སྤྱིར་སྒོམ་ཆོས་རྗེ་རང་བྱུང་རིན་པོ་ཆེའི་ཟིན་ཐུན་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །སྤྱིར་སྒོམ་ཆོས་རྗེ་རང་བྱུང་རིན་པོ་ཆེའི་ཟིན་ཐུན་བཞུགས་སོ། །[1]

༄༅། །བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྤྱིར་སྒོམ་ཉམས་སུ་ལེན་པ་ལ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པས་སོ། །ཐུན་མོང་ནི་སྒོམ་ལ་ཐེག་པ་ཆུང་ངུ་དང་ཆེན་པོའོ། །ཆུང་ངུ་ལ་ཡང་གཉིས་སྟེ། འཇིག་རྟེན་ཀྱི་ལམ་སྒོམ་པ་དང་། འཇིག་རྟེན་འདས་འགྲོའི་ལམ་སྒོམ་པའོ། །དང་པོ་ལ་འདོད་ཁམས་ཀྱིས་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་སྒོམ་པ་དང་། ཞེ་སྡང་གི་གཉེན་པོས་བྱམས་པ་སྒོམ་པ་དང་། གཏི་མུག་གི་གཉེན་པོར་རྟེན་འབྲེལ་དང་། ང་རྒྱལ་ཀྱི་གཉེན་པོར་ཕུང་པོ་དང་ཁམས་རྣམ་པར་དབྱེ་བ་དང་། རྣམ་རྟོག་མང་བའི་གཉེན་པོར་རླུང་དབྱུང་བ་དང་། རྔུབ་པའི་རྗེས་དྲན་སྒོམ་པ་སྟེ་ལྔ་དང་། གཟུགས་ཁམས་ཀྱི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་ཞི་རགས་ཀྱི་རྣམ་པ་སྒོམ་པས་གོང་མ། གོང་མའི་ཡན་ལག་སྔོན་དུ་བྱེད་ཅིང་། ཉོན་མོངས་པ་ཀུན་ལྡང་མགོ་ནོན་པ་དང་། སྣང་བ་དང་ཐོགས་པ་དང་། རྣོན་ཀྱི་གཉེན་པོར་ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྟེ། གཟུགས་མེད་ཀྱི་ཏིང་ངེ་འཛིན་བཞི་སྒོམ་པ་དང་། བསམ་གཏན་གསུམ་པ་སྒོམ་པས་བཞི་པ་སྒོམས་པ་དང་དུས་ལྟ་བུ། འདུ་ཤེས་དང་ཚོར་བ་འགོག་པ་སྒོམ་པས་འདུ་ཤེས་མེད་པའི་སྙོམས་འཇུག་ཅེས་བྱ། འཇིག་རྟེན་པའི་འགོག་པའི་སྙོམས་འཇུག་དེ། འདིར་རྣམས་འཇིག་རྟེན་པའི་ལམ་གྱི་འགྲོ་བ་སྟེ། འདིར་མ་འདུས་པ་མེད་ཅིང་། ལྷག་པ་ཡང་མེད་དེ་ཤེས་རབ་ཀྱིས་མ་ཟིན་ན། སླར་ཡང་འདོག་པས་ཕྱི་རོལ་པ་དང་ཡང་ཐུན་མོང་ཡིན་ནོ། །གཉིས་པ་འཇིག་རྟེན་འདས་འགྲོ་ནི། སངས་རྒྱས་ཀྱི་ཤེས་རབ་ལ་བསྟེན་ནས། འདུ་བྱས་པ་ཐམས་ཅད་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པས་སྟོང་པ་དང་། དེ་མྱ་ངན་ལས་འདས་ཞི་བར་ཤེས་པ་དང་། ལམ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས། སྒྲུབ་པ་སྟེ། ཤེས་པར་བྱ་བ་དང་སྤང་བར་བྱ་བ་དང་སྔོན་དུ་བྱ་བ་དང་། སྒོམ་པར་བྱ་བར་ཤེས་ནས། གོང་གི་རྣམས་ཉམས་སུ་བླངས་པས། ངེས་པར་གོ་ཆ་དང་། འཇུག་པ་ནི། ཚོགས་དང་སྦྱོར་བའི་ལམ་མོ། །འདོད་པའི་ཁམས་ཀྱི་ཉོན་མོངས་པ་སྤངས་པས། མཐོང་བའི་ལམ་མོ། །བསམ་གཏན་བཞི་དང་གཟུགས་མེད་བཞི་ཡི་ཉོན་མོངས་པ་སྤང་བ་ནི། སྒོམ་པའི་ལམ་མོ། །སྲིད་པའི་རྩེ་མོས་ལས་གྱེན་དུ་སྐྱོད་པའི་འདུ་ཤེས་ཚོར་བ་འགོག་པ་ཐོབ་པ་ནི། འགོག་པའི་སྙོམས་འཇུག་འཇིག་རྟེན་ལས་འདས་པའོ། །འདི་ནས་མཐར་ཕྱིན་པའི་ལམ་མོ། །རྣམ་ཐར་གསུམ་དང་མངོན་ཤེས་ལྔ་དང་། ཟད་པར་དང་ཟིལ་ཀྱི་ནན་པ་མ་འགྲུབས་ན། དགྲ་བཅོམ་པ་རྒྱན་མེད་པའོ། །འདིར་རྣམས་དང་མཐར་གནས་དགུའི་ཕྱོགས་དང་ཐོད་རྒལ་ཀྱི་སྡོམ་འཇུག་ཅིག་རིགས་པ་དང་ལྡན་པའི་དགྲ་བཅོམ་པ་ནི་རྒྱན་དང་བཅས་པའོ། །མཐར་ཐུག་ཀྱང་ཕུང་པོའི་ཟག་བཅས་ལྷག་མ་ཡོད་པས། ལྷག་མ་དང་བཅས་པས་སོ། །དེ་སྤངས་ནས་ལྷག་མེད་དེ། མྱང་འདས་སུ་སོང་བ་ཞེས་བྱའོ། །ལམ་འདི་ཡི་སྟེང་དུ་སེམས་ཅན་མང་རབ་ཀྱི་དོན་བྱེད་པའི་སྙིང་རྗེས་སྐལ་པ་སུམ་ཅུ་དང་། ལྔ་བཅུ་དང་། བརྒྱར་རྒྱན་རྣམས་སྒོམ་ཞིང་། སངས་རྒྱས་མཆོད་པ་དང་། ཆོས་ཉན་པ་དང་། གཞན་ལ་ཕན་པར་བྱས་སྟེ། སངས་རྒྱས་མི་བཞུགས་པའི་ཞིང་དུ། རང་གིས་བྱང་ཆུབ་ཐོབ་པར་བྱེད་ཅིང་ངག་གིས་ཆོས་མི་སྟོན་པར་ཞི་བར་འཇུག་པ་རང་སངས་རྒྱས་ཞེས་བྱ་ཏེ། ཚོགས་སྤྱོད་ཆེན་པོ་དང་ཆུང་ངུ་དང་། བསེ་རུ་ལྟ་བུ་ཞེས་བྱ་བ་རྣམས་སུ་གྱུར་པ་དེ་ཐེག་ཆུང་གི་ཚུལ་རྣམས་སོ། །ཐུན་མོང་དུ་གསུངས་པའི་ཐེག་པ་ཆེན་པོའི་ལམ་སྒོམ་ཚུལ་ནི། ཁམས་གསུམ་ཀྱི་སེམས་ཅན་རྣམས་ཕ་མར་ཤེས་ཤིང་། ཚད་མེད་པ་བཞི་ལ་བསྟེན་པའི་སྙིང་རྗེ་རྒྱ་ཉི་ཤུ་སྒོམ་པས་སྨོན་པ་དང་འཇུག་པའི་སེམས་བསྐྱེད་ཅིང་། ཕ་རོལ་དུ་ཕྱིན་པ་དྲུག་པོ་སྦྱིན་པ་དང་། ཚུལ་ཁྲིམས་རྒྱ་ཆེན་པོར་སྤྱོད་པ་དང་། བཟོད་པ་དང་བརྩོན་འགྲུས་རྒྱ་ཆེ་བས་གྲོགས་བྱེད་ཅིང་། ཐེག་ཆུང་བ་དང་མཐུན་པའི་བསམ་གཏན་རྣམས་སྒོམ་པ་དང་ཤེས་རབ་གྱིས་ཤེས་བྱའི་དོན་རང་གི་མཚན་ཉིད་མ་འདྲེས་པ་དང་། བྱེད་པ་མེད་པ་དང་། རང་བཞིན་མིང་དང་མ་འབྲེལ་བ་དང་། མིང་ལ་དོན་མེད་པ་དང་། དོན་ལ་མིང་མེད་པ་དང་། དོན་ལ་བསྟེན་ནས་མིང་འདགས་པ་དང་། མིང་ལ་བསྟེན་ནས་དོན་ལ་འཇུག་པ་དང་ཆོས་གང་ཡང་མི་འཕོ། མི་སྐྱེ་མི་འགག་ཅི་ཡང་སྟེན་ཅིང་འབྲེལ་སྟེ་འབྱུང་བར་མཐོང་བས། ཆད་པ་དང་རྟག་པར་མཐོང་བ་དང་། འགྲོ་འོང་སོང་མི་དམིགས་པ་འདི་ལྟར་སྤྱོད་པས། ཉོན་མོངས་པ་རྣམས་སེལ་ཅིང་། འཁོར་བར་སྐྱོ་བ་མེད་པའི་གོ་ཆ་དང་། འཇུག་པ་སྒྲུབ་པ་ནི་ཚོགས་དང་སྦྱོར་བའོ། །སེམས་ས་བོན་ཐམས་ཅད་པ་ལ། ཉོན་མོངས་པའི་ཆོས་དང་གང་ཟག་མ་འབྲེལ་བ། མངོན་སུམ་དུ་མཐོང་བ་ནི་མཐོང་ལམ་མོ། །རྣམ་པར་མི་རྟོག་པའི་ཤེས་རབ་དེ་དང་། བསམ་གཏན་བཞི་པ་ལ་བསྟེན་ནས། ཟད་པར་དང་ཟིལ་གྱིས་གནོན་པ་དང་། ཐར་གྱི་གནས་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་ཐོད་སྒལ་གྱི་སྙོམས་འཇུག་དང་། ཏིང་ངེ་འཛིན་རྣམས་སྦྱོང་ཞིང་། མོས་པ་དང་། བསྔོ་བ་དང་། རྗེས་སུ་ཡིད་རང་བའི་ཐབས་མཁས་པས་མཐུ་རྫོགས་པར་བྱེད་པས། ཉོན་སྒྲིབ་ལྷག་མ་དང་། ཤེས་བྱ་ལ་སྒྲིབ་པ་སྦྱོང་བ་ནི་སྒོམ་ལམ་ས་དྲུག་དང་། རྣམ་པར་མི་རྟོག་པ་དང་། གཟུངས་དང་སོ་སོ་ཡང་དག་པར་རིག་པ་དང་། ཡེ་ཤེས་དང་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་སྦྱོང་བ་དག་པ་ས་གསུམ་སྟེ་སྒོམ་ལམ་མོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་པ་ལྷག་མ་མ་རིག་པའི་བག་ཆགས་ཀྱི་སྤོང་ཞིང་། སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ཆེན་པོའི་དབང་བསྐུར་བ་ནི་མཐར་ཕྱིན་པའི་ལམ་སྟེ། སྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་པ་ཞེས་བྱའོ། །ཐུན་མོང་མ་ཡིན་པའི་སེམས་སྒོམ་པའི་ཚུལ་ལ་གཉིས་སྟེ། དོན་དང་ཐབས་སོ། །དང་པོ་ནི་ཤེས་བྱའི་གཞི་དྲི་མ་མེད་པའི་སངས་རྒྱས་ཀྱི་སྙིང་པོ་སྤྲོས་པ་ཐམས་ཅད་དང་བྲལ་བས། གདོད་མ་ནས་ཞི་བ་དང་། ལུས་དང་སེམས་ལ་སངས་རྒྱས་ཀྱི་ཡོན་ཏན་དྲུག་ཅུ་རྩ་བཞི་མ་ཚང་བ་མེད་པར་ཡིད་ཆོས། ཇི་ལྟ་བ་དང་། ཇི་སྙེད་པ་ཡོངས་སུ་གྲུབ་པར་རྟོགས་ཤིང་། དེ་ལ་ཡུལ་དང་ཡུལ་ཅན་ཐ་དད་དུ་སྣང་བའི་ཞིང་དང་དོན་མ་རྟོགས་པའི་འདུ་བྱེད་པ་ལས་མིང་དང་དོན་ལ་མཚན་མར་འཛིན་པ་འབྱུང་པས། གཞན་དབང་དང་ཀུན་གཏགས། ས་བོན་ཐམས་ཅད་པའི་ཀུན་གཞི་རྣམ་པར་ཤེས་པ་དྲི་མ་གློ་བུར་བར་མཐོང་ནས་ཆོས་ལྔ་དང་། རང་བཞིན་གསུམ་དང་། རྣམ་པར་ཤེས་པ་བརྒྱད་ཀྱི་བསང་བ་ངེས་པར་རྟོག་ཅིང་། བདེན་པ་གཉིས་ཀྱི་རང་བཞིན་ཤེས་པར་བྱེད་པ་འདི་ལས། གཞི་ཤེས་པ་དང་། ལམ་ཤེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བླང་དོར་ཀྱི་ཚུལ་ཤེས་པ་ནི་རྒྱུ་དང་། དེའི་སྦྱོར་བ་ལ་འཇུག་པ་དང་། རྩེ་མོ་དང་མཐར་གྱིས་སྒོམ་པ་དང་། སྐད་ཅིག་མའི་སྐབས་ཀྱི་ལམ་སྒོམ་པའི་ཚུལ་ལ་འཇུག་ཅིང་། མཐར་ཐུག་པ་དྲི་མ་ཐམས་ཅད་དང་བྲལ་བའི་འབྲས་བུ་མཛད་པ་འཕྲིན་ལས་དང་བཅས་པའི་ཁམས་ཐོབ་པར་གྱུར་པ་ལ། དམིགས་པ་དང་རྣམ་པ་ཚད་མེད་པའི་ཚུལ་གྱིས་སྒོམས་པར་བྱེད་པའོ། །ཐབས་ནི་ཡུལ་ཀྱི་གནད་དང་རྩ་དང་། རླུང་དང་། ཐིག་ལེ་དང་། རྣམ་པར་རྟོག་པ་རེ་རེ་ལའང་། དབང་ཆ་དང་གཉེན་པོའི་ཚུལ་ཤེས་ནས་བསམ་གྱིས་མི་ཁྱབ་པ་ཤེས་པའི་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ཐེག་པའི་ཚུལ་སོ་སོ་ལ་མོས་སེམས་འཛིན་པའི་ཞི་གནས་དང་། རང་རང་གི་ཚུལ་རྗེས་སུ་དྲན་པའི་དོན་སྒོམ་པས་སྟེ། འདི་ཤེས་ན་སངས་རྒྱས་ཀྱི་རྫུ་འཕྲུལ་ཀྱི་གྲོལ་གྱིས་འགྲོ་བའི་ལམ་ཞེས་བྱས་སྟེ་བསམ་གྱིས་མི་ཁྱབ་བོ། །རྟོགས་པའི་ལྷག་མཐོང་ནི་ཀུན་ཏུ་འགྲོ་བ་ཉིད་དོ། །ཉམས་སུ་བླངས་ཚུལ་ཀྱི་དོན་བསྡུས་པ་འདི། འགྲོ་བའི་ཤེས་རབ་སྣང་བར་བྱེད་པ་དང་། བསམ་གྱིས་མི་ཁྱབ་དོན་ལ་འཇུག་ཕྱིར་བྲིས། སེམས་ཅན་ཐམས་ཅད་ཡེ་ཤེས་སྐུ་ཐོབ་ཤོག །ཅེས་པ་འདི་ནི་ཆོས་ཀྱི་རྗེ་རང་བྱུང་རྡོ་རྗེའི་ཡིས་ལུགས་ལོ་ཟླ་བ་བཅུ་པའི་ཚེས་བཅུ་གསུམ་ལ་རི་ཁྲོད་བདེ་ཆེན་དུ་མཛད་པའོ། །བཀྲ་ཤི་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཞུས་སོ།། དགེའོ། །།བཀྲ་ཤིས། ཱ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net