Bodhicharyavatara
༄། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་བཞུགས་སོ། །
༄༅༅། །རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙརྱ་ཨ་བ་ཏཱ་ར། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །ཕྱག་འོས་ཀུན་ལའང་གུས་པར་ཕྱག་འཚལ་ཏེ། །བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི། །ལུང་བཞིན་མདོར་བསྡུས་ནས་ནི་བརྗོད་པར་བྱ། །སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པ་བདག་ལ་མེད། །རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །དགེ་བ་བསྒོམ་ཕྱིར་བདག་གི་དད་པའི་ཤུགས། །འདི་དག་གིས་ཀྱང་རེ་ཞིག་འཕེལ་འགྱུར་ལ། །བདག་དང་སྐལ་བ་མཉམ་པ་གཞན་གྱིས་ཀྱང་། །ཅི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར། །དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་བར་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག །སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས། །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད། །སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་། །སེམས་ཅན་མི་བདེ་བསལ་བར་འདོད་པ་དང་། །བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་། །བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་མི་བྱ། །བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང་། །འགྲོ་བའི་དེད་དཔོན་གཅིག་པུ་ཚད་མེད་བློས། །ལེགས་པར་ཡོངས་སུ་བརྟགས་ན་རིན་ཆེ་བས། །འགྲོ་བའི་གནས་དང་བྲལ་བར་འདོད་པ་རྣམས། །རིན་ཆེན་བྱང་ཆུབ་སེམས་ལེགས་བརྟན་པར་ཟུང་། །དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །དེ་ཡི་ཕན་ཡོན་དཔག་ཏུ་མེད་པ་དག །བྱམས་མགོན་བློ་དང་ལྡན་པས་ནོར་བཟངས་བཤད། །བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་དགྲོལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་པ། །དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །འདི་ནི་འཐད་པ་དང་བཅས་པར། །ལག་བཟང་གིས་ནི་ཞུས་པ་ལས། །དམན་མོས་སེམས་ཅན་དོན་གྱི་ཕྱིར། །དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས། །སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། །བསལ་ལོ་སྙམ་དུ་བསམས་ན་ཡང་། །ཕན་འདོགས་བསམ་པ་དང་ལྡན་དེ། །བསོད་ནམས་དཔག་མེད་ལྡན་གྱུར་ན། །སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསལ་འདོད་ཅིང་། །རེ་རེའང་ཡོན་ཏན་དཔག་མེད་དུ། །བསྒྲུབ་པར་འདོད་པ་སྨོས་ཅི་དགོས། །ཕའམ་ཡང་ན་མ་ཡང་རུང་། །སུ་ལ་འདི་འདྲའི་ཕན་སེམས་ཡོད། །ལྷ་དང་དྲང་སྲོང་རྣམས་ཀྱང་རུང་། །ཚངས་པ་ལ་ཡང་འདི་ཡོད་དམ། །སེམས་ཅན་དེ་དག་ཉིད་ལ་སྔོན། །རང་གི་དོན་དུ་འདི་འདྲའི་སེམས། །རྨི་ལམ་དུ་ཡང་མ་རྨིས་ན། །གཞན་གྱི་དོན་དུ་ག་ལ་སྐྱེ། །གཞན་དག་རང་གི་དོན་དུ་ཡང་། །མི་འབྱུང་སེམས་ཅན་དོན་སེམས་གང་། །སེམས་ཀྱི་རིན་ཆེན་ཁྱད་པར་འདི། །སྔ་ན་མེད་པའི་རྨད་ཅིག་འཁྲུངས། །འགྲོ་བ་ཀུན་གྱི་དགའ་བའི་རྒྱུ། །སེམས་ཅན་སྡུག་བསྔལ་རྩིར་གྱུར་པ། །རིན་ཆེན་སེམས་ཀྱི་བསོད་ནམས་གང་། །དེ་ལ་ཇི་ལྟར་གཞལ་གྱིས་ལང་། །ཕན་པར་བསམས་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། །སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །གང་ཞིག་བདེ་བས་ཕོངས་པ་དང་། །སྡུག་བསྔལ་མང་ལྡན་དེ་དག་ལ། །བདེ་བ་ཀུན་གྱིས་ཚིམ་པ་དང་། །སྡུག་བསྔལ་ཐམས་ཅད་གཅོད་བྱེད་ཅིང་། །གཏི་མུག་ཀྱང་ནི་སེལ་བྱེད་པ། །དེ་དང་དགེ་མཚུངས་ག་ལ་ཡོད། །དེ་འདྲའི་བཤེས་ཀྱང་ག་ལ་ཡོད། །བསོད་ནམས་དེ་འདྲའང་ག་ལ་ཡོད། །ཕན་བཏགས་ལན་ལོན་གང་ཡིན་པ། །དེ་ཡང་རེ་ཞིག་བསྔགས་འོས་ན། །མ་བཅོལ་ལེགས་པར་བྱེད་པ་ཡི། །བྱང་ཆུབ་སེམས་དཔའ་སྨོས་ཅི་དགོས། །འགྲོ་བ་ཉུང་ཟད་ནར་མའི་ཟས་སྦྱོར་བ། །སྐད་ཅིག་ཟས་ཙམ་སྦྱིན་པར་བྱེད་པ་དང་། །བརྙས་བཅས་ཉིན་ཕྱེད་འདྲངས་པར་བྱེད་པ་ཡང་། །དགེ་བ་བྱེད་པ་ཡིན་ཞེས་སྐྱེ་བོས་བཀུར། །སེམས་ཅན་གྲངས་མཐའ་ཡས་ལ་དུས་རིང་དུ། །བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཡིད་ལ་བསམ་པ་མཐའ་དག་རྫོགས་བྱེད་པ། །རྟག་ཏུ་སྦྱིན་པ་ལྟ་ཞིག་སྨོས་ཅི་དགོས། །གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་ན་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །འོན་ཏེ་གང་ཞིག་ཡིད་རབ་དང་བྱེད་ན། །དེ་ཡི་འབྲས་བུ་དེ་བས་ལྷག་པར་འཕེལ། །རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་། །སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ། །གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་། །གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ་ཞེས་བྱ་བ་སྟེ་ལེའུ་དང་པོའོ།།
།།རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་ཞིག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་ན། །ཡོངས་སུ་གཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པ་བགྱིད། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་ལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་དུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་དུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བྱ། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་བལྟ་ན་སྡུག་པ་བསྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་ཚིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་དུ་འབྱུང་གྱུར་ཅིག །དུས་གསུམ་གཤེགས་པའི་སངས་རྒྱས་ཀུན། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་བདག་ཕྱག་འཚལ། །བྱང་ཆུབ་སེམས་ཀྱི་གཞི་རྣམས་དང་། །མཆོད་རྟེན་རྣམས་ལ་བདག་ཕྱག་འཚལ། །མཁན་པོ་དེ་བཞིན་སློབ་དཔོན་དང་། །བརྟུལ་ཞུགས་མཆོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདིའམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་པའམ། །བགྱིད་དུ་སྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་པས་བདག་ནོན་ཏེ། །རྗེས་སུ་ཡིད་རངས་གང་བགྱིས་པ། །ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ་པ་ཐག་པས་མགོན་ལ་བཤགས། །བདག་གིས་དཀོན་མཆོག་གསུམ་དང་ནི། །ཕ་མའམ་བླ་མ་གཞན་དག་ལ། །ཉོན་མོངས་སྒོ་ནས་ལུས་ངག་དང་། །ཡིད་ཀྱིས་གནོད་བགྱིས་གང་ལགས་དང་། །ཉེས་པ་དུ་མས་སྐྱོན་ཆགས་པའི། །སྡིག་ཅན་བདག་གིས་སྡིག་པ་གང་། །ཤིན་ཏུ་མི་བཟད་བགྱིས་པ་དེ། །ཐམས་ཅད་འདྲེན་པ་རྣམས་ལ་བཤགས། །བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཡིད་བརྟན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པས། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཐམས་ཅད་བོར་ཏེ་ཆས་དགོས་པར། །བདག་གིས་དེ་ལྟར་མ་ཤེས་ནས། །མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །མི་མཛའ་རྣམས་ཀྱང་མེད་འགྱུར་ཞིང་། །མཛའ་བ་རྣམས་ཀྱང་མེད་པར་འགྱུར། །བདག་ཀྱང་མེད་པར་འགྱུར་བ་སྟེ། །དེ་བཞིན་ཐམས་ཅད་མེད་པར་འགྱུར། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དངོས་པོ་གང་དང་གང་སྤྱད་པ། །དེ་དེ་དྲན་པའི་ཡུལ་དུ་འགྱུར། །འདས་པ་ཐམས་ཅད་མཐོང་མི་འགྱུར། །རེ་ཞིག་གསོན་ཚེ་འདི་ཉིད་ལ། །མཛའ་དང་མི་མཛའ་དུ་མ་འདས། །དེ་དག་དོན་དུ་བྱས་པའི་སྡིག །མི་བཟད་གང་ཡིན་མདུན་ན་གནས། །དེ་ལྟར་བདག་ནི་གློ་བུར་ཞེས། །བདག་གིས་རྟོགས་པར་མ་གྱུར་པས། །གཏི་མུག་ཆགས་དང་ཞེ་སྡང་གིས། །སྡིག་པ་རྣམ་པ་དུ་མ་བྱས། །ཉིན་མཚན་སྡོད་པ་ཡོད་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང་། །སྲོག་འཆད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་བསྐྱབས་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། །མགོན་པོ་བག་མེད་བདག་གིས་ནི། །འཇིགས་པ་འདི་འདྲ་མ་འཚལ་ནས། །མི་རྟག་ཚེ་འདིའི་ཆེད་དག་ཏུ། །སྡིག་པ་མང་པོ་ཉེ་བར་བསྒྲུབས། །སྐྱེ་བོ་ཡན་ལག་བཅད་པའི་སར། །དི་རིང་ཁྲིད་པའང་བྱེད་འགྱུར་ཏེ། །ཁ་སྐམས་མིག་རྩ་ངན་ལ་སོགས། །སྔ་ལས་གཞན་དུ་འགྱུར་སྣང་ན། །གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་གྱུར་ཅིང་། །འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་པ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། །སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་ཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་དུ་ཡི་མུག་འགྱུར། །གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། །དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དི་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་པས། །ཀུན་དུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལ་བདག་ཉིད་ཀྱིས། །བདག་གི་ལུས་ནི་དབུལ་བར་བགྱི། །ཐུགས་རྗེས་སྤྱོད་པ་མ་འཁྲུལ་བ། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ནས་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཐ་མལ་ནད་ཀྱིས་འཇིགས་ན་ཡང་། །སྨན་པའི་ངག་བཞིན་བྱ་དགོས་ན། །འདོད་ཆགས་ལ་སོགས་ཉེས་པ་བརྒྱའི། །ནད་ཀྱིས་རྟག་བཏབ་སྨོས་ཅི་དགོས། །དེ་གཅིག་གིས་ཀྱང་འཛམ་གླིང་ན། །གནས་པའི་མི་ཀུན་བརླག་བྱེད་ལ། །དེ་དག་གསོ་བའི་སྨན་གཞན་ནི། །ཕྱོགས་རྣམས་ཀུན་ནས་མི་རྙེད་ན། །དེ་ལ་སྨན་པ་ཐམས་ཅད་མཁྱེན། །ཟུག་རྔུ་ཐམས་ཅད་འབྱིན་པ་ཡི། །བཀའ་ལྟར་མི་བྱེད་སེམས་པ་ནི། །ཤིན་ཏུ་གཏི་མུག་སྨད་པའི་གནས། །གཡང་ས་ཐ་མལ་ཆུང་ངུ་ལའང་། །བག་ཡོད་གནས་པར་བྱ་དགོས་ན། །དཔག་ཚད་སྟོང་དུ་ལྷུང་བ་ཡི། །ཡུན་རིང་གཡང་སར་སྨོས་ཅི་དགོས། །དི་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། །བདག་ལ་མི་འཇིགས་སུ་ཡིས་བྱིན། །འདི་ལས་ཇི་ལྟར་ངེས་ཐར་ཞེས། །གདོན་མི་ཟ་བར་མེད་འགྱུར་ན། །ཇི་ལྟར་བདག་ཡིད་བདེ་བར་འདུག །སྔོན་ཆད་མྱོང་སྟེ་ཞིག་པ་ལས། །བདག་ལ་ལྷག་པ་ཅི་ཡོད་ན། །བདག་ནི་དེ་ལ་མངོན་ཞེན་ནས། །བླ་མའི་བཀའ་དང་འགལ་བར་བྱས། །གསོན་ཚེ་འདི་དང་དེ་བཞིན་དུ། །གཉེན་དང་བཤེས་པ་རྣམ་སྤངས་ནས། །གཅིག་པུ་ག་ཤེད་འགྲོ་དགོས་ན། །མཛའ་དང་མི་མཛའ་ཀུན་ཅི་རུང་། །མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པའི་རིགས། །བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ན་མ་ཐོའམ། །བཅས་པའི་སྡིག་པ་གང་ཡིན་ལས། །གང་ཡང་རུང་བ་བགྱིས་པ་རྣམས། །མགོན་པོའི་སྤྱན་སྔར་མངོན་སུམ་དུ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལགས་པར་གཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོང་མི་བགྱིད། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། སྡིག་པ་བཤགས་པའི་ལེའུ་སྟེ་གཉིས་པའོ།།
།།སེམས་ཅན་ཀུན་གྱི་ངན་སོང་གི། །སྡུག་བསྔལ་ངལ་སོའི་དགེ་བ་དང་། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ་། །ལུས་ཅན་འཁོར་བའི་སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡི་རང་ངོ་། །སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང་། །རྒྱལ་སྲས་ས་ལའང་ཡི་རང་ངོ་། །སེམས་ཅན་ཐམས་ཅད་བདེ་མཛད་པའི། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང་། །སེམས་ཅན་ཕན་པ་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མ་སྦར་དུ་གསོལ། །རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོངས་པར་མི་དགོད་ཅིང་། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། །དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་བསལ་བར་ཤོག །འགྲོ་བ་ནད་པ་ཇི་སྲིད་དུ། །ནད་སོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་དང་། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཟས་དང་སྐོམ་གྱི་ཆར་ཕབ་སྟེ། །བཀྲེས་དང་སྐོམ་པའི་སྡུག་བསྔལ་བསལ། །མུ་གེའི་བསྐལ་པ་བར་མའི་ཚེ། །བདག་ནི་ཟས་དང་སྐོམ་དུ་གྱུར། །སེམས་ཅན་ཕོངས་ཤིང་དབུལ་བ་ལ། །བདག་ནི་མི་ཟད་གཏེར་གྱུར་ཏེ། །ཡོ་བྱད་མཁོ་དགུ་སྣ་ཚོགས་སུ། །མདུན་དུ་ཉེ་བར་གནས་གྱུར་ཅིག །ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །ཕོངས་པ་མེད་པར་གཏང་བར་བྱ། །ཐམས་ཅད་བཏང་བས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་སྒྲུབ། །ཐམས་ཅད་གཏོང་བར་ཆབས་གཅིག་ལ། །སེམས་ཅན་རྣམས་ལ་བཏང་བ་མཆོག །བདག་གིས་ལུས་ཅན་ཐམས་ཅད་ལ། །ལུས་འདི་ཅི་བདེར་བྱིན་ཟིན་གྱིས། །རྟག་ཏུ་གསོད་དང་སྨོད་པའམ། །བརྡེག་སོགས་ཅི་དགར་བྱེད་ལ་རག །བདག་གི་ལུས་ལ་རྩེ་བྱེད་དམ། །ཅོ་འདྲི་ག་ཞའི་རྒྱུ་བྱེད་ཀྱང་། །བདག་གི་ལུས་འདི་བྱིན་ཟིན་གྱིས། །འདི་ཡི་ཁ་ཏས་ཅི་ཞིག་བྱ། །དེ་ལ་གནོད་པར་མི་འགྱུར་བའི། །ལས་གང་ཡིན་པའང་བྱེད་དུ་ཆུག །བདག་ལ་དམིགས་ནས་ནམ་དུ་ཡང་། །འགའ་ཡང་དོན་མེད་མ་གྱུར་ཅིག །བདག་ལ་དམིགས་ནས་གང་དག་གི། །ཁྲོའམ་དད་པའི་སེམས་བྱུང་བ། །དེ་ཉིད་རྟག་ཏུ་དེ་དག་གི། །དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག །གང་དག་བདག་ལ་ཁ་ཟེར་རམ། །གཞན་དག་གནོད་པ་བྱེད་པའམ། །དེ་བཞིན་ཕྱར་ཀ་གཏོང་ཡང་རུང་། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང་། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་གླིང་དང་ནི། །གནས་མལ་འདོད་ལ་གནས་མལ་དང་། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་གྱུར་པར་ཤོག །ཡིད་བཞིན་ནོར་དང་བུམ་པ་བཟང་། །རིག་སྔགས་གྲུབ་དང་སྨན་ཆེན་དང་། །དཔག་བསམ་གྱི་ནི་ཤིང་དག་དང་། །ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་དུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །དེ་ལྟར་བློ་དང་ལྡན་པ་ཡིས། །རབ་དང་བྱང་ཆུབ་སེམས་བཟུང་ནས། །མཇུག་ཀྱང་རྒྱས་པར་བྱ་བའི་ཕྱིར། །སེམས་ནི་འདི་ལྟར་གཟེངས་བསྟོད་དོ། །དེང་དུ་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དི་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་གྱུར། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་སྟེས་ནས། །བྱང་ཆུབ་སེམས་འདི་བདག་ལ་སྐྱེས། །འགྲོ་བའི་འཆི་བདག་འཇོམས་བྱེད་པའི། །བདུད་རྩི་མཆོག་ཀྱང་འདི་ཡིན་ནོ། །འགྲོ་བའི་དབུལ་བ་སེལ་བ་ཡི། །མི་ཟད་གཏེར་ཡང་འདི་ཡིན་ནོ། །འགྲོ་བའི་ནད་རབ་ཞི་བྱེད་པའི། །སྨན་གྱི་མཆོག་ཀྱང་འདི་ཡིན་ནོ། །སྲིད་ལམ་འཁྱམ་ཞིང་དུབ་པ་ཡི། །འགྲོ་བའི་ངལ་སོ་ལྗོན་ཤིང་ཡིན། །འགྲོ་བ་ཐམས་ཅད་ངན་འགྲོ་ལས། །སྒྲོལ་བར་བྱེད་པའི་སྤྱི་སྟེགས་ཡིན། །འགྲོ་བའི་ཉོན་མོངས་གདུང་སེལ་བའི། །སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག །དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན། །དམ་ཆོས་འོ་མ་བསྲུབས་པ་ལས། །མར་གྱི་ཉིང་ཁུ་བྱུང་བ་ཡིན། །འགྲོ་བའི་མགྲོན་པོ་སྲིད་པའི་ལམ་རྒྱུ་ཞིང་། །བདེ་བའི་ལོངས་སྤྱོད་སྤྱད་པར་འདོད་པ་ལ། །འདི་ནི་བདེ་བའི་མཆོག་ཏུ་ཉེར་གནས་ཏེ། །སེམས་ཅན་མགྲོན་ཆེན་ཚིམ་པར་བྱེད་པ་ཡིན། །བདག་གིས་དི་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་ཞེས་བྱ་བ་སྟེ་ལེའུ་གསུམ་པའོ།།
།།རྒྱལ་བའི་སྲས་ཀྱིས་དེ་ལྟ་བུར། །བྱང་ཆུབ་སེམས་རབ་བརྟན་བཟུང་ནས། །གཡེལ་བ་མེད་པར་རྟག་ཏུ་ཡང་། །བསླབ་ལས་མི་འདའ་འབད་པར་བྱ། །བབ་ཅོལ་བརྩམས་པ་གང་ཡིན་པའམ། །གང་ཞིག་ལེགས་པར་མ་བརྟགས་པ། །དེ་ནི་དམ་བཅས་བྱས་གྱུར་ཀྱང་། །བྱའམ་བཏང་ཞེས་བརྟགས་པའི་རིགས། །སངས་རྒྱས་རྣམས་དང་དེ་ཡི་སྲས། །ཤེས་རབ་ཆེན་པོས་གང་བརྟགས་ཤིང་། །བདག་ཉིད་ཀྱིས་ཀྱང་བརྟག་བརྟགས་པ། །དེ་ལ་བཤོལ་དུ་ཅི་ཞིག་ཡོད། །གལ་ཏེ་དེ་ལྟར་དམ་བཅས་ནས། །ལས་ཀྱིས་བསྒྲུབ་པ་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླུས་པས། །བདག་གི་འགྲོ་བ་ཅི་འདྲར་འགྱུར། །དངོས་པོ་ཕལ་པ་ཅུང་ཟད་ལའང་། །ཡིད་ཀྱིས་སྦྱིན་པར་བསམ་བྱས་ནས། །མི་གང་སྦྱིན་པར་མི་བྱེད་པ། །དེ་ཡང་ཡི་དགས་འགྱུར་གསུངས་ན། །བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུ་བྱས་ན། །བདེ་འགྲོར་ཇི་ག་འགྲོ་འགྱུར་རམ། །མི་གང་བྱང་ཆུབ་སེམས་བཏང་ཡང་། །དེ་དག་ཐར་བར་བྱེད་པ་ནི། །ལས་ཚུལ་བསམ་གྱིས་མི་ཁྱབ་སྟེ། །ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན། །དེ་ནི་བྱང་ཆུབ་སེམས་དཔའ་ལ། །ལྟུང་བའི་ནང་ན་ལྕི་བ་སྟེ། །འདི་ལྟར་དེ་ནི་བྱུང་གྱུར་ན། །སེམས་ཅན་ཀུན་གྱི་དོན་ལ་དམན། །གང་གཞན་སྐད་ཅིག་ཙམ་ཡང་འདིའི། །བསོད་ནམས་བར་ཆད་གེགས་བྱེད་པ། །སེམས་ཅན་དོན་ལ་དམན་གྱུར་པས། །དེ་ཡི་ངན་འགྲོ་མུ་མཐའ་མེད། །སེམས་ཅན་གཅིག་གི་བདེ་བ་ཡང་། །བཤིག་ན་བདག་ཉིད་ཉམས་འགྱུར་ན། །ནམ་མཁའ་མ་ལུས་མཐའ་ཀླས་པའི། །ལུས་ཅན་བདེ་བཤིག་སྨོས་ཅི་དགོས། །དེ་ལྟར་ལྟུང་བ་སྟོབས་ལྡན་དང་། །བྱང་ཆུབ་སེམས་སྟོབས་ལྡན་པ་དག །འཁོར་བར་རེས་ཀྱིས་འདྲེ་བྱེད་ན། །ས་ཐོབ་པ་ལ་ཡུན་རིང་ཐོགས། །དེ་ལྟས་ཇི་ལྟར་དམ་བཅས་བཞིན། །བདག་གིས་གུས་པར་བསྒྲུབ་པར་བྱ། །དེང་ནས་བརྩོན་པར་མ་བྱས་ན། །འོག་ནས་འོག་ཏུ་འགྲོ་བར་འགྱུར། །སེམས་ཅན་ཐམས་ཅད་ཕན་མཛད་པའི། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང་། །བདག་ནི་རང་གི་ཉེས་པས་དེའི། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །ད་དུང་དེ་བཞིན་བདག་བྱེད་ན། །ཡང་དང་ཡང་དུའང་དེ་བཞིན་ཏེ། །ངན་འགྲོར་ནད་དང་འཆིང་བ་དང་། །བཅད་དང་གཤེག་སོགས་མྱོང་བར་འགྱུར། །དེ་བཞིན་གཤེགས་པ་འབྱུང་བ་དང་། །དད་དང་མི་ལུས་ཐོབ་པ་དང་། །དགེ་གོམས་རུང་བ་དེ་ལྟ་བུ། །དཀོན་པ་ནམ་ཞིག་ཐོབ་པར་འགྱུར། །ནད་མེད་ཉི་མ་འདི་ལྟ་བུ། །ཟས་བཅས་འཚེ་བ་མེད་ཀྱང་ནི། །ཚེ་ནི་སྐད་ཅིག་བསླུ་བ་སྟེ། །ལུས་ནི་ཐང་ཅིག་བརྙན་པོ་བཞིན། །བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་འཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས། །སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། །བསྐལ་པར་མནར་མེད་གནས་འགྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །དེ་ཙམ་ཁོ་ན་མྱོང་གྱུར་ནས། །དེ་ནི་རྣམ་ཐར་མི་འགྱུར་ཏེ། །འདི་ལྟར་དེ་ནི་མྱོང་བཞིན་དུ། །སྡིག་པ་གཞན་དག་རབ་ཏུ་སྐྱེ། །འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །གལ་ཏེ་བདག་གིས་དེ་རྟོགས་ནས། །རྨོངས་པས་ཕྱིས་ཀྱང་སྒྱིད་ལུག་ན། །འཆི་བར་འགྱུར་བའི་དུས་ཀྱི་ཚེ། །མྱ་ངན་ཆེན་པོ་ལྡང་བར་འགྱུར། །དམྱལ་མེ་བཟོད་དཀས་དུས་རིང་དུ། །བདག་གི་ལུས་ལ་བསྲེགས་གྱུར་ན། །འགྱོད་པ་མི་བཟད་མེ་འབར་བས། །སེམས་གདུང་འགྱུར་བ་གདོན་མི་ཟ། །ཤིན་ཏུ་རྙེད་དཀའ་ཕན་པའི་ས། །ཇི་ཞིག་ལྟར་ཏེ་རྙེད་གྱུར་ནས། །བདག་ཉིད་ཤེས་དང་ལྡན་བཞིན་དུ། །ཕྱིར་ཡང་དམྱལ་བ་དེར་ཁྲིད་ན། །སྔགས་ཀྱིས་རྨོངས་པར་བྱས་པ་བཞིན། །བདག་ལ་འདིར་སེམས་མེད་དུ་ཟད། །ཅིས་རྨོངས་བདག་ཀྱང་མ་ཤེས་ཏེ། །བདག་གི་ཁོང་ན་ཅི་ཞིག་ཡོད། །ཞེ་སྡང་སྲེད་སོགས་དགྲ་རྣམས་ནི། །རྐང་ལག་ལ་སོགས་ཡོད་མིན་ལ། །དཔའ་མཛངས་མིན་ཡང་ཇི་ཞིག་ལྟར། །དེ་དག་གིས་བདག་བྲན་བཞིན་བྱས། །བདག་གི་སེམས་ལ་གནས་བཞིན་དུ། །དགའ་མགུར་བདག་ལ་གནོད་བྱེད་པ། །དེ་ལའང་མི་ཁྲོ་བཟོད་པ་ནི། །གནས་མིན་བཟོད་པ་སྨད་པའི་གནས། །གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང་། །དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་ཁྲིད་ཅིང་འཇུག་མི་ནུས། །ཉོན་མོངས་སྟོབས་ཅན་དགྲ་འདིས་ནི། །གང་དང་ཕྲད་ན་རི་རབ་ཀྱང་། །ཐལ་བ་ཡང་ནི་མི་ལུས་པ། །དེར་བདག་སྐད་ཅིག་གཅིག་ལ་འདོར། །བདག་གི་ཉོན་མོངས་དགྲ་བོ་གང་། །དུས་རིང་ཐོག་མཐའ་མེད་པ་ལྟར། །དགྲ་གཞན་ཀུན་ཀྱང་དེ་ལྟ་བུར། །ཡུན་རིང་ཐུབ་པ་མ་ཡིན་ནོ། །མཐུན་པར་རིམ་གྲོ་བསྟེན་བྱས་ན། །ཐམས་ཅད་ཕན་དང་བདེ་བྱེད་ལ། །ཉོན་མོངས་རྣམས་ནི་བསྟེན་བྱས་ན། །ཕྱིར་ཞིང་སྡུག་བསྔལ་གནོད་པ་བྱེད། །དེ་ལྟར་ཡུན་རིང་རྒྱུན་ཆགས་དགྲར་གྱུར་པ། །གནོད་པའི་ཚོགས་རབ་འཕེལ་བའི་རྒྱུ་གཅིག་པུ། །བདག་གི་སྙིང་ལ་ངེས་པར་གནས་འཆའ་ན། །འཁོར་བར་འཇིགས་མེད་དགའ་བར་ག་ལ་འགྱུར། །འཁོར་བའི་བཙོན་རའི་སྲུང་མས་དམྱལ་སོགས་སུ། །གསོད་བྱེད་གཤེད་མར་གྱུར་པ་འདི་དག་ནི། །གལ་ཏེ་བློ་གནས་ཆགས་པའི་དྲ་བ་ན། །གནས་ན་བདག་ལ་བདེ་བ་ག་ལ་ཡོད། །དེ་ལྟར་ཇི་སྲིད་བདག་གིས་དགྲ་འདི་མངོན་སུམ་དུ། །ངེས་པར་མ་བཅོམ་དེ་སྲིད་བདག་འདིར་བརྩོན་མི་འདོར། །རེ་ཞིག་གནོད་བྱེད་ཆུང་ངུ་ལ་ཡང་ཁྲོས་གྱུར་པ། །ང་རྒྱལ་བདོ་རྣམས་དེ་མ་བཅོམ་པར་གཉིད་མི་འོང་། །རང་བཞིན་འཆི་བས་སྡུག་བསྔལ་གྱུར་པའི་ཉོན་མོངས་དག །གཡུལ་ངོར་མདར་ཚེ་ནན་གྱིས་གཞོམ་པར་འདོད་པ་ཡང་། །མདའ་མདུང་མཚོན་གྱིས་ཕོག་པའི་སྡུག་བསྔལ་ཁྱད་བསད་ནས། །དོན་མ་གྲུབ་པར་ཕྱིར་ཕྱོགས་འབྱེར་བར་མི་བྱེད་ན། །རྟག་ཏུ་སྡུག་བསྔལ་ཀུན་གྱི་རྒྱུར་གྱུར་པ། །རང་བཞིན་དགྲ་དེས་གཞོམ་བརྩོན་བདག་ལ་དེང་། །སྡུག་བསྔལ་བརྒྱ་ཕྲག་རྒྱུར་གྱུར་གང་གིས་ཀྱང་། །ཡི་ཆད་སྒྱིད་ལུག་མི་འགྱུར་སྨོས་ཅི་དགོས། །དོན་མེད་དགྲ་ཡིས་རྨ་སྲོལ་བཏོད་པ་ཡང་། །ལུས་ལ་རྒྱན་དང་འདྲ་བར་སྲེལ་བྱེད་ན། །དོན་ཆེན་སྒྲུབ་ཕྱིར་ཡང་དག་བརྩོན་གྱུར་པ། །བདག་ལ་སྡུག་བསྔལ་ཅི་ཕྱིར་གནོད་བྱེད་ཡིན། །ཉ་པ་གདོལ་པ་ཞིང་པ་ལ་སོགས་པ། །རང་གི་འཚོ་བ་ཙམ་ཞིག་སེམས་པ་ཡང་། །གྲང་དང་ཚ་ལ་སོགས་པའི་གནོད་བཟོད་ན། །འགྲོ་བ་བདེ་ཕྱིར་བདག་ལྟ་ཅིས་མི་བཟོད། །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །འགྲོ་བ་ཉོན་མོངས་ལས་བསྒྲལ་བར། །དམ་བཅས་གང་ཚེ་བདག་ཉིད་ཀྱང་། །ཉོན་མོངས་རྣམས་ལས་མ་གྲོལ་བ། །བདག་གི་ཚོད་ཀྱང་མི་ཤེས་པར། །སྨྲ་བ་ཇི་ལྟར་སྨྱོན་པ་མིན། །དེ་ལྟར་ཉོན་མོངས་གཞོམ་པ་ལ། །རྟག་ཏུ་ཕྱིར་མི་ལྡོག་པར་བྱ། །འདི་ལ་བདག་གིས་ཞེན་བྱ་ཞིང་། །ཁོན་དུ་བཟུང་ནས་གཡུལ་སྤྲད་དེ། །རྣམ་པ་དེ་འདྲའི་ཉོན་མོངས་པ། །ཉོན་མོངས་འཇོམས་བྱེད་མ་གཏོགས་སོ། །བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །བདག་གི་མགོ་བོ་བཅད་ཀྱང་བླའི། །རྣམ་པ་ཀུན་དུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱའོ། །ཐ་མལ་དགྲ་བོ་ཡུལ་ནས་ཕྱུང་ཡང་ནི། །ཡུལ་གཞན་དག་ཏུ་གནས་ཤིང་ཡོངས་བཟུང་ནས། །ནུས་པ་བརྟས་ནས་དེ་ནས་ཕྱིར་ལྡོག་གི། །ཉོན་མོངས་དགྲ་ཚུལ་དེ་དང་འདྲ་མ་ཡིན། །ཉོན་མོངས་ཉོན་མོངས་ཤེས་རབ་མིག་གིས་སྤང་། །བདག་ཡིད་ལས་བསལ་གང་དུ་འགྲོ་བར་འགྱུར། །གང་དུ་གནས་ནས་བདག་གནོད་བྱ་ཕྱིར་འོང་། །བློ་ཞེན་བདག་ལ་བརྩོན་པ་མེད་པར་ཟད། །ཉོན་མོངས་རྣམས་ནི་ཡུལ་ན་མི་གནས་དབང་ཚོགས་ལ་མིན་བར་ནའང་མིན། །དེ་ལས་གཞན་ནའང་མིན་ན་འདི་དག་གར་གནས་འགྲོ་བ་ཀུན་གནོད་བྱེད། །འདི་ནི་སྒྱུ་འདྲ་དེ་ཕྱིར་སྙིང་ལ་འཇིགས་སྤོངས་ཤེས་ཕྱིར་བརྩོན་པ་བསྟེན། །དོན་མེད་ཉིད་དུ་བདག་ལ་དམྱལ་སོགས་རྣམས་སུ་ཅི་སྟེ་གནོད་པ་བྱེད། །དེ་ལྟར་རྣམ་བསམས་ཇི་སྐད་བཤད་པ་ཡི། །བསླབ་པ་བསྒྲུབ་པའི་ཆེད་དུ་འབད་པར་བྱ། །སྨན་པའི་ངག་མ་མཉན་ན་སྨན་དག་གིས། །བཅོས་དགོས་ནད་པ་སོས་པ་ག་ལ་ཡོད། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བག་ཡོད་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བཞི་པའོ།།
།།བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། །སེམས་འདི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བར་ཡོང་མི་ནུས། །སེམས་ཀྱི་གླང་པོ་ཡན་བཏང་བས། །མནར་མེད་གནོད་པ་བྱེད་པ་ལྟར། །གླང་ཆེན་མ་ཐུལ་མྱོས་པ་ཡིས། །འདི་ན་དེ་འདྲའི་གནོད་མི་བྱེད། །ཀུན་ནས་དྲན་པའི་ཐག་པ་ཡིས། །སེམས་ཀྱི་གླང་པོ་དམ་བཏགས་ན། །འཇིགས་པ་ཐམས་ཅད་མེད་འགྱུར་ཞིང་། །དགེ་བ་ཐམས་ཅད་ལག་ཏུ་འོང་། །སྟག་དང་སེང་གེ་གླང་ཆེན་དྲེད། །སྦྲུལ་དང་དགྲ་རྣམས་ཐམས་ཅད་དང་། །སེམས་ཅན་དམྱལ་བའི་སྲུང་མ་དང་། །བྱད་མ་དེ་བཞིན་སྲིན་པོ་རྣམས། །སེམས་འདི་གཅིག་པུ་བཏགས་པ་ཡིས། །དེ་དག་ཐམས་ཅད་བཏགས་པར་འགྱུར། །སེམས་འདི་གཅིག་པུ་བཏུལ་བས་ན། །དེ་དག་ཐམས་ཅད་ཐུལ་བར་འགྱུར། །འདི་ལྟར་འཇིགས་པ་ཐམས་ཅད་དང་། །སྡུག་བསྔལ་དཔག་ཏུ་མེད་པ་ཡང་། །སེམས་ལས་བྱུང་བ་ཡིན་ནོ་ཞེས། །ཡང་དག་གསུང་བ་ཉིད་ཀྱིས་བསྟན། །སེམས་ཅན་དམྱལ་བའི་མཚོན་ཆ་རྣམས། །སུ་ཞིག་གིས་ནི་ཆེད་དུ་བྱས། །ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །དེ་ལྟར་འཇིག་རྟེན་གསུམ་པོ་ན། །སེམས་ལས་འཇིགས་པ་གཞན་འགའ་མེད། །གལ་ཏེ་འགྲོ་བ་དབུལ་བོར་ནས། །སྦྱིན་པའི་ཕ་རོལ་ཕྱིན་ཡིན་ན། །ད་རུང་འགྲོ་བཀྲེན་ཡོད་ན་སྔོན། །སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན། །བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེ་ལྟས་དེ་ནི་སེམས་ཉིད་དོ། །ཉ་ལ་སོགས་པ་གང་ཞིག་ཏུ། །དེ་དག་གསོད་མི་འགྱུར་བར་བསྐྲད། །སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །སེམས་ཅན་མི་སྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ཡོང་མི་ལང་། །ཁྲོ་བའི་སེམས་འདི་གཅིག་བཅོམ་ན། །དགྲ་དེ་ཐམས་ཅད་ཆོམས་དང་འདྲ། །ས་སྟེངས་འདི་དག་ཀོས་གཡོགས་སུ། །དེ་སྙེད་ཀོ་བས་ག་ལ་ལང་། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེངས་ཐམས་ཅད་གཡོགས་དང་འདྲ། །དེ་བཞིན་ཕྱི་རོལ་དངོས་པོ་ཡང་། །བདག་གིས་ཕྱིར་བཟློག་མི་ལང་གི། །བདག་གི་སེམས་འདི་ཕྱིར་བཟློག་བྱའི། །གཞན་རྣམས་བཟློག་གོ་ཅི་ཞིག་དགོས། །སེམས་གསལ་གཅིག་བསྐྱེད་འབྲས་བུ་གང་། །ཚངས་ལ་སོགས་པ་ཡིན་པ་ལྟར། །ལུས་ངག་བཅས་པའི་འབྲས་བུ་མང་། །སྤྱོད་པ་ཞན་པས་དེ་ལྟ་མིན། །བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །གང་གིས་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་གྱི་ནར་འཁྱམ། །དེ་ལྟས་བདག་གི་སེམས་འདི་ནི། །ལེགས་གཟུང་ལེགས་པར་བསྲུང་བར་བྱ། །སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །མ་གྲངས་དྲོལ་བའི་ཁྲོད་གནས་ན། །སྒྲིམས་ཏེ་རྨ་ཡི་བག་བྱེད་བཞིན། །སྐྱེ་བོ་ངན་ཁྲོད་གནས་པས་ཀྱང་། །སེམས་ཀྱི་རྨ་འདི་རྟག་ཏུ་བསྲུང་། །རྨ་ཡི་སྡུག་བསྔལ་ཆུང་ངུ་ཡིས། །སྐྲག་པའང་རྨ་ཡི་བག་བྱེད་ན། །བསྡུས་འཇོམས་རིས་འཇོམས་སྐྲག་པ་དག །སེམས་ཀྱི་རྨ་ལྟ་ཅིས་མི་སྲུང་། །སྤྱོད་པ་འདི་འདྲས་གནས་བྱེད་ན། །སྐྱེ་བོ་ངན་པའི་ཁྲོད་གནས་སམ། །བུད་མེད་ཁྲོད་ན་གནས་ཀྱང་རུང་། །སྡོམ་བརྩོན་བརྟན་པ་ཉམས་མི་འགྱུར། །བདག་གི་རྙེད་དང་བཀུར་སྟི་དང་། །ལུས་དང་འཚོ་བ་མེད་བླ་ཞིང་། །དགེ་བ་གཞན་ཡང་ཉམས་བླ་ཡི། །སེམས་ནི་རྣམས་ཀྱང་ཉམས་མི་བྱ། །སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །ཐམས་ཅད་འབད་པས་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ནད་ཀྱིས་དཀྲུགས་པའི་མི་དག་ནི། །ལས་རྣམས་ཀུན་ལ་མཐུ་མེད་པ། །དེ་བཞིན་རྨོངས་པས་སེམས་དཀྲུགས་པ། །ལས་རྣམས་ཀུན་ལ་མཐུ་མེད་དོ། །ཤེས་བཞིན་མེད་པའི་སེམས་ལྡན་པའི། །ཐོས་དང་བསམས་དང་བསྒོམས་པ་ཡང་། །གློ་རྡོལ་བུམ་པའི་ཆུ་བཞིན་དུ། །དྲན་པ་ལ་ནི་དེ་མི་གནས། །ཐོས་ལྡན་དད་པ་ཅན་དང་ནི། །བརྩོན་པ་ལྷུར་ལེན་དུ་མ་ཡང་། །ཤེས་བཞིན་མེད་པའི་སྐྱོན་ཆགས་པས། །ལྟུང་བའི་རྙོག་དང་བཅས་པར་འགྱུར། །ཤེས་བཞིན་མེད་པའི་ཆོམ་རྐུན་དག །དྲན་པ་ཉམས་པའི་རྗེས་འབྲང་བས། །བསོད་ནམས་དག་ནི་ཉེར་བསགས་ཀྱང་། །རྐུན་པོས་ཕྲོགས་བཞིན་ངན་འགྲོར་འགྲོ། །ཉོན་མོངས་ཆོམ་རྐུན་ཚོགས་འདི་ནི། །གླགས་སྐབས་ཚོལ་བར་བྱེད་པ་སྟེ། །གླགས་རྙེད་གྱུར་ནས་དགེ་འཕྲོག་ཅིང་། །བདེ་འགྲོའི་སྲོག་ཀྱང་འཇོམས་པར་བྱེད། །དེ་བས་དྲན་པ་ཡིད་སྒོ་ནས། །གུད་དུ་ནམ་ཡང་མི་གཏོང་ངོ་། །སོང་ནའང་ངན་འགྲོ་གནོད་པ་དག །དྲན་པར་བྱས་ཏེ་ཉེ་བར་བཞག །བླ་མ་དང་ནི་འགྲོགས་པ་ལས། །མཁན་པོས་རྗེས་སུ་བརྟན་པ་དང་། །འཇིགས་པས་སྐལ་ལྡན་གུས་བྱེད་ལ། །དྲན་པ་བདེ་བླག་ཉིད་དུ་སྐྱེ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་དུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཐམས་ཅད་སྤྱན་སྔ་ན། །རྟག་པར་བདག་ནི་གནས་སོ་ཞེས། །དེ་ལྟར་བསམས་ནས་ངོ་ཚ་དང་། །གུས་དང་འཇིགས་ལྡན་དེ་བཞིན་གནོས། །དེས་ན་སངས་རྒྱས་རྗེས་དྲན་པའང་། །དེ་ལ་ཡང་དང་ཡང་དུ་འབྱུང་། །གང་ཚེ་དྲན་པ་ཡིད་སྒོ་ནས། །བསྲུང་བའི་དོན་དུ་གནས་གྱུར་པ། །དེ་ཚེ་ཤེས་བཞིན་འོང་འགྱུར་ཞིང་། །སོང་བ་དག་ཀྱང་འོང་བར་འགྱུར། །རེ་ཞིག་དང་པོ་འདི་འདྲའི་སེམས། །འདི་ནི་སྐྱོན་བཅས་ཤེས་བྱས་ནས། །དེ་ཚེ་བདག་གིས་ཤིང་བཞིན་དུ། །ཟུངས་ཐུབ་པར་ནི་གནས་པར་བྱ། །དོན་མེད་གཡེང་བར་ལྟ་བ་ནི། །ནམ་ཡང་བདག་གིས་མི་བྱ་སྟེ། །ངེས་པར་སེམས་པས་རྟག་ཏུ་ནི། །མིག་ནི་ཕབ་སྟེ་བལྟ་བར་བྱ། །ལྟ་བ་ངལ་བསོའི་ཆེད་དུ་ནི། །རེས་འགའ་ཕྱོགས་སུ་བལྟ་བར་བྱ། །འགའ་ཞིག་མིག་ལམ་སྣང་གྱུར་ན། །བལྟས་ནས་འོངས་པ་ལེགས་ཞེས་བརྗོད། །ལམ་སོགས་འཇིགས་པ་བརྟག་པའི་ཕྱིར། །ཡང་དང་ཡང་དུ་ཕྱོགས་བཞིར་ལྟ། །ངལ་བསོས་ཁ་ནི་ཕྱིར་བལྟས་ནས། །རྒྱབ་ཀྱི་ཕྱོགས་སུ་བལྟ་བར་བྱ། །མདུན་དང་རྒྱབ་ཏུ་བརྟག་བྱས་ནས། །འགྲོའམ་ཡང་ན་འོང་བྱ་སྟེ། །དེ་ལྟར་གནས་སྐབས་ཐམས་ཅད་དུ། །དགོས་པ་ཤེས་ནས་སྤྱད་པར་བྱ། །ལུས་ཀྱིས་འདི་ལྟར་གནས་བྱ་ཞེས། །བྱ་བ་བསྡོགས་ནས་དེ་ནས་ནི། །སྐབས་སུ་ལུས་འདི་ཇི་ལྟ་བུར། །གནས་པ་ཡིན་ཞེས་བལྟ་བར་བྱ། །སེམས་ཀྱི་གླང་ཆེན་མྱོས་པ་ནི། །ཆོས་ལ་སེམས་པའི་ཀ་ཆེན་ལ། །ཇི་ལྟར་བཏགས་པ་མི་འཆོར་བར། །དེ་ལྟར་འབད་པ་ཀུན་གྱིས་བརྟག །ཅི་ནས་ཏིང་འཛིན་བརྩོན་པ་ནི། །སྐད་ཅིག་གཅིག་ཀྱང་མི་འཆོར་བར། །བདག་གི་ཡིད་འདི་གར་སྤྱོད་ཅེས། །དེ་ལྟར་ཡིད་ལ་སོ་སོར་བརྟག །འཇིགས་དང་དགའ་སྟོན་སོགས་འབྲེལ་བར། །གལ་ཏེ་མི་ནུས་ཅི་བདེར་བྱ། །འདི་ལྟར་སྦྱིན་པའི་དུས་དག་ཏུ། །ཚུལ་ཁྲིམས་བཏང་སྙོམས་བྱ་བར་གསུངས། །གང་ཞིག་བསམས་ཏེ་བྱར་བརྩམས་པ། །དེ་ལས་གཞན་དུ་མི་བསམ་སྟེ། །དེར་གཏང་པ་ཡི་བསམ་པ་ཡིས། །དེ་ཉིད་རེ་ཞིག་བསྒྲུབ་པར་བྱ། །དེ་ལྟ་ན་ནི་ཀུན་ལེགས་བྱས། །གཞན་དུ་གཉི་གར་མི་འགྱུར་རོ། །ཤེས་བཞིན་མ་ཡིན་ཉེ་ཉོན་མོངས། །དེ་ལྟ་ན་ནི་འཕེལ་མི་འགྱུར། །བྲེ་མོའི་གཏམ་ནི་སྣ་ཚོགས་དང་། །ངོ་མཚར་ལྟད་མོ་རྣམ་མང་པོ། །ཀུན་ལ་འཇུག་པར་གྱུར་པ་ན། །དེ་ལ་ཆགས་པ་སྤང་བར་བྱ། །དོན་མེད་ས་རྐོ་རྩྭ་གཅོད་དང་། །ས་རིས་འདྲི་སོགས་བྱེད་གྱུར་ན། །བདེ་གཤེགས་བསླབ་པ་དྲན་བྱས་ནས། །སྐྲག་པས་དེ་ཡི་མོད་ལ་དོར། །གང་ཚེ་བསྐྱོད་པར་འདོད་གྱུར་ཏམ། །སྨྲ་བར་འདོད་པར་གྱུར་ན་ཡང་། །དང་པོར་རང་གི་སེམས་བརྟགས་ནས། །བརྟན་པས་རིག་པ་ལྡན་པར་བྱ། །གང་ཚེ་རང་ཡིད་ཆགས་པ་དང་། །ཁྲོ་བར་འདོད་པ་དེ་ཡི་ཚེ། །ལས་སུ་མི་བྱ་སྨྲ་མི་བྱ། །ཤིང་བཞིན་དུ་ནི་གནས་པར་བྱ། །དགོད་དང་གཞར་བཅས་པའམ། །གལ་ཏེ་ང་རྒྱལ་རྒྱགས་ལྡན་པ་འམ། །མཚང་འབྲུ་བ་ཡི་བསམ་པ་དང་། །གལ་ཏེ་སྐྱོར་འབྱིན་སླུ་སེམས་སམ། །གང་ཚེ་བདག་བསྟོད་ལྷུར་ལེན་པའམ། །གཞན་ལ་སྨོད་པ་ཉིད་དང་ནི། །གཤེ་བཅས་འགྱོད་དང་བཅས་གྱུར་པ། །དེ་ཚེ་ཤིང་བཞིན་གནས་པར་བྱ། །རྙེད་དང་བཀུར་སྟི་གྲགས་འདོད་པའམ། །གཡོག་འཁོར་དོན་དུ་གཉེར་འདོད་པའམ། །བདག་སེམས་རིམ་གྲོ་འདོད་གྱུར་ན། །དེ་ཚེ་ཤིང་བཞིན་གནས་པར་བྱ། །གཞན་དོན་ཡལ་བར་འདོར་བ་དང་། །རང་དོན་གཉེར་བར་འདོད་པ་དང་། །སྨྲ་བར་འདོད་པའི་སེམས་བྱུང་ན། །དེས་ནི་ཤིང་བཞིན་གནས་པར་བྱ། །མི་བཟོད་ལེ་ལོ་འཇིགས་པ་དང་། །དེ་བཞིན་སྤྱི་རྟོལ་མུ་ཅོར་དང་། །རང་གི་ཕྱོགས་ཞེན་སེམས་བྱུང་ན། །དེ་ཚེ་ཤིང་བཞིན་གནས་པར་བྱ། །དེ་ལྟར་ཀུན་ནས་ཉོན་མོངས་དང་། །དོན་མེད་བརྩོན་པའི་ཡིད་བརྟགས་ནས། །དེ་ཚེ་དཔའ་བོས་གཉེན་པོ་ཡིས། །དེ་ནི་བརྟན་པོར་གཟུང་བར་བྱ། །ཤིན་ཏུ་ངེས་དང་རབ་དད་དང་། །བརྟན་དང་གུས་དང་ཞེ་སར་བཅས། །ངོ་ཚ་ཤེས་དང་འཇིགས་བཅས་དང་། །ཞི་ཞིང་གཞན་དགའ་བྱེད་ལ་བརྩོན། །ཕན་ཚུན་མི་མཐུན་བྱིས་པ་ཡི། །འདོད་པ་རྣམས་ཀྱིས་མི་སྐྱོ་ཞིང་། །ཉོན་མོངས་སྐྱེས་པ་འདི་དག་གི། །སེམས་འདི་བྱུང་སྙམ་བརྩེར་ལྡན་དང་། །ཁ་ན་མ་ཐོ་མེད་དངོས་ལ། །བདག་དང་སེམས་ཅན་དབང་བྱས་ཤིང་། །སྤྲུལ་པ་བཞིན་དུ་ང་མེད་པར། །ཡིད་འདི་རྟག་ཏུ་གཟུང་བར་བྱ། །རིང་ཞིག་ལོན་ནས་དལ་བའི་མཆོག །ཐོབ་པ་ཡང་དང་ཡང་བསམས་ནས། །སེམས་དེ་ལྟ་བུར་རི་རབ་ལྟར། །རབ་ཏུ་མི་གཡོ་གཟུང་བར་བྱ། །བྱ་རྒོད་ཤ་ལ་ཆགས་པ་ཡིས། །ཕན་ཚུན་ཀུན་དུ་བཤལ་ཁྲིད་ཀྱང་། །ཡིད་ཁྱོད་མི་དགར་མི་བྱེད་ན། །ད་ལྟ་ཅི་ཕྱིར་ཁ་ཏ་བྱེད། །ལུས་འདི་བདག་གིར་གཟུང་བྱས་ནས། །ཡིད་ཁྱོད་ཅི་ཕྱིར་སྲུང་བར་བྱེད། །ཁྱོད་དང་འདི་གཉིས་སོ་སོ་ན། །དེས་ཀོ་ཁྱོད་ལ་ཅི་ཞིག་བྱ། །རྨོངས་པའི་ཡིད་ཁྱོད་ཅི་ཡི་ཕྱིར། །ཤིང་གཟུགས་གཙང་མ་གཟུང་མི་བྱེད། །མི་གཙང་ཚོགས་ཀྱི་འཁྲུལ་འཁོར་འདི། །རུལ་བ་བསྲུངས་ཏེ་ཅི་ཞིག་རུང་། །ཐོག་མར་པགས་པའི་རིམ་པ་འདི། །རང་གི་བློ་ཡིས་ཐ་དད་ཕྱེ། །ཤ་ཡང་རུས་པའི་དྲ་བ་ལས། །ཤེས་རབ་མཚོན་གྱིས་གུད་དུ་ཕྱེ། །རུས་པ་རྣམས་ཀྱང་དབྱེ་བྱས་ནས། །རྐང་གི་བར་དུ་བལྟ་བྱ་ཞིང་། །འདི་ལ་སྙིང་པོ་ཅི་ཡོད་ཅེས། །བདག་ཉིད་ཀྱིས་ནི་བརྟག་པར་གྱིས། །དེ་ལྟར་འབད་དེ་བཙལ་ཀྱང་དེར། ཁྱོད་ཀྱིས་སྙིང་པོ་མ་མཐོང་ན། །ད་དུང་ཅི་ཕྱིར་ཆགས་ཚུལ་གྱིས། །ཁྱོད་ནི་ལུས་འདི་སྲུང་བར་བྱེད། །ཁྱོད་ཀྱིས་མི་གཙང་བཟར་མི་རུང་། །ཁྲག་ཀྱང་བཏུང་དུ་མི་རུང་ལ། །རྒྱུ་ལྟོ་འང་གཞིབ་ཏུ་མི་རུང་ན། །ལུས་ཀྱིས་ཁྱོད་ལ་ཅི་ཞིག་བྱ། །ཉིས་ན་ཝ་དང་བྱ་རྒོད་ཀྱིས། །ཟས་ཀྱི་དོན་དུ་འདི་བསྲུང་རིགས། །མིའོ་ཅོག་གི་ལུས་འདི་ནི། །བཀོལ་བར་བྱ་བ་ཉིད་དུ་ཟད། །འདི་ལྟར་ཁྱོད་ཀྱིས་བསྲུངས་ཀྱང་ནི། །འཆི་བདག་བརྩེ་བ་མེད་པ་ཡིས། །ཕྲོགས་ཏེ་བྱ་དང་ཁྱིར་བྱིན་ན། །དེ་ཚེ་ཁྱོད་ཀྱིས་ཅི་བྱར་ཡོད། །བྲན་གཡོག་བཀོལ་དུ་མི་བཏུབ་ལའང་། །གོས་ལ་སོགས་པ་མི་སྦྱིན་ན། །ལུས་འདི་བསྙོད་ཀྱང་གཞན་འགྲོ་ན། །ཁྱོད་ཀོ་ཅི་སྟེ་ཤ་ཐང་གསོ། །འདི་ལ་གླ་རྔན་བྱིན་ནས་ནི། །ད་ནི་རང་གི་དོན་བྱེད་ཆུག །ཕན་པ་མེད་པར་འདི་ལ་ནི། །ཐམས་ཅད་སྦྱིན་པར་མི་བྱའོ། །འགྲོ་དང་འོང་བའི་རྟེན་ཙམ་དུ། །ལུས་ལ་གྲུ་ཡི་བློ་བཞག་སྟེ། །སེམས་ཅན་རྣམས་དོན་བསྒྲུབ་པའི་ཕྱིར། །ཡིད་བཞིན་གྱི་ནི་ལུས་སུ་བསྒྱུར། །དེ་ལྟར་རང་དབང་ཡོད་ཀྱིས་དེ། །རྟག་ཏུ་འཛུམ་པའི་བཞིན་དུ་གྱིས། །ཁྲོ་གཉེར་ངོ་ཟུམ་ཡོངས་ཐོང་སྟེ། །འགྲོ་བའི་བཤེས་དང་གསོང་པོར་གྱིས། །ཁྲི་ལ་སོགས་པ་བབ་ཅོལ་དུ། །སྒྲ་དང་བཅས་པར་མི་དོར་རོ། །སྒོ་ཡང་དྲག་ཏུ་མི་དབྱེ་སྟེ། །རྟག་ཏུ་གཅོམ་བསྐྱུངས་དགའ་བར་བྱ། །ཆུ་སྐྱར་བྱི་ལ་ཆོམ་རྐུན་དག །སྒྲ་མེད་འཇབ་ཅིང་འགྲོ་བ་ཡིས། །མངོན་པར་འདོད་པའི་དོན་སྒྲུབ་པ། །ཐུབ་པས་རྟག་ཏུ་དེ་བཞིན་སྤྱད། །གཞན་ལ་བཞེན་བསྐུལ་འདེབས་མཁས་ཤིང་། །མ་བཅོལ་ཕན་པ་བྱེད་པའི་ངག །གུས་པས་སྤྱི་བོས་བླང་གྱིས་ཏེ། །རྟག་ཏུ་ཀུན་གྱི་སློབ་མར་གྱུར། །ལེགས་པར་སྨས་པ་ཐམས་ཅད་ལ། །དགེ་བར་གསུངས་ཞེས་བརྗོད་པར་བྱ། །བསོད་ནམས་བྱེད་པ་མཐོང་གྱུར་ན། །བསྟོད་པས་ལེགས་པར་དགའ་བ་བསྐྱེད། །ལྐོག་ན་ཡོན་ཏན་བརྗོད་བྱ་ཞིང་། །ཡོན་ཏན་བརྗོད་ན་རྗེས་སུ་བརྗོད། །རང་གི་ཡོན་ཏན་བརྗོད་ན་དེ། །ཡོན་ཏན་ཤེས་པར་རིག་པར་བྱ། །རྩོམ་པ་ཐམས་ཅད་དགའ་ཕྱིར་ཏེ། །དེ་ནི་རིན་གྱིས་ཉོ་ནའང་དཀོན། །དེ་ལྟས་གཞན་བྱས་ཡོན་ཏན་གྱིས། །དགའ་བའི་བདེ་བ་སྤྱད་པར་བྱ། །བདག་ལ་འདིར་གོང་ཡོང་མེད་ལ། །ཕ་རོལ་དུ་ཡང་བདེ་བ་ཆེ། །ཉེས་པས་མི་དགའ་སྡུག་བསྔལ་ཞིང་། །ཕ་རོལ་དུ་ཡང་སྡུག་བསྔལ་ཆེ། །སྨྲ་ན་ཡིད་ཕེབས་འབྲེལ་པ་དང་། །དོན་གསལ་ཡིད་དུ་འོང་བ་དང་། །ཆགས་དང་ཞེ་སྡང་སྤངས་པ་དང་། །འཇམ་ཞིང་རན་པར་སྨྲ་བར་བྱ། །མིག་གིས་སེམས་ཅན་ལྟ་ན་ཡང་། །འདི་དག་ཉིད་ལ་བརྟེན་ནས་བདག །སངས་རྒྱས་ཉིད་དུ་འགྱུར་རོ་ཞེས། །དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ། །རྟག་པར་མངོན་ཞེན་གྱིས་བསླང་བའམ། །གཉེན་པོ་ཡིས་ནི་བསླང་བ་ཉིད། །ཡོན་ཏན་དང་ནི་ཕན་འདོགས་ཞིང་། །སྡུག་བསྔལ་བ་ལ་དགེ་ཆེན་འགྱུར། །མཁས་ཤིང་ལྡང་དང་ལྡན་བྱས་ནས། །ལས་རྣམས་བདག་གིས་རྟག་ཏུ་བྱ། །ལས་རྣམས་ཀུན་ལ་སུ་ལ་ཡང་། །ལྟོས་པར་བྱ་བ་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས། །གོང་ནས་གོང་དུ་ཁྱད་ཞུགས་སྤྱད། །ཆུང་ངུའི་ཕྱིར་ནི་ཆེ་མི་གཏང་། །གཙོ་ཆེར་གཞན་གྱི་དོན་བསམ་མོ། །དེ་ལྟར་རིག་བྱས་གཞན་དོན་ལ། །རྟག་ཏུ་བརྩོན་པར་གནས་པར་བྱ། །ཐུགས་རྗེ་མངའ་བ་རིང་གཟིགས་པས། །བཀག་པ་རྣམས་ཀྱང་དེ་ལ་གནང་། །ལོག་པར་ལྷུང་དང་མགོན་མེད་དང་། །བརྟུལ་ཞུགས་གནས་ལ་བགོ་བྱ་ཞིང་། །རན་པ་ཙམ་དུ་བཟའ་བྱ་སྟེ། །ཆོས་གོས་གསུམ་མ་གཏོགས་པ་སྦྱིན། །དམ་པའི་ཆོས་ནི་སྤྱོད་པའི་ལུས། །ཕྲན་ཚེགས་ཆེད་དུ་གནོད་མི་བྱ། །དེ་ལྟར་བྱས་ན་སེམས་ཅན་གྱི། །བསམ་པ་མྱུར་དུ་རྫོགས་པར་འགྱུར། །སྙིང་རྗེའི་བསམ་པ་མ་དག་པར། །ལུས་འདི་གཏང་བར་མི་བྱ་སྟེ། །ཅི་ནས་འདི་དང་གཞན་དུ་ཡང་། །དོན་ཆེན་སྒྲུབ་པའི་རྒྱུར་གཏང་ངོ་། །མ་གུས་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་དཀྲིས་དང་། །གདུགས་དང་འཁར་བ་མཚོན་ཐོགས་དང་། །མགོ་བོ་གཡོགས་པ་དག་ལ་མིན། །དམན་ལ་ཟབ་དང་རྒྱ་ཆེ་དང་། །སྐྱེས་པ་མེད་པར་བུད་མེད་མིན། །དམན་དང་མཆོག་གི་ཆོས་རྣམས་ལ། །མཚུངས་པར་གུས་པས་ཀུན་དུ་སྤྱད། །རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །སྤྱོད་པ་ཡོངས་སུ་དོར་མི་བྱ། །མདོ་དང་སྔགས་ཀྱིས་འདྲིད་མི་བྱ། །སོ་ཤིང་དང་ནི་མཆིལ་མ་དག །དོར་བ་ན་ནི་དགབ་པར་བྱ། །གཅི་ལ་སོགས་པའང་ལོངས་སྤྱོད་པའི། །ཆུ་དང་ཐང་ལ་དོར་བ་སྨད། །ཁ་བཀང་བ་དང་སྒྲ་བཅས་དང་། །ཁ་གདངས་ནས་ནི་བཟའ་མི་བྱ། །རྐང་པ་བརྐྱང་སྟེ་མི་འདུག་ཅིང་། །ལག་པ་མཉམ་པར་མི་མཉེའོ། །བཞོན་པ་མལ་སྟན་གནས་དག་ཏུ། །བུད་མེད་གཞན་དང་གཅིག་མི་བྱ། །འཇིག་རྟེན་མ་དད་གྱུར་པ་ཀུན། །མཐོང་དང་དྲིས་ཏེ་སྤང་བར་བྱ། །སོར་མོས་བརྡ་ནི་མི་བྱ་སྟེ། །གུས་དང་བཅས་པས་གཡས་པ་ཡི། །ལག་པ་དག་ནི་ཀུན་གྱིས་ཀྱང་། །ལམ་ཡང་དེ་ལྟར་བསྟན་པར་བྱ། །ལག་པ་ཤས་ཆེར་བསྐྱོད་མིན་ཏེ། །ཅུང་ཟད་བསྐྱོད་ལ་སྒྲ་བསྒྲགས་པ། །སེ་གོལ་ལ་སོགས་བརྡ་བྱས་ཏེ། །གཞན་དུ་མ་བསྡམས་པར་འགྱུར་རོ། །མགོན་པོ་མྱ་ངན་འདས་གཟིམས་ལྟར། །འདོད་པའི་ཕྱོགས་སུ་ཉལ་བར་བྱ། །ཤེས་བཞིན་མྱུར་དུ་ལྡང་སེམས་ལ། །ཐོག་མ་ཉིད་དུ་ངེས་པར་སྦྱར། །བྱང་ཆུབ་སེམས་དཔའི་སྤྱོད་པ་དག །ཚད་མེད་པར་ནི་གསུངས་པ་ལས། །སེམས་སྦྱང་བ་ཡི་སྤྱོད་པ་ནི། །ངེས་པར་དེ་སྲིད་སྤྱད་པར་བྱ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟེན་པས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །རང་ངམ་གཞན་གྱི་དབང་ཡང་རུང་། །གནས་སྐབས་གང་དུ་ཅི་སྤྱོད་ཀྱང་། །བསླབ་པར་གསུངས་པ་གང་ཡིན་པའི། །གནས་སྐབས་དེ་ལ་འབད་དེ་བསླབ། །རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། །དེ་ནི་གང་ཡང་ཡོད་མིན་ཏེ། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་བཏང་ངོ་། །དཔལ་འབྱུང་བ་ཡི་རྣམ་ཐར་ལས། །བླ་མ་བསྟེན་པའི་ཚུལ་ལྟར་བསླབ། །འདི་དང་སངས་རྒྱས་བཀའ་སྩལ་གཞན། །མདོ་སྡེ་བཀླགས་ནས་ཤེས་པར་བྱ། །མདོ་སྡེ་རྣམས་ལས་བསླབ་པ་སྣང་། །དེ་བས་མདོ་སྡེ་བཀླག་པར་བྱ། །ནམ་མཁའི་སྙིང་པོའི་མདོ་སྡེ་ནི། །ཐོག་མ་ཉིད་དུ་བལྟ་བར་བྱ། །གང་ཕྱིར་རྟག་ཏུ་སྤྱད་པ་ནི། །དེ་ལས་རྒྱ་ཆེར་རབ་སྟོན་པས། །བསླབ་པ་ཀུན་ལས་བཏུས་པ་ཡང་། །ངེས་པར་ཡང་དང་ཡང་དུ་བལྟ། །ཡང་ན་རེ་ཞིག་མདོར་བསྡུས་པའི། །མདོ་རྣམས་ཀུན་ལས་བཏུས་པ་བལྟ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། །གཉིས་པོ་འང་འབད་པས་བལྟ་བར་བྱ། །གང་ལས་གང་ནི་མ་བཀག་པ། །དེ་ཉིད་སྤྱད་པར་བྱ་བ་སྟེ། །འཇིག་རྟེན་སེམས་ནི་བསྲུང་བའི་ཕྱིར། །བསླབ་པ་མཐོང་ནས་ཡང་དག་སྤྱད། །ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། །སྨན་དཔྱད་བཀླགས་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཤེས་བཞིན་བསྲུང་བར་བྱ་བ་སྟེ་ལེའུ་ལྔ་པའོ།།
།།བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཡང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་དུ་བསྒོམ་པར་བྱ། །ཞེ་སྡང་ཟུག་རྔུའི་སེམས་འཆང་ན། །ཡིད་ནི་ཞི་བ་ཉམས་མི་མྱོང་། །དགའ་དང་བདེ་བའང་མི་འཐོབ་ལ། །གཉིད་མི་འོང་ཞིང་བརྟན་མེད་འགྱུར། །གང་དག་ནོར་དང་བཀུར་སྟི་ཡིས། །དྲིན་བྱིན་དེ་ལ་བརྟེན་གྱུར་པ། །དེ་དག་ཀྱང་ནི་སྡང་ལྡན་པའི། །རྗེ་དཔོན་དེ་ལ་གསོད་པར་རྒོལ། །དེ་ཡིས་མཛའ་བཤེས་སྐྱོ་བར་འགྱུར། །སྦྱིན་པས་བསྡུས་ཀྱང་བསྟེན་མི་བྱེད། །མདོར་ན་ཁྲོ་བ་བདེར་གནས་པ། །དེ་ནི་འགའ་ཡང་ཡོད་མ་ཡིན། །ཁྲོ་བའི་དགྲ་ཡིས་དེ་ལ་སོགས། །སྡུག་བསྔལ་དག་ནི་བྱེད་པར་འགྱུར། །གང་ཞིག་བསྒྲིམས་ཏེ་ཁྲོ་འཇོམས་པ། །དེ་ནི་འདི་དང་གཞན་དུ་བདེ། །མི་འདོད་བྱས་དང་འདོད་པ་ཡི། །གེགས་བྱས་པ་ལ་བྱུང་གྱུར་པ། །ཡིད་མི་བདེ་བའི་ཟས་རྙེད་ནས། །ཞེ་སྡང་བརྟས་ཏེ་བདག་འཇོམས་སོ། །དེ་ལྟས་བདག་གིས་དགྲ་བོ་དེའི། །ཟས་ནི་རྣམ་པར་གཞོམ་པར་བྱ། །འདི་ལྟར་བདག་ལ་གནོད་པ་ལས། །དགྲ་འདི་ལ་ནི་ལས་གཞན་མེད། །ཅི་ལ་བབ་ཀྱང་བདག་གིས་ནི། །དགའ་བའི་ཡིད་ནི་དཀྲུགས་མི་བྱ། །མི་དགའ་བྱས་ཀྱང་འདོད་མི་འགྲུབ། །དགེ་བ་དག་ནི་ཉམས་པར་འགྱུར། །གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །བདག་གམ་བདག་གི་བཤེས་རྣམས་ལ། །སྡུག་བསྔལ་བརྙས་དང་ཚིག་རྩུབ་དང་། །མི་སྙན་ཞེས་བྱ་མི་འདོད་དེ། །དགྲ་ལ་དེ་ལས་བཟློག་པས་སོ། །བདེ་བའི་རྒྱུ་ནི་རེས་འགའ་འབྱུང་། །སྡུག་བསྔལ་རྒྱུ་ནི་ཤིན་ཏུ་མང་། །སྡུག་བསྔལ་མེད་པར་ངེས་འབྱུང་མེད། །དེ་བས་སེམས་ཁྱོད་བརྟན་པར་མནོས། །དཀའ་ཟློག་དད་དང་ཀརྣ་པ། །བསྲེག་དང་བཅད་སོགས་ཚོར་བ་ནི། །དོན་མེད་བཟོད་བྱེད་ཐར་པ་ཡི། །དོན་དུ་བདག་གོ་ཅི་ཕྱིར་སྔར། །གོམས་ནི་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །དེ་བས་གནོད་པ་ཆུང་གོམས་པས། །གནོད་པ་ཆེན་པོ་བཟོད་པར་བྱོས། །སྦྲུལ་དང་ཤ་སྦྲང་དག་དང་ནི། །བཀྲེས་སྐོམ་ལ་སོགས་ཚོར་བ་དང་། །གཡན་པ་ལ་སོགས་བཅས་པ་ཡི། །དོན་མེད་སྡུག་བསྔལ་ཅིས་མ་མཐོང་། །ཚ་གྲང་ཆར་དང་རླུང་སོགས་དང་། །ནད་དང་འཆིང་དང་རྡེག་སོགས་ལ། །བདག་གིས་བཟེ་རེ་མི་བྱ་སྟེ། །དེ་ལྟར་བྱས་ན་གནོད་པ་འཕེལ། །ལ་ལ་བདག་གི་ཁྲག་མཐོང་ན། །དཔའ་བརྟན་ལྷག་པར་སྐྱེ་འགྱུར་ཡོད། །ལ་ལ་གཞན་གྱི་ཁྲག་མཐོང་ན། །བོག་ཅིང་བརྒྱལ་བར་འགྱུར་བ་ཡོད། །དེ་ནི་སེམས་ཀྱི་ངང་བརྟན་དང་། །སྡར་མའི་ཚུལ་ལས་གྱུར་པ་ཡིན། །དེ་བས་གནོད་པ་ཁྱད་བསད་ཅིང་། །སྡུག་བསྔལ་རྣམས་ཀྱིས་མི་ཚུགས་བྱོས། །མཁས་པས་སྡུག་བསྔལ་བྱུང་ཡང་ནི། །སེམས་ཀྱི་རབ་དང་རྙོག་མི་བྱ། །ཉོན་མོངས་རྣམས་དང་གཡུལ་འགྱེད་ལ། །གཡུལ་འགྱེད་ཚེ་ན་གནོད་པ་མང་། །སྡུག་བསྔལ་ཐམས་ཅད་ཁྱད་བསད་ནས། །ཞེ་སྡང་ལ་སོགས་དགྲ་འཇོམས་པ། །དེ་དག་རྒྱལ་བྱེད་དཔའ་བོ་སྟེ། །ལྷག་མ་རོ་ལ་གསོད་པའོ། །གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་དང་དགེ་ལ་དགའ། །མཁྲིས་པ་ལ་སོགས་སྡུག་བསྔལ་གྱི། །འབྱུང་གནས་ཆེ་ལ་མི་ཁྲོ་བར། །སེམས་ཡོད་རྣམས་ལ་ཅི་སྟེ་ཁྲོ། །དེ་དག་ཀུན་ཀྱང་རྐྱེན་གྱིས་བསྐུལ། །དཔེར་ན་མི་འདོད་བཞིན་དུ་ཡང་། །ནད་འདི་འབྱུང་བར་འགྱུར་བ་ལྟར། །དེ་བཞིན་མི་འདོད་བཞིན་དུ་ཡང་། །ནན་གྱིས་ཉོན་མོངས་འབྱུང་བར་འགྱུར། །ཁྲོ་བར་བྱ་ཞེས་མ་བསམས་ཀྱང་། །སྐྱེ་བོ་རྣམས་ནི་གྱི་ནར་ཁྲོ། །བསྐྱེད་པར་བྱ་ཞེས་མ་བསམས་ཀྱང་། །ཁྲོ་བ་དེ་བཞིན་སྐྱེ་བར་འགྱུར། །ཉེས་པ་ཇི་སྙེད་ཐམས་ཅད་དང་། །སྡིག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་རྐྱེན་གྱི་སྟོབས་ལས་བྱུང་། །རང་དབང་ཡོད་པ་མ་ཡིན་ནོ། །རྐྱེན་རྣམས་ཚོགས་པ་དེ་དག་ཀྱང་། །བསྐྱེད་པར་བྱ་ཞེས་སེམས་པ་མེད། །དེས་བསྐྱེད་དེ་ཡང་བདག་བསྐྱེད་ཅེས། །སེམས་པ་ཡོད་པ་མ་ཡིན་ནོ། །གཙོ་བོ་ཞེས་བྱར་གང་འདོད་དང་། །བདག་ཅེས་བརྟགས་པ་གང་ཡིན་པ། །དེ་ཉིད་བདག་ནི་འབྱུང་བྱ་ཞེས། །ཆེད་དུ་བསམས་ཤིང་འབྱུང་བ་མེད། །མ་སྐྱེས་པར་ནི་དེ་མེད་ན། །དེ་ཚེ་སྐྱེ་བར་འདོད་པ་གང་། །ཡུལ་ལ་རྟག་ཏུ་གཡེང་འགྱུར་བ། །འགག་པར་འགྱུར་བའང་མ་ཡིན་ནོ། །ཅི་སྟེ་བདག་དེ་རྟག་ན་ནི། །མཁའ་བཞིན་བྱེད་པ་མེད་པར་མངོན། །རྐྱེན་རྣམས་གཞན་དང་ཕྲད་ན་ཡང་། །འགྱུར་བ་མེད་ལ་ཅི་བྱར་ཡོད། །བྱེད་པའི་ཚེ་ཡང་སྔོན་བཞིན་ན། །བྱེད་པས་དེ་ལ་ཅི་ཞིག་བྱས། །དེ་ཡི་བྱེད་པ་འདི་ཡིན་ཞེས། །འབྲེལ་པར་འགྱུར་བ་གང་ཞིག་ཡོད། །དེ་ལྟར་ཐམས་ཅད་གཞན་གྱི་དབང་། །དེ་ཡི་དབང་གིས་དེ་དབང་མེད། །དེ་ལྟར་ཤེས་ན་སྦྲུལ་ལྟ་བུའི། །དངོས་པོ་ཀུན་ལ་ཁྲོ་མི་འགྱུར། །གང་གིས་གང་ཞིག་བཟློག་བྱ་སྟེ། །བཟློག་པའང་རིགས་པ་མིན་ཞེ་ན། །དེ་ལ་བརྟེན་ནས་སྡུག་བསྔལ་རྣམས། །རྒྱུན་ཆད་འགྱུར་འདོད་མི་རིགས་མེད། །དེ་བས་དགྲའམ་མཛའ་ཡང་རུང་། །མི་རིགས་བྱེད་པ་མཐོང་གྱུར་ན། །འདི་འདྲའི་རྐྱེན་ལས་གྱུར་ཏོ་ཞེས། །དེ་ལྟར་སོམས་ཏེ་བདེ་བར་མནོས། །གལ་ཏེ་རང་དགས་འགྲུབ་འགྱུར་ན། །འགའ་ཡང་སྡུག་བསྔལ་མི་འདོད་པས། །ལུས་ཅན་དག་ནི་ཐམས་ཅད་ཀྱང་། །སུ་ལའང་སྡུག་བསྔལ་འབྱུང་མི་འགྱུར། །བག་མེད་པས་ནི་བདག་ལའང་བདག །ཚེར་མ་ལ་སོགས་གནོད་པ་བྱེད། །བུད་མེད་ལ་སོགས་ཐོབ་བྱའི་ཕྱིར། །རྔམ་ཞིང་ཟས་གཅོད་ལ་སོགས་བྱེད། །ཁ་ཅིག་འགག་ཅིང་གཡང་སར་མཆོང་། །དུག་དང་མི་འཕྲོད་ཟ་བ་དང་། །བསོད་ནམས་མ་ཡིན་སྤྱོད་པ་ཡིས། །རང་ལ་གནོད་པ་བྱེད་པ་ཡོད། །གང་ཚེ་ཉོན་མོངས་དབང་གྱུར་པས། །བདག་སྡུག་ཉིད་ཀྱང་གསོད་བྱེད་པ། །དེ་ཚེ་དེ་དག་གཞན་ལུས་ལ། །གནོད་མི་བྱེད་པར་ཇི་ལྟར་འགྱུར། །ཉོན་མོངས་སྐྱེས་པས་དེ་ལྟ་བུར། །བདག་གསོད་ལ་སོགས་ཞུགས་པ་ལ། །སྙིང་རྗེ་རྒྱ་ལ་མ་སྐྱེས་ན། །ཁྲོ་བར་འགྱུར་བ་ཅི་ཐ་ཚིག །གལ་ཏེ་གཞན་ལ་འཚེ་བྱེད་པ། །བྱིས་པ་རྣམས་ཀྱི་རང་བཞིན་ནི། །དེ་ལ་ཁྲོ་བ་མི་རིགས་ཏེ། །སྲེག་པའི་རང་བཞིན་མེ་བཀོན་འདྲ། །འོན་ཏེ་སྐྱོན་དེ་གློ་བུར་ལ། །སེམས་ཅན་རང་བཞིན་ངེས་པ་ནའང་། །འོ་ནའང་ཁྲོ་བ་མི་རིགས་ཏེ། །མཁའ་ལ་དུད་འཐུལ་དཀོན་པ་བཞིན། །དབྱུག་པ་ལ་སོགས་དངོས་བཀོལ་ཏེ། །གལ་ཏེ་འཕེན་པ་ལ་ཁྲོ་ན། །དེ་ཡང་ཞེ་སྡང་གིས་སྦད་པས། །ཉེས་ན་ཞེ་སྡང་ལ་ཁྲོ་རིགས། །བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ཡི་གནོད་པ་བྱས། །དེ་བས་སེམས་ཅན་འཚེ་བྱེད་པ། །བདག་ལ་གནོད་པ་འདི་འབྱུང་རིགས། །དེ་ཡི་མཚོན་དང་བདག་གི་ལུས། །གཉི་ག་སྡུག་བསྔལ་རྒྱུ་ཡིན་ཏེ། །དེས་མཚོན་བདག་གི་ལུས་ཕྱུང་ན། །གང་ཞིག་ལ་ནི་ཁྲོ་བར་བྱ། །ཤུ་བ་མི་ཡི་གཟུགས་འདྲ་བ། །རེག་ཏུ་མི་བཟོད་སྡུག་བསྔལ་ཅན། །སྲེད་མདོངས་བདག་གིས་བཟུང་གྱུར་ན། །དེ་ལ་གནོད་པ་སུ་ལ་ཁྲོ། །བྱིས་པ་སྡུག་བསྔལ་མི་འདོད་ཅིང་། །སྡུག་བསྔལ་རྒྱུ་ལ་བརྐམ་པས་ན། །རང་གི་ཉེས་པས་གནོད་གྱུར་པ། །གཞན་ལ་བཀོན་དུ་ཅི་ཞིག་ཡོད། །དཔེར་ན་དམྱལ་བའི་སྲུང་མ་དང་། །རལ་གྲི་ལོ་མའི་ནགས་ཚལ་ལྟར། །རང་གི་ལས་ཀྱིས་འདི་བསྐྱེད་པ། །གང་ཞིག་ལ་ནི་ཁྲོ་བར་བྱ། །བདག་གི་ལས་ཀྱིས་བསྐུལ་བྱས་ནས། །བདག་ལ་གནོད་བྱེད་རྣམས་འབྱུང་སྟེ། །དེས་ནི་སེམས་ཅན་དམྱལ་དོང་ན། །བདག་གིས་དེ་དག་མ་བརླག་གམ། །འདི་དག་ལ་ནི་རྟེན་བཅས་ནས། །བཟོད་པས་བདག་སྡིག་མང་དུ་འབྱུང་། །བདག་ལ་བརྟེན་ནས་དེ་དག་ནི། །ཡུན་རིང་སྡུག་བསྔལ་དམྱལ་བར་འདོང་། །བདག་ནི་དེ་ལ་གནོད་བྱེད་ལ། །དེ་དག་བདག་ལ་ཕན་འདོགས་ན། །ཕྱིན་ཅི་ལོག་ཏུ་ཅི་ཡི་ཕྱིར། །མ་རུངས་སེམས་ཁྱོད་ཁྲོ་བར་བྱེད། །གལ་ཏེ་བདག་ལ་བསམ་པ་ཡི། །ཡོན་ཏན་ཡོད་ན་དམྱལ་མི་འགྲོ། །གལ་ཏེ་བདག་གིས་བདག་བསྲུངས་ན། །དེ་དག་ལ་འདིར་ཅི་ཞིག་བྱུང་། །འོན་ཏེ་ལན་དུ་གནོད་བྱས་ན། །དེ་དག་བསྲུངས་པར་མ་གྱུར་ལ། །བདག་གི་སྤྱོད་པའང་ཉམས་པར་འགྱུར། །དེས་ན་དཀའ་ཐུབ་ཞིག་པར་འགྱུར། །ཡིད་ནི་ལུས་ཅན་མ་ཡིན་པས། །སུས་ཀྱང་གང་དུའང་གཞོམ་མི་ནུས། །ལུས་ལ་མངོན་པར་ཞེན་པས་ན། །ལུས་ནི་སྡུག་བསྔལ་དག་གིས་གནོད། །བརྙས་དང་ཚིག་རྩུབ་སྨྲ་བ་དང་། །མི་སྙན་པ་ཡི་ཚིག་དེ་ཡིས། །ལུས་ལ་གནོད་པར་མི་འགྱུར་ན། །སེམས་ཁྱོད་ཅི་ཕྱིར་རབ་ཏུ་ཁྲོ། །གཞན་དག་བདག་ལ་མི་དགའ་བ། །དེས་ནི་ཚེ་འདིའམ་ཚེ་གཞན་ལ། །བདག་ལ་ཟ་བར་མི་བྱེད་ན། །བདག་ནི་ཅི་ཕྱིར་དེ་མི་འདོད། །རྙེད་པའི་བར་ཆད་བྱེད་པའི་ཕྱིར། །གལ་ཏེ་འདི་བདག་མི་འདོད་ན། །བདག་གི་རྙེད་པ་འདིར་འདོར་གྱི། །སྡིག་པ་དག་ནི་བརྟན་པར་གནས། །བདག་ནི་དེང་ཉིད་ཤི་ཡང་བླའི། །ལོག་འཚོས་ཡུན་རིང་གསོན་མི་རུང་། །བདག་ལྟ་ཡུན་རིང་གནས་གྱུར་ཀྱང་། །འཆི་བའི་སྡུག་བསྔལ་དེ་ཉིད་ཡིན། །རྨི་ལམ་ལོ་བརྒྱར་བདེ་མྱོང་ནས། །སད་པར་གྱུར་པ་གང་ཡིན་དང་། །གཞན་ཞིག་ཡུད་ཙམ་བདེ་མྱོང་ནས། །སད་པར་གྱུར་པ་གང་ཡིན་པ། །སད་པ་དེ་དག་གཉི་ག་ལའང་། །བདེ་བ་དེ་ནི་ཕྱིར་འོང་མེད། །ཚེ་རིང་ཚེ་ཐུང་གཉི་ག་ཡང་། །འཆི་བའི་དུས་སུ་དེ་འདྲར་ཟད། །རྙེད་པ་མང་པོ་ཐོབ་གྱུར་ཏེ། །ཡུན་རིང་དུས་སུ་བདེ་སྤྱད་ཀྱང་། །ཆོམ་པོས་ཕྲོགས་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ། །གལ་ཏེ་རྙེད་པས་གསོན་གྱུར་ན། །སྡིག་ཟད་བསོད་ནམས་བྱ་ཞེ་ན། །རྙེད་པའི་དོན་དུ་ཁྲོས་གྱུར་ན། །བསོད་ནམས་ཟད་སྡིག་མི་འགྱུར་རམ། །གང་གི་དོན་དུ་བདག་གསོན་པ། །དེ་ཉིད་གལ་ཏེ་ཉམས་གྱུར་ན། །སྡིག་པ་འབའ་ཞིག་བྱེད་པ་ཡི། །གསོན་པ་དེས་ཀོ་ཅི་ཞིག་བྱ། །གལ་ཏེ་སེམས་ཅན་ཉམས་བྱེད་པས། །མི་སྙན་སྨྲ་ལ་ཁྲོ་ཞེ་ན། །གཞན་ལ་མི་སྙན་བརྗོད་ལའང་ཁྱོད། །དེ་བཞིན་ཅི་སྟེ་ཁྲོ་མི་ཕྱེད། །མ་དད་གཞན་ལ་རག་ལས་པས། །དད་པ་མེད་ལ་ཁྱོད་བཟོད་ན། །ཉོན་མོངས་སྐྱེ་ལ་རག་ལས་པས། །མི་སྙན་སྨྲ་ལ་ཅིས་མི་བཟོད། །སྐུ་གཟུགས་མཆོད་རྟེན་དམ་ཆོས་ལ། །འཁྱལ་ཞིང་འཇིག་པར་བྱེད་པ་ལའང་། །བདག་གིས་ཞེ་སྡང་མི་རིགས་ཏེ། །སངས་རྒྱས་སོགས་ལ་གནོད་མི་མངའ། །བླ་མ་གཉེན་ལ་སོགས་པ་དང་། །བཤེས་ལ་གནོད་པ་བྱེད་རྣམས་ལའང་། །སྔ་མའི་ཚུལ་གྱིས་རྐྱེན་དག་ལས། །འགྱུར་བར་མཐོང་ནས་ཁྲོ་བ་བཟློག །ལུས་ཅན་རྣམས་ལ་སེམས་ཡོད་དང་། །སེམས་མེད་གཉི་གས་གནོད་བྱས་ན། །སེམས་ཡོད་ཅི་སྟེ་བཀར་ཏེ་བཀོན། །དེ་བས་གནོད་པ་བཟོད་པར་གྱིས། །ལ་ལ་རྨོངས་པས་ཉེས་པ་བྱེད། །ལ་ལ་རྨོངས་ཏེ་ཁྲོས་གྱུར་ན། །དེ་ལ་སྐྱོན་མེད་གང་གིས་བྱ། །སྐྱོན་དང་བཅས་ཏེ་གང་ཞིག་ཡིན། །གང་གིས་གཞན་དག་གནོད་བྱེད་པའི། །ལས་དེ་སྔོན་ཆད་ཅི་ཕྱིར་བྱས། །ཐམས་ཅད་ལས་ལ་རག་ལས་ན། །བདག་གིས་འདི་ལ་ཅི་སྟེ་བཀོན། །དེ་ལྟར་མཐོང་ནས་ཅི་ནས་ཀྱང་། །ཐམས་ཅད་ཕན་ཚུན་བྱམས་སེམས་སུ། །འགྱུར་བ་དེ་ལྟར་བདག་གིས་ནི། །བསོད་ནམས་དག་ལ་བསྒྲིམས་ཏེ་བྱ། །དཔེར་ན་ཁྱིམ་ཚིག་གྱུར་པའི་མེ། །ཁྱིམ་གཞན་ཞིག་ཏུ་སོང་ནས་ནི། །རྩྭ་སོགས་གང་ལ་མཆེད་བྱེད་པ། །དེ་ནི་ཕྱུང་སྟེ་དོར་བ་ཡིན། །དེ་བཞིན་གང་ལ་སེམས་ཆགས་ན། །ཞེ་སྡང་མེ་ནི་མཆེད་གྱུར་པ། །བསོད་ནམས་ཚིག་པར་དོགས་པ་ཡིས། །དེ་ནི་དེ་ཡི་མོད་ལ་དོར། །གསད་བྱའི་མི་ཞིག་ལག་བཅད་དེ། །གལ་ཏེ་ཐར་ན་ཅིས་མ་ལེགས། །གལ་ཏེ་མི་ཡི་སྡུག་བསྔལ་གྱིས། །དམྱལ་བ་བྲལ་ན་ཅིས་མ་ལེགས། །ད་ལྟའི་སྡུག་བསྔལ་འདི་ཙམ་ལའང་། །བདག་གིས་བཟོད་པར་མི་ནུས་ན། །དེས་ན་དམྱལ་བའི་སྡུག་བསྔལ་རྒྱུ། །ཁྲོ་བ་ཅི་སྟེ་བཟློག་མི་བྱེད། །འདོད་པའི་དོན་དུ་སྲེག་ལ་སོགས། །དམྱལ་བར་སྟོང་ཕྲག་མྱོང་གྱུར་ཡང་། །བདག་གིས་རང་གི་དོན་དང་ནི། །གཞན་གྱི་དོན་ཡང་མ་བྱས་སོ། །འདི་ནི་དེ་ཙམ་གནོད་མིན་ལ། །དོན་ཆེན་དག་ཀྱང་འགྲུབ་འགྱུར་བས། །འགྲོ་བའི་གནོད་སེལ་སྡུག་བསྔལ་ལ། །དགའ་བ་འབའ་ཞིག་འདིར་བྱ་རིགས། །གཞན་གྱིས་ཡོན་ཏན་ལྡན་བསྟོད་ནས། །གལ་ཏེ་དགའ་བའི་བདེ་ཐོབ་ན། །ཡིད་ཁྱོད་ཀྱང་ནི་དེ་བསྟོད་ནས། །ཅི་ཕྱིར་དེ་ལྟར་དགའ་མི་བྱེད། །ཁྱོད་ཀྱི་དགའ་བའི་བདེ་བ་འདི། །བདེ་འབྱུང་ཁ་ན་མ་ཐོ་མེད། །ཡོན་ཏན་ལྡན་པ་རྣམས་ཀྱིས་གནང་། །གཞན་སྡུད་པ་ཡི་མཆོག་ཀྱང་ཡིན། །གཞན་ཡང་དེ་ལྟར་བདེ་འགྱུར་ཞེས། །གལ་ཏེ་ཁྱོད་བདེ་འདི་མི་འདོད། །གླ་རྔན་སྦྱིན་སོགས་སྤངས་པའི་ཕྱིར། །མཐོང་དང་མ་མཐོང་ཉམས་པར་འགྱུར། །རང་གི་ཡོན་ཏན་བརྗོད་པའི་ཚེ། །གཞན་ལ་བདེ་བའང་འདོད་པར་བྱེད། །གཞན་གྱི་ཡོན་ཏན་བརྗོད་པའི་ཚེ། །རང་ལའང་བདེ་བ་མི་འདོད་བྱེད། །སེམས་ཅན་ཐམས་ཅད་བདེ་འདོད་པས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །སེམས་ཅན་རང་གིས་བདེ་རྙེད་ན། །དེས་ཀོ་ཅི་སྟེ་ཁྲོ་བར་བྱེད། །འཇིག་རྟེན་གསུམ་མཆོད་འཚང་རྒྱ་བར། །སེམས་ཅན་རྣམས་ནི་འདོད་ཅེ་ན། །བསྙེན་བཀུར་ངན་ངོན་ཙམ་མཐོང་ནས། །ཅི་ཕྱིར་དེ་ལ་གདུང་བར་བྱེད། །གསོ་བྱ་གང་ཞིག་ཁྱོད་གསོ་བ། །ཁྱོད་ཉིད་ཀྱིས་ནི་སྦྱིན་བྱ་དེ། །གཉེན་གྱིས་འཚོ་བ་རྙེད་གྱུར་ན། །དགར་མི་འགྱུར་བར་སླར་ཁྲོའམ། །དེ་ཅི་འགྲོ་ལ་མི་འདོད་ན། །དེ་ལ་བྱང་ཆུབ་འདོད་གང་ཡིན། །གང་ཞིག་གཞན་འབྱོར་ཁྲོ་དེ་ལ། །བྱང་ཆུབ་སེམས་ནི་ག་ལ་ཡོད། །གལ་ཏེ་དེས་དེ་ལས་རྙེད་དམ། །སྦྱིན་བདག་ཁྱིམ་ན་གནས་གྱུར་པ། །ཀུན་དུ་དེ་ཁྱོད་ལ་མེད་ན། །བྱིན་མ་བྱིན་རུང་དེས་ཅི་བྱ། །བསོད་ནམས་དང་ནི་དད་པའམ། །རང་གི་ཡོན་ཏན་ཅི་ཕྱིར་འདོར། །རྙེད་པ་གྱུར་པ་མི་འཛིན་པ། །གང་གིས་ཁྲོ་བ་མི་བྱེད་སྨྲོས། །ཁྱོད་ནི་རང་གིས་སྡིག་བྱས་ལ། །མྱ་ངན་མེད་པར་མ་ཟད་ཀྱི། །བསོད་ནམས་བྱས་པ་གཞན་དག་དང་། །ལྷན་ཅིག་འགྲན་པར་བྱེད་འདོད་དམ།། །།བམ་པོ་གཉིས་པའོ། །གལ་ཏེ་དགྲ་ཞིག་མི་དགའ་ནའང་། །དེ་ལ་ཁྱོད་དགར་ཅི་ཞིག་ཡོད། །ཁྱོད་ཀྱི་ཡིད་སྨོན་ཙམ་གྱིས་ནི། །དེ་ལ་གནོད་པའི་རྒྱུར་མི་འགྱུར། །ཁྱོད་ཀྱི་འདོད་པས་སྡུག་བསྔལ་དེ། །གྲུབ་ནའང་ཁྱོད་དགར་ཅི་ཞིག་ཡོད། །གལ་ཏེ་འཚེངས་པར་འགྱུར་ཞེ་ན། །དེ་ལས་ཕུང་བའང་གཞན་ཅི་ཡོད། །ཉོན་མོངས་ཉ་པས་བཏབ་པ་ཡི། །མཆིལ་པ་འདི་ནི་མི་བཟད་གཟེ། །དེས་བཟུང་སེམས་དམྱལ་བུམ་པར་ཡང་། །དམྱལ་བའི་སྲུང་མས་བདག་འཚེད་དེས། །བསྟོད་དང་གྲགས་པའི་རིམ་གྲོས་ནི། །བསོད་ནམས་མི་འགྱུར་ཆེར་མི་འགྱུར། །བདག་སྟོབས་མི་འགྱུར་ནད་མེད་མིན། །ལུས་བདེ་བར་ཡང་མི་འགྱུར་རོ། །བདག་ནི་རང་དོན་ཤེས་གྱུར་ན། །དེ་ལ་རང་དོན་ཅི་ཞིག་ཡོད། །ཡིད་བདེ་འབའ་ཞིག་འདོད་ན་ནི། །རྒྱན་སོགས་ཆང་ཡང་བསྟེན་དགོས་སོ། །གྲགས་པའི་དོན་དུ་ནོར་ཤོར་ཅིང་། །བདག་ཉིད་ཀྱང་ནི་གསོད་བྱེད་ན། །ཚིག་འབྲུ་རྣམས་ཀྱིས་ཅི་ཞིག་བྱ། །ཤ་ནི་དེས་ཀོ་སུ་ལ་བདེ། །ཕྱེ་མའི་ཁང་བུ་རྡིབ་གྱུར་ན། །བྱིས་པ་རྣམས་ནི་ག་ཆད་དུ། །དེ་བཞིན་བསྟོད་དང་གྲགས་ཉམས་ན། །རང་གི་སེམས་ནི་བྱིས་པ་བཞིན། །རེ་ཞིག་སྒྲ་ལ་སེམས་མེད་ཕྱིར། །བདག་ལ་བསྟོད་སེམས་ཡོད་མི་སྲིད། །བདག་ལ་གཞན་དགའ་ཞེས་གྲགས་པ། །དེ་ནི་དགའ་བའི་རྒྱུ་ཡིན་གྲང་། །གཞན་ནམ་ཡང་ན་བདག་ལའང་རུང་། །གཞན་དགའ་བདག་ལ་ཅི་ཞིག་ཕན། །དགའ་བདེ་དེ་ནི་དེ་ཉིད་ཀྱི། །བདག་གིས་དེ་ལས་ཤས་མི་འཐོབ། །དེ་བདེ་བ་ཡི་བདག་བདེ་ན། །ཀུན་ལའང་དེ་བཞིན་བྱ་དགོས་ན། །ཇི་ལྟར་གཞན་ལ་དགའ་བ་ཡིས། །བདེ་བར་གྱུར་ན་བདག་མི་བདེ། །དེ་བས་བདག་ནི་བསྟོད་དོ་ཞེས། །རང་གི་དགའ་བ་སྐྱེ་འགྱུར་བ། །དེ་ཡང་དེ་ལྟར་མི་འཐད་པས། །བྱིས་པའི་སྤྱོད་པ་ཁོ་ནར་ཟད། །བསྟོད་སོགས་བདག་ནི་གཡེང་བར་བྱེད། །དེས་ནི་སྐྱོ་བའང་འཇིག་པར་བྱེད། །ཡོན་ཏན་ལྡན་ལ་ཕྲག་དོག་དང་། །ཕུན་སུམ་ཚོགས་པའང་འཇིག་པར་བྱེད། །དེ་ཕྱིར་བདག་གི་བསྟོད་སོགས་ནི། །གཞིག་ཕྱིར་གང་དག་ཉེར་གནས་པ། །དེ་དག་བདག་ནི་ངན་སོང་དུ། །ལྟུང་བ་བསྲུང་ཕྱིར་ཞུགས་མིན་ནམ། །བདག་ནི་གྲོལ་བ་དོན་གཉེར་ལ། །རྙེད་དང་བཀུར་སྟི་འཆིང་མི་དགོས། །གང་དག་བདག་བཅིངས་གྲོལ་བྱེད་པ། །དེ་ལ་བདག་ནི་ཇི་ལྟར་ཁྲོ། །བདག་ནི་སྡུག་བསྔལ་འཇུག་འདོད་ལ། །སངས་རྒྱས་ཀྱིས་ནི་བྱིན་བརླབས་བཞིན། །མི་གཏོང་སྒོ་འཕར་ཉིད་གྱུར་པ། །དེ་ལ་བདག་ནི་ཇི་ལྟར་ཁྲོ། །འདི་ནི་བསོད་ནམས་གེགས་བྱེད་ཅེས། །དེ་ལའང་ཁྲོ་བར་རིགས་མིན་ཏེ། །བཟོད་མཚུངས་དཀའ་ཐུབ་ཡོད་མིན་ན། །དེ་ལ་བདག་ནི་མི་གནས་སམ། །གལ་ཏེ་བདག་ནི་རང་སྐྱོན་གྱིས། །འདི་ལ་བཟོད་པ་མི་བྱེད་ན། །བསོད་ནམས་རྒྱུ་ནི་ཉེར་གནས་པ། །འདི་ལ་བདག་གེགས་བྱེད་པར་ཟད། །གང་ཞིག་གང་མེད་མི་འབྱུང་ལ། །གང་ཞིག་ཡོད་ན་ཡོད་གྱུར་པ། །དེ་ཉིད་དེ་ཡི་རྒྱུ་ཡིན་ན། །ཇི་ལྟར་དེ་ལ་གེགས་ཞེས་བྱ། །དུས་སུ་ཕྱིན་པའི་སློང་མོ་བས། །སྦྱིན་པའི་གེགས་བྱས་ཡོད་མ་ཡིན། །རབ་ཏུ་འབྱིན་པར་བྱེད་གྱུར་པ། །རབ་བྱུང་གེགས་ཞེས་བྱར་མི་རུང་། །འཇིག་རྟེན་ན་ནི་སློང་བ་མོད། །གནོད་པ་བྱེད་པ་དཀོན་པ་སྟེ། །འདི་ལྟར་ཕར་གནོད་མ་བྱས་ན། །འགའ་ཡང་གནོད་པ་མི་བྱེད་དོ། །དེ་བས་ངལ་བས་མ་བསྒྲུབས་པའི། །ཁྱིམ་དུ་གཏེར་ནི་བྱུང་བ་ལྟར། །བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པས། །བདག་གིས་དགྲ་ལ་དགའ་བར་བྱ། །འདི་དང་བདག་གིས་བསྒྲུབས་པས་ན། །དེ་ཕྱིར་བཟོད་པའི་འབྲས་བུ་ནི། །འདི་ལ་ཐོག་མར་བདར་འོས་ཏེ། །འདི་ལྟར་དེ་ནི་བཟོད་པའི་རྒྱུ། །གལ་ཏེ་བཟོད་བསྒྲུབ་བསམ་མེད་པས། །དགྲ་འདི་མཆོད་བྱ་མིན་ཞེ་ན། །གྲུབ་པ་ཡི་ནི་རྒྱུར་རུང་བ། །དམ་པའི་ཆོས་ཀྱང་ཅི་སྟེ་མཆོད། །གལ་ཏེ་དགྲ་འདི་གནོད་བྱ་བའི། །བསམ་ཡོད་མཆོད་བྱ་མིན་ཞེ་ན། །སྨན་པ་བཞིན་དུ་ཕན་བརྩོན་ན། །བདག་གི་བཟོད་པ་ཇི་ལྟར་འགྲུབ། །དེ་བས་རབ་ཏུ་སྡང་སེམས་ལ། །བརྟེན་ནས་བཟོད་པ་སྐྱེ་བས་ན། །དེ་ཉིད་བཟོད་པའི་རྒྱུ་ཡིན་པས། །དམ་པའི་ཆོས་བཞིན་མཆོད་པར་འོས། །དེ་ཕྱིར་སེམས་ཅན་ཞིང་དང་ནི། །རྒྱལ་བའི་ཞིང་ཞེས་ཐུབ་པས་གསུངས། །འདི་དག་མགུ་བྱས་མང་པོ་ཞིག །འདི་ལྟར་ཕུན་སུམ་ཕ་རོལ་ཕྱིན། །སེམས་ཅན་རྣམས་དང་རྒྱལ་བ་ལས། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱ་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །བསམ་པའི་ཡོན་ཏན་རང་གིས་མིན། །འབྲས་བུ་ལས་ཡིན་དེས་མཚུངས་པར། །སེམས་ཅན་རྣམས་ལའང་ཡོན་ཏན་ཡོད། །དེ་ཕྱིར་དེ་དག་མཉམ་པ་ཡིན། །བྱམས་སེམས་ལྡན་ལ་མཆོད་པ་གང་། །དེ་ནི་སེམས་ཅན་ཆེ་བ་ཉིད། །སངས་རྒྱས་དད་པའི་བསོད་ནམས་གང་། །དེ་ཡང་སངས་རྒྱས་ཆེ་བ་ཉིད། །སངས་རྒྱས་ཆོས་འགྲུབ་ཆ་ཡོད་པ། །དེས་ན་དེ་དག་མཉམ་པར་འདོད། །ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི། །སངས་རྒྱས་རྣམས་དང་འགའ་མི་མཉམ། །ཡོན་ཏན་མཆོག་ཚོགས་གཅིག་པུ་ཡི། །ཡོན་ཏན་ཤས་ཙམ་འགའ་ཞིག་ལ། །སྣང་ནའང་དེ་ལ་མཆོད་དོན་དུ། །ཁམས་གསུམ་ཕུལ་ཡང་ཆུང་བར་འགྱུར། །སངས་རྒྱས་ཆོས་མཆོག་སྐྱེ་བའི་ཤས། །སེམས་ཅན་རྣམས་ལ་ཡོད་པས་ན། །འདི་ཙམ་ངག་གིས་ཆ་བསྟུན་ནས། །སེམས་ཅན་མཆོད་བྱར་རིགས་པར་འགྱུར། །གཞན་ཡང་གཡོ་མེད་གཉེན་གྱུར་ཅིང་། །ཕན་པ་དཔག་མེད་མཛད་རྣམས་ལ། །སེམས་ཅན་མགུ་བྱ་མ་གཏོགས་པར། །གཞན་གང་ཞིག་གིས་ལན་ལོན་འགྱུར། །གང་ཕྱིར་སྐུ་གཏོང་མནར་མེད་འཇུག་པ་ལ། །དེ་ལ་ཕན་བཏགས་ལན་ལོན་འགྱུར་བས་ན། །དེ་བས་འདི་དག་གནོད་ཆེན་བྱེད་ན་ཡང་། །ཐམས་ཅད་བཟང་དགུ་ཞིག་ཏུ་སྤྱད་པར་བྱ། །རེ་ཞིག་བདག་གི་རྗེར་གྱུར་ཉིད་ཀྱང་ནི། །གང་ཕྱིར་རང་གི་སྐུ་ལའང་མི་གཟིགས་པ། །དེ་ལ་རྨོངས་པ་བདག་གིས་ཇི་ལྟར་ན། །ང་རྒྱལ་བྱ་ཞིང་བྲན་གྱི་དངོས་མི་བྱ། །གང་དག་བདེ་བས་ཐུབ་རྣམས་དགྱེས་འགྱུར་ཞིང་། །གང་ལ་གནོད་ན་མི་དགྱེས་འབྱུང་འགྱུར་བ། །དེ་དག་དགའ་བས་ཐུབ་པ་ཀུན་དགྱེས་ཤིང་། །དེ་ལ་གནོད་བྱས་ཐུབ་ལ་གནོད་པ་བྱས། །ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་བ། །དེ་བཞིན་སེམས་ཅན་གནོད་པ་བྱས་ན་ཡང་། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །དེ་བས་བདག་གིས་འགྲོ་ལ་གནོད་བྱས་པས། །ཐུགས་རྗེ་ཆེ་ཀུན་མི་དགྱེས་གྱུར་པ་གང་། །སྡིག་དེ་དེ་རིང་སོ་སོར་བཤགས་བགྱི་ཡིས། །མི་དགྱེས་གང་ལགས་དེ་ཐུབ་བཟོད་པར་གསོལ། །དེ་བཞིན་གཤེགས་རྣམས་དགྱེས་པར་བགྱི་སླད་དུ། །དེང་ནས་བཟུང་ནས་འཇིག་རྟེན་བྲན་དུ་མཆི། །འགྲོ་མང་རྡོག་པས་བདག་གི་སྤྱིར་འཚོག་གམ། །འགུམས་ཀྱང་མི་བསྡོ་འཇིག་རྟེན་མགོན་དགྱེས་མཛོད། །འགྲོ་བ་འདི་ཀུན་ཐུགས་རྗེའི་བདག་ཅན་དེས། །བདག་ཏུ་མཛད་པ་འདི་ལ་ཐེ་ཚོམ་མེད། །སེམས་ཅན་ངོ་བོར་མཐོང་བ་འདི་དག་ཉིད། །མགོན་དེ་བདག་ཉིད་ཅི་ཕྱིར་གུས་མི་བྱེད། །འདི་ཉིད་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། །རང་དོན་ཡང་དག་སྒྲུབ་པའང་འདི་ཉིད་དོ། །འཇིག་རྟེན་སྡུག་བསྔལ་སེལ་བའང་འདི་ཉིད་དེ། །དེ་ལྟས་བདག་གིས་རྟག་ཏུ་དེ་ཉིད་བྱ། །དཔེར་ན་རྒྱལ་པོའི་མི་འགའ་ཞིག །སྐྱེ་བོ་མང་ལ་གནོད་བྱེད་ཀྱང་། །སྐྱེ་བོ་མིག་རྒྱང་རིང་པོ་དག །ནུས་ཀྱང་ཕྱིར་གནོད་མི་བྱེད་དེ། །འདི་ལྟར་དེ་གཅིག་མ་ཡིན་གྱི། །རྒྱལ་པོའི་མཐུ་སྟོབས་དེ་ཡི་མཐུ། །དེ་བཞིན་གནོད་བྱེད་ཉམ་ཆུང་བ། །འགའ་ཡང་ཁྱད་དུ་གསད་མི་བྱ། །འདི་ལྟར་དམྱལ་བའི་སྲུང་མ་དང་། །ཐུགས་རྗེ་ལྡན་རྣམས་དེ་ཡི་དཔུང་། །དེ་ལྟར་དམངས་ཀྱིས་རྒྱལ་གཏུམ་བཞིན། །སེམས་ཅན་རྣམས་ནི་མགུ་བར་བྱ། །རྒྱལ་པོ་ལྟ་ཞིག་ཁྲོས་ན་ཡང་། །སེམས་ཅན་མི་མགུ་བྱས་པ་ཡིས། །མྱོང་བར་འགྱུར་བ་གང་ཡིན་པ། །དམྱལ་བའི་གནོད་པ་དེས་བྱེད་དམ། །རྒྱལ་པོ་ལྟ་ཞིག་མགུ་ན་ཡང་། །སེམས་ཅན་མགུ་བར་བྱས་པ་ཡིས། །འཐོབ་པར་འགྱུར་བ་གང་ཡིན་པ། །སངས་རྒྱས་ཉིད་སྦྱིན་མི་སྲིད་དོ། །སེམས་ཅན་མགུ་ལས་བྱུང་བ་ཡི། །མ་འོངས་སངས་རྒྱས་འགྲུབ་ལྟ་ཞོག །ཚེ་འདི་ཉིད་ལ་དཔལ་ཆེན་དང་། །གྲགས་དང་སྐྱེད་འགྱུར་ཅིས་མ་མཐོང་། །འཁོར་ཚེ་བཟོད་པས་མཛེས་སོགས་དང་། །ནད་མེད་པ་དང་གྲགས་པ་ཡིས། །ཤིན་ཏུ་ཡུན་རིང་འཚོ་བ་དང་། །འཁོར་ལོས་སྒྱུར་བའི་བདེ་རྒྱས་ཐོབ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བཟོད་པ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་དྲུག་པའོ།།
།།དེ་ལྟར་བཟོད་པས་བརྩོན་འགྲུས་བརྩམ། །འདི་ལྟར་བརྩོན་ལ་བྱང་ཆུབ་གནས། །རླུང་མེད་གཡོ་བ་མེད་པ་བཞིན། །བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་། །བརྩོན་གང་དགེ་ལ་སྤྲོ་བའོ། །དེ་ཡི་མི་མཐུན་ཕྱོགས་བཤད་བྱ། །ལེ་ལོ་ངན་ལ་ཞེན་པ་དང་། ། སྒྱིད་ལུག་བདག་ཉིད་བརྙས་པའོ། །སྙོམ་ལས་བདེ་བའི་རོ་མྱང་དང་། །གཉིད་ལ་བརྟེན་པའི་སྲེད་པ་ཡིས། །འཁོར་བའི་སྡུག་བསྔལ་མི་སྐྱོ་ལས། །ལེ་ལོ་ཉེ་བར་སྐྱེ་བར་འགྱུར། །ཉོན་མོངས་རྒྱ་པས་བཤོར་ནས་ནི། །སྐྱེ་བའི་རྒྱར་ནི་ཆུད་གྱུར་ནས། །འཆི་བདག་ཁར་ནི་སོང་གྱུར་པ། །ཅི་སྟེ་ད་དུང་མི་ཤེས་སམ། །རང་སྡེ་རིམ་གྱིས་གསོད་པ་ཡང་། །ཁྱོད་ཀྱིས་མཐོང་བར་མ་གྱུར་ཏམ། །འོན་ཀྱང་གཉིད་ལ་བརྟེན་པ་གང་། །གདོལ་པ་དང་ནི་མ་ཧེ་བཞིན། །ལམ་ནི་ཀུན་ནས་བཀག་ནས་སུ། །འཆི་བདག་གིས་ནི་བལྟས་བཞིན་དུ། །ཇི་ལྟར་ཁྱོད་ནི་ཟ་དགའ་ཞིང་། །འདི་ལྟར་གཉིད་འོག་ཇི་ལྟར་དགའ། །མྱུར་བ་ཉིད་དུ་འཆི་འགྱུར་བས། །ཇི་སྲིད་དུ་ནི་ཚོགས་བསག་བྱ། །དེ་ཚེ་ལེ་ལོ་སྤངས་ཀྱང་ནི། །དུས་མ་ཡིན་པར་ཅི་ཞིག་བྱ། །འདི་ནི་མ་བྱས་བརྩམས་པ་དང་། །འདི་ཕྱེད་བྱས་པར་གནས་པ་ལ། །གློ་བུར་འཆི་བདག་འོངས་ནས་ནི། །ཀྱི་ཧུད་བཅོམ་ཞེས་སེམས་པར་འགྱུར། །མྱ་ངན་ཤུགས་ཀྱིས་སྐྲངས་པ་ཡི། །མིག་དམར་གདོང་ལ་མཆི་མ་འཛག །ཉེ་དུ་རེ་ཐག་ཆད་པ་དང་། །གཤིན་རྗེའི་ཕོ་ཉའི་བཞིན་ལ་བལྟ། །རང་སྡིག་དྲན་པས་གདུང་བ་དང་། །དམྱལ་བའི་སྒྲ་ནི་ཐོས་པ་ཡིས། །སྐྲག་པས་མི་གཙང་ལུས་གོས་ཤིང་། །མྱོས་པར་འགྱུར་ཚེ་ཅི་ཞིག་བྱ། །ཁྱོད་ནི་ཉ་གསོན་འགྲེ་བ་ལྟའི། །ཚེ་འདིར་འཇིགས་དང་ལྡན་གྱུར་ན། །སྡིག་བྱས་དམྱལ་བ་མི་བཟད་པའི། །སྡུག་བསྔལ་རྣམས་ནི་སྨོས་ཅི་དགོས། །ཆུ་ཚན་གྱིས་ནི་རེག་པ་ན། །གཞོན་ཤ་ཅན་ལ་རབ་ཚ་བའི། །དམྱལ་བ་ཡི་ནི་ལས་བྱས་ནས། །ཅི་ཕྱིར་འདི་ལྟར་བདེ་བར་གནས། །བརྩོན་མེད་འབྲས་བུ་འདོད་པ་དང་། །བཟེ་རེ་ཅན་ལ་གནོད་མང་ཞིང་། །འཆི་བས་བཟུང་བཞིན་ལྷ་འདྲ་བ། །ཀྱི་ཧུད་སྡུག་བསྔལ་དག་གིས་བཅོམ། །མི་ཡི་གྲུ་ལ་བརྟེན་ནས་སུ། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །དགའ་བའི་རྒྱུ་ནི་མཐའ་ཡས་པའི། །དམ་ཆོས་དགའ་བའི་མཆོག་སྤངས་ནས། །སྡུག་བསྔལ་རྒྱུ་ཡིས་གཡེང་བ་དང་། །རྒོད་སོགས་ལ་ཁྱོད་ཅི་ཕྱིར་དགའ། །སྒྱིད་ལུག་མེད་དང་དཔུང་ཚོགས་དང་། །ལྷུར་བླང་བདག་ཉིད་དབང་བྱ་དང་། །བདག་དང་གཞན་དུ་མཉམ་པ་དང་། །བདག་དང་གཞན་དུ་བརྗེ་བར་གྱིས། །བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པ་གསུང་བས་བདེན་འདི་གསུངས། །སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་འཐོབ། །བདག་ལྟ་རིགས་ཀྱིས་མིར་སྐྱེས་ལ། །ཕན་དང་གནོད་པའི་དོ་ཤེས་པས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་འཐོབ། །འོན་ཏེ་རྐང་ལག་ལ་སོགས་པ། །བཏང་དགོས་བདག་ནི་འཇིགས་ཤེ་ན། །ལྕི་དང་ཡང་བ་མ་དཔྱད་པར། །རྨོངས་པས་བདག་ནི་འཇིགས་པར་ཟད། །བསྐལ་པ་བྱེ་བ་གྲངས་མེད་དུ། །ལན་གྲངས་དུ་མར་བཅད་པ་དང་། །དབུག་དང་བསྲེག་དང་གཤེགས་འགྱུར་གྱི། །བྱང་ཆུབ་ཐོབ་པར་མི་འགྱུར་རོ། །བདག་གིས་བྱང་ཆུབ་སྒྲུབ་པ་ཡི། །སྡུག་བསྔལ་འདི་ནི་ཚོད་ཡོད་དེ། །ཟུག་རྔུ་ཁོང་བརླག་གནོད་བསལ་ཕྱིར། །ལུས་རྨ་བཏོད་པའི་སྡུག་བསྔལ་བཞིན། །སྨན་པ་ཀུན་ཀྱང་གསོ་དཔྱད་ཀྱི། །མི་བདེ་བ་ཡིས་ནད་མེད་བྱེད། །དེ་བས་སྡུག་བསྔལ་མང་པོ་དག །གཞོམ་ཕྱིར་མི་བདེ་ཆུང་བཟོད་བྱ། །གསོ་དཔྱད་ཕལ་པ་འདི་འདྲ་བ། །སྨན་པ་མཆོག་གིས་མ་མཛད་དེ། །ཆོ་ག་ཤིན་ཏུ་འཇམ་པོ་ཡིས། །ནད་ཆེན་དཔག་མེད་གསོ་བར་མཛད། །ཚོད་མ་ལ་སོགས་སྦྱིན་པ་ལའང་། །འདྲེན་པས་ཐོག་མར་སྦྱོར་བར་མཛད། །དེ་ལ་གོམས་ནས་ཕྱི་ནས་ནི། །རིམ་གྱིས་རང་གི་ཤ་ཡང་གཏོང་། །གང་ཚེ་རང་གི་ལུས་ལ་ནི། །ཚོད་སོགས་ལྟ་བུའི་བློ་སྐྱེས་པ། །དེ་ཚེ་ཤ་ལ་སོགས་གཏོང་བ། །དེ་ལ་དཀའ་བ་ཅི་ཞིག་ཡོད། །སྡིག་པ་སྤང་ཕྱིར་སྡུག་བསྔལ་མེད། །མཁས་པའི་ཕྱིར་ན་མི་དགའ་མེད། །འདི་ལྟར་ལོག་པར་རྟོག་པ་དང་། །སྡིག་པས་སེམས་དང་ལུས་ལ་གནོད། །བསོད་ནམས་ཀྱིས་ནི་ལུས་བདེ་ལ། །མཁས་པ་ཡིས་ནི་སེམས་བདེ་ན། །གཞན་དོན་འཁོར་བར་གནས་ཀྱང་ནི། །སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། །འདི་ནི་བྱང་ཆུབ་སེམས་སྟོབས་ཀྱིས། །སྔོན་གྱི་སྡིག་པ་ཟད་བྱེད་ཅིང་། །བསོད་ནམས་རྒྱ་མཚོ་སྡུད་བྱེད་ཕྱིར། །ཉན་ཐོས་རྣམས་པས་མཆོག་ཏུ་བཤད། །དེ་བས་སྐྱོང་ལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །སེམས་ཅན་དོན་གྲུབ་བྱ་ཕྱིར་དཔུང་། །མོས་བརྟན་དགའ་དང་དོར་བ་ཡིན། །མོས་པ་སྡུག་བསྔལ་འཇིགས་པ་དང་། །དེ་ཡི་ཕན་ཡོན་བསམ་པས་བསྐྱེད། །དེ་ལྟར་མི་མཐུན་ཕྱོགས་སྤངས་ཏེ། །མོས་དང་ང་རྒྱལ་དགའ་དང་དོར། །ལྷུར་ལེན་དབང་བསྒྱུར་སྟོབས་ཀྱིས་ནི། །བརྩོན་འགྲུས་སྤེལ་ཕྱིར་འབད་པར་བྱ། །བདག་དང་གཞན་གྱི་ཉེས་པ་ནི། །དཔག་མེད་བདག་གིས་གཞོམ་བྱ་སྟེ། །གང་དུ་ཉེས་པ་རེ་རེ་ལའང་། །བསྐལ་པ་རྒྱ་མཚོ་ཟད་འགྱུར་བ། །ཉེས་ཟད་རྩོམ་པ་དེ་ཡི་ནི། །ཆ་ཡང་བདག་ལ་མ་མཐོང་ན། །སྡུག་བསྔལ་དཔག་ཏུ་མེད་པའི་གནས། །བདག་གོ་ཅི་ཕྱིར་སྙིང་མ་གས། །བདག་དང་གཞན་གྱི་ཡོན་ཏན་ནི། །མང་པོ་བདག་གིས་བསྒྲུབ་བྱ་སྟེ། །དེ་ལ་ཡོན་ཏན་རེ་རེ་ཡང་། །བསྐལ་པ་རྒྱ་མཚོས་གོམས་འགྱུར་ན། །བདག་ནི་ཡོན་ཏན་ཆ་ལ་ཡང་། །གོམས་པ་ནམ་ཡང་མ་སྐྱེས་ཏེ། །ཇི་ཞིག་ལྟར་རྙེད་སྐྱེ་བ་ནི། །བདག་གིས་དོན་མེད་བྱས་པ་མཚར། །བདག་གིས་བཅོམ་ལྡན་མ་མཆོད་ཅིང་། །དགའ་སྟོན་ཆེན་པོའི་བདེ་མ་བྱིན། །བསྟན་ལ་བྱ་བ་མ་བྱས་དང་། །དབུལ་པོའི་བསམ་པ་རྫོགས་མ་བྱས། །འཇིགས་ལ་མི་འཇིགས་མ་བྱིན་དང་། །ཉམ་ཐག་བདེ་མ་བྱིན་ན་བདག །མ་ཡི་མངལ་གྱི་ཟུག་རྔུ་དང་། །སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད། །བདག་ནི་སྔོན་དང་ད་ལྟར་ཡང་། །ཆོས་ལ་མོས་དང་བྲལ་བ་ཡིས། །ཕོངས་པ་འདི་འདྲ་བྱུང་བར་གྱུར། །སུ་ཞིག་ཆོས་ལ་མོས་པ་གཏོང་། །དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས། །དེ་ཡི་རྩ་བ་རྟག་ཏུ་ནི། །རྣམ་སྨིན་འབྲས་བུ་བསྒོམས་པས་སོ། །སྡུག་བསྔལ་ཡིད་མི་བདེ་བ་དང་། །འཇིགས་པ་རྣམ་པ་སྣ་ཚོགས་དང་། །འདོད་པ་རྣམས་དང་བྲལ་བ་ནི། །སྡིག་པ་སྤྱོད་ལས་འབྱུང་བར་འགྱུར། །ཡིད་ལ་བསམས་པའི་དགེ་བྱས་པས། །གང་དང་གང་དུ་འགྲོ་འགྱུར་བ། །དེ་དང་དེར་ནི་བསོད་ནམས་དེས། །འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར། །སྡིག་པ་བྱེད་པ་བདེ་འདོད་ཀྱང་། །གང་དང་གང་དུ་འགྲོ་འགྱུར་བ། །དེ་དང་དེར་ནི་སྡིག་པ་དེས། །སྡུག་བསྔལ་མཚོན་གྱིས་རྣམ་པར་འཇོམས། །རྒྱ་ཆེ་དྲི་བཟང་བསིལ་བའི་པདྨའི་སྙིང་པོར་གནས། །རྒྱལ་བའི་གསུང་སྙན་ཟས་ཀྱིས་གཟི་བརྗིད་བསྐྱེད་བྱས་པ། །ཐུབ་འོད་ཀྱིས་རྒྱས་པདྨ་ལས་བྱུང་ལུས་མཆོག་ཅན། །རྒྱལ་བའི་མདུན་གནས་བདེ་གཤེགས་སྲས་སུ་དགེ་བས་འགྱུར། །གཤིན་རྗེའི་སྐྱེས་བུས་པགས་པ་མ་ལུས་བཤུས་པས་ཤིན་ཏུ་ཉམ་ཐག་ཅིང་། །རབ་ཏུ་ཚ་བའི་མེ་ཡིས་བཞུས་པའི་ཟངས་ཞུན་ལུས་ལ་བླུགས་གྱུར་ལ། །འབར་བའི་རལ་གྲི་མདུང་ཐུང་གིས་བསྣུན་ཤ་ཡི་དུམ་བུ་བརྒྱར་ལྷགས་ཤིང་། །ཤིན་ཏུ་འབར་བའི་ལྕགས་ཀྱི་ས་གཞིར་ལྷུང་བ་མི་དགེ་མང་པོས་འགྱུར། །དེ་བས་དགེ་ལ་མོས་བྱ་ཞིང་། །གུས་པ་ཉིད་དུ་བསྒོམ་པར་བྱ། །རྡོ་རྗེ་རྒྱལ་མཚན་ཆོ་ག་ཡིས། །བརྩམས་ནས་ང་རྒྱལ་བསྒོམ་པར་བྱ། །དང་པོར་འབྱོར་པ་བརྟགས་ནས་ནི། །བརྩམ་མམ་ཡང་ན་མི་བརྩམ་བྱ། །མ་བརྩམས་པ་ནི་མཆོག་ཡིན་གྱི། །བརྩམས་ནས་ལྡོག་པར་མི་བྱའོ། །སྐྱེ་བ་གཞན་དུ་དེ་གོམས་ཤིང་། །སྡིག་དང་སྡུག་བསྔལ་འཕེལ་བར་འགྱུར། །གཞན་དང་འབྲས་བུའི་དུས་ཀྱང་ནི། །དམན་འགྱུར་དེ་ཡང་སྒྲུབ་མི་འགྱུར། །ལས་དང་ཉོན་མོངས་ནུས་པས་ཏེ། །གསུམ་པོ་དག་ལ་ང་རྒྱལ་བྱ། །བདག་ཉིད་གཅིག་པུས་བྱའོ་ཞེས། །འདི་ནི་ལས་ཀྱི་ང་རྒྱལ་ཉིད། །ཉོན་མོངས་དབང་མེད་འཇིག་རྟེན་འདིས། །རང་དོན་སྒྲུབ་པར་མི་ནུས་པས། །འགྲོ་བས་བདག་ལྟར་མི་ནུས་ཏེ། །དེ་བས་བདག་གིས་འདི་བྱའོ། །གཞན་དག་དམན་པའི་ལས་བྱེད་ན། །བདག་ཉིད་ཀྱང་ནི་ཇི་ལྟར་འདུག །ང་རྒྱལ་གྱིས་ནི་མི་བྱས་ཏེ། །བདག་ལ་ང་རྒྱལ་མེད་པ་མཆོག །ཤི་བའི་སྦྲུལ་དང་ཕྲད་གྱུར་ན། །ཁྭ་ཡང་མཁའ་ལྡིང་ལྟ་བུར་སྤྱོད། །གལ་ཏེ་བདག་ཉིད་ཉམ་ཆུང་ན། །ལྟུང་བ་ཆུང་ངུའང་གནོད་པར་བྱེད། །ཞུམ་བཅས་རྩོལ་བ་དོར་བ་ལ། །ཕོངས་ལས་ཐར་བ་ཡོད་དམ་ཅི། །ང་རྒྱལ་རྩོལ་བ་བསྐྱེད་པས་ནི། །ཆེན་པོ་ཡིས་ཀྱང་ཐུབ་པར་དཀའ། །དེ་བས་སེམས་ནི་བརྟན་པ་ཡིས། །ལྟུང་བ་རྣམས་ནི་གཞོམ་བྱ་སྟེ། །བདག་ནི་ལྟུང་བས་ཕམ་བྱས་ན། །ཁམས་གསུམ་རྒྱལ་འདོད་བཞད་གད་འགྱུར། །བདག་གིས་ཀུན་ལས་རྒྱལ་བྱ་སྟེ། །བདག་ལས་སུ་ཡང་རྒྱལ་མི་བྱ། །རྒྱལ་བ་སེང་གེའི་སྲས་བདག་གིས། །ང་རྒྱལ་འདི་ལ་གནས་པར་བྱ། །འགྲོ་གང་ང་རྒྱལ་གྱིས་བཅོམ་དེ། །ཉོན་མོངས་ང་རྒྱལ་ཅན་མ་ཡིན། །ང་རྒྱལ་ཅན་དགྲའི་དབང་མི་འགྲོ། །དེ་དག་ང་རྒྱལ་དགྲ་དབང་འགྱུར། །ཉོན་མོངས་ང་རྒྱལ་གྱིས་ཁེངས་ནི། །ངན་འགྲོར་ང་རྒྱལ་གྱིས་ཁྲིད་ཅིང་། །མི་ཡི་དགའ་སྟོན་བཅོམ་པ་དང་། །གཞན་གྱི་ཟས་ཟའི་བྲན་དང་ནི། །གླེན་པ་མི་སྡུག་ཉམ་ཆུང་དང་། །ཐམས་ཅད་དུ་ནི་བརྙས་པར་འགྱུར། །ང་རྒྱལ་གྱིས་ཁེངས་དཀའ་ཐུབ་ཅན། །དེ་ཡང་ང་རྒྱལ་ཅན་གཏོགས་ན། །དམན་པ་ཅི་འདྲ་ཡིན་པ་སྨྲོས། །གང་ཞིག་ང་རྒྱལ་དགྲ་ལས་རྒྱལ་ཕྱིར་ང་རྒྱལ་འཆང་། །དེ་ནི་ང་རྒྱལ་ཅན་དང་རྣམ་རྒྱལ་དཔའ་དེ་ཉིད། །གང་ཞིག་ང་རྒྱལ་དགྲ་བདོ་བ་ཡང་ངེས་བཅོམ་སྟེ། །འགྲོ་ལ་འདོད་བཞིན་རྒྱལ་བའི་འབྲས་བུ་རྫོགས་པར་བྱེད། །ཉོན་མོངས་ཕྱོགས་ཀྱི་ཁྲོད་གནས་ན། །རྣམ་པ་སྟོང་དུ་སྲན་གཟུགས་ཏེ། །ཝ་ལ་སོགས་པས་སེང་གེ་བཞིན། །ཉོན་མོངས་ཚོགས་ཀྱིས་མི་ཚུགས་བྱ། །ཉམ་ང་ཆེ་ཐད་བྱུང་གྱུར་ཀྱང་། །མི་ཡིས་མིག་ནི་བསྲུང་བ་ལྟར། །དེ་བཞིན་ཉམ་ང་བྱུང་གྱུར་ཀྱང་། །ཉོན་མོངས་དབང་དུ་མི་འགྱུར་བྱ། །བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །བདག་གི་མགོ་བོ་བཅད་ཀྱང་བླ། །རྣམ་པ་ཀུན་དུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱའོ། །དེ་བཞིན་གནས་སྐབས་ཐམས་ཅད་དུ། །རིགས་པ་ལས་ནི་གཞན་མི་སྤྱད། །རྩེད་མོའི་བདེ་འབྲས་འདོད་པ་ལྟར། །འདི་ཡིས་བྱ་བའི་ལས་གང་ཡིན། །ལས་དེ་ལ་ནི་ཞེན་བྱ་སྟེ། །ལས་དེས་མི་ངོམས་དགའ་བར་བྱ། །བདེ་བའི་དོན་དུ་ལས་བྱས་ཀྱང་། །བདེ་འགྱུར་མི་འགྱུར་གཏོལ་མེད་ཀྱི། །གང་གི་ལས་ཉིད་བདེ་འགྱུར་བ། །དེ་ལས་མི་བྱེད་ཇི་ལྟར་བདེ། །སྤུ་གྲིའི་སོར་ཆགས་སྦྲང་རྩི་ལྟའི། །འདོད་པ་རྣམས་ཀྱིས་མི་ངོམས་ན། །རྣམ་སྨིན་བདེ་ལ་ཞི་བ་ཡི། །བསོད་ནམས་ཀྱིས་ལྟ་ཅི་སྟེ་ངོམས། །དེ་ལྟས་ལས་ཚར་ཕྱིན་བྱའི་ཕྱིར། །ཉི་མ་ཕྱེད་དུས་གདུངས་པ་ཡི། །གླང་ཆེན་མཚོ་ཕྲད་མཚོར་འཇུག་ལྟར། །ལས་དེ་ལ་ཡང་འཇུག་པར་བྱ། །སྟོབས་ཉམས་པ་དང་རྗེས་འབྲེལ་ན། །སླར་བྱའི་དོན་དུ་དོར་བར་བྱ། །ལེགས་པར་ཟིན་ན་ཕྱི་མ་དང་། །ཕྱི་མ་འདོད་པས་དེ་སྤང་བྱ། །འཐབ་རྙིང་དགྲ་དང་ལྷན་ཅིག་ཏུ། །གཡུལ་ངོར་རལ་ཁ་ལྷགས་པ་བཞིན། །ཉོན་མོངས་མཚོན་ལས་གཟུར་བྱ་ཞིང་། །ཉོན་མོངས་དགྲ་རྣམས་གཞོམ་པར་བཏེག །གཡུལ་དུ་རལ་གྲི་ལྷུང་གྱུར་ན། །འཇིགས་པས་མྱུར་དུ་ལེན་པ་ལྟར། །དེ་བཞིན་དྲན་པའི་མཚོན་ཤོར་ན། །དམྱལ་བའི་འཇིགས་དྲན་མྱུར་དུ་བླང་། །ཇི་ལྟར་ཁྲག་ལ་བརྟེན་བཅས་ནས། །དུག་ནི་ལུས་ལ་ཁྱབ་འགྱུར་བ། །དེ་བཞིན་གླགས་ནི་རྙེད་པ་ན། །ཉེས་པས་སེམས་ལ་ཁྱབ་པར་འགྱུར། །ཡུངས་མར་བཀང་བའི་སྣོད་བཀུར་ལ། །རལ་གྲི་ཐོགས་པས་དྲུང་བསྡད་དེ། །བོ་ན་གསོད་བསྡིགས་འཇིགས་པ་ལྟར། །བརྟུལ་ཞུགས་ཅན་གྱིས་དེ་བཞིན་སྒྲིམ། །དེ་བས་པང་དུ་སྦྲུལ་འོངས་ན། །ཇི་ལྟར་རིངས་པར་ལྡང་བ་ལྟར། །དེ་བཞིན་གཉིད་དང་སྙོམ་འོངས་ན། །མྱུར་དུ་དེ་དག་བཟློག་པར་བྱ། །ཉེས་པ་བྱུང་བ་རེ་རེ་ཞིང་། །བདག་ལ་སྨད་ནས་ཅི་ནས་ཀྱང་། །བདག་ལ་ཕྱིས་འདི་མི་འབྱུང་བ། །དེ་ལྟར་བྱ་ཞེས་ཡུན་རིང་བསམ། །ཇི་ལྟར་གནས་སྐབས་འདི་དག་ལ། །དྲན་པ་གོམས་པ་ཉིད་འགྱུར་ཞེས། །རྒྱུ་འདི་ཡིས་ནི་ཕྲད་པའམ། །རིགས་པའི་ལས་ནི་འདོད་པར་བྱ། །ཅི་ནས་ལས་བྱེད་སྔོན་རོལ་ནས། །ཐམས་ཅད་ལ་ནི་མཐུ་ཡོད་པ། །དེ་ལྟར་བག་ཡོད་གཏམ་དྲན་ཏེ། །བདག་ཉིད་ལྡང་བ་ཡང་བར་བྱ། །ཇི་ལྟར་རླུང་ནི་འགྲོ་བ་དང་། །འོང་བས་ཤིང་བལ་དབང་བསྒྱུར་བ། །དེ་བཞིན་སྤྲོ་བས་དབང་བསྒྱུར་ཏེ། །དེ་ལྟར་ན་ནི་འགྲུབ་པར་འགྱུར། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བརྩོན་འགྲུས་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བདུན་པའོ།།
།།དེ་ལྟར་བརྩོན་འགྲུས་བསྐྱེད་ནས་ནི། །ཡིད་ནི་ཏིང་ངེ་འཛིན་ལ་བཞག །སེམས་ནི་རྣམ་པར་གཡེངས་པའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ལུས་དང་སེམས་ནི་དབེན་པ་ཡིས། །རྣམ་པར་གཡེང་བ་མི་འབྱུང་ངོ་། །དེ་བས་འཇིག་རྟེན་སྤང་བྱ་ཞིང་། །རྣམ་པར་རྟོག་པ་ཡོངས་སུ་དོར། །ཆགས་པའི་ཕྱིར་དང་རྙེད་སོགས་ལ། །སྲེད་པས་འཇིག་རྟེན་མི་སྤོང་སྟེ། །དེ་བས་འདི་དག་ཡོངས་སྤོངས་ལ། །མཁས་པས་འདི་ལྟར་དཔྱད་པར་བྱ། །ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །མི་རྟག་སུ་ཞིག་མི་རྟག་ལ། །ཡང་དག་ཆགས་པར་བྱེད་པ་ཡོད། །དེས་ནི་ཚེ་རབས་སྟོང་ཕྲག་ཏུ། །སྡུག་པ་མཐོང་བར་ཡོང་མི་འགྱུར། །མ་མཐོང་ན་ནི་དགར་མི་འགྱུར། །ཡིད་ཀྱང་མཉམ་འཇོག་མི་འགྱུར་ལ། །མཐོང་ཡང་ངོམས་པར་མི་འགྱུར་བས། །སྔར་བཞིན་སྲེད་པས་གདུང་བར་འགྱུར། །སེམས་ཅན་རྣམས་ལ་ཆགས་བྱས་ན། །ཡང་དག་ཉིད་ལ་ཀུན་ནས་སྒྲིབ། །སྐྱོ་བའི་སེམས་ཀྱང་འཇིག་པར་བྱེད། །ཐ་མར་མྱ་ངན་གདུང་བར་འགྱུར། །དེ་ལ་སེམས་པ་འབའ་ཞིག་གིས། །ཚེ་འདི་དོན་མེད་འདའ་བར་འགྱུར། །རྟག་པ་མེད་པའི་མཛའ་བཤེས་ཀྱིས། །གཡུང་དྲུང་ཆོས་ཀྱང་འཇིག་པར་འགྱུར། །བྱིས་དང་སྐལ་བ་མཉམ་སྤྱོད་ན། །ངེས་པར་ངན་འགྲོར་འགྲོ་འགྱུར་ཏེ། །སྐལ་མི་མཉམ་པར་ཁྲིད་བྱེད་ན། །བྱིས་པ་བསྟེན་པས་ཅི་ཞིག་བྱ། །སྐད་ཅིག་གཅིག་གིས་མཛའ་འགྱུར་ལ། །ཡུད་ཙམ་གྱིས་ནི་དགྲར་ཡང་འགྱུར། །དགའ་བའི་གནས་ལ་ཁྲོ་བྱེད་པས། །སོ་སོའི་སྐྱེ་བོ་མགུ་བར་དཀའ། །ཕན་པར་སྨྲས་ན་ཁྲོ་བར་བྱེད། །བདག་ཀྱང་ཕན་ལས་བཟློག་པར་བྱེད། །དེ་དག་དག་ནི་མ་མཉན་ན། །ཁྲོ་བས་ངན་འགྲོར་འགྲོ་བར་འགྱུར། །མཐོ་ལ་ཕྲག་དོག་མཉམ་དང་འགྲན། །དམའ་ལ་ང་རྒྱལ་བསྟོད་ན་དྲེགས། །མི་སྙན་བརྗོད་ན་ཁོང་ཁྲོ་སྐྱེ། །ནམ་ཞིག་བྱིས་ལས་ཕན་པ་ཐོབ། །བྱིས་དང་འགྲོགས་ན་བྱིས་པ་ལ། །བདག་བསྟོད་གཞན་ལ་སྨོད་པ་དང་། །འཁོར་བར་དགའ་བའི་གཏམ་ལ་སོགས། །མི་དགེ་ཅིས་ཀྱང་ངེས་པར་འབྱུང་། །དེ་ལྟར་བདག་དང་གཞན་བསྟེན་པ། །དེས་ནི་ཕུང་བར་འགྱུར་བར་ཟད། །དེས་ཀྱང་བདག་དོན་མ་བྱས་ལ། །བདག་ཀྱང་དེ་དོན་མི་འགྱུར་བས། །བྱིས་ལས་ཐག་རིང་བྱོལ་བར་བྱ། །ཕྲད་ན་དགའ་བས་མགུ་བྱས་ཏེ། །འདྲིས་ཆེན་ཉིད་དུ་མི་འགྱུར་བར། །ཐ་མལ་པ་ཙམ་ལེགས་པར་བྱ། །བུང་བས་མེ་ཏོག་སྦྲང་རྩི་བཞིན། །ཆོས་ཀྱི་དོན་ཙམ་བླངས་ནས་ནི། །ཀུན་ལས་སྔོན་ཆད་མ་མཐོང་བཞིན། །འདྲིས་པ་མེད་པར་གནས་པར་བྱ། །བདག་ནི་རྙེད་མང་བཀུར་སྟི་བཅས། །བདག་ལ་མང་པོ་དགའ་འོ་ཞེས། །དེ་འདྲའི་སྙེམས་པ་འཆང་གྱུར་ན། །ཤི་བའི་འོག་ཏུ་འཇིགས་པ་སྐྱེ། །དེ་བས་རྣམ་པར་རྨོངས་པའི་ཡིད། །གང་དང་གང་ལ་ཆགས་གྱུར་པ། །དེ་དང་དེ་བསྡོངས་སྟོང་འགྱུར་དུ། །སྡུག་བསྔལ་ཉིད་དུ་གྱུར་ཅིང་ལྡང་། །དེ་བས་མཁས་པས་ཆགས་མི་བྱ། །ཆགས་པ་ལས་ནི་འཇིགས་པ་སྐྱེ། །འདི་དག་རང་བཞིན་འདོར་འགྱུར་བས། །བརྟན་པར་གྱིས་ཏེ་རབ་ཏུ་རྟོགས། །རྙེད་པ་དག་ནི་མང་བྱུང་ཞིང་། །གྲགས་དང་སྙན་པ་བྱུང་གྱུར་ཀྱང་། །རྙེད་དང་གྲགས་པའི་ཚོགས་བཅས་ཏེ། །གང་དུ་འདོད་པའི་གཏོལ་མེད་དོ། །བདག་ལ་སྨོད་པ་གཞན་ཡོད་ན། །བསྟོད་པས་བདག་དགར་ཅི་ཞིག་ཡོད། །བདག་ལ་བསྟོད་པ་གཞན་ཡོད་ན། །སྨད་པས་མི་དགར་ཅི་ཞིག་ཡོད། །སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མི་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །དེ་བས་འཇིག་རྟེན་བསམ་པ་བཏང་། །སེམས་ཅན་རྙེད་པ་མེད་ལ་སྨོད། །རྙེད་པ་ཅན་ལ་མི་སྙན་བརྗོད། །རང་བཞིན་འགྲོགས་དཀའ་དེ་དག་གིས། །དགའ་བ་ཇི་ལྟར་སྐྱེ་བར་འགྱུར། །གང་ཕྱིར་བྱིས་པ་རང་དོན་ནི། །མེད་པར་དགའ་བ་མི་འབྱུང་བས། །བྱིས་པ་འགའ་ཡང་བཤེས་མིན་ཞེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ནགས་ན་རི་དགས་བྱ་རྣམས་དང་། །ཤིང་རྣམས་མི་སྙན་རྗོད་མི་བྱེད། །འགྲོགས་ན་བདེ་བ་དེ་དག་དང་། །ནམ་ཞིག་ལྷན་ཅིག་བདག་གནས་འགྱུར། །ཕུག་གམ་ལྷ་ཁང་སྟོང་པའམ། །ལྗོན་ཤིང་དྲུང་དུ་གནས་བཅས་ཏེ། །ནམ་ཞིག་རྒྱབ་ཏུ་མི་ལྟ་ཞིང་། །ཆགས་པ་མེད་པར་འགྱུར་ཞིག་གུ། །ས་ཕྱོགས་བདག་གིར་བཟུང་མེད་པ། །རང་བཞིན་གྱིས་ནི་ཡངས་རྣམས་སུ། །རང་དབང་སྤྱོད་ཅིང་ཆགས་མེད་པར། །ནམ་ཞིག་བདག་ནི་གནས་པར་འགྱུར། །ལྷུང་བཟེད་ལ་སོགས་ཉི་ཚེ་དང་། །ཀུན་ལ་མི་མཁོའི་གོས་འཆང་ཞིང་། །ལུས་འདི་སྦ་བ་མ་བྱས་ཀྱང་། །འཇིགས་མེད་གནས་པ་ནམ་ཞིག་འགྱུར། །དུར་ཁྲོད་སོང་ནས་གཞན་དག་གི། །རུས་གོང་དག་དང་བདག་གི་ལུས། །འཇིག་པའི་ཆོས་ཅན་དག་ཏུ་ནི། །ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར། །བདག་གི་ལུས་ནི་འདི་ཉིད་ཀྱང་། །གང་གི་དྲི་ཡིས་ཝ་དག་ཀྱང་། །དྲུང་དུ་ཉེར་འགྲོ་མི་འགྱུར་བ། །དེ་ལྟ་བུར་ནི་འགྱུར་བར་འོང་། །ལུས་འདི་གཅིག་པུ་བྱུང་བ་ཡང་། །ལྷན་ཅིག་སྐྱེས་པའི་ཤ་རུས་དག །ཞིག་སྟེ་སོ་སོར་འགྱེས་འགྱུར་ན། །མཛའ་བ་གཞན་དག་ཅི་ཞིག་སྨོས། །སྐྱེ་ན་གཅིག་པུ་སྐྱེ་འགྱུར་ཞིང་། །འཆི་ནའང་དེ་ཉིད་གཅིག་འཆི་སྟེ། །སྡུག་བསྔལ་སྐལ་གཞན་མི་ལེན་ན། །གེགས་བྱེད་མཛའ་བས་ཅི་ཞིག་བྱ། །ལམ་དག་ཏུ་ནི་ཞུགས་པ་རྣམས། །ཇི་ལྟར་གནས་ནི་འཛིན་བྱེད་ལྟར། །དེ་བཞིན་སྲིད་པའི་ལམ་ཞུགས་པ་འང་། །སྐྱེ་བའི་གནས་ནི་ཡོངས་སུ་འཛིན། །འཇིག་རྟེན་ཀུན་ནས་གདུང་བཞིན་དུ། །ཇི་སྲིད་སྐྱེས་བུ་བཞི་ཡིས་ནི། །དེ་ལས་དེ་ནི་མ་བཏེག་པ། །དེ་སྲིད་དུ་ནི་ནགས་སུ་སོང་། །བཤེས་མེད་འཁོན་པའང་མེད་བྱས་ནས། །ལུས་འདི་གཅིག་པུ་དབེན་གནས་ཏེ། །སྔ་ནས་ཤི་དང་འདྲར་བརྩིས་ནས། །ཤི་ནའང་མྱ་ངན་བྱེད་པ་མེད། །དྲུང་ན་འཁོད་པ་སུ་དག་ཀྱང་། །མྱ་ངན་གནོད་པ་བྱེད་མེད་པས། །འདི་ཡིས་སངས་རྒྱས་རྗེས་དྲན་སོགས། །སུས་ཀྱང་གཡེངས་པར་འགྱུར་བ་མེད། །དེ་བས་ཤིན་ཏུ་མདངས་དགའ་བའི། །ནགས་ཚལ་ཚེགས་ཆུང་བདེ་སྐྱིད་ཅིང་། །གཡེང་བ་ཐམས་ཅད་ཞི་བྱེད་པར། །བདག་ཉིད་གཅིག་པུ་གནས་པར་བྱ། །བསམ་པ་གཞན་ནི་ཀུན་བཏང་སྟེ། །བདག་ལ་སེམས་པ་གཅིག་པུ་ཡིས། །སེམས་ནི་མཉམ་པར་གཞག་ཕྱིར་དང་། །དུལ་བར་བྱ་ཕྱིར་བརྩོན་ཏེ་བྱ། །འཇིག་རྟེན་འདི་དང་ཕ་རོལ་དུའང་། །འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད། །འདིར་ནི་བསད་དང་བཅིང་དང་གཅོད། །ཕ་རོལ་དུ་ནི་དམྱལ་སོགས་སྒྲུབ། །ཕོ་ཉ་ཕོ་ཉ་མོ་ཡིས་སྔོན། །གང་ཕྱིར་དུ་མར་གསོལ་བཏབ་ཅིང་། །སྡིག་པ་རྣམས་སམ་གྲགས་མིན་ལའང་། །གང་གི་དོན་དུ་མ་འཛོམས་པར། །འཇིགས་པ་ལ་ཡང་བདག་ཞུགས་ཤིང་། །རྫས་ཀྱང་ཟད་པར་བྱས་གྱུར་ཏེ། །གང་ལ་ཡོངས་སུ་འཁྱུད་པས་ན། །མཆོག་ཏུ་དགའ་འགྱུར་དེ་དག་ཉིད། །ཀེང་རུས་ཉིད་ཡིན་གཞན་མིན་ན། །རང་དབང་དང་ནི་བདག་མིན་ལ། །རབ་ཏུ་འདོད་ཅིང་ཡོངས་ཞེན་ནས། །ཅི་ཕྱིར་མྱ་ངན་འདས་མི་འགྲོ། །གང་ཞིག་དང་པོ་འབད་དེ་བཏེག །དྲངས་ཀྱང་ངོ་ཚས་འོག་ཏུ་ལྟ། །སྔོན་ནི་མཐོང་ངམ་མ་མཐོང་ཡང་། །གོས་ཀྱིས་གདོང་ནི་གཡོགས་པར་གྱུར། །ཁྱོད་ཉོན་མོངས་པའི་གདོང་དེ་ནི། །ད་ལྟ་མངོན་སུམ་གྱུར་པ་བཞིན། །བྱ་རྒོད་ཀྱིས་བསལ་བྱས་མཐོང་ནས། །ད་ལྟ་ཅི་ཕྱིར་འབྱེར་བར་བྱེད། །གཞན་རྣམས་མིག་གིས་བལྟ་ན་ཡང་། །གང་ཞིག་ཡོངས་སུ་བསྲུང་གྱུར་པ། །ཇི་སྲིད་དེ་ནི་དེས་ཟ་ན། །སེར་སྣ་ཅན་ཁྱོད་ཅིས་མི་བསྲུང་། །ཤ་ཡི་ཕུང་པོ་འདི་མཐོང་ནས། །བྱ་རྒོད་དང་གཞན་ཟ་བྱེད་ན། །གཞན་གྱི་ཟས་ལ་མེ་ཏོག་གི། །ཕྲེང་བ་ཙནྡན་རྒྱན་གྱིས་མཆོད། །རུས་གོང་ཉིད་དུ་མཐོང་ནས་ནི། །མི་འགུལ་ཡང་ནི་ཁྱོད་སྐྲག་ན། །རོ་ལངས་བཞིན་དུ་འགའ་ཡིས་ཀྱང་། །བསྐྱོད་པར་གྱུར་ན་ཅིས་མི་འཇིགས། །གང་ལ་གཡོགས་ཀྱང་འདི་ཆགས་པ། །དེ་མ་གཡོགས་ན་ཅིས་མི་འདོད། །དེ་ལ་དགོས་པ་མེད་ན་ནི། །གཡོགས་པ་ལ་ནི་ཅི་ཕྱིར་འཁྱུད། །ཟས་ནི་གཅིག་པུ་ཉིད་ལས་ནི། །བཤང་དང་ཁ་ཆུ་བྱུང་གྱུར་ན། །དེ་ལས་བཤང་ལ་མི་དགའ་ཞིང་། །ཁ་ཆུ་ལ་ཁྱོད་ཅི་ཕྱིར་དགའ། །ཤིང་བལ་རེག་ན་འཇམ་པ་ཡི། །སྔས་ལ་དགའ་བར་མི་བྱེད་པར། །དྲི་ང་འཛག་པ་མ་ཡིན་ཞེས། །འདོད་ལྡན་མི་གཙང་བ་ལ་རྨོངས། །འདོད་ལྡན་ངན་པ་རྨོངས་པ་རྣམས། །ཤིང་བལ་རེག་ན་འཇམ་པ་ལའང་། །ཉལ་པོ་བྱ་བར་མི་ནུས་ཞེས། །དེ་ལ་ཁྲོ་བ་དག་ཏུ་བྱེད། །གལ་ཏེ་མི་གཙང་ཆགས་མེད་ན། །རུས་གཟེབ་རྒྱུས་པས་སྦྲེལ་བ་ལ། །ཤ་ཡི་འདམ་གྱིས་ཞལ་ཞལ་བྱས། །གཞན་ཁྱོད་ཅི་ཕྱིར་པང་དུ་འཁྱུད། །ཁྱོད་ཉིད་མི་གཙང་མང་ཡོད་པ། །དེ་ཉིད་ལ་ཁྱོད་གཏན་སྤྱོད་ཅིང་། །མི་གཙང་རྐྱལ་པ་གཞན་དག་ལའང་། །མི་གཙང་བརྐམ་པས་འདོད་པར་བྱེད། །བདག་ནི་ཤ་འདི་ལ་དགའ་ཞེས། །རེག་དང་བལྟ་བར་འདོད་ན་ཀོ། །སེམས་མེད་པ་ཡི་རང་བཞིན་གྱི། །ཤ་ནི་ཁྱོད་ཀོ་ཇི་ལྟར་འདོད། །འདོད་པའི་སེམས་གང་ཡིན་པ་དེ། །རེག་དང་བལྟ་བར་མི་ནུས་ལ། །གང་ཞིག་ནུས་དེ་ཤེས་པ་མིན། །དོན་མེད་འཁྱུད་དེས་ཅི་ཞིག་བྱ། །མི་གཙང་རང་བཞིན་གཞན་གྱི་ལུས། །མི་རྟོགས་ངོ་མཚར་མི་ཆེ་ཡི། །རང་ཉིད་མི་གཙང་ཉིད་ཡིན་པར། །རྟོགས་པར་མི་འགྱུར་ངོ་མཚར་ཆེ། །སྤྲིན་བྲལ་ཉི་ཟེར་གྱིས་ཕྱེ་བའི། །པདྨ་གཞོན་ནུ་སྤངས་ནས་ནི། །མི་གཙང་ཞེན་པའི་སེམས་ཀྱིས་ནི། །མི་གཙང་གཟེབ་ལ་ཅི་ཕྱིར་དགའ། །ས་ཕྱོགས་མི་གཙང་གིས་གོས་པ། །གལ་ཏེ་རེག་པར་མི་འདོད་ན། །གང་ལས་དེ་ནི་བྱུང་བ་ཡི། །ལུས་ལ་ཇི་ལྟར་ཁྱོད་རེག་འདོད། །གལ་ཏེ་མི་གཙང་ཆགས་མེད་ན། །མི་གཙང་ཞིང་ལས་བྱུང་གྱུར་ཅིང་། །དེ་ཡི་ས་བོན་དེས་བསྐྱེད་པ། །གཞན་ཁྱོད་ཅི་ཕྱིར་པང་དུ་འཁྱུད། །མི་གཙང་ལས་བྱུང་མི་གཙང་སྲིན། །ཆུང་ངུའང་ཁྱོད་འདོད་མི་བྱེད་ལ། །མི་གཙང་མང་གི་རང་བཞིན་ལུས། །མི་གཙང་སྐྱེས་པའང་འདོད་པར་བྱེད། །ཁྱོད་ནི་རང་ཉིད་མི་གཙང་ལ། །སྨོད་མི་བྱེད་པར་མ་ཟད་ཀྱི། །མི་གཙང་རྐྱལ་པ་མི་གཙང་ལ། །བརྐམ་པས་གཞན་ཡང་འདོད་པར་བྱེད། །ག་པུར་ལ་སོགས་ཡིད་འོང་དང་། །འབྲས་ཆན་དག་གམ་ཚོད་མའང་རུང་། །ཁར་བཅུག་ཕྱིར་ཕྱུང་བོར་བ་ཡིས། །ས་ཡང་མི་གཙང་བཙོག་པར་འགྱུར། །གལ་ཏེ་མི་གཙང་འདི་འདྲ་བ། །མངོན་སུམ་གྱུར་ཀྱང་ཐེ་ཚོམ་ན། །དུར་ཁྲོད་དག་ཏུ་བོར་བའི་ལུས། །མི་གཙང་གཞན་ཡང་བལྟ་བར་གྱིས། །གང་ལས་པགས་པའི་ཁ་ཕྱེ་ན། །འཇིགས་པ་ཆེན་པོ་སྐྱེ་འགྱུར་བར། །ཤེས་ཀྱང་ཇི་ལྟར་དེ་ཉིད་ལ། །ཕྱིར་ཞིང་དགའ་བ་སྐྱེ་བར་འགྱུར། །ལུས་ལ་བསྐུས་པའི་དྲི་དེ་ཡང་། །ཙནྡན་སོགས་ཡིན་གཞན་མ་ཡིན། །གཞན་གྱི་དྲི་དེས་གཞན་དག་ལ། །ཅི་ཡི་ཕྱིར་ན་ཆགས་པར་བྱེད། །གལ་ཏེ་རང་བཞིན་དྲི་ང་བས། །འདི་ལ་མ་ཆགས་ལེགས་མིན་ནམ། །འཇིག་རྟེན་དོན་མེད་སྲེག་པ་དག །ཇི་སྟེ་དེ་ལ་དྲི་ཞིམ་སྐུད། །འོན་ཏེ་དྲི་ཞིམ་ཙནྡན་ནི། །ལུས་ལ་འདི་ནི་ཅི་ཞིག་བྱུང་། །གཞན་གྱི་དྲི་ཡིས་གཞན་དག་ལ། །ཅི་ཡི་ཕྱིར་ན་ཆགས་པར་བྱེད། །གལ་ཏེ་སྐྲ་སེན་རིང་བ་དང་། །སོ་སྐྱ་དྲིར་བཅས་འདམ་གྱི་དྲིས། །བསྒོས་པས་ལུས་ཀྱི་རང་བཞིན་ནི། །གཅེར་བུ་འཇིགས་པ་ཉིད་ཡིན་ན། །རང་ལ་གནོད་པའི་མཚོན་བཞིན་དུ། །དེ་འབད་ཅི་ཕྱིར་བྱི་དོར་བྱེད། །བདག་ལ་རྨོངས་པའི་འབད་པ་ཡིས། །སྨྱོས་པས་ས་འདི་ཀུན་ཏུ་འཁྲུགས། །རུས་གོང་འབའ་ཞིག་མཐོང་ནས་ནི། །དུར་ཁྲོད་དུ་ནི་ཡིད་འབྱུང་ན། །གཡོ་བའི་རུས་གོང་གིས་ཁྱབ་པའི། །གྲོང་གི་དུར་ཁྲོད་ལ་དགའ་འམ། །དེ་ལྟར་མི་གཙང་གྱུར་པ་དེ། །རིན་མེད་པར་ནི་མི་རྙེད་དོ། །དེ་དོན་བསྒྲུབས་པས་ཤ་ཐང་དང་། །དམྱལ་ལ་སོགས་པའི་གནོད་པར་འགྱུར། །བྱིས་པ་ནོར་སྤེལ་མི་ནུས་པས། །དར་ལ་བབ་ན་འདི་ཅི་བདེ། །ནོར་སོགས་པ་ཡིས་ཚེ་གཏུགས་ན། །རྒས་ནས་འདོད་པས་ཅི་ཞིག་བྱ། །འདོད་ལྡན་ངན་པ་ཁ་ཅིག་ནི། །ཉིན་རངས་ལས་ཀྱིས་ཡོངས་དུབ་སྟེ། །ཁྱིམ་དུ་འོངས་ནས་ཆད་པའི་ལུས། །རོ་དང་འདྲ་བར་ཉལ་བར་བྱེད། །ཁ་ཅིག་བྱེས་བགྲོད་ཉོན་མོངས་དང་། །རིང་དུ་སོང་བའི་སྡུག་བསྔལ་ཅན། །བུ་སྨད་འདོད་བཞིན་བུ་སྨད་རྣམས། །ཁྱུད་ཁོར་ལོས་ཀྱང་མཐོང་མི་འགྱུར། །བདག་ལ་ཕན་འདོད་རྣམ་རྨོངས་པས། །གང་དོན་ཉིད་དུ་བཙོང་བ་ཡང་། །དེ་མ་ཐོབ་པར་དོན་མེད་པའི། །གཞན་གྱི་ལས་ཀྱི་རླུང་གིས་བདས། །ལ་ལ་རང་གི་ལུས་བཙོང་ཞིང་། །དབང་མེད་གཞན་གྱིས་བཀོལ་གྱུར་ཏེ། །ཆུང་མ་དག་ཀྱང་བུ་བྱུང་ན། །ཤིང་དྲུང་དགོན་པར་བབ་བབ་འབྱུང་། །འདོད་པས་བསླུས་པའི་གླེན་པ་དག །འཚོ་འདོད་འཚོ་བར་བྱའོ་ཞེས། །སྲོག་སྟོར་དོགས་བཞིན་གཡུལ་དུ་འཇུག །ཁེ་ཕྱིར་བྲན་དུ་འགྲོ་བར་བྱེད། །འདོད་ལྡན་ལ་ལ་ལུས་ཀྱང་བཅད། །ཁ་ཅིག་གསལ་ཤིང་རྩེ་ལ་བཙུགས། །ཁ་ཅིག་མདུང་ཐུང་དག་གིས་བསྣུན། །ཁ་ཅིག་བསྲེགས་པ་དག་ཀྱང་སྣང་། །བསགས་དང་བསྲུང་དང་བརླག་པའི་གདུང་བ་ཡིས། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ནོར་ལ་ཆགས་པས་གཡེངས་པར་གྱུར་པ་རྣམས། །སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །འདོད་ལྡན་རྣམས་ལ་དེ་ལ་སོགས། །ཉེས་དམིགས་མང་ལ་མནོག་ཆུང་སྟེ། །ཤིང་རྟ་འདྲེན་པའི་ཕྱུགས་དག་གིས། །རྩྭ་ནི་ཁམ་འགའ་ཟོས་པ་བཞིན། །ཕྱུགས་ཀྱིས་བསྒྲུབས་ནའང་མི་དཀོན་པའི། །མནོག་ཆུང་གང་ཡིན་དེ་དོན་དུ། །དལ་འབྱོར་ཕུན་སུམ་རྙེད་དཀའ་འདི། །ལས་ཀྱིས་མནར་བ་རྣམས་ཀྱིས་བཅོམ། །འདོད་པ་ངེས་པར་འཇིག་འགྱུར་ཞིང་། །དམྱལ་ལ་སོགས་པར་ལྟུང་བྱེད་པ། །ཆེན་པོ་མིན་ཕྱིར་དུས་ཀུན་དུ། །དུབ་པའི་ཚེགས་བྱུང་གང་ཡིན་པ། །དེ་ཡི་བྱེ་བའི་ཆ་ཙམ་གྱི། །ཚེགས་ཀྱིས་སངས་རྒྱས་ཉིད་འགྲུབ་ན། །འདོད་ལྡན་བྱང་ཆུབ་སྤྱོད་པ་བས། །སྡུག་བསྔལ་ཆེ་ལ་བྱང་ཆུབ་མེད། །དམྱལ་སོགས་སྡུག་བསྔལ་བསམ་བྱས་ན། །འདོད་པ་རྣམས་ལ་མཚོན་དང་ནི། །དུག་དང་མེ་དང་གཡང་ས་དང་། །དགྲ་རྣམས་ཀྱིས་ཀྱང་དཔེར་མི་ཕོད། །དེ་ལྟར་འདོད་ལ་སྐྱོ་བྱས་ཏེ། །བེན་པ་ལ་ནི་དགའ་བ་བསྐྱེད། །རྩོད་དང་ཉོན་མོངས་ཀྱིས་སྟོང་པ། །ཞི་བའི་ནགས་ཀྱི་ནང་དག་ཏུ། །སྐལ་ལྡན་ཟླ་འོད་ཙནྡན་གྱིས་བསིལ་བའི། །ཡངས་པའི་རྡོ་ལེབ་ཁང་བཟངས་ཉམས་དགའ་བར། །སྒྲ་མེད་ཞི་བའི་ནགས་རླུང་གཡོ་བ་ཡིས། །གཞན་ལ་ཕན་དོན་སེམས་ཤིང་འཆག་པར་བྱེད། །ཁང་སྟོང་ཤིང་དྲུང་ཕུག་དག་ཏུ། །གང་དུ་ཇི་སྲིད་འདོད་གནས་ཤིང་། །ཡོངས་འཛིན་བསྲུང་བའི་སྡུག་བསྔལ་སྤངས། །ལྟོས་པ་མེད་པར་བག་ཡངས་སྤྱོད། །རང་དབང་སྤྱོད་ཅིང་ཆགས་མེད་ལ། །གང་དང་ཡང་ནི་འབྲེལ་མེད་པ། །ཆོག་ཤེས་བདེ་སྤྱོད་གང་ཡིན་པ། །དབང་པོས་ཀྱང་ནི་དེ་རྙེད་དཀའ། །དེ་ལ་སོགས་པའི་རྣམ་པ་ཡིས། །དབེན་པའི་ཡོན་ཏན་བསམ་བྱས་ནས། །རྣམ་རྟོག་ཉེ་བར་ཞི་བ་དང་། །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །བདག་དང་གཞན་དུ་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་བསྒོམ། །བདེ་དང་སྡུག་བསྔལ་མཉམ་པས་ན། །ཐམས་ཅད་བདག་བཞིན་བསྲུང་བར་བྱ། །ལག་པ་ལ་སོགས་དབྱེ་བ་རྣམ་མང་ཡང་། །ཡོངས་སུ་བསྲུང་བྱའི་ལུས་སུ་གཅིག་པ་ལྟར། །དེ་བཞིན་འགྲོ་བ་ཐ་དད་བདེ་སྡུག་དག །ཐམས་ཅད་བདག་བཞིན་བདེ་བ་འདོད་མཉམ་གཅིག །གལ་ཏེ་བདག་གི་སྡུག་བསྔལ་གྱིས། །གཞན་གྱི་ལུས་ལ་མི་གནོད་པ། །དེ་ལྟའང་དེ་བདག་སྡུག་བསྔལ་དེ། །བདག་ཏུ་ཞེན་པས་མི་བཟོད་ཉིད། །དེ་བཞིན་གཞན་གྱི་སྡུག་བསྔལ་དག །བདག་ལ་འབབ་པར་མི་འགྱུར་ཡང་། །དེ་ལྟའང་དེ་བདག་སྡུག་བསྔལ་དེ། །བདག་ཏུ་ཞེན་པས་བཟོད་པར་དཀའ། །བདག་གིས་གཞན་གྱི་སྡུག་བསྔལ་བསལ། །སྡུག་བསྔལ་ཡིན་ཕྱིར་བདག་སྡུག་བཞིན། །བདག་གིས་གཞན་ལ་ཕན་པར་བྱ། །སེམས་ཅན་ཡིན་ཕྱིར་བདག་ལུས་བཞིན། །གང་ཚེ་བདག་དང་གཞན་གཉི་ག །བདེ་བ་འདོད་དུ་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་བདག་གཅིག་བདེ་བར་བརྩོན། །གང་ཚེ་བདག་དང་གཞན་གཉི་ག །སྡུག་བསྔལ་མི་འདོད་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་མིན་བདག་སྲུང་བྱེད། །གལ་ཏེ་དེ་ལ་སྡུག་བསྔལ་བས། །བདག་ལ་མི་གནོད་ཕྱིར་མི་བསྲུང་། །མ་འོངས་པ་ཡི་སྡུག་བསྔལ་ཡང་། །གནོད་མི་བྱེད་ན་དེ་ཅི་བསྲུང་། །བདག་གིས་དེ་ནི་མྱོང་སྙམ་པའི། །རྣམ་པར་རྟོག་དེ་ལོག་པ་སྟེ། །འདི་ལྟར་ཤི་བའང་གཞན་ཉིད་ལ། །སྐྱེ་བ་ཡང་ནི་གཞན་ཉིད་ཡིན། །གང་ཚེ་གང་གི་སྡུག་བསྔལ་གང་། །དེ་ནི་དེ་ཉིད་ཀྱིས་བསྲུངས་ན། །རྐང་པའི་སྡུག་བསྔལ་ལག་པས་མིན། །ཅི་ཕྱིར་དེས་ནི་དེ་བསྲུང་བྱ། །གལ་ཏེ་རིགས་པ་མིན་ཡང་འདིར། །བདག་ཏུ་འཛིན་པས་འཇུག་ཅེ་ན། །བདག་གཞན་མི་རིགས་གང་ཡིན་ཏེ། །ཅི་ནུས་པར་ནི་སྤང་བྱ་ཉིད། །རྒྱུད་དང་ཚོགས་ཞེས་བྱ་བ་ནི། །ཕྲེང་བ་དམག་ལ་སོགས་བཞིན་བརྫུན། །སྡུག་བསྔལ་ཅན་གང་དེ་མེད་པ། །དེས་འདི་སུ་ཞིག་སྤང་བར་འགྱུར། །སྡུག་བསྔལ་བདག་པོ་མེད་པར་ནི། །ཐམས་ཅད་བྱེ་བྲག་མེད་པ་ཉིད། །སྡུག་བསྔལ་ཡིན་ཕྱིར་དེ་བསལ་བྱ། །ངེས་པས་དེར་ནི་ཅི་ཞིག་བྱ། །ཅི་ཕྱིར་ཀུན་གྱི་སྡུག་བསྔལ་ནི། །བཟློག་པར་བྱ་ཞེས་བརྩད་དུ་མེད། །གལ་ཏེ་བཟློག་ནའང་ཐམས་ཅད་བཟློག །དེ་མིན་བདག་ཀྱང་སེམས་ཅན་བཞིན། །སྙིང་རྗེ་སྡུག་བསྔལ་མང་གྱུར་པ། །ཅི་ཕྱིར་ནན་གྱིས་སྐྱེད་ཅེ་ན། །འགྲོ་བའི་སྡུག་བསྔལ་བསམ་བྱས་ན། །ཇི་ལྟར་སྙིང་རྗེ་སྡུག་བསྔལ་མང་། །གལ་ཏེ་སྡུག་བསྔལ་གཅིག་གིས་ནི། །སྡུག་བསྔལ་མང་པོ་མེད་འགྱུར་ན། །བརྩེ་དང་ལྡན་པས་སྡུག་བསྔལ་དེ། །རང་དང་གཞན་ལ་བསྐྱེད་བྱ་ཉིད། །དེས་ན་མེ་ཏོག་ཟླ་མཛེས་ཀྱིས། །རྒྱལ་པོའི་གནོད་པ་ཤེས་ཀྱང་ནི། །བདག་གི་སྡུག་བསྔལ་མ་བསལ་ཏེ། །མང་པོའི་སྡུག་བསྔལ་ཟད་འགྱུར་ཕྱིར། །དེ་ལྟར་རྒྱུད་ནི་གོམས་གྱུར་པ། །གཞན་གྱི་སྡུག་བསྔལ་ཞི་དགའ་བས། །པདྨའི་མཚོ་རུ་ངང་པ་ལྟར། །མནར་མེད་པ་ཡང་འཇུག་པར་འགྱུར། །སེམས་ཅན་རྣམ་པར་གྲོལ་བ་ན། །དགའ་བའི་རྒྱ་མཚོ་གང་ཡིན་པ། །དེ་ཉིད་ཀྱིས་ནི་ཆོག་མིན་ནམ། །ཐར་པ་འདོད་པས་ཅི་ཞིག་བྱ། །དེ་ལྟས་གཞན་གྱི་དོན་བྱས་ཀྱང་། །རློམ་སེམས་དང་ནི་ངོ་མཚར་མེད། །གཅིག་ཏུ་གཞན་དོན་ལ་དགའ་བས། །རྣམ་སྨིན་འབྲས་བུའི་རེ་བ་མེད། །དེ་བས་ཇི་ལྟར་ཆུང་ངུ་ན། །མི་སྙན་ལས་ཀྱང་བདག་བསྲུང་བ། །དེ་བཞིན་གཞན་ལ་བསྲུང་སེམས་དང་། །སྙིང་རྗེའི་སེམས་ནི་དེ་ལྟར་བྱ། །གོམས་པ་ཡིས་ནི་གཞན་དག་གི། །ཁུ་བ་ཁྲག་གི་ཐིགས་པ་ལ། །དངོས་པོ་མེད་པར་གྱུར་ཀྱང་ནི། །བདག་གོ་ཞེས་ནི་ཤེས་པ་ལྟར། །དེ་བཞིན་གཞན་གྱི་ལུས་ལ་ཡང་། །བདག་ཅེས་ཅི་ཡི་ཕྱིར་མི་གཟུང་། །བདག་གི་ལུས་ནི་གཞན་དག་ཏུའང་། །བཞག་པ་དེ་ལྟར་དཀའ་བ་མེད། །བདག་ཉིད་སྐྱོན་བཅས་གཞན་ལ་ཡང་། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །བདག་འཛིན་ཡོངས་སུ་དོར་བ་དང་། །གཞན་བླང་བ་ནི་བསྒོམ་པར་བྱ། །ཇི་ལྟར་ལག་པ་ལ་སོགས་པ། །ལུས་ཀྱི་ཡན་ལག་ཡིན་འདོད་ལྟར། །དེ་བཞིན་འགྲོ་བའི་ཡན་ལག་ཏུ། །ཅི་ཕྱིར་ལུས་ཅན་རྣམས་མི་འདོད། །ཇི་ལྟར་བདག་མེད་ལུས་འདི་ལ། །གོམས་པས་བདག་གི་བློ་བྱུང་བ། །དེ་བཞིན་སེམས་ཅན་གཞན་ལ་ཡང་། །གོམས་པས་བདག་བློ་ཅིས་མི་སྐྱེ། །དེ་ལྟ་ན་ནི་གཞན་གྱི་དོན། །བྱས་ཀྱང་ངོ་མཚར་རློམ་མི་འབྱུང་། །བདག་ཉིད་ཀྱིས་ནི་ཟས་ཟོས་ནས། །ལན་ལ་རེ་བ་མི་འབྱུང་བཞིན། །དེ་བས་ཇི་ལྟར་ཆུང་ངུ་ན། །མི་སྙན་ལས་ཀྱང་བདག་བསྲུང་བ། །དེ་བཞིན་འགྲོ་ལ་བསྲུང་སེམས་དང་། །སྙིང་རྗེའི་སེམས་ནི་གོམས་པར་བྱ། །དེ་བས་མགོན་པོ་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོས་འགྲོ་བ་ཡི། །འཁོར་གྱི་འཇིགས་པ་བསལ་བའི་ཕྱིར། །རང་གི་མཚན་ཡང་བྱིན་གྱིས་བརླབས། །དཀའ་ལས་ཕྱིར་ལྡོག་མི་བྱ་སྟེ། །འདི་ལྟར་གོམས་པའི་མཐུ་ཡིས་ནི། །གང་གི་མིང་ཐོས་འཇིགས་པ་ཡང་། །དེ་ཉིད་མེད་ན་མི་དགར་འགྱུར། །གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །བདག་ལུས་གང་ལ་ཆགས་པ་ཡིས། །འཇིགས་གནས་ཆུང་ལ་འཇིགས་སྐྱེ་བ། །འཇིགས་པ་སྐྱེ་བའི་ལུས་དེ་ལ། །སུ་ཞིག་དགྲ་བཞིན་སྡང་མི་བྱེད། །ལུས་གང་བཀྲེས་དང་སྐོམ་སོགས་ནད། །གསོ་བའི་ཆོ་ག་བྱེད་འདོད་པས། །བྱ་དང་ཉ་དང་རི་དགས་དག །གསོད་པར་བྱེད་ཅིང་ལམ་སྒུགས་བྱེད། །གང་ཞིག་ཁེ་དང་རིམ་གྲོའི་ཕྱིར། །ཕ་དང་མ་ཡང་གསོད་བྱེད་ཅིང་། །དཀོན་མཆོག་གསུམ་གྱི་དཀོར་བརྐུས་ནས། །དེས་ནི་མནར་མེད་བསྲེག་འགྱུར་ན། །མཁས་པ་སུ་ཞིག་ལུས་དེ་ལ། །འདོད་ཅིང་བསྲུང་དང་མཆོད་བྱེད་ཀྱི། འདི་ལ་སུ་ཞིག་དགྲ་བཞིན་དུ། །བལྟ་བར་མི་བྱེད་བརྙས་མི་བྱེད། །གལ་ཏེ་བྱིན་ན་ཅི་སྤྱད་ཅེས། །བདག་དོན་སེམས་པ་འདྲེ་ཡི་ཚུལ། །གལ་ཏེ་སྤྱད་ན་ཅི་སྦྱིན་ཅེས། །གཞན་དོན་སེམས་པ་ལྷ་ཡི་ཆོས། །བདག་ཕྱིར་གཞན་ལ་གནོད་བྱས་ན། །དམྱལ་ལ་སོགས་པར་གདུངས་པར་འགྱུར། །གཞན་ཕྱིར་བདག་ལ་གནོད་བྱས་ན། །ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ། །བདག་ཉིད་མཐོ་བར་འདོད་པ་དེས། །ངན་འགྲོ་ངན་དང་གླེན་པར་འགྱུར། །དེ་ཉིད་གཞན་ལ་སྤོ་བྱས་ན། །བདེ་འགྲོ་རིམ་གྲོ་འཐོབ་པར་འགྱུར། །བདག་གི་དོན་དུ་གཞན་བཀོལ་ན། །བྲན་ལ་སོགས་པ་མྱོང་བར་འགྱུར། །གཞན་གྱི་དོན་དུ་བདག་སྤྱད་ན། །རྗེ་དཔོན་ཉིད་སོགས་མྱོང་བར་འགྱུར། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །འཇིག་རྟེན་ཕ་རོལ་ཕར་ཞོག་གི། །བྲན་གཡོག་ལས་མི་བྱེད་པ་དང་། །རྗེ་དཔོན་རྔན་པ་མི་སྟེར་བའི། །ཚེ་འདིའི་དོན་ཡང་འགྲུབ་མི་འགྱུར། །མཐོང་དང་མ་མཐོང་བདེ་འགྲུབ་པའི། །ཕུན་སུམ་བདེ་སྐྱིད་ཡོངས་བོར་ཞིང་། །གཞན་ལ་སྡུག་བསྔལ་བྱས་པའི་རྒྱུས། །རྨོངས་པས་སྡུག་བསྔལ་མི་བཟད་ལེན། །འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །བདག་ཉིད་ཡོངས་སུ་མ་བཏང་ན། །སྡུག་བསྔལ་སྤང་བར་མི་ནུས་ཏེ། །ཇི་ལྟར་མེ་ནི་མ་བཏང་ན། །སྲེག་པ་སྤོང་བར་མི་ནུས་བཞིན། །དེ་ལྟར་བདག་གནོད་ཞི་བ་དང་། །གཞན་གྱི་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་གཞན་ལ་གཏང་བྱ་དང་། །གཞན་རྣམས་བདག་བཞིན་གཟུང་བར་བྱ། །བདག་ནི་གཞན་གྱི་དབང་གྱུར་ཅེས། །ཡིད་ཁྱོད་ངེས་པར་ཤེས་གྱིས་ལ། །སེམས་ཅན་ཀུན་དོན་མ་གཏོགས་པར། །ད་ནི་ཁྱོད་ཀྱིས་གཞན་མི་བསམ། །གཞན་དབང་མིག་ལ་སོགས་པ་ཡིས། །རང་དོན་སྒྲུབ་པར་རིགས་མ་ཡིན། །དེ་དོན་མིག་ལ་སོགས་པ་ཡིས། །དེ་ལ་ལོག་པར་བྱ་མི་རིགས། །དེས་ན་སེམས་ཅན་གཙོར་བྱ་སྟེ། །བདག་གི་ལུས་ལ་ཅི་མཐོང་བ། །དེ་དང་དེ་ནི་ཕྲོགས་ནས་ཀྱང་། །གཞན་དག་ལ་ནི་ཕན་པར་སྤྱོད། །དམན་སོགས་བདག་ཏུ་བྱས་པ་དང་། །གཞན་ཉིད་དུ་ནི་བདག་བྱས་ནས། །རྣམ་རྟོག་མེད་པའི་སེམས་ཀྱིས་སུ། །ཕྲག་དོག་འགྲན་དང་ང་རྒྱལ་བསྒོམ། །འདི་ནི་བཀུར་བྱས་བདག་ནི་མིན། །འདི་བཞིན་བདག་གིས་མ་རྙེད་ཅིང་། །འདི་ནི་བསྟོད་བྱས་བདག་ལ་སྨོད། །འདི་བདེ་བདག་ནི་སྡུག་བསྔལ་ལ། །བདག་ནི་ལས་རྣམས་བྱེད་པ་དང་། །འདི་ནི་བདེ་བ་ཉིད་དུ་གནས། །འདི་ནི་འཇིག་རྟེན་ལ་ཆེ་དང་། །བདག་དམན་ཡོན་ཏན་མེད་པར་གྲག །ཡོན་ཏན་མེད་པས་ཅི་ཞིག་བྱ། །བདག་ཀུན་ཡོན་ཏན་ལྡན་པ་ཉིད། །གང་བས་འདི་དམན་དེ་ཡོད་ཅིང་། །གང་བས་བདག་མཆོག་དེ་ཡང་ཡོད། །ཚུལ་ཁྲིམས་ལྟ་བ་གུད་སོགས་ནི། །ཉོན་མོངས་སྟོབས་ཀྱིས་བདག་དབང་མིན། །ཅི་ནུས་བདག་ནི་གསོ་དགོས་ཏེ། །གནོད་པའང་བདག་གིས་དང་དུ་བླང་། །འོན་ཏེ་བདག་འདིའི་གསོ་བྱ་མིན། །ཅི་ཕྱིར་བདག་ལ་བརྙས་པ་བྱེད། །བདག་ལ་དེ་ཡི་ཡོན་ཏན་གྱིས། །ཅི་བྱ་འདི་བདག་ཡོན་ཏན་ཅན། །ངན་འགྲོ་གདུག་པའི་ཁར་གནས་པ། །འགྲོ་ལ་སྙིང་རྗེ་མེད་པར་འདི། །ཕྱིར་ལ་ཡོན་ཏན་རློམ་པ་ཡིས། །མཁས་པ་དག་ལ་བདོ་བར་འདོད། །བདག་དང་མཉམ་ལ་བལྟས་ནས་ནི། །གང་གིས་རང་ཉིད་ལྷག་བྱའི་ཕྱིར། །བདག་གི་རྙེད་དང་བཀུར་སྟི་ནི། །རྩོད་པ་ཡིས་ཀྱང་ངེས་པར་བསྒྲུབ། །ཅི་ནས་བདག་གི་ཡོན་ཏན་ནི། །འཇིག་རྟེན་ཀུན་ལ་བསལ་བ་དང་། །གཞན་ཡང་འདི་ཡི་ཡོན་ཏན་གང་། །སུས་ཀྱང་ཐོས་པར་མི་འགྱུར་བྱ། །བདག་གི་སྐྱོན་ཡང་སྦ་བྱ་ཞིང་། །བདག་ནི་མཆོད་འགྱུར་འདི་ལ་མིན། །བདག་དེང་རྙེད་པ་ལེགས་རྙེད་ཅིང་། །བདག་ནི་བཀུར་འགྱུར་འདི་ལ་མིན། །འདི་ནི་མ་རུངས་བྱས་པ་ལ། །ཡུན་རིང་བདག་ནི་དགའ་བས་ལྟ། །འགྲོ་བ་ཀུན་གྱི་བཞད་གད་དང་། །ཕན་ཚུན་སྨོད་པ་དག་ཏུ་བྱ། །ཉོན་མོངས་འདི་ཡང་བདག་དང་ནི། །ལྷན་ཅིག་ཏུ་ནི་འགྲན་ཅེས་གྲག །འདི་དག་ཐོས་དང་ཤེས་རབ་བམ། །གཟུགས་རིགས་ནོར་གྱིས་མཉམ་མམ་ཅི། །དེ་ལྟར་ཀུན་ལ་བསྒྲགས་པ་ཡི། །བདག་གི་ཡོན་ཏན་ཐོས་ནས་ནི། །སྤུ་ལྡང་དགའ་བ་སྐྱེ་གྱུར་པའི། །བདེ་སྐྱིད་ལ་ནི་ཡོངས་སུ་སྤྱོད། །ཅི་སྟེ་འདི་ལ་རྙེད་ཡོད་ཀྱང་། །གལ་ཏེ་ང་ཡི་ལས་བྱེད་ན། །འདི་ལ་འཚོ་བ་ཙམ་བྱིན་ནས། །བདག་གི་སྟོབས་ཀྱིས་དེ་བླང་བྱ། །འདི་ནི་བདེ་ལས་ཉམས་བྱ་ཞིང་། །བདག་གི་གནོད་དང་རྟག་སྦྱར་བྱ། །འདི་ཡིས་བརྒྱ་ཕྲག་ཐམས་ཅད་དུ། །འཁོར་བར་བདག་ལ་གནོད་པ་བྱས། །ཡིད་ཁྱོད་རང་དོན་བྱེད་འདོད་པས། །བསྐལ་པ་གྲངས་མེད་འདས་གྱུར་ཀྱང་། །ངལ་བ་ཆེན་པོ་དེ་ལྟ་བུར། །ཁྱོད་ཀྱིས་སྡུག་བསྔལ་འབའ་ཞིག་བསྒྲུབས། །དེ་ལྟར་ངེས་པར་གཞན་དག་གི། །དོན་ལ་རབ་ཏུ་འཇུག་གྱིས་དང་། །ཐུབ་པའི་བཀའ་ནི་མི་སླུ་བས། །དེ་ཡི་ཡོན་ཏན་ཕྱིས་མཐོང་འགྱུར། །གལ་ཏེ་ཁྱོད་ཀྱིས་སྔ་དུས་སུ། །ལས་འདི་བྱས་པར་གྱུར་ན་ནི། །སངས་རྒྱས་ཕུན་སུམ་བདེ་མིན་པ། །གནས་སྐབས་འདི་འདྲར་འགྱུར་མི་སྲིད། །དེ་བས་འདི་ལྟར་གཞན་དག་གི། །ཁུ་བ་ཁྲག་གི་ཐིགས་པ་ལ། །ཁྱོད་ཀྱིས་ངར་འཛིན་བྱས་པ་ལྟར། །དེ་བཞིན་གཞན་ལའང་གོམས་པར་གྱིས། །གཞན་གྱི་རྟོག་ཆེན་བྱས་ནས་ནི། །བདག་གི་ལུས་ལ་ཅི་སྣང་བ། །དེ་དང་དེ་ཉིད་ཕྲོགས་བྱས་ནས། །ཁྱོད་ཀྱིས་གཞན་ལ་ཕན་པ་སྤྱོད། །བདག་སྐྱིད་གཞན་ནི་མི་སྐྱིད་ལ། །བདག་མཐོ་གཞན་ནི་དམའ་བ་དང་། །བདག་ནི་ཕན་བྱེད་གཞན་མིན་ཞེས། །བདག་ལ་ཕྲག་དོག་ཅིས་མི་བྱེད། །བདག་ནི་བདེ་དང་བྲལ་གྱིས་ཏེ། །གཞན་གྱི་སྡུག་བསྔལ་བདག་ལ་སྦྱོར། །གང་ཚེ་འདི་ནི་ཅི་བྱེད་ཅེས། །བདག་གི་སྐྱོན་ལ་བརྟག་པར་གྱིས། །གཞན་གྱིས་ཉེས་པ་བྱས་པ་ཡང་། །རང་གི་སྐྱོན་དུ་བསྒྱུར་བྱོས་ལ། །བདག་གི་ཉེས་པ་ཆུང་བྱས་ཀྱང་། །སྐྱེ་བོ་མང་ལ་རབ་ཏུ་ཤོགས། །གཞན་གྱི་གྲགས་པ་ལྷག་བརྗོད་པས། །རང་གི་གྲགས་པ་ཟིལ་གྱིས་ནོན། །བདག་ནི་བྲན་གྱི་ཐ་མ་ལྟར། །དོན་རྣམས་ཀུན་ལ་བཀོལ་བར་གྱིས། །འདི་ནི་སྐྱོན་ཅན་རང་བཞིན་ཏེ། །གློ་བུར་ཡོན་ཏན་ཆས་མི་བསྟོད། །འདི་ཡི་ཡོན་ཏན་ཅི་ནས་ཀྱང་། །འགས་ཀྱང་མི་ཤེས་དེ་ལྟར་གྱིས། །མདོར་ན་བདག་གི་དོན་གྱི་ཕྱིར། །ཁྱོད་ཀྱིས་གཞན་ལ་གནོད་བྱས་གང་། །གནོད་དེ་སེམས་ཅན་དོན་གྱི་ཕྱིར། །བདག་ཉིད་ལ་ནི་འབབ་པར་གྱིས། །འདི་ནི་གཉའ་དྲག་འགྱུར་ཚུལ་དུ། །ཤེད་བསྐྱེད་པར་ནི་མི་བྱ་སྟེ། །བག་མ་གསར་པའི་ཚུལ་བཞིན་དུ། །ངོ་ཚ་འཇིགས་དང་བསྡམས་ཏེ་བཞག །དེ་བྱ་དེ་ལྟར་གནས་བྱ་ཞིང་། །དེ་ལྟར་ཁྱོད་ཀྱིས་མི་བྱ་བ། །དེ་ལྟར་འདི་ནི་དབང་བྱ་སྟེ། །དེ་ལས་འདས་ན་ཚར་གཅད་བྱ། །འོན་ཏེ་དེ་ལྟར་གདམས་ཀྱང་ནི། །སེམས་ཁྱོད་དེ་ལྟར་མི་བྱེད་ན། །ཁྱོད་ལ་ཉེས་པ་ཀུན་བསྟེན་པས། །ཁྱོད་ཉིད་ཚར་གཅད་བྱ་བར་ཟད། །ཁྱོད་ཀྱིས་ཁོ་བོ་གར་བརླག་པའི། །སྔོན་གྱི་དུས་དེ་གཞན་ཡིན་ཏེ། །ངས་མཐོང་ད་ཁྱོད་གང་དུ་འགྲོ། །ཁྱོད་ཀྱི་དྲེགས་པ་ཀུན་གཞོམ་བྱ། །ད་དུང་བདག་ལ་རང་གི་དོན། །ཡོད་སྙམ་སེམས་པ་དེ་དོར་ཅིག །བདག་གིས་གཞན་ལ་ཁྱོད་བཙོང་གིས། །སྐྱོ་བར་མ་སེམས་ཞོ་ཤ་ཕུལ། །གལ་ཏེ་བག་མེད་གྱུར་ནས་ཁྱོད། །སེམས་ཅན་རྣམས་ལ་མ་བྱིན་ན། །ཁྱོད་ཀྱིས་ཁོ་བོ་དམྱལ་བ་ཡི། །སྲུང་མ་རྣམས་ལ་བྱིན་དུ་ངེས། །དེ་ལྟར་ཁྱོད་ཀྱིས་རེ་ལྟ་ཞིག །ཁོ་བོ་བྱིན་པས་ཡུན་རིངས་སྡུག །ད་ནི་ཁོན་རྣམས་དྲན་བྱས་ཏེ། །ཁྱོད་ཀྱིས་རང་དོན་སེམས་པ་གཞོམ། །དེ་སྟེ་བདག་ནི་དགའ་འདོད་ན། །རང་ལ་བདག་གིས་དགར་མི་བྱ། །དེ་སྟེ་བདག་ནི་བསྲུང་འདོད་ན། །གཞན་དག་རྟག་ཏུ་བསྲུང་བར་བྱ། །ཇི་ལྟ་ཇི་ལྟར་ལུས་འདི་ནི། །ཡོངས་སུ་སྐྱོང་བར་བྱེད་གྱུར་པ། །དེ་ལྟ་དེ་ལྟར་ཤིན་ཏུ་ནི། །བཟེ་རེ་ཅན་གྱུར་ཉིད་དུ་ལྟུང་། །དེ་ལྟར་ལྷུང་བ་དེ་ཡི་ཡང་། །འདོད་པ་ས་འདི་ཐམས་ཅད་ཀྱིས། །རྫོགས་པར་ནུས་པ་ཡོད་མིན་ན། །དེ་ཡི་འདོད་པ་སུས་བྱེད་ནུས། །ནུས་མེད་འདོད་པ་ཉོན་མོངས་དང་། །བསམ་པ་ཉམས་པའང་སྐྱེ་བར་འགྱུར། །གང་ཞིག་ཀུན་ལ་ལྟོས་མེད་པ། །དེ་ཡི་ཕུན་ཚོགས་ཟད་མི་ཤེས། །དེ་བས་ལུས་ཀྱི་འདོད་པ་ནི། །འཕེལ་ཕྱིར་སྐབས་དབྱེ་མི་བྱ་སྟེ། །གང་ཞིག་ཡིད་འོང་མི་འཛིན་པ། །དེ་ནི་དངོས་པོ་བཟང་པོ་ཡིན། །ཐ་མར་ཐལ་བའི་མཐར་གཏུགས་ཤིང་། །མི་གཡོ་གཞན་གྱིས་བསྐྱོད་བྱ་བ། །མི་གཙང་གཟུགས་ནི་མི་བཟད་པ། །འདི་ལ་ཅི་ཕྱིར་བདག་ཏུ་འཛིན། །གསོན་ནམ་ཡང་ན་ཤི་ཡང་བླའི། །བདག་ལ་འཁྲུལ་འཁོར་འདིས་ཅི་བྱ། །བོང་སོགས་འདི་ཁྱད་ཅི་ཡོད་ན། །ཀྱི་ཧུད་ང་རྒྱལ་སེལ་མི་བྱེད། །ལུས་ཀྱི་ཁ་ཏ་བྱས་པ་ཡིས། །དོན་མེད་སྡུག་བསྔལ་ཉེར་བསགས་ནས། །རྗེས་སུ་ཆགས་དང་ཁོང་ཁྲོ་བ། །ཤིང་མཚུངས་འདི་ལ་ཅི་ཞིག་བྱ། །བདག་གིས་འདི་ལྟར་བསྐྱངས་པའམ། །བྱ་རྒོད་སོགས་ཀྱིས་ཟོས་ཀྱང་རུང་། །ཆགས་མེད་ཞེ་སྡང་ཡོད་མིན་ན། །ཅི་སྟེ་དེ་ལ་ཆགས་པར་བྱེད། །གང་ཞིག་སྨོད་པས་ཁྲོ་བ་དང་། །གང་ཞིག་བསྟོད་པས་མགུ་འགྱུར་བ། །གལ་ཏེ་དེ་ཉིད་ཤེས་མེད་ན། །བདག་གིས་གང་གི་ངལ་བ་བྱས། །གང་ཞིག་ལུས་འདི་འདོད་འགྱུར་བ། །དེ་དང་བདག་བཤེས་ཡིན་ཞེ་ན། །ཐམས་ཅད་རང་གི་ལུས་འདོད་པས། །དེ་ལ་བདག་གོ་ཅིས་མི་དགའ། །དེ་བས་བདག་གིས་ཆགས་མེད་པར། །འགྲོ་ལ་ཕན་ཕྱིར་ལུས་གཏང་བྱ། །དེས་ན་འདི་ལ་ཉེས་མང་ཡང་། །ལས་ཀྱི་སྤྱད་བཞིན་གཟུང་བར་བྱ། །དེ་བས་བྱིས་པའི་སྤྱོད་པས་ཆོག །བདག་གིས་མཁས་པའི་རྗེས་བསྙགས་ཏེ། །བག་ཡོད་གཏམ་ནི་དྲན་བྱས་ནས། །གཉིད་དང་རྨུགས་པ་བཟློག་པར་བྱ། །རྒྱལ་སྲས་ཐུགས་རྗེ་ཆེ་རྣམས་ལྟར། །རིགས་པའི་སྲན་ནི་གཟུགས་བྱ་སྟེ། །ཉིན་མཚན་ཕྱད་པར་མ་འབད་ན། །བདག་གི་སྡུག་བསྔལ་ནམ་མཐར་ཕྱིན། །དེ་བས་སྒྲིབ་པ་བསལ་བའི་ཕྱིར། །ལོག་པའི་ལམ་ལས་སེམས་བླན་ཏེ། །ཡང་དག་དམིགས་ལ་རྟག་པར་ཡང་། །བདག་གིས་མཉམ་པར་གཞག་པར་བྱ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བསམ་གཏན་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བརྒྱད་པའོ།།
།།ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཀུན་རྫོབ་དང་ནི་དོན་དམ་སྟེ། །འདི་ནི་བདེན་པ་གཉིས་སུ་འདོད། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །དེ་ལ་འཇིག་རྟེན་རྣམ་གཉིས་མཐོང་། །རྣལ་འབྱོར་པ་དང་ཕལ་པའོ། །དེ་ལ་འཇིག་རྟེན་ཕལ་པ་ནི། །རྣལ་འབྱོར་འཇིག་རྟེན་གྱིས་གནོད་ཅིང་། །རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །གཉི་ག་ཡང་ནི་འདོད་པའི་དཔེས། །འབྲས་བུའི་དོན་དུ་མ་དཔྱད་ཕྱིར། །འཇིག་རྟེན་པ་ཡིས་དངོས་མཐོང་ཞིང་། །ཡང་དག་ཉིད་དུའང་རྟོག་བྱེད་ཀྱི། །སྒྱུ་མ་ལྟ་བུར་མིན་པས་འདིར། །རྣལ་འབྱོར་པ་དང་འཇིག་རྟེན་རྩོད། །གཟུགས་སོགས་མངོན་སུམ་ཉིད་ཀྱང་ནི། །གྲགས་པས་ཡིན་གྱི་ཚད་མས་མིན། །དེ་ནི་མི་གཙང་ལ་སོགས་ལ། །གཙང་སོགས་གྲགས་པ་བཞིན་དུ་བརྫུན། །འཇིག་རྟེན་གཞུག་པའི་དོན་དུ་ནི། །མགོན་པོས་དངོས་བསྟན་དེ་ཉིད་དུ། །དེ་དག་སྐད་ཅིག་མ་ཉིད་མིན། །ཀུན་རྫོབ་ཏུ་ཡང་འགལ་ཞེ་ན། །རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ། །འཇིག་རྟེན་ལ་ལྟོས་དེ་ཉིད་མཐོང་། །གཞན་དུ་བུད་མེད་མི་གཙང་བར། །ངེས་རྟོག་འཇིག་རྟེན་གྱིས་གནོད་འགྱུར། །སྒྱུ་འདྲའི་རྒྱལ་ལས་བསོད་ནམས་ནི། །ཇི་ལྟར་དངོས་ཡོད་ལ་ཇི་བཞིན། །གལ་ཏེ་སེམས་ཅན་སྒྱུ་འདྲ་ན། །ཤི་ནས་ཇི་ལྟར་སྐྱེ་ཞེ་ན། །ཇི་སྲིད་རྐྱེན་རྣམས་འཚོགས་གྱུར་པ། །དེ་སྲིད་སྒྱུ་མའང་འབྱུང་བར་འགྱུར། །རྒྱུན་རིང་ཙམ་གྱིས་ཇི་ལྟར་ན། །སེམས་ཅན་བདེན་པར་ཡོད་པ་ཡིན། །སྒྱུ་མའི་སྐྱེས་བུ་བསད་སོགས་ལ། །སེམས་མེད་ཕྱིར་ན་སྡིག་མེད་དེ། །སྒྱུ་མའི་སེམས་དང་ལྡན་པ་ལ། །བསོད་ནམས་དང་ནི་སྡིག་པ་འབྱུང་། །སྔགས་སོགས་རྣམས་ལ་ནུས་མེད་ཕྱིར། །སྒྱུ་མའི་སེམས་ནི་འབྱུང་བ་མེད། །སྣ་ཚོགས་རྐྱེན་ལས་བྱུང་བ་ཡི། །སྒྱུ་མ་དེ་ཡང་སྣ་ཚོགས་ཉིད། །རྐྱེན་གཅིག་གིས་ནི་ཀུན་ནུས་པ། །གང་ན་ཡང་ནི་ཡོད་མ་ཡིན། །གལ་ཏེ་དོན་དམ་མྱ་ངན་འདས། །འཁོར་བ་ཀུན་རྫོབ་དེ་ལྟ་ན། །སངས་རྒྱས་ཀྱང་ནི་འཁོར་འགྱུར་བས། །བྱང་ཆུབ་སྤྱོད་པས་ཅི་ཞིག་བྱ། །རྐྱེན་རྣམས་རྒྱུན་ནི་མ་ཆད་ན། །སྒྱུ་མའང་ལྡོག་པར་མི་འགྱུར་གྱི། །རྐྱེན་རྣམས་རྒྱུན་ནི་ཆད་པས་ན། །ཀུན་རྫོབ་ཏུ་ཡང་མི་འབྱུང་ངོ་། །གང་ཚེ་འཁྲུལ་པའང་ཡོད་མིན་ན། །སྒྱུ་མ་གང་གིས་དམིགས་པར་འགྱུར། །གང་ཚེ་ཁྱོད་ལ་སྒྱུ་མ་ཉིད། །མེད་ནའང་དེ་ཚེ་ཅི་ཞིག་དམིགས། །གལ་ཏེ་དེ་ཉིད་དུ་གཞན་ཡོད། །རྣམ་པ་དེ་ནི་སེམས་ཉིད་ཡིན། །གང་ཚེ་སེམས་ཉིད་སྒྱུ་མ་ན། །དེ་ཚེ་གང་ཞིག་གང་གིས་མཐོང་། །འཇིག་རྟེན་གྱི་ནི་མགོན་པོས་ཀྱང་། །སེམས་ཀྱིས་སེམས་མི་མཐོང་ཞེས་གསུངས། །རལ་གྲི་སོ་ནི་རང་ལ་རང་། །ཇི་ལྟར་མི་གཅོད་དེ་བཞིན་ཡིད། །ཇི་ལྟར་མར་མེ་རང་གི་དངོས། །ཡང་དག་གསལ་བར་བྱེད་བཞིན་ན། །མར་མེ་གསལ་བར་བྱ་མིན་ཏེ། །གང་ཕྱིར་མུན་གྱིས་བསྒྲིབས་པ་མེད། །ཤེལ་བཞིན་སྔོན་པོ་སྔོ་ཉིད་ལ། །གཞན་ལ་ལྟོས་པ་ཡོད་མ་ཡིན། །དེ་བཞིན་འགའ་ཞིག་གཞན་ལ་ནི། །ལྟོས་དང་ལྟོས་མེད་པ་ཡང་མཐོང་། །སྔོ་ཉིད་མིན་ལ་སྔོན་པོར་དེ། །བདག་གིས་བདག་ཉིད་བྱས་པ་མེད། །མར་མེ་གསལ་བར་བྱེད་དོ་ཞེས། །ཤེས་པས་ཤེས་ཏེ་རྗོད་བྱེད་ན། །བློ་ནི་གསལ་བ་ཉིད་ཡིན་ཞེས། །གང་གིས་ཤེས་ནས་དེ་སྐད་བརྗོད། །གང་ཚེ་འགས་ཀྱང་མཐོང་མིན་ན། །གསལ་བའམ་ནི་མི་གསལ་བ། །མོ་གཤམ་བུ་མོའི་འགྱིང་བག་བཞིན། །དེ་ནི་བརྗོད་ཀྱང་དོན་མེད་དོ། །གལ་ཏེ་རང་རིག་ཡོད་མིན་ན། །རྣམ་ཤེས་དྲན་པར་ཇི་ལྟར་འགྱུར། །གཞན་མྱོང་བ་ན་འབྲེལ་པ་ལས། །དྲན་འགྱུར་བྱི་བའི་དུག་བཞིན་ནོ། །རྐྱེན་གཞན་དག་དང་ལྡན་པ་ནི། །མཐོང་ཕྱིར་རང་ཉིད་རབ་གསལ་ན། །གྲུབ་པའི་མིག་སྨན་སྦྱོར་བ་ལས། །བུམ་མཐོང་མིག་སྨན་ཉིད་འགྱུར་མིན། །ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་རྟོག་པ་བཟློག་བྱ་ཡིན། །སེམས་ལས་སྒྱུ་མ་གཞན་མིན་ཞིང་། །གཞན་མིན་པར་ཡང་མི་རྟག་ན། །དངོས་ན་ཇི་ལྟར་དེ་གཞན་མིན། །གཞན་མིན་ཞེ་ན་དངོས་པོར་མེད། །ཇི་ལྟར་སྒྱུ་མ་བདེན་མིན་ཡང་། །བལྟ་བྱ་དེ་བཞིན་ལྟ་བྱེད་ཡིད། །གལ་ཏེ་འཁོར་བ་དངོས་རྟེན་ཅན། །དེ་ནི་གཞན་དུ་མཁའ་འདྲར་འགྱུར། །དངོས་མེད་དངོས་ལ་བརྟེན་པས་ན། །བྱེད་དང་ལྡན་པར་ཇི་ལྟར་འགྱུར། །ཁྱོད་ཀྱི་སེམས་ནི་གྲོགས་མེད་པ། །གཅིག་པུ་ཉིད་དུ་འགྱུར་བ་ཡིན། །གང་ཚེ་སེམས་ནི་གཟུང་བྲལ་བ། །དེ་ཚེ་ཐམས་ཅད་དེ་བཞིན་གཤེགས། །དེ་ལྟ་ན་ཡང་སེམས་ཙམ་དུ། །བརྟགས་ལ་ཡོན་ཏན་ཅི་ཞིག་ཡོད། །སྒྱུ་མ་ལྟ་བུར་ཤེས་ན་ཡང་། །ཇི་ལྟར་ཉོན་མོངས་ལྡོག་འགྱུར་ཏེ། །གང་ཚེ་སྒྱུ་མའི་བུད་མེད་ལ། །དེ་བྱེད་ཉིད་ཀྱང་ཆགས་སྐྱེ་འགྱུར། །དེ་བྱེད་པ་ནི་ཤེས་བྱ་ལ། །ཉོན་མོངས་བག་ཆགས་མ་སྤངས་པ། །དེས་ན་དེ་མཐོང་བ་ན་དེ། །སྟོང་ཉིད་བག་ཆགས་ཉམ་ཆུང་ཉིད། །སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱ་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །དཔེར་ན་ནམ་མཁའ་ལྡིང་གི་ནི། །མཆོད་སྡོང་བསྒྲུབས་ནས་འདས་གྱུར་པ། །དེ་འདས་ཡུན་རིང་ལོན་ཡང་དེ། །དུག་ལ་སོགས་པ་ཞི་བྱེད་བཞིན། །བྱང་ཆུབ་སྤྱོད་པའི་རྗེས་མཐུན་པས། །རྒྱལ་བའི་མཆོད་སྡོང་སྒྲུབ་པ་ཡང་། །བྱང་ཆུབ་སེམས་དཔའ་མྱ་ངན་ལས། །འདས་ཀྱང་དོན་རྣམས་ཐམས་ཅད་མཛད། །སེམས་མེད་པ་ལ་མཆོད་བྱས་པས། །ཇི་ལྟར་འབྲས་བུར་ལྡན་པར་འགྱུར། །གང་ཕྱིར་བཞུགས་པའམ་མྱ་ངན་འདས། །མཚུངས་པ་ཉིད་དུ་བཤད་ཕྱིར་རོ། །ཀུན་རྫོབ་བམ་ནི་དེ་ཉིད་དུའང་། །རུང་སྟེ་དེར་འབྲས་ལུང་ལས་ཡིན། །དཔེར་ན་བདེན་པའི་སངས་རྒྱས་ལ། །ཇི་ལྟར་འབྲས་བུར་བཅས་པ་བཞིན། །བདེན་པ་མཐོང་བས་གྲོལ་འགྱུར་གྱི། །སྟོང་ཉིད་མཐོང་བས་ཅི་ཞིག་བྱ། །གང་ཕྱིར་ལུང་ལས་ལམ་འདི་ནི། །མེད་པར་བྱང་ཆུབ་མེད་པར་གསུངས། །གལ་ཏེ་ཐེག་ཆེན་མ་གྲུབ་ན། །ཁྱོད་ཀྱི་ལུང་ནི་ཇི་ལྟར་གྲུབ། །གང་ཕྱིར་གཉིས་ཀ་ལ་འདི་གྲུབ། །དང་པོ་ཁྱོད་ལ་འདི་མ་གྲུབ། །རྐྱེན་གང་གིས་ནི་དེར་ཡིད་ཆེས། །དེ་ནི་ཐེག་ཆེན་ལ་ཡང་མཚུངས། །གཞན་གཉིས་འདོད་པས་བདེན་ན་ནི། །རིག་བྱེད་སོགས་ཀྱང་བདེན་པར་འགྱུར། །ཐེག་ཆེན་རྩོད་བཅས་ཕྱིར་ཞེ་ན། །ལུང་ལ་མུ་སྟེགས་པ་རྣམས་དང་། །ལུང་གཞན་ལ་ཡང་རང་གཞན་དག །རྩོད་བཅས་ཡིན་ཕྱིར་དོར་བྱར་འགྱུར། །བསྟན་རྩ་དགེ་སློང་ཉིད་ཡིན་ན། །དགེ་སློང་ཉིད་ཀྱང་དཀའ་བར་གནས། །སེམས་ནི་དམིགས་དང་བཅས་རྣམས་ཀྱི། །མྱ་ངན་འདས་པའང་དཀའ་བར་གནས། །ཉོན་མོངས་སྤངས་པས་གྲོལ་ན་དེའི། །དེ་མ་ཐག་ཏུ་དེར་འགྱུར་རོ། །ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །རེ་ཞིག་ཉེར་ལེན་སྲེད་པ་ནི། །མེད་ཅེས་ངེས་པ་ཉིད་ཅེ་ན། །སྲེད་དེ་ཉོན་མོངས་ཅན་མིན་ཡང་། །ཀུན་རྨོངས་བཞིན་དུ་ཅི་སྟེ་མེད། །ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན། །ཚོར་བ་དེ་དག་ལ་ཡང་ཡོད། །དམིགས་པ་དང་ནི་བཅས་པའི་སེམས། །འགའ་ཞིག་ལ་ནི་གནས་པར་འགྱུར། །སྟོང་ཉིད་དང་ནི་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །དེས་ན་སྟོང་ཉིད་བསྒོམ་པར་བྱ། །ངག་གང་མདོ་སྡེ་ལ་འཇུག་དེ། །གལ་ཏེ་སངས་རྒྱས་གསུངས་འདོད་ན། །ཐེག་ཆེན་ཕལ་ཆེར་ཁྱེད་ཅག་གི། །མདོ་དང་མཚུངས་འདོད་མིན་ནམ་ཅི། །གལ་ཏེ་མ་གཏོགས་གཅིག་གིས་ནི། །ཐམས་ཅད་སྐྱོན་དང་བཅས་འགྱུར་ན། །མདོ་མཚུངས་གཅིག་གིས་ཐམས་ཅད་ནི། །རྒྱལ་བས་གསུངས་པ་ཅིས་མ་ཡིན། །ངག་གང་འོད་སྲུངས་ཆེན་པོ་ལ། །སོགས་པས་གཏིང་དཔོགས་མ་གྱུར་པ། །དེ་ནི་ཁྱོད་ཀྱིས་མ་རྟོགས་པས། །གཟུང་བྱ་མིན་པར་སུ་ཞིག་བྱེད། །རྨོངས་པས་སྡུག་བསྔལ་ཅན་དོན་དུ། །ཆགས་དང་འཇིགས་མཐའ་ལས་གྲོལ་བ། །འཁོར་བར་གནས་པ་གྲུབ་འགྱུར་བ། །འདི་ནི་སྟོང་ཉིད་འབྲས་བུ་ཡིན། །དེ་ལྟར་སྟོང་པ་ཉིད་ཕྱོགས་ལ། །སུན་འབྱིན་པ་ནི་འཐད་མ་ཡིན། །དེས་ན་ཐེ་ཚོམ་མི་ཟ་བར། །སྟོང་པ་ཉིད་ནི་བསྒོམ་པར་བྱ། །ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་ནི་ཇི་ལྟར་སྒོམ་མི་བྱེད། །དངོས་གང་སྡུག་བསྔལ་སྐྱེད་བྱེད་པ། །དེ་ལས་སྐྲག་པ་སྐྱེ་འགྱུར་ན། །སྟོང་ཉིད་སྡུག་བསྔལ་ཞི་བྱེད་པ། །དེ་ལ་འཇིགས་པ་ཇི་ལྟར་སྐྱེ། །གལ་ཏེ་བདག་འགའ་ཡོད་ན་ནི། །ཅི་ཡང་རུང་ལས་འཇིགས་འགྱུར་ན། །བདག་ཉིད་འགའ་ཡང་ཡོད་མིན་པས། །འཇིགས་པར་འགྱུར་བ་སུ་ཞིག་ཡིན། །སོ་དང་སྐྲ་སེན་བདག་མ་ཡིན། །བདག་ནི་རུས་པ་ཁྲག་མ་ཡིན། །སྣབས་མིན་བད་ཀན་མ་ཡིན་ཏེ། །ཆུ་སེར་དང་ནི་རྣག་ཀྱང་མིན། །བདག་ནི་ཞག་དང་རྔུལ་མིན་ཏེ། །གློ་མཆིན་དག་ཀྱང་བདག་མ་ཡིན། །ནང་ཁྲོལ་གཞན་ཡང་བདག་མིན་ཏེ། །བདག་ནི་ཕྱི་ས་གཅིན་མ་ཡིན། །ཤ་དང་པགས་པ་བདག་མིན་ཏེ། །དྲོད་དང་རླུང་ཡང་བདག་མ་ཡིན། །བུ་ག་བདག་མིན་རྣམ་ཀུན་དུ། །རྣམ་ཤེས་དྲུག་ཀྱང་བདག་མ་ཡིན། །གལ་ཏེ་སྒྲ་ཡི་ཤེས་རྟག་ན། །ཐམས་ཅད་ཚེ་ན་སྒྲ་འཛིན་འགྱུར། །ཤེས་བྱ་མེད་ན་ཅི་ཞིག་རིག །གང་གིས་ཤེས་པ་ཞེས་རྗོད་བྱེད། །གལ་ཏེ་ཤེས་མེད་ཤེས་ཡིན་ན། །ཤིང་ཡང་ཤེས་པར་ཐལ་བར་འགྱུར། །དེས་ན་ཤེས་བྱ་ཉེར་གནས་པ། །མེད་པར་ཤེས་པ་མེད་ཅེས་ངེས། །དེ་ཉིད་ཀྱིས་ནི་གཟུགས་ཤེས་ན། །དེ་ཚེ་ཐོས་པའང་ཅི་སྟེ་མིན། །གལ་ཏེ་སྒྲ་མི་ཉེ་ཕྱིར་ན། །དེས་ན་དེ་ཡི་ཤེས་པའང་མེད། །སྒྲ་འཛིན་རང་བཞིན་གང་ཡིན་པ། །དེ་གཟུགས་འཛིན་པར་ཇི་ལྟར་འགྱུར། །གཅིག་ནི་ཕ་དང་བུ་ཉིད་དུ། །བརྟགས་ཡིན་ཡང་དག་ཉིད་མིན་ཏེ། །འདི་ལྟར་སྙིང་སྟོབས་རྡུལ་དང་ནི། །མུན་པ་བུ་མིན་པ་ཡང་མིན། །དེ་ནི་སྒྲ་འཛིན་དང་ལྡན་པའི། །རང་བཞིན་དུ་ནི་མཐོང་མ་ཡིན། །གར་མཁན་ལྟ་བུར་ཚུལ་གཞན་གྱིས། །དེ་ཉིད་མཐོང་ན་དེ་རྟག་མིན། །གལ་ཏེ་ཚུལ་གཞན་དེ་ཉིད་ན། །གཅིག་ཉིད་དེ་ནི་སྔོན་མེད་གཅིག །གལ་ཏེ་ཚུལ་གཞན་བདེན་མིན་ན། །དེ་ཡི་རང་གི་རང་བཞིན་སྨྲོས། །ཤེས་ཉིད་ཅེ་ན་དེ་ལྟ་ན། །སྐྱེས་ཀུན་གཅིག་ཏུ་ཐལ་བར་འགྱུར། །སེམས་པ་སེམས་མེད་དེ་དག་ཀྱང་། །གཅིག་འགྱུར་གང་ཕྱིར་ཡོད་ཉིད་མཚུངས། །གང་ཚེ་བྱེ་བྲག་ཕྱིན་ཅི་ལོག །དེ་ཚེ་འདྲ་བའི་རྟེན་གང་ཡིན། །སེམས་མེད་པ་ཡང་བདག་མིན་ཏེ། །སེམས་མེད་ཉིད་ཕྱིར་བུམ་སོགས་བཞིན། །འོན་ཏེ་སེམས་དང་ལྡན་པའི་ཕྱིར། །ཤེས་ན་མི་ཤེས་འཇིག་པར་ཐལ། །ཇི་སྟེ་བདག་ལ་འགྱུར་མེད་ན། །སེམས་པས་དེ་ལ་ཅི་ཞིག་བྱས། །དེ་ལྟར་ཤེས་མེད་བྱ་བྲལ་བ། །ནམ་མཁའ་བདག་ཏུ་བྱས་པར་འགྱུར། །གལ་ཏེ་བདག་ནི་ཡོད་མིན་ན། །ལས་འབྲས་འབྲེལ་པ་རིགས་མིན་ཏེ། །ལས་བྱས་ནས་ནི་ཞིག་པས་ན། །སུ་ཡི་ལས་སུ་འགྱུར་ཞེ་ན། །བྱ་བ་འབྲས་བཞི་ཐ་དད་དང་། །དེ་བདག་བྱེད་པ་མེད་པར་ཡང་། །ཡུ་བུ་གཉི་ག་ལ་གྲུབ་པས། །འདིར་བརྩད་དོན་མེད་མ་ཡིན་ནམ། །རྒྱུ་ལྡན་འབྲས་བུ་དང་བཅས་ཞེས། །མཐོང་བ་འདི་ནི་སྲིད་མ་ཡིན། །རྒྱུད་གཅིག་ལ་ནི་བརྟེན་ནས་སུ། །བྱེད་པོ་སྤྱོད་པོ་ཞེས་བྱར་བསྟན། །འདས་དང་མ་འོངས་པ་ཡི་སེམས། །བདག་མིན་དེ་ནི་མེད་པའི་ཕྱིར། །འོན་ཏེ་སྐྱེས་སེམས་བདག་ཡིན་ན། །དེ་ཞིག་ན་ཡང་བདག་མེད་དོ། །དཔེར་ན་ཆུ་ཤིང་སྡོང་པོ་དག །ཆ་ཤས་ཕྱེ་ན་འགའ་མེད་པ། །དེ་བཞིན་རྣམ་པར་དཔྱད་པ་ཡིས། །བཙལ་ན་བདག་ཀྱང་ཡང་དག་མིན། །གལ་ཏེ་སེམས་ཅན་ཡོད་མིན་ན། །སུ་ལ་སྙིང་རྗེ་བྱ་ཞེ་ན། །འབྲས་བུའི་དོན་དུ་ཁས་བླངས་པའི། །རྨོངས་པས་བརྟགས་པ་གང་ཡིན་པའོ། །སེམས་ཅན་མེད་འབྲས་སུ་ཡི་ཡིན། །བདེན་ཏེ་འོན་ཀྱང་རྨོངས་ལས་འདོད། །སྡུག་བསྔལ་ཉེ་བར་ཞི་དོན་དུ། །འབྲས་བུའི་རྨོངས་པ་བཟློག་མི་བྱ། །སྡུག་བསྔལ་རྒྱུ་ཡི་ང་རྒྱལ་ནི། །བདག་ཏུ་རྨོངས་པས་འཕེལ་བར་འགྱུར། །དེ་ལས་ཀྱང་བཟློག་མེད་ཅེ་ན། །བདག་མེད་བསྒོམ་པ་མཆོག་ཡིན་ནོ། །ལུས་ནི་རྐང་པ་བྱིན་པ་མིན། །བརླ་དང་རྐེད་པའང་ལུས་མ་ཡིན། །ལྟོ་དང་རྒྱབ་ཀྱང་ལུས་མིན་ཏེ། །བྲང་དང་དཔུང་པའང་ལུས་མ་ཡིན། །རྩིབ་ལོགས་ལག་པའང་ལུས་མིན་ཏེ། །མཆན་ཁུང་ཕྲག་པའང་ལུས་མ་ཡིན། །ནང་ཁྲོལ་རྣམས་ཀྱང་དེ་མིན་ལ། །མགོ་དང་མགྲིན་པའང་ལུས་མིན་ན། །འདི་ལ་ལུས་ནི་གང་ཞིག་ཡིན། །གལ་ཏེ་ལུས་འདི་ཐམས་ཅད་ལ། །ཕྱོགས་རེ་ཡིས་ནི་གནས་གྱུར་ན། །ཆ་རྣམས་ཆ་ལ་གནས་གྱུར་མོད། །དེ་རང་ཉིད་ནི་གང་ལ་གནས། །གལ་ཏེ་བདག་ཉིད་ཀུན་གྱི་ལུས། །ལག་སོགས་རྣམས་ལ་གནས་ན་ནི། །ལག་སོགས་དེ་དག་ཇི་སྙེད་པ། །དེ་སྙེད་ཀྱི་ནི་ལུས་སུ་འགྱུར། །ཕྱི་དང་ནང་ན་ལུས་མེད་ན། །ཇི་ལྟར་ལག་སོགས་ལ་ལུས་ཡོད། །ལག་སོགས་རྣམས་ལས་གཞན་མེད་ན། །དེ་ནི་ཇི་ལྟར་ཡོད་པ་ཡིན། །དེས་ན་ལུས་མེད་ལ་སོགས་ལ། །རྨོངས་པ་ཡིས་ནི་ལུས་བློར་འགྱུར། །དབྱིབས་སུ་བཀོད་པའི་ཁྱད་པར་གྱིས། །ཐོ་ཡོར་ལ་ནི་མི་བློ་བཞིན། །ཇི་སྲིད་རྐྱེན་ཚོགས་དེ་སྲིད་དུ། །ལུས་ནི་སྐྱེས་བུ་ལྟར་སྣང་བ། །དེ་བཞིན་ཇི་སྲིད་ལག་སོགས་ལ། །དེ་ཡོད་དེ་སྲིད་དེ་ལུས་སྣང་། །དེ་བཞིན་སོར་མོའི་ཚོགས་ཡིན་ཕྱིར། །ལག་པའང་གང་ཞིག་ཡིན་པར་འགྱུར། །དེ་ཡང་ཚིགས་ཀྱི་ཚོགས་ཡིན་ཕྱིར། །ཚིགས་ཀྱང་རང་གི་ཆ་ཕྱེ་བས། །ཆ་ཡང་རྡུལ་དུ་ཕྱེ་བས་ཏེ། །རྡུལ་དེའང་ཕྱོགས་ཆའི་དབྱེ་བ་ཡིས། །ཕྱོགས་དབྱེའང་ཆ་ཤས་དང་བྲལ་ཕྱིར། །མཁའ་བཞིན་དེས་ན་རྡུལ་ཡང་མེད། །དེ་ལྟར་རྨི་ལམ་ལྟ་བུ་ཡི། །གཟུགས་ལ་དཔྱོད་ལྡན་སུ་ཞིག་ཆགས། །གང་ཚེ་དེ་ལྟར་ལུས་མེད་པ། །དེ་ཚེ་སྐྱེས་གང་བུད་མེད་གང་། །སྡུག་བསྔལ་དེ་ཉིད་དུ་ཡོད་ན། །ཅི་སྟེ་རབ་དགའ་ལ་མི་གནོད། །བདེ་ན་མྱ་ངན་གདུང་སོགས་ལ། །ཞིམ་སོགས་ཅི་སྟེ་དགའ་མི་བྱེད། །སྟོབས་དང་ལྡན་པས་ཟིལ་མནན་ཕྱིར། །གལ་ཏེ་དེ་མྱོང་མ་ཡིན་ན། །གང་ཞིག་ཉམས་མྱོང་བདག་ཉིད་མིན། །དེ་ནི་ཚོར་བ་ཇི་ལྟར་ཡིན། །སྡུག་བསྔལ་ཕྲ་མོ་ཉིད་དུ་ཡོད། །འདི་ཡི་རགས་པ་བསལ་མིན་ནམ། །དེ་ནི་དེ་ལས་གཞན་དགའ་ཙམ། །ཞེ་ན་ཕྲ་ཉིད་དེ་ཡང་དེའི། །གལ་ཏེ་འགལ་རྐྱེན་སྐྱེས་པས་ན། །སྡུག་བསྔལ་སྐྱེས་པ་མིན་ན་ནི། །ཚོར་བར་རྟོག་པ་མངོན་ཞེན་ཉིད། །ཡིན་ཞེས་བྱ་བར་གྲུབ་མིན་ནམ། །དེ་ཉིད་ཕྱིར་ན་འདི་ཡི་ནི། །གཉེན་པོ་རྣམ་དཔྱོད་འདི་བསྒོམ་སྟེ། །རྣམ་བརྟགས་ཞིང་ལས་བྱུང་བ་ཡི། །བསམ་གཏན་རྣལ་འབྱོར་པ་ཡི་ཟས། །གལ་ཏེ་དབང་དོན་བར་བཅས་ན། །དེ་དག་གང་དུ་ཕྲད་པར་འགྱུར། །བར་མེད་ན་ཡང་གཅིག་ཉིད་དེ། །གང་ཞིག་གང་དང་ཕྲད་པར་འགྱུར། །རྡུལ་ཕྲན་རྡུལ་ཕྲན་ལ་འཇུག་མེད། །དེ་ནི་སྐབས་མེད་མཉམ་པ་ཡིན། །མ་ཞུགས་པ་ལ་འདྲེ་མེད་ཅིང་། །མ་འདྲེས་པ་ལ་ཕྲད་པ་མེད། །ཆ་མེད་པ་ལའང་ཕྲད་པ་ཞེས། །བྱ་བ་ཇི་ལྟར་འཐད་པར་འགྱུར། །ཕྲད་པ་དང་ནི་ཆ་མེད་པར། །གལ་ཏེ་མཐོང་ན་བསྟན་པར་གྱིས། །རྣམ་ཤེས་ལུས་མེད་པ་ལ་ནི། །ཕྲད་པ་འཐད་པ་མ་ཡིན་ཉིད། །ཚོགས་པའང་དངོས་པོ་མེད་ཕྱིར་ཏེ། །སྔར་ནི་ཇི་ལྟར་རྣམ་དཔྱད་བཞིན། །དེ་ལྟར་རེག་པ་ཡོད་མིན་ན། །ཚོར་བ་གང་ལས་འབྱུང་བར་འགྱུར། །ངལ་འདི་ཅི་ཡི་དོན་དུ་ཡིན། །གང་གིས་གང་ལ་གནོད་པར་འགྱུར། གང་ཚེ་ཚོར་པོ་འགའ་མེད་ཅིང་། །ཚོར་བའང་ཡོད་པ་མ་ཡིན་པ། །དེ་ཚེ་གནས་སྐབས་འདི་མཐོང་ནས། །སྲེད་པ་ཅི་ཕྱིར་ལྡོག་མི་འགྱུར། །མཐོང་བ་འམ་ནི་རེག་པ་ཡང་། །རྨི་ལམ་སྒྱུ་འདྲའི་བདག་ཉིད་ཀྱིས། །སེམས་དང་ལྷན་ཅིག་སྐྱེས་པའི་ཕྱིར། །ཚོར་བ་དེ་ཡིས་མཐོང་མ་ཡིན། །སྔར་དང་ཕྱི་མར་སྐྱེས་པས་ཀྱང་། །དྲན་པར་འགྱུར་གྱི་མྱོང་མ་ཡིན། །རང་གིས་བདག་ཉིད་མྱོང་མིན་ལ། །གཞན་དག་གིས་ཀྱང་མྱོང་མ་ཡིན། །ཚོར་པོ་འགའ་ཡང་ཡོད་མིན་ཏེ། །དེས་ན་ཚོར་བ་དེ་ཉིད་མིན། །དེ་ལྟར་བདག་མེད་ཚོགས་འདི་ལ། །འདི་ཡིས་ཅི་སྟེ་གནོད་པར་བྱ། །ཡིད་ནི་དབང་རྣམས་ལ་མི་གནས། །གཟུགས་སོགས་ལ་མིན་བར་ནའང་མིན། །ནང་ཡང་སེམས་མིན་ཕྱི་མིན་ཞིང་། །གཞན་དུ་ཡང་ནི་རྙེད་མ་ཡིན། །གང་ཞིག་ལུས་མིན་གཞན་དུ་མིན། །འདྲེས་མིན་ལོགས་སུའང་འགར་མེད་པ། །དེ་ནི་ཅུང་ཟད་མིན་དེའི་ཕྱིར། །སེམས་ཅན་རང་བཞིན་མྱ་ངན་འདས། །ཤེས་བྱ་ལས་སྔར་ཤེས་ཡོད་ན། །དེ་ནི་ཅི་ལ་དམིགས་ནས་སྐྱེ། །ཤེས་དང་ཤེས་བྱ་ལྷན་ཅིག་ན། །དེ་ནི་ཅི་ལ་དམིགས་ནས་སྐྱེ། །འོན་ཏེ་ཤེས་བྱའི་ཕྱིས་ཡོད་ན། །དེ་ཆེ་ཤེས་པ་གང་ལས་སྐྱེ། །དེ་ལྟར་ཆོས་རྣམས་ཐམས་ཅད་ཀྱི། །སྐྱེ་བ་རྟོགས་པར་འགྱུར་མ་ཡིན། །གལ་ཏེ་དེ་ལྟར་ཀུན་རྫོབ་མེད། །དེ་ལ་བདེན་གཉིས་ག་ལ་ཡོད། །དེ་ཡང་ཀུན་རྫོབ་གཞན་གྱིས་ན། །སེམས་ཅན་མྱ་ངན་ག་ལ་འདའ། །འདི་ནི་གཞན་སེམས་རྣམ་རྟོག་སྟེ། །དེ་ནི་རང་གི་ཀུན་རྫོབ་མིན། །ཕྱིས་དེ་ངེས་ན་དེ་ཡོད་དེ། །མིན་ན་ཀུན་རྫོབ་མེད་པ་ཉིད། །རྟོག་དང་བརྟག་པར་བྱ་བ་དག །གཉིས་པོ་ཕན་ཚུན་བརྟེན་པ་ཡིན། །ཇི་ལྟར་གྲགས་པ་ལ་བརྟེན་ནས། །རྣམ་པར་དཔྱད་པ་ཐམས་ཅད་བརྗོད། །གང་ཚེ་རྣམ་པར་དཔྱད་པ་ཡི། །རྣམ་དཔྱོད་ཀྱིས་ནི་དཔྱོད་བྱེད་ན། །དེ་ཚེ་རྣམ་དཔྱོད་དེ་ཡང་ནི། །རྣམ་དཔྱོད་ཕྱིར་ན་ཐུག་པ་མེད། །དཔྱད་བྱ་རྣམ་པར་དཔྱད་བྱས་ན། །རྣམ་དཔྱོད་ལ་ནི་རྟེན་ཡོད་མིན། །རྟེན་མེད་ཕྱིར་ན་མི་སྐྱེ་སྟེ། །དེ་ཡང་མྱ་ངན་འདས་པར་བརྗོད། །གང་གི་ལྟར་ན་འདི་གཉིས་བདེན། །དེ་ཉིད་ཤིན་ཏུ་དཀའ་བར་གནས། །གལ་ཏེ་ཤེས་དབང་ལས་དོན་གྲུབ། །ཤེས་ཡོད་ཉིད་ལ་རྟེན་ཅི་ཡོད། །འོན་ཏེ་ཤེས་བྱ་ལས་ཤེས་གྲུབ། །ཤེས་བྱ་ཡོད་ལ་རྟེན་ཅི་ཡོད། །དེ་སྟེ་ཕན་ཚུན་དབང་གིས་ཡོད། །གཉི་ག་ཡང་ནི་མེད་པར་འགྱུར། །གལ་ཏེ་བུ་མེད་ཕ་མིན་ན། །བུ་ཉིད་གང་ལས་བྱུང་བ་ཡིན། །བུ་མེད་པར་ནི་ཕ་མེད་པ། །དེ་བཞིན་དེ་གཉིས་མེད་པ་ཉིད། །མྱུ་གུ་ས་བོན་ལས་སྐྱེ་ཞིང་། །ས་བོན་དེ་ཉིད་ཀྱིས་རྟོགས་བཞིན། །ཤེས་བྱ་ལས་སྐྱེས་ཤེས་པ་ཡིས། །དེ་ཡོད་པ་ནི་ཅིས་མི་རྟོགས། །མྱུ་གུ་ལས་གཞན་ཤེས་པ་ཡིས། །ས་བོན་ཡོད་ཅེས་རྟོགས་འགྱུར་ན། །གང་ཕྱིར་ཤེས་བྱ་དེ་རྟོགས་པ། །ཤེས་པ་ཡོད་ཉིད་གང་ལས་རྟོགས། །རེ་ཞིག་འཇིག་རྟེན་མངོན་སུམ་གྱིས། །རྒྱུ་རྣམས་ཐམས་ཅད་མཐོང་བ་ཡིན། །པདྨའི་སྡོང་བུ་སོགས་དབྱེ་ནི། །རྒྱུ་ཡི་དབྱེ་བས་བསྐྱེད་པ་ཡིན། །རྒྱུ་དབྱེ་གང་གིས་བྱས་ཞེ་ན། །སྔར་གྱི་རྒྱུ་དབྱེ་ཉིད་ལས་སོ། །ཅི་ཕྱིར་རྒྱུ་ཡིས་འབྲས་སྐྱེད་ནུས། །སྔར་གྱི་རྒྱུ་ཡི་མཐུ་ཉིད་ལས། །དབང་ཕྱུག་འགྲོ་བའི་རྒྱུ་ཡིན་ན། །རེ་ཞིག་དབང་ཕྱུག་གང་ཡིན་སྨྲོས། །འབྱུང་རྣམས་ཞེ་ན་དེ་ལྟ་མོད། །མིང་ཙམ་ལ་ཡང་ཅི་ཞིག་ངལ། །འོན་ཀྱང་ས་སོགས་དུ་མ་དང་། །མི་རྟག་གཡོ་མེད་ལྷ་མིན་ཞིང་། །འགོམ་བྱ་ཉིད་དང་མི་གཙང་བས། །དེ་ནི་དབང་ཕྱུག་ཉིད་མ་ཡིན། །དབང་ཕྱུག་མཁའ་མིན་གཡོ་མེད་ཕྱིར། །བདག་མིན་སྔར་ནི་བཀག་ཟིན་ཕྱིར། །བསམ་མིན་པ་ཡི་བྱེད་པོ་ཡང་། །བསམ་མིན་བརྗོད་པས་ཅི་ཞིག་བྱ། །དེས་བསྐྱེད་འདོད་པའང་གང་ཞིག་ཡིན། །བདག་ནི་དེ་དང་ས་སོགས་དང་། །དབང་ཕྱུག་ངོ་བོའང་རྟག་མིན་ནམ། །ཤེས་པ་ཤེས་བྱ་ལས་སྐྱེ་དང་། །ཐོག་མེད་བདེ་སྡུག་ལས་ལས་ཡིན། །དེ་ཡིས་གང་ཞིག་བསྐྱེད་པ་སྨྲོས། །རྒྱུ་ལ་ཐོག་མ་ཡོད་མིན་ན། །འབྲས་བུའི་ཐོག་མ་ག་ལ་ཡོད། །རྟག་ཏུ་ཅི་ཕྱིར་བྱེད་མིན་ཏེ། །དེ་ནི་གཞན་ལ་ལྟོས་པ་མིན། །དེས་བྱས་མིན་གཞན་ཡོད་མིན་ན། །དེས་འདི་གང་ལ་ལྟོས་པར་འགྱུར། །གལ་ཏེ་ལྟོས་ན་ཚོགས་པ་ཉིད། །རྒྱུ་ཡིན་འགྱུར་གྱི་དབང་ཕྱུག་མིན། །ཚོགས་ན་མི་སྐྱེ་དབང་མེད་ཅིང་། །དེ་མེད་པར་ནི་སྐྱེ་དབང་མེད། །གལ་ཏེ་དབང་ཕྱུག་མི་འདོད་བཞིན། །བྱེད་ན་གཞན་གྱི་དབང་དུ་ཐལ། །འདོད་ནའང་འདོད་ལ་རག་ལས་འགྱུར། །བྱེད་ནའང་དབང་ཕྱུག་ག་ལ་ཡིན། །གང་དག་རྡུལ་ཕྲན་རྟག་སྨྲ་བ། །དེ་དག་ཀྱང་ནི་སྔར་བཟློག་ཟིན། །གཙོ་བོ་རྟག་པ་འགྲོ་བ་ཡི། །རྒྱུ་ཡིན་པར་ནི་གྲངས་ཅན་འདོད། །སྙིང་སྟོབས་རྡུལ་དང་མུན་པ་ཞེས། །བྱ་བའི་ཡོན་ཏན་མཉམ་གནས་ནི། །གཙོ་བོ་ཞེས་བྱར་རབ་བརྗོད་དེ། །མི་མཉམ་འགྲོ་བ་ཡིན་པར་བརྗོད། །གཅིག་ལ་རང་བཞིན་གསུམ་ཉིད་ནི། །རིགས་མིན་དེས་ན་དེ་ཡོད་མིན། །དེ་བཞིན་ཡོན་ཏན་ཡོད་མིན་ཏེ། །དེ་ཡང་སོ་སོར་རྣམ་གསུམ་ཕྱིར། །ཡོན་ཏན་མེད་ན་སྒྲ་སོགས་ཀྱང་། །ཡོད་ཉིད་ཤིན་ཏུ་རྒྱང་རིང་འགྱུར། །སེམས་མེད་གོས་ལ་སོགས་པ་ལ། །བདེ་སོགས་ཡོད་པ་སྲིད་པའང་མིན། །དངོས་རྣམས་དེ་རྒྱུའི་རང་བཞིན་ན། །དངོས་པོ་རྣམ་དཔྱད་མ་ཟིན་ནམ། །ཁྱོད་ཀྱི་རྒྱུ་ཡང་བདེ་སོགས་ཉིད། །དེ་ལས་སྣམ་སོགས་འབྱུང་བའང་མེད། །སྣམ་སོགས་ལས་ནི་བདེ་སོགས་ཡིན། །དེ་མེད་ཕྱིར་ན་བདེ་སོགས་མེད། །བདེ་སོགས་རྟག་པ་ཉིད་དུ་ཡང་། །ནམ་ཡང་དམིགས་པ་ཡོད་མ་ཡིན། །བདེ་སོགས་གསལ་བ་ཡོད་ཉིད་ན། །མྱོང་བ་ཅི་ཕྱིར་འཛིན་མ་ཡིན། །དེ་ཉིད་ཕྲ་མོར་གྱུར་ན་དེ། །རགས་དང་ཕྲ་བའང་ཇི་ལྟར་ཡིན། །རགས་པ་དོར་ནས་ཕྲ་གྱུར་པས། །ཕྲ་རགས་དེ་དག་མི་རྟག་ཉིད། །དེ་བཞིན་དངོས་པོ་ཐམས་ཅད་ནི། །མི་རྟག་ཉིད་དུ་ཅིས་མི་འདོད། །རགས་པ་བདེ་ལས་གཞན་མིན་ན། །བདེ་བ་གསལ་བ་མི་རྟག་ཉིད། །གལ་ཏེ་མེད་པ་འགའ་ཡང་ནི། །སྐྱེ་མིན་མེད་ཕྱིར་ཞེས་འདོད་ན། །གསལ་བ་མེད་པ་སྐྱེ་བར་ནི། །ཁྱོད་མི་འདོད་ཀྱང་གནས་པ་ཉིད། །གལ་ཏེ་རྒྱུ་ལ་འབྲས་གནས་ན། །ཟན་ཟ་མི་གཙང་ཟ་བར་འགྱུར། །རས་ཀྱི་རིན་གྱིས་རས་བལ་གྱི། །ས་བོན་ཉོས་ལ་བགོ་བར་གྱིས། །འཇིག་རྟེན་རྨོངས་པས་མ་མཐོང་ན། །དེ་ཉིད་ཤེས་ཀྱིས་བཞག་དེ་ཉིད། །ཤེས་དེ་འཇིག་རྟེན་ལ་ཡང་ནི། །ཡོད་པས་ཅི་སྟེ་མཐོང་མ་ཡིན། །འཇིག་རྟེན་ཚད་མ་ཉིད་མིན་ན། །གསལ་བ་མཐོང་བའང་བདེན་མ་ཡིན། །གལ་ཏེ་ཚད་མ་ཚད་མིན་ན། །དེས་གཞལ་བརྫུན་པར་མི་འགྱུར་རམ། །དེ་ཉིད་དུ་ན་སྟོང་པ་ཉིད། །སྒོམ་པ་དེ་ཕྱིར་མི་འཐད་འགྱུར། །བརྟགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །དེ་ཕྱིར་བརྫུན་པའི་དངོས་གང་ཡིན། །དེ་ཡི་དངོས་མེད་གསལ་བར་བརྫུན། །དེས་ན་རྨི་ལམ་བུ་ཤི་ལ། །དེ་མེད་སྙམ་པའི་རྣམ་རྟོག་ནི། །དེ་ཡོད་རྣམ་པར་རྟོག་པ་ཡི། །གེགས་ཡིན་དེ་ཡང་བརྫུན་པ་ཡིན། །དེ་བས་དེ་ལྟར་རྣམ་དཔྱད་པས། །འགའ་ཡང་རྒྱུ་མེད་ཡོད་མ་ཡིན། །སོ་སོ་བའམ་འདུས་པ་ཡི། །རྐྱེན་རྣམས་ལ་ཡང་གནས་མ་ཡིན། །གཞན་ནས་འོངས་པའང་མ་ཡིན་ལ། །གནས་པ་མ་ཡིན་འགྲོ་མ་ཡིན། །རྨོངས་པས་བདེན་པར་གང་བྱས་འདི། །སྒྱུ་མ་ལས་ནི་ཁྱད་ཅི་ཡོད། །སྒྱུ་མས་སྤྲུལ་པ་གང་ཡིན་དང་། །རྒྱུ་རྣམས་ཀྱིས་ནི་གང་སྤྲུལ་པ། །དེ་ནི་གང་ནས་འོངས་གྱུར་ཅིང་། །གང་དུ་འགྲོ་བའང་བརྟག་པར་གྱིས། །གང་ཞིག་གང་ནི་ཉེ་བ་ཡིས། །མཐོང་གྱུར་དེ་མེད་ན་མིན་པ། །བཅོས་སུ་གཟུགས་བརྙན་དང་མཚུངས་པ། །དེ་ལ་བདེན་ཉིད་ཇི་ལྟར་ཡོད། །དངོས་པོ་ཡོད་པར་གྱུར་པ་ལ། །རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད། །འོན་ཏེ་དེ་ནི་མེད་ན་ཡང་། །རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད། །བྱེ་བ་བརྒྱ་ཕྲག་རྒྱུ་ཡིས་ཀྱང་། །དངོས་པོ་མེད་པ་བསྒྱུར་དུ་མེད། །གནས་སྐབས་དེ་དངོས་ཇི་ལྟར་ཡིན། །དངོས་འགྱུར་གཞན་ཡང་གང་ཞིག་ཡིན། །མེད་ཚེ་དངོས་ཡོད་སྲིད་མིན་ན། །དངོས་པོ་ཡོད་པར་ནམ་ཞིག་འགྱུར། །དངོས་པོ་སྐྱེས་པར་མ་གྱུར་པར། །དངོས་མེད་དེ་ནི་འབྲལ་མི་འགྱུར། །དངོས་མེད་དང་ནི་མ་བྲལ་ན། །དངོས་པོ་ཡོད་པའི་སྐབས་མི་སྲིད། །དངོས་པོའང་མེད་པར་འགྱུར་མིན་ཏེ། །རང་བཞིན་གཉིས་སུ་ཐལ་འགྱུར་ཕྱིར། །དེ་ལྟར་འགག་པ་ཡོད་མིན་ཞིང་། །དངོས་པོའང་ཡོད་མིན་དེ་ཡི་ཕྱིར། །འགྲོ་བ་འདི་དག་ཐམས་ཅད་ནི། །རྟག་ཏུ་མ་སྐྱེས་མ་འགགས་ཉིད། །འགྲོ་བ་རྨི་ལམ་ལྟ་བུ་སྟེ། །རྣམ་པར་དཔྱད་ན་ཆུ་ཤིང་འདྲ། །མྱ་ངན་འདས་དང་མ་འདས་པའང་། །དེ་ཉིད་དུ་ན་ཁྱད་པར་མེད། །དེ་ལྟར་སྟོང་པའི་དངོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །གང་གིས་རིམ་གྲོ་བྱས་པའམ། །ཡོངས་སུ་བརྙས་པའང་ཅི་ཞིག་ཡོད། །བདེ་བའང་སྡུག་བསྔལ་གང་ལས་ཡིན། །མི་དགར་ཅི་ཡོད་དགར་ཅི་ཡོད། །དེ་ཉིད་དུ་ནི་བཙལ་བྱས་ན། །གང་ཞིག་སྲེད་ཅིང་གང་ལ་སྲེད། །དཔྱད་ན་གསོན་པོའི་འཇིག་རྟེན་འདི། །གང་ཞིག་འདིར་ནི་འཆི་འགྱུར་ཏེ། །འབྱུང་འགྱུར་གང་ཡིན་བྱུང་གྱུར་གང་། །གཉེན་དང་བཤེས་ཀྱང་གང་ཞིག་ཡིན། །ཐམས་ཅད་ནམ་མཁའ་འདྲ་བར་ནི། །བདག་འདྲས་ཡོངས་སུ་གཟུང་བར་གྱིས། །བདག་ཉིད་བདེ་བར་འདོད་རྣམས་ནི། །འཐབ་དང་སྤྲོ་བའི་རྒྱུ་དག་གིས། །རབ་ཏུ་འཁྲུག་དང་དགའ་བར་བྱེད། །མྱ་ངན་འབད་རྩོལ་རྩོད་པ་དང་། །ཕན་ཚུན་གཅོད་དང་འབིགས་པ་དང་། །སྡིག་དག་གིས་ནི་ཚེགས་ཆེན་འཚོ། །བདེ་འགྲོར་ཡང་དང་ཡང་འོངས་ཏེ། །བདེ་བ་མང་པོ་སྤྱད་སྤྱད་ནས། །ཤི་ནས་ངན་སོང་སྡུག་བསྔལ་ནི། །ཡུན་རིང་མི་བཟད་རྣམས་སུ་ལྟུང་། །སྲིད་པ་ན་ནི་གཡང་ས་མང་། །དེར་ནི་དེ་ཉིད་མིན་འདི་འདྲ། །དེར་ཡང་ཕན་ཚུན་འགལ་བས་ན། །སྲིད་ན་དེ་ཉིད་འདི་འདྲ་མེད། །དེ་ཡང་དཔེ་མེད་མི་བཟད་པའི། །སྡུག་བསྔལ་རྒྱ་མཚོ་མཐའ་ལས་འདས། །དེར་ནི་དེ་ལྟར་སྟོབས་ཆུང་ཞིང་། །དེར་ནི་ཚེ་ཡང་ཐུང་བ་ཉིད། །དེར་ཡང་གསོན་དང་ནད་མེད་ཀྱི། །བྱེད་དང་བཀྲེས་ནའི་ངལ་བ་དང་། །གཉིད་དང་འཚེ་དང་དེ་བཞིན་དུ། །བྱིས་དང་འགྲོགས་པ་དོན་མེད་ཀྱིས། །ཚེ་ནི་དོན་མེད་མྱུར་འདའ་ཡི། །རྣམ་དཔྱོད་ཤིན་ཏུ་རྙེད་པར་དཀའ། །དེར་ཡང་རྣམ་གཡེང་གོམས་པ་ནི། །བཟློག་པའི་ཐབས་ནི་ག་ལ་ཡོད། །དེར་ཡང་ངན་སོང་ཆེན་པོར་ནི། །ལྟུང་ཕྱིར་བདུད་ནི་བརྩོན་པར་བྱེད། །དེར་ནི་ལོག་པའི་ལམ་མང་ཞིང་། །ཐེ་ཚོམ་ལས་ཀྱང་བརྒལ་དཀའ་སྟེ། །སླར་ཡང་དལ་བ་རྙེད་དཀའ་ཞིང་། །སངས་རྒྱས་འབྱུང་རྙེད་ཤིན་ཏུ་དཀའ། །ཉོན་མོངས་ཆུ་བོ་སྤང་དཀའ་སྟེ། །ཨེ་མ་སྡུག་བསྔལ་བརྒྱུད་པར་གྱུར། །དེ་ལྟར་ཤིན་ཏུ་སྡུག་བསྔལ་ཡང་། །རང་སྡུག་མི་མཐོང་གང་ཡིན་པ། །སྡུག་བསྔལ་ཆུ་བོར་གནས་འདི་དག །ཀྱི་ཧུད་མྱ་ངན་བྱ་བར་འོས། །དཔེར་ན་འགའ་ཞིག་ཡང་ཡང་ཁྲུས། །བྱས་ཏེ་ཡང་ཡང་མེར་འཇུག་པ། །དེ་ལྟར་ཤིན་ཏུ་སྡུག་བསྔལ་བར། །གནས་ཀྱང་བདག་ཉིད་བདེར་རློམ་བཞིན། །དེ་ལྟར་རྒ་དང་འཆི་མེད་པ། །བཞིན་དུ་སྤྱོད་པས་གནས་རྣམས་ལ། །དང་པོ་ཉིད་དུ་བསད་བྱས་ནས། །ངན་སོང་ལྟུང་བ་མི་བཟད་འོང་། །དེ་ལྟར་སྡུག་བསྔལ་མེས་གདུངས་ལ། །བསོད་ནམས་སྤྲིན་ལས་ལེགས་འཁྲུངས་པའི། །རང་གི་བདེ་བའི་ཚོགས་ཆར་གྱིས། །ཞི་བྱེད་པར་བདག་ནམ་ཞིག་འགྱུར། །ནམ་ཞིག་དམིགས་པ་མེད་ཚུལ་དུ། །གུས་པས་བསོད་ནམས་ཚོགས་བསགས་ཏེ། །དམིགས་པས་ཕུང་བར་འགྱུར་རྣམས་ལ། །སྟོང་པ་ཉིད་ནི་སྟོན་པར་འགྱུར། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་དགུ་པའོ།།
།།བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བརྩམས་པ་ཡི། །དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག །དེ་དག་འཁོར་བ་ཇི་སྲིད་དུ། །ནམ་ཡང་བདེ་ལས་ཉམས་མ་གྱུར། །འགྲོ་བས་བྱང་ཆུབ་སེམས་དཔའ་ཡི། །བདེ་བ་རྒྱུན་མི་འཆད་ཐོབ་ཤོག །འཇིག་རྟེན་ཁམས་ན་དམྱལ་བ་དག །གང་དག་ཇི་སྙེད་ཡོད་པ་རྣམས། །དེ་དག་ཏུ་ནི་ལུས་ཅན་རྣམས། །བདེ་ཅན་བདེ་བས་དགའ་བར་ཤོག །གྲང་བས་ཉམ་ཐག་དྲོ་ཐོབ་ཤོག །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་ལས། །བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། །ཚ་བས་ཉམ་ཐག་བསིལ་བར་ཤོག །རལ་གྲི་ལོ་མའི་ནགས་ཚལ་ཡང་། །དེ་ལ་ཙནྡན་ནགས་སྟུག་ཤོག །ཤལ་མ་རི་ཡི་སྡོང་པོ་ཡང་། །དཔག་བསམ་ཤིང་དུ་འཁྲུངས་པར་ཤོག །འཐིང་རིལ་ངུར་པ་དག་དང་ངང་པ་དང་། །བཞད་སོགས་སྐད་སྙན་འབྱིན་པས་མཛེས་གྱུར་ཅིག །པདྨ་དྲི་བསུང་ཆེ་ལྡན་མཚོ་དག་གིས། །དམྱལ་བའི་ས་ཕྱོགས་དག་ནི་ཉམས་དགར་ཤོག །སོལ་ཕུང་དེ་དག་རིན་ཆེན་ཕུང་པོར་གྱུར། །ས་བསྲེགས་ཤེལ་གྱི་ས་གཞི་བསྟར་བར་ཤོག །བསྡུས་འཇོམས་རི་བོ་རྣམས་ཀྱང་མཆོད་པ་ཡི། །གཞལ་མེད་ཁང་གྱུར་བདེ་གཤེགས་གང་བར་ཤོག །མདག་མ་རྡོ་བསྲེགས་མཚོན་གྱི་ཆར་པ་དག །དེང་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར། །ཕན་ཚུན་མཚོན་གྱིས་འདེབས་པ་དེ་ཡང་ནི། །དེང་ནས་རྩེ་ཕྱིར་མེ་ཏོག་འཕེན་པར་ཤོག །ཆུ་བོ་རབ་མེད་མེ་དོང་འདྲ་ནང་བྱིང་བ་དག །ཤ་ཀུན་ཞིག་གྱུར་རུས་གོང་མེ་ཏོག་ཀུནྡའི་མདོག །བདག་གི་དགེ་བའི་སྟོབས་ཀྱིས་ལྷ་ཡི་ལུས་ཐོབ་ནས། །ལྷ་མོ་རྣམས་དང་ལྷན་ཅིག་དལ་གྱིས་འབབ་གནས་ཤོག །ཅི་ཕྱིར་འདིར་ནི་གཤིན་རྗེའི་མི་དང་ཁྲ་དང་བྱ་རྒོད་མི་བཟད་རྣམས་སྐྲག་བྱེད། །ཀུན་ནས་མུན་བསལ་བདེ་དགའ་བསྐྱེད་པའི་མཐུ་བཟང་འདི་ཀོ་སུ་ཡི་མཐུ་སྙམ་སྟེ། །གྱེན་དུ་བལྟས་ན་ནམ་མཁའི་དཀྱིལ་ན་ཕྱག་ན་རྡོ་རྗེ་འབར་བ་བཞུགས་མཐོང་ནས། །རབ་ཏུ་དགའ་བའི་ཤུགས་ཀྱིས་སྡིག་དང་བྲལ་ནས་དེ་དང་ལྷན་ཅིག་འགྲོ་བར་ཤོག །མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་བབས་པ་ཡིས། །དམྱལ་བའི་མེ་མདག་ཆིལ་ཆིལ་གསོད་པར་མཐོང་གྱུར་ནས། །གློ་བུར་བདེ་བས་ཚིམ་པ་འདི་ཅི་བསམ་པ་དང་། །སེམས་དམྱལ་རྣམས་ཀྱིས་ཕྱག་ན་པདྨ་མཐོང་བར་ཤོག །གྲོགས་དག་འཇིགས་པ་བོར་ལ་རིངས་པར་ཚུར་ཤོག་འུ་བུའི་ཐད་དུ་ནི། །གང་གི་མཐུ་ཡིས་སྡུག་བསྔལ་ཀུན་བྲལ་དགའ་བའི་ཤུགས་ཕྱིན་ལ། །འགྲོ་བ་ཀུན་ནས་ཡོངས་སྐྱོབ་བྱང་ཆུབ་སེམས་དང་བརྩེ་བ་སྐྱེས་གྱུར་པ། །གཞོན་ནུ་ཟུར་ཕུད་ཅན་འབར་འཇིགས་པ་མེད་པར་བྱེད་པ་ཅི་ཞིག་ཕྱིན། །ཁྱོད་ཀྱི་ལྷ་བརྒྱའི་ཅོད་པན་དག་གིས་ཞབས་ཀྱི་པདྨ་ལ་མཆོད་ཅིང་། །ཐུགས་རྗེའི་རླན་སྤྱན་དབུ་ལ་མེ་ཏོག་དུ་མའི་ཚོགས་ཀྱིས་ཆར་འབབ་པ། །ཁང་བརྩེགས་ཡིད་འོང་ལྷ་མོ་སྟོང་ཕྲག་བསྟོད་དབྱངས་སྒྲོགས་ལྡན་འདི་ལྟོས་ཞེས། །འཇམ་དབྱངས་དེ་འདྲ་མཐོང་ནས་ད་ནི་སེམས་དམྱལ་ཅ་ཅོ་འདོན་པར་ཤོག །དེ་ལྟར་བདག་གི་དགེ་རྩས་ཀུན་དུ་བཟང་ལ་སོགས། །བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་སྤྲིན་བདེ་བ་དང་། །བསིལ་ཞིང་དྲི་ཞིམ་དང་ལྡན་ཆར་པ་འབེབས་མཐོང་ནས། །སེམས་ཅན་དམྱལ་བ་དེ་དག་མངོན་པར་དགའ་གྱུར་ཅིག །དུད་འགྲོ་རྣམས་ནི་གཅིག་ལ་གཅིག །ཟ་བའི་འཇིགས་དང་བྲལ་བར་ཤོག །སྒྲ་མི་སྙན་པའི་མི་བཞིན་དུ། །ཡི་དགས་རྣམས་ནི་བདེ་བར་གྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི། །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དགས་རྣམས་ནི་ཚིམ་བྱས་ཤིང་། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ལོང་བ་རྣམས་ཀྱིས་མིག་མཐོང་ཞིང་། །འོན་པས་རྟག་ཏུ་སྒྲ་ཐོས་ཤོག །ལྷ་མོ་སྒྱུ་འཕྲུལ་ཇི་བཞིན་དུ། །སྦྲུམ་མའང་གནོད་མེད་བཙའ་བར་ཤོག །གཅེར་བུ་རྣམས་ཀྱིས་གོས་དག་དང་། །བཀྲེས་པ་རྣམས་ཀྱིས་ཟས་དང་ནི། །སྐོམ་པ་རྣམས་ཀྱིས་ཆུ་དག་དང་། །བཏུང་བ་ཞིམ་པོ་ཐོབ་པར་ཤོག །བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག །མྱ་ངན་ཉམ་ཐག་དགའ་ཐོབ་ཤོག །ཡི་ཆད་རྣམས་ཀྱང་ཡིད་སོས་ཤིང་། །བརྟན་པ་ཕུན་སུམ་ཚོགས་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །སྐྲག་པ་རྣམས་ནི་འཇིགས་མེད་ཤོག །བཅིངས་པ་རྣམས་ནི་གྲོལ་བར་འགྱུར། །མཐུ་མེད་རྣམས་ནི་མཐུ་ལྡན་ཞིང་། །སེམས་ནི་ཕན་ཚུན་མཉེན་གྱུར་ཅིག །འདྲོན་པ་དག་ནི་ཐམས་ཅད་ལ། །ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག །གང་གི་དོན་དུ་འགྲོ་བྱེད་པ། །དེ་འབད་མི་དགོས་གྲུབ་གྱུར་ཅིག །གྲུ་དང་གྲུ་ཆེན་ཞུགས་པ་རྣམས། །ཡིད་ལ་བསམ་པ་གྲུབ་གྱུར་ཏེ། །ཆུ་ཡི་ངོགས་སུ་བདེར་ཕྱིན་ནས། །གཉེན་དང་ལྷན་ཅིག་དགའ་བར་ཤོག །མྱ་ངན་ལམ་གོལ་འཁྱམས་པ་རྣམས། །འདྲོན་པ་དག་དང་ཕྲད་གྱུར་ནས། །ཆོམ་རྐུན་སྟག་སོགས་འཇིགས་མེད་པར། །མི་དལ་བདེ་བླག་འདོང་བར་ཤོག །དགོན་སོགས་ལམ་མེད་ཉམ་ང་བར། །བྱིས་པ་རྒན་པོ་མགོན་མེད་པ། །གཉིད་ལོག་མྱོས་ཤིང་རབ་མྱོས་རྣམས། །ལྷ་དག་སྲུང་བར་བྱེད་པར་ཤོག །མི་དལ་ཀུན་ལས་ཐར་བ་དང་། །དད་དང་ཤེས་རབ་བརྩེ་ལྡན་ཞིང་། །ཟས་དང་སྤྱོད་པ་ཕུན་ཚོགས་ནས། །རྟག་ཏུ་ཚེ་རབས་དྲན་གྱུར་ཅིག །ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །སེམས་ཅན་གཟི་བརྗིད་ཆུང་ངུ་གང་། །དེ་དག་གཟི་བརྗིད་ཆེན་པོར་ཤོག །དཀའ་ཐུབ་ཅན་གང་གཟུགས་ངན་པ། །གཟུགས་བཟང་ཕུན་སུམ་ཚོགས་གྱུར་ཅིག །འཇིག་རྟེན་བུད་མེད་ཇི་སྙེད་པ། །དེ་དག་སྐྱེས་པ་ཉིད་གྱུར་ཅིག །མ་རབས་རྣམས་ནི་མཐོ་ཐོབ་ཅིང་། །ང་རྒྱལ་དག་ཀྱང་བཅོམ་པར་ཤོག །བདག་གི་བསོད་ནམས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་མ་ལུས་པ། །སྡིག་པ་ཐམས་ཅད་སྤངས་ནས་ནི། །རྟག་ཏུ་དགེ་བ་བྱེད་པར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་གཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤང་བར་ཤོག །སེམས་ཅན་དེ་དག་ཐམས་ཅད་ནི། །ཚེ་ཡང་དཔག་མེད་རིང་བར་ཤོག །རྟག་ཏུ་བདེ་བར་འཚོ་འགྱུར་ཞིང་། །འཆི་བའི་སྒྲ་ཡང་གྲག་མ་གྱུར། །དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །སངས་རྒྱས་དང་ནི་སངས་རྒྱས་སྲས། །ཆོས་སྙན་སྒྲོགས་པས་གང་བ་ཡིས། །ཕྱོགས་རྣམས་ཐམས་ཅད་གང་བར་ཤོག །ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་མཉམ་པ་བཻ་ཌཱུརྱའི། །རང་བཞིན་འཇམ་པོར་གནས་པར་གྱུར། །འཁོར་གྱི་དཀྱིལ་འཁོར་ཡོད་དགུར་ཡང་། །བྱང་ཆུབ་སེམས་དཔའ་མང་པོ་དག །རང་གི་ལེགས་པས་ས་སྟེངས་དག །བརྒྱན་པར་མཛད་པས་བཞུགས་གྱུར་ཅིག །ལུས་ཅན་ཀུན་གྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པར་ཐོས་པར་ཤོག །དེ་དག་རྟག་ཏུ་སངས་རྒྱས་དང་། །སངས་རྒྱས་སྲས་དང་ཕྲད་གྱུར་ཅིག །མཆོད་པའི་སྤྲིན་ནི་མཐའ་ཡས་པས། །འགྲོ་བའི་བླ་མ་མཆོད་པར་ཤོག །ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག །འཇིག་རྟེན་དག་ཀྱང་དར་བར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང་། །གསང་སྔགས་བཟླས་བརྗོད་གྲུབ་པར་ཤོག །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །སེམས་ཅན་འགའ་ཡང་སྡུག་མ་གྱུར། །འཇིགས་དང་བརྙས་པར་མི་འགྱུར་ཞིང་། །འགའ་ཡང་ཡིད་མི་བདེ་མ་གྱུར། །གཙུག་ལག་ཁང་རྣམས་ཀློག་པ་དང་། །ཁ་ཐོན་གྱིས་བརྒྱན་ལེགས་གནས་ཤོག །རྟག་ཏུ་དགེ་འདུན་མཐུན་པ་དང་། །དགེ་འདུན་དོན་ཡང་གྲུབ་པར་ཤོག །བསླབ་པ་འདོད་པའི་དགེ་སློང་དག །དབེན་པ་དག་ཀྱང་ཐོབ་པར་ཤོག །གཡེང་བ་ཐམས་ཅད་སྤངས་ནས་ནི། །སེམས་ནི་ལས་རུང་སྒོམ་གྱུར་ཅིག །དགེ་སློང་མ་རྣམས་རྙེད་ལྡན་ཞིང་། །འཐབ་དང་གནོད་པ་སྤང་བར་ཤོག །དེ་བཞིན་རབ་ཏུ་བྱུང་བ་ཀུན། །ཚུལ་ཁྲིམས་ཉམས་པ་མེད་གྱུར་ཅིག །ཚུལ་ཁྲིམས་འཆལ་བས་ཡིད་བྱུང་ནས། །རྟག་ཏུ་སྡིག་པ་ཟད་བྱེད་ཤོག །བདེ་འགྲོ་དག་ཀྱང་ཐོབ་གྱུར་ནས། །དེར་ཡང་བརྟུལ་ཞུགས་མི་ཉམས་ཤོག །མཁས་པ་རྣམས་ནི་བཀུར་བ་དང་། །བསོད་སྙོམས་དག་ཀྱང་རྙེད་པར་ཤོག །རྒྱུད་ནི་ཡོངས་སུ་དག་པ་དང་། །ཕྱོགས་རྣམས་ཀུན་ཏུ་གྲགས་པར་ཤོག །ངན་སོང་སྡུག་བསྔལ་མ་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པར་ཡང་། །ལྷ་བས་ལྷག་པའི་ལུས་ཀྱིས་ནི། །དེ་དག་སངས་རྒྱས་མྱུར་འགྲུབ་ཤོག །སེམས་ཅན་ཀུན་གྱིས་ལན་མང་དུ། །སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང་། །སངས་རྒྱས་བདེ་བ་བསམ་ཡས་ཀྱིས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །དེ་བཞིན་རང་སངས་རྒྱས་རྣམས་དང་། །ཉན་ཐོས་རྣམས་ཀྱང་བདེ་གྱུར་ཅིག །བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་དགའ་བ་ཐོབ་བར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང་། །རབ་ཏུ་བྱུང་བ་ཐོབ་པར་ཤོག །བདག་ནི་ཁ་ཟས་གྱི་ནས་ཀྱང་། །ཉམས་དང་ལྡན་ཞིང་འཚོ་བར་ཤོག །ཚེ་རབས་ཀུན་དུ་དབེན་གནས་པར། །ཕུན་སུམ་ལྡན་པ་ཐོབ་པར་ཤོག །གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་དེ་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུའི་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །འགྲོ་བའི་སྡུག་བསྔལ་གང་ཅིའང་རུང་། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས། །འགྲོ་བ་བདེ་ལ་སྤྱོད་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །གང་གི་དྲིན་གྱིས་དགེ་བློ་འབྱུང་། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདག་དར་བ། །དགེ་བའི་བཤེས་ལའང་བདག་ཕྱག་འཚལ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བསྔོ་བ་ཞེས་བྱ་བ་སྟེ་ལེའུ་བཅུ་པའོ།།
།།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སློབ་དཔོན་ཤནྟ་དེ་བས་མཛད་པ་རྫོགས་སོ།།
།།རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཁ་ཆེའི་དཔེ་ལས་ཞུས་ཏེ་གཏན་ལ་ཕབ་པ་ལས། སླད་ཀྱིས་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོ་དང་། ཤཱཀྱ་བློ་གྲོས་ཀྱིས་ཡུལ་དབུས་ཀྱི་དཔེ་དང་འགྲེལ་པ་དང་མཐུན་པར་བཅོས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། །ཡང་དུས་ཕྱིས་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་དག་པར་བཅོས་ཤིང་བསྒྱུར་ཏེ་ལེགས་པར་གཏན་ལ་ཕབ་པའོ།། །།