཟིངས་དང་ འདྲ། །ཆོས་ཀྱི་སྐུ་ནི་བག་ཆགས་བྲལ། །ཡིད་དང་སེམས་སོགས་འདུས་པ་ལས། །ལུས་ཅན་ཀུན་གཞི་དུ་མར་སྣང༌། །ཆོས་སྐུ་ཡིད་སོགས་བྲལ་བས་ ན། །དུ་མ་གཟུགས་སྣང་ལུས་མེད་པའི། །འབྱུང་ཆེན་«ལུས་ལ་«ལྔ་པོ་སྣང་བས་ ན། །དངས་པའི་འོད་ལྔ་འབྱུང་བས་བསྒྲིབས། །ཕྲ་རགས་ལྔ་ནི་ཡུལ་སྣང་ བས། ཁ་དོག་ལྔ་ཡང་རྡུལ་དང་བཅས། །འབྱུང་ལྔའི་«ཆོས་སྐུ་«མདུད་པ་རངགྲོལ་བས། །ཆེན་པོ་ལྔ་ཡང་འོད་ལྔར་གསལ། །ཕྲ་རགས་དྲི་མ་ངང་ལོག་པས། ཁ་དོག་ལྔ་པོ་མ་འདྲེས་གསལ། །བག་རྡུལ་ནམ་མཁའ་རང་དངས་པས། །«གཞི་སྣང་བའི་«ཡེ་ཤེས་ལྔ་ནི་འོད་དུ་ཤར། །དམིགས་པའི་འོད་ལྔ་«ཆོས་སྐུ་«ཆ་ལ་ཐིམ། །ཡུལ་དང་ཤེས་པ་རང་ཡལ་བས། །འབྱུང་ལྔའི་དངས་མ་འོད་དུ་ཐིམ། །དེ་ཕྱིར་འབྱུང་བ་དངས་སྙིགས་དབྱེ། །ཞེས་གསུངས་སོ། །གཉིས་པ་སེམས་དང་ཡེ་ཤེས་དབྱེ་བ་ནི། །སེམས་དང་ཡེ་ཤེས་གཉིས་པོ་རིག་པའི་རྩལ་དུ་གཅིག་ཀྱང༌། འཁོར་འདས་སོ་སོའི་སྐྱོན་ཡོན་ལ་འཇུག་པའི་ཆ་ནས། སེམས་དང་ཡེ་ཤེས་གཉིས་སུ་དབྱེ་བ་ལས། དང་པོ་སེམས་ཀྱི་ངོ་བོ་ནི། རིག་པའི་རྩལ་གཟུང་འཛིན་དུ་ཞེན་པས། འཁོར་བའི་འཁྲུལ་སྣང་རྒྱུ་འབྲས་སྐྱེད་པར་བྱེད་པ་སྟཻ། ངོ་སྤྲོད་སྤྲས་པ་ལས། རིགས་ཀྱི་བུ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ནི་འཁོར་བའི་ཆོས་ཡིན་ནོ། །ཞེས་སོ། །དེ་ལས་སེམས་ཀྱི་ངོ་བོ་ཁམས་གསུམ་པའི་སེམས་སེམས་བྱུང་སྒྲོ་བཏགས་ཀྱི་རྣམ་པ་ཅན་དྲི་མའི་ཆོས་ཏེ། བདེན་གཉིས་ལས་ཀྱང༌། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་པ་དང༌། འཇུག་པ་ལས། སེམས་འགགས་པ་དེ་སྐུ་ཡི་མངོན་སུམ་མཛད། །ཅེས་དགག་བྱ་དྲི་མར་བཤད་དོ། །དབྱེ་ན་སེམས་རྣམ་པར་ཤེས་པའི་ཚོགས་བརྒྱད། སེམས་བྱུང་ལྔ་བཅུ་རྩ་གཅིག་གོ །ངེས་ཚིག་གཟུང་འཛིན་དུ་སེམས་པས་སེམས་སོ། །སྒྲ་འཇུག་པའི་རྒྱུ་མཚན་ནི། གང་ལ་སེམས། གང་གིས་སེམས། གང་སེམས་པར་བྱེད་པ་གསུམ་གྱིས་ཕྱིར་ན་སེམས་སོ། །དེའང་སེམས་ཀྱི་རྩ་བ་ཡེ་ཤེས་ཀྱི་གདངས་ཏེ། རླུང་གིས་བསྐྱོད་པ་ལས་ཡུལ་རིག་པ་ཡེ་ཤེས་ཀྱི་རྩལ། མི་འགྱུ་དགུ་འགྱུ་རླུང་གི་ཆ་སྟེ། རྟ་ལོང་བ་རྐང་ཅན་དང༌། མི་འཕྱེ་བོ་མིག་ཅན་བཞིན་ནོ། །འདི་དག་ལ་མན་ངག་གང་གིས་ཕྱེ་ན། རྟེན་དང༌། གནས་དང༌། ལམ་དང༌། སྒོ་དང༌། བྱེད་ལས་དང༌། འབྲས་བུ་ཐ་དད་དུ་བཞག་པ་ཉིད། ངོ་སྤྲོད་སྤྲས་པའི་རྒྱུད་ལས། གསང་བའི་བདག་པོ།» «སེམས་ཀྱི་རྟེན་ནི་རང་གི་ཤ་ཁྲག་གི་ལུས་བྱང་ཁོག་སྟོད་ཡིན་ནོ། །གནས་ནི་གློ་བའི་ནང་ན་གནས་སོ། །ལམ་ནི་གློ་བ་ནས་མགྲིན་པར་རྩ་གྲོ་སོག་གི་སྦུག་མ་ཙམ་གཅིག་གིས་སྦྲེལ་ནས་ཡོད་དོ། །དེ་ནས་ཡང་དབུགས་འགྱུ་བ་དེ་སེམས་ཀྱི་ལམ་ཡིན་ནོ། །སྣ་ཚོགས་པའི་འདོད་པའི་སྒོ་ཁ་དང་སྣ་བུག་གཉིས་ཏེ་གསུམ་ཡིན་ནོ། ། འདོད་པའི་ཤེས་པ་དེ་ནས་བྱུང་ངོ༌། །སེམས་རང་གི་ངོ་བོ་ནི་རྣམ་པར་རྟོག་པ་དང་བཅས་པ་དབུགས་ཕྱི་ནང་དུ་རྒྱུ་བ་འདི་རང་ཡིན་ནོ། །རིགས་ཀྱི་བུ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་འཁོར་བའི་རྒྱུ་ཡིན་ནོ། །ཞེས་སོ། །ཡེ་ཤེས་ཀྱི་ངོ་བོ་ནི་རྣམ་པར་མི་རྟོག་པའི་ཤེས་པ་རང་གི་གདངས་རང་འོད་ལྔ་དང་བཅས་པ་མྱ་ངན་ལས་འདས་པའི་ཆ་འཛིན་པར་བྱེད་པའོ། །དེ་ཡང་ཡེ་ཤེས་ཀྱི་ངོ་བོ་རིག་པ་དྲན་རྟོག་དང་བྲལ་བའོ། །ངེས་ཚིག་དེའི་དོན་ཤེས་པས་ཡེ་ཤེས་སོ། །དབྱེ་ན་གཞི་གནས་ཀྱི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། མཚན་ཉིད་འཛིན་པའི་ལྔ། ཤེས་བྱའི་ཡེ་ཤེས་གཉིས་སོ། །སྒྲ་འཇུག་པའི་རྒྱུ་མཚན་ནི། ཡེ་ཡི་དོན་གཞི་ཇི་བཞིན་པའི་ཤེས་པ་ཡིན་པས་ན་ཡེ་ཤེས་སོ། །དེ་དག་ཀྱང་རྟེན་ལ་སོགས་པས་དབྱེ་ན། ངོ་སྤྲོད་སྤྲས་པ་ལས། གསང་བའི་བདག་པོ་བདེ་བར་གཤེགས་པ་ཡེ་ཤེས་ཀྱི་ལུས་ཅན། བརྟེན་པ་རང་གི་ལུས་བྱང་ཁོག་སྟོད་འདི་ན་བརྟེན་ནས་ཡོད། གནས་པ་སྙིང་ན་གནས་སོ། །ལམ་ནི་སྙིང་དང་མིག་གི་བར་དུ་རྩ་དར་དཀར་གྱི་སྐུད་པ་ལྟ་བུ་མཉེན་ལ་འཁྲིལ་བ། ཁྲག་དང་ཆུ་སེར་མེད་པ་གཅིག་གིས་འབྲེལ་ནས་ཡོད་དོ། །དེ་ནི་ཡེ་ཤེས་ཀྱི་ལམ་ཡིན་ནོ། །སྒོ་ནི་མངོན་དུ་གྱུར་པའི་སྒོ་གཉིས་ལྐོག་ཏུ་གྱུར་པའི་སྒོ་གཉིས་ཏེ་བཞི་ཡིན་ནོ། །མངོན་དུ་གྱུར་པའི་སྒོ་གཉིས་ནི་རང་གི་མིག་གཉིས་ཡིན་ ནོ། །ལྐོག་ཏུ་གྱུར་པའི་སྒོ་གཉིས་ནི་རང་གི་རྣ་བ་གཉིས་ཡིན་ནོ། །རང་གི་ངོ་བོ་ནི་དག་པ་ཆོས་ཀྱི་སྐུ་ངོ་བོ་སྟོང་པར་བཞུགས་སོ། །ཡེ་ཤེས་གསལ་བར་བཞུགས་སོ། །སྙིང་པོ་ཟང་ཐལ་དུ་བཞུགས་སོ། །ངོ་བོ་སྟོང་པར་བཞུགས་པ་ནི། རང་གི་རིག་པ་འདི་ཉིད་ནི་དངོས་པོ་དང་མཚན་མ་གང་ཡང་མ་གྲུབ་པས། ངོ་བོ་སྟོང་པར་འདུག་པ་འདི་ཉིད་ཡིན་ནོ། །སྙིང་པོ་གསལ་བར་བཞུགས་པ་ནི། རང་གི་རིག་པའི་ངོ་བོ་མ་འགགས་པར་གསལ་བ་འདི་ཡོན་ནོ། །རིགས་ཀྱི་བུ་རང་གི་ངོ་བོ་མ་འགགས་པར་གསལ་བ་འདི་སངས་རྒྱས་ཀྱི་དགོངས་པ་ཡིན་ནོ། །ཟང་ཐལ་དུ་བཞུགས་པ་ནི། སངས་རྒྱས་སྙིང་གི་ནང་ན་བཞུགས་པ་ཤ་ཁྲག་གི་ལུས་ཀྱིས་གཏུམས་ཀྱང་མ་ཐུམས་པར་རང་གི་མིག་གི་རྣམ་པར་ཤེས་པ་ལ་མཐོང་བ་མ་འགགས་པར་གསལ་བ་འདི་ཡིན་ནོ། །འདི་ཉིད་ཡེ་ཤེས་ཟང་ཐལ་གྱི་དགོངས་པ་ཡིན། ཞེས་སོ། །དེ་དག་ཀྱང་མུ་ཏིག་ཕྲེང་བ་ལས། སེམས་ནི་འདུས་ཚོགས་འབྱུང་བའི་ཕྱིར། །དྲི་མ་ཉིད་དང་ཡང་སྦགས་པས། ། ཀུན་གཞི་སྡུད་པའི་སེམས་ལ་བསགས། །དྲི་མའི་གྲངས་སུ་གྱུར་པས་ན། ། སེམས་དང་ཡེ་ཤེས་དབྱེ་བ་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །སེམས་ནི་བག་ཆགས་ཀུན་གྱི་གཞི། །ལུ»ས«་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །སེམས་དེ་བྲལ་ན་སངས་རྒྱས་པ། །ལུས་ཅན་ཀུན་གྱི་དྲི་མ་ཟད། །འགྲོ་བ་རྣམས་ནི་སེམས་དེས་འགྲོ། །དེ་མིན་འགྲོ་བར་ནུས་མིན་ཏེ། །དེ་ཕྱིར་འགྲོ་རྣམས་འཁྲུལ་འཁོར་བཞིན། །ཐུགས་ནི་སྤྱོད་པ་ཀུན་བྲལ་བས། །བེམ་པོ་ལྟ་བུ་མ་ཡིན་ཏེ། །ཤེས་ཤིང་རིག་པ་གསལ་བྱེད་སྣང༌། །རྣམ་པར་རྟོག་པ་ཀུན་བསྲེག་སྟེ། །ཡེ་ཤེས་ཉིད་ནི་མེ་བཞིན་ཟ། །ནམ་མཁའ་ཉིད་དང་མཚུངས་པ་ཡིན། །སྟོང་གསལ་རིག་ཅན་ཉིད་ཡིན་ནོ། །དེ་ཕྱིར་ཡེ་ཤེས་སྣང་བ་སྟོན། །དབྱེར་མེད་ཐུགས་རྗཻ་རང་ཤར་བས། ཁྱབ་ཅིང་ཀུན་འབྲེལ་ཆོས་ཀུན་རྫོགས། །དྲན་པ་ཉིད་ནི་དྲན་མེད་པས། །ཡེ་ཤེས་དྲན་གཞི་ཉིད་དང་བྲལ། །ཡེ་ཤེས་ཉིད་ནི་འདི་ལྟ་སྟེ། གཞི་གནས་དག་པའི་ཡེ་ཤེས་དང༌། མཚན་ཉིད་འཛིན་དང་ཡུལ་ཁྱབ་བོ། ། ཞེས་པ་དང༌། ཐིག་ལེ་ཀུན་གསལ་ལས། སེམས་དང་ཡེ་ཤེས་རྣམ་པ་ གཉིས། །གཅིག་མིན་ཐ་དད་མ་ཡིན་ཏེ། །དབྱེ་བ་རབ་ཏུ་དཀའ་བའི་ཆོས། ། སེམས་ནི་ཡེ་ཤེས་རྩལ་ཡིན་ཏེ། །སེམས་ཀྱི་གཞི་མ་ཡེ་ཤེས་ཡིན། །དེ་བས་སེམས་དང་ཡེ་ཤེས་གཉིས། །གཅིག་པ་དང་ནི་ཐ་དད་ལས། གྲོལ་བའི་མ་གྲོལ་ཞེས་བྱའོ། །སེམས་དང་ཡེ་ཤེས་དབྱེ་བ་ནི། །ངོ་བོའི་སྒོ་ནས་དབྱེ་བ་ དང༌། །གནས་ཀྱི་སྒོ་ནས་དབྱེ་བ་དང༌། །ལམ་གྱི་སྒོ་ནས་དབྱེ་བ་དང༌། །སྒོ་ཡི་སྒོ་ནས་དབྱེ་བ་དང༌། །སྐྱོན་ཡོན་སོ་སོའི་སྒོ་ནས་དབྱེ། །དེ་ལ་ཡེ་ཤེས་ངོ་བོ་ ནི། །རང་བཞིན་རྣམ་པར་དག་པ་ཆོས་ཀྱི་སྐུ། །འདུག་ཚུལ་འོད་དུ་འདུག་པ་གཟུགས་ཀྱི་སྐུ། །སྣང་ཚུལ་ཕྱི་ནང་མེད་པས་ཟང་ཐལ་ལ། །སྐུ་གསུམ་དབྱེར་མེད་དངོས་པོའི་སྒྲིབ་ལས་འདས། །སེམས་ཀྱི་ངོ་བོ་བསྟན་པ་ནི། སྦུབས་དང་བཅས་པའི་གཟུང་འཛིན་ཡིན། སེམས་དང་ཡེ་ཤེས་གནས་བསྟན་པ། ཡེ་ཤེས་ཆེན་པོའི་བཞུགས་གནས་ནི། །རྣམ་དག་དབྱིངས་ཀྱི་ཐིག་ལེ་ཡིན། །ད་ལྟ་རིན་ཆེན་ཀློང་ན་བཞུགས། །འདུག་ཚུལ་གནས་དང་སྣང་ཚུལ་མཇལ། །སེམས་ནི་རླུང་ཅན་གྲོང་ན་གནས། །ལམ་ཡང་རྣམ་པ་གཉིས་སུ་བསྟན། །རིན་ཆེན་རྒྱ་མཚོ་འབྲེལ་བ་ནི། །དཀར་འཇམ་ཁོག་པ་སྟོང་པའི་རྩ། །ཐིག་ལེ་ཁྲག་གིས་མ་གོས་པ། །ཡེ་ཤེས་ཆེན་པོ་ཀུན་ཏུ་རྒྱུ། །དེ་ནི་ཡེ་ཤེས་ལམ་དུ་བཤད། །མགྲིན་པ་སེམས་ཀྱི་ལམ་དུ་བཤད། །དེ་ལ་དབུགས་རྒྱུ་གསང་ལམ་ཡིན། །སྒོ་ལ་རྣམ་པ་གཉིས་སུ་བཤད། །ཡེ་ཤེས་སྒོ་དང་སེམས་ཀྱི་སྒོ། །ཡེ་ཤེས་སྒོ་ལ་གཉིས་ཡིན་ཏེ། ཁྱབ་ལ་མི་སྣང་ལྐོག་གྱུར་སྒོ། །རྣ་བ་གཉིས་སུ་བསྟན་པ་ཡིན། ། གསལ་བའི་བདག་ཉིད་ཟང་ཐལ་བས། །མངོན་གྱུར་སྒོ་དེ་སྤྱན་དུ་བསྟན། ། སེམས་སྒོ་འདོད་པའི་སྒོ་གསུམ་ཡིན། །ཡེ་ཤེས་ཡོན་ཏན་སྐུར་སྣང་སོགས། ། སེམས་ཀྱི་སྐྱོན་ནི་འཁོར་བའི་ཆོས། །དེ་དང་དེ་ལས་བྱུང་པར་རྩིས། །ཞེས་གསུངས་སོ། །དེ་ལ་སྒོ་ལྔ་ཡོད་པ་ལས། མིག་དང་རྣ་བ་ཡེ་ཤེས་ཀྱི་སྒོར་ འཇོག །གཞན་མི་འཇོག་པ་ནི། ཡེ་ཤེས་ཀྱི་རྩ་ལ་རྣམ་ཤེས་རྒྱུ་བའི་ཆ་བཏགས་ན་འདྲ་མོད་ཀྱང༌། ཡེ་ཤེས་ཀྱི་རང་གདངས་སྒྲ་འོད་ཟེར་གསུམ་ད་ལྟ་དངོས་སུ་བལྟ་ཞིང་ཉན་དུ་ཡོད་མེད་ཀྱི་ཆ་ནས་དེ་ལྟར་བཞག་པའོ། །གནད་འདི་ནི་གཞན་གྱིས་མི་ཤེས་རང་གནད་ཁོ་བོས་རྟོགས་པ་འདིར་བཀོད་པའོ། །གསུམ་པ་ཡིད་དང་ཤེས་རབ་དབྱེ་བ་ནི། རིག་པས་ཡུལ་ཤེས་པས་ན་ཡིད་དང་ཤེས་རབ་གཉིས་ཀས་དོན་རིག་པར་གཅིག་པས་ཆའི་འདྲེས་པ་དབྱེ་བ་གཉིས་ལས། དང་པོ་ཡིད་ནི་སེམས་ཀྱི་རྩལ་རྟོག་པས་ཡུལ་ཕྱིར་འབྲེངས་ནས་ཞེན་ཅིང་རྟོག་པའོ། །དེ་ལ་ཡིད་ཀྱི་ངོ་བོ་རྟོག་པ་རང་ཀར་འགྱུར་བའོ། ། ངེས་ཚིག་ཡུལ་ཡིད་ལ་བྱེད་པས་ཡིད་དོ། །དབྱེ་ན་ཀུན་ཏུ་ཚོགས་པ་ལ་སོགས་པ་དྲུག་གམ། ཡིད་ཤེས་ཡུལ་རིག་ཙམ་དང༌། ཉོན་ཡིད་ཆགས་སྡང་དུ་སྐྱེད་པ་གཉིས་སོ། །བྱེད་ལས། ལས་དང་བག་ཆགས་བསགས་ནས་འཁོར་བ་མངོན་པར་འདུ་བྱེད་དོ། །འབྲས་བུ་སྡུག་བསྔལ་ལོ། །སྒྲ་འཇུག་པའི་རྒྱུ་མཚན་ནི། ཡུལ་ཐོག་ཏུ་སྤྱོད་ཅིང་འགྱུ་བའི་ཆ་ནས་ཡིད་ཅེས་བཏགས་སོ། །རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཡིད་ནི་དཔེར་ན་བྱ་སྒྲོ་རླུང་ཁྱེར་འདྲ། །ཞེས་སོ། ། ཤེས་རབ་ནི་ཐུགས་རྗེའི་རྩལ་ཤར་གྲོལ་གཉིས་མེད་ཀྱི་ཤེས་པ་སྟེ། ཡུལ་རིག་ཀྱང་ཡུལ་ཕྱིར་མ་འབྲངས་པས། རིག་གདངས་མི་རྟོག་པའོ། །མེ་ལོང་ལྟ་བུ་གཟུགས་བརྙན་ལྟ་བུ་ཤར་དུ་རྟོག་དཔྱོད་མེད་པས། རྣམ་པ་སྣང་ཡང་གང་སྣང་གི་རྣམ་པ་ལ་མི་རྟོག་པའི་ཕྱིར་རྣམ་པར་མི་རྟོག་པའི་ཤེས་རབ་དམ་པ་ཞེས་བྱའོ། །ཤེས་རབ་ཀྱི་ངོ་བོ་ཡུལ་ངེས་ཀྱང་རྣམ་པར་མི་རྟོག་པའོ། །ངེས་ཚིག་ཡུལ་གྱི་རྣམ་པ་ཅི་ཡིན་པ་སྐད་ཅིག་གིས་ཤེས་ཀྱང༌། དེ་ལ་རྟོག་དཔྱོད་ཞིབ་རྩིང་གི་ཚུལ་གྱིས་མི་རྟོག་པས། ཡུལ་ཤེས་པ་ཐམས་ཅད་ཀྱི་ནང་ནས་རབ་ཏུ་གྱུར་པའི་ཕྱིར་ན་ཤེས་རབ་བོ། །དབྱེ་ན་ཆོས་ཅན་ཤེས་པའི་ཤེས་རབ་དང༌། ཆོས་ཉིད་ཤེས་པའི་ཤེས་རབ་གཉིས་སམ། ཐོས་བསམ་སྒོམ་གསུམ་གྱི་རིམ་པའོ། །རྣལ་འབྱོར་པས་ཐོས་ཀྱང་མི་རྟོག» «།བསམ་ཀྱང་མི་རྟོག» «།སྒོམ་ཀྱང་མི་རྟོག་སྟེ། སྐད་ཅིག་རྗེས་འཐུད་ཀྱི་རྣམ་པ་མེད་པས། སྐད་ཅིག་གཅིག་གིས་ཁོང་དུ་ཆུད་པར་བྱེད་དོ། ། མཚན་བརྗོད་ལས། ཤེས་རབ་ཆེན་པོའི་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང༌། །ཞེས་སོ། སྒྲ་འཇུག་པའི་འཐད་པ་ནི། གཞན་ཡུལ་ཤེས་པའི་རབ་རྣམ་པར་མི་རྟོག་པས། ཤེས་པས་ཤེས་པ་ཡིན་པའི་ཕྱིར་ཤེས་རབ་བོ། ། རྟགས་ཚད་ལས། ཡིད་དང་ཤེས་རབ་ཤེས་པའི་ཚད་ཆོས་རྣམས་སྣ་ཚོགས་སུ་ཤར་བའི་ཚེ་ན་ཡིན། ཞེས་སོ། །དེའང་བླ་མེད་ཀྱི་རྒྱུད་དང་མན་ངག་ཏུ་རེས་འགའ་རྟོག་པས་འཁོར་བར་འཇུག་པ་སྤང་བྱར་གསུངས་པ་དང༌། རེས་འགའ་དགོངས་པའི་ཀློང་ཆེན་དུ་གསུངས་པ་ཐམས་ཅད་ཚུལ་འདིས་ཤེས་པར་བྱ་སྟེ། དྲི་མ་དང་གེགས་དང་སྤང་བྱར་བཤད་པ་རྣམས་གང་བྱུང་དུ་ཡིད་ཡུལ་ཕྱིར་འགྱུ་བའི་རྟོག་པ་ལ་ངོས་གཟུང་ངོ༌། །རང་གྲོལ་རང་ཤར་རོལ་པ་ཙམ་དགོངས་པ་ཞེས་རྟོག་པ་མི་སྤང་བར་ལམ་འཁྱེར་དུ་བཤད་པ་ཐམས་ཅད། མིང་རྟོག་པ་དང་ཡིད་དུ་བཏགས་ཀྱང་དོན་ཤེས་རབ་ཏུ་ངོས་གཟུང་སྟེ། དཔེར་ན་འདས་རྗེས་སུ། སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་དུ་གྲོལ། །ཞེས་པ་ལྟ་བུའོ། །དེའང་འཆར་དུས་རིག་ཆ་དེ་ཤེས་རབ་ཏུ་ཡོད་ཀྱང༌། འགྱུ་ཆ་དེ་རླུང་དུ་བྱུང་བས། ཡིད་ཀྱི་རྟ་རླུང་དང་བྲལ་དགོས་པས་ཡིད་དང་ཤེས་རབ་ཕྱེད་པ་གཅེས་སོ། །ཤེས་རབ་ལ་རིག་ཆ་ཡོད་ཀྱང་འགྱུ་ཆ་མེད་པས་ཡིད་དང་དོན་མི་མཚུངས་སོ། །གང་ཕྱིར་འདི་གཉིས་ཁྱད་པར་དག» «། མཁས་པ་རྣམས་ཀྱིས་མ་རྟོགས་པས། །བློ་གྲོས་བླུན་པས་ཇི་ལྟར་རྟོགས། ། གཟུགས་ཀྱི་དབྱེ་བ་དམིགས་པའི་སྐབས། །མིག་ལྡན་རྣམས་ནི་མ་རྟོགས་པ། ། དམུས་ལོང་དག་ལ་ཡོད་དམ་ཅི། །དེ་བས་འདྲེས་པ་དབྱེ་བའི་གནས། །རྟོགས་པ་འདི་འདྲ་ལེགས་པར་ཟུང༌། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ། རྟོགས་དཀའ་བའི་གནས་ཤེས་པར་བྱ་བ་ལ་གདམས་པའོ། །དོན་གཉིས་པ་ཤེས་ནས་ཉམས་སུ་བླང་བའི་རིམ་པ་ལ་གསུམ་སྟེ། ཆོས་སྐུའི་གནས་ངོ་བོ་ཀ་དག་གི་རང་མལ་ཤེས་ནས་ཉམས་སུ་བླང་བ། ཡེ་ཤེས་ཀྱི་གནས་རང་བཞིན་ལྷུན་གྲུབ་ཀྱི་རང་གདངས་ཤེས་ནས་ཉམས་སུ་བླང་བ། ཤེས་རབ་ཀྱི་གནས་ཐུགས་རྗེ་ཀུན་ཁྱབ་ཀྱི་རང་རྩལ་ཤེས་ནས་ཉམས་སུ་བླང་བའི་མན་ངག་བསྟན་པའོ། །དང་པོ་ནི། ད་ལྟའི་རིག་པ་བློ་བྲལ་རྗེན་པའི་རང་ངོ་སྟོང་སངས་ནམ་མཁའ་ལྟ་བུ་འདི་ཀ་གདོད་མའི་ཀ་དག་ཆོས་སྐུའི་ངོ་བོ་གཤིས་སུ་ངོ་སྤྲོད་པའི་རང་མལ་སྟོང་པ་ཧར་སངས། །ཕྱི་ནང་བར་མེད་ཕྱལ་ཡས་སུ་ངོས་བཟུང་ནས་རྟེན་མེད་དུ་སངས་སྟེ། ཟང་ཐལ་དུ་སལ་ལེ། རང་གསལ་དུ་ཝལ་ལེ། བར་མེད་དུ་ཕྱལ་ལེ། སྟོང་སངས་སུ་ཧར་རེ་འཇོག་པ་ཡིན་ཏེ། ཐལ་འགྱུར་ལས། གཞི་ལ་ཡུལ་མེད་རྟོགས་པས་ཆོག །དེ་ཙམ་ཉིད་ན་ཆོས་ཀྱི་སྐུ། །སལ་ལེ་སང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཁའི་ཟླ་བ་བཞིན། ། ཞེས་གསུངས་སོ། །གཉིས་པ་སྙིང་ག་ནས་ཡེ་ཤེས་སུམ་བརྩེགས་ཀྱི་རང་གདངས་མིག་ནས་ནམ་མཁར་ཤར་བ་ཉིད། མངོན་སུམ་སྙིང་པོའི་རང་གདངས་སུ་ངོ་སྤྲད་ནས། སྒྲོན་མ་བཞིས་ཉམས་སུ་ལེན་པ་ཡིན་ནོ། །དེ་ལ་རྒྱང་ཞགས་ཆུའི་སྒྲོན་མ་ནི། མིག་གི་ཨ་འབྲས་ཀྱི་དབང་རྟེན་དང་པོ་གཉིས་ཏེ། འདིའི་གནད་དུ་ཆོས་སྐུའི་གཟིགས་སྟངས་དྭངས་མ་འདྲེན་བྱེད་གྱེན་དུ་བལྟ་བ། ལོངས་སྐུའི་ཟུར་དང་ཐད་སོར་བལྟ་བ། སྤྲུལ་སྐུའི་གཟིགས་སྟངས་ཐུར་ལ་དབབ་པ་གསུམ་གང་བྱེད་ཀྱང༌། ཆེད་དུ་རྩོལ་བས་མ་བསྒྲིབས་པར་བག་ཆགས་ཀྱི་རང་བབ་ཆ་ན་ལྷོད་ཡོད་པར་བྱས་པས། མིག་བདེ་ཞིང་འཕེལ་སྣང་བརྟན་པར་བྱེད་པའི་གནད་དམ་པའོ། །དབྱིངས་རྣམ་པར་དག་པའི་སྒྲོན་མ་ནི། དེ་ལས་ཕྱི་ཡུལ་ནམ་མཁའ་སྟོང་པར་དང་པོ་ལ་མཐིང་ཀ་ཁྱབ་པ་ཆེན་པོའི་འོད་ལས་ཁ་དོག་ལྔར་མཆེད་པ་འོད་ཀྱི་མུ་ཁྱུད་ཟླུམ་འཁྲིགས་དང་བཅས་པ་རྨ་བྱའི་མདོངས་ལྟ་བུའོ། །འདིའི་གནད་དུ་ནམ་མཁར་རིག་པ་བལྟ་བ་ཉིད་མ་ཡེངས་པར་དལ་བས་འགྲུབ་བོ། །ཐིག་ལེ་སྟོང་པའི་སྒྲོན་མ་མིག་ཕུགས་ཀྱི་འོད་ཚོན་གང་བ་སྟེ། ཇི་ཞིག་ན་དེ་ཉིད་ཀྱང་དངོས་སུ་ནམ་མཁར་སྣང་བས་དབང་པོའི་ཡུལ་དུ་འགྱུར་རོ། །འདིའི་གནད་དལ་བུས་སོར་མོས་གཏེམས་ལ་རིག་པས་དེ་ལ་མ་ཡེངས་པར་བལྟའོ། །ཤེས་རབ་རང་བྱུང་གི་སྒྲོན་མ་ནི། རིག་པ་རང་གདངས། ཤེས་རབ་རང་གསལ་རྟོག་མེད་རྒྱ་ཆད་བྲལ་བར་རྟོགས་པའི་ཆ་དེ་ཡིན་ལ། དེའི་དངོས་ནི་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལྟ་བུའོ། །ཚིགས་ཀྱི་བར་ན། ཐིག་ལེ་དང་བཅས་པ་ཕྲ་བ་འགྱུ་བའི་ལྡིངས་པར་སྣང་བའོ། །འདིའི་གནད་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་གཏད་པ་ལ་མིག་མི་འགུལ་ཤེས་པ་མ་ཡེངས་པར་བྱས་པའོ། །དེ་ཡང་ཐལ་འགྱུར་ལས། དབྱིངས་རིག་དལ་བས་ཡེ་ཤེས་འགྲུབ། ཅེས་སོ། །དེ་དག་གི་འགག་བསྡུ་ན། ལུས་ལྟ་སྟངས་ལས་མ་འགྱུར་བར། མིག་གི་གཟིགས་སྟངས་གཅུན་ནས། ཕྱི་ཡུལ་དུ་སྣང་བའི་འོད་གསལ་བ་བལྟས་པས། ནང་གི་རླུང་འཆིང་སྟེ་རིག་གདངས་རླུང་དང་བྲལ་བས་གདངས་སྙིང་གར་འདུས་ཏེ། སེམས་དང་ཡེ་ཤེས་ཕྱེད་ནས། ཡེ་ཤེས་རང་ངོ་གསལ་བ་མར་མེ་རླུང་གིས་མ་བསྐྱོད་པ་ལྟར། ཀ་དག་དོན་གྱི་དགོངས་པ་གཞི་གནས་ཀྱི་ཡེ་ཤེས། ནང་གསལ་ཐམས་ཅད་མཁྱེན་པ་ཆོས་སྐུ་ཐིག་ལེ་ཉག་ཅིག་གི་དགོངས་པ་ལས་མི་གཡོ་ཞིང་འདུ་འབྲལ་མེད་པར་བཞུགས་པས། ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་ལ་བར་མཚམས་མེད་པར་གནས་པ་ཞེས་བྱ་བའོ། །གསུམ་པ་ནི་ཐུགས་རྗཻ་རིག་པའི་རང་གདངས་གང་ཤར་ངོས་གཟུང་མེད་པར་གྲོལ་བ་ཉིད་ཐུགས་རྗེའི་རང་རྩལ་དུ་ངོ་སྤྲད་ནས། དྲན་རྟོག་རང་ཡལ་རྗེས་མེད་བར་སྣང་གི་སེར་བུ་འམ། ཆུའི་རླབས་ལྟར་བྱུང་བ་ཆོས་ཉིད་ཀྱི་ངང་དེར་ཟང་ཐལ་རྗཻན་པར་བཞག་པས། རྣམ་རྟོག་ཆོས་སྐུར་གྲོལ། འགྱུ་བ་རང་དག» «།རང་ཡལ་རྗེས་མེད། རང་གྲོལ་དུས་མཉམ། སྟོང་སངས་ཕྱལ་པས། རྟོགས་དང་མི་རྟོགས་མཉམ་པར་ལ་ཟློས་ཏེ། ཡུལ་སེམས་ལྟར་སྣང་དུས་ནས། འཕྲོ་འཐུད་མེད་པར་ཧར་སངས་སུ་གྲོལ་ཏེ། འགྱུ་བྱཻད་ཀྱི་ཡིད་དང་རང་གྲོལ་གྱི་ཤེས་རབ་དུས་དེར་ཕྱེད་པས། ཤར་སྣང་ཡེ་ཤེས་ཀྱི་རྒྱན་དུ་ཆེ་བས། ཆོས་ཟད་ཡེ་གྲོལ་གྱི་རང་རྒྱས་ཐེབས་པ་ཞེས་བྱའོ། །འདས་རྗེས་ལས། སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། ། ཞེས་སོ། །འདིའི་གནད་ལ། རིག་པའི་མདངས་མ་འགགས་པ། འཆར་ཚུལ་མི་འགགས་པ། ལྟ་བྱེད་གཉེན་པོའི་གོས་དང་བྲལ་བ། རང་སངས་རིག་པའི་རང་མལ་ཤེས་པར་བྱས་ལ། ཉོན་མོངས་ལ་སོགས་གང་ཤར་ཡང༌། ངོ་ཤེས། རྩལ་རྫོགས། རྗེས་ཕྱིར་མ་འབྲང༌། གློད་ཤེས་པར་བྱས་པས། ཆོས་ཟད་ཐུགས་རྗེའི་རང་མལ་དུ་དྲན་རྟོག་སངས་ནས། ཤེས་རབ་ཉིད་ཀྱི་རྩལ་ཡང་གཞི་ལ་ཐིམ་སྟེ། ཀ་དག་རང་མལ་གཅིག་ཏུ་བདེ་ཀློང་གཅིག་ཏུ་འཁྱིལ་ལོ། །དོན་འདི་སྡུད་པ་ལས་ཀྱང༌། འདུ་ཤེས་རྣམ་པར་བཤིག་ནས་སྤོང་པ་ཕ་རོལ་འགྲོ །ཞེས་གསུངས་པ་དང་དོན་མཐུན་ནོ། །དེ་ལྟར་ན་ངོ་བོ་ཀ་དག་རང་བྱུང་གི་ཡེ་ཤེས་ཀྱི་ལྟ་བར་ལ་བཟླ་བ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ཀྱི་སྒོམ་པས་འགགས་བསྡམས་པ། ཐུགས་རྗེ་ཀུན་ཁྱབ་ཤེས་རབ་ཀྱི་སྤྱོད་པས་ཐུགས་ཕྲད་རྗེས་མེད་དུ་གེགས་བསལ་བ། ཐམས་ཅད་རིག་པ་ཆོས་ཟད་དུ་ཆིངས་བཅིངས་པས། གསང་བ་བླ་ན་མེད་པའི་རྒྱུད་ལུང་མན་ངག་གི་དཀའ་བའི་གནད་བཀྲོལ། གསལ་བའི་མིག་ཕྱེ། དོན་གྱི་བཅུད་ཕྱུང་ནས། སྙིང་པོའི་ཡང་ཞུན་ཆེན་པོར་གཏན་ལས་ཕབ་པའོ། །ཡང་གསང་བླ་མེད་སྙིང་པོའི་གནད་དཀའ་བ། །བླ་མའི་དྲིན་གྱིས་ལེགས་པར་རྙེད་པ་འདི། །སྣ་ཚོགས་རང་གྲོལ་ཐེག་མཆོག་རྣལ་འབྱོར་པས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །གསང་སྔགས་རྒྱུད་དོན་རྒྱ་མཚོའི་མཐར་སོན་ནས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །གཞན་དོན་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག» «།ཟབ་དོན་སྙིང་པོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས། གངས་རི་ཐོད་དཀར་གྱི་མགུལ། འོད་ཟེར་སྤྲིན་ཀྱི་སྐྱེད་མོས་ཚལ། ཀུན་ཏུ་བཟངཔོའི་ཁང་བཟངས། ཟླ་བ་ཆུ་ཤེལ་ཀྱིས་འཚེར་བར་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།«མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༡༡༽ ཟབ་དོན་སྙིང་པོ།

»-PAGE 298--PAGE 309--PAGE 297-