སྡོམ་པ་གསུམ་གྱི་རྣམ་གཞག་མདོར་བསྡུས་པ་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །སྡོམ་པ་གསུམ་གྱི་རྣམ་གཞག་མདོར་བསྡུས་པ་བཞུགས། ཀརྨ་པ་བདུན་པའི་ཞབས་ཀྱིས་མཛད།[1]

༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལམ་པའི་སྤོང་བའི་སེམས་ཀྱི་སྡོམ་མེད་ཀྱང་། །འབྲས་བུར་གྱུར་པ་སྤངས་པའི་ཟག་མེད་སྡོམ། །གང་ལ་མངའ་བ་རྫོགས་པའི་སངས་རྒྱས་དང་། །དེ་ཡི་ཆོས་དང་འཕགས་པའི་དགེ་འདུན་ལ། །ཕྱག་འཚལ་ནས་ནི་སྡོམ་པ་གསུམ་པོ་དག །རྒྱལ་བའི་མདོ་དང་རྒྱུད་སྡེ་ལས་གསུངས་པ། །བཀའ་བརྒྱུད་མཆོག་ལས་བརྒྱུད་པ་ཇི་བཞིན་དུ། །མདོར་བསྡུས་ཙམ་ཞིག་འདིར་བཤད་བྱ་ཡི་ཉོན། ། འདིར་སྡོམ་པ་གསུམ་མདོར་བསྡུས་ཏེ་བཤད་པ་ལ་གཉིས། བཤད་སྲོལ་ཇི་ལྟར་བྱུང་བ་དང་། བཤད་པ་དངོས་སོ། །དང་པོ་ལ་གསུམ། རྒྱ་གར་བའི་ལུགས་ཀྱི་བཤད་སྲོལ་བོད་དུ་བྱུང་བ་དང་། བོད་གཞན་གྱི་ལུགས། བཀའ་བརྒྱུད་རིན་པོ་ཆེའི་བཤད་སྲོལ་ལོ། །དང་པོ་ནི། རྒྱ་གར་བའི་ལུགས་བོད་དུ་འགྱུར་བ་ལ། ཨ་བྷ་ཡཱ་ཀ་རའི་ཐུབ་པ་དགོངས་རྒྱན་ལས་འབྱུང་བ་དང་། བི་བྷུ་ཏི་ཙནྡྲའི་འོད་ཕྲེང་ལས་འབྱུང་བ་གཉིས་ལས། དང་པོ་ནི། གསེར་གྱི་རྒྱན་གསེར་དུ་རིགས་གཅིག་ཀྱང་། མགོ་རྒྱན་དང་རྐང་གདུབ་ལག་གདུབ་སོགས་ཐ་དད་པ་བཞིན་དུ། སྡོམ་པ་གསུམ་པོ་སྤོང་བའི་སེམས་པར་རིགས་གཅིག་ཀྱང་། སྡོམ་པ་གསུམ་ཐ་དད་པར་གསལ་བར་བཤད་དོ། །བི་བྷུ་ཏིས་ནི། སྐར་མ་དང་ཟླ་བ་ཉི་མ་གསུམ་གྱི་དཔེས་ཟླ་བ་ཤར་བ་ན། སྐར་འོད་ཟིལ་གྱིས་མནན་ནས་བག་ལ་ཞ་བར་འགྱུར་བ་དང་། ཉི་མ་ཤར་བ་ན་ཟླ་འོད་ཀྱང་ཟིལ་གྱིས་མནན་ནས་བག་ལ་ཞ་བར་འགྱུར་ཀྱང་། ཉི་ཟླ་སྐར་གསུམ་ཐ་དད་པ་བཞིན་དུ། སྡོམ་པ་གསུམ་པོ་ཡང་གོང་མ་གོང་མ་ཐོབ་པས། འོག་མ་འོག་མ་ཟིལ་གྱིས་མནན་ནས། བག་ལ་ཞ་བར་གྱུར་ཀྱང་ངོ་བོ་ཐ་དད་པར་བཤད་དོ། ། གཉིས་པ་བོད་ཀྱི་ལུགས་ལ་སྣ་ཚོགས་པ་འདུག་ཀྱང་། རྩ་ལྟུང་འཁྲུལ་སྤོང་བས། རྒྱུད་འབུམ་པར། རྡོ་ཡི་རིགས་ཀྱི་བྱེ་བྲག་ནི། །བཞུགས་པས་གསེར་དངུལ་ཟངས་ལྕགས་འགྱུར། །གསེར་འགྱུར་རྩི་ཡི་རང་བཞིན་གྱིས། །ཐམས་ཅད་གསེར་དུ་བསྒྱུར་བ་བཞིན། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རིག་པ་འཛིན་པ་ཞེས་བྱའོ། །ཞེས་འབྱུང་བས། གསེར་འགྱུར་གྱི་དཔེས། སྡོམ་པ་གསུམ་གནས་གྱུར་ངོ་བོ་གཅིག་པར་བཤད་ཅེས་རྗེས་འབྲངས་རྣམས་ཀྱིས་འདོད་ཅིང་། སྡོམ་གསུམ་རབ་དབྱེར། སོ་སོ་ཐར་པའི་སྡོམ་པ་ལ། །ཉན་ཐོས་ཐེག་ཆེན་ལུགས་གཉིས་ཡོད། །ཅེས་བཤད་ནས། བསམ་པ་སེམས་བསྐྱེད་ཀྱིས་ཟིན་པའི། །ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། །སོ་སོ་ཐར་པ་རིགས་བརྒྱད་པོ། །ཐེག་ཆེན་སོ་སོ་ཐར་པར་འགྱུར། །ཞེས་སོགས་ཀྱིས་གནས་གྱུར་པར་བསྟན་པར་འདིའི་རྗེས་འབྲངས་རྣམས་ཀྱིས་འདོད་ཅིང་། ཐེག་ཆེན་སོ་སོ་ཐར་ཡིན་ཡང་། །དགེ་སློང་ལ་སོགས་སྡོམ་པ་ཡི། །ལྡོག་པ་ཤི་བའི་ཚེ་ན་གཏོང་། །ཞེས་སོགས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པར་འདོད་དོ། །སྡོམ་གསུམ་རྣམ་གཞག་པས། ལི་ལྡེར་སོགས་སྣོད་ཤིན་ཏུ་དངས་པ་ལ། ཆུ་དངས་པ་བླུགས་པའི་ནང་དུ། རིན་པོ་ཆེ་ཨིནྡྲ་ནཱི་ལ་བཞག་པ་ན། སྣོད་ཆུ་སོགས་ཁ་དོག་སྔོན་པོར་འགྱུར་བས། ཨིནྡྲ་ནཱི་ལའི་ཡན་ལག་ཏུ་འགྱུར་ཀྱང་། དེ་གསུམ་ཐ་དད་པ་བཞིན་དུ། ཆོ་ག་རིགས་ཐ་དད་པས་ཐོབ་པའི་སྡོམ་པ་གསུམ་པོ་མི་གཅིག་ཀྱང་། གོང་མས་ཟིན་པ་ན། འོག་མ་ཡན་ལག་ཏུ་འགྱུར་བ་ཡིན་ཏེ། བྱང་ས་ལས། སོ་སོ་ཐར་པའི་སྡོམ་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པའི་ཕྱོགས་གཅིག་ཉིད་དུ་རིག་པར་བྱའོ། །ཞེས་སོགས་བཤད་པ་ཤེས་བྱེད་དུ་འདྲེན་པར་བྱེད་དོ། ། གསུམ་པ་བཀའ་བརྒྱུད་རིན་པོ་ཆེའི་བཤད་སྲོལ་ལ། མགོན་པོ་ཟླ་འོད་གཞོན་ནུའི་ཐར་པ་རིན་པོ་ཆེའི་རྒྱན་ལས། ཐེག་དམན་གྱི་སོ་ཐར་སྡོམ་པ་ཐོབ་ལ་མ་ཉམས་པ་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པ་ན། བྱང་སེམས་ཀྱི་སྡོམ་པའི་ཚུལ་ཁྲིམས་སུ་འགྱུར་བར་གསུངས་པ་ནི། ཐེག་ཆེན་རང་གི་ཐུན་མོང་མ་ཡིན་པའི་སྡོམ་པའི་ཚུལ་ཁྲིམས་སུ་འགྱུར་བ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན། ཐེག་ཆེན་གྱི་སྡོམ་པའི་ཚུལ་ཁྲིམས་ཐེག་དམན་སོ་ཐར་གྱི་ཆོ་ག་ལས་ཐོབ་དགོས་པས་ཁྱབ་པར་འགྱུར་རོ། །དེ་ལྟར་ན། ཐེག་ཆེན་པའི་སྡོམ་པའི་ཚུལ་ཁྲིམས་ལ་ཐེག་ཆེན་རང་གི་སྡེ་སྣོད་ནས་འབྱུང་བའི་ཆོ་ག་མེད་པར་འགྱུར་ན། དེ་ཡང་མི་རིགས་ཏེ། ཐེག་ཆེན་གྱི་བྱང་སྡོམ་ལ་རང་ཐོབ་བྱེད་ཀྱི་ཆོ་ག་རྒྱ་ཆེར་དངོས་སུ་འབྱུང་བའི་ཕྱིར་རོ། །དེས་ན་ཐར་རྒྱན་ལས་དེ་བཞིན་འབྱུང་བ་ནི། སེམས་བསྐྱེད་དང་སྡོམ་པ་གོང་མས་ཟིན་པ་ན། གང་ཟག་དེ་བྱང་སེམས་སུ་གྱུར་པས་དེའི་རྒྱུད་ཀྱི་སྡོམ་པ་ཡིན་ཞིང་། ཉན་ཐོས་ཀྱི་སྡོམ་པ་མ་ཡིན་ལ། སེམས་བསྐྱེད་དང་གོང་མས་ཟིན་པས་ཐེག་ཆེན་པའི་རྒྱུད་ལ་ཡོད་པའི་སོ་ཐར་གྱི་སྡོམ་པ་ཡིན་པས། སྡོམ་པའི་ཚུལ་ཁྲིམས་སུ་འགྱུར་ཅེས་པ་ཡིན་ཞིང་། ཐེག་ཆེན་རང་གི་ཐུན་མོང་མ་ཡིན་པའི་སྡོམ་པའི་ཚུལ་ཁྲིམས་ཡིན་པར་གསུངས་པ་མ་ཡིན་ནོ། ། མགོན་པོ་ཟླ་འོད་གཞོན་ནུའི་གསུང་འབུམ་གྱི་ནང་དུ་འབྱུང་བའི་སྡོམ་པ་གསུམ་གྱི་རྣམ་གཞག་གཞན་ལས་ནི། སྡོམ་པ་གསུམ་ངོ་བོ་ཐ་དད། བསྲུང་ན་འཆོལ་པར་བསྲུང་། འདོམ་ཐུག་བྱུང་ན་གོང་མ་གཙོ་ཆེ། ཡོན་ཏན་ཡར་ལྡན་ཡིན། གཏོང་ཐོབ་ཐ་དད། ཞེས་སོགས་གསུངས་པ་ནི་གསུང་རབ་ཐམས་ཅད་ཀྱི་དགོངས་པ་དང་། ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་ཐུགས་བཞེད་ཡིན་ནོ། ། གཉིས་པ་བཤད་པ་དངོས་ལ། དེ་ལྟར་ལུགས་ཐ་དད་པ་དུ་མ་བྱུང་ཀྱང་། འཐད་པའི་ཕྱོགས་ནི་བཀའ་བརྒྱུད་རིན་པོ་ཆེའི་ལུགས་འདི་ཡིན་ལ། དེ་ཉིད་འཆད་པ་ལ་གསུམ། འདིར་བཤད་ཀྱི་སྡོམ་པ་གསུམ་ངོས་འཛིན་པ། སོ་སོའི་ཐོབ་ཚུལ། སྡོམ་པའི་ངོ་བོ་གཅིག་དང་ཐ་དད་དཔྱད་པའོ། །དང་པོ་ནི། སོ་སོ་ཐར་པ་ལ་ཡང་ཐེག་དམན་དང་ཐེག་ཆེན་སོ་ཐར་གཉིས་ལས། འདིར་ནི་ཐེག་དམན་གྱི་སོ་ཐར་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་ཡང་། དམན་པའི་བྱང་ཆུབ་ཀྱི་སྡོམ་པ་དང་། བྱང་ཆུབ་ཆེན་པོའི་སྡོམ་པ་གཉིས་ལས། འདིར་ནི་བྱང་ཆུབ་ཆེན་པོའི་སྡོམ་པ་དང་། རྒྱུད་སྡེ་བཞིའི་དབང་སོ་སོ་ལས་ཐོབ་པའི་སྔགས་སྡོམ་གསུམ་ནི། འདིར་བཤད་པར་བྱ་བའི་སྡོམ་པ་གསུམ་ཡིན་ནོ། ། གཉིས་པ་ནི། སོ་སོ་ཐར་པའི་སྡོམ་པ་ནི། སོ་ཐར་རིགས་བརྒྱད་སོ་སོའི་རང་གི་ཐོབ་བྱེད་ཀྱི་ཆོ་ག་ཇི་ལྟར་བཤད་པ་བཞིན་ལས་ཐོབ་ཅིང་། ལེན་པའི་ཡུལ་ཀྱང་མཁན་སློབ་དང་དགེ་འདུན་ལས་སོགས་པ་ལས་ཐོབ་པའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། བོད་ཀྱི་སེམས་ཙམ་པའི་ལུགས་ཀྱི་ཆོ་ག་དང་། དབུ་མ་པའི་ལུགས་ཀྱི་ཆོ་ག་ཐ་དད་པར་འདོད་ཀྱང་། ཐོགས་མེད་སྐུ་མཆེད་ནས་བརྒྱུད་པ་དང་། ཀླུ་སྒྲུབ་ཡབ་སྲས་ལས་བརྒྱུད་པའི་ཆོ་གའི་ཁྱད་པར་ཡོད་ཀྱང་། དེ་གཉིས་དབུ་སེམས་ཀྱི་ཆོ་གའི་ཐ་དད་ཡིན་པའི་ངེས་པ་མི་འདུག་གོ །བྱང་སྡོམ་ནི། རང་ཐོབ་བྱེད་ཀྱི་ཆོ་ག་ལས་ཐོབ་པ་ཡིན་ཅིང་། ཡུལ་ཀྱང་སྡོམ་པ་ཉི་ཤུ་པར། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་བླ་མའམ་ཇོ་བོ་ཆེན་པོ་རྗེ་སོགས་ཀྱི་མདུན་དུ་སངས་རྒྱས་བྱང་སེམས་རྣམས་ནས་ལེན་པར་བཤད་པ་ལྟར། བླ་མ་དང་སངས་རྒྱས་བྱང་སེམས་ལས་ལེན་ནོ། །སྔགས་ཀྱི་སྡོམ་པ་ལ་བྱ་སྤྱོད་རྣལ་འབྱོར་སོགས་རྒྱུད་སྡེ་འོག་མའི་སྡོམ་པ་ནི། རང་ཐོབ་བྱེད་རྒྱུད་སྡེ་འོག་མའི་དབང་བསྐུར་སོ་སོ་བ་ལས་ཐོབ་ཅིང་། རྣལ་འབྱོར་བླ་མེད་ཀྱི་དམ་ཚིག་དང་སྡོམ་པ་ནི། དབང་བཞི་ཡོངས་སུ་རྫོགས་པར་བསྐུར་བ་ལས་ཐོབ་པ་ཡིན་ནོ། །ལེན་པའི་ཡུལ་ཀྱང་བླ་མ་རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་གྱི་དྲུང་དུ་ལེན་པ་ཡིན་ནོ། ། གསུམ་པ་ནི། སྡོམ་པའི་ངོ་བོ་ཉན་ཐོས་བྱེ་བྲག་སྨྲ་བ་རྣམས་ནི། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་འདོད་ལ། ཐེག་ཆེན་པས་ནི། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སྤོང་བའི་སེམས་ལ་བཤད་པས། སྡོམ་པ་གསུམ་རིམ་གྱིས་ནོད་པའི་དགེ་སློང་རྡོ་རྗེ་འཛིན་པ་ལྟ་བུའི་རྒྱུད་ཀྱི་སྡོམ་པ་གསུམ་པོ་ལ་སྔར་བཤད་པ་ལྟར། བོད་ཁ་ཅིག་གིས་གནས་གྱུར་ངོ་བོ་གཅིག་པར་འདོད་ཀྱང་། གནས་གྱུར་བ་དང་ངོ་བོ་གཅིག་པ་འགལ་བ་ཡིན་ཏེ། དཔེར་ན་གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བསྒྱུར་བ་ན། ལྕགས་དང་གསེར་གཉིས་གཅིག་པ་མ་ཡིན་པ་བཞིན་དང་། ཀུན་གཞིའི་རྣམ་ཤེས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་གྱུར་པའི་ཚེ་ན་ཡང་། ཀུན་གཞི་དང་མེ་ལོང་ལྟ་བུའི་ཡེ་ཤེས་གཉིས་ངོ་བོ་གཅིག་པ་མ་ཡིན་པ་བཞིན་ནོ། །ངོ་བོ་གཅིག་པ་ལ་གནས་གྱུར་དུའང་མི་རུང་སྟེ། ལྕགས་དང་གསེར་གཉིས་ངོ་བོ་གཅིག་ན་གནས་གྱུར་མི་དགོས་པ་བཞིན་ནོ། །གལ་ཏེ་གནས་མ་གྱུར་པའི་དུས་སུ་ངོ་བོ་མི་གཅིག་ཀྱང་། གནས་གྱུར་ནས་ངོ་བོ་གཅིག་པ་ཡིན་ནམ་སྙམ་ན། གནས་གྱུར་པ་ནི་གསེར་གྱི་ངོ་བོར་གྱུར་པ་ཡིན་པས། དེ་ལ་ལྕགས་ཀྱི་ངོ་བོ་མེད་པས་ངོ་བོ་གཅིག་པའི་གནས་མེད་དོ། །གལ་ཏེ་གནས་གྱུར་ན་ལྕགས་གསེར་ངོ་བོ་གཅིག་ན། གནས་མ་གྱུར་པ་ན་ཡང་ལྕགས་གསེར་ངོ་བོ་གཅིག་དགོས་པར་འགྱུར་བ་བཞིན་ནོ། །སྡོམ་གསུམ་རྣམ་གཞག་པའི་ལུགས་ཀྱི་སྡོམ་པ་འོག་མ་གོང་མའི་ཡན་ལག་ཏུ་འགྱུར་ཞེས་ཟེར་བ་ནི། སྡོམ་པ་འོག་མ་གཉིས་ཀྱང་སྔགས་སྡོམ་གྱི་ཡན་ལག་ཏུ་བྱས་པ་ནས། འོག་མ་མ་ཐོབ་པ་དང་བཏང་བ་རྣམས་ལ་ནི། གོང་མའི་ཡན་ལག་མ་ཚང་ཞིང་བཏང་བར་འགྱུར་བའི་སྐྱོན་ཡོད་ཅིང་། སྡོམ་པ་འོག་མ་གཉིས་ཀྱང་གོང་མའི་ཡན་ལག་ཡིན་པས། གོང་མའི་ཐོབ་བྱེད་ཀྱི་ཆོ་ག་ལས་ཐོབ་དགོས་པར་འགྱུར་ལ། དེ་ལྟར་ན། སྔགས་སྡོམ་ཉིད་ལས་སྡོམ་པ་གཞན་མ་ཡིན་པས་སྔགས་སྡོམ་ལས་ངོ་བོ་ཐ་དད་པར་མི་རུང་ལ། གཏོང་ཐོབ་ཐ་དད་པའང་མི་འཐད་དོ། །གཞན་ཡང་གོང་མས་མ་ཟིན་པ་ཡན་ལག་མ་ཡིན་ཡང་། ཟིན་པས་ཡན་ལག་ཏུ་འགྱུར་བས་སྐྱོན་དེ་དག་མེད་ཅེ་ན། ཟིན་པའི་སྡོམ་པ་འོག་མ་བཏང་བ་ན་གོང་མའི་ཡན་ལག་བཏང་བར་འགྱུར་རོ། །དེས་ན། ཨ་བྷ་ཡཱ་ཀ་རས་ཀྱང་། སྤོང་བའི་སེམས་པ་ཙམ་དུ་རིགས་གཅིག་ཀྱང་། སྡོམ་པ་གསུམ་ངོ་བོ་ཐ་དད་པར་བཤད་ཅིང་། བི་བྷཱུ་ཏིས་ཀྱང་ཐ་དད་པར་བཤད་པ་ལྟར། རྒྱ་གར་བའི་ལུགས་གང་ལས་ཀྱང་གནས་གྱུར་ངོ་བོ་གཅིག་པར་བཤད་པ་དང་། འོག་མ་གོང་མའི་ཡན་ལག་ཏུ་བཤད་པ་སོགས་མ་བྱུང་ངོ་། །དེས་ན། སྡོམ་པ་གོང་མ་མ་ཐོབ་པའི་ཚེ། ཐེག་དམན་ནས་འབྱུང་བའི་སོ་ཐར་གྱི་སྡོམ་པ་ནི། རང་གི་ཐུན་མོང་མ་ཡིན་པའི་སྡོམ་པ་ཡིན་ཀྱང་། བྱང་སྡོམ་ཐོབ་ནས་སེམས་བསྐྱེད་ཁྱད་པར་བ་དང་། སྡོམ་པ་གོང་མས་ཟིན་ཅིང་རྟེན་གྱི་གང་ཟག་བྱང་སེམས་ཀྱི་རྒྱུད་ཀྱི་སྡོམ་པ་ཡིན་པས། སོ་ཐར་གྱི་སྡོམ་པ་ནི་ཐུན་མོང་བའི་སྡོམ་པ་དང་། བྱང་སྡོམ་ཐུན་མོང་མ་ཡིན་པར་འགྱུར་ལ། སྔགས་སྡོམ་ཐོབ་པའི་ཚེ་སྔགས་ཀྱི་སེམས་བསྐྱེད། སྡོམ་པ་ཁྱད་པར་བས་ཟིན་ཅིང་། རྟེན་གྱི་གང་ཟག་རིག་པར་འཛིན་པའི་རྒྱུད་ཀྱི་སྡོམ་པ་ཡིན་པས། སྡོམ་པ་འོག་མ་གཉིས་ཀ་ཐུན་མོང་བར་འགྱུར་ཞིང་། སྔགས་སྡོམ་ཐུན་མོང་མ་ཡིན་པར་འགྱུར་རོ། །དེ་ལ་སྲོག་གཅོད་སྤོང་བ་ལྟ་བུ་སྡོམ་པ་གསུམ་ཀ་ཡིན་པའི་སྤོང་བའི་སེམས་པ་ངོ་བོ་གཅིག་པས། སྡོམ་པ་གསུམ་ཀ་ངོ་བོ་གཅིག་པར་འགྱུར་རོ་སྙམ་ན་མི་འགྱུར་ཏེ། སྲོག་གཅོད་སྤོང་བ་དང་མ་བྱིན་ལེན་སྤོང་བ་ལྟ་བུ་སྤོང་སེམས་ཙམ་དུ་ངོ་བོ་གཅིག་ཀྱང་། དེ་གཉིས་ཐ་དད་པ་ལྟར། སྤོང་བའི་སེམས་པ་གཅིག་ལ་ཆོ་ག་ཐ་དད་ལས་ཐོབ་པའི་ཐོབ་ཚུལ་ཐ་དད་པས་སྡོམ་པ་གསུམ་ཡང་ཐ་དད་པ་ཡིན་ནོ། ། དེ་ལྟར་སྡོམ་པ་གསུམ་ཐ་དད་ཡིན་པ་ཡང་། གང་ལས་འབྱུང་བའི་ཐེག་པ་དང་། སྡེ་སྣོད་མི་གཅིག་པར་ཐ་དད། གང་ལས་ལེན་པའི་ཡུལ་མི་གཅིག །ལེན་བྱེད་ཀྱི་ཆོ་ག་མི་གཅིག །ལེན་པའི་དུས་མི་གཅིག །ལེན་པའི་བསམ་པ་དང་སེམས་བསྐྱེད་མི་གཅིག །གཏོང་རྒྱུ་དང་གཏོང་བའི་དུས་མི་གཅིག །རྟེན་གྱི་གང་ཟག་མི་གཅིག་སྟེ། སོ་ཐར་སྡོམ་པ་ནི། ཐེག་དམན་དང་ཉན་ཐོས་ཀྱི་སྡེ་སྣོད་ལས་འབྱུང་ལ། བྱང་སྡོམ་ནི། ཐེག་ཆེན་གྱི་དང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་ཞིང་། སྔགས་སྡོམ་ནི། འབྲས་བུའི་ཐེག་པའམ་རྡོ་རྗེ་ཐེག་པ་དང་། རིག་པ་འཛིན་སྡེ་སྣོད་ལས་འབྱུང་བས་སོ། ། ལེན་པའི་ཡུལ་མི་གཅིག་སྟེ། ཐེག་དམན་སོ་ཐར་ནི། མཁན་སློབ་དགེ་འདུན་ལ་སོགས་པ་ཡིན་ལ། བྱང་སྡོམ་ནི། བླ་མ་དང་སངས་རྒྱས་བྱང་སེམས་ལས་ལེན་ཅིང་། སྔགས་སྡོམ་ནི། རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ལས་ལེན་པས་སོ། །ལེན་བྱེད་ཀྱི་ཆོ་ག་ཡང་། སོ་ཐར་ནི། རང་གི་འབོགས་ཆོག་ཀརྨ་ཤ་ཏཾ་ལ་སོགས་ལས་འབྱུང་བ་ལྟ་བུ་ལས་ཐོབ་ལ། བྱང་སྡོམ་ནི། ཐེག་ཆེན་གྱི་འདུལ་བའི་སྡེ་སྣོད་ལས་འབྱུང་བའི་ཆོ་ག་ལས་ཐོབ་ཅིང་། སྔགས་སྡོམ་ནི། དབང་བསྐུར་བ་ལས་ཐོབ་པས་སོ། ། དུས་མི་གཅིག་སྟེ། དུས་སོ་སོར་བླངས་པས་སོ། །བསམ་པ་དང་སེམས་བསྐྱེད་མི་གཅིག་སྟེ། སོ་ཐར་ནི། འཁོར་བ་ལས་རང་ཉིད་ཐར་འདོད་ཀྱི་བསམ་པ་དང་། དམན་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ཅིང་། བྱང་སྡོམ་ནི། འགྲོ་བ་ཐམས་ཅད་བྱང་ཆུབ་ཆེན་པོ་ཐོབ་པར་བྱ་བའི་བསམ་པ་དང་། ཐེག་ཆེན་གྱི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་ཡིན་ལ། སྔགས་སྡོམ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་གཅིག་ཅར་དུ་བསྒྲུབ་པའི་བསམ་པ་དང་། རྡོ་རྗེའི་སེམས་བསྐྱེད་པ་ཡིན་པས་སོ། ། གཏོང་རྒྱུ་སོ་སོར་མི་གཅིག་པ་བཤད་པ་ལྟར་ལ། གཏོང་བའི་དུས་ཀྱང་སོ་ཐར་གྱི་སྡོམ་པ་ནི། བསྙེན་གནས་མཚན་མོ་འདས་པ་དང་གཞན་རྣམས་འཆི་འཕོས་པས་གཏོང་བ་སོགས་ནི་ཁས་བླངས་དུས་ཀྱིས་བཏང་བ་ཡིན་ཏེ། སོ་ཐར་གྱི་སྡོམ་པ་ནི། ཇི་སྲིད་འཚོ་བའི་སྡོམ་པ་ཡིན་པས་སོ། །བྱང་སྡོམ་ཡང་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་ཞེས་པ་ནི། སངས་རྒྱས་ཐོབ་པ་ཚུན་ཆོད་ཞེས་པ་ཡིན་པས། སངས་མ་རྒྱས་ཀྱི་བར་མི་གཏང་བའི་ཕྱིར། བྱང་ཆུབ་ཐོབ་ནས་གཏང་བའི་དོན་མ་ཡིན་ནོ། །སྔགས་སྡོམ་ཡང་དེ་དང་འདྲའོ། །སྡོམ་པ་གོང་མ་གཉིས་ལ་གཏོང་རྒྱུ་གཞན་མ་བྱུང་བས་གཏོང་བ་མེད་དོ། ། རྟེན་གྱི་གང་ཟག་ཀྱང་མི་གཅིག་སྟེ། སོ་ཐར་ཁོ་ནའི་སྡོམ་ལྡན་ནི། ཉན་ཐོས་ཡིན་ལ། བྱང་སྡོམ་ཐོབ་ནས་བྱང་སེམས་ཡིན་ཅིང་། དབང་ཐོབ་ནས་རིག་པ་འཛིན་པའི་སྔགས་པ་ཡིན་པས་སོ། །འདིའི་དབང་དུ་མཛད་ནས་རྒྱུད་འབུམ་པར། རྡོ་ཡི་རིགས་ཀྱི་བྱེ་བྲག་ནི། །བཞུས་པས་གསེར་དངུལ་ཟངས་ལྕགས་འབྱུང་། །ཞེས་སོགས་སྔར་དྲངས་པ་ཉིད་གསུངས་པ་ཡིན་ཏེ། རྡོའི་རིགས་གསེར་རྡོ་དང་དངུལ་རྡོ་སོགས་ཀྱི་བྱེ་བྲག་བཞུས་པ་ལས། གསེར་དངུལ་ཟངས་ལྕགས་ཐ་དད་དུ་འབྱུང་བ་བཞིན་དུ། སོ་ཐར་བྱང་སྡོམ་སྔགས་སྡོམ་གསུམ་རང་རང་གི་ཐོབ་བྱེད་ཀྱི་ཆོ་ག་ལས་ཐོབ་ཅིང་། ཇི་ལྟར་ཐོབ་པའི་རིམ་པས། སོ་ཐར་ཁོ་ན་རྒྱུད་ལྡན་གྱི་གང་ཟག་དེ་ལ། ཉན་ཐོས་ཞེས་བྱ་ལ། བྱང་སྡོམ་རྒྱུད་ལྡན་དེ་ལ་བྱང་སེམས་ཞེས་བྱ་ལ། སྔགས་སྡོམ་རྒྱུད་ལྡན་ལ་སྔགས་པ་རིག་པ་འཛིན་པ་ཞེས་བྱ་བ་ཐ་དད་དུ་འབྱུང་བ་ཡིན་ཏེ། གསེར་འགྱུར་རྩིས་གསེར་དུ་བསྒྱུར་བ་ལྟར། སྔགས་ཀྱི་དཀྱིལ་འཁོར་ཆེད་པོ་འདིར་ཞུགས་ནས་སྔགས་སྡོམ་ཐོབ་པའི་ཚེ། སྔར་གྱི་ཉན་ཐོས་བྱང་སེམས་ཞེས་བྱ་བའི་གང་ཟག་དེ་ལ་རིག་པ་འཛིན་པ་ཞེས་བྱའོ། །ཞེས་པའི་དོན་ཡིན་གྱི། སྡོམ་པ་གསུམ་གནས་གྱུར་པའི་དོན་མ་ཡིན་ནོ། ། སྤྱིར་ཁྱིམ་པ་དང་རབ་བྱུང་གཉིས་ལས། སོ་ཐར་རིགས་བརྒྱད་ལ་བསྙེན་གནས་དགེ་བསྙེན་ཙམ་གྱི་སྡོམ་ལྡན་ནི་ཁྱིམ་པ་ཡིན་ལ། རབ་ཏུ་མ་བྱུང་ན་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ལྡན་ཀྱང་། ཁྱིམ་པའི་རྟགས་ཅན་ཡིན་པས་འཇིག་རྟེན་བརྡར་བཏགས་ཀྱིས་ཁྱིམ་པའི་ཕྱོགས་སུ་གཏོགས་སོ། །གཞན་ཡང་སྔོན་དགེ་སློང་མང་པོ་དད་ཟས་ཀྱི་ཉེས་དམིགས་མཐོང་ནས་བསླབ་པ་ཕུལ་བས། བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་གསུངས་པར་བཤད་པ་དེ་དག་དང་། ཁྱིམ་བདག་གྲགས་པ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་གང་ཡང་མ་ཐོབ་པར་དགྲ་བཅོམ་ཐོབ་པ་ལ། བཅོམ་ལྡན་འདས་ཀྱིས། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །ཞེས་བཀའ་སྩལ་པ་ལྟ་བུ་ཡང་། རྟོགས་པ་རྒྱུད་ལ་སྐྱེ་བའི་དགེ་སློང་ངམ། དོན་གྱི་དགེ་སློང་ཡིན་ཡང་། ཁྱིམ་པ་དང་རབ་བྱུང་གཉིས་ཀྱི་ནི་ཁྱིམ་པ་ཡིན་ཏེ། འཇིག་རྟེན་བརྡར་བཏགས་ཀྱི་དབང་དུ་བྱས་པའོ། །ཐེག་པ་ཆེན་པོ་ལས་བྱུང་བའི་ཚུལ་ཁྲིམས་ཀྱི་ལེའུ་ལས། ཁྱིམ་པ་དང་རབ་བྱུང་གི་ཕྱོགས་གཉིས་བཤད་པ་ལ། བྱང་སེམས་ནི་སེམས་ཅན་གྱི་དོན་རྣམ་པ་སྣ་ཚོགས་སྒྲུབ་པའི་སླད་དུ་ཁྱིམ་པ་མང་སྟེ། དཔེར་ན་བྱམས་པ་དང་འཇམ་དབྱངས་སོགས་དང་རྒྱན་གྱིས་བརྒྱན་པའི་ཆ་ལུགས་ཅན་རྣམས་ཁྱིམ་པ་རབ་བྱུང་གཉིས་ཀྱི་ཁྱིམ་པ་ཡིན་ཀྱང་། དོན་གྱི་རབ་བྱུང་དང་དགེ་སློང་ཡིན་ནོ། །སྔགས་པ་ལ་རབ་བྱུང་དང་བསྙེན་རྫོགས་ཀྱང་ཡིན་ལ། སྔགས་པ་ཡང་ཡིན་པ་ནི། སྔགས་པ་རབ་བྱུང་ཡིན་ལ། རབ་ཏུ་མ་བྱུང་པ་ནི་སྔགས་པ་ཁྱིམ་པ་ཡིན་ནོ། །བྱ་རྒྱུད་དཔུང་བཟང་ལ་སོགས་ལས། རྒྱལ་བ་ངས་གསུངས་སོ་སོ་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་སྡོམ་པ་མ་ལུས་པ། །སྔགས་པ་ཁྱིམ་པའི་རྟགས་དང་ཆོ་ག་སྤངས། །ལྷག་མ་རྣམས་ནི་ཉམས་སུ་ལེན་པར་བྱ། །ཞེས་གསུངས་པ་ནི། སྔགས་ཀྱི་དབང་བསྐུར་ལས་ཐོབ་པ་ཡིན་པས། སྔགས་སྡོམ་ཡིན་གྱི་སོ་ཐར་གྱི་སྡོམ་པ་ནི་མ་ཡིན་ནོ། ། བསྲུང་ན་འཆོལ་པར་བསྲུང་བ་ནི། སོ་སོ་ནས་ཇི་ལྟར་བཤད་པ་བཞིན་དུ་སོ་ཐར་གྱི་སྡོམ་པ་ཚང་བ་དྲན་ཤེས་བསྟེན་ནས་བསྲུང་ཞིང་། གོང་མ་གཉིས་ཀྱང་ཇི་ལྟར་སོ་སོར་བསྲུང་བ་ལ་འཆོལ་བསྲུང་ཅེས་བྱའོ། ། འདོམ་ཐུག་ནི་གཞན་གྱི་དོན་དུ་སྙིང་རྗེའི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་ལ་སོགས་པ་ངེས་པར་དགོས་ཤིང་། དེ་དག་མ་སྤྱད་ན་བྱང་སྡོམ་འཆོར་ལ། སྤྱད་ན་སོ་ཐར་འཆོར་བ་ལྟ་བུ་ཡིན་ཏེ། དེ་ལྟ་བུ་གོང་མ་གཙོ་ཆེ་ལ། དེ་ཡང་གཞན་གྱིས་དགེ་སློང་ལ། ཕམ་པ་བྱུང་ཟེར་བ་སོགས་ཀྱིས་འཕྱ་བ་ཡོད་ན། བསླབ་པ་ཕུལ་ནས་སྤྱད་པར་གསུངས་ལ། འཕྱ་བ་མེད་ན་བསླབ་པ་མ་ཕུལ་ཀྱང་འོག་མ་ཉམས་པའི་ཕམ་པ་འབྱུང་བ་སོགས་ཀྱི་སྐྱོན་ཟིལ་གྱིས་མནན་ནས་མི་འབྱུང་ཞིང་། གོང་མ་གཙོ་ཆེ་བས་གཞན་དོན་དུ་སྲོག་གཅོད་པ་བྱ་དགོས་པ་ལྟ་བུའོ། ། ཡོན་ཏན་ཡར་ལྡན་ནི། འོག་མའི་ཕམ་པ་བྱུང་བ་སོགས་ལའང་ཉེས་པ་མེད་པར་སེམས་བསྐྱེད་དང་། གོང་མའི་སྡོམ་པས་ཟིན་པས་སྲོག་གཅོད་པ་སོགས་ཀྱང་རྫོགས་སངས་ཀྱི་རྒྱུའི་བསོད་ནམས་ཀྱི་ཚོགས་སུ་འགྱུར་བ་ནི་ཡོན་ཏན་ཡར་ལྡན་ནོ། །གཏོང་ཐོབ་ཐ་དད་པ་ནི་བརྗོད་ཟིན་ཏོ། ། དེ་ལྟར་རྗེ་རང་བྱུང་བས་ཀྱང་། སྡོམ་པ་གསུམ་པོ་དེ་ཡོན་ཏན་ཡར་ལྡན་འོག་མའི་སྐྱོན་ཟིལ་གྱིས་གནོན། སྔགས་སྡོམ་རྒྱུད་ལྡན་ལ་སོ་ཐར་ཉམས་ནས་མེད་པ་མ་ཡིན་ཅེས་པའི་དོན་ཀྱང་གོང་དུ་བཤད་པ་བཞིན་ནོ། །བྱེ་བྲག་ཏུ་སྔགས་སྡོམ་ཐོབ་པའི་མཚམས་ལ་རིགས་ལྔའི་སྡོམ་པ་འཛིན་པའི་བརྗོད་པ་ཐ་མ་ལ་རིགས་ལྔའི་སྡོམ་པ་ཙམ་ཞིག་ཐོབ་ཅིང་། དེ་བསྲུང་བ་གཞིར་བཅས་རིམ་གཉིས་སོ་སོའི་སྐབས་ཀྱི་དམ་ཚིག་དང་། སྡོམ་པ་ཐོབ་པ་ལ་དབང་བཞི་མཐའ་རྟེན་སོགས་ཆོ་ག་ཆ་ལག་ཚང་བ་ལས་ཐོབ་པའོ། ། ཞེས་པ་རབ་ཟབ་རྒྱལ་བའི་གསུང་གི་གསང་། །སྐལ་དམན་བློ་ཞན་རྣམས་ཀྱིས་རྟོགས་དཀའི་དོན། །ས་བཅུའི་དབང་ཕྱུག་ཟླ་འོད་གཞོན་ནུ་དང་། །རྒྱལ་བའི་གསུང་གི་གསང་བའི་མཛོད་འཆང་བ། །སེམས་དཔའ་རང་བྱུང་རྡོ་རྗེས་ལེགས་ཕྱེ་བ། གང་ལ་བརྟེན་ནས་ཆོས་གྲགས་རྒྱ་མཚོ་ཡིས། །བསྐུལ་བ་པོ་རྣམས་འདོད་པ་རྫོགས་ཕྱིར་དུ། །སྡེབ་སྦྱོར་སྤངས་ནས་གོ་བདེ་མདོར་བསྡུས་པ། །བྲིས་པའི་སྡོམ་གསུམ་རྣམ་གཞག་ཉེས་བྲལ་དགེ། །རྫོགས་སངས་འགྲོ་བ་ཀུན་གྱིས་ཐོབ་ཕྱིར་བསྔོ། །ཞེས་པ་བཀྲ་ཤིས་ཟུར་མངས་ནས་བླ་མ་ནམ་མཁའ་རྡོ་རྗེས་དགོས་ཞེས། ཆོས་གྲགས་རྒྱ་མཚོས་ཀོང་ཡུལ་གསའ་ཕུར་བྲིས་པའོ། །ཞེས་སོ།། །།སརྦ་མངྒ་ལཾ།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net