ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་སྔོན་འགྲོའི་ངག་འདོན་་་

From Rangjung Yeshe Wiki Texts
Jump to navigation Jump to search
༄༅། །ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་སྔོན་འགྲོའི་ངག་འདོན་ཆུ་འབབས་སུ་བཀོད་པ་ཡེ་ཤེས་གསང་རྫོགས་ཞེས་བྱ་བ་བཞུགས་སོ།།[1]


ན་མོ་གུ་ར་ཝེ། འདིར་ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་སྔོན་འགྲོའི་ངག་འདོན་གྱི་རིམ་པ་ལ་གསུམ། རྒྱུད་སྣོད་རུང་དུ་བྱ་བ་ཐུན་གྱི་སྔོན་འགྲོ །ཐུན་མོང་གི་སྔོན་འགྲོ་བློ་སྦྱོང་བདུན། ཁྱད་པར་གྱི་སྔོན་འགྲོ་བསག་སྦྱོང་ལྔའོ། །དང་པོ་ཐུན་གྱི་སྔོན་འགྲོ་ལ། སྒོ་གསུམ་རྣལ་དུ་དབབ། མདུན་གྱི་ནམ་མཁར་བླ་མ་བསྒོམས་ལ་མོས་གུས་གདུང་ཤུགས་དྲག་པོས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། ༼།བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།༽ །ཞེས་དང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་མཐར་བླ་མ་རང་ལ་བསྡུས་ཏེ་མཉམ་པར་གཞག །གཉིས་པ་ཐུན་མོང་བློ་སྦྱོང་བདུན་གྱི་ངག་འདོན་ནི། འདི་ལྟར་འདུས་བྱས་ཐམས་ཅད་ནི་མི་རྟག་པ་སྟེ་ཆུའི་ལྦུ་བ་ལྟ་བུའོ༔ འཁོར་བའི་བདེ་བ་ཐམས་ཅད་ནི་འཕྲལ་བདེ་བ་ལྟར་སྣང་ཡང་དོན་ལ་སྡུག་བསྔལ་ཏེ་དུག་གི་འབྲས་བུ་སྨིན་པ་ལྟ་བུའོ༔ རྐྱེན་སྣ་ཚོགས་པ་ཐམས་ཅད་ནི་ཟིན་པའི་དུས་མེད་པ་སྟེ་སྨིག་རྒྱུའི་ཆུ་ལ་སྙེག་པ་ལྟ་བུའོ༔ ཚེ་འདིའི་བྱ་བ་ཐམས་ཅད་ནི་རྣམ་པ་ཀུན་ཏུ་དོན་མེད་པ་སྟེ་གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟ་བུའོ༔ ཐར་པ་དམ་པའི་འབྲས་བུ་ནི་ནམ་ཡང་སྡུག་བསྔལ་བར་མི་ལྡོག་སྟེ་འབྲུམ་ནད་བྱང་པའི་སྐྱེས་བུ་ལྟ་བུའོ༔ བླ་མ་དམ་པའི་གདམས་ངག་ནི་ཐར་པའི་ཁང་བཟང་དུ་འཛེགས་པའི་ལམ་སྟེ་ཐེམ་སྐས་བཟང་པོ་ལྟ་བུའོ༔ རྣམ་པར་མི་རྟོག་པའི་བསམ་གཏན་ནི་ཏིང་ངེ་འཛིན་ཐམས་ཅད་སྐྱེ་བའི་གཞི་སྟེ་ཞིང་ས་དུལ་བ་ལྟ་བུའོ༔ ཞེས་བརྗོད་ཅིང་བསམས་ལ་ངེས་འབྱུང་གི་བློ་བསྐྱེད། ལུས་སེམས་ཁོང་ཀློད། མིག་ཧར་རེ་བཞག །སེམས་རྟོག་མེད་ཀྱི་ངང་དུ་དར་གཅིག་མཉམ་པར་གཞག་གོ །གསུམ་པ་ཁྱད་པར་གྱི་སྔོན་འགྲོ་ལ་ལྔ་ལས། དང་པོ་སྐྱབས་འགྲོའི་ངག་འདོན་ནི། སྐྱབས་ཡུལ་སོགས་དམིགས་པ་ཁྲིད་ཡིག་ལྟར་གསལ་བཏབ་ལ། ཨ༔ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རིག་རྩལ་ལོངས་སྤྱོད་རྫོགས༔ དབྱེར་མེད་ཐུགས་རྗེ་སྤྲུལ་པའི་སྐུར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་ཀྱི་ངག་འདོན་ནི། ཧོ༔ གློ་བུར་འཁྲུལ་པའི་འགྲོ་བ་ཀུན༔ གདོད་ནས་རྣམ་དག་དབྱིངས་ཀྱི་ངང༔ ཡེ་ཤེས་རིག་པས་རང་གྲོལ་ཕྱིར༔ ཅོག་གཞག་ཆེན་པོར་སེམས་བསྐྱེད་དོ༔ གསུམ་པ་སྒྲིབ་སྦྱོང་གི་ངག་འདོན་ནི། ཨཿ བདག་ཉིད་ཐ་མལ་ལུས་ཀྱི་དབུས། །རྩ་གསུམ་འཁོར་ལོ་བཞི་དང་བཅས། །དྭངས་གསལ་འོད་ཀྱི་རང་བཞིན་གྱི། །མར་སྣེ་ལྟེ་འོག་སོར་བཞིའི་སྦུབས། །བླ་མ་དཔལ་ལྡན་རྡོ་རྗེ་སེམས། །དམར་གསལ་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །རང་འོད་རིག་མའི་བདེ་བས་དགྱེས། །རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། །པདྨ་ཟླ་བའི་གདན་གྱི་སྟེང་། །དྭངས་མ་འོད་ལྔའི་ཀློང་ན་བཞུགས། །བླ་མ་རྡོ་རྗེ་སེམས་དཔའ་ལ། །མི་ཕྱེད་གུས་པས་གསོལ་བ་འདེབས། །བདག་གི་སྡིག་སྒྲིབ་ཉེས་ལྟུང་ཀུན། །བྱང་ཞིང་དག་པར་བྱིན་གྱིས་རློབས། །རྩེ་གཅིག་གསོལ་བ་བཏབ་པ་ལས། །ཡེ་ཤེས་མེ་འབར་རྩ་འཁོར་ཁྱབ། །སྒོ་གསུམ་ཆ་མཉམ་སྡིག་སྒྲིབ་ཀུན། །བསྲེགས་སྦྱངས་རང་ལུས་འོད་ཀྱི་སྐུ། །རྡོ་རྗེ་སེམས་དཔའི་གསང་གསུམ་དང་། །དབྱེར་མེད་མ་བཅོས་ལྷུག་པར་ཤར། །ཅེས་བརྗོད་ཅིང་བསམས་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླ། མཐར་སྤྲོ་ཞིང་ནུས་ན། ༼རུ་ཏྲའི་སྨྲེ་བཤགས་ནི།། ཨོཾ༔ ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས༔ དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ༔ རྣམ་དག་འོད་གསལ་ཉི་མ་འབུམ་བརྡལ་ཞིང༔ དཔའ་བོ་འོད་ཟེར་སྟོང་ཁམས་ལྷམ་མེ་བ༔ སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས༔ ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ༔ བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ༔ བདག་ནི་ཐོག་མ་མེད་པའི་དུས་དག་ནས༔ ལམ་ལོག་ལམ་སྟོར་སྲིད་པའི་འཁོར་ལོར་འཁྱམས༔ སྔོན་ཚེ་ལས་ལོག་སྡིག་པ་བྱས་པས་ནོངས༔ སྡིག་པའི་ལས་རྣམས་ཅི་སྤྱད་རབ་གནོང་འགྱོད༔ དར་ཞིང་དྲགས་པའི་ལས་དབང་དེ་བཙན་ནས༔ འཁོར་བའི་སྡུག་བསྔལ་རྒྱ་མཚོར་བདག་བྱིངས་ཏེ༔ ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས༔ གཏི་མུག་མུན་འཐིབས་དག་གིས་ཤེས་རབ་ལྡོངས༔ འདོད་ཆགས་རྒྱ་མཚོའི་འགྲམ་དུ་རྣམ་ཤེས་བྱིངས༔ ང་རྒྱལ་དྲག་པོའི་རི་བོས་ངན་འགྲོར་མནན༔ ཕྲག་དོག་རླུང་དམར་འཚུབས་པས་འཁོར་བར་གཡེངས༔ བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས༔ འདོད་པ་མེ་མདག་དོང་འདྲའི་འོབས་སུ་ལྷུང༔ སྡུག་བསྔལ་དྲག་པོ་མི་བཟད་ཆར་ལྟར་འབབས༔ འདི་འདྲའི་སྡུག་བསྔལ་བདག་གིས་བཟོད་དཀའ་ཞིང༔ སྡིག་པའི་ལས་དབང་དྲག་པོའི་མེ་འབར་བས༔ རྣམ་ཤེས་དབང་པོའི་མྱུ་གུ་གདུངས་གྱུར་ཏེ༔ ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན༔ བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ༔ བདག་ནི་བླུན་རྨོངས་ལས་ངན་སྡིག་པོ་ཆེ༔ ལས་ཀྱི་དབང་གིས་འདོད་ཁམས་རུ་ཏྲར་སྐྱེས༔ སྐྱེས་པས་འགྱོད་དོ་ལས་ལ་ཡི་རེ་ཆད༔ ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད༔ ལས་ཀྱི་ཤུགས་ནི་ཆུ་བོའི་གཞུང་དང་འདྲ༔ ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་ཟློག༔ རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང༔ བཀའ་ལ་ཞུགས་ཀྱང་བཀའ་བཞིན་རྔ་ོམ་ཐོགས༔ ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་སོང༔ ལས་ཀྱི་རླུང་དམར་དྲག་པོ་དེས་བདས་པས༔ བདག་ནི་དེ་སྔོན་བསྐལ་པ་གྲངས་མེད་དུ༔ འཁོར་བའི་བཙོན་ར་མུན་པར་འཁྱམས་པ་ལ༔ ཉེར་གནས་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ ལས་དང་ཉོན་མོངས་སྒྲིབ་པའི་གནས་སྦྱངས་ནས༔ མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟར་འཁོད༔ ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི༔ ཐུགས་རྗེའི་ཞལ་ཉིད་ལྟ་བས་མི་ངོམས་པ༔ ཐོག་མ་མེད་ནས་མ་རིག་ལིང་ཏོག་གིས༔ ལྡོངས་པའི་ཆུ་བུར་མིག་གིས་མ་མཐོང་ན༔ འགྲོ་བའི་མགོན་ཁྱོད་ད་ལྟ་གང་ན་བཞུགས༔ ལས་དབང་དྲག་པོ་ཤིན་ཏུ་མི་བཟོད་པས༔ ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ན༔ དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཅིང༔ ཉམ་ཐག་ཕོངས་པའི་ང་རོ་འདོན་ལགས་པས༔ བྱམས་མགོན་ཐུགས་རྗེས་དུས་འདིར་མ་དགོངས་ན༔ ནམ་ཞིག་འཆི་འཕོ་ལུས་སེམས་བྲལ་བའི་ཚེ༔ དགེ་བཤེས་གྲོགས་དང་བྲལ་ནས་གཤིན་རྗེས་ཁྲིད༔ དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ༔ ལས་ཀྱི་དབང་གིས་བདག་ཉིད་གཅིག་པུར་ཁྲིད༔ དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ཀྱི༔ གང་གིས་ཕྱི་བཤོལ་དུས་ལས་མ་གཡེལ་བར༔ ད་ལྟ་ཉིད་དུ་བརྟུན་ཏེ་མངོན་སྤྱོད་མཛོད༔ ལས་ཀྱི་མནར་བའི་སྐྱེ་བོ་བདག་འདྲ་བ༔ ཐོག་མ་མེད་པའི་དུས་ནས་ལོག་བརྟགས་པས༔ ཁམས་གསུམ་འཁོར་བའི་གནས་ནས་མ་ཐར་ཏེ༔ བསྐལ་པ་གྲངས་མེད་སྐྱེ་བ་ཇི་སྙེད་དུ༔ གདོས་བཅས་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ༔ ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ༔ རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ༔ ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང༔ ཁམས་གསུམ་བགྲངས་ཤིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང༔ བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས༔ སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལས༔ སྐྱེ་བ་ཚེ་གཅིག་ཁོ་ན་ཙམ་གྱི་ལས༔ བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན༔ དེ་ཙམ་བྱས་པའི་ལས་ལ་དོན་ཡོད་པས༔ དོན་གྱི་ཡོང་ཡེ་མྱ་ངན་འདས་ཟིན་ན༔ ལས་་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས༔ ཤ་ཁྲག་དྲྭ་བའི་ལུས་བླངས་འཁོར་བར་འཁྱམས༔ སྡུག་བསྔལ་བཟོད་དཀའ་སྲིད་པའི་བཙོན་རར་ཚུད༔ མི་བཟད་དྲག་པོའི་སྡུག་བསྔལ་འདི་ལྟ་བུ༔ ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང༔ ཐུགས་རྗེ་ཆེན་པོས་ལས་ངན་རྒྱུན་བཅད་དེ༔ ཉོན་མོངས་ལས་ཀྱི་རླུང་འདི་བཟློག་ཏུ་གསོལ༔ མ་རིག་ལོག་པའི་ལས་དེ་དབང་བཙན་ནས༔ མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན༔ ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་སྟོངས་སམ༔ ཉེས་བྱས་ལས་ཀྱི་རྣམ་སྨིན་མི་བཟོད་ན༔ ཐུགས་རྗེ་ཆེན་པོས་ཕྲིན་ལས་མི་མཛད་དམ༔ ཕྱིན་ཅི་ལོག་གི་གཡང་སར་ལྷུང་ལགས་ན༔ ཐུགས་རྗེ་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ༔ དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན༔ ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོའམ༔ ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེ་འབར་ན༔ ཐུགས་རྗེ་བསིལ་བའི་ཆུ་རྒྱུན་མི་འབེབས་སམ༔ སྡུག་བསྔལ་འཁོར་བའི་འདམ་དུ་བྱིངས་གྱུར་ན༔ ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ༔ ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས༔ ནམ་ཞིག་རང་གིས་འབྲས་བུ་ཐོབ་པའི་ཚེ༔ འཕགས་པའི་ཐུགས་རྗེས་ཅི་འཚལ་དོན་མ་མཆིས༔ བདག་ཉིད་ལས་འཕྲོའི་དབང་གིས་བཞག་ན་ལྟ༔ ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི༔ དཔའ་བོ་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ཞིང༔ སྔོན་བྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན༔ ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར༔ སྙིང་ནས་ད་གཟིགས་ཐུགས་ རྗེ་རྒྱལ་བའི་ལྷ༔ འཁོར་བའི་འདམ་ནས་དྲངས་ཏེ་སྐུ་གསུམ་གྱི༔ གོ་འཕང་མཆོག་ལ་མྱུར་དུ་དྲང་དུ་གསོལ༔༽།ཞེས་བཤགས་རྒྱུད་ལས་འབྱུང་བའི་རུ་ཏྲའི་སྨྲེ་བཤགས་སམ། དེ་ཙམ་མི་ནུས་ན། མགོན་པོ་བདག་ནི་༼མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་སྐྱབས་གསོལ་གྱི་ཚིག་བརྗོད་པ་དང་། རང་རྒྱུད་ཀྱི་སྡིག་ལྟུང་དག་པ་ལ་བླ་མ་རྡོ་རྗེ་སེམས་དཔའ་ཐུགས་དགྱེས་པས་ཞལ་འཛུམ་མདངས་སུ་བཞད་ཅིང་། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གསུང་གིས་དངོས་སུ་གནང་བ་བྱིན་པ་དང་ཆབས་ཅིག་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར།༽ ངག་འདོན་སྤྱི་ལྟར་གྱི་སྒོ་ནས་བཤགས་སྡོམ་བྱའོ། །བཞི་པ་ཚོགས་གསོག་གི་ངག་འདོན་ནི། མཐར་ནི་ཡེ་ཤེས་མེ་ལྕེ་ཡིས། །སྤྱི་བོའི་ཧྃ་ལས་བདུད་རྩི་དྲངས། །འཁོར་ལོའི་གནས་བཞིར་སོན་པ་ལས། །བླ་མ་སྐུ་བཞིའི་དཀྱིལ་འཁོར་ལ། །དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི། །ཡེ་ཤེས་ཆེན་པོས་རབ་མཉེས་ནས། །བདེ་ཆེན་འབྲས་བུའི་ཚོགས་ཆེན་རྫོགས། །རྡོ་རྗེ་བཞི་དང་དབྱེར་མེད་གྱུར། །ཅེས་བརྗོད་ཅིང་བསམས་ལ། མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་ཧཾ༔ ཞེས་ཅི་ནུས་བཟླས་མཐར་མཉམ་པར་འཇོག །ལྔ་པ་བླ་མའི་བྱིན་རླབས་ལམ་བྱེད་ཀྱི་ངག་འདོན་ལ། ཐོག་མར་ཚོགས་རྟེན་གསལ་གདབ་པ་ནི། ཀ་དག་གི་ངང་ལས་སེང་གེ་དང་པདྨ་ཉི་མའི་ཁྲིའི་སྟེང་དུ་རང་ཉིད་གཉུག་མའི་ལྷ་དང་བླ་མ་དབྱེར་མེད་པའི་ངོ་བོ་སིཾ་ཧེ་ཤྭ་ར་རྣལ་འབྱོར་སྤྱོད་པ་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཁ་དོག་དམར་སྨུག་མཉམ་གཞག་དང་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལུས་ཀྱི་ཆ་ཐམས་ཅད་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གོང་ཁ་ཕྱེས་པ་ལྟ་བུས་གང་བ། བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོད་པ་ཐམས་ཅད་སྲེག་པར་མཛད་པ། འཁོར་དུ་བརྒྱུད་གསུམ་གྱི་བླ་མ་དང་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། སྨིིན་མཚམས་སུ་ཆོས་འབྱུང་དཀར་པོ་རྩ་བ་ཕྲ་བ་དབུ་མ་ལ་ཟུག་ཅིང་། ཁ་གདེངས་གཡེལ་བའི་ཟུར་གཅིག་གྱེན་ལ་བསྟན་པའི་ནང་དུ་བདེ་ཆེན་ཐིག་ལེ་དགའ་བ་འཁྱིལ་བ་དཀར་པོ་འོད་འབར་བ་གཡོན་བསྐོར་དུ་དྲག་ཏུ་འཁོར་བ། དེའི་ཐད་ཀའི་ནམ་མཁར་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་བི་མ་ལ་མི་ཏྲ་དཀར་གསལ་ཤངས་རྩེར་སྐྱེ་མེད་ཡི་གེ་ཨ་དཀར་པོས་མཚན་པ། ཕྱག་མཉམ་གཞག་བདུད་རྩིའི་ཐོད་ཞལ་བསྣམས་པ། དར་སྔོན་པོའི་སྟོད་གཡོགས་དང་ཆོས་གོས་གསོལ་ཞིང་། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་དགྱེས་ཡེ་རེ་བཞུགས་པ། སྣང་སྲིད་ཐམས་ཅད་འཇའ་ཟེར་ཐིག་ལེར་མེར་མེར་ཤིག་ཤིག་གཡོ་བ། སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། སྐུ་གསུམ་གྱི་ཞིང་རབ་འབྱམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་བདག་མདུན་རྣམས་ལ་སིབ་སིབ་ཐིམ་པར་མོས་ལ། ཨ༔ ངོ་བོ་ཆོས་སྐུའི་གཞལ་ཡས་ནས༔ ཀ་དག་བླ་མ་གཤེགས་སུ་གསོལ༔ རང་གྲོལ་ཆེན་པོར་བྱིན་ཕོབས་ལ༔ འཁྲུལ་པ་དག་པའི་དབང་མཆོག་སྐུར༔ རང་བཞིན་ལོངས་སྐུའི་ཞིང་ཁམས་ནས༔ ལྷུན་གྲུབ་བླ་མ་གཤེགས་སུ་གསོལ༔ རིག་རྩལ་ཆེན་པོར་བྱིན་ཕོབས་ལ༔ ཡེ་ཤེས་རྒྱས་པའི་དབང་མཆོག་སྐུར༔ ཐུགས་རྗེ་སྤྲུལ་སྐུའི་དཀྱིལ་འཁོར་ནས༔ དབྱེར་མེད་བླ་མ་གཤེགས་སུ་གསོལ༔ སྣང་སྲིད་གཞིར་བཞེངས་བྱིན་ཕོབས་ལ༔ འཇའ་ལུས་རྡོ་རྗེའི་དབང་མཆོག་སྐུར༔ ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་བདེ་བ་ཆེ༔ མཁའ་འགྲོ་གསང་བའི་གནས་མཆོག་ནས༔ གདོད་མའི་མགོན་པོ་ཧེ་རུ་ཀ༔ སིཾ་ཧེ་ཤྭ་ར་གཤེགས་སུ་གསོལ༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ན༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་དགོངས༔ གློ་བུར་འཁྲུལ་པའི་བར་ཆད་སོལ༔ འདུ་འབྲལ་མེད་པར་དབང་སྐུར་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ་ཧཱུྃ༔ ཞེས་དང་། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་བྱིན་དབབ་ཅིང་དམ་ཡེ་དབྱེར་མེད་དུ་བྱ། ཚོགས་གསག་པའི་སླད་དུ་ཕྱག་འཚལ་བ་དང་བཅས། ཨ༔ སྣང་བཞི་མཐར་ཕྱིན་བླ་མ་ལ༔ འདུ་འབྲལ་མེད་པར་ཕྱག་འཚལ་ལོ༔ རླུང་སེམས་དག་པའི་མཆོད་སྤྲིན་འབུལ༔ སྡིག་ལྟུང་འདུས་མ་བྱས་པར་བཤགས༔ གཉིས་འཛིན་བྲལ་བས་རྗེས་ཡི་རང༔ བརྗོད་མེད་ཆོས་འཁོར་བསྐོར་བཞིན་དུ༔ ཡོངས་གྲུབ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་འོད་གསལ་དབྱིངས་སུ་བསྔོ༔ ཞེས་ཡན་ལག་བདུན་པ་འབུལ། དེ་ནས་བྱིན་རླབས་འཇུག་པའི་སླད་དུ་མདུན་གྱི་བླ་མ་ལ་མོས་གུས་ཤུགས་དྲགས་སུ་བསྐྱེད་དེ་སྤྲོ་ན་བརྒྱུད་པའི་གསོལ་འདེབས་དང་། གང་ལྟར་ཡང་། འོད་གསལ་སྣང་བཞི་མཐར་ཕྱིན་ནས༔ རིག་པ་མི་འགྱུར་སྐུ་ལྔར་བཞེངས༔ འཇའ་ལུས་འཕོ་ཆེན་དྭངས་མའི་གཟུགས༔ འཆི་མེད་བི་མ་མི་ཏྲ་ཀྱེ༔ བདག་ལ་ཐུགས་རྗེས་བརྩེར་དགོངས་ནས༔ མངོན་སུམ་བྱིན་རླབས་དེང་སྩོལ་ཅིག༔ ཅེས་གསོལ་འདེབས་དང་། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ་ཧཱུྃ༔ ཞེས་པའི་བཟླས་པ་རྩེ་གཅིག་ཏུ་བྱས་མཐར་དབང་བླང་བ་ནི། སླར་ཡང་གསོལ་བ་ལན་གསུམ་བཏབ་པས། བླ་མའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་དང་རང་འདྲའི་སྐུ་དཔག་ཏུ་མེད་པ་བྱུང་། རང་གི་དཔྲལ་བར་ཐིམ། ལུས་རྩའི་སྒྲིབ་པ་དག །སྤྲོས་བཅས་བུམ་པའི་དབང་ཐོབ། སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་དབང་། ས་བརྒྱད་པ་ནོན། འབྲས་བུ་སྐུ་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཆར་ཁའི་ཟེར་ཐག་ལྟ་བུ་དང་། ཨཱ་ལི་ཀཱ་ལིའི་ཕྲེང་བ་དཔག་ཏུ་མེད་པ་བྱུང་། རང་གི་མགྲིན་པར་ཐིམ། ངག་རླུང་གི་སྒྲིབ་པ་དག །སྤྲོས་མེད་གསང་བའི་དབང་ཐོབ། སྐྱེ་མེད་རང་བྱུང་རྡོ་རྗེའི་བཟླས་པ་ལ་དབང་། ས་བཅུ་གཅིག་པ་ནོན། འབྲས་བུ་གསུང་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་མཐིང་ཞུན་གྱི་དྭངས་མ་ལྟ་བུ་དང་། ཨ་ཡིག་མཐིང་གསལ་དཔག་ཏུ་མེད་པ་བྱུང་། རང་གི་སྙིང་གར་ཐིམ། ཡིད་ཐིག་ལེའི་སྒྲིབ་པ་དག །ཤིན་ཏུ་སྤྲོས་མེད་ཤེར་དབང་ཐོབ། བདེ་ཆེན་འོད་གསལ་གྱི་ཡེ་ཤེས་བསྒོམ་པ་ལ་དབང་། ས་བཅུ་གསུམ་པ་ནོན། འབྲས་བུ་ཐུགས་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་གནས་གསུམ་ཀ་ནས་འོད་ཟེར་འཇའ་ཚོན་ཤར་བ་ལྟ་བུ་དང་། ཙིཏྟ་རིན་པོ་ཆེའི་སྦུབས་ནས་འོད་ལྔའི་གོང་བུ་ཚོན་གང་བ་བྱུང་། རང་གི་གནས་གསུམ་དང་སྙིང་དབུས་སུ་ཐིམ། ཆ་མཉམ་ཡེ་ཤེས་ཀྱི་སྒྲིབ་པ་དག །རབ་ཏུ་སྤྲོས་མེད་བཞི་པ་ཐོབ། ཀ་དག་ལྷུན་གྲུབ་ཟུང་འཇུག་བསྒོམ་པ་ལ་དབང་། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ཡོན་ཏན་དང་ཕྲིན་ལས་རྣམ་ལྔ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། །མཐར། བླ་མ་ཉིད་དགྱེས་པས་འོད་དུ་ཞུ་སྟེ་སྨིན་མཚམས་ཀྱི་དགའ་བ་འཁྱིལ་བའི་དབུས་སུ་ཐིམ་པས་ཐིག་ལེ་དཀར་པོ་ཨ་ཡིག་གིས་མཚན་པ་སྲན་མ་ཙམ་དྭངས་གསལ་གཡོ་མེད་དུ་གྱུར་པར་བསམས་ལ་སེམས་གཏད་དེ་རིག་སྟོང་གཉུག་མའི་ངང་བསྐྱང་ནས་དེ་ཁོ་ན་ཉིད་ལ་མཉམ་པར་གཞག །ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་མགོན་བླ་མ་འགྲུབ་གྱུར་ནས། ༼འགྲོ་བ་གཅིག་ཀྱང་མ་ལུས་པ། དེས་ཡི་ས་ལ་འགོད་པར་ཤོག༽ །བསྔོ་སྨོན་ཅི་རིགས་པ་དང་བཅས་ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་པར་བྱའོ། །འདི་རྣམས་ཀྱི་དམིགས་རིམ་ཞིབ་ཆ་ཁྲིད་ཡིག་ལས་ཤེས་པར་བྱའོ། །སྔོན་འགྲོ་སྦྱང་སྐབས་ཐུན་མོང་བློ་སྦྱོང་བདུན་རེ་རེ་ནས་ཐུན་དུ་བཅད་དེ་མྱོང་བ་ཐོན་པ་དང་། ཁྱད་པར་རྣམ་པར་མི་རྟོག་པ་ལ་བརྟེན་ནས་སེམས་སྦྱངས་པས་ཞི་ལྷག་གི་ཏིང་ངེ་འཛིན་ཅི་རིགས་རྒྱུད་ལ་འབྱོང་བར་བྱ། སྐྱབས་འགྲོ་སོགས་གྲངས་ཀྱི་དབང་དུ་བྱས་ན་སྐྱབས་སེམས། ཡིག་བརྒྱ། ཚོགས་གསོག་གི་སྔགས་རྣམས་འབུམ་ཐེར་ཁ་སྐོང་བཅས་དང་། ཡན་ལག་བདུན་པ་དང་སྦྲགས་ཕྱག་འབུམ་ཐེར་གྲུབ་ནའང་ཤིན་ཏུ་ལེགས། ཁྱད་པར་གསོལ་འདེབས་འབུམ་ཐེར་དང་། གསོལ་འདེབས་ཀྱི་བསྙེན་པ་འབུམ་ཕྲག་བཅུ་སོགས་མ་མཐར་བྱས་ཏེ་ཉམས་སུ་བླང་ཞིང་། གཙོ་བོར་སོ་སོའི་ཉམས་མྱོང་དང་། རྟགས་ཐོན་པའི་བར་དུ་འབད་ན་དངོས་གཞིའི་ཉམས་རྟོགས་ཀྱི་ཡོན་ཏན་སྐྱེ་བ་ལ་ཚེགས་མེད་པས་སྔོན་འགྲོའི་གཞི་ཐེངས་པ་ངེས་པར་བྱའོ། །ཞེས་པའང་ཁྲིད་ཡིག་སྙིང་པོའི་བཅུད་དྲིལ་ཐིག་ལེ་གསང་རྫོགས་ལས་ཇི་ལྟར་འབྱུང་བ་ཅུང་ཟད་སྤྲོས་ཏེ་འོད་གསལ་སྤྲུལ་པའི་རྡོ་རྗེས་ངག་འདོན་ཁོ་ན་ཁྲིགས་སུ་བསྡེབས་པའི་དགེ་བས་འབྲེལ་ཚད་ཀུན་བཟང་གདོད་མའི་གོ་སར་དབུགས་འབྱིན་པའི་རྒྱུར་གྱུར་ཅིག། །།

View PDF Chetsun 3

Notes

  1. Sechen