volume 007 196
༄༅། །ཚིག་དོན་རིན་པོ་ཆེའི་བང་མཛོད་བཞུགས་སོ། །«དགེའོ། །ཤོག་སྐྱའི་སྐོར།
«རྒྱ་གར་སྐད་དུ། རཏྣ་སམ་བྷ་ཏྲ་ཀོ་ཤ་ནཱ་མ། བོད་སྐད་དུ། ཚིག་དོན་རིན་པོ་ཆེའི་བང་མཛོད་ཅེས་བྱ་བ། དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །ཤེས་བྱའི་དཀྱིལ་འཁོར་མ་ལུས་རབ་གཟིགས་ཤིང༌། །སྐུ་གསུམ་མཛད་པའི་ཕྲིན་ལས་བཟང་པོ་ཅན། །ཀུན་བཟང་རྒྱལ་བ་ལོངས་སྐུ་རིགས་ལྔའི་ཚོགས། །རིག་འཛིན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བདག་བློའི་རྣམ་དཔྱོད་ལྡེ་མིག་བཟང་པོ་ཡིས། །མཁའ་འགྲོ་སྙིང་ཏིག་རིན་ཆེན་སྒོ་ཕྱེ་སྟེ། །ཚིག་དོན་རྣམ་བཀྲའི་འབྱོར་ཚོགས་དཔག་མེད་ཀྱིས། །སྐལ་ལྡན་སྐྱེ་བོའི་ཡིད་རབ་ཚིམ་པར་བྱ། །དེ་ལ་འཁོར་འདས་གཉིས་ཀྱི་སྔོན་རོལ་ན། །གཤིས་ཀྱི་གནས་ལུགས་བསྟན་པ་དང་གཅིག །ཀུན་ཏུ་བཟང་པོའི་གྲོལ་ཚུལ་དང་གཉིས། ཁམས་གསུམ་འཁོར་བའི་འཁྲུལ་ཚུལ་དང་གསུམ། སེམས་ཅན་ལ་ཡེ་ཤེས་ཀྱི་གནས་ཚུལ་དང་བཞི། ལམ་དང་སྒོ་གང་ནས་སྣང་ཚུལ་དང་ལྔ། ཡུལ་གང་ལ་སྣང་ཚུལ་དང་དྲུག །ཚེ་འདིར་ཇི་ལྟར་ཉམས་སུ་བླང་ཚུལ་དང་བདུན། བར་དོར་ཇི་ལྟར་འཆར་ཚུལ་དང་བརྒྱད། རང་བཞིན་སྤྲུལ་སྐུའི་སྣང་ཚུལ་དང་དགུ །གྲོལ་ས་གང་དུ་འབྲས་བུ་ཐོབ་ཚུལ་དང་བཅུ་ལས། དང་པོ་ནི་སྟོང་གསལ་འདུས་མ་བྱས་པའི་ཀ་དག་ནམ་མཁའ་རྣམ་པར་དག་པ་ལྟ་བུའི་ངང་ནས། འོད་གསལ་ལྷུན་གྱིས་གྲུབ་པའི་སྣང་བ། ཉི་ཟླ་གཟའ་སྐར་ལྟར་ནང་གསལ་ཡེ་ཤེས་ཀྱི་འོད་ལྔ་མ་འགགས་ཤིང༌། ཐུགས་རྗེ་རིག་པའི་སྙིང་པོ་ཅན་དུ་བཞུགས་ཏེ། རྩ་བའི་རྒྱུད་རིག་པ་རང་ཤར་ལས། གདོད་མ་ངོ་བོ་ཆོས་ཉིད་ཀྱིས་དག་པའི་གནས་ལུགས་འདི་ལྟ་སྟེ། རྒྱ་མ་ཆད་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་སངས་རྒྱས་སྤྲོས་པ་དང་བྲལ་བའི་ཆོས་ཉིད་མཐའ་དང་བྲལ་བའི་རིག་པ། དག་པ་ཆེན་པོའི་སྣང་བ། ཕྱོགས་ལྷུང་མེད་པའི་ལྟ་བ། ཡངས་པ། གསལ་བ། མི་འགྱུར་བ། ཡེ་ཤེས་མི་འགག་པ། མི་འཁྲུལ་བའི་ཆོས་ཉིད། ཕྱི་རྒྱ་མ་རལ་བ། ནང་ཡེ་ཤེས་ཀྱི་འོད་ལྔ་མ་འགག་པ། སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བཞུགས་སོ་ཞེས་པ་དང༌། སྒྲོན་མ་འབར་བ་ལས། གདོད་མའི་ཀ་དག་ཆེན་པོ་ལ། །རང་བཞིན་ཉིད་ནི་འདི་ལྟ་བུ། །སུས་ཀྱང་མ་བྱས་རང་གསལ་བར། །ཡེ་ཉིད་ནས་ནི་རང་བཞིན་ནོ་ཞེས་སོ། །དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་བཞུགས་ཏེ། ཉི་ཟླ་ཁ་སྦྱོར་ལས། གཞི་གནས་ཀྱི་ཡེ་ཤེས་ནི་གསུམ་སྟེ། ངོ་བོ་ཀ་དག་གི་ཡེ་ཤེས་དང༌། །རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་དང༌། །ཐུགས་རྗེ་རང་སྣང་གི་ཡེ་ཤེས་སོ། །ཞེས་སོ། །ཡེ་ཤེས་གསུམ་པོ་དེའི་ངོ་བོ་ནི་ཀློང་གསལ་ལས། ངོ་བོ་ཀ་དག་ཡེ་ཤེས་ནི། །མ་རིག་རྟོག་པ་ཀུན་དང་བྲལ། ། རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །སྟོང་གསལ་རང་མདངས་ཉིད་དུ་གནས། ། ཐུགས་རྗེས་ཀུན་ཁྱབ་ཡེ་ཤེས་ནི། །འགག་མེད་སྣང་སྟོང་ཉིད་དུ་གནས། །ཞེས་པ་དང༌། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ཆོས་སྐུའི་ཡེ་ཤེས་བསམ་འདས་བརྗོད་མེད་ངང༌། །ལོངས་སྐུའི་ཡེ་ཤེས་ཁ་དོག་མ་འདྲེས་གསལ། ། སྤྲུལ་སྐུའི་ཡེ་ཤེས་ཅིར་ཡང་སྒྱུར་དུ་བཏུབ། །ཅེས་སོ། །དེའང་ནང་གསལ་ཡེ་ཤེས་ཀྱི་འོད་ལྔ་ལ་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ཡན་ལག་བཞི་ལྡན་ཐུགས་རྗེ་འཆར་བྱེད་ཀྱི་རྣམ་པར་གནས་ཏེ། ལུང་ཡེ་ཤེས་མར་མེའི་རྒྱུད་ལས། ཡན་ལག་རླུང་བཞི་མེ་སྟག་ཟེར་བཞིན་དུ། །རིག་པའི་ཀློང་ན་མ་འགག་གསལ་བ་འོ། །ཞེས་པས། རྩ་བ་ཐུགས་རྗེ་རིག་པའི་ཆ་ནི། སྲོག་རླུང་རྩལ་སྟབས་སྐྱོན་ཡོན་སྣ་ཚོགས་ཀྱི་འཆར་གཞི་མ་འགགས་པ་ལས། གྱེན་དུ་རྒྱུ་ཤེས་རབ་ཀྱི་རྟ་རིག་པ་དང༌། ཐུར་སེལ་ཤེས་རབ་ཀྱི་ཟེར་གདངས་འོད་ལྔ་དང༌། མེ་དང་མཉམ་པ་སྨིན་པར་བྱེད་པའི་སྟབས་ཅན་དང༌། ཁྱབ་བྱེད་རྫོགས་པར་བྱེད་པའི་སྟབས་ཅན་ཏེ། དབྱིངས་སུ་ནི་མ་འཕྲོས། འཕྲོ་གཞི་མ་འགགས་པའི་སྙིང་པོར་གནས་པའོ། །དེ་ལྟར་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཐ་དད་མེད་དེ། ཐལ་འགྱུར་ལས། ཡེ་ཤེས་རང་ངོར་གནས་པ་ལས། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མཐའ་གཞིའི་དྲི་མ་རང་སངས་ཉིད། །ཅེས་སོ། །གཉིས་པ་ནི་གདོད་མའི་གཞི་འོད་ཀྱི་ཁང་པ་ཅན། ཆོས་ཉིད་དག་པའི་ཡེ་གདངས་ཆེན་པོ་ལས། ཡེ་ཤེས་རླུང་ཐུགས་རྗེ་རིག་པའི་སྙིང་པོ་ཅན་གཡོས་པས། ནང་གསལ་ཕྱིར་ཤར་ཏེ། ཀ་དག་གི་ནམ་མཁའ་ལ་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་ཉི་ཟླ་གཟའ་སྐར་དང་བཅས་པ། ཤེལ་འོད་ཕྱིར་སྣང་བ་ལྟར་སྣང་ལ། ཡུལ་འོད་གསལ་གྱི་སྣང་བ་བྱད་དང་མེ་ལོང་གི་གཟུགས་བརྙན་ལྟར་རང་སྣང་རང་གདངས་ཆེན་པོར་ཐུགས་རྗེའི་རིག་པའི་ཡེ་ཤེས་ཀྱི་རང་ངོ་ཤེས་པའི་སྐད་ཅིག་མ་གཅིག་གིས་བྱེ་བྲག་ཕྱེད་དེ། སྐད་ཅིག་མ་ཕྱི་མ་དེ་ལ་དང་པོའི་གཞི་ཐོག་ཉིད་དུ་སངས་རྒྱས་ཏེ། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །དེའང་སྐད་ཅིག་མ་ལ་འགྱུར་བ་རང་ཐོག་གདོད་མའི་གཞིར་ཆོད་པ་ཉིད། ཐལ་འགྱུར་ལས། སངས་རྒྱས་འཁྲུལ་པར་མ་གྱུར་པས། །གཞི་ནས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་ཤེས་པས། །འགྱུ་བ་རང་ཐོག་ཆོད་པ་འོ། །ཞེས་སོ། །དེའི་ཚེ་སྐད་ཅིག་དང་པོར་རིག་པས་མ་རིག་པའི་རྩ་བ་ཆད་དེ། ནང་གསལ་ཉིད་དུ་ལྷུན་གྱིས་གྲུབ་པར་ནི། ཡེ་ཤེས་ནམ་མཁའ་མཉམ་རྒྱུད་ལས། དེ་ཚེ་ཀུན་བཟང་ཆོས་དྲུག་གིས། །གཞི་ཤེས་མ་རིག་དྲུག་བཅོམ་ནས། །ཉུག་ཙམ་ལས་ནི་རིག་ཙམ་སྟོངས། །རེག་ཙམ་བྱུང་བས་རིག་འགྲིབ་བརླག །སལ་གྱི་གསལ་ལས་མུན་ངོས་སངས། །ཝལ་གྱིས་བྱུང་བས་འཐིབས་པ་མེད། །སྒྲོ་སྐུར་བྲལ་བས་མ་རིག་དང༌། །འགྱུར་བ་མེད་པས་ནམ་མཁའ་འདྲ། །དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། །འཁྲུལ་པ་མ་རིག་ལོག་བཅོམ་པས། །ལུང་མ་བསྟན་པར་རང་བརླག་སྟོངས། །བེམས་རིག་ཕྱེད་པས་གཞི་དང་འཕྲད། །དེ་ཕྱིར་མ་རིག་མུན་པ་སངས། །རི་བོ་ཏ་ལར་ཉི་ཤར་འདྲ། །ཞེས་སོ། །གསུམ་པ་ནི་དེ་ལྟར་གཞི་གདོད་མའི་ངང་ལས་རང་གདངས་ཕྱིར་ཤར་བའི་ཚེ། རང་བཞིན་འོད་ལྔའི་ཡུལ་ལ། ཐུགས་རྗེ་རིག་པའི་ཆས་ཡུལ་དེ་ཁ་དོག་གིས་མཚན་མར་གཟུང་སྟེ། །དཔྱོད་བྱེད་འཛིན་པ་འཕྲོ་མཐུད་པ་ལས། ངོ་བོས་གཏི་མུག་གི་ཆ་རང་ངོ་མ་ཤེས་པས། རང་བཞིན་འོད་དུ་སྣང་བ་ལ་ཐུགས་རྗེས་སེམས་སུ་འཁྲུལ་པས། ལུས་དང་ཕྱི་རོལ་གྱི་ཡུལ་དེ་རྡཽས་བཅས་དང་རྟོག་ཚོགས་ཀྱི་ཕུང་པོ་འགྲུབ་སྟེ་ཀློང་གསལ་ལས། ཡེ་ཤེས་ཉིད་ལས་མ་རིག་འཁྲུལ། །ཡེ་ཤེས་ཁ་དོག་འབྱུང་བ་ལྔ། །འབྲལ་བ་མེད་དེ་མ་རིག་འཁྲུལ། ། ཅེས་སོ། །དེའང་འཁོར་འདས་གཉིས་རྒྱུ་ཡེ་ཤེས་སུ་གཅིག་པ་ལས། རྐྱེན་རིག་མ་རིག་གིས་ཐ་དད་དུ་སྣང་བ་ནི་ལག་པའི་མདུན་རྒྱབ་ཙམ་མོ། །ཤེལ་གཅིག་ཉིད་དཀར་ནག་གི་ཡུལ་གཉིས་ཀྱིས་སོ་སོར་སྣང་བ་བཞིན་ནོ། །དེའང་ཀློང་གསལ་ལས། ཡེ་ཤེས་མ་རིག་ཡུལ་ལ་གཟུང༌། །དེར་འཛིན་རླུང་སེམས་འདུས་པ་ལས། །འབྱུང་བ་བཞི་ཡི་སྦུབས་སུ་ཚུད། །དེར་ཚུད་འབྱུང་བའི་སྐྱེ་འཇིག་ལས། །ཉོན་མོངས་ཕུང་པོ་ལྔ་ལྔ་གྲུབ། །ལྔ་འདུས་མཚན་མ་སྦྱོར་བ་ལས། ། ཉོན་མོངས་ལྔ་དང་ཡིད་དྲུག་དང༌། །ཡེ་ཤེས་ལྔ་ཡི་བདག་ཉིད་དོ། ། ཞེས་པས། འོད་ལྔ་ཡུལ་དུ་བཟུང་བས། འགྲོ་དྲུག་སོ་སོའི་ལུས་ཡུལ་དང་བཅས་པ་ལས། གཟུགས་མེད་ཡིད་ཀྱི་ལུས། མིང་བཞིའི་ཕུང་པོ་ལ་བརྟེན་པ་དང༌། གཟུགས་ཁམས་འོད་ཀྱི་ལུས་ཁ་དོག་ལྔ་ལྡན་ལ་བརྟེན་པ་དང༌། འདོད་ཁམས་ཤ་ཁྲག་གི་ལུས་རྡོས་བཅས་ཕུང་པོ་ལ་བརྟེན་པའོ། ཁྱད་པར་དུ་འདོད་པ་ཕ་མའི་ཐིག་ལེ་དཀར་དམར་ལས། ཞག་བདུན་ཚན་བདུན་དུ་མེར་མེར་པོ་དང༌། ནུར་ནུར་པོ་དང༌། ལྟར་ལྟར་པོ་དང༌། འཁྲང་འགྱུར་དང༌། ཁྱབ་འཇུག་ཉའི་རྣམ་པ་ལྟ་བུ་དང༌། རུས་སྦལ་གྱི་རྣམ་པ་ལྟ་བུ་ནས། རིམ་གྱིས་ལུས་གྲུབ་སྟེ། ཟླ་བ་བཅུ་ན་སྐྱེས་ཏེ། དར་ལ་བབས་པ་དང༌། ན་བ་དང༌། རྒས་པ་དང༌། འཆི་བའི་སྡུག་བསྔལ་ལ་སོགས་པས་འགྲོ་བ་སོ་སོར་འཁོར་རོ། །བཞི་པ་ནི་དེ་ལྟར་འཁྲུལ་དུས་ནའང་སངས་རྒྱས་ཀྱི་སྙིང་པོ། སྐུ་དང་ཡེ་ཤེས་ལྔ་ལྡན་དུ་གནས་ཏེ། ཀློང་གསལ་ལས། ཐོག་མ་མཐའ་མ་བར་གསུམ་ དུ། །སྐུ་གསུམ་དབྱེ་བ་མེད་པ་རུ། །སེམས་ཅན་ཀུན་གྱི་རྒྱུད་ལ་གནས། །ཞེས་པ་དང༌། ཐོག་མའི་རིག་རྩལ་ཡེ་ཤེས་ལྔ། །མ་རིག་འཁྲུལ་པས་འབྱུང་བར་གྲུབ། །དེས་ན་ལུས་ནི་སངས་རྒྱས་དངོས། །ཡེ་ཤེས་ཆེན་པོའི་འབྱུང་གནས་ཉིད། ལུས་ཅན་ཀུན་ལ་བཟང་ངན་མེད། །བདེ་གཤེགས་ངོ་བོ་འགྲོ་ཀུན་ ལ། །ཏིལ་ལ་མར་ཁུས་ཁྱབ་བཞིན་གནས། །མ་རིག་གྲོལ་ཚེ་འབྱུང་བའི་ ལུས། །ལྷག་མེད་ཡེ་ཤེས་ངང་དུ་བཟློག །སེམས་ཅན་རང་རྒྱུད་རྟོག་ཚོགས་ ནི། །བཞི་བཅུ་ཞེ་གཉིས་སངས་རྒྱས་ཏེ། །ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ། ། དུག་ལྔ་སེར་སྣ་ཐུབ་པ་དྲུག །ཚོགས་བརྒྱད་སེམས་དཔའ་ཡབ་ཡུམ་ བརྒྱད། །སྒོ་བཞི་སྒོ་བ་ཡབ་ཡུམ་བཞི། །གཡས་གཡོན་ཉི་མ་ཟླ་བ་འོ། །ཞེས་པས། ཕུང་པོ་ལྔ་པོ་འདི་ཡབ་ལྔ། འབྱུང་བ་ལྔ་ནི་ཡུམ་ལྔ། རྣམ་ཤེས་ཚོགས་བརྒྱད་སེམས་དཔའ་ཡབ་ཡུམ་བརྒྱད། འབྱུང་བཞི་བསྐྱེད་པའི་སྒོ་བཞི་སྒོ་བ་ཡབ་ཡུམ་བཞི། དུག་ལྔ་སེར་སྣ་དང་དྲུག །ཐུབ་པ་དྲུག་གི་རང་བཞིན་དུ་གནས་སོ། །དེ་ཡང་ཙིཏྟ་རིན་པོ་ཆེའི་སྦུབས་སུ། སྙིང་ག་ཆོས་ཀྱི་འཁོར་ལོ་དང༌། །སྤྱི་གཙུག་བདེ་ཆེན་འཁོར་ལོ་དང༌། །མགྲིན་པ་ལོངས་སྤྱོད་འཁོར་ལོ་དང༌། །ལྟེ་བ་སྤྲུལ་པའི་འཁོར་ལོ་དང༌། །གསང་གནས་བདེ་སྐྱོང་འཁོར་ལོ་ལྔའི་དབུས་ན། རོ་མ་རྐྱང་མ་ཀུན་དྷར་མ་གསུམ་ཀ་བ་ལྟར་གནས་པའི་དབུ་མའི་དབུས་ན་འོད་རྩ་ཤེལ་སྦུག་ཅན། ཕྲ་བར་གནས་པའི་གཡས་གཡོན་རོ་རྐྱང་ལ་ཐིག་ལེ་དཀར་དམར། ཤེལ་སྦུག་ཅན་ནས་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་གནས་པར་བཞེད་དོ། །དེའང་ཤེལ་སྦུག་མའི་འགྲེང་བུ་གཉིས་ཆུའི་སྒྲོན་མར་ཟུག་ཅིང༌། རྐྱང་མའི་སྣ་གཉིས་ཀྱང་དབང་པོའི་དངས་མ་ལ་ཟུག་གོ ། དེའང་ཐལ་འགྱུར་ལས། རོ་མ་རྐྱང་མ་ཀུན་དྷར་མ། །ཀ་ཏི་ཤེལ་གྱི་སྦུ་གུ་ ཅན། །འཁོར་ལོ་ལྔ་ཡི་དབུས་དག་ནས། །དབང་པོའི་སྒོ་ལ་ཟུག་པར་ གནས། །ཞེས་སོ། །འཁོར་ལོ་ལྔ་ནས་རྒྱུའི་ཐིག་ལེ་ཡི་གེའི་ཚུལ་དུ་གནས་པ་ལ། འོད་གསལ་གྱི་ཐིག་ལེ་བརྟན་པ་ནི་སྣུམ་དང་སྡོང་བུ་ལ་མར་མེ་འབར་བ་བཞིན་ནོ། །རྩ་དེ་དག་ཀྱང་གྲངས་ཅན་སྟོང་ཕྲག་བདུན་ཅུ་རྩ་གཉིས། །གྲངས་མེད་བ་སྤུའི་གྲངས་དང་མཉམ་པ། གཙོ་བོ་གསུམ་མམ་བཞི་ནི་སྙིང་པོའི་ཚུལ་དུ་གནས་སོ།།དེ་དག་ནས་རླུང་ཡང་གྲངས་ཅན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་སྟེ་དེ་ཉིད་ལས། རྩ་ལ་བརྟེན་པའི་རླུང་དག་ནི། །ཉི་ཁྲི་དང་ནི་སྟོང་ཕྲག་གཅིག ། དྲུག་བརྒྱ་དག་ཏུ་འགྱུ་བ་ནི། །འགྱུ་བ་ཆེན་པོའི་རླུང་དུ་འདོད། །ཅེས་སོ། གཙོ་བོ་གྱེན་རྒྱུ་ཐུར་སེལ། མཉམ་གནས་གསུམ་སྟེ། དེ་ཉིད་ལས། གྱེན་དུ་རྒྱུ་དང་ཐུར་དུ་སེལ། །མཉམ་གནས་དང་ནི་གསུམ་དུ་འདོད། །ཅེས་སོ། དེ་དག་ཀྱང་ཕོ་མོ་མ་ནིང་གི་རླུང་གསུམ་དུ་གནས་སོ། ཁྱད་པར་དུ་འོད་གསལ་གྱི་གནས་བཞི་སྟེ། ཀློང་གསལ་ལས། སྙིང་དང་རྩ་དང་དུང་ཁང་དང༌། མིག་དང་བཞི་བཞིའི་གཞལ་ཡས་ན། །ཡེ་ཤེས་ཆེན་པོ་དེ་ན་གནས། །ཞེས་པ་དང༌། ནོར་བུ་ཕྲ་བཀོད་ལས། རིན་ཆེན་ཟུར་བརྒྱད་གཞལ་ཡས་དང༌། །འགྱུ་བྱེད་རྩ་ཡི་གཞལ་ཡས་དང༌། །དུང་ཁང་བྷནྡྷའི་གཞལ་ཡས་དང༌། །ལྟ་བྱེད་མིག་གི་གཞལ་ཡས་སོ། །གཞལ་ཡས་ཆེན་པོ་དེ་བཞི་ན། །གསང་སྔགས་ཀུན་གྱི་གསང་ཆེན་གནས། །ཞེས་སོ། །དེའང་སྙིང་ག་ན་ཞི་བའི་སྐུ་འོད་ཟེར་གྱི་ཕུང་པོར་གསལ་བའི་རང་གདངས་ལས། དུང་ཁང་ན་ཁྲོ་བོ་དང༌། རྩ་རྣམས་ན་སྒྲོན་མར་སྣང་བས། མིག་ལ་གསལ་བ་སྟེ། དེའང་ཕྲ་བཀོད་ལས། ཨེ་མ་རིག་པའི་གནས་ལུགས་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །ཡབ་དང་ཡུམ་གྱི་ཚུལ་དུ་གནས། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། ། འོད་དང་འོད་ཟེར་ཚུལ་དུ་གནས། །དབྱིངས་དང་རིག་པར་རབ་བརྒྱན་ཏེ། ། ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། །དེ་ནི་ཞི་བའི་བཞུགས་ཚུལ་ལོ། །རང་རང་མགོ་ལ་ཁྲོ་བོར་གནས། །ཡབ་དང་ཡུམ་དུ་མངོན་པར་སྣང༌། ཁྲོ་དང་ཁྲོ་མོའི་ཚུལ་འཆར་ཞིང༌། །ཡེ་ཤེས་ལྔ་ལྔ་དག་དང་ལྡན། །སྐུ་ཡི་ཡེ་ཤེས་རེ་རེ་ ལ། ། དབུ་ཡི་ཡེ་ཤེས་ལྔ་ལྔ་འོ། །ཞེས་སོ། །དེའང་ཕྱི་ལྟར་ན་ཁྲོ་བོའི་སྐུ(<ཨ>ཞི་ཁྲོའི་སྐུ)། །ནང་ལྟར་ན་མཁའ་འགྲོ་ལྔ། གསང་བ་ལྟར་ན་ཡི་གེ་ལྔ། ཡང་གསང་ལྟར་ན་ཐིག་ལེ་གཅིག་སྟེ་ཀློང་གསལ་ལས། ལུས་ལ་གནས་པའི་རིག་པ་ཡང༌། །ཕྱི་ལྟར་ཞི་ཁྲོའི་རང་བཞིན་ལ། །ནང་ལྟར་ཌཱ་ཀི་ཡབ་ཡུམ་དང༌། ། གསང་བ་ཡི་གེ་ལྔ་ཡིན་ཏེ། །ཡང་གསང་ཐིག་ལེ་གཅིག་ཏུ་གནས། །ཞེས་སོ། ། ལྔ་པ་ལ་ལམ་གང་ནས་རྒྱུ་བ་དང༌། སྒོ་གང་ནས་འཆར་བ་གཉིས་ལས། དང་པོ་ནི་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་ཁྲག་དང་ཆུ་སེར་མེད་པ་ན་ཡར། གོང་གི་རིག་པའི་རང་གདངས་འོད་དང་ཐིག་ལེ་རྒྱ་སྐར་གྱི་ཉི་ཞུར་ལྟར་གནས་ཏེ། ཀློང་གསལ་ལས། རིག་པ་ལྔ་ཡི་རང་མདངས་ནི། །རྩ་ཡི་ནང་ན་ཐིག་ལེ་དང༌། །འོད་ཟེར་ལྟ་བུར་གནས་པའོ། །ཞེས་སོ། །གཉིས་པ་རྩའི་སྒོ་མིག་གཉིས་སུ་ཟུག་པ་ནས་སྣང་སྟེ། སེངྒེ་རྩལ་རྫོགས་ལས། འགག་མེད་གསལ་བའི་སྒོ་གཉིས་མཛོད། །དབྱིངས་དང་ལུ་གུ་རྒྱུད་དུ་གནས། །ཞེས་པ་དང༌། སྔ་མ་ལས། རིག་པ་སྐུ་ཡི་རང་གདངས་འོད། ། རྩ་ཡི་ནང་ནས་ཉི་ཟེར་བཞིན། །དབང་པོའི་སྒོ་ནས་ངེས་ཐོན་ཏེ། །སྒྲོན་མ་ནམ་མཁའི་མཐོངས་སུ་གསལ། །ཞེས་པ་དང༌། ཡེ་ཤེས་སྙིང་གི་དཀྱིལ་ན་ གནས། །དར་དཀར་སྐུད་པ་ལྟ་བུ་ཡིས། །རྩ་ཡི་ལམ་ནས་སྣང་བར་བྱེད། །ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་དངས་མ་ཀུན་འདུས་པའི། །ཙཀྵུ་ཞེས་པའི་སྒོ་ནས་དོན། །གཉིས་ཀྱི་ཆ་འཛིན་སྣང་བ་སྟོན། ཁྱད་པར་སྐྱོན་ཡོན་དངས་འབྱེད་པའི། །བ་མེན་རྭ་འདྲ་འཁྱིལ་བ་ལས། །ཨ་འབྲས་ཞེས་པ་དཀར་ནག་འབྱེད། །རིག་ཅིང་གཟུགས་རྣམས་འཛིན་པ་དང༌། །ཤེས་པའི་རང་རྩལ་རྫོགས་པར་སྟོན། །འདི་ལས་དངོས་སུ་འབྱུང་བ་སྟེ། །ཞེས་སོ། །དེ་ལྟར་གནས་པའི་དཔེ་ནི། ཀློང་གསལ་ལས། རིག་པའི་སྐུ་ནི་བུམ་སྐུ་འདྲ། །ཡེ་ཤེས་བུམ་པའི་མར་མེ་འདྲ། །ཐུག་རྗེ་མེ་ལོང་ངོས་ལྟར་གསལ། །ལོངས་སྤྱོད་སྐུ་ལ་སྐུ་གསུང་ཐུགས། །ཡོན་ཏན་དང་ནི་ཕྲིན་ལས་སོ། །སྐུ་ནི་སྣང་ལ་རང་བཞིན་མེད། །གསུང་ནི་འགག་མེད་རིག་པའི་གསུང༌། །ཐུགས་ནི་མི་རྟོག་ཆོས་ཀྱི་ སྐུ། །ཞེས་སོ། །དེའང་རྩ་ནས་མིག་ཏུ་སྣང་བའི་སྒྲོན་མ་ནི། །ཐུགས་རྗེའི་ཟེར་གདངས་དེ་ཉིད་ལས། །ཐུགས་རྗེ་ལས་བྱུང་སྒྲོན་མ་ཉི་ཟེར་བཞིན། །སྒྲོན་མའི་འོད་ཟེར་སྟོང་ལ་ཐུག་པ་མེད། །གནས་པའི་འོད་ནི་ཙིཏྟའི་ནང་ན་གསལ། ། རང་བཞིན་འོད་མིན་ནམ་མཁའི་མཐོང་ན་གསལ། །ཞེས་སོ། །སྒྲོན་མ་དུ་ཞེ་ན་རང་ཤར་ལས། །སྒྲོན་མ་རྣམ་བཞི་འདི་ལྟ་སྟེ། །ཐིག་ལེ་སྟོང་པའི་སྒྲོན་མ་ དང༌། །རིག་པ་དབྱིངས་ཀྱི་སྒྲོན་མ་དང༌། །ཤེས་རབ་རང་བྱུང་སྒྲོན་མ་ དང༌། །རྒྱང་ཞགས་ཆུ་ཡི་སྒྲོན་མ་འོ། །སེམས་ཅན་ཀུན་ལ་གནས་པ་འོ། །ཞེས་སོ། །དྲུག་པ་ནི་རྐྱེན་བྲལ་གསུམ་ལ་སྣང་བ་སྟེ། །ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་འཆར་བར་འགྱུར་ཞེས་པས། དབང་པོ་རྐྱེན་དང་བྲལ་བ་ཆུའི་སྒྲོན་མ། གནས་རྐྱེན་དང་བྲལ་བ་དངས་ཤིང་མཐོ་བ། ཡུལ་རྐྱེན་དང་བྲལ་བ་ནམ་མཁའ་སྤྲིན་མེད་པའོ། །དེའང་ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་མཐོངས་སུ་བལྟ། །འོད་ནི་ཕྲ་ལ་འདྲིལ་བ་འབྱུང༌། །ཞེས་པ་དང༌། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། ཕྱི་ནི་སྤྲིན་བྲལ་ནམ་མཁའ་འཛིན། །ནང་གི་སྒྲོན་མ་ལམ་དུུ་འོ། །ཞེས་སོ། །བདུན་པ་ལ་དང་པོ་ངོ་སྤྲད་པ་དང༌། སྣང་བ་བཞིའི་འཆར་ཚུལ་ངོས་བཟུང་བ། མཐའ་བརྟེན་གྱི་མན་ངག་གསུམ་ལས། དང་པོ་ནི་ལུས་འདུག་སྟངས་གསུམ་དང༌། གཟིགས་སྟངས་གསུམ་གཅུན་ ལ། རླུང་རབ་ཏུ་དལ་བས་དབྱིངས་ལ་ལྟ་བས་ཏེ། དེ་ཉིད་ལས། ལུས་ནི་སེང་གེ་གླང་ཆེན་དང༌། །དྲང་སྲོང་ལྟ་བུར་གནས་པར་བྱ། །མིག་ནི་ལྡོག་པ་ཟུར་གྱིས་བལྟ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །དེ་ནས་ཡུལ་ལ་ཤར་བའི་རིག་པ་འདི་ལྟར་ངོ་སྤྲད་དེ། ཕྱིར་དབྱིངས་ནམ་མཁའི་སྟོང་པ་ ལ། ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ཁྱིམ་གྱི་ནང་དུ། ཐིག་ལེ་སྟོང་པའི་སྒྲོན་མ་རྨ་བྱའི་མདོངས་སམ་མཚོར་རྡོ་བོར་བ་ལྟ་བུའི་ནང་དུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་མ་འགུལ་བར་ལྟོས་ཤིག །དེའི་ཚེ་རིག་པ་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཤར་བ་དེ་ཉིད་ཤེས་རབ་རང་བྱུང་གི་སྒྲོན་མ་ཡིན་པས་ངོས་ཟུང་ལ་སྒོམས་ཤིག །ཅེས་སོ། །འདིའི་དགོས་པ་ནི་ཀློང་གསལ་ལས།།རྒྱང་ཞག་ལས་ནི་གཟུགས་བསྡུས་ཏེ། །རླུང་གིས་བསྐྱེད་ཅིང་འཕེལ་བར་བྱེད། །འོང་དང་འགྲོ་བའི་འཕེལ་འགྲིབ་ཀྱིས། །ཡེ་ཤེས་དག་ནི་སྡུད་པར་བྱེད། །ཐིག་ལེ་སྟོང་པས་ལས་ཀུན་བྱེད། །འདས་པ་ལས་ཀྱི་རླུང་བཟུང་ ནས། །རླུང་གིས་བཀྲག་དང་གཟི་མདངས་བསྐྱེད། །བསྒྱུར་ཞིང་ཡེ་ཤེས་སྣང་བ་སྟོན། །ཤེས་རབ་རང་བྱུང་སྒྲཽན་མ་ཡིས། །ཆོས་ཀུན་མཉམ་པར་རོ་གཅིག་ཏུ། །བསྡུས་ཏེ་རང་སྣང་འཛིན་པར་བྱེད། །འདིས་ནི་བག་ཆགས་འབྲལ་རྒྱུན་གཅོད། །དབྱིངས་ཀྱི་དངས་མ་སྐུད་པ་དང༌། །རིག་པའི་སྐུ་རྣམས་འཛིན་པ་དང༌། །གནད་གསུམ་བཅུད་དུ་སྨིན་པས་ཏེ། །འཁོར་བ་ཉིད་ནི་སྤོང་བར་ བྱེད། །དེ་ལྟར་མིག་ལ་སྒྲོན་ཤར་བས། །སངས་རྒྱས་དགོངས་པའི་གནད་བསྡུས་པར། །རང་སྣང་ཡུལ་རྣམས་འཛིན་པ་འོ། །ཞེས་སོ། །དེའང་ཁྲེགས་ཆོད་ཀྱིས་གང་ཤར་གྱི་རྟོག་པ་རང་གྲོལ་དུ་ཉམས་སུ་ལེན་ཞིང༌། ཐོད་རྒལ་གྱི་ཉིན་མཚན་འོད་གསལ་ལ་གནས་པས། ཚོགས་གཉིས་རྫོགས། སྒྲིབ་པ་གཉིས་སྦྱངས། སྐུ་གཉིས་འགྲུབ་སྟེ། ཁྲེགས་ཆོད་ཀྱིས་སེམས་ལ་སྒྲིབ་པར་ཤེས་བྱའི་བུད་ཤིང་བསྲེག་ཅིང༌། ཐོད་རྒལ་གྱིས་གཟུང་ཡུལ་རྡོས་ཡུལ་ལ་སྒྲིབ་པ་ཉོན་མོངས་པའི་བག་ཆགས་སྟོང་ནས་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་འོད་གསལ་གདོད་མའི་ངང་དུ་ཕྱིན་པར་བྱེད་དོ། དེའང་མུ་ཏིག་ཕྲེང་བ་ལས། ཉམས་བླངས་ཁྲེགས་ཆོད་ཐོད་རྒལ་ལོ། །ཞེས་སོ། །གཉིས་པ་ལ་བཞི་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ནས་ངེས་ཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཞེས་པ་དང༌། ཀློང་གསལ་ལས། རྐྱེན་བྲལ་མཁའ་ལ་བླ་མ་ཡིས། །གཟིགས་སྟངས་གཅུན་ཅིང་ངོ་སྤྲད་པས། ། དབང་པོའི་སྒོ་ལས་སྒྲོན་མ་ནི། །འཇའ་འམ་རྨ་བྱའི་མདོངས་ལྟ་བུ། །ཐིག་ལེ་ལུག་རྒྱུད་འབྲེལ་བ་ལས། །འགུལ་འཕྲིག་རྒྱུ་བའི་རྣམ་པར་རྒྱུ། །དེ་ལྟར་གསལ་བའི་དབྱིངས་རིག་ནི། །ཉི་མ་འོད་ཀྱི་ཚུལ་དུ་གནས། །ཞེས་སོ། །དེ་ཉིད་མཐོང་བས་ཁམས་གསུམ་དུ་མི་ལྡོག་སྟེ། འདས་རྗེས་ལས། མངོན་སུམ་གནད་འདི་སུ་མཐོང་བ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། སྔ་མ་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་ཕྱུང་ནས། །གྱེན་འགྲེང་དང་ནི་རྩིབས་ཤར་དང༌། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དང༌། །རགས་པར་སྣང་བའི་ཡུལ་ལས་གསལ། །ཞེས་པས། དེའང་སྔ་མ་བཞིན་ཉམས་སུ་བླངས་པས། འོད་ལྔའི་སྣང་བ་རེ་ལྡེ་ཙམ་དང༌། ཐིག་ལེ་སྲན་མ་ཙམ་དང༌། རིག་པ་འདབ་ཆགས་འཕུར་བ་ཙམ་དུ་སྣང་ཞིང༌། ཡང་ཉམས་སུ་བླངས་པས་འོད་ཁ་དོག་ལྔ་ལྡན་དང་གྱེན་འགྲིང་དང༌། རྩིབས་ཤར་དང༌། མདུང་རྩེ་ལྟ་བུ་དང༌། མདའ་ལྟ་བུ་དང༌། པདྨ་ལྟ་བུ་དང༌། མཆོད་རྟེན་འདྲ་བ་དང༌། རྡོ་རྗེ་དང༌། འཁོར་ལོ་དང༌། རལ་གྲི་དང༌། གྲི་གུག་དང༌། མུ་ཏིག་གི་དྲ་བ་དྲ་ཕྱེད་ལྟ་བུ་དང༌། མིག་ཚགས་དང༌། མིག་མང་རིས་དང༌། ཉ་མིག་དང༌། ཟ་འོག་གུར་ཁྱིམ་དང༌། ཡེ་ཤེས་མཁར་ཐབས་དང༌། ཉི་ཟླ་གཟའ་བྲལ་དང༌། པདྨ་སྟོང་ལྡན་འདྲ་བ་ལ་སོགས་པ་སྣང་བ་མི་འདྲ་བ་གྲངས་མེད་པ་འཆར་རོ། །ཐིག་ལེ་མེ་ལོང་ཙམ་སྣང་ཞིང༌། རིག་པའང་རི་དྭགས་སྤང་ལ་འགྲོ་བ་ཙམ་དང༌། བུང་བ་འཁོར་བ་ཙམ་མོ། །ཡང་ཉམས་སུ་བླངས་པས་འོད་ཡུལ་གྲུ་ཙམ་དང༌། ཐིག་ལེ་ཁམ་ཕོར་ཙམ་དང༌། རིགས་པ་རི་དྭགས་དལ་བུས་འགྲོ་བ་ཙམ་མོ། །ཡང་འོད་ཡུལ་ཁམས་ཙམ་དང༌། སྟོང་གསུམ་ཙམ་སྣང་ཞིང༌། ཐིག་ལེ་འཁར་གཞོང་ཙམ་དང༌། བསེ་ཕུར་ཙམ་སྣང་བ་དང༌། རིག་པའི་བར་དུ་སྐུ་རེ་རེའང་འཆར་རོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུ་མཚན་དཔེར་གསལ་བ་སྟེ། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང༌། །དེ་ནས་ལྔ་ལྔ་ཟུང་དང་བཅས། །རབ་ཏུ་གསལ་བའི་ཐིག་ལེར་འབྲེལ། །ཡབ་ཡུམ་སྐུ་ཡི་སྣང་བ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །ཞེས་པས། དང་པོ་ཐིག་ལེ་དང་རིག་པ་ནང་དུ་སྐུ་ཡབ་ཡུམ་ཟུང་སྦྲེལ་རེ་དབུས་ན་གསལ་བ་ལས། དེ་ནས་ཕྱོགས་བཞིར་ཡབ་ཡུམ་བཞི་བཞི་སྣང་བའོ། །འདིའི་ཚེ་ཕྱི་ཡུལ་གྱི་འཁྲུལ་སྣང་ཞིང་ཁམས་སུ་གྲོལ་བས། འོག་མིན་ལོངས་སྐུའི་ཕོ་བྲང་དུ་ལྷུན་གྱིས་གྲུབ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས། ཤ་ཁྲག་རྡོས་བཅས་ཀྱི་འབྱུང་བཞི་ནུབ་པས། སྐྱེ་རྒས་ན་འཆིའི་འཁོར་བའི་སྡུག་བསྔལ་ལས་རང་གྲོལ། གསང་བ་རླུང་སེམས་སྟོང་པས་ཉོན་མོངས་རྟོག་ཚོགས་ཀྱི་བག་ཆགས་དབྱིངས་སུ་ཐིམ་པའོ། །དེའང་རྡོས་བཅས་ཤ་ཁྲག་གི་ཕུང་པོ་དག་པས། སྙིང་ཁའི་ཞི་བའི་ཚོམ་བུ་ནམ་མཁའ་ལ་རང་གསལ་བའོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། །སྔ་མ་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོང་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་མེད། །རྟོག་ཚོགས་འཁྲུལ་པ་ལས་བྲལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་པས། ཕྱི་ནང་གི་ཉམས་སྣང་དུ་འཛིན་པ་དང༌། རྟོག་ཚོགས་དང་བཅས་པ་ཟད་ནས་འོད་ཀྱི་ནང་ན་ལག་སོར་བཀྲམ་པ་ཙམ་ལས་མི་མངོན་ཏེ། འཁོར་འདས་ཀྱི་འདུ་ཤེས་ནུབ་ནས། སྣང་བ་ཅིའི་ངོ་བོར་ཡང་གྲུབ་པ་མེད་དོ། །དེའི་ཚེ་འགྲོ་དྲུག་དང་ཉི་ཟླའི་སྣང་བ་མེད་དོ། །གཟུང་འཛིན་གྱི་འཁྲུལ་པ་མེད་པས། ཆོས་སྐུ་རང་དག་གི་དགོངས་པ་ཆོས་ཉིད་ཟད་སར་ཐུག་པ་ཞེས་བྱའོ། །དེ་ནས་ན་བུན་ནམ་སྤྲིན་ཡལ་བ་ལྟར་ཕུང་པོ་མི་སྣང་བར་གདོད་མའི་ཀ་དག་ནམ་མཁའ་ལྟ་བུའི་རང་དུ་རང་གྲོལ་ལོ། །གསུམ་པ་མཐའ་རྟེན་གྱི་མན་ངག་ནི། ཀློང་གསལ་ལས། དེ་ལ་མཐའ་རྟེན་མན་ངག་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་པ་དང༌། ཐལ་འགྱུར་ལས། དེ་ལ་མཐའ་བརྟེན་ཡིད་ཆེས་བྱ། །མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་ལ་ཕེབས་པ་འོ། །སྡོད་པ་གསུམ་གྱིས་ཚད་གཟུང་བས། །རྨི་ལམ་ལོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངེས་གཟུང་བ་འོ། །ཐོབ་པ་གསུམ་གྱིས་གཟེར་གཏབ་པས། །ཟག་བཅས་ཕུང་པོ་མི་སྣང་བ་འོ། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། ཚད་ནི་གདིང་བཞིའི་རྣལ་འབྱོར་ཉིད། །ཅེས་པས། དང་པོ་མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི། ལུས་མི་འགུལ་བ་བཞུགས་སྟངས་གསུམ་ལ་སློབ་བོ། །མིག་མི་འགུལ་བ་གཟིགས་སྟངས་གསུམ་ལ་སློབ་བོ། །རླུང་རིག་མི་འགུལ་བས་ཅི་ནས་ཀྱང་དལ་བ་ལ་སློབ་བོ། །གཉིས་པ་སྡོད་པ་གསུམ་གྱི་ཚད་བཟུང་བ་ནི། དབྱིངས་རིག་ལ་གོམས་པས། ཕྱི་སྣང་བ་བསྐྱོད་པའི་རླུང་ཟད་པས། དབྱིངས་རིག་ལ་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས། ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་འགྱུར་བྱེད་ཀྱི་རླུང་ཟད་པས། རྣམ་རྟོག་འགྱུར་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་རྨི་ལམ་གྱི་གཟུང་བ་དང༌། རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་གཉིས་འབྱུང་ངོ༌། །དེའང་བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ། འབྲིང་ལ་འོད་གསལ་དུ་འཆར། ཐ་མས་རྨི་ལམ་ཟིན་པའོ། །རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་ལ་བཅུ་གཉིས་ལས། དང་པོ་ནི་ཆོས་ཉིད་མངོན་སུམ་གྱི་རྟགས་གསུམ་ནི། ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར་གཡོ་འགུལ་མེད་པར་སྡོད། ངག་ལྐུགས་པ་ལྟར་སྨྲ་སྙིང་མི་འདོད། སེམས་མཁའ་འགྲོ་སྙི་ལ་ཟིན་པ་ལྟར། རྣམ་རྟོག་གར་གཏད་དུ་སྡོད་པའོ། །ཉམས་གོང་འཕེལ་གྱི་རྟགས་གསུམ་ནི། ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟར། རྒྱན་དང་བྱི་དོར་མེད་པས་ངོ་ཚའི་རྣམ་རྟོག་དང་བྲལ། ངག་སྨྱོན་པའི་རང་ཚིག་ལྟར་དོན་མེད་སྨྲ། སེམས་རྩི་དུག་གིས་ཟིན་པ་ལྟར། ཁམས་གསུམ་དུ་མི་ལྡོག་པའོ། །རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ནི། ལུས་གླང་པོ་ཆེ་འདམ་དུ་ཚུད་པ་ལྟར་འབྱུང་བ་ཟང་ཐལ། ངག་གྲུལ་བུམ་གྱི་ཕྲུག་གུ་ལྟར་གཞན་གྱི་ཡིད་དུ་འོང་ཞིང་ཕན་ཐོགས་པའོ། །སེམས་འབྲུམ་ནད་བྱང་པ་ལྟར་བསྐྱར་ནས་ཁམས་གསུམ་དུ་མི་ལྡོག་པར་ངེས་པའོ། །ཆོས་ཉིད་ཟད་པའི་རྟགས་གསུམ་ནི། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེད་མ་ལྔ་བརྒྱས་བསྐོར་ཡང་ཉམ་མི་ང་བ་དང༌། འཇིགས་སྐྲག་མེད། ངག་བྲག་ཆ་ལྟར་གཞན་གྱི་ལད་མོ་ཟློས། སེམས་བར་སྣང་གི་ན་བུན་ལྟར་སྐད་གཅིག་ལ་མི་སྣང་བར་སངས་ རྒྱའོ། ། གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། འདིའི་དུས་སུ་སྐྱེ་བ་ལ་རང་དབང་ཐོབ་པས། སེམས་ཅན་གྱི་དོན་བྱ་བར་འདོད་ན། རང་གི་ལག་སོར་ལ་གཏད་ཅིང་བལྟས་པས། སྣང་བ་དེ་ཀུན་རང་ལོག་སྟེ། སྐབས་སུ་བེམས་པོ་འགུལ་ཞིང་སྒྲ་ཐོས་པས། སྣང་བྱེད་ཆུའི་ཟླ་བ་ལྟ་བུའི་ལུས་ཀྱིས་སེམས་ཅན་གྱི་དོན་བྱེད་དོ། །དེའང་སེམས་ཅན་ལ་རིག་པ་བཅུག་པས་འཚང་རྒྱ་བ་དང༌། བེམས་པོ་ལ་རིག་པ་བཅུག་པས་འགུལ་ཞིང་སྒྲ་འབྱིན་པ་དང༌། ཚེ་འཕོ་བའི་སེམས་ཅན་ལ་རིག་པ་བཅུག་པས་བར་དོར་གྲོལ་ལོ། །འཇུག་པ་ལ་རང་དབང་ཐོབ་པ་ནི། སོར་མོ་ལ་རིག་པ་གཏད་ནས་རང་ལུགས་སུ་བཞག་པས། དེ་ཉིད་ལ་མི་སྣང་བར་འཚང་རྒྱའོ། །རླུང་སེམས་ལ་རང་དབང་ཐོབ་པ་ནི། མངོན་པར་ཤེས་པ་ཐོགས་པ་མེད་པ་དང༌། རྫུ་འཕྲུལ་དུ་མ་སྟོན་ནུས་ པའོ། །བཞི་པ་གདིང་བཞི་ནི། ཡར་དཀོན་མཆོག་གི་ཡོན་ཏན་ཐོས་ཀྱང་རེ་བ་དང་དོགས་པ་མེད། མར་རིགས་དྲུག་གི་སྡུག་བསྔལ་དང་ཚེ་ཚད་ཐོས་ཀྱང་རེ་བ་དང་དོགས་པ་མེད་པའོ། །བརྒྱད་པ་བར་དོར་ཇི་ལྟར་འཆར་ཚུལ་ལ་བཞི་ལས། དང་པོ་སྐྱེ་གནས་ཀྱི་བར་དོ་ལ་དེད་དཔོན་གསེར་གླིང་དུ་ཕྱྀན་པ་ལྟ་བུའི་གདམས་ངག་ནི། བླ་མའི་དྲུང་དུ་ཐོས་བསམ་གྱི་སྒྲོ་འདོགས་བཅད་ནས། འོད་གསལ་གྱི་སྣང་བ་ལ་ཡིད་ཆེས་པར་བྱེད་དོ། །གཉིས་པ་འཆི་ཁའི་བར་དོ་ལ་གསལ་གདབ་པ་སྒེག་མོ་མེ་ལོང་ལྟ་བ་ལྟ་བུའི་གདམས་ངག་ནི། ཆོས་ཉིད་བར་དོར་འཆར་བའི་རང་སྣང་རྣམས་ཡིད་ལ་གསལ་བར་གསལ་འདེབས་པའོ། །དེའང་འདིའི་སྐབས་སུ་ས་ས་ལ་ཐིམ་པས་ལུས་ལྗི། །ཆུ་ཆུ་ལ་ཐིམ་པས་ཁ་སྣའི་ཆུ་ཕྱིར་འཛག །མེ་མེ་ལ་ཐིམ་པས་ལུས་ཀྱི་དྲོད་སྡུད། །རླུང་ལ་རླུང་ལ་ཐིམ་པས་ཡན་ལག་གཡབ་ཅིང་མིག་གྱེན་ལ་ལྡོག །རླུང་རྣམ་པར་ཤེས་པ་ལ་ཐིམ་པས་དར་ཅིག་བརྒྱལ། ཁྲག་ཐིག་གསུམ་སྙིང་ནང་དུ་འདུའོ། །རྣམ་ཤེས་ནམ་མཁའ་ལ་ཐིམ་པས་ཤེས་པ་སྟོང་གསལ་དབྱེར་མེད་སྟོན་གྱི་ནམ་མཁའ་འདྲ་བར་འཆར་རོ། །གསུམ་པ་ཆོས་ཉིད་ཀྱི་བར་དོ་ལ། །རང་སྣང་ལ་ཡིད་ཆེས་པས་མེ་ལོང་དུ་བྱད་གསལ་བའམ། །མ་པང་དུ་བུ་འཇུག་པའི་མན་ངག་ནི། །དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ། །མིག་ནས་ཐུགས་རྗེ་རྒྱུན་གྱི་ཟེར་ཐག་ལས། འོད་གསལ་གྱི་སྣང་བས་འཇིག་རྟེན་ཐམས་ཅད་ཁྱབ་པར་འཆར་ཏེ། ཐལ་འགྱུར་ལས། འདིར་ནི་ཆོས་ཉིད་བར་དོ་བཤད། །འཆི་ཁ་ལས་ནི་ཐལ་བའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་ལ་ཐིམ་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །དབང་པོ་ཀུན་ལྡན་འོད་ཀྱི་ལུས། །ལུས་དང་གྲིབ་མ་བཞིན་དུ་འགྱུར། །དེ་ཚེ་འོད་སྣང་དུ་མ་བུའི་ཚེ། ། མཁས་པ་སྣང་བ་མཆེད་པ་བཟུང༌། །ཞེས་པས། འོད་སྣང་མཆེད་པས་རང་སྣང་དུ་ཤེས་པས་གྲོལ་ལོ། །དེ་ནས་འོད་གསལ་ཟུང་འཇུག་གི་སྐུ་ལ་ཐིམ་པ་ནི། སྐད་ཅིག་དང་པོའི་ཁྲོ་བོའི་སྣང་བས་སྒྲ་འོད་ཟེར་གསུམ་དུ་སྣང་སྟེ། ཀློང་གསལ་ལས། དེ་ཚེ་སྒྲ་འོད་ཟེར་དུ་འཁྲིགས། །སྐུ་ཡི་སྣང་བས་སྐྲག་པར་ བྱེད། །ཅེས་པས། ཁྲོ་བོའི་གཟུགས་འཇིགས་སུ་རུང་བ་དང༌། འོད་གསལ་གྱི་ཟེར་མཚོན་ཆའི་རྣམ་པ་འདྲ་བ་དང༌། ཧཱུཾ་དང་ཕཊ་ཀྱི་སྒྲ་འབྲུག་སྟོང་ལྡིར་བ་ཙམ་འོང་བ་སེང་གེའི་གསོབ་མཐོང་བ་ལྟར་མཚང་ཕུག་ནས་རིག་སྟེ། རང་སྣང་དུ་ཤེས་པས་གྲོལ་ལོ། །དེ་ནས་ཞི་བའི་ཚོམ་བུའི་རིགས་ལྔའི་དཀྱིལ་འཁོར་ལྔ་ཚན་ལྔ་རིམ་གྱིས་ཕྱོགས་མཐར་ཁྱབ་པར་བརྒྱ་སྟོང་གྲངས་མེད་པ་འཆར་ཏེ། ཐལ་འགྱུར་ལས། འཇུག་ཅིང་སྨིན་པའི་རླུང་ལ་ཡང༌། །ཕྱོགས་བཞི་མཚམས་དང་སྟེང་འོག་གྲུབ། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །རིགས་ལྔའི་སྐུ་ཡང་མངོན་པར་སྣང༌། །མཐིང་ག་དཀར་སེར་དམར་ལྗང་ནི། །སོ་སོའི་ཡུམ་དང་བཅས་པར་སྣང༌། །སོ་སོའི་ཚོམ་བུ་རྫོགས་པ་ལ། །ལྔ་ལྡན་བཅུ་ལྡན་བརྒྱ་ལྡན་དང༌། །ཚོམ་བུ་སྟོང་དང་འབུམ་ཕྲག་ནི། །བསམ་ངོ་རང་བཞིན་དག་པ་ཡི། ། བརྗོད་ཀྱིས་མི་ལང་གྲངས་མེད་འཆར། །ཞེས་པས། རིགས་ལྔའི་སྐུ་ཤར་བའི་ཐུགས་ཀ་ནས། རང་གི་སྙིང་གར་ཟེར་ཐག་ཤར་བའི་ཚེ། གནད་གསུམ་གྱི་གདམས་ངག་དྲན་པར་བྱའོ། །དེའང་དང་པོ་འཇུག་པ་ཤེས་པའི་གནད་ལ་གཉིས་ལས། རིག་པ་འོད་ལ་འཇུག་པ་ནི་ཟེར་ཐག་འབྲེལ་བའི་ཚེ། རང་བཞིན་གྱི་བསམ་གཏན་ལ་གནས་པས་ངོས་གཟུང་ངོ༌། །འོད་རིག་པ་ལ་འཇུག་པ་ནི། སྣང་བ་དེ་ཀུན་རང་ལ་ཐིམ་པའི་ཚེ། མ་པང་བུ་འཇུག་གྀ་གནད་དྲན་པས་གྲོལ་ལོ། །གཉིས་པ་གྲོལ་བ་ལུས་ཀྱི་གནད་ནི། རང་ལུས་འོད་གསལ་དུ་ཡོད་པ་ལ་དང་པོ་ཤེས་པས་གྲོལ་ལོ། །མཐར་ཕྱིན་པ་ངོ་ཤེས་པའི་གནད་ནི། བར་སྣང་དུ་ངོ་ཤེས་པས་སྐད་ཅིག་ལ་ནང་གསལ་དུ་གྲོལ་ལོ། །དེར་གདིང་མ་ཐོབ་ན། དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་བ་ནི། ཉི་ཟླ་ཁ་སྦྱོར་ལས། རང་གི་སྙིང་ག་ནས་འོད་ཀྱི་ཐག་པ་ཤིན་ཏུ་ཕྲ་བ་གཅིག་འཆར་རོ། །དེའང་སྟེང་གི་ནམ་མཁའ་ལ་གྱེན་དུ་ཟུག་པར་སྣང་ངོ༌། །དེའི་དུས་སུ་རང་གིས་མ་ཡེངས་པར་བལྟས་པས། སྣང་བ་དེ་ཉིད་གཞན་དང་མ་འདྲེས་པར་ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ། དེའང་དང་པོ་མཐིང་ཁའི་སྣམ་བུའི་སྟེང་དུ། ཐིག་ལེ་ཟེར་དང་ལྡན་པ་མེ་ལོང་ཁ་སྦུབ་པ་ཙམ་སྟེ། དཔེར་ན་མུ་མེན་གྱི་ཕོར་པ་ཁ་སྦུབ་པ་ལྟ་བུ་ལ། ཡེ་ཤེས་ཀྱི་གཏིང་གདངས་དང་ལྡན་པ་ཤིན་ཏུ་གསལ་ལ་འཚེར་བ། དེ་ཡང་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ། །དེའི་མཐའ་དང་དབུས་མེད་པར་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པར་འཆར་རོ། །ཡང་དེའི་སྟེང་དུ་དཀར་པོའི་སྣམ་བུའི་སྟེང་དུ་ཐིག་ལེ་ཤིན་ཏུ་གསལ་ཞིང་དཀར་བའི་གདངས་ཆགས་པ། དཔེར་ན་ཤེལ་གྱི་ཕོར་པ་ཁ་སྦུབ་པ་ལྟ་བུ་ཡེ་ཤེས་ཀྱི་གཏིང་གདངས་དང་བཅས་པ་འཆར་རོ། །ཡང་སེར་པོའི་སྣམ་བུའི་སྟེང་དུ་ཐིག་ལེ་གསེར་གྱི་ཕོར་པ་ཁ་སྦུབ་པ་ལྟ་བུ་འཆར་རོ། །དེའི་སྟེང་དུ་དམར་པོའི་སྣམ་བུ་ལ་ཐིག་ལེ་པདྨ་རཱ་གའི་ཕོར་པ་སྦུབ་པ་ལྟ་བུ་འཆར་རོ། །དེའི་སྟེང་དུ་འོད་ཟླུམ་པོ་ཤིན་ཏུ་གསལ་བ་རྨ་བྱའི་གདུགས་ལྟར་འཆར་རོ། །དེ་དག་ཀྱང་ཡེ་ཤེས་ལྔའི་སྣང་བ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ནི་རྩལ་མ་རྫོགས་པས་མི་སྣང་ངོ༌། །དེ་ནི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་བ་སྟེ་རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་བྱའོ། །ཞེས་གསུངས་སོ། །དེའི་དུས་སུ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་ནི་སྣང་བ་དེ་ལ་མ་ཡེངས་པར་རང་ངོ་ཤེས་པས་བལྟའོ། །དེར་ནི་རང་གྲོལ་ལོ། །དེར་གདེང་མ་རྙེད་ན། ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེར་ཐིམ་པ་ཞེས་བྱ་བ་ནི་སྔ་མ་ལས། རིག་པ་ལྷུན་གྲུབ་ཆེན་པོའི་སྐུ་ལ་ཐིམ་པའི་ཚེ། རང་གི་སྣང་བ་ཁ་དོག་མཐིང་ག་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུ། ཐ་མ་འོད་ལྔའི་མུ་ཁྱུད་ཟླུམ་པོས་བསྐོར་བ་ནི། དཔེར་ན་ཉི་མ་འཇས་འཁྱིལ་བ་ལྟ་བུ་དབང་པོའི་ཁྱབ་ཚད་དུ་སྣང་ངོ༌། །དེའི་སྟེང་དུ་འོད་ཟླུམ་པོ་ཤིན་ཏུ་གསལ་བ་ཞིག་གདུགས་ལྟར་འཆར་རོ། །ཅེས་སོ། །འདིའི་དུས་སུ་འཆར་ལུགས་བརྒྱད་འབྱུང་སྟེ། དེའང་རིག་པ་འདི་ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་འོད་དུ་གསལ། སྐུ་ལྟར་ཤར་བས་ཤེས་པ་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་ཤེས་པ་མཐའ་གང་ལའང་མི་གནས། མ་དག་པ་སྲིད་པའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མི་འགག དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་མ་བུ་འབྲེལ་བ་སྟེ། རིན་ཆེན་སྤུངས་པ་ལས། ཐུགས་རྗེ་ལྟ་བུར་འཆར་ཚུལ་ལས། །སེམས་ཅན་ཀུན་གྱི་སྐྱབས་པའི་གནས། །སྣང་བ་རང་གསལ་འགགས་མེད་ལས། །འོད་ལྔའི་གསལ་བྱེད་ཚུལ་དུ་སྣང༌། །མཁྱེན་པའི་སྣང་ཆ་མ་འགགས་པས། །ཡེ་ཤེས་དག་པའི་སྒོ་ཉིད་དུ། །སྣང་བ་འགགས་མེད་ལམ་ལྟར་ཤར། །རང་སྣང་ལུས་ཀུན་མཐའ་རྫོགས་ཕྱིར། །ཆོས་རྣམས་ཀུན་གྱི་སྐུ་ལྟར་སྣང༌། །ཤེས་པའི་ངོ་བོ་གཅིག་ཡིན་པས། །གཉིས་སུ་མེད་པ་ལྟར་ཡང་ཤར། །དེ་ཉིད་རང་སར་གནས་མེད་པས། །མཐའ་གྲོལ་ཆེན་པོའི་སྣང་བ་ནི། །ངེས་མེད་ལྷུན་གྲུབ་གཞི་ལ་སྣང༌། །རིག་པ་ཟང་ཐལ་ཚིག་རྫོགས་ཕྱིར། །དག་པ་ཡེ་ཤེས་ཉིད་ཀྱི་སྒོ། །ངོ་བོ་ཉིད་དང་འབྲེལ་བ་འོ། །བྱུང་ཚུལ་འགགས་པ་མེད་པའི་ཕྱིར། །སེམས་ཅན་རྣམས་ཀྱི་བྱུང་ཁུངས་སོ། །མ་དག་འཁོར་བའི་སྒོ་ལྟར་ཡང༌། ཁྱབ་བྱེད་སྣང་བའི་ཆ་ལས་ཤར། །ཞེས་སོ། དེའི་ཚེ་ཕྱིར་མི་ལྡོག་པ་གྱད་ཀྱི་མདའ་ལྟ་བུའི་གདམས་ངག་ནི། རང་སྣང་རང་ངོ་ཤེས་པས་གྲོལ་བ་དེའི་ཚེ། མངོན་པར་ཤེས་པ་དྲུག་ཕྲག་དྲུག་འཆར་ཏེ། དབང་པོའི་མངོན་པར་ཤེས་པ་དྲུག །སེམས་ལས་སུ་རུང་བའི་མངོན་པར་ཤེས་པ་དྲུག ། ཤེས་རབ་ལ་དབང་ཐོབ་པའི་མངོན་པར་ཤེས་པ་དྲུག །ཡེ་ཤེས་མཐོང་བ་རྣམ་པར་ཤེས་པའི་མངོན་པར་ཤེས་པ་དྲུག །ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བའི་མངོན་པར་ཤེས་པ་དྲུག །སངས་རྒྱས་ཀྱི་མཁྱེན་པ་ཕྱིན་ཅི་མ་ལོག་པར་མཐོང་བའི་མངོན་པར་ཤེས་པ་དྲུག་འཆར་ཏེ། ཀློང་གསལ་ལས། དེ་ཚེ་རིགས་ཀྱི་བུ་དེ་ལ། མངོན་པར་ཤེས་པ་དྲུག་འཆར་ཏེ། ཞེས་སོ། དེ་ཚེ་ཡར་གཞིའི་སྣང་བ་ཀ་དག་ཆེན་པོ་གསལ། ཐད་ཀར་རིགས་ལྔ་གཙོ་འཁོར་གྱི་ཚོམ་བུ་གསལ། མར་འགྲོ་བ་རིགས་དྲུག་གི་སྐྱེ་གནས་དང༌། ལས་དང་སྡུག་བསྔལ་དང་ཚེ་ཚད་ལ་སོགས་པ་གསལ་ལོ། །དེ་ལྟར་མཐོང་བའི་གཞི་ལས་གྲོལ་བ་ནི། རྗེས་སུ་དྲན་པ་ལས་བྱུང་སྟེ། བླ་མ་དང་གདམས་པ་རྗེས་སུ་དྲན་པས་རང་སྣང་ལ་གཉིས་སུ་མེད་པར་སྤྱོད། ལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རང་ངོ་ཤེས་སོ། །སྒོམ་པ་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས། སྤྱོད་པ་རྗེས་སུ་དྲན་པས་རང་སྣང་དག་པའི་ཆོས་ཉིད་ལ་སྤྱོད། ལམ་རྗེས་སུ་དྲན་པས་བར་དོའི་ཆོས་ཉིད་ལ་དབང་བསྒྱུར། ལྷ་རྗེས་སུ་དྲན་པས་རང་སྣང་དཀྱིལ་འཁོར་དུ་གྲོལ། སྐྱེ་གནས་རྗེས་སུ་དྲན་པས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་འབྱིན། མི་བརྗེད་པའི་གཟུངས་དང་ཏིང་ངེ་འཛིན་ཐོབ་པས་སྔར་མ་ཐོབ་པའི་ཆོས་རྣམས་ཀྱང་འཆར་རོ། །དེ་ལྟར་ལྷུན་གྲུབ་རིན་པོ་ཆེར་གྲོལ་བའི་སྐད་ཅིག་གསུམ་པ་ལ། ཐིམ་ལུགས་བརྒྱད་དུས་གཅིག་ལ་འབྱུང་སྟེ། ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི། ཉི་མ་རྒས་པའི་ཟེར་འདུས་པ་ལྟར། རིགས་དྲུག་གི་སྣང་ཆ་རང་ལ་འདུས་པས་མ་དག་པ་འཁོར་བའི་མིང་མེད། འོད་འོད་ལ་ཐིམ་པས་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར། ཁ་དོག་མཚན་མའི་སྣང་བ་མེད་པས་སྟོང་པ་ངོས་བཟུང་དང་བྲལ་བའི་དབྱིངས་སུ་རོ་གཅིག །སྐུ་སྐུ་ལ་ཐིམ་པས་བུམ་པའི་སྐུ་ལྟར་ཤེས་བྱ་ནང་དུ་གསལ་བས་མཚན་མ་རིས་ཅན་གྱི་ཞལ་ཕྱག་ཏུ་མ་གྲུབ་པས་རང་ངོ་རྣམ་པར་དག །ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་མ་པང་དུ་བུ་ཞུགས་པ་ལྟར་ཆོས་ཉིད་མ་དང་བུ་རིག་པ་གཉིས་འདྲེས་པས་གཉིས་མེད་གཅིག་ཏུ་གྱུར། གཉིས་མེད་གཉིས་མེད་ལ་ཐིམ་པས་ཆུ་བོ་ལ་ཆུ་བོ་ཐིམ་པ་ལྟར་གདོད་མའི་ངང་དུ་གྲོལ་བས་ཆོས་སྐུར་རོ་གཅིག །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟར་སྟོང་པ་ལ་གཏད་པའི་ཡུལ་མེད་པས། དམིགས་གཏད་དང་ཆེད་འཛིན་ལས་འདས། མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པས་སྦྲའི་ཆོན་ཐག་བསྡུས་པ་ལྟར་ཐིག་ལེ་ཉག་གཅིག་ལ་འདུས་པས་སྐུ་གསུམ་དུ་འདུ་འབྲལ་མེད། དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ལ་ཐིམ་པས་སེང་གེས་གངས་ཟིན་པས། ཡ་ང་བག་ཚ་དང་བྲལ་བ་ལྟར་གདོད་མའི་གཞི་ལ་ནང་གསལ་འཕོ་འགྱུར་མེད་པའི་དགོངས་པ་ལ་ལྷུན་གྱིས་གྲུབ་པའོ། །དེ་སྐད་དུའང་སྔ་མ་ལས། རོལ་པ་ཙམ་དུའང་སྔ་མ་ལས། རོལ་པ་ཙམ་དུ་ཐིམ་ལུགས་བརྒྱད། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། ཐུགས་རྗེ་ཉིད་ནི་ཐུགས་རྗེ་ལ། རང་གི་ངོ་བོ་རང་ཐིམ་པས། དཔེར་ན་ཉི་མའི་སྙིང་པོ་ལ། རང་གི་ཟེར་རྣམས་ཐིམ་པ་ལྟར། །རང་གི་གདངས་དང་བཅས་པ་ཡིས། །གཟིགས་སྣང་ཐམས་ཅད་མྱ་ངན་འདའ། །ཞེས་སོ། །དེ་ཡང་དབང་པོའི་ཁྱད་པར་གྱིས་སྐད་ཅིག་མ་གསུམ་དང་ཞག་ལྔ་དང་ཉི་ཤུ་རྩ་གཅིག་གིས་གྲོལ་བར་བཤད་པ་ནི། ཉི་ཟླ་ཁ་སྦྱོར་ལས། དེ་ལྟར་ན་དབང་པོ་ནི་གསུམ་སྟེ། རབ་ཀྱིས་སྐད་ཅིག་མ་གསུམ་ལ་གྲོལ་བར་འགྱུར་རོ། །འབྲིང་གིས་ཞག་ལྔ་ན་བརྟན་པ་ཐོབ་པ་ཡང་ཡོད་དེ། ཐ་མས་ཉི་ཤུ་རྩ་གཅིག་ན་བརྟན་པ་ཐོབ་པར་ངེས་པ་ཡིན་ནོ། །ཡང་ཐ་རྣམས་ནི་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་བར་དོ་མེད་པར་སངས་རྒྱས་པ་ཡིན་ནོ། །ཞེས་སོ། །བཞི་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་ཁ་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ནི། དེ་ལྟར་ཤར་ཡང་བརྟན་པ་མ་ཐོབ་ན། སྲིད་པའི་བར་དོ་ལ་ཕྱེད་སྔ་མ་དང་ཕྱེད་ཕྱི་མའི་སྣང་བས། དབང་པོ་ཀུན་ཚང་ཞིང་ལས་ཀྱི་རྫུ་འཕྲུལ་ཐོགས་པ་མེད་པས་འགྲོ་དྲུག་སོ་སོའི་སྣང་བ་ལ་སྤྱོད་པ་རྨི་ལམ་གྱི་ལུས་ལྟར་སྣང་བའི་ཚེ། རབ་ཀྱིས་བདེན་མེད་དུ་ཤེས་པས་གྲོལ། འབྲིང་གིས་ཡི་དམ་ལྷའི་བསྐྱེད་རིམ་སྒྱུ་མ་ལྟ་བུས་མངལ་སྒོ་བཀག་ནས་ཞིང་དག་པར་སྐྱེ། ཐ་མས་སྐྱབས་འགྲོ་དང་སེམས་བསྐྱེད་བྱས་ནས་མངལ་སྒོ་བཟང་པོ་འདམ་པའོ། །དེའང་འགྲོ་དྲུག་གི་མངལ་སྒོ་དྲུག་ལ། སྐྱེད་མོས་ཚལ་དང་གཞལ་མེད་ཁང་ལྷ། ནམ་རྨུགས་པ་དང༌། སྐྱེ་བོ་མང་པོའི་དབུས་མི། འོད་ཀྱི་འཁོར་ལོ་ལྷ་མ་ཡིན། ཕུག་པ་དང༌། སྤྱིལ་པོ་བྱོལ་སོང༌། གྲོག་པོ་ཡི་དྭགས། མུན་ནག་ཆར་ཐིབས་དམྱལ་བའི་སྐྱེ་གནས་ སོ། །དེའི་ཚེ་ངན་པ་རྣམས་ལ་གཟབས་ཏེ། བཟང་པོ་ལ་ཕ་མ་ཡི་དམ་གྱི་ལྷ་ཡབ་ཡུམ་དུ་གསལ་བཏབ་ནས། ཞུགས་པས་མི་ལུས་རིན་པོ་ཆེ་ཐོབ་ནས་ཟབ་མོའི་གདམས་པ་དང་འཕྲད་དེ་འཚང་རྒྱའོ། །བར་དོའི་གྲོལ་ཚུལ་ལོ། །དགུ་པ་རང་བཞིན་སྤྲུལ་སྐུའི་སྣང་ཚུལ་ནི། ཆོས་འདྀའི་དབང་པོ་ཡང་མཐའ་རྣམས་སྲིད་པའི་བར་དོ་ལ་རྨི་ལམ་གྱི་ཆ་ཙམ་སྣང་བ་ལས། ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས། རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེ་བ་ནི་རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་ནི། རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང༌། ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། ཞེས་པས། རྨི་ལམ་སད་པའི་ཚུལ་ཙམ་དུ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་རྡོ་རྗེ་རིགས་ཀྱི་སྤྲུལ་པའི་ཞལ་མཐོང༌། ལྷོ་དཔལ་དང་ལྡན་པའི་ཞིང་ཁམས་སུ་རིན་ཆེན་རིགས་ཀྱི་སྤྲུལ་པས་དབང་བསྐུར། ནུབ་པདྨ་བརྩེགས་པའི་ཞིང་ཁམས་སུ་པདྨ་རིགས་ཀྱི་སྤྲུལ་པས་མངོན་སུམ་དུ་ལུང་བསྟན། བྱང་ལས་རབ་རྫོགས་པའི་ཞིང་དུ་ལས་ཀྱི་རིགས་ཀྱི་སྤྲུལ་པས་བག་ཆགས་ཀྱི་མཐའ་ཟད་པར་བྱས་ཏེ། དེ་ཉིད་དུ་ཁྲོ་བོའི་ཞིང་སྣང་དུར་ཁྲོད་མེ་རི་འབར་བ་མཐོང་བ་ཙམ་གྱིས་གྲོལ་ལོ། །བཅུ་པ་ནི་ཡེ་ཐོག་དང་པོའི་གཞིར་གྲོལ་ཏེ། མུ་ཏིག་ཕྲེང་བ་ལས། གྲོལ་བ་ཉིད་ནི་ཐོག་མ་འོ། །ཞེས་པས་དེར་གྲོལ་བའི་ཚེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་ཏེ། ངོ་བོ་ཆོས་སྐུ་ཀ་དག་ཆེན་པོ། རང་བཞིན་ལྷུན་གྲུབ་རང་གསལ་ཆེན་པོ། ཐུགས་རྗེ་ཀུན་ཁྱབ་རིག་སྟོང་ཆེན་པོར་བཞུགས་ཏེ། འཁོར་བའི་རྒྱུ་མ་རིག་པ་དང༌། སྒྲིབ་གཉིས་ཆ་དང་བཅས་པའི་མུན་པ་སངས། ཡེ་ཤེས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་ཏེ། རང་ཤར་ལས། མཚན་མར་འཛིན་པའི་འཁོར་བ་སངས། །ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས།། སངས་རྒྱས་ཞེས་ཀྱང་དེ་ལ་བྱ། །ཞེས་སོ། །དེ་ཚེ་སེམས་ཅན་གྱི་དོན་དུ། ཆོས་སྐུ་ནང་གསལ་ཆེན་པོ་ལས་མ་གཡོས་བཞིན་དུ་སྤྲུལ་སྐུ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་ལ་སོགས་པའི་ཞི་ཁྲོ་སོ་སོའི་དཀྱིལ་འཁོར་རྫོགས་པར་འོག་མིན་ན་གསལ་བས། ས་གནས་ཀྱི་སེམས་དཔའ་རྣམས་ལ་སྣང་ཞིང་དོན་བྱེད་ལ། ཤཱཀྱ་ཐུབ་པ་ལ་སོགས་པ་འགྲོ་བ་འདུལ་བ་སྤྲུལ་པའི་སྐུ། ལོངས་སྐུ་ལས་མ་དག་པའི་ཞིང་དུ་སྣང་བ་ནི། ནམ་མཁའི་ཟླ་བ་ལས་ཆུ་ཟླ་ལྟར་ཤར་ཞིང༌། སོ་སོའི་སྐྱེ་བོ་རྣམས་ཀྱི་དོན་བྱེད་ཅིང༌། དེ་ལས་མ་དག་པ་སྤྲུལ་པའི་སྐུ་སོ་སོ་གང་འདུལ་དུ་ཚངས་པ་ལ་སོགས་པ། འགྲོ་དྲུག་ཕལ་པའི་གཟུགས་དང༌། སྐྱེ་རྒས་ན་འཆི་དང་གཟེངས་དང་ཟམ་པ་དང༌། ནོར་བུ་ལ་སོགས་པར་སྤྲུལ་ནས། སེམས་ཅན་རྣམས་ཀྱི་ཡིད་དང་མཐུན་པར་དོན་བྱེད་དེ། ནམ་གདུལ་བྱ་མེད་པ་དེའི་ཚེ། ཆུ་སྣོད་མེད་པ་ལས་ཟླ་བ་མི་སྣང་བ་ལྟར་གདོད་མའི་གཞི་ནང་གསལ་ཉིད་དུ་ལྷུན་གྱིས་གྲུབ་བོ། །དེ་ལྟར་བདག་བློ་རིན་ཆེན་བང་མཛོད་ལས། །ཚིག་དོན་ཕུན་ཚོགས་འདོད་དགུའི་ལོངས་སྤྱོད་ཀྱིས། །སྐལ་ལྡན་སྐྱེ་བོའི་ཚོགས་རྣམ་དགའ་བསྐྱེད་དེ། །ལྷུན་གྲུབ་ས་ལ་ཀུན་ཏུ་བཟང་པོར་ཤོག །ཚུལ་འདི་མཁའ་འགྲོ་སྙིང་ཏིག་གསང་བའི་ལམ། །ཚེ་གཅིག་སངས་རྒྱས་སྒྲུབ་བྱེད་ཐེག་པའི་མཆོག །དགོངས་གཏེར་སྙིང་པོ་མི་ཡུལ་འཇིག་རྟེན་དུ། །དྲི་མེད་འོད་ཟེར་བདག་གིས་སྣང་བར་བྱས། །ལྷུན་པོ་རྒྱ་མཚོ་ནམ་མཁའ་གནས་ཀྱི་བར། །ཆོས་ཚུལ་འདིས་ཀྱང་འགྲོ་བའི་དོན་བྱེད་ཅིང༌། །སྲིད་པའི་འཁོར་བ་མ་ལུས་རབ་སྟོངས་ནས། །གཞི་རྫོགས་གདོད་མའི་ངང་དུ་ཕྱིན་པར་ཤོག །གངས་རི་ཐོད་དཀར་ཨོ་རྒྱན་རྫོང་ཉིད་དུ། །འོད་ཟེར་གོ་ཆས་གསོལ་བ་བཏབ་པའི་ངོར། །པདྨ་ལས་འབྲེལ་རྩལ་གྱིས་ལེགས་པར་བཀོད། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཚིག་དོན་རིན་པོ་ཆེའི་བང་མཛོད་ཅེས་བྱ་བ། པདྨ་ལས་འབྲེལ་རྩལ་གྱིས་གངས་རི་ཐོད་དཀར་དུ་སྟོན་གསུམ་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ་བཀོད་པ་རྫོགས་ སོ།། །། དགེ་ཞིང་བཀྲ་ཤིས།«མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༧༽ཚིག་དོན་རིན་པོ་ཆེའི་བང་མཛོད།»- PAGE 178 -- PAGE 179 -- PAGE 155 -