སྐུའི་མཛོད་འཆི་མེད་རྡོ་རྗེའི་གླུ་བཞུགས་སོ། །
༄༅། །སྐུའི་མཛོད་འཆི་མེད་རྡོ་རྗེའི་གླུ་བཞུགས་སོ། །
རྒྱ་གར་སྐད་དུ། ཀཱ་ཡ་ཀོ་ཥཱ་མ་རི་ཏ་དེ་བཛྲ་གཱི་ཏི། བོད་སྐད་དུ། སྐུའི་མཛོད་འཆི་མེད་རྡོ་རྗེའི་གླུ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཀྱེ་ཧོཿ བདག་དང་བྱེད་པ་པོར་འཛིན་རལ་པ་ཅན། །བྲམ་ཟེ་གཅེར་བུ་སད་ག་པ་དང་ནི། །ཁོ་ན་ཉིད་གཞིར་འདོད་པའི་རྒྱང་འཕེན་པར། །ཐམས་ཅད་མཁྱེན་ཞེས་ཟེར་ནས་རང་མ་རིག །དེས་ནི་བསླུ་བར་འགྱུར་ཏེ་ཐར་ལམ་རིང་། །བྱེ་བྲག་པ་དང་མདོ་སྡེ་སྔགས་པ་དང་། རྣལ་འབྱོར་པ་དང་དབུ་མ་ལ་སོགས་ཏེ། །གཅིག་ལ་གཅིག་སྐྱོན་འགལ་ཞིང་རྩོད་པར་བྱེད། །སྣང་སྟོང་མཁའ་མཉམ་དེ་ཉིད་མི་ཤེས་པར། །ལྷན་ཅིག་སྐྱེས་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར། །སྐུ་གསུང་ཐུགས་གསལ་མར་མེར་རས་དང་མར་ནག་བཞིན། །ཁོ་ན་ཉིད་ལྡན་རང་སྣང་མར་མེ་ལྟ་བུར་གསལ། །རང་རིག་གསལ་བས་འགྲོ་བ་ཀུན་ལ་ཁྱབ། །དབྱེར་མེད་ཚུལ་གྱིས་མ་སྐྱེས་པ་ཡི་རང་བཞིན་ཡིན། །བདག་ཏུ་འཛིན་པ་སེམས་ཀྱི་དྲན་པ་སྣ་ཚོགས་རྒྱུ། །ངོ་བོ་ཉིད་ལ་སྣང་ཚུལ་ཅིར་ཡང་འཆར། །མུན་པ་ལྟ་བུའི་བག་ལ་ཀུན་གནས་ཀྱང་། །དེ་ཉིད་རྙེད་པའི་རྣལ་འབྱོར་སྒྲོན་མེ་འབར། །སྙིང་པོའི་དོན་ནི་རྟོག་གེའི་ཡུལ་ལས་འདས། །མངོན་དུ་མི་གསལ་དྲན་པའི་མཐུ་ཡིས་བསྒྲིབས། །རྟོག་མེད་ངོ་ཤེས་དྲན་མེད་བདེ་བའི་ལམ། །བགྲོད་མེད་འབྲས་བུ་བློ་ལས་འདས་པར་སྣང་། །ལྷན་ཅིག་སྐྱེས་པ་ཐུགས་ཀྱི་གཏེར་མཛོད་ནས། །དག་དང་མ་དག་འཁོར་འདས་གཟུགས་བརྙན་སྣང་། །སྣང་ཡང་སྐྱེ་བ་མེད་པའི་ངང་དུ་གཅིག །དེ་ཉིད་མི་གཡོ་ཐ་སྙད་རང་བཞིན་མེད། །ཕྱག་རྒྱ་ཆེན་པོ་འགྱུར་མེད་བདེ་ཆེན་དང་། །རྒྱུ་ལ་མ་ལྟོས་འབྲས་བུ་བློ་ལས་འདས། །ཕྱག་རྒྱ་ཆེན་པོ་རྫོགས་པའི་འབྲས་བུ་ཡིན། །ཐ་སྙད་ལམ་གྱིས་དོན་ལ་མཚོན་ཏེ་སྦྱར། །བརྗོད་བྱ་རྗོད་བྱེད་མེད་པ་སྙིང་པོའི་དོན། །ཀུན་གྱིས་བརྗོད་ཀྱང་དྲན་མེད་རིག་པའི་དབྱིངས། །མོས་པའི་ཤེས་པས་རྟོགས་པ་ཐ་དད་ཀྱང་། །དྲན་མེད་འདི་ལས་རྫུན་པ་ཡོད་རེ་ཀན། །ལམ་གྱི་རྩོལ་བས་འབྲས་བུ་སོ་སོར་ཡང་། །དྲན་པ་འདི་ལས་བདེན་པ་ཡོད་རེ་ཀན། བཏང་སྙོམས་དབང་གིས་རེས་འཇོག་ཐ་དད་ཀྱང་། །སྐྱེ་མེད་འདི་ལས་གཉིས་སུ་ཡོད་རེ་ཀན། །ཡིད་ལ་བྱ་དང་མི་བྱར་སྙད་འདོགས་ཀྱང་། །བློ་འདས་འདིི་ལས་བཙལ་དུ་ཡོད་རེ་ཀན། །སྣང་བའི་རྐྱེན་གྱིས་དྲན་པ་སྐྱེས་གྱུར་ཀྱང་། །སྟོང་པ་དྲན་མེད་རྐྱེན་ལས་འདའ་བ་མེད། །རྟོག་མེད་དོན་ལ་བྱ་བྲལ་བལྟ་རུ་མེད། །རང་བཞག་གཞན་ནས་འཚོལ་བ་ཨ་རེ་འཁྲུལ། །ཀྱེ་ཧོཿ རྡོ་རྗེ་ལྟ་བུར་རྟོགས་དཀའ་ཁོ་ན་ཉིད། །མི་ཤེས་རྩོལ་བས་སྒྲ་ཕྱིར་འབྲེང་སེམས་ཀྱིས། །བྱ་བ་མེད་པའི་དོན་དང་འཕྲད་པར་དཀའ། །བྱ་བའི་རང་བཞིན་མི་བྱར་ཤེས་གྱུར་ན། །རྒྱལ་བའི་དགོངས་པ་ཉག་གཅིག་ཡུལ་ལས་འདས། །སྐུ་ནི་མི་འགྱུར་ཆོས་ཉིད་ཁོང་སྟོང་ལགས། །ལུས་ལ་མི་གནས་བྱ་དང་བྱེད་པ་བྲལ། །ལམ་བསླད་ལམ་གྱི་འབྲས་བུ་མཐོང་མི་འགྱུར། །སྐྱེ་མེད་ངང་ལས་མི་འབྱེད་རྒྱལ་བའི་ཐུགས། །དྲན་མེད་ངང་ལ་མཉམ་གཞག་བདེ་བ་ཆེ། །བདེ་ཆེན་ངང་ལ་མི་རྟོག་རྒྱུན་ཏུ་གནས། །ཡིད་ལ་མི་བྱེད་སྣང་བ་རང་སར་དག །རྐྱེན་ནི་དྲན་པ་མ་འགགས་ཡེ་ཤེས་གསལ། །རྩ་བ་གཅིག་རྒྱས་སྐྱོན་མེད་པདྨ་བཞིན། །འགྲོ་བ་ཀུན་ལ་ལྷན་ཅིག་སྐྱེས་བཞིན་གནས། །གཞན་ཡོད་ལོག་མཐོང་སྟོབས་ཀྱིས་བསླད་མོད་ཀྱང་། །ཇི་བཞིན་ཐོག་མ་པདྨའི་མེ་ཏོག་བཞིན། །ལེགས་མཐོང་སྟོབས་ཀྱིས་ཕྱག་རྒྱ་ཆེ་མི་གཡོ། །གཟུང་དང་འཛིན་པའི་རྙོག་མས་བསླད་གྱུར་ཀྱང་། དུས་གསུམ་འགྱུར་མེད་རྩ་བ་བདག་ཉིད་ཆེ། །རྣམ་ཤེས་རླུང་དང་འོག་སྒོ་སྔགས་ལ་སོགས། །ཡེ་ནས་སྤྱོད་བྲལ་རང་བཞིན་གཏང་གཞག་བྲལ། །འཁོར་བར་མི་སེམས་མྱ་ངན་འདས་མི་ལྟོས། །དུས་གསུམ་སྲིད་གསུམ་སྐུ་གསུང་ཐུགས་ལ་འདུས། །གང་ལ་མི་འབད་བླང་དོར་ལྟ་བ་མེད། །མཐའ་དབུས་མི་འབྱེད་དབུ་མ་དྲང་པོའི་ལམ། །བཅས་བཅོས་བྲལ་ན་ཐུགས་ཀྱི་ལམ་མཆོག་བདེ། །བགྲོད་འཇུག་རིམ་སོགས་ཕ་རོལ་ཕྱིན་པའི་ལམ། །ཉེ་ལམ་བཞག་ནས་རིང་དུ་འཁོར་བའི་རྒྱུ། །ལྷན་ཅིག་སྐྱེས་ལ་གཉེན་པོ་འགྲན་ཟླ་བྲལ། །ཁོ་ན་ཉིད་ལ་སྐུ་བཞི་ཡེ་ཤེས་ལྔ། །ཉོན་མོངས་ལ་སོགས་ཚོགས་པས་འཁོར་བའི་ལམ། །ཡུལ་དུ་གང་སྐྱེས་མི་སྤྱོད་ཡུལ་མེད་མཐོང་། །ངོ་བོ་ཉིད་ལ་དགའ་དང་དགའ་མི་དགའ་མེད། །འཛིན་རྟོག་གཉིས་འདས་མ་བཅོས་ཆོས་ཀྱི་སྐུ། །དབང་པོ་རང་ཡན་མ་ཟིན་སྟོང་པར་གནས། །སྨྲ་མེད་ཉམས་སུ་མྱོང་བ་རྒྱུན་མི་འཆད། །རང་གི་རྒྱུད་ལ་སྦྱར་ཏེ་ཤེས་པར་བྱ། །དྲི་མ་མེད་པའི་དོན་དམ་ཕྱག་རྒྱ་ཆེ། །རྒྱ་མཚོ་ནམ་མཁའ་ལྟ་བུའི་ཉམས་མྱོང་འབྱུང་། །དབང་པོ་ཡུལ་བྲལ་ལྷུང་བའི་གཡང་ས་མེད། །དྲན་པས་ཟིན་པས་ཁྱོད་ཉིད་ཆགས་པ་སྟེ། །རང་བཏང་བཞག་པས་སྤྲོས་པ་སླར་ལ་ལྡོག །འཆར་ནུབ་མེད་ན་རྣམ་རྟོག་མུན་པ་ནུབ། །ཆོས་ཉིད་རོ་མཉམ་བུང་བའི་མེ་ཏོག་མཚུངས། །སྐྱོན་དང་ཡོན་ཏན་དབྱེར་མེད་ཉིད་དུ་མཚུངས། །ངོ་མཚར་ཆེ་སྟེ་ཉམས་མྱོང་སྨྲ་མི་བཏུབ། །བདེ་བ་དབྱེར་མེད་ཆུ་ལ་ཆུ་བཞག་བཞིན། །ལྷན་ཅིག་སྐྱེས་དང་རྣལ་འབྱོར་དེ་མི་འབྲལ། །དངོས་གཅིག་བསམ་པས་དུ་མར་དྲན་མཐོང་ཡང་། །དྲན་མེད་གཅིག་ཡིན་དུ་མ་ཉིད་དུ་མིན། །གང་ཚེ་ལྷན་ཅིག་སྐྱེས་དགའ་བདེ་ཆེན་སྟོང་། །རྣལ་འབྱོར་སྤྱོད་པ་བློ་ལས་འདས་པར་སྤྱོད། །ཆགས་ལམ་གཉུག་མའི་དོན་ལ་སྦྱོར་འདོད་ན། །ནང་དང་ཕྱི་རོལ་མི་དམིགས་བདག་གཞན་མིན། །དེ་ཉིད་དོན་ཤེས་རང་བཞིན་གྲོལ་བར་བསྟན། །སྐུ་གསུམ་ཆོས་སྐུར་དབྱེ་བ་མེད་མོད་ཀྱང་། །ཉམས་སུ་བླངས་ན་འབྲས་བུ་སོ་སོར་འབྱུང་། །ཀྱེ་ཧོཿ དབྱེར་མེད་རྟོགས་ན་ལྟ་ངན་མྱུར་དུ་འཇོམས། །སྐྱེ་མེད་སྟོང་པ་དབྱེར་མེད་ཐུག་ཕྲད་དོན། །ཡིན་པར་ཤེས་ན་ནགས་འདབ་རྟེན་དང་བྲལ། །ཐུག་ཕྲད་མ་ཤེས་མཚན་མའི་སྙིང་རྗེ་ནི། །འཁོར་བའི་གནས་སུ་ཅི་སྤྱད་ཟག་པའི་རྒྱུ། །སྟོང་དང་སྙིང་རྗེ་དབྱེར་མེད་སྐྱེ་བ་མེད། །གང་ཞིག་འཁོར་དང་མྱང་འདས་རེ་དོགས་བྲལ། །ལུས་སེམས་མ་རྙེད་དྲན་མེད་རང་དགར་བཞག །དེ་ཉིད་བློ་ཡིས་མ་རྙེད་རང་བྱུང་ཡིན། །མཉམ་གཞག་རྗེས་ཐོབ་ཞི་གནས་མཚན་ཉིད་དེ། །དོན་དམ་མ་ཡིན་བློ་ཡིས་བསྒོམ་དུ་མེད། །ལུས་ངག་ཡིད་ཀྱིས་རྩོལ་མེད་གཟུགས་སོགས་གསལ། །སྣ་རྩེ་ལ་སོགས་དབྱིབས་དང་ནམ་མཁའ་དང་། །རྩ་བ་རེག་པར་མ་སྤྱད་གཉུག་མར་གནས། །སྣང་བ་ཐམས་ཅད་བདེ་བར་ཡིད་མ་བྱེད། །དྲན་པས་སྣང་ཙམ་སྒྱུ་མར་ཤེས་ཙམ་གསལ། །ཟླ་བའི་གཟུགས་བརྙན་ཆ་མེད་གཟུང་བས་སྟོང་། །བཙལ་ཡང་མེད་ལ་བལྟས་ཀྱང་མཐོང་བ་མེད། །སྒྱུ་མར་སྣང་བའི་དྲན་པ་དེ་འདྲ་སྟེ། །དྲན་པ་མེད་ལས་ཅིར་ཡང་མཐོང་བ་མེད། །དྲན་པར་སྣང་ཡང་དེ་ལ་འཛིན་པ་མེད། །དྲན་པས་རེག་ཀྱང་རེག་གི་བསམ་བྲལ་བས། །བསམ་དུ་མེད་པས་བྲལ་བར་སྐྱེ་བ་མེད། །དྲན་པ་སྐྱེས་ཀྱང་ཡུལ་ལ་མི་སྤྱོད་པར། །ཅིར་ཡང་མ་གྲུབ་སྟོང་པའི་རང་སོར་གཞག །ཇི་ལྟར་བྱས་ཀྱང་ཕྱག་རྒྱ་རྒྱུན་མི་འཆད། །ཡན་ལག་བཞིར་ལྡན་ཕྱག་རྒྱ་ཆེན་པོ་ནི། །སྐྱེ་མེད་དེ་དོན་རྟོགས་པའི་ཡན་ལག་དང་། །བདེན་གཉིས་ཐ་མི་དད་པའི་ཡན་ལག་དང་། །སྣང་བ་སྐྱེ་མེད་ཐུག་ཕྲད་ཉིད་དུ་རྟོགས། །དྲན་པས་གཟུང་དུ་མེད་པའི་ཡན་ལག་དང་། །སྟོང་པ་རྐྱེན་དང་དྲན་མེད་བློ་ལས་འདས། །དངོས་པོ་དགག་སྒྲུབ་བྲལ་བའི་ཡན་ལག་གོ །དེ་ཉིད་བཞིར་ལྡན་འདོད་པས་དབེན་པ་དང་། །རྟོག་པ་དང་བཅས་དཔྱོད་པར་བཅས་པ་དང་། །དགའ་དང་བདེ་དང་དབེན་པར་གནས་ལ་སོགས། །ཐ་སྙད་དེ་ཉིད་མཚོན་པའི་ཚུལ་དུ་གསུངས། །བཞིར་ལྡན་རབ་འབྲིང་ཐ་མར་གསུངས་པ་ཡང་། །དམན་པའི་དོན་དུ་མཁས་པས་རབ་ཏུ་བཤད། །ཕྱག་རྒྱ་ཆེན་པོས་གང་ལ་གནས་མི་བྱེད། །བླང་དོར་བྲལ་བའི་དོན་དུ་དེ་བཞིན་བཤད། །གཙང་སྨེར་མི་བྱེད་གང་ཡང་དངོས་གྲུབ་དག་དུ་བྱེད། །ལྷན་ཅིག་སྐྱེས་དང་ཡུལ་ལ་གཏུམ་མོ་སྦར་ལ་སོགས། །དམ་ཚིག་དག་གི་ཁོ་ན་ཉིད་དང་རྣལ་འབྱོར་བསྒོམ། །དངོས་པོ་ཐམས་ཅད་མཉམ་ཉིད་ཕྱག་རྒྱ་ཆེན་པོ་ལ། །རྟོག་པ་སྤང་ཞིང་མི་རྟོག་བསྒོམ་པས་ཅི་ཞིག་འགྱུར། །བླ་མ་ལ་གུས་གསང་བའི་འདུལ་སྡོམ་དེ་རུ་རྫོགས། །ཕྱི་ནང་གསང་བའི་དབང་བསྐུར་སོ་སོའི་མཚན་ཉིད་དང་། །བུམ་པ་གསང་བ་ཤེས་རབ་ཡེ་ཤེས་དབང་དག་དང་། །ངོ་བོ་ངེས་ཚིག་དབྱེ་བ་ལ་སོགས་ཀུན། །ཐུན་མོང་མཐུས་བསྐྱེད་ཕྱག་རྒྱ་ཆེ་ལ་རེག་མ་ནུས། །ཀྱེ་ཧོཿ ཕྱག་རྒྱ་ཆེ་ལ་འབྲས་བུའི་བདག་ཉིད་སྐུ་གསུང་ཐུགས་ལྡན་པས། །འབྲས་བུ་དེ་ཡང་སྙིང་པོའི་དོན་ལ་འཐད་ཀྱི་དྲང་དང་ངེས་པའི་དོན་མ་ཡིན། །ལམ་དང་འབྲས་བུའི་སྙིང་པོ་ཐམས་ཅད་བཅུད་བསྡུས་དང་། །ཐེག་ཆེན་བླ་ན་མེད་པ་དངོས་དང་ཐེག་པ་དག་གི་ཁྱད་པར་དང་། །ཀུན་གྱི་སྙིང་པོར་གྱུར་པས་གསང་བ་བླ་ན་མེད། །ཕྱག་རྒྱ་ཆེན་པོ་ངེས་པའི་མཚན་ཉིད་ནི། །དྲན་དང་མ་དྲན་གཉིས་སུ་མེད་པས་སྐྱེ་མེད་དེ། །བློ་ལས་འདས་ཤིང་ནམ་མཁའ་ལྟ་བུར་ཅིར་མི་གནས། །ལས་ཀྱི་ཕྱག་རྒྱའི་དཔེ་དང་ཆོས་ཀྱི་ཕྱག་རྒྱའི་ལམ། །ཕྱག་རྒྱ་ཆེན་པོ་འབྲས་བུ་དམ་ཚིག་ཕྱག་རྒྱ་གཞན་དོན་ཏེ། །ཆོས་ཀྱི་ཕྱག་རྒྱ་མན་ཆད་བསྟེན་པས་མཐར་མི་འགྲོལ། །རེ་དོགས་མཐར་ལྷུང་འདུ་འཛི་བྱ་བའི་སྐྱོན་དུ་འགྱུར། །ཁོ་ན་ཉིད་ལ་གཉེན་པོ་མེད་དེ་རང་སོར་གཞག །རྣམ་རྟོག་ཇི་སྙེད་ཤར་ཡང་ལྷུག་པར་རང་ལས་ཤར། །དྲན་པ་རང་སར་གྲོལ་བའི་དྲན་པ་ལྷུག་པ་ཉིད། །གང་ཡང་ལོངས་སྤྱོད་སྣང་བར་ཤེས་ཤིང་དྲན་མེད་གསོས། །རང་བཞིན་ཉམས་རྙེད་སྐྱེ་མེད་དག་དང་ལྡན། །ཀུན་ལ་ཁྱབ་ཅིང་འབབ་ཆུ་ལྟ་བུར་གནས། །རྒྱུན་མི་འཆད་པའི་འབབ་ཆུ་ལྟ་བུ་དང་། །མར་མེ་ལྟར་གསལ་རང་རིག་བྱང་ཆུབ་སེམས། །འགོག་པ་མེད་གཞིར་རང་རིག་རང་གིས་སྟོང་། །ཡང་དག་ཁོ་ན་ཉིད་ནི་གང་ཞེ་ན། །གཞན་ན་ཡོད་ན་ཀུན་གྱིས་མཐོང་བར་རིགས། །རང་ལ་ཡོད་ཀྱང་ལྐོག་གྱུར་བླ་མའི་ཞལ། །སེམས་ཉིད་སངས་རྒྱས་ཁོ་ན་ཉིད་ཡིན་ཏེ། །དྲན་པས་བསླད་ཅིང་དེ་ཉིད་གཞན་དུ་བརྟགས། །སངས་རྒྱས་ཡིན་ཕྱིར་ཡོན་ཏན་གང་ཡིན་ན། །ཡོན་ཏན་རས་དང་དཀར་པོ་ལྟ་བུ་སྟེ། །ཁོ་ན་ཉིད་ཀྱི་ཡོན་ཏན་ཕྱག་རྒྱ་ཆེ། །ངོ་བོ་ཡོན་ཏན་སོ་སོ་ཐ་མི་དད། །ཕྱག་རྒྱ་ཆེ་དང་བཞི་པ་ལ་སོགས་ཀུན། །ཡོན་ཏན་སོ་སོ་མ་ཡིན་ཐ་དད་མིན། །དྲན་མེད་ཡོན་ཏན་རྒྱ་མཚོ་མ་འགུལ་བར། །དྲན་པར་མི་འགྱུར་ཆུ་ཡི་རྦ་རླབས་མེད། །སྐྱེ་མེད་ཡོན་ཏན་མི་འགྱུར་བྲག་དང་འདྲ། །བྲག་ཅ་གྲག་ཙམ་རྗེས་སུ་འབྲེང་བ་མེད། །བློ་ལས་འདས་ཤིང་ཡུལ་དུ་མ་གྱུར་པ། །ཕྱག་རྒྱ་ཆེན་པོའི་ཡོན་ཏན་ནམ་མཁའ་འདྲ། །དྲན་པ་སེམས་ཅན་སེམས་ལས་བྱུང་བ་ཡིན། །དེ་ཕྱིར་སྟོང་པ་གཞན་ལས་བཙལ་མི་དགོས། །བཞི་རུ་སྣང་ཡང་གཅིག་གི་ཡོན་ཏན་ནོ། །ཕྱག་རྒྱ་བཞི་རུ་སྣང་བ་ཅི་ཕྱིར་མཚོན། །གོ་བའི་ཁྱད་པར་དག་གིས་བཞི་རུ་བྱུང་། །ཕྱག་རྒྱ་ཆེན་པོ་གསུམ་དུ་རྟོག་མི་བྱེད། །གང་ལ་མི་གནས་ཆགས་པ་མེད་པར་སྦྱོར། །མེ་ཏོག་བདུད་རྩི་བུང་བས་འཐུང་དང་འདྲ། །སོ་སོར་རྟོག་པའི་ཡེ་ཤེས་ཐབས་ཡིན་ཏེ། །རོ་དང་ཕྲད་ན་རོ་ལ་ཞེན་པ་མེད། །དེ་ལྟར་ཀུན་གྱིས་ཤེས་པར་མི་འགྱུར་བཞིན། །སྙིང་པོའི་དོན་གྱིས་འགྲོ་དྲུག་ཁྱབ་མོད་ཀྱང་། །འགྲོ་བ་དྲན་པས་བཅིངས་ཏེ་པད་དྲའི་སྲིན། །སེམས་ལས་དྲན་པ་བྱུང་ཕྱིར་འཁྲུལ་བའི་རྒྱུ། །ཡིད་ལ་མི་བྱེད་ཤེས་ན་སངས་རྒྱས་ཉིད། །འཁྲུལ་བ་དེ་ལ་ཐབས་དང་ཤེས་རབ་མེད། །ཀྱེ་ཧོཿ དབྱེར་མེད་ཤེས་ན་ཐབས་མཆོག་ཁོ་ན་ཡིན། །སངས་རྒྱས་སེམས་ཅན་ཆོས་རྣམས་ཐམས་ཅད་ཀུན། །རང་གི་སེམས་ཉིད་དག་དང་ལྷན་ཅིག་སྐྱེས། །ཡིད་ལ་མི་བྱེད་ཡེ་ཤེས་སྐྱེས་ཙ་ན། །དྲན་པའི་སྣང་བ་ནུབ་སྟེ་བདེན་རྫུན་མེད། །དེ་ཕྱིར་དེ་ཉིད་ཁོ་ནའི་ཡུལ་མ་ཡིན། །དཔེར་ན་མིག་གི་ཡུལ་དུ་སྒྲ་མི་སྣང་། །རྣམ་པར་མི་རྟོག་དྲན་པའི་ཡུལ་མ་ཡིན། །སྟོང་པའི་རྐྱེན་གྱིས་དྲན་པ་བསལ་ཙ་ན། །དྲན་པའི་སྣང་བ་ནུབ་ནས་མཐོང་བ་མེད། །ཡེ་ཤེས་འོན་ལོང་ལྐུགས་པར་མི་འགྱུར་ཏེ། །མ་དྲན་པ་ལ་འོན་ལོང་ལྐུགས་རྒྱུ་མེད། །བེམ་པོ་ལ་སོགས་ཐ་སྙད་ཀུན་དང་བྲལ། །སྣང་བ་ནུབ་ཅེས་བྱ་བའི་ཐ་སྙད་ནི། །དྲན་པ་ཕྱགས་ཏེ་དྲན་མེད་གསོས་སུ་སྤུངས། །དེ་ཉིད་སྐྱེ་མེད་བློ་ལས་འདས་པ་ནི། །དྲན་པ་མེད་དང་སྐྱེ་མེད་ཡེ་ཤེས་མེས། །གཟུངས་འཛིན་བསྲེགས་སྦྱངས་བློ་འདས་ལ་ཕུལ་བས། །སྨོན་ལམ་དབང་གིས་སྐྱེ་བ་ཕྱིས་མི་བརྒྱུད། །དེ་ཕྱིར་ཕྱག་རྒྱ་ཆེན་པོ་སྔོན་སོང་ལ། །སུ་ལ་མི་བརྟེན་གང་ལ་རག་མི་ལས། །ཆུ་ལ་ཞུགས་དང་ཚོགས་ལ་བཟའ་འགྱེད་པ། །རིག་བྱེད་གྲོང་ཁྱེར་དཀྲོགས་པ་དག་དང་མཚུངས། །ཕྱག་རྒྱ་ཆེན་པོ་རང་ལས་གཞན་མེད་ཕྱིར། །མཆོད་རྫས་དྲན་པ་མགྲོན་དང་མཆོད་གནས་རང་ཤེས་པས། །མཆོད་པ་རང་གི་དྲན་པ་མེད་ལ་མཆོད། །བློ་ལས་འདས་ཕྱིར་སྐྱེ་མེད་ཚོགས་ལ་རོལ། །ཕྱག་རྒྱ་ཆེན་པོ་གཞན་ལ་མི་ལྟོས་ཕྱིར། །བསྒོམ་བྱ་རང་ལ་བསྒོམ་བྱེད་རང་གི་སེམས། །བློ་འདས་ངང་ལ་དམིགས་པ་ཉིད་དང་བྲལ། །དེ་ཉིད་འབྲས་བུ་ཡིན་ཕྱིར་གཞན་ལ་རག་མ་ལས། །སྒོམ་སྒྲུབ་སྔགས་བཟླས་རང་གི་སེམས་ཡིན་ཏེ། །ཡི་དམ་ལྷ་ཡང་རང་གི་སེམས་ཡིན་པས། །དེ་ཕྱིར་མཁའ་འགྲོ་ལུང་སྟོན་ལ་སོགས་རང་གི་སེམས། །སེམས་ནི་དྲན་ཕྱིར་ཅིར་ཡང་སྣང་བར་སྟོན། །མ་དྲན་པ་དེ་ཐམས་ཅད་དམིགས་སུ་མེད། །ཕྱག་རྒྱ་ཆེན་པོ་རང་ལས་གཞན་མེད་ཕྱིར། །སངས་རྒྱས་ཆོས་དང་དགེ་འདུན་ལ་སོགས་པའི། །ཕ་མ་དཀོན་མཆོག་རང་བཞིན་བྱང་ཆུབ་སེམས། །མཆོད་དང་བསྙེན་བཀུར་བྱས་ན་དྲན་པའི་རྒྱུན། །ཐ་དད་མེད་ན་སྐྱེ་མེད་རང་སར་གྲོལ། །བློ་ལས་འདས་ན་བྱ་དང་མི་བྱ་མེད། །སངས་རྒྱས་སེམས་ཅན་མཚོན་ཚུལ་སོ་སོར་ཡང་། །ལྷན་ཅིག་དག་ཏུ་སྐྱེས་ཏེ་རིག་མ་རིག །གང་ཞིག་སྣང་ཡང་དྲན་པར་མི་རྟོག་ན། །སེམས་ཅན་ཉིད་ནི་འབྲས་བུ་སྐྱེ་བ་མེད། །གང་ཞིག་མི་སྣང་དྲན་པར་རྟོག་ཅེ་ན། །སངས་རྒྱས་ཉིད་ཀྱང་ཁམས་གསུམ་འཁོར་བའི་རྒྱུ། །གང་ཞིག་དྲན་མེད་རྒྱུད་ལ་འཆད་བྱེད་ན། །སེམས་ཅན་སྣང་ཡང་སངས་རྒྱས་དག་དང་མཚུངས། །གང་ཞིག་དྲན་པའི་སངས་རྒྱས་རྟོགས་འདོད་ན། །སངས་རྒྱས་སྣང་ཡང་སེམས་ཅན་ཁྱད་པར་མེད། །དེས་ན་སྣང་སྟོང་གཉིས་ལ་རྟག་ཏུ་མེད་དེ་བོར། །བོར་ཡང་རང་ལས་གཞན་མེད་འགྲོ་རྒྱུན་ཆད། །རང་ལ་ཡོད་སྙམ་རྟོག་གི་དྲན་པས་བསླད། །སྣང་བ་གསལ་ལ་མི་རྟོག་མ་ཞེན་སེམས། །དེ་ཕྱིར་ཡོད་དང་མེད་པའི་རྟོག་གཉིས་བྲལ། །གཉུག་མར་གནས་ན་གང་ལྟར་བྱས་ཀྱང་བདེ། །དྲན་པ་འོད་གསལ་འཛིན་པའི་སྙིང་པོ་ཅན། །ཞེན་པ་གཉིས་དང་བྲལ་ཏེ་རང་བཞིན་གཉུག་མར་གཞག །དེས་ན་ཕྱག་རྒྱ་ཆེན་པོ་ཟུང་དུ་རབ་འཇུག་སྟེ། །དྲན་པ་དྲན་མེད་སྐྱེ་མེད་ཟུང་དུ་འཇུག །དྲན་མེད་མི་རྟོག་པ་ཡི་རང་བཞིན་དང་། །རྟེན་འབྲེལ་གློ་བུར་སྐྱེ་བའི་དྲན་པ་གཉིས། །སྐྱེ་བ་མེད་པའི་ངང་དུ་རོ་གཅིག་ཕྱིར། །དེས་ན་སྐྱེ་དང་སྐྱེ་མེད་བློ་ལས་འདས། །འོད་གསལ་སྟོང་དང་ཟུང་དུ་འཇུག་པ་སོགས། །མ་བཅོས་མ་བྱས་སྐྱེ་མེད་རང་སར་གྲོལ། །དེ་ལས་སྐུ་གསུམ་ཆོས་སྐུ་ལོངས་སྐུ་དང་། །སྣ་ཚོགས་འབྱུང་བས་སྤྲུལ་སྐུ་ཞེས་སུ་བཤད། །གཉུག་མ་ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ། །སྟོང་དང་སྙིང་རྗེ་དབྱེར་མེད་སྐྱེ་བ་མེད། །ལས་ཀྱི་ཕྱག་རྒྱ་ལ་བརྟེན་ཉམས་མྱོང་ནི། །བཅོས་མ་ཡིན་ཕྱིར་རྐྱེན་གྱི་སྟོབས་ལས་བྱུང་། །གཞན་ལ་ལྟོས་ཕྱིར་ཁོ་ན་ཉིད་མ་ཡིན། །ཆོས་ཀྱི་ཕྱག་རྒྱ་བཅོས་མ་མ་ཡིན་ཀྱང་། །ཉམས་སུ་མྱོང་བས་མ་གྲུབ་ཉིད་མི་མཐོང་། །ཕྱག་རྒྱ་ཆེན་པོ་ཉམས་སུ་མྱོང་གྱུར་ན། །དྲན་པ་སྣ་ཚོགས་སྐྱེ་བ་མེད་པར་ཤེས། །དངོས་པོར་སྣང་བ་ངོ་བོ་ཉིད་ཀྱིས་སྟོང་། །སེམས་ཅད་སྐྱེ་བ་མེད་དང་དབྱེར་མེད་དོན། །སྙིང་རྗེ་ཐབས་ཀྱིས་མཚོན་བྱ་དཔེ་ཡིས་བསྟན། །སྣ་ཚོགས་སྣང་ཡང་བློ་འདས་ཡིད་མི་གཡོ། །བདག་ཉིད་རྣལ་འབྱོར་དེ་ཉིད་རྟག་ཏུ་བལྟ། །སྤྱོད་ལམ་ཐམས་ཅད་ཕྱག་རྒྱ་ཆེ་ལ་གནས། །དངོས་པོའི་གནས་ལུགས་སྐྱེ་མེད་ངང་དུ་གཞག །རླུང་གིས་རྐྱེན་བྱས་རྒྱ་མཚོ་དྭངས་པ་ལས། །རྦ་རླབས་ཆུ་ཡི་གཉེར་མ་གློ་བུར་སྐྱེ། །དེ་ཉིད་རྒྱ་མཚོ་དག་དང་དབྱེར་མེད་བཞིན། །དྲན་པས་རྐྱེན་བྱས་རྟོག་པ་གློ་བུར་སྐྱེ། །དེ་ཉིད་སྔར་གྱི་དྲན་པ་མེད་དང་ནི། །སྐྱེ་མེད་བློ་འདས་དག་གི་ངོ་མཚར་མཚུངས། །དེ་ལྟར་ཕྱག་རྒྱ་ཆེ་ལ་སྐྱེས་པ་སྔར་མེད་བཞིན། །ཕྱིས་ཀྱང་རྐྱེན་གྱི་སྟོབས་ཀྱིས་སྐྱེ་མི་སྲིད། །སྐྱེ་བ་མེད་དེ་དེ་དང་དབྱེར་མེད་དོ། །གཟུགས་ཅན་མ་ཡིན་ཀུན་ལ་ཁྱབ་པ་དང་། །མི་འགྱུར་བ་དང་དུས་རྣམས་ཐམས་ཅད་པའོ། །ནམ་མཁའ་ལྟ་བུར་སྐྱེ་འགག་མེད་པ་དང་། །ཐག་པར་སྦྲུལ་གཟུང་སྦྲུལ་གྱིས་སྟོང་པ་དང་། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དབྱེར་མེད་དེ། །ངོ་བོ་ཉིད་ནི་བློ་ཡི་ཡུལ་ལས་འདས། །ཕྱག་རྒྱ་ཆེན་པོ་སྐད་ཅིག་མངོན་སངས་རྒྱས། །དེ་ཉིད་སེམས་ཅན་དོན་དུ་གཟུགས་སྐུར་བྱུང་། །རྒྱུ་མཐུན་འབྲས་བུ་རྣམ་སྨིན་འབྲས་བུ་དང་། །དྲི་མ་མེད་པའི་འབྲས་བུས་གཞན་དོན་བྱེད། །གོ་འཕང་ཁྱད་པར་བརྗོད་ལས་འདས་པར་བཤད། །ཀྱེ་ཧོཿ མ་བཅོས་ཕྱག་རྒྱ་བདེ་བ་ཆེ། །དྲན་མེད་ཀློང་དུ་རང་ཤར་བས། །སྐྱེ་མེད་ནམ་མཁའ་ལྟ་བུར་ཁྱབ། །བློ་ལས་འདས་པའི་ངང་ལ་གནས། །སྣང་བ་སྤྲོས་བྲལ་བདེ་བ་ཆེ། །དྲན་མེད་ཅིར་ཡང་མི་རྟོག་པ། །དྲན་པ་སྣ་ཚོགས་སེམས་སུ་གསལ། །བརྟགས་ཤིང་བཙལ་ན་དམིགས་སུ་མེད། །སྐྱེ་བ་མེད་ལ་འཛིན་དང་བྲལ། །འཛིན་དང་བྲལ་ཞིང་རྒྱུ་བ་མེད། །དྲན་པ་རྒྱུ་མ་རང་རིག་ཙམ། །སྒྱུ་མེད་ཐར་མེད་དྲན་མེད་གསལ། །སྐྱེ་མེད་དོན་དམ་ཀུན་གསལ་བས། །ཐམས་ཅད་བློ་ལས་འདས་པར་མཐོང་། །ཁམས་གསུམ་བློ་འདས་ཡེ་ཤེས་ཉིད། །ལྷན་ཅིག་སྐྱེས་པ་དེ་ཁོ་ན། །དྲན་པའི་རྩ་བ་མ་ལུས་ཐག་བཅད་དེ། །དྲན་མེད་སྐྱེ་བ་མེད་པའི་དབྱིངས་ལ་དགོད། །དེ་ཉིད་མ་བཅོས་བློ་ཡི་ཡུལ་ལས་འདས། །དྲན་མེད་སེམས་ཀྱི་རང་འབར་ཉིད་དུ་གསལ། །གསལ་བས་རྣམ་རྟོག་འཁོར་བའི་གྲོགས་སུ་འགྱུར། །ཐར་པའི་ལམ་ནི་ཁོ་ན་ཉིད་ཤེས་ནས། །རང་བྱུང་བསམ་བྲལ་ཇི་བཞིན་ངང་ལ་གཞག །དྲན་པ་རང་གསལ་དངོས་པོར་གྲུབ་པ་མེད། །བཅོས་མེད་དགོངས་པ་སྐྱེ་མེད་བདེ་ཆེན་འདི། །མངོན་སུམ་སྣང་བའི་ངོས་གཟུང་གང་ཡང་མེད། །དྲན་མེད་ཡུལ་དུ་ཅིར་ཡང་མཐོང་བ་མེད། །རྟེན་དང་བྲལ་བས་སློབ་པ་གང་ཡང་མེད། །གང་ཡང་ཡིད་ལ་བྱར་མེད་ཕྱག་རྒྱ་ཆེ། །མཚན་མའི་དྲན་རིག་སྣ་ཚོགས་ཇི་སྙེད་པ། །དེ་ཉིད་ཕྱག་རྒྱ་ཆེ་ལས་དབྱེ་བ་མེད། །རྟོག་དང་མི་རྟོག་གཉིས་ཀ་སོ་སོར་མིན། །རྟག་ཆད་མཐའ་ལ་མི་གནས་སྐྱོན་དང་བྲལ། །རང་རིག་དེ་ཉིད་རྟོགས་ན་གཞན་ལས་མིན། །རྟེན་འབྲེལ་མྱ་ངན་འདས་ལམ་བསྟེན་པ་དང་། །སྐྱེ་བ་མེད་པར་རྟོགས་ན་ཕྱག་རྒྱ་ཆེ། །དེ་ཉིད་མི་ཤེས་ལས་ཀྱི་ཕྱག་རྒྱ་དང་། །དམ་ཚིག་ཆོས་ལ་སོགས་པ་རྩོལ་འདོད་པས། །དེ་ཉིད་མཚོན་པའི་དཔེ་ཙམ་དོན་མི་ནུས། །གཟུང་འཛིན་བྲལ་བའི་ཕྱག་རྒྱ་ཆེར་བསྟེན་པ། །ཤེས་པ་རང་ལུགས་སོ་མ་ཉིད་ལས་འབྱུང་། །འདོད་མེད་རང་གཞག་གཉུག་མའི་ངོ་བོར་གནས། །ཐ་མལ་སྣང་བའི་ཤེས་པ་འདི་ཉིད་བློ། །ཡིན་མིན་དྲན་པའི་སེམས་ལ་རང་གཞག་ཡིན། །ཡིད་ཆེས་རིན་ཆེན་གདམས་ངག་ཡིད་བཞིན་གཏེར། །ཡིད་ལ་བྱ་དང་མི་བྱ་མེད་པར་གཞག །རང་རིག་ཕྱག་རྒྱ་ཆེན་པོ་ཉིད་ཡིན་པས། །ཕྱག་རྒྱ་ཆེན་པོ་ཉིད་ལ་ཉིད་ཀྱིས་བསྟན། །དྲན་པ་རྟོག་ཚོགས་དོན་ལ་སེམས་མ་འཇུག །ཕྱི་ནང་བྲལ་བས་རྩོལ་མེད་ཕྱག་རྒྱ་ཡིན། །ཕྱག་རྒྱ་ཆེན་པོའི་སྲོག་ལྡན་འདོད་པ་མེད། །འདོད་པ་བྱུང་ན་དེ་ཡང་དྲན་པའི་རྒྱུ། །རང་སེམས་ཕྱག་རྒྱ་ཆེན་པོ་ལ། །དྲན་དང་མ་དྲན་ཐ་དད་སྐྱེ་བ་མེད། །འཁྲུལ་དང་མ་འཁྲུལ་བློ་ཡི་ཡུལ་ལས་འདས། །དྲན་པ་ཞེན་རྟོག་བརྟས་པས་འཁོར་བར་སྐྱེ་བའི་རྒྱུ། །འོད་གསལ་ཕྱག་རྒྱ་ཆེན་པོ་གཉུག་མའི་ངོ་བོ་ཉིད། །གང་ཡང་འགྱུར་མེད་བྱང་ཆུབ་སེམས་སུ་གཅིག །ཁོ་ན་ཉིད་ལ་གཟུང་འཛིན་ངོ་བོ་བྲལ། །སྣང་བ་དོན་ལྡན་ཡེ་ཤེས་ཉིད་དུ་མཐོང་། །བསམ་པས་བརྟགས་པས་དྲན་པའི་ཚོགས་སུ་རྒྱུས། །སྣང་བ་སྐྱེ་བ་ལོག་པའི་སྟོབས་ཀྱིས་མཐོང་། །དྲན་པ་དྲན་མེད་ངང་ལ་ཤེས་འཇུག་པ། །ལུས་ངག་ཡིད་ཀྱིས་འབད་ཀྱང་དྲན་རྒྱུ་མེད། །གཉིས་སུ་མེད་ན་འཁོར་བའི་རང་བཞིན་མེད། །དྲན་པ་སྣ་ཚོགས་འགྱུ་བའི་རང་བཞིན་འདི། །སྣ་རྩེའི་ཕྱག་རྒྱ་དག་ལ་ཡེ་ནས་མེད། །དེས་ན་ཕྱག་རྒྱ་ཆེན་པོ་བསམ་མེད་བླང་དོར་གཞག །ཀྱེ་ཧོཿ ཕྱི་ནང་ཟབ་དང་མི་ཟབ་བསྐྱེད་རིམ་དང་། །ཡོངས་གྲུབ་ངོ་བོ་ཉིད་དང་དབུགས་དབྱུང་དང་། །རྒྱས་གདབ་ལས་དང་ཆོས་ཀྱི་ཕྱག་རྒྱ་ནི། །རྣལ་འབྱོར་ཡོངས་སུ་རྫོགས་པའི་རིམ་པ་སྟེ། །ཕྱག་རྒྱ་ཆེན་པོ་ངོ་བོ་ཉིད་རིམ་དང་། །དམ་ཚིག་ཕྱག་རྒྱ་ཡོངས་སུ་གྲུབ་པའི་རིམ། །ཀུན་བརྟགས་ཡོངས་སུ་གྲུབ་པའི་རྒྱ། །ལས་ཀྱི་ཕྱག་རྒྱ་དབང་གི་ངོ་བོ་དང་། །དགའ་བ་བཞིར་ལྡན་ཐབས་ཀྱི་རང་བཞིན་ཅན། །ཆོས་ཀྱི་ཕྱག་རྒྱ་སྣ་ཚོགས་སྣང་བ་སྟེ། །དགའ་བཞིའི་ལྷན་ཅིག་སྐྱེས་པ་བསྟན་པའི་ཕྱིར། །དགའ་བ་བཞིར་ལྡན་ལྷན་ཅིག་སྐྱེས་པ་ཉིད། །ཕྱག་རྒྱ་ཆེན་པོ་སྐྱེ་བ་མེད་པ་ལ། །གཟུང་འཛིན་དང་བྲལ་ངོ་བོ་བློ་ལས་འདས། །དྲི་མ་མེད་པའི་འབྲས་བུ་མངོན་སངས་རྒྱས། །དམ་ཚིག་ཕྱག་རྒྱ་མཚན་མའི་རྣལ་འབྱོར་ཏེ། །འབྲས་བུ་ལྷ་ཡི་དཀྱིལ་འཁོར་འགྲོ་བའི་དོན། །རྗེ་བཙུན་ཕ་མས་ཐབས་དང་ཤེས་རབ་མཚོན། །དགའ་བ་བཞིར་ལྡན་དམ་ཚིག་ཕྱག་རྒྱ་ཆེ། །དེ་ལྟར་ཐབས་ཀྱི་སྦྱོར་བས་ཀུན་འདུལ་ཡང་། །ཟབ་མོ་ཆོས་ཀྱི་ཕྱག་རྒྱས་གཏན་ལ་ཕབ། །སེམས་ཉིད་ཕྱག་རྒྱ་ཆེན་པོ་རང་ལ་བསྟན། །དགའ་བས་གཟུང་བའི་དྲན་པ་དགར་བ་དང་། །མཆོག་དགས་འཛིན་པའི་དྲན་པ་ཕྱེད་གཏང་བ། །ལྷན་ཅིག་སྐྱེས་དགས་ཡོངས་སུ་དྲན་པ་དགར། །དགའ་བྲལ་སྣང་བ་སྐྱེ་མེད་དྲན་པ་གསལ། །དེ་བཞིན་ཟབ་མོ་ཆོས་ཀྱི་ཕྱག་རྒྱ་བསྟེན། །དགའ་བཞིའི་ཡེ་ཤེས་གང་རུང་སྐྱེ་བ་དང་། །ཐ་དད་མེད་ཅིང་ཡོངས་སུ་ཐིམ་པར་གནས། །རྟོགས་པའི་ཉམས་མྱོང་དག་ལ་གནས་པ་དང་། །ཡིད་ལ་མི་དྲན་རྟོགས་པ་ཐ་མི་དད། །དཔེ་དང་ལམ་དེས་ཐ་དད་འདུལ་བར་བསྟན། །སེམས་ཉིད་ཕྱག་རྒྱ་ཆེན་པོར་འཆར་བ་ནི། །སྐྱེ་མེད་སྐྱེ་བའི་རྣམ་སྤྲུལ་ཅིར་ཡང་འཆར། །བློ་ལས་འདས་པ་མི་སྐྱེ་ངོ་བོར་བསྟན། །མ་སྐྱེས་པ་དང་སྐྱེ་བའི་ངོ་བོ་གཉིས། །ཐ་དད་མེད་དེ་གཉུག་མའི་ངོ་བོར་གཞག །དྲན་པ་སྣ་ཚོགས་གང་ལ་རྒྱུ་བ་འདི། །དྲན་མེད་འཇུག་པས་རྟོག་པ་མི་དགག་པར། །ཤེས་པ་རང་ལུགས་བཞག་ན་གནས་པར་འགྱུར། །སྣང་དང་སྟོང་པ་གཉིས་འཛིན་སྐྱེ་བའི་རྒྱུ། །ཐ་མི་དད་པར་གོ་ན་བདེ་བ་ཆེ། །ཉམས་མྱོང་ཤར་བས་མི་མཐུན་འཛིན་པ་བྲལ། །དྲན་པ་མེད་དེ་འདི་འདྲའི་ཡུལ་མེད་པས། །དྲན་པའི་རྐྱེན་དང་སྣང་སྟོང་ཐ་མི་དད། །མ་སྐྱེས་མཚན་མ་མེད་པའི་རྣལ་འབྱོར་ལ། །མཉམ་གཞག་རྗེས་ཐོབ་མེད་དེ་རྒྱུན་གྱི་རྣལ་འབྱོར་ཆེར། །སྣང་དང་སྐྱེ་བ་དྲན་པ་གང་སྐྱེས་ཀྱང་། །དེ་ཉིད་སྟོང་པ་དྲན་མེད་ངང་གནས་པས། །དྲན་པ་ཡིད་ལ་བྱར་མེད་སྣང་སྟོང་དབྱེར་མི་ཕྱེད། །དེ་ཉིད་ཐུག་ཕྲད་སྐྱེ་མེད་ཉམས་མྱོང་ལ། །སྣང་བའི་ངོ་བོ་སྟོང་པ་བདེ་ཆེན་འཆར། །ཆབ་རོམ་ཆུ་རུ་བཞུ་ནས་བཏུང་དུ་བཏུབ་པ་བཞིན། །གང་སྣང་སྐྱེ་མེད་བདེ་བ་ཆེན་པོར་ཚོར། །བཏང་སྙོམས་དྲན་པ་མེད་དེ་རྟོག་པ་མ་བཀག་ཀྱང་། །བློ་ལས་འདས་པས་རྨོངས་པ་བསྒོམ་དང་བྲལ། །འདི་ལ་གནས་ན་བདེ་ཆེན་ཉམས་འབྱུང་སྟེ། །དང་པོར་སྣང་བ་སྟོང་པའི་ཉམས་མྱོང་འབྱུང་། །ཆབ་རོམ་སྣང་ཡང་ཆུ་རུ་ངོ་ཤེས་བཞིན། །གཉིས་པ་དྲན་པའི་སྣང་བ་མ་འགགས་པར། །སྟོང་པ་བདེ་བ་ཐ་མི་དད་པར་འབྱུང་། །ཆབ་རོམ་ཆུ་རུ་ཞུ་བའི་གནས་སྐབས་བཞིན། །གསུམ་པ་དྲན་པ་དྲན་མེད་སྐྱེ་བ་མེད་ལ་ཐིམ། །ཐམས་ཅད་ཐ་མི་དད་པར་བདེ་བ་ཆེན་པོར་གཅིག །དེ་ཉིད་ཆབ་རོམ་ཐམས་ཅད་ཆུ་རུ་ཞུ་བ་བཞིན། །ཐམས་ཅད་བདེ་ཆེན་རང་བཞིན་ཐུག་ཕྲད་ཤེས་གྱུར་ན། །བཅིངས་གྲོལ་དག་གིས་མ་བཟུང་དྲན་པའི་རྗེས་མ་འབྲངས། །འཇུར་བུས་བཅིངས་པ་བཞིན་དུ་སེམས་མི་སྒྲིམ། །འཇུར་བུ་གློད་ན་གྲོལ་བཞིན་སེམས་ཉིད་གར་དགར་གཏད། །ལྡོག་པས་གཟིངས་ལས་འཕུར་བའི་བྱ་རོག་བཞིན། །དེ་ཉིད་ཤེས་ན་སྣང་བའི་ལོངས་སྤྱོད་ཡིན། །ལྕགས་ཀྱུས་བཏབ་པས་གླང་ཆེན་ཐུལ་བ་བཞིན། །བྱ་བྲལ་བཞག་པས་གླང་ཆེན་ལོབས་པ་བཞིན། །དྲན་པ་དྲན་ངོ་ཤེས་པས་གནོད་པ་མེད། །སྣང་བ་སྟོང་པར་ངོ་ཤེས་རྟོག་དང་བྲལ། །སྐྱེ་བ་གནས་པ་དབྱེར་མེད་དྲན་མི་རྒྱུ། །དེ་ནི་ཁྱིམ་བདག་དགྲ་རྐུན་ངོ་ཤེས་བཞིན། །སྣང་བ་སྟོང་པར་ལན་ཚྭ་ཆུར་ཐིམ་བཞིན། །དྲན་པ་དྲན་མེད་ཐིམ་པས་དེ་ཁོ་ན། །སྐྱེ་བ་རྣམ་པ་གཉིས་ལ་སྐྱེ་རུ་མེད། །ཐུག་ཕྲད་སྐྱེ་མེད་ཡེ་ཤེས་ཤར་བས་ན། །དྲན་པ་བློ་ཡི་ཡུལ་མེད་ཕྱོགས་མེད་ཡེ་ཤེས་འཆར། །སྤྲ་བར་མེ་མཆེད་རང་འབར་མེ་བཞིན་དུ། །མྱོང་སྣང་སྨྲ་མི་བཏུབ་པ་གཞོན་ནུའི་བདེ་བ་བཞིན། །སྣ་ཚོགས་སྣང་ཡང་དྲན་པར་མི་འགྱུར་བར། །དལ་བའི་འབབ་ཆུར་རྦ་རླབས་མི་འབྱུང་བཞིན། །རང་གི་ངོ་བོ་གསལ་བས་མར་མེ་འདྲ། །དེ་ལྟར་ཕྱག་རྒྱ་ཆེན་པོ་གང་ལ་མི་བརྟེན་པས། །བྱ་སར་ཀོན་ནེ་ནམ་མཁར་གནས་བཞིན་དུ། །རྟོག་པའི་སྤྱོད་པས་བླང་དོར་མི་བྱེད་པར། །སྲོག་ཆགས་པ་ཏ་རི་བཞིན་ཞེན་ཆགས་མེད། །བློ་འདས་འབྲས་བུ་འདོད་པ་མེད་སྒྲུབ་པ། །སྨན་མཆོག་ནང་ནས་བེ་ཏ་ཇི་བཞིན་ཉིད། །ཀྱེ་ཧོཿ དེ་ལྟར་མཁས་པས་ཐབས་ཟིན་དག་གིས་ནི། །དྲན་པ་དེ་ལ་སྐྱེ་མེད་རྒྱས་བཏབ་སྟེ། །དྲན་པ་མེད་ལ་དྲན་པའི་རྒྱ་ཡིས་གདབ། །སྣང་བས་སྟོང་པ་ལ་རྒྱས་གདབ། །སྟོང་པས་སྣང་བ་ལ་རྒྱས་གདབ། །དྲན་དང་སྣང་བར་བདེ་བའི་རོར་ཤར་ན། །སྟོང་དང་དྲན་མེད་རྒྱ་ཡིས་ཐེབས་པ་ཡིན། །སྣང་དང་དྲན་པར་སྟོང་པའི་རྒྱ་དང་ནི། །དྲན་མེད་གནས་པ་དག་གི་རྒྱས་བཏབ་ན། །སྣང་དང་དྲན་པ་བདེ་བའི་རོར་ཤར་ནས། མཚན་མའི་སྒོམ་པས་མ་བཅོས་མཚན་མེད་བློ་ལས་འདས། །དྲན་དང་སྣང་བ་དག་ལ་སྐྱེ་མེད་རྒྱས་བཏབ་པས། །སྐྱེ་མེད་དག་ལ་བློ་འདས་རྒྱ་ཡིས་ཐེབས། །དྲན་པར་དྲན་མེད་བདེ་བའི་རྒྱས་ཐེབས་པས། །སྟོང་པར་མ་སོང་ཆད་པའི་མཐར་མ་ལྷུང་། །གནས་པས་སྐྱེ་བ་དག་ལ་རྒྱས་ཐེབས་པས། །དངོས་པོར་མ་སོང་རྟག་པའི་མཐར་མ་ལྷུང་། །ཐམས་ཅད་བློ་ལས་འདས་ཤིང་སྐྱེ་མེད་པས། །ཐམས་ཅད་བདེ་བ་ཆེན་པོའི་རྒྱུ་དང་ལྡན། །དེ་ལྟར་ཤེས་པས་བཏང་སྙོམས་མཐར་མ་ལྷུང་། །དྲན་པ་འཁོར་བའི་དངོས་པོ་དང་། །དྲན་པ་མེད་པའི་རྟོགས་པ་ལ། །བཏང་སྙོམས་ལམ་དུ་ཁྱེར་བར་བྱེད་པ་ལ། །རིག་པས་གཞིགས་ནས་སྟོང་པར་བཏང་སྙོམས་དང་། །གཟུང་འཛིན་བྲལ་བའི་རང་རིག་བཏང་སྙོམས་པས། །བདེན་པ་གཉིས་བྲལ་གཉིས་མེད་བཏང་སྙོམས་བསྒོམ། །གང་དུ་མ་དྲན་བསམ་གཏན་བཏང་སྙོམས་མཆོག །ལུང་དུ་མ་བསྟན་བཏང་སྙོམས་བསྒོམ་པ་མེད། །ཤེས་པ་སོར་གཞག་དྲན་མེད་ཉམས་འཕྲོས་པས། །དྲན་པའི་མཚན་མ་དྲན་མེད་ལམ་དུ་ཁྱེར། །བདེ་བ་ལམ་ཁྱེར་བློ་འདས་མ་དམིགས་པ། །གཉིས་ལ་མི་རྟོག་བདེ་བ་རྒྱུན་མི་འཆད། །ཀྱེ་ཧོཿ ཉམས་དང་བྲལ་བས་གཟུང་འཛིན་གཉིས་ལས་གྲོལ། །དེ་ཉིད་ཕྱག་རྒྱ་ཆེན་པོའི་དོན་མཐོང་འགྱུར། །འབྲས་བུ་མཐར་ཐུག་རིན་ཆེན་གཏེར་ཆེན་ལས། །ཕྱག་རྒྱ་ཆེ་ལ་གནས་འདོད་གང་། །དྲི་མེད་འབྲས་བུ་རྟོགས་པར་ཤོག །སྐུའི་མཛོད་འཆི་མེད་རྡོ་རྗེའི་གླུ་ཞེས་བྱ་བ་བཀའ་ཕྱག་རྒྱ་ཆེན་པོ་དཔལ་ས་ར་ཧའི་ཞལ་སྔ་ནས་གསུངས་པ་རྫོགས་སོ།།