རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་བསྡུས་པ་་་
༄༅། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་བསྡུས་པ་ཟབ་མོ་ནང་གི་དོན་ཉུང་ངུའི་ཚིག་གིས་རྣམ་པར་འགྲོལ་བ་ཟབ་དོན་སྣང་བྱེད་ཅེས་བྱ་བ་བཞུགས་སོ། །[1]
༄༅། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་བསྡུས་པ་ཟབ་མོ་ནང་གི་དོན་ཉུང་ངུའི་ཚིག་གིས་རྣམ་པར་འགྲོལ་བ་ཟབ་དོན་སྣང་བྱེད་ཅེས་བྱ་བ། བླ་མ་དང་གསང་བའི་བདག་པོ་ལ་གུས་པས་ཕྱག་འཚལ་ལོ། །མི་བསྐྱོད་རིགས་བརྒྱའི་བདག་ཉིད་ནོར་བུ་མཐོན་ཀའི་ཅོད་པན་གཙུག་ན་མཛེས། །སྒྲིབ་པའི་རྡུལ་སྤངས་མཁའ་ལྟར་དག་པའི་ཡེ་ཤེས་ཆེན་པོས་སྲིད་ལས་འདས། །དམིགས་མེད་སྙིང་རྗེའི་ཆུ་སྐྱེས་རྒྱས་པས་ཕྱག་ན་རབ་མཛེས་ཞིར་དགྱེས་མིན། །འཇིག་རྟེན་དབང་ཕྱུག་རང་བྱུང་རྒྱལ་དང་དབྱེར་མེད་དཔལ་ལྡན་བླ་མར་འདུད། །རྒྱུད་རྣམས་ཀུན་བདག་ཧེ་རུ་ཀ་དཔལ་བདེ་ཆེན་དགྱེས་པར་རོལ་དེ་དང་། །མཐའ་ཡས་གསང་བ་སྡུད་ཅིང་སྟོན་མཛད་གྲུབ་པ་རྡོ་རྗེ་ཅན་གྱི་ཚོགས། །གསང་བའི་འབྱུང་གནས་རྣལ་འབྱོར་མ་དཔལ་མཁའ་འགྲོ་དམ་ཅན་ཚོགས་བཅས་ཀྱིས། །ཐུགས་བརྩེར་དགོངས་ལ་དོན་བཞིན་འཆད་པའི་བློ་མཐུ་ཐོགས་པ་མེད་སྩོལ་ཅིག །དེང་སང་སྐྱེ་བོ་བློ་དང་བརྩོན་འགྲུས་དམན། །ཁྱད་པར་སྐལ་པ་དམན་པའི་གཞན་དབང་གྱུར། །ཅུང་ཟད་དཀའ་བ་རྒྱུ་མཚན་བྱས་ནས་ཀྱང་། །བཤད་དང་སྒྲུབ་བའི་ལམ་བཟང་ཙམ་གྱིས་འཇོག །སྔོན་གྱི་རྒྱས་འགྲེལ་ངོ་མཚར་ཅན་མང་ཡང་། །ཕལ་ཆེར་ལུང་རྒྱུན་ཙམ་ཡང་འཛིན་པ་མེད། །གནད་དོན་དཔྱིས་ཕྱིན་གོ་བ་ཉིན་མོའི་སྐར། །དེ་བས་བགྱི་བ་འདིའང་དོན་མེད་མིན། །རང་བྱུང་རྒྱལ་བ་གཉིས་པ་ནས་བཟུང་སྟེ། །ཡོངས་འཛིན་དཔལ་ལྡན་བླ་མ་དམ་པའི་བར། །བཤད་པའི་རྒྱུན་དང་ཉམས་མྱོང་མ་ཆད་པས། །གཅེས་པ་སྙིང་པོ་བཟུང་ནས་གོ་བདེར་བཤད། །རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པའི་མཁྱེན་རྟོགས་དང་ཕྲིན་ལས་མངའ་བ། ཐམས་ཅད་མཁྱེན་པ་ཀརྨ་པ་རང་བྱུང་རྡོ་རྗེ་ཞེས་ཛམྦུའི་གླིང་ན་མཚན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་ཀྱི་གསུང་རབ་རྒྱ་མཚོ་ལྟ་བུའི་སྙིང་པོ། འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་རྩ་བའི་གཞུང་ལུགས་ལྟར་ཡོངས་སུ་གྲགས་པ་ཟབ་མོ་ནང་གི་དོན་ཅེས་བྱ་བ་འདི་འཆད་པ་ལ་གསུམ། གཞུང་གི་མཚན་གྱི་དོན། དགོས་འབྲེལ་བསྡུས་དོན་བསྟན་པ། གཞུང་དངོས་མཐར་ཆགས་སུ་བཤད་པའོ། །དང་པོ་ནི། ཟབ་མོ་ནང་གི་དོན་ཅེས་བྱ་བའི་གཞུང་། ཞེས་འབྱུང་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དབང་རབ་མཆོག་ཏུ་སྨིན་པ་རྣམས་ལ་བསྟན་པའི་རྡོ་རྗེ་ཐེག་པ་བླ་ན་མེད་པའི་གསང་བ། བྱང་སེམས་འཕགས་པའི་རིགས་ཅན་ལས་གཞན་གྱིས་རྟོགས་པར་མི་ནུས་པས་ཟབ་མོ། དངོས་པོའི་གནས་ལུགས་ལམ་དང་ནི། འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་བཀའ་ཡང་དག་པའི་ཚད་མ་ལས་གསུངས་པའི་གཞི་དངོས་པོའི་གནས་ལུགས་ལ་ལུས་དང་སེམས་གཉིས་ལས། སེམས་ནང་གི་བདག་ཉིད་བདེ་གཤེགས་སྙིང་པོའམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། ལུས་ནང་གི་བདག་ཉིད་དེའི་རང་འོད་ལས་ཤར་བའི་མཚན་དཔེ་གཞན་རྡོ་རྗེའི་ལུས་སུ་གྲགས་པ་སྟེ་བརྟེན་པ་དེ་དག་རྟོགས་པའི་ཐབས་སུ། རྟེན་རྣམ་ཤེས་དང་འབྲེལ་བའི་དོན། རྩ་རླུང་ཐིག་ལེ་བསྐྱེད་གནས་སྡུད་པའི་ཚུལ་རྒྱས་པར་སྟོན་པ་ནི་ནང་གི་དོན། དེ་ཉིད་གདུལ་བྱ་སྐལ་པ་མཆོག་ཏུ་གྱུར་པ་རྣམས་ལ་དྲང་དོན་དུ་བྱང་ཆུབ་སེམས་དཔའི་འགྲེལ་པ་དང་ཤིང་རྟ་ཆེན་པོ་རྣམས་ཀྱི་མན་ངག་ལ་བརྟེན་ཅིང་། ངེས་པའི་དོན་དུ་སྤྱན་དང་མངོན་པར་ཤེས་པའི་སྟོབས་ཀྱིས་གཞན་དྲིང་མི་འཇོག་པར་རྡོ་རྗེ་ཐེག་པའི་གསང་བ་ཇི་བཞིན་དུ་གཟིགས་ནས་ཐུན་མོངས་མ་ཡིན་པའི་གདམས་པར་ཕྱོགས་གཅིག་ཏུ་འཆད་པ་ལ་གཞུང་ཞེས་བྱ་བར་བརྗོད་པ་ཡིན་ནོ། །གཉིས་པ་ལ་གསུམ། བརྗོད་བྱ་དགོས་པའི་དོན། རྗོད་བྱེད་བསྡུས་པའི་དོན། གཉིས་ཀར་འབྲེལ་བའི་དོན་ནོ། །དང་པོ་ནི། རང་འགྲེལ་ལས། བསྟན་བཅོས་འཆད་པར་བྱེད་པ་དག་ནི་ཐོག་མར་དགོས་པའི་དོན་བརྗོད་པར་བྱ་བ་ཡིན་པས་དེ་བརྗོད་པ། ཞེས་གསུངས་པའི་དགོས་དོན་ལ་གསུམ། བླ་ན་མེད་པའི་རྒྱུད་འགྲེལ་མན་ངག་དང་བཅས་པའི་བསྟན་བྱའི་སྙིང་པོ་ལུས་ངག་ཡིད་གསུམ་གྱི་དེ་ཁོ་ན་ཉིད་བདེ་གཤེགས་སྙིང་པོ་གཞི་ལམ་འབྲས་གསུམ་དང་འབྲེལ་བའི་ལུས་སེམས་ནང་གི་བདག་ཉིད་ནི་འདིར་བརྗོད་པར་བྱ་བ། མཐའ་དྲུག་ཚུལ་བཞིའི་སྒྲོམ་དུ་ཆུད་པའི་དོན་ཟབ་མོ་དེ་ཉིད་ཁྱད་པར་དུ་འཕགས་པའི་གཞུང་ལུགས་འདི་ལ་བརྟེན་ནས་མུན་ཁུང་གི་མཛོད་དུ་གནས་པའི་ནོར་བུའི་སྒྲོམ་བུ་ཁ་འབྱེད་པ་ལ་སྒྲོན་མེ་དང་ལྡེའུ་མིག་ལག་ཏུ་ཕྱིན་པ་ལྟར་བློ་གྲོས་མཆོག་དམན་ཀུན་གྱི་གསལ་བར་རྟོགས་ནུས་པ་ནི་དགོས་པ། དབུལ་པོའི་ཁྱིམ་དུ་གཏེར་ཆེན་པོ་ཡོད་པར་ཤེས་པས་དེ་ཐོབ་པ་ལ་འདོད་ཅིང་རྩོལ་བ་ལྟར། རང་གཞན་གྱི་རྒྱུད་ལ་ལུས་སེམས་ནང་གི་བདག་ཉིད་ཡོད་པར་ཤེས་ནས་དེའི་དྲི་མ་སྦྱོང་བ་དང་རང་བཞིན་མངོན་སུམ་དུ་རྟོགས་པའི་ཕྱིར། དད་མོས་ཀྱིས་བློ་སྣ་དྲངས། ཐོས་པས་གནས་ལུགས་གོ བསམ་པས་ངེས་ཤེས་རྙེད། སྒོམ་པས་ཐོག་མར་རྗེས་མཐུན་པ་དང་། མཐར་རྟོགས་གོམས་ཀྱི་སྦྱོར་བས་མངོན་སུམ་ཉམས་སུ་མྱོང་ནས་ས་ལམ་རིམ་པར་བགྲོད་དེ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་ནི་ཉིང་དགོས་སོ། །གཉིས་པ་ནི། ཟབ་མོ་ནང་གི་དོན་གསལ་བར་སྟོན་པའི་གཞུང་ཆེན་པོ་ལེའུ་བཅུ་གཅིག་པའི་བདག་ཉིད་འདིར་མདོར་བསྡུ་ན། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་གསུམ་ཀྱིས་བསྡུས། དང་པོ་ལ་བཞི། དཔལ་ལྡན་བླ་མ་དམ་པ། དེའི་རྣམ་པ་དང་བཅས་པའི་སྐུ། རྣམ་མེད་བདེ་བ་ཆེན་པོ་ལ་ཕྱག་འཚལ་བ། བཤད་པར་དམ་བཅའ་བའོ། །གཉིས་པ་ལ་གཉིས། དགོས་པ་དང་བཅས་པའི་ལུས་རྣམ་པར་བཞག་པ། ཡན་ལག་རྒྱས་པར་བཤད་པས་བསྡུས། ཕྱི་མ་ལ་དུམ་བུ་བཅུ་གཅིག་སྟེ་ཐོག་མར་འཁོར་འདས་ཀྱི་རྒྱུ་རྐྱེན་སྤྱིར་བསྟན། དེ་ནས་སྲིད་པར་བསྐྱེད་པའི་རིམ་པ་དང་མཐུན་པར་ལུས་གྲུབ་པའི་ཚུལ། དེ་ལ་གནས་པའི་རྩ། དེ་ལ་རྒྱུ་བའི་རླུང་། དེ་དག་ལ་བརྟེན་པའི་ཐིག་ལེ། གནས་སྐབས་བཞིའི་རྣམ་པར་ཤེས་པ་དང་འབྲེལ་བའི་ཚུལ། ཕྱི་སྣོད་ཀྱི་འཇིག་རྟེན་ནང་དུ་སྦྱར་བ། ཀུན་བརྟགས་ཀྱི་བསྐྱེད་རིམ་ལ་སྦྱར་བ། སྦྱང་གཞི་སྦྱོང་བྱེད་ཆོས་མཚུངས་སུ་བསྟན་པ། ས་དང་ལམ་གྱི་རིམ་པ་བསྟན་པ། མཐར་དེ་དག་འཇིག་ཅིང་སྡུད་པ་རིམ་པ་གཉིས་པ་དང་འབྲེལ་བ་རྣམས་ཀྱིས་བསྟན། གསུམ་པ་ལ་གསུམ། མཇུག་བསྡུ་བའི་སྒོ་ནས་རིག་འཛིན་གྱི་སྡེ་སྣོད་བཤད། རྒྱལ་བའི་ཕྲིན་ལས་ལ་བསྔགས་ཤིང་བསྔོ་བ་དང་སྨོན་ལམ་མཛད། རྩོམ་པ་མཐར་ཕྱིན་པའི་ཚུལ་བསྟན་པ་རྣམས་ཀྱིས་བསྡུས་སོ། །གསུམ་པ་འབྲེལ་པ་ལའང་གསུམ། བརྗོད་བྱ་རང་བཞིན་གྱི་འབྲེལ། རྗོད་བྱེད་བསྟན་བཅོས་ཀྱི་འབྲེལ་ལོ། །དང་པོ་ནི། གསང་འདུས་རྒྱུད་ཕྱི་མ་ལས། རྒྱུད་ཅེས་བྱ་བ་འབྲེལ་བའི་དོན། །འབྲེལ་པ་ལ་ཡང་རྣམ་གསུམ་སྟེ། །གཞི་དང་རང་བཞིན་འབྲས་བུ་དང་། །མི་འཕྲོགས་པ་ཡི་ཕྱེ་བ་ཉིད། །གཞི་དང་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོག་འབྲས་བུའོ། །གཞི་ནི་ཐབས་ཤེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པ་ལྟར། རྒྱུད་གསུམ་རང་བཞིན་གྱིས་འབྲེལ་པ་སྟེ། གཞི་ལུས་སེམས་དངོས་པོའི་གནས་ལུགས་ཀྱི་དོན་ཚུལ་བཞིན་དུ་ཤེས་པ་ལ་བསྟན་ནས། སྨིན་བྱེད་དབང་དང་གྲོལ་བྱེད་བསྐྱེད་རྫོགས་ཀྱི་ཐབས་ལམ་གྱི་རིམ་པའི་གནད་བཅིངས་པས། གནས་སྐབས་བཞིའི་འཁྲུལ་པ་རྣམ་པར་སྦྱངས་ནས། དྲི་མས་མི་འཕྲོགས་པ་སངས་རྒྱས་ཀྱི་སྙིང་པོའི་ཡོན་ཏན་མངོན་དུ་སྣང་བས་འབྲས་བུ་འཐོབ་པར་འགྱུར་བས་ན། གཞི་ལམ་འབྲས་བུར་རྒྱུན་ཆགས་པར་འབྲེལ་བའོ། །གཉིས་པ་ནི། ཐོག་མར་རྒྱུ་རྐྱེན་གྱི་རྣམ་བཞག་མ་ཤེས་ན་རྒྱུ་མེད་པ་དང་ངོ་བོ་ཉིད་རྒྱུར་འདོད་པ་དང་རིགས་མི་མཐུན་རྒྱུར་འདོད་པ་སོགས་ཕྱི་རོལ་པ་དང་མཚུངས་དོགས་པས་རྒྱུ་རྐྱེན་སྤྱི་བསྟན་པའི་དུམ་བུ་དེ་དང་པོར་བཤད། དེའི་རྗེས་སུ་ཀུན་རྫོབ་ལ་བརྟེན་ནས་དོན་དམ་ལ་འཇུག་དགོས་པས་བསྐྱེད་རིམ་གྱི་སྦྱང་གཞི་ངོ་ཤེས་པའི་དབང་དུ་བྱས་ནས་གཉིས་པ་ལུས་འགྲུབ་པའི་ཚུལ་བསྟན། ལུས་དེ་ཉིད་ཀྱང་རྩ་ལ་བརྟེན་ཞིང་རྩ་ལ་གནད་དུ་བསྣུན་པ་ལ་རྩའི་གནས་ཚུལ་ཤེས་དགོས་པའི་དབང་དུ་བྱས་ནས་གསུམ་པ་བསྟན། རྩ་དེའང་རླུང་གིས་བསྒྲུབས་ཤིང་རླུང་ལ་གནད་དུ་བསྣུན་པ་ལ་རླུང་གི་གནས་ཚུལ་ཤེས་དགོས་པའི་དབང་དུ་བྱས་ནས་བཞི་པ་བསྟན། རྩའི་ནང་དུ་ཐིག་ལེ་རྒྱུ་ཞིང་ཐིག་ལེ་ལ་གནད་དུ་བསྣུན་པ་ལ་ཐིག་ལེའི་གནས་ཚུལ་ཤེས་དགོས་པའི་དབང་དུ་བྱས་ནས་ལྔ་པ་བསྟན། རྩ་རླུང་ཐིག་ལེ་རྫོགས་པ་ལ་བརྟེན་ནས་གནས་སྐབས་བཞི་པོ་འབྱུང་བའི་དབང་དུ་བྱས་ནས་དྲུག་པ་བསྟན། འཁྲུལ་པའི་སྣང་བ་ཐམས་ཅད་ལུས་ལ་བརྟེན་ཅིང་ལུས་དེ་ཡང་སེམས་ཀྱི་སྣང་ཆ་ལས་གྲུབ་པས་དེ་ངོ་ཤེས་དགོས་པའི་དབང་དུ་བྱས་ནས་བདུན་པ་བསྟན། འཁྲུལ་པ་འཆིང་བའི་ཐབས་སེམས་འཛིན་པ་དང་ཕྱི་ནང་གི་དོན་ཤེས་པ་དང་གཞན་དོན་གཟུགས་སྐུ་ལ་དབང་འབྱོར་བའི་དགོས་པ་གསུམ་གྱི་དབང་དུ་བྱས་ནས་བརྒྱད་པ་བསྟན། འཁྲུལ་པ་འཆིང་བའི་ཐབས་རགས་པ་བསྐྱེད་རིམ་ཙམ་མིན་པར་སྦྱང་གཞིའི་གྲངས་དང་མཉམ་པའི་སྦྱོང་བྱེད་ཀྱང་ཡོད་པའི་དབང་དུ་བྱས་ནས་དགུ་པ་བསྟན། བསྐྱེད་རྫོགས་ཉམས་སུ་བླང་པ་ལ་བརྟེན་ནས་ལམ་ལྔ་རིམ་གྱིས་རྒྱུད་ལ་སྐྱེ་བའི་དབང་དུ་བྱས་ནས་བཅུ་པ་བསྟན། མཐར་དེ་རྣམས་ཀྱང་ཆོས་རྣམས་ཀྱི་གནས་ཚུལ་དེ་ཁོ་ན་ཉིད་ལས་མ་འདས་པས་སྟོང་པ་ཉིད་ལ་འཇུག་པའི་དབང་དུ་བྱས་ནས་དུ མ་བུ་བཅུ་གཅིག་པ་བསྟན། མཐར་དེ་དག་ཐམས་ཅད་ཀྱི་དོན་བསྡུས་ཏེ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་རྒྱུ་མཚན་བསྟན་པ་སྟེ། དེ་ལྟར་ན་བརྗོད་བྱ། དགོས་པ། ཉིང་དགོས་རྣམས་ཀྱང་ཕྱི་མ་ཕྱི་མ་སྔ་མ་སྔ་མ་ལ་རགས་ལས་པས་སྔ་མ་མེད་ན་ཕྱི་མ་མི་འབྱུང་བ་དེ་ལས་དེ་བྱུང་གི་འབྲེལ་མེ་དང་དུ་བ་ལྟ་བུའོ། །གསུམ་པ་གཞུང་དངོས་མཐར་ཆགས་སུ་བཤད་པ་ལ་གསུམ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ། གཞུང་དོན་དངོས། མཇུག་བསྡུ་བ་བསྔོ་བ་དང་བཅས་པའོ། །དང་པོ་ལ་བཞི། དཀྱིལ་འཁོར་གྱི་ཁྱབ་བདག་བླ་མ་ལ། རྣམ་པ་དང་བཅས་པའི་སྐུ་ལ། བདེ་བ་ཆེན་པོའི་སྐུ་ལ་ཕྱག་འཚལ་བ། བཤད་པར་དམ་བཅའ་བའོ། །དང་པོ་ལ་གཉིས། ཡི་གེ་པའི་ངོར་དང་། རྩོམ་པ་པོའི་མཆོད་བརྗོད་དོ། །དང་པོ་ནི། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། དེ་འང་ཤྲཱི་ཞེས་པའི་སྒྲ་ལས་དཔལ་ནི་གཉིས་སུ་མེད་པའམ་བསྟེན་པར་བྱ་བའི་དོན་ཅན་ཏེ། ཧེ་བཛྭ་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཞེས་དང་། སྐད་ཀྱི་བྱིངས་ལས་ཤྲི་ཉུ་བསྟེན་པའོ། །ཞེས་བཤད་པ་ལྟར་ཡོན་ཏན་གྱི་ཁྱད་པར་སྲིད་ཞིའི་དཔལ་དུ་གྱུར་ཅིང་། སྣང་སྟོང་ཐབས་ཤེས་སྐུ་ཡེ་གཉིས་སུ་མེད་པའི་དོན་གྱིས་ན་དཔལ་དེ་ཉིད་རྡོ་རྗེའང་ཡིན་ཏེ། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། ཅེས་གསུངས་པའི་ངེས་པས་དེ་དག་མི་ཕྱེད་པར་འཆང་བས་ན་དཔལ་རྡོ་རྗེ་འཆང་ངམ། དེ་དག་གཉིས་མེད་དུ་བསྟེན་པར་བྱ་བ་ཡིན་པས་ན་དཔལ་རྡོ་རྗེ་འཆང་སྟེ། དེ་ལ་གུས་པས་ཕྱག་འཚལ་ལོ། །ཞེས་པའོ། །དེ་ལ་གཞི་ལམ་འབྲས་གསུམ་དང་སྦྱར་ན། ཕྱག་འཚལ་ལོ་ཞེས་གསུམ་ཀའི་བཤད་པའི་གཞིར་དྲངས། གང་ལ་ན། གཞི་དུས་འཁོར་འདས་གཉིས་ཀའི་དཔལ་དུ་གྱུར་ཅིང་། སྣང་བ་དང་སྟོང་པ་དབྱེར་མི་ཕྱེད་པའི་རྡོ་རྗེ་ལྷན་ཅིག་སྐྱེས་པའི་ཚུལ་དུ་འཆང་པ་སྟེ་རང་བཞིན་གྱིས་འོད་གསལ་བའི་སེམས་ཉིད་དེ་ལའོ། །ལམ་དུས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གཉིས་སུ་མེད་པའི་དཔལ་དང་ལྡན་པ། །ཐབས་དང་ཤེས་རབ་གཉིས་སུ་མི་ཕྱེད་པའི་རྡོ་རྗེ་སོ་སོ་རང་རིག་པའི་ཚུལ་གྱིས་འཆང་བར་བྱེད་པའི་སེམས་ཉིད་དེ་ལའོ། །འབྲས་དུས་སྲིད་ཞིའི་གནས་ཐམས་ཅད་དུ་བསྟན་པར་འོས་བའི་དཔལ་དུ་གྱུར་པ། གཞོམ་དུ་མེད་པའི་དོན་དམ་ཆོས་ཀྱི་སྐུ་དང་། གཞན་སྣང་ཀུན་རྫོབ་གཟུགས་ཀྱི་སྐུ་དག་ཉི་མ་དང་འོད་ཀྱི་ཚུལ་ལས་ཐ་དད་དུ་མི་ཕྱེད་པའི་རྡོ་རྗེ་ཟུང་འཇུག་ཏུ་འཆང་བའི་སེམས་ཉིད་དེ་ལའོ། །དུས་བསྟན་བཅོས་རྩོམ་པའི་ཐོག་མར་དགོས་པ་བཤད་པ་མཐར་ཕྱིན་པའི་ཆེད་དུ་གང་ཟག་རྒྱལ་བ་རང་བྱུང་ཞབས་ཀྱིས། ཚུལ་སྒོ་གསུམ་གུས་པས་ཕྱག་མཛད་པ་དེ་བཞིན་དུ་བདག་ཅག་རྣམས་ཀྱིས་ཀྱང་འཆད་ཉན་ལ་འཇུག་པའི་དང་པོར་ཕྱག་བྱས་ནས་འཇུག་དགོས་པར་གདམས་པའོ། །གཉིས་པ་ནི། ཐམས་ཅད་མཁྱེན་ནས། བླ་མ་ལ་ཕྱག་འཚལ། ཅེས་གསུངས་ཏེ། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་གཞན་གྱི་བརྡ་དང་རྣམ་རིག་ལ་མ་བརྟེན་པར་རང་གི་མཁྱེན་པས་རྟོགས་པ་ཕུན་སུམ་ཚོགས་པ་དང་། ཐམས་ཅད་མཁྱེན་པ་དེའང་ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་མཚན་ཉིད་སྒྲིབ་པ་མེད་པར་མངོན་སུམ་དུ་གཟིགས་པས་སྤངས་པ་ཕུན་སུམ་ཚོགས་པ་སྟེ་མཁྱེན་པའི་ཡོན་ཏན་དང་། ཕྱི་འཇིག་རྟེན་གྱི་ཁམས་ནང་རྡོ་རྗེའི་ལུས་གཞན་དཀྱིལ་འཁོར་གྱི་འཁོར་ལོ་གསུམ་དང་དེ་དག་གི་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་བདེ་བ་དང་སྟོང་པ་གཉིས་སུ་མེད་པའི་ཡེ་ཤེས་རང་གིས་མངོན་སུམ་དུ་གཟིགས་པ་ལྟར་གདུལ་བྱ་གཞན་ལ་སྟོན་པ་བརྩེ་བའི་ཡོན་ཏན་དང་། དེ་ལྟར་ཕྱི་ནང་གཞན་གསུམ་གྱི་སྣང་ཚུལ་སྣང་བ་ལྟར་མ་གྲུབ་ལ། དེ་ཁོ་ན་ཉིད་གནས་ལུགས་སུ་བསྟན་པས་སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱང་འབྲས་རྣམས་ཤེས་ནས་ལམ་ལ་བརྩོན་པའི་ཐབས་ལ་མཁས་པས་གདུལ་བྱའི་རྒྱུད་ཀྱི་གཉིད་དང་རྨི་ལམ་དང་སྙོམས་འཇུག་དང་སད་པ་སྟེ་གནས་སྐབས་བཞིའི་འཁྲུལ་པའི་དྲི་མ་སེལ་ཅིང་། འབྲས་བུ་སྐུ་བཞི་ཐོབ་པར་མཛད་པ་ནུས་པའི་ཡོན་ཏན་ཏེ་མདོར་ན་རང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པ། རྒྱུད་ཀྱི་རྒྱལ་པོ་ལས། སངས་རྒྱས་ཞལ་ནི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དང་དཔལ་ལྡན་བླ་མའོ། །ཞེས་གསུངས་པ་ལྟར། སངས་རྒྱས་ཏེ་དུས་ཀྱི་འཁོར་ལོའི་ཞལ་བཞིས་མཚོན་པ་དབང་བཞི་པའི་དོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམས་སྟོབས་ཀྱིས་ཐུགས་སུ་ཆུད་ནས་ཞལ་གྱི་སྒོ་ལས་གདུལ་བྱ་ལ་སྟོན་པས་དེ་ལྟ་བུའི་དཔལ་དང་ལྡན་ཅིང་ཨུཏྟ་རའི་སྒྲ་ལས་དེའི་གོང་ན་གཞན་མེད་པས་བླ་མ་སྟེ། སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད་དེ་ལ་གུས་པས་ཕྱག་འཚལ་ལོ། །ཞེས་པའོ། །འདིར་རང་འགྲེལ་དུ་མཁྱེན་པ་ལས་ལོགས་སུ་གཟིགས་ཞེས་གསུངས་པ་ཚིག་ཟློས་པ་མ་ཡིན་གྱི། གཞན་གྱི་སྒྲ་ཙམ་ལ་བརྟེན་ནས་ཀུན་མཁྱེན་དུ་རློམ་པ་ཚངས་པ་དང་ཁྱབ་འཇུག་སོགས་རྣམ་པར་བཅད་ནས། ཡོངས་གཅོད་ལ་སྒྲིབ་པ་སྤངས་པའི་ཡོན་ཏན་དང་ལྡན་པའི་དོན་དུ་གསུངས་སོ། །སྐབས་འདིར་མཁས་གྲུབ་དྭགས་རམ་པ་དང་། ཀུན་མཁྱེན་དྷརྨཱ་རྐའི་གསུང་རྒྱུན་ཟིན་བྲིས་དོན་མཐུན་པར། ཐམས་ཅད་མཁྱེན་པ་ནི་ཤེས་བྱ་ཇི་སྙེད་པ་མ་འདྲེས་ས་ལེར་མཁྱེན་པ་སྟེ་ཀུན་རྫོབ་མཁྱེན་པའོ། །ཐམས་ཅད་གཟིགས་པ་ནི་ཇི་ལྟ་བའི་གནས་ལུགས་ཏེ་ཆོས་སོ་ཅོག་དེ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གང་ཡིན་པ་སྒྲིབ་མེད་གཅེར་མཐོང་གི་ཚུལ་དུ་དོན་དམ་གཟིགས་པ་སྟེ་མཁྱེན་པ་གཉིས་ལྡན་ཏུ་བསྟན་པར་བཤད་ལ། དྭགས་འགྲེལ་དུ་ཀུན་རྫོབ་མཁྱེན་ཀྱང་མ་གཟིགས་པའི་འགལ་སྤོང་སོགས་འཐད་སྒྲུབ་རྒྱ་ཆེར་འབྱུང་ངོ་། །གཞན་ཡང་རང་འགྲེལ་དུ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་དཔལ་ཡིན་པའི་ཕྱིར་ཅེས་གསུངས་པ་ནི་སྤྱི་དོན་གྱི་བཤད་པ་ཡིན་ལ། བསྟེན་བྱའི་སྒྲ་དང་སྦྱར་བ་ཡིག་དོན། བདེ་བ་ཆེན་པོ་ལ་དཔལ་དུ་བཤད་པ་སྦས་དོན། གཉིས་མེད་ཡེ་ཤེས་ལ་དཔལ་དུ་བཤད་པ་མཐར་ཐུག་གི་དོན་ཏེ། དེས་མཚོན་ནས་གཞན་ལའང་ཤེས་པར་བྱའོ། །གཉིས་པ་ནི། ལྷན་སྐྱེས་ནས། བདག་ཉིད་ལ་ཕྱག་འཚལ། ཅེས་གསུངས་ཏེ། དཔལ་ལྡན་བླ་མ་དེ་ཉིད་རྣམ་པ་དང་བཅས་པའི་སངས་རྒྱས་ཀྱི་སྐུར་བཞེངས་པའི་ཚེ། སྐུ་གཅིག་ནས་ལྔ་ཡི་བདག་ཉིད་ཀྱི་བར་དང་། རིགས་དུ་མར་འགྱུར་བའི་ཚུལ་ཤུགས་ཀྱིས་འཕངས་པ་བཅས་དྲུག་ཏུ་ཡོད་པ་ལས། དང་པོ་ནི། གཞིའི་དུས་ཀྱི་སེམས་ཉིད་ལྷན་ཅིག་སྐྱེས་པའི་དངོས་པོ་དེ་ཉིད་ལམ་གྱིས་དྲི་མ་སྦྱངས་པ་ལ་བརྟེན་ནས་འབྲས་བུ་གསང་ཆེན་རིགས་གཅིག་གི་སྐུ་མངོན་དུ་གྱུར་པ་དེའོ། །གཉིས་ཀྱི་བདག་ཉིད་ནི། གཞི་སེམས་ཉིད་ལྷན་ཅིག་སྐྱེས་པ་སྣང་སྟོང་ཟུང་འཇུག་ཏུ་གནས་པ་དེ་ཉིད་ལམ་ཐབས་ཤེས་ཟུང་འཇུག་གིས་སྦྱངས་པས་འབྲས་བུ་སྐུ་གཉིས་ཟུང་འཇུག་མངོན་དུ་གྱུར་པ་དེའོ། །གསུམ་གྱི་བདག་ཉིད་ནི། གཞི་དུས་ཀྱི་རྩ་སྐུ་རླུང་གསུང་ཐིག་ལེ་ཐུགས་ཏེ་གསུམ་པོ་དེ་ཉིད། ལམ་བསྐྱེད་རྫོགས་དང་ཟུང་འཇུག་གསུམ་གྱིས་སྦྱངས་པས་འབྲས་བུ་རྡོ་རྗེ་གསུམ་མམ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་སྐུ་གསུམ་མངོན་དུ་གྱུར་པ་དེ་ཡིན་ནོ། །བཞིའི་བདག་ཉིད་ནི། གཞི་དུས་ཀྱི་གཉིད་རྨི་ལམ་སྙོམས་འཇུག་སད་པའི་གནས་སྐབས་བཞིས་སྦྱངས་པས་འབྲས་བུ་ཆོས་ལོངས་སྤྲུལ་གསུམ་ཡེ་ཤེས་ཀྱི་སྐུ་དང་བཅས་པའི་སྐུ་བཞི་མངོན་ཏུ་གྱུར་པ་དེའོ། །ལྔའི་བདག་ཉིད་ནི། གཞི་དུས་ཀྱི་ཕུང་པོ་ལྔ་ཁམས་ལྔ་ཉོན་མོངས་ལྔ་སོགས་ལྔ་ཆོས་རྣམས། ལམ་རིགས་ལྔའི་བསྐྱེད་རྫོགས་ཀྱིས་སྦྱངས་པས་འབྲས་བུ་ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་སོགས་ཡེ་ཤེས་ལྔ་དང་སྐུ་ལྔ་མངོན་ཏུ་གྱུར་པ་ཡིན་ནོ། །དེ་ཉིད་ཁམས་དྲུག་དང་། བདེན་དོན་བཅུ་གཉིས་དང་། དེ་ཉིད་བཅུ་དྲུག་དང་། ལྔ་ཕྲག་ལྔ་དང་ཉེར་ལྔ་ལ་སོགས་པ་སྦྱར་བའི་དབང་གིས་བརྒྱ་སྟོང་ནས་རིགས་དུ་མའི་བར་དུ་ཡང་འགྱུར་ཏེ། ཧེ་བཛྭ་ལས། རིགས་ནི་ལྔ་པོ་དེ་དག་ལས། སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་དེ་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །ཅེས་སོགས་གསུངས་སོ། །དེ་ལྟར་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་ཀུན་ཁྱབ་གཅིག་པུའི་དངོས་པོ་དེ་ཉིད་དབྱེ་གཞིར་བྱས་ནས། །ཐབས་ཤེས་དབྱེ་བས་གཉིས་ནས་རིགས་དང་སྐུ་གྲངས་མེད་པའི་བར་དུ་འབྱུང་བ་ཐམས་ཅད་ཀྱང་བདེ་བ་ཆེན་པོ་གཅིག་པུའི་ཉམས་ཀྱི་རྣམ་འགྱུར་ཡིན་ཏེ། ཀུན་སྤྱོད་ལས། གང་ཡང་དྲུག་པའི་སངས་རྒྱས་ཞེས་བྱ་བ། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་སོགས་རྒྱུད་ཐམས་ཅད་དུ་རྒྱ་ཆེར་གསུངས་པ་ལྟར། ཝྃ་ཡིག་རྡོ་རྗེ་སེམས་དཔའ་དམིགས་པ་མེད་པའི་སྙིང་རྗེ་བདེ་བ་ཆེན་པོའི་རྣམ་པ་ཐམས་ཅད་པའི་བདག་ཉིད་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །གསུམ་པ་ནི། དངོས་གཅིག་ནས། དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། འདིར་ཐེག་པ་ཐུན་མོང་བ་ལྟར་ན། སྟོང་པ་ཉིད་ཀྱི་དངོས་པོ་གཅིག་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀུན་གྱི་རང་བཞིན་ཉིད་ཡིན་ལ། དེ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་དབུ་མ་ཞེས་བྱ་བའི་རང་བཞིན། རྡོ་རྗེ་ཐེག་པར་རྩ་དབུ་མ་དང་ཡེ་ཤེས་ཀྱི་རླུང་དང་བདེ་བ་ཆེན་པོའི་ཐིག་ལེ་གཅིག་པུ་ཉིད་ཀྱི་སྒྲས་བསྟན་པ་དེ་ཉིད་རྟོགས་པའི་དུས་ནི། གང་མཐར་ཅེས་སྒྲ་གཅིག་གིས་དོན་མང་པོ་འཛིན་པས། གང་ཞིག་སྒྲིབ་པ་སྤང་རིམ་གྱི་མ་མཐའ་དང་ཡེ་ཤེས་སྐྱེས་རིམ་གྱི་ཡ་མཐར་སྐྱེས་པའམ་རྟོགས་པའི་རང་བཞིན་ཅན་ལྷ་མོའི་སྒྲས་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མཚོན་པ་སྟེ། དེ་ཉིད་དཔལ་ལྡན་བླ་མའི་ཆོས་སྐུ་དང་དབྱེར་མི་ཕྱེད་པས་ན་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །ཐུན་མོང་མ་ཡིན་པ་ལྟར་ན། བེམས་པོའི་སྟོང་པ་ཉིད་མ་ཡིན་པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟེ། སེམས་ལྷན་ཅིག་སྐྱེས་པའི་དངོས་པོ་གཅིག་ཉིད་ཆོས་ཀུན་ལ་ཁྱབ་བྱེད་དུ་འཇུག་པའི་རང་བཞིན་ཅན་དེ་ཉིད་ཡིན་ལ། དེའི་མིང་གི་རྣམ་གྲངས་ནི། དབུ་མའི་རང་བཞིན་ཞེས་ཀྱང་བྱ། བདེ་བ་ཆེན་པོ་གཅིག་པའི་སྐུ་ཞེས་ཀྱང་བྱ། ཡང་ན་རྡོ་རྗེའི་ལུས་ལ་ནང་གི་བཙུན་མོ་རྩ་དབུ་མའི་རང་བཞིན་ནམ་ངོ་བོ་ཡིན་ལ། འགྱུར་མེད་བདེ་བའི་སྐད་ཅིག་གཅིག་ཉིད་ཀྱང་གང་དེར་རླུང་སེམས་ཞུགས་པའི་མཐར་གསལ་བར་སྐྱེས་པའི་རང་བཞིན་ཅན་ཞེས་འཆད་ཀྱང་རུང་ལ། ལྷན་སྐྱེས་དེ་མངོན་དུ་འགྱུར་བའི་དུས་ནི། སྒོམ་པའི་ལམ་མཐར་ཐུག་པ་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་གིས་སྒྲིབ་པ་མཐའ་དག་བཅོམ་པའི་མཐར་སྐྱེས་པ་མཚན་མ་ཐམས་ཅད་དང་བྲལ་བའི་རང་བཞིན་ཅན་དམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐད་ཅིག་མ་དང་པོ་མཐར་ཐུག་པ་སྟེ་གཞུང་འདིའི་བསྟན་བྱ་ཡིན་ལ། དེ་དང་རྗེས་སུ་མཐུན་པ་ནི་ལམ་པའི་སྐབས་སུ་ས་བདུན་པ་གང་གི་མཐར་སྐྱེས་པའི་ས་བརྒྱད་པ་རྣམ་པར་མི་རྟོགས་པ་ལ་དབང་ཐོབ་པའི་ཡེ་ཤེས་སོ། །དེ་དང་རྗེས་སུ་མཐུན་པ་ནི་སྦྱོར་ལམ་གང་གི་མཐར་སྐྱེས་པ་མཐོང་བའི་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྣང་བའི་ཏིང་ངེ་འཛིན་ཏོ། །དེ་དག་མཚོན་པར་བྱེད་པ་ནི་དབང་དམ་སྒོམ་པའི་སྟོབས་ལས་མཆོག་དགའི་མ་མཐའ་དགའ་བྲལ་གྱི་ཡ་མཐའ་བདེ་སྟོང་གཉིས་སུ་མེད་པ་དུག་གསུམ་གྱི་སེམས་དང་བྲལ་ཞིང་ཡོད་མེད་ལས་འདས་པ་འཛག་པ་མེད་པའི་བདེ་བ་པྲ་ཕབ་པ་ལྟ་བུའི་རང་བཞིན་ཅན་འཆར་བའི་ལྷན་ཅིག་སྐྱེས་དགའ་སྟེ། བརྟག་གཉིས་ལས། མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་དུས་ཀྱང་ཡིད་ཆེས་གྱིས། །ཞེས་གསུངས་སོ། །ལྷ་མོ་ནི། དཱི་བྱ་གསལ་བ་དང་བཀྲ་བ་ལའོ། །ཞེས་པའི་བྱིངས་དོན་དང་སྦྱར་ན། རྣམ་པ་ཐམས་ཅད་པའི་སྟོང་གཟུགས་ཏེ་རྡུལ་ཕྲ་རབ་དང་སྒྲ་རྟོག་གི་ཡུལ་ལས་འདས་པས་དངོས་པོ་མ་ཡིན་ལ་རྣལ་འབྱོར་ཅན་ལ་མངོན་སུམ་སྣང་བས་དངོས་མེད་མ་ཡིན་པ་ཀུན་རྫོབ་སྟོང་ཉིད་དང་སྟོང་ཉིད་ཀུན་རྫོབ་ཀྱི་གཟུགས་ཅན་འཇིག་རྟེན་པའི་དཔེ་ལས་འདས་པ་བདེ་ཆེན་གྱི་ཡུམ་ངེས་དོན་གྱི་ལྷ་མོ་སྣ་ཚོགས་ཡུམ་རྡོ་རྗེ་ཕག་མོ་བདག་མེད་མ་ལ་སོགས་པའི་མཚན་དང་གཟུགས་སུ་བསྟན་པ། ཨེ་ཡིག་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་བདེ་བ་ཆེན་པོ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་དུ་གྱུར་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པའོ། །བཞི་པ་ནི། རྒྱུད་རྣམས་ནས། བདག་ཉིད་བཤད། ཅེས་གསུངས་ཏེ། དེ་ལྟར་མཆོད་པར་བརྗོད་ནས་ལས་སུ་བྱ་བ་ཅི་ཞེ་ན། བཤད་པར་བྱའོ། །ཞེས་དམ་བཅའ། གང་བཤད་ན། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་རྣམས་ཀུན་ནས་གསང་བའི་ནང་གི་དོན་ཐབས་དང་བཅས་པ་གང་ཡིན་པ་ཉིད། རྒྱལ་བ་རྡོ་རྗེ་འཆང་གིས་བླ་ན་མེད་པའི་ཕ་རྒྱུད་མ་རྒྱུད་རྣམས་སུ་ལེགས་པར་ཕྱེ་བ་གང་ཡིན་པ་དེའོ། །དེ་ལས་བཤད་ན་འདིར་ཟློས་པས་ཅི་བྱ་སྙམ་ན། དེ་དག་རྣམས་སུ་དགོངས་པ་དང་དགོངས་མིན། དྲང་དོན་དང་ངེས་དོན། སྒྲ་ཇི་བཞིན་པ་དང་ཇི་བཞིན་མིན་པ་སྟེ་མཐའ་དྲུག་དང་། ཡི་གེ་དང་། སྤྱི་དང་། སྦས་པ་དང་། མཐར་ཐུག་པ་སྟེ་ཚུལ་བཞིའི་རྡོ་རྗེའི་ཚིག་གིས་རབ་ཏུ་བཅིངས་པས། ལུས་དང་སེམས་ནང་གི་དོན་ཟབ་མོ་དེ་ཉིད་ཕྱི་རོལ་པའི་ཉན་ཐོས་ཀུན་ཏུ་རྒྱུ་དང་ཙ་ར་ཀ་ལ་སོགས་པ་དང་། ནང་པའི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་སོགས་རྟོག་གེ་བའི་སྤྱོད་ཡུལ་མིན་ཅིང་། དེར་མ་ཟད་ཕ་རོལ་ཏུ་ཕྱིན་པར་ཞུགས་པའི་ལས་དང་པོ་པ་དང་། སྟོང་པ་ཉིད་ཁོ་ན་ལ་མོས་པ་རྣམས་ལ་ཡང་རབ་ཏུ་གསང་བ་སྟེ། དེ་དག་གིས་མི་རྟོགས་པས་རང་གསང་དུ་གནས་པའོ། །དེའང་སངས་རྒྱས་ཀྱིས་ཆོས་ལ་དཔེ་མཁྱུད་མཛད་པ་མ་ཡིན་ཀྱང་། གསུང་རྣམ་པ་ཐམས་ཅད་པ་གདུལ་བྱའི་ཁམས་དབང་བསྐལ་པར་འཚམས་པར་འཇུག་པས་བསྐལ་དམན་ལ་རང་གསང་དུ་གནས་པ་དང་། དབང་པོ་དམན་པ་ཆོས་སྤོངས་ལས་ལྡོག་པ་དང་། བདུད་ཀྱིས་བརླབས་པ་དང་མཁས་པ་མངོན་པའི་ང་རྒྱལ་ཅན་རང་དགར་འཇུག་པ་དགག་པའི་ཕྱིར་རྒྱུད་དོན་ཟབ་མོ་རྣམས་རྡོ་རྗེའི་ཚིག་གི་ཟ་མ་ཏོག་ཏུ་སྦ་བར་མཛད་པ་ཡིན་ནོ། །འོ་ན་དེ་ལྟ་བུའི་བརྗོད་བྱའི་དོན་དེ་རང་གང་ཡིན་ཅེ་ན། སེམས་ནང་གི་བདག་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། ལུས་ནང་གི་བདག་ཉིད་དེའི་རང་འོད་ལ་ཤར་བའི་མཚན་དང་དཔེ་བྱད་རྣམས་ཏེ། ལུས་སེམས་གཉིས་ལ་སྐུ་གཉིས་ཀྱི་རིགས་འདྲའི་རྒྱུ་ཡོད་པ་དེ་གསལ་བར་རྟོགས་པར་བྱ་བའི་ཕྱིར་འདིར་བཤད་དོ་ཞེས་པའོ། །ཚིགས་སུ་བཅད་པ་འདིས་ཟབ་མོ་ནང་གི་དོན་དེ་ཉིད་གདུལ་བྱ་དབང་པོ་མཆོག་ཏུ་གྱུར་པའི་སྐལ་པ་ཅན་ལས་གཞན་དག་གིས་མི་རྟོགས་པར་བསྟན་པའང་ཡིན་ནོ། །སྔར་སྨོས་པའི་མཐའ་དྲུག་གི་དང་པོ་དགོངས་པ་ཅན་ལའང་གསུམ། དུས་ལ་དགོངས་པ་དང་། དོན་ལ་དགོངས་པ་དང་། བསམ་པ་ལ་དགོངས་པའོ། །དང་པོ་ནི། དཔེར་ན། རླུང་འཕོ་བ་བཅུ་གཉིས་འགགས་ནས་ས་བཅུ་གཅིག་པའི་མཐར་སྐད་ཅིག་གཅིག་གིས་འཚང་རྒྱ་བ་དེ་མ་འོངས་པའི་དུས་ན་འབྱུང་བ་ལ་དགོངས་ནས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུངས་པ་ལྟ་བུ་དང་། གཉིས་པ་ནི། དཔེར་ན། སྐྱེས་བུ་འགའ་ཞིག་གི་ལྷ་མཆོག་དབང་པོ་བརྒྱ་བྱིན་ལས་སྐྱེས་པའི་བུ་མོ་ལ་ལོངས་སྤྱོད་པ་བཞིན་ཏུ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་པྲ་ཕབ་ཀྱི་རང་བཞིན་ལྟ་བུ་ལ་དུས་རྟག་ཏུ་ལོངས་སྤྱོད་དགོས་པར་དགོངས་ནས། སངས་རྒྱས་ཀུན་ལས་འཕྲོགས་ནས་ནི། །ལྷ་མཆོག་ལས་སྐྱེས་བུ་མོ་སྤྱོད། །ཅེས་མ་ཧཱ་མཱ་ཡཱ་ལས་གསུངས་པ་ལྟ་བུ་དང་། གསུམ་པ་ནི། ཕྱི་ཞིང་བཅུ། ནང་རླུང་བཅུ། གསང་བ་སྲོག་ཆེན་པོའི་རླུང་གི་མིང་དུ་བསྟན་པ་བདག་འཛིན་གྱི་རྣམ་པར་རྟོག་པ་གསད་དགོས་པ་ལ་དགོངས་ནས། ཧེ་བཛྭ་ལས། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་དགོངས་པ་ཅན་མ་ཡིན་པ་ལ། གནས་སྐབས་དང་མཐར་ཐུག་གི་དོན་དམ་གཉིས་ལས། གནས་སྐབས་སུ་མི་དགེ་བ་སྤྱད་ན་ངན་འགྲོར་སྐྱེ་བས། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་མི་བྱ། །ཞེས་གསུངས་པ་ལྟ་བུ་དང་། མཐར་ཐུག་དོན་དམ་གྱི་དབང་དུ་བྱས་ནས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དག །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་པ་ལ་སོགས་པའོ། །གསུམ་པ་དྲང་དོན་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་དང་མཆོད་པ་དང་བརྡ་དང་ལག་པའི་ཕྱག་རྒྱ་དང་སྦྱིན་སྲེག་དང་བསྐྱེད་རིམ་དང་ལས་ཚོགས་བསྒྲུབ་པ་ལ་སོགས་པ་ནང་གི་ཚུལ་ལ་འཇུག་པའི་ཐབས་སུ་གསུངས་པ་རྣམས་སོ། །བཞི་པ་ངེས་དོན་ནི། རྩ་རླུང་བྱང་ཆུབ་ཀྱི་སེམས་བཅིང་བ་སོགས་རྟོགས་བྱེད་ཐབས་དང་། རང་བཞིན་གྱིས་འོད་གསལ་བའི་སེམས་ཀྱི་གནས་ལུགས་ཀུན་གཞི་དང་དེ་བཞིན་གཤེགས་པའི་སྙིང་པོ་དང་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བ་རྟོགས་བྱའི་དོན་གསལ་བར་སྟོན་པའི་གཞུང་རྣམས་སོ། །ལྔ་པ་སྒྲ་ཇི་བཞིན་པ་ནི། དོན་མེད་འཇིག་རྟེན་པའི་བསྟན་བཅོས་ལ་གྲགས་པ་དང་མཐུན་པར་སྟོན་པའི་གཞུང་རྣམས་སོ། །དྲུག་པ་སྒྲ་ཇི་བཞིན་པ་མ་ཡིན་པ་ནི། རྩ་བ་དང་ཡན་ལག་གི་རླུང་བཅུའི་མིང་ལ། ཀོ་ཊཱ་ཁྱ། ཀོ་ཊཱ་བ། ཀོ་ཊཱ། ཀོཊཱ་བཱ། ཀོ་ཊཱ་ར་ག །ཀོ་ལ་ཁྱ། ཀྲོ་ལ་ཝ། ཀོ་ལ། ཀོ་ལ་བ། ཀོ་ལ་སྟ་ཋ། ཞེས་གསུངས་པ་དང་། བཤད་པ་ལ་རྣམ་པར་སྣང་མཛད་ལྟ་བུ་འཇིག་རྟེན་པའི་བསྟན་བཅོས་ཀྱི་བརྡ་ལ་མེད་ཅིང་། དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བའི་སྐད་ཀྱིས་གསུངས་པ་རྣམས་སོ། །དེའང་རྒྱུད་ཐམས་ཅད་བརྗོད་བྱ་དོན་དང་རྗོད་བྱེད་ཚིག་གི་རྒྱུད་གཉིས་སུ་འདུ། བརྗོད་བྱ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཡིན་པས་སྔ་མ་ལ་ལྟོས་ནས་དྲང་བའི་དོན་དང་དགོངས་པ་ཅན་གཉིས། ཕྱི་མ་དོན་དམ་ལ་ལྟོས་ནས་ངེས་དོན་དང་དགོངས་པ་ཅན་མ་ཡིན་པ་གཉིས། རྗོད་བྱེད་ཚིག་རྒྱུད་ལ་སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པ་གཉིས་སུ་རྣམ་པར་བཞག་པའོ། །ཚུལ་བཞིའི་དོན་སྒྲོན་གསལ་ལས་གསུངས་པ་རྒྱས་པར་གཞན་ཏུ་ཤེས་པར་བྱ་དགོས་ལ། འདིར་དཔེར་བརྗོད་ཙམ་སྨོས་ན། ཚུལ་དང་པོ་ནི། ཨེ་ཝྃ་ཡི་གེ་གཉིས་ལ་སྦྱར་ན། འཇིག་རྟེན་ན་གྲགས་པ་ལྟར་འདི་སྐད་བདག་ཐོས་སོགས་གླེང་གཞི་ལ་འཇུག་པའོ། །གཉིས་པ་ནི། ཡི་གེ་གཉིས་པོ་བསྐྱེད་རིམ་ལ་སྦྱར་ན། རྟེན་སྐུ་དང་བརྟེན་པ་ཡེ་ཤེས་སམ། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷར་སྦྱར་བའོ། །གསུམ་པ་ནི། ཨེ་ཡིག་པདྨ་དང་། ཝྃ་ཡིག་རྡོ་རྗེ་དང་། མ་ཡཱ་བསྐྱོད་པ་ལ་འཇུག་པའམ། ཡང་ན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་ལ་སྦྱར་བའོ། །བཞི་པ་ནི། རྫོགས་རིམ་རྩ་རླུང་ཐིག་ལེ་འོད་གསལ་ཟུང་འཇུག་ལ་སྦྱར་བ་རྣམས་ཡིན་ནོ། །གཉིས་པ་ལ་གཞུང་དོན་དངོས་ལ་གཉིས། ལུས་རྣམ་པར་བཞག་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དགོས་པ་དང་བཅས་པའི་དོན་གྱི་ལུས་སམ་ངོ་བོ་རྣམ་པར་བཞག་པ་དང་། དུམ་བུ་བཅུ་གཅིག་གི་ངེས་པ་མདོར་བསྟན་པའོ། །དང་པོ་ནི། དྲི་མེད་ནས། རྟོགས་པར་བྱ། ཞེས་གསུངས་ཏེ། བཤད་པར་དམ་བཅའ་བའི་ལུས་སེམས་ནང་གི་བདག་ཉིད་དེ་ཇི་ལྟ་བུ་ཞེ་ན། མཚན་འཛིན་གྱི་སྤྲོས་པ་ཀུན་ལས་འདས་པའི་རང་ངོ་ལ་གདོད་ནས་བྲལ་བྱ་གློ་བུར་བའི་དྲི་མ་ཅུང་ཟད་ཀྱང་མེད་པ་རྒྱལ་བ་ཐམས་ཅད་ཀྱི་རང་བཞིན་ནམ་ངོ་བོ་ཡིན་པས་སྙིང་པོ་སྟེ། དེ་ནི་འཁོར་འདས་གཉིས་སུ་རྒྱུན་ཆགས་པར་གནས་ཏེ། དྲི་མ་ཅུང་ཟད་ཀྱང་མ་དག་པ་དང་། རིམ་གཉིས་གཉེན་པོའི་སྟོབས་ཀྱིས་དྲི་མ་ཕྲ་བ་མ་དག་ཀྱང་རགས་པ་དག་པ་དང་། སྒྲིབ་པ་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་གསུམ་ལ་གོ་རིམ་བཞིན་ཏུ། མ་དག་པའི་བདེ་གཤེགས་སྙིང་པོ་དང་ལྡན་པ་སེམས་ཅན་དང་། མ་དག་ལ་དག་པའི་བདེ་གཤེགས་སྙིང་པོ་དང་ལྡན་པ་ལམ་ལ་གནས་པ་དང་། ཤིན་ཏུ་རྣམ་པར་དག་པའི་བདེ་གཤེགས་སྙིང་པོ་དང་ལྡན་པ་དེ་བཞིན་གཤེགས་པ་རྣམས་སུ་རིམ་པ་བཞིན་གསུངས་པ་སྟེ། གང་ལས་གསུངས་ཞེ་ན། ཐུན་མོང་བ་རྒྱུད་བླ་མ་སོགས་ལས་བསམ་གྱི་མི་ཁྱབ་པའི་གནས་བཞིས་འཁྱུད་པའི་སྙིང་པོའི་ཚུལ་རྒྱས་པར་གསུངས་པའང་ཚིག་ཙམ་མཚུངས་མོད་ཀྱི། འདིར་ཐུན་མོང་མ་ཡིན་པ་གསང་ཆེན་རྡོ་རྗེ་ཐེག་པ་ལས་བརྗོད་བྱ་དོན་གྱི་རྒྱུད། གཞི་རྒྱུད། ཐབས་རྒྱུད། འབྲས་རྒྱུད་རྣམས་གནས་སྐབས་གསུམ་དང་སྦྱར་ནས་རིམ་བཞིན་གསུངས་པ་དང་། མན་ངག་གི་ལུང་ལས། གཞི་དངོས་པོའི་གནས་ལུགས། ལམ་གྱི་རིམ་པ། འབྲས་བུ་སྐྱེ་བའི་རིམ་པ་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། འདུས་པ་ཕྱི་མར། རྒྱུད་ནི་རྒྱུན་ཆགས་ཞེས་བྱར་བརྗོད། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །ཅེས་སོགས་ལུང་འབྱམས་ཀླས་པ་འབྱུང་བའི་ཕྱིར་བསྟན་བཅོས་ཉིད་ཀྱི་ལུས་རྣམ་པར་བཞག་པ་སྟེ། དེའི་དོན་འོག་ནས་འཆད་པར་འགྱུར་བ་རྣམས་ཀྱིས་རྟོགས་པར་བྱ་དགོས་སོ་ཞེས་པའོ། །འདིར་གནས་སྐབས་སྔ་ཕྱི་གཉིས་ལ་དེ་ལྟར་གདགས་སུ་ཆུགས་ཀྱང་བར་པ་ལ་མི་རུང་ངོ་སྙམ་ན། དཔེར་ན། ཡི་གེ་དང་ལྷ་བྲིས་སློབ་པའི་ཚེ་དེ་དག་ལམ་དུ་བྱེད་པ་བཞིན་རྡོ་རྗེའི་རྣལ་འབྱོར་དང་ཤེར་ཕྱིན་སློབ་པ་ལ་དེ་དག་ཉིད་ལམ་དུ་བྱེད་པ་ཡིན་པས། སྒྱུ་འཕྲུལ་དྲྭ་བའི་ཚུལ་བསྟན་པ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཞེས་གསུངས་པ་སོགས་སོ། །གཞན་ཡང་རྡོ་རྗེ་ནི་འགྱུར་བ་མེད་པའི་སངས་རྒྱས་ཡིན་ལ་དེའི་ལམ་དུ་འགྲོ་བ་ནི་ཐེག་པ་ཡིན་པས་རྡོ་རྗེ་ཐེག་པའི་སྒྲས་བརྗོད་པའང་གོ་བར་བྱའོ། །འདིར་གལ་པོ་ཆེའི་གནད་མི་ཤེས་སུ་མི་རུང་བ་ཅུང་ཟད་སྤྲོ་ན། རྒྱུད་གསུམ་པོ་དེ་ལ་ལུས་སེམས་དབྱེར་མེད་གཞིའི་རྒྱུད། བསྐྱེད་རྫོགས་དབྱེར་མེད་ལམ་གྱི་རྒྱུད། སྐུ་གཉིས་དབྱེར་མེད་འབྲས་བུའི་རྒྱུད་ཅེས་བྱ་ལ་ལུས་སེམས་གཉིས་ཀྱི་དག་པའམ་ཡེ་ཤེས་དེ་ནི་རྒྱུ་ཡིན་ཏེ་རྫོགས་པའི་སངས་རྒྱས་ཀྱི་རིགས་འདྲ་ཡིན་པའི་ཕྱིར། རྒྱུད་ཡིན་ཏེ་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་འགྱུར་བ་མེད་པར་རྒྱུན་འབྲེལ་བའི་ཕྱིར། བསྐྱེད་རྫོགས་ནི་ཐབས་ཡིན་ཏེ་མཐར་ཐུག་གི་སངས་རྒྱས་དེ་དངོས་སམ་བརྒྱུད་པའི་སྒོ་ནས་གསལ་བར་བྱེད་པའི་ཕྱིར། རྒྱུད་ཡིན་ཏེ་དབང་བསྐུར་བ་དམ་ཚིག་དང་སྡོམ་པར་འབྲེལ་དེ་ལམ་རིམ་པ་གཉིས་པོ་དང་འབྲེལ །དེ་སྐུ་གཉིས་དང་འབྲེལ་བའི་ཕྱིར་རྒྱུད་གཉིས་པོ་དེའི་སྔ་མ་ནི་ཉེར་བ་ལེན་པའི་རྒྱུ་དང་ཕྱི་མ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ལ་དེ་གཉིས་ཀའང་མི་གསལ་བ་གསལ་པར་བྱེད་པ་ཡིན་གྱི་སྔར་མེད་གསར་དུ་སྐྱེད་བྱེད་ནི་མ་ཡིན་ནོ། །རྒྱུའི་རྒྱུད་དེ་ཉིད་ཐབས་རྒྱུད་ཀྱིས་སྦྱངས་པས་སྒྲིབ་བྲལ་མངོན་དུ་གྱུར་པ་ནི་འབྲས་རྒྱུད་ཡིན་ཏེ། དེ་ནི་ནམ་མཁའ་ཇི་སྲིད་བར་རྐྱེན་གྱིས་མི་འཕྲོགས་པར་རྒྱུན་བརྟན་པའི་ཕྱིར། སྔགས་སུ་རྒྱུའི་རྒྱུད་ཅེས་གསུངས་པ་ནི་ཕ་རོལ་ཏུ་ཕྱིན་པར་རིགས་ཞེས་བསྟན་པ་དེ་ཡིན་ལ། དཔལ་རང་བྱུང་ཞབས་ཀྱིས། རིགས་ནི་སེམས་ཅན་གྱི་ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་དང་འདྲ་བའི་ཆ་ཡིན་ལ། དེ་ནི་དཔལ་བརྟག་པ་གཉིས་པ་ལས། ཞལ་ཕྱག་རྣམ་པའི་གཟུགས་སུ་ནི། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་བག་ཆགས་ཕལ་པས་སོ། །ཞེས་བྱ་བ་དང་། སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཞེས་སོགས་ཀྱིས་རྒྱས་པར་འཆད་པ་ཡིན་ནོ། །ཞེས་གསུངས། དེ་ཉིད་འདིར་བསྟན་གྱི་བདེ་བར་གཤེགས་པའི་སྙིང་པོ་དང་དོན་གཅིག་པ་ཡིན་ལ་གྲུབ་མཐའ་སྨྲ་བ་སོ་སོའི་འདོད་པས་རྣམ་གཞག་མི་འདྲ་བ་དུ་མ་ཡོད་ཅིང་། རྡོ་རྗེ་ཐེག་པ་ལས་བཤད་པའི་བདེ་བར་གཤེགས་པའི་སྙིང་པོ་ལ་ཡང་། དཔལ་ལྡན་ས་སྐྱ་པའི་རྗེ་བཙུན་གོང་མ་རྣམས་ཀྱིས་དག་ལྗོན་ལ་སོགས་པར། སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ལ་བཤད་ནས། དེ་ལ་ཡོན་ཏན་གྱི་ཆོས་རྣམས་དངོས་སུ་མེད་ཀྱང་རྒྱུའི་ཚུལ་གྱིས་ལྷུན་གྲུབ་ཏུ་ཡོད་པ། རྐྱེན་ཚོགས་གཉིས་སམ་རིམ་གཉིས་ཉམས་སུ་བླངས་པས་འབྲས་བུ་མངོན་དུ་བྱས་པ་ན་རྒྱུ་དེ་དག་གནས་གྱུར་ནས་ཡོན་ཏན་གྱི་ཆོས་རྣམས་ཐོབ་པར་གསུངས་ཤིང་། ཀུན་མཁྱེན་ཆེན་པོ་ཇོ་མོ་ནང་པས་ནི་རང་བཞིན་གནས་རིགས་ཆོས་ཀྱི་སྐུའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་བཅས་པ་སེམས་ཅན་ཐམས་ཅད་ལ་ཡེ་གདོད་མ་ནས་རང་ཆས་སུ་ཡོད་ཅིང་དེ་ཡང་སངས་རྒྱས་དངོས་ཡིན་ལ། རྒྱས་འགྱུར་གྱི་རིགས་ནི་ཐོས་པ་ལ་སོགས་པའི་བག་ཆགས་རྐྱེན་གྱིས་བསྐྱེད་ནས་གསར་དུ་བྱུང་བར་བཞེད་དོ། །བོད་ཀྱི་སློབ་དཔོན་ཆེན་པོ་གསང་བས་བྱིན་གྱིས་ནི། དྭངས་མ་མི་ཤིགས་པ་ཁྱད་པར་གསུམ་ལྡན་ཞེས་བྱ་བ་ལུས་ངག་ཡིད་གསུམ་གྱི་དྭངས་མ་ལ་བཤད་ཅིང་། བོད་ལ་ལ་དག་གིས་ནི། སེམས་བདེན་པས་སྟོང་པའི་སྟོང་ཉིད་ཅེས་བྱ་བར་མེད་པར་དགག་པའི་ཕྱོགས་ལ་བཤད་དོ། །དཔལ་རང་བྱུང་གི་ཞལ་སྔ་ནས་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རང་བཞིན་ཆུ་ཟླ་ལྟར་བདེན་བརྫུན་དང་བྲལ་ཞིང་ངོས་བཟུང་དང་མཚན་མ་ལས་འདས་པའི་ཐ་མལ་གྱི་ཤེས་པ་ཉིད་ལ་བདེ་བར་གཤེགས་པའི་སྙིང་པོར་བཞེད་དེ། སྙིང་པོ་བསྟན་པ་ལས། ཐམས་ཅད་བདེན་མིན་བརྫུན་མིན་ཏེ། །ཆུ་ཟླ་བཞིན་དུ་མཁས་རྣམས་བཞེད། །ཐ་མལ་ཤེས་པ་དེ་ཉིད་ལ། །ཆོས་དབྱིངས་རྒྱལ་བའི་སྙིང་པོ་ཟེར། །ཞེས་གསུངས་པས་སོ། །འདིར་དྲི་མེད་འོད་ལས། །ཉན་ཐོས་དང་ཕ་རོལ་ཕྱིན་པ་དང་སྔགས་ཀྱི་ཚུལ་འདི་རྣམས་ཀྱི་མཆོག་ཏུ་མི་འགྱུར་བའི་སྙིང་པོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ནི་མཚན་ཡང་དག་པར་བརྗོད་པ་ལས་དེ་བཞིན་གཤེགས་པས་བསྟན་ཏོ། །འདིའི་དོན་མི་ཤེས་པ་བླ་མ་དམ་པ་མ་ཡིན་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ལས་ཉམས་པ་རྣམས་མ་འོང་པའི་དུས་སུ་འབྱུང་བར་འགྱུར་ཏེ། རྣམ་པར་ཉམས་པ་དེ་རྣམས་ཀྱིས་སེམས་ཅན་རྣམས་ཉམས་པར་བྱེད་དོ་ཞེས་གསུངས་པའི་དོན། དེ་བཞིན་གཤེགས་པའི་སྙིང་པོ་དྲང་དོན་ཏུ་བཞེད་པ་རྣམས་ནི་ཡང་དག་པའི་ལྟ་བ་ལས་ཉམས་པ་ཡིན་ལ། རབ་ཏུ་ཉམས་པ་དེ་རྣམས་ཀྱིས་སངས་རྒྱས་ལམ་ལས་སྐྱེས་པའི་འདུས་བྱས་སུ་སྨྲ་བ་དང་། སེམས་ཅན་ལ་གཤེགས་སྙིང་རང་ཆས་སུ་མེད་ཅེས་པ་དང་། ཤེས་པ་ཐམས་ཅད་ལ་འདུས་བྱས་ཀྱིས་ཁྱབ་པས་ཤེར་ཕྱིན་དང་རྣམ་མཁྱེན་དང་ཡེ་ཤེས་དང་ཚད་མ་གང་ཡིན་ལ་འདུས་མ་བྱས་མི་སྲིད་དོ། །ཞེས་དོན་དམ་པ་ལ་བསྐུར་བ་འདེབས་པའི་ལྟ་བའི་སྙིགས་མ་བདོ་བར་བྱས་ནས་སེམས་ཅན་རྣམས་ཡང་དག་པའི་ལམ་ལས་ཉམས་པར་བྱེད་དོ།། ཞེས་པ་སྟེ། མཐར་ཐུག་གི་རྒྱུད་དང་ལྷ་དང་སངས་རྒྱས་རྣམས་འདུས་བྱས་སུ་འདོད་པ་དང་། ངོ་བོ་ཉིད་སྐུ་སངས་རྒྱས་མ་ཡིན་པར་འདོད་པ་རྣམས་ནི་མི་ཚེ་ལུག་རྫི་ལ་བསྐྱལ་ནས་ལུག་ངོ་མི་ཤེས་པ་དང་ཁྱད་པར་མེད་ཅེས་མཁས་གྲུབ་དྭགས་རམ་པས་གསུངས་སོ། །གཉིས་པ་དུམ་བུ་བཅུ་གཅིག་པའི་ངེས་པ་མདོར་བསྟན་པ་ནི། ཐོག་མར་ནས། བཞིན་བཤད་བྱ། ཞེས་གསུངས་ཏེ། གཞི་ལམ་འབྲས་གསུམ་དུ་རྒྱུན་ཆགས་པའི་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད། དོན་ཚན་དུ་ཞིག་གི་སྒོ་ནས་འཆད་ཅེ་ན། དུམ་བུ་རྣམས་ཀྱི་ཐོག་མར་རྒྱུ་རྐྱེན་སྤྱིར་བསྟན་པའི་དུམ་བུ་དང་། དེ་ནས་བྱེ་བྲག་ཏུ་མངལ་སྐྱེས་ཀྱི་ལུས་ནི་ཇི་ལྟར་འགྲུབ་པའི་ཚུལ་བསྟན་པའི་དུམ་བུ། ལུས་དེ་ཉིད་ཀྱང་རྩའི་རྣམ་པར་གནས་པས་དེ་བཤད་པའི་དུམ་བུ་དང་། དེའི་ནང་དུ་རྒྱུ་བའི་རླུང་གི་ནི་ངོ་བོ་དང་གནས་པའི་ས་དང་རྒྱུ་བའི་ཚུལ་བསྟན་པའི་དུམ་བུ། དེ་དང་ལྷན་ཅིག་འཇུག་པའི་ཐིག་ལེ་ཇི་ལྟར་གནས་པ་དང་རྒྱུ་བའི་ཚུལ་བསྟན་པའི་དུམ་བུ་དང་། རྣམ་ཤེས་དང་ཡེ་ཤེས་ལ་སོགས་པས་གནས་སྐབས་བཞི་དང་ཕྱག་རྒྱ་བཞི་སོགས་དང་འབྲེལ་བའི་དོན་གཞི་ལམ་འབྲས་བུ་གསུམ་སྟོན་པའི་དུམ་བུ། ནང་གི་དོན་དེ་དག་ཕྱི་སྣོད་ཀྱི་འཇིག་རྟེན་ལ་སྦྱར་བའི་དུམ་བུ་དང་། གཞན་ཀུན་བརྟགས་ཀྱི་ལྷ་རྣམས་བསྐྱེད་པའི་རིམ་པ་སྟོན་པའི་དུམ་བུ་གང་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་སྦྱང་གཞི་སྦྱོང་བྱེད་ཀྱི་ཚུལ་བསྟན་པའི་དུམ་བུ་དང་། ནང་གི་གནད་བཅིངས་པས་ས་དང་ལམ་གྱི་རིམ་པ་བགྲོད་པར་བསྟན་པའི་དུ མ་བུ་དང་།མཐར་རྩ་རླུང་ཐིག་ལེ་དེ་རྣམས་འཇིག་ཅིང་སྡུད་པའི་ཚུལ་བསྟན་པའི་དུམ་བུ་སྟེ་དུམ་བུ་འམ་ལེའུ་བཅུ་གཅིག་གི་སྒོ་ནས་འཆད་ཅིང་། དེ་ཡང་། རྒྱལ་བ་རྡོ་རྗེ་འཆང་གིས་རྒྱུད་སྡེ་རྣམས་སུ་ཕྱོགས་རེ་བ་དང་འདྲེས་མ་དང་རྫོགས་པར་བསྟན་པ་ཇི་ལྟ་བ་བཞིན་དུ་བསྡུས་ཏེ་བཤད་པར་བྱའོ། །ཞེས་སོ། །བཅུ་གཅིག་བོ་དེ་དག་ཀྱང་བསྡུ་ན། གཞི་ལམ་འབྲས་བུ་གསུམ་ཀར་བརྗོད་བྱར་སྟོན་པ། གཞི་གཙོ་བོར་སྟོན་པ། ལམ་དང་འབྲས་བུ་གཙོ་བོར་སྟོན་པ་དང་གསུམ་དུ་འདུས་པས། དང་པོའི་དབང་དུ་བྱས་ནས། ལེའུ་དང་པོ་དང་དྲུག་པ་གཉིས་གསུངས་ལ། གཉིས་པ་ལ། བརྟེན་པ་སེམས་ཅན་གྱི་དབང་དུ་བྱས་པ་དང་། རྟེན་སྣོད་ཀྱི་དབང་དུ་བྱས་པ་གཉིས། དང་པོ་ལ། ཆགས་ཚུལ། གནས་ཚུལ། འཇིག་ཚུལ་གསུམ་ལས། དང་པོའི་དབང་དུ་བྱས་ནས་དུམ་བུ་གཉིས་པ་དང་། གཉིས་པའི་དབང་དུ་བྱས་ནས་རྩ་རླུང་ཐིག་ལེ་གསུམ་སྟོན་པའི་དུམ་བུ་གསུམ་དང་། གསུམ་པའི་དབང་དུ་བྱས་ནས་དུམ་བུ་བཅུ་གཅིག་པ་གསུངས་སོ། །གཉིས་པ་རྟེན་སྣོད་ཀྱི་དབང་དུ་བྱས་ནས་སྣོད་ལ་སྦྱར་བའི་དུམ་བུ་གསུངས་ལ། གསུམ་པ་ལམ་དང་འབྲས་བུ་གཙོ་བོར་སྟོན་པ་ལ་ཡང་། ལམ་བསྐྱེད་རིམ་གྱི་དབང་དུ་བྱས་པ་དང་། རྫོགས་རིམ་གྱི་དབང་དུ་བྱས་པ་དང་། གཉིས་ཀའི་དབང་དུ་བྱས་པ་དང་གསུམ། དང་པོ་ནི། བསྐྱེད་རིམ་སྟོན་པའི་དུམ་བུ། གཉིས་པ་ནི། སྦྱང་གཞི་སྦྱོང་བྱེད་ཀྱི་དུམ་བུ། གསུམ་པ་ནི། ལམ་རིམ་སྟོན་པར་བྱེད་པའི་དུམ་བུ་དེའོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ། དུམ་བུ་བཅུ་གཅིག་ཡོད་པ་ལས། དང་པོ། རྒྱུ་རྐྱེན་སྤྱིར་བསྟན་པའི་དུམ་བུ་ལ། ལེའུའི་གཞུང་དང་། ལེའུའི་མཚན་བསྟན་པ་གཉིས། དང་པོ་ལ་བཞི་སྟེ། དག་མ་དག་གི་སེམས་ཀྱི་ངོ་བོ། ཇི་ལྟར་འཁྲུལ་པའི་ཚུལ། རྒྱུ་རྐྱེན་གྱི་དབྱེ་བ། གནས་སྐབས་གསུམ་གྱི་དབྱེ་བའོ། །དང་པོ་ལ་གཉིས། སེམས་ཀྱི་ངོ་བོ་དང་། སེམས་ཀྱི་རྣམ་པ་བཤད་པའོ། །དང་པོ་ནི། རྒྱུ་ནི་ནས། མ་མཆིས་ཀྱང་། ཞེས་གསུངས་ཏེ། འཁོར་འདས་ཐམས་ཅད་ཀྱི་རྒྱུ་འམ་གཞི་དེ་ནི་གང་ཞིག་ཡིན། དེ་ལས་འཁོར་འདས་སུ་སྣང་བའི་རྐྱེན་ནི་ཇི་ལྟ་བུ་ཞེ་ན། འཁོར་འདས་ཐམས་ཅད་ཀྱི་གཞིའམ་རྒྱུ་ནི་སེམས་ཉིད་ཐོག་མ་དང་ཐ་མ་མེད་ལ། གཅིག་དང་ཐ་དད་ཀྱི་སྤྲོས་པ་ལས་གྲོལ་བའི་ཕྱིར་རྒྱར་མ་ཆད་ཅིང་། རྟག་ཆད་སྤང་གཉེན་སོགས་ཀྱི་ཕྱོགས་སུ་ལྷུང་བ་མ་མཆིས་པ་དེ་ཡིན་ནོ། །ཞེས་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་བདེ་གཤེགས་སྙིང་པོ་ལ་མེད་ན་མི་འབྱུང་བའི་གཞིར་ངོས་འཛིན་པར་མཛད་དོ། །འདིར་རང་འགྲེལ་ལས། འཁོར་འདས་ཐམས་ཅད་ཀྱི་གཞིར་གྱུར་པའི་ཆོས་ཉིད་དེ་བཞིན་ཉིད་ལ་ཀུན་གཞིའི་སྒྲར་གསུངས་ནས་དེའི་ནང་གསེས་དག་པ་དང་བཅས་པ་ལ་ཀུན་གཞིའི་ཡེ་ཤེས་དང་ས་བོན་ཐམས་ཅད་པའི་ཆ་ནས་ཀུན་གཞིའི་རྣམ་ཤེས་སུ་གསུངས་ཏེ་སེམས་ལ་དག་མ་དག་གཉིས་སུ་དབྱེ། ཀུན་གཞིའི་རྣམ་ཤེས་ལས་འཁོར་བ་སྣང་བའི་ཚུལ་དང་ཀུན་གཞིའི་ཡེ་ཤེས་ལས་མྱང་འདས་སྣང་བའི་ཚུལ་སྒྲུབ་བྱེད་ཐེག་པ་གོང་འོག་གི་ཁྱད་པར་དང་བཅས་པ་གསུངས་སོ། །དེའང་འཁོར་འདས་ཐམས་ཅད་ཀྱི་གཞིར་གྱུར་པའི་ཆོས་ཉིད་དེ་བཞིན་ཉིད་དེ་ནི། གདོད་མའི་མི་ཤིགས་པའི་ཐིག་ལེ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཕྱིན་མ། ཕྱག་རྒྱ་ཆེན་མོ། གཉུག་མའི་ཡེ་ཤེས། ཐ་མལ་གྱི་ཤེས་པ་སོགས་མིང་དུ་མས་བསྟན་པ་དེ་ཡིན་ལ། དེ་ཉིད་ཡིད་འགྱུ་བྱེད་ཀྱི་རླུང་གིས་བསྐྱོད་པ་ལས་གཞན་རྟོག་ཞུགས་ཏེ། གཉིས་ཆོས་སུ་སྣང་བའི་དབང་གིས་ཀུན་གཞིའི་ཡེ་ཤེས་དང་ཀུན་གཞིའི་རྣམ་ཤེས་ཞེས་བྱ་བའི་ཐ་སྙད་བྱས་པའོ། །དེ་ལ་ཀུན་གཞིའི་ཡེ་ཤེས་ནི། གོང་དུ་བཤད་པའི་བདེ་བར་གཤེགས་པའི་སྙིང་པོ་སྟེ། དེ་ཡང་ཤེར་ཕྱིན་དང་རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་དུ་གསུངས་པ་དང་། དོ་ཧ་ལས། ཡིད་བཞིན་ནོར་འདྲའི་སེམས་སུ་གསུངས་ལ། ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་གསུངས་པ་ཡང་དོན་འདི་ཉིད་དོ། །དེ་ལ་ཡེ་ཤེས་སུ་བཤད་དེ། །མཚན་བརྗོད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་གསུངས་པས་སོ། །དེ་ནི་མྱང་འདས་ཀྱི་རིགས་འདྲའི་རྒྱུ་དང་འཁོར་བའི་དབང་ངམ་བདག་པོའི་རྒྱུ་ཡིན་ལ། དེ་ཡང་ཀུན་གཞིའི་རྣམ་ཤེས་ལ་ཆུ་དང་འོ་མ་བཞིན་འདྲེས་པའི་ཚུལ་དུ་གནས་པས། དེས་དོན་ལ་རྨོངས་པ་རྣམས་ཀྱིས་ཀུན་གཞིའི་ཡེ་ཤེས་ངོས་མ་ཟིན་པར་རྣམ་ཤེས་ཚོགས་དྲུག་ཁོ་ནར་འདོད་པ་དང་། ཚོགས་བརྒྱད་དུ་འདོད་པས་ཀྱང་། ཀུན་གཞི་ནི་རྣམ་ཤེས་ཁོ་ནར་བཟུང་མོད་ཀྱི། ཐེག་བསྡུས་ལས། སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཐོས་པའི་བག་ཆགས་སུ་གྱུར་པ་སྟེ། གནས་གང་ན་འཇུག་པ་དེ་ལྷན་ཅིག་འབྱུང་བའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་ཆུ་དང་འོ་མ་བཞིན་ཏུ་འཇུག་ཀྱང་། དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རྣམ་ཤེས་རྟེན་དང་ཡེ་ཤེས་བརྟེན་པའི་ཚུལ་དུ་འཇུག་པར་བཞེད་དོ། །ཀུན་གཞིའི་རྣམ་ཤེས་ནི། དེང་སང་མངོན་པ་བ་རྣམས་ལ་ཡོངས་སུ་གྲགས་པ་འདི་ཉིད་དེ། འཁོར་བའི་དངོས་ཀྱི་རྒྱུ་ཡིན་ཀྱང་མྱང་འདས་ཀྱི་རྒྱུ་ནི་མ་ཡིན་ལ། དེའི་རྣམ་གཞག་རྒྱས་པ་རང་འགྲེལ་སོགས་སུ་ཤེས་པར་བྱ་དགོས་སོ། །འདིར་ཐོག་མཐའ་མེད་པའི་དོན་ནི། རྣམ་ཤེས་ཀྱི་ཕྱོགས་ལ་ལྟོས་ནས་འཁྲུལ་གྲོལ་དུ་སྣང་བ་དེ་ཉིད་དེའི་ཐོག་མཐའ་ཡིན་མོད་ཀྱི། དུས་ལ་ལྟོས་པའི་ཐོག་མཐའ་དེ་ནི་རྟོགས་པས་སྒྲོ་བཏགས་པ་ཡིན་གྱི་ངོ་བོ་ལ་འཁྲུལ་གྲོལ་གཉིས་ཀ་གདོད་ནས་ཡོད་མ་མྱོང་བ་དང་། དྲི་བཅས་དྲི་མེད་ཀྱི་སེམས་གཉིས་ཀའི་ངོ་བོ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་དང་གཞན་ཏུ་བརྗོད་དུ་མེད་པས། དེ་ལས་ཐོག་མ་གཞན་མེད་པའི་ཕྱིར་ཐོག་མ་མེད་པའི་དུས་ཅན་ཅེས་སམ། སྐྱེ་འགགས་གནས་གསུམ་དང་བྲལ་བས་ཐོག་མ་དང་ཐ་མ་མེད་པ་ཞེས་བྱའོ། །སངས་རྒྱས་དང་སེམས་ཅན་ཐམས་ཅད་གཅིག་པ་དང་ཐ་དད་པ་ཉིད་དུ་བརྗོད་དུ་མེད་པས་རྒྱ་ཡོངས་སུ་མ་ཆད་ལ། རྟག་ཆད་དང་སྤང་གཉེན་སོགས་ཀྱི་ཕྱོགས་རེར་མ་ལྷུངས་པས་ཕྱོགས་སུ་མ་ལྷུང་པ་སྟེ་གནས་ལུགས་ཀྱི་རང་བཞིན་བསྟན་པའོ། །འདིར་རྒྱུའི་རྒྱུད་ཀུན་གཞིའི་རྣམ་ཤེས་ལ་བཤད་པ་དང་། འཕགས་པ་ཡབ་སྲས་ཀྱིས་ཀུན་གཞིའི་རྣམ་ཤེས་མི་བཞེད་པ་བཤད་པ་སོགས་ནི་ཐེག་བསྡུས་དང་བྱང་ཆུབ་སེམས་འགྲེལ་སོགས་མ་ཐོས་པའི་སྐྱོན་དུ་ཟད་དོ། །ཀྱང་ཞེས་པ་ནི་ཚིག་ཕྱི་མ་སྡུད་པའི་ཕྲད་དོ། །གཉིས་པ་ནི། དེ་ཉིད་ནས། ཅིར་ཡང་འཆར། ཅེས་གསུངས་ཏེ། སེམས་ཉིད་དེ་འཁོར་འདས་ཐམས་ཅད་ཀྱི་གཞི་ཡིན་ན། དེ་ལས་འཁོར་འདས་གཉིས་སོ་སོར་ཇི་ལྟར་སྣང་ཞེ་ན། དེ་ལྟ་བུའི་སེམས་ཉིད་དེའི་གདངས་མ་འགགས་པའི་རྣམ་པར་རོལ་པ་སྟེ། སེམས་ཉིད་ཡེ་ཤེས་ཀྱི་རང་རྩལ་ངོ་བོ་སྟོང་པ་ཉིད་ལས་མ་གཡོས་བཞིན་ཏུ་རང་བཞིན་གསལ་བར་སྣང་བའི་གསལ་སྟོང་དབྱེར་མེད་ཀྱི་འཛིན་སྟངས་སམ་རྣམ་པ་འགག་པ་མེད་པར་ཅིའང་འཆར་ལ། འཁོར་བའི་གནས་སྐབས་སུ་ནི། དེ་གསུམ་གྱི་མིང་དུ་སེམས་དང་ཡིད་དང་རྣམ་ཤེས་ཞེས་ཟེར་ཞིང་། མྱ་ངན་ལས་འདས་པའི་སྐབས་སུ་ནི། ཆོས་སྐུ་ལོངས་སྐུ་ཅིར་ཡང་འཆར་བ་སྤྲུལ་པའི་སྐུ་ཞེས་ཟེར་རོ། །དེ་ལ་སེམས་དག་པ་དང་མ་དག་པ་གང་ཡིན་ཡང་ངོ་བོ་སྐྱེ་བ་མེད་པར་སྟོང་པ། རང་བཞིན་འོད་གསལ་བས་ཐམས་ཅད་ཀྱི་གཞིར་གྱུར་པ། ཁྱད་པར་སྔགས་ལུགས་སུ་ཐམས་ཅད་བདེ་བ་ཆེན་པོ་ཡིན་པར་གཅིག་མོད་ཀྱང་རྣམ་པ་མ་འགགས་པའི་རོལ་པ་ལས་ཅིར་ཡང་འཆར་ཏེ། གོང་དུ་ཀྱང་ཞེས་འབྱུང་བའི་ཚིག་ཟུར་འཁོར་འདས་གཟུང་འཛིན་གྱི་ཆོས་སོ་སོར་ཕྱོགས་སུ་ལྷུང་བ་ལྟ་བུ་སྣ་ཚོགས་འཆར་བ་ནི་ཀུན་གཞི་ལས་ཉོན་ཡིད་དེ་ལས་རྣམ་ཤེས་ཚོགས་དྲུག་དེ་ལས་སེམས་བྱུང་ལྔ་བཅུ་རྩ་གཅིག་སོགས་འགག་མེད་དུ་འཆར། དེ་ལས་སྣོད་བཅུད་ཀྱི་སྣང་བ་འཆར་ཞིང་སྔགས་ལུགས་སུ་འོད་གསལ་ལམ་ལྷན་སྐྱེས་ལས་རླུང་དང་རྩ་དང་ཕྱི་ནང་གི་ལུས་སྣ་ཚོགས་འགག་མེད་དུ་འཆར་བར་བཤད་དོ། །ངོ་བོ་དང་རྣམ་པ་འདི་ལ་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཅེས་རྗེ་སྒམ་པོ་པས་གསུངས་སོ། །མངོན་པ་མཛོད་ལས་སེམས་ཡིད་རྣམ་ཤེས་གསུམ་དོན་གཅིག་པར་བཤད་པ་ནི་ཐེག་དམན་པའི་ལུགས་ཡིན་ལ། ཐེག་ཆེན་ལུགས་འདིར། སེམས་ནི་ཀུན་གཞིའི་རྣམ་ཤེས་དང་། ཡིད་ནི་བདུན་ཡིད་དང་རྣམ་པར་ཤེས་པ་ནི་འཇུག་ཤེས་དྲུག་ལ་དགོངས་པའོ། །གཉིས་པ་ཇི་ལྟར་འཁྲུལ་པའི་ཚུལ་ལ་གཉིས། ཀུན་གཞི་དང་དེ་ལ་བརྟེན་པའི་ཡིད་ཉོན་མོངས་པ་ཅན་དང་བཅས་པ་དང་། ཚོགས་དྲུག་དང་ཕུང་པོ་ལྔའི་རིམ་པ་བསྟན་པའོ། །དང་པོ་ནི། དེ་ཉིད་རང་གིས་ནས། གཡོས་པ་ལས། ཞེས་གསུངས་ཏེ། རང་བཞིན་གྱིས་དག་པའི་སེམས་སྐྱེ་མེད་དེ་ཉིད་མ་འགགས་པའི་རོལ་པ་ལས་རང་གི་ངོ་བོ་ལ་ཡུལ་ཡུལ་ཅན་ལྟར་སྣང་བའི་དབང་གིས་རང་མ་རིག་ཅིང་། སེམས་ཡུལ་ལ་འདུ་བྱེད་པ་བདུན་པ་ཡིད་ཀྱི་གཡོ་བ་ནི་ཆུ་རླབས་ལྟ་བུར་གཡོས་པ་ལ་བརྟེན་ཏེ་གཟུང་འཛིན་གྱི་ཉོན་མོངས་པ་ཅན་དུ་བྱེད་པས་ན་རྐྱེན་དེས་འཁྲུལ་ནས་ཡང་དག་མིན་རྟོག་ལ་འཁོར་བར་སྣང་བ་ཡིན་ནོ། །འདིར་གང་མ་རིག་ན། སེམས་ཉིད་སངས་རྒྱས་ཀྱི་སྙིང་པོ་སྐུ་གསུམ་གྱི་རོལ་པར་བཞུགས་པ་དེ་ཉིད་མ་རིག །གང་གིས་མ་རིག་ན། སེམས་ཉིད་རང་གིས་ཏེ། སེམས་རང་གི་ངོ་བོ་ཅིར་ཡང་མ་གྲུབ་པ་ལ་དེའི་ཟུང་འཇུག་གི་ཆ་གཤིས་སྐྱེ་མེད་ལ་བདག་དང་གདངས་འགག་མེད་ལ་གཞན་ཏུ་རྟོག་པས་ཡུལ་ཡུལ་ཅན་ལྟར་སྣང་བའི་འགགས་པ་མེད་པའི་རྩལ་གྱིས་མ་རིག་ཚུལ་ཇི་ལྟར་མ་རིག་ན། སེམས་ཡུལ་ལ་འདུ་བྱེད་པ་བདུན་པ་ཡིད་ཀྱིས་ཀུན་གཞི་གཡོ་བ་ནི་ཆུ་དང་རླབས་ལྟ་བུར་གཡོས་པས་ངར་འཛིན་པ། བདག་ལ་ཆགས་པ། འཇིགས་ཚོགས་ལ་ལྟ་བ། མ་རིག་པ་དང་མཚུངས་ལྡན་ཏེ་ཉོན་མོངས་བཞིས་རྟག་ཏུ་འཁྱུད་པའི་ཉོན་ཡིད་བསྐྱེད་ནས་ཡང་དག་མིན་རྟོག་ལ་འཁོར་བ་སྣང་བའི་ཚུལ་གྱིས་ཏེ། དེ་ཡང་། སེམས་ཉིད་མ་བཅོས་པ་ཐ་མལ་གྱི་ཤེས་པ་ངོས་བཟུང་དང་བྲལ་བ་དེ་ཉིད་སེམས་ཅན་དང་འབྲེལ་བ་ན་རྟེན་འབྱུང་བས་དབང་བྱས་ཏེ་ཡིད་འགྱུ་བྱེད་ཀྱི་རླུང་གིས་བསྐྱོད་པ་ལས་བདུན་ཡིད་ལངས་ནས་བདག་གཞན་དུ་རྟོག་པ་ན། སེམས་ཉིད་ཀྱི་གཤིས་སྐྱེ་མེད་ལ་དམིགས་ཏེ་ང་དང་བདག་ཏུ་བཟུང་བས་ཉོན་མོངས་པ་ཅན་གྱི་ཡིད་བསྐྱེད་ཅིང་ཀུན་གཞི་དང་ཕན་ཚུན་གཅིག་གིས་གཅིག་བསྐྱོད་ནས་ཆུ་རླབས་ལྟ་བུར་གཡོས་ཏེ་ཡང་འདུ་བྱེད་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། དེ་ལས་འཁོར་བའི་ཆོས་རང་བཞིན་གྱིས་མེད་བཞིན་དུ་བདེན་བདེན་ལྟར་སྣང་བ་འདི་གྲུབ་པས་ན་ཚུལ་དེ་ལྟར་དུ་མ་རིག་གོ །དེས་ན་འདིར་སེམས་ཉིད་ཀྱི་གསལ་བའི་ཆ་ལ་བདུན་པ་ཡིད་ཀྱི་སྒྲར་སྨོས་ནས་རང་ངོ་མ་ཤེས་པའི་ཆ་ལ་མ་རིག་པར་གསུངས་པས་ལྷན་ཅིག་སྐྱེས་པའི་མ་རིགས་པ་ངོས་བཟུང་བ་ཡིན་ནོ། །དེའི་ཕྱིར་བདུན་ཡིད་གཡོས་པས་རྣམ་པར་དཀར་བའི་ལས་འདུ་བྱེད་པ་ནི་ཡང་དག་པའི་ཀུན་ཏུ་རྟོག་པ་སྟེ། དེའི་རང་གི་ངོ་བོ་དྲི་མ་མེད་པར་གནས་པ་ཉིད་དྲི་མ་མེད་པའི་ཡིད་དེ་འདི་འང་རྒྱས་འགྱུར་གྱི་རིགས་སུ་འདུ་ཞིང་གཞི་དུས་ཀྱི་མཉམ་ཉིད་ཡེ་ཤེས་ཏེ་ལེའུ་དྲུག་པར་བཤད་པ་དང་དོན་གཅིག་ཏུ་ཤེས་པར་བྱའོ། །དེས་ན་འདིར་བཤད་པའི་སེམས་ཡུལ་ལ་འདུ་བྱེད་པའི་བདུན་ཡིད་ནི་ཉོན་མོངས་པ་ཅན་གྱི་ཡིད་དང་དྲི་མ་མེད་པའི་ཡིད་སོ་སོར་མ་ཕྱེ་བའི་ཡིད་ལ་བཞེད་པ་སྟེ། ཚོགས་གཞན་དྲུག་པོ་སྐྱེ་ཞིང་འགག་པ་ན་ནུས་པ་ཀུན་གཞི་ལ་འཇོག་པར་བྱེད་པས། རྣམ་ངེས་ལས་ཡིད་ཀྱི་རྣམ་པར་ཤེས་པར་བཤད་པ་འོག་ཏུ་འཆད་པར་འགྱུར་བའི་རྣམ་ཤེས་ཚོགས་དྲུག་གི་དེ་མ་ཐག་རྐྱེན་གྱི་ཡིད་དེའོ། དེའི་ཕྱིར་འདིའི་མིང་གི་རྣམ་གྲངས་སུ་དེ་མ་ཐག་ཡིད་ཅེས་རང་འགྲེལ་ལས་ཡང་ཡང་གསུངས་ཤིང་། རྗེ་བདུན་པས། དེ་མ་ཐག་པའི་ཆ་ནས་བདུན་ཡིད་དང་ཉོན་མོངས་པ་བཞིས་འཁྱུད་པའི་ཆ་ནས་ཉོན་ཡིད་དང་དཀར་པོའི་ཆོས་ཀྱིས་འཁྱུད་པའི་ཆ་ནས་དྲི་མ་མེད་པའི་ཡིད་དུ་བཞག་པ་སོགས་ཆ་ཤས་གསུམ་ཡོད་པར་བཞེད་དོ། །མདོར་ན་ཀུན་གཞིའི་རྒྱ་མཚོ་ལས་ཡིད་ཆུ་རླབས་ལྟ་བུར་གཡོས་ཤིང་འདུ་བྱས་པ་ལས་འཁོར་བ་གྲུབ་པ་ལ། ཀུན་གཞིའི་རྣམ་ཤེས་ནི་འཁོར་བའི་གཞིའམ་རྒྱུ་ཡིན་ལ། ཡིད་ནི་རྐྱེན་ནོ། །ཐེག་བསྡུས་ལས། དང་པོ་དེ་མ་ཐག་པའི་ཡིད་རྣམ་ཤེས་སྐྱེད་པའི་གནས་དང་། གཉིས་པ་དེ་ཉིད་ཉོན་མོངས་པར་བྱེད་པའི་ཉོན་ཡིད་དེ་གཉིས་སུ་རྣམ་པར་བཞག་པ་ལྟར་དྭགས་རམ་པས་ཡིད་གཉིས་སུ་ཕྱེས་ནས་རྒྱས་པར་བཤད་པའང་དོན་འདིར་འདུ་ཞིང་། དེ་ལ་ཡིད་སྔ་མ་ནི་ཀུན་གཞི་ལས་ཚོགས་དྲུག་སྐྱེ་བའི་གནས་སུ་གྱུར་པ་དང་། དཀར་ཆོས་དང་འགྲོགས་པ་ལས་སངས་རྒྱས་ཀྱི་བྲལ་བའི་ཡོན་ཏན་གྱི་རྒྱུར་འགྱུར་བ་དང་། ཡིད་ཕྱི་མས་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་བློ་ཐམས་ཅད་སྐྱེད་ཅིང་འཁོར་བར་འཁྲུལ་པའི་རྩ་བར་གྱུར་པས་ཚད་མར་གྱུར་པ་མེད་ཅིང་། རྣམ་ཤེས་ཚོགས་བརྒྱད་དུ་བྱེད་པའི་ཚེ་འདི་གཉིས་གཅིག་ཏུ་བསྡུ་བའང་ཤེས་པར་བྱའོ། །གཉིས་པ་ཚོགས་དྲུག་དང་ཕུང་པོ་ལྔའི་རིམ་པ་བསྟན་པ་ལ་གཉིས། ཚོགས་དྲུག་ཡུལ་ལ་འཁྲུལ་པའི་ཚུལ་དང་། ཕུང་པོ་ལྔའི་རིམ་པ་བཤད་པའོ། །དང་པོ་ནི། དོན་དང་ནས། རྣམ་ཤེས་བྱུང་ཞེས་གསུངས་ཏེ། གཞིའི་འོད་གསལ་གདོད་མའི་མི་ཤིགས་པའི་ཐིག་ལེ་ཆེན་པོ་དེ་ཉིད་འགྱུ་བྱེད་ཀྱི་རླུང་གིས་བསྐྱོད་ནས་སེམས་ཡིད་ཆུ་རླབས་ལྟར་གཡོས་པ་ལས། གཟུང་བྱའི་དོན་དང་འཛིན་བྱེད་ཀྱི་འཛིན་པ་གཉིས་དོན་ལ་ཐ་དད་པ་མེད་བཞིན་ཏུ་ཐོག་མ་མེད་པའི་བག་ཆགས་ཀྱིས་གཉིས་སུ་སྣང་བས། སེམས་རང་གིས་སེམས་རང་ཉིད་ལ་རྣམ་པ་ཆེད་དུ་གཏད་ཅིང་བདག་གཞན་ཏུ་བཟུང་བས་སྣང་བ་དང་། དེ་ལས་མཆེད་པ། དེས་ཡུལ་ལ་ཉེ་བར་ཐོབ་པ་སྐྱེ། ཡིད་དེ་ཉིད་ཕྱིར་འགྱུས་པའི་སྣང་ཆ་ལས་ཕྱི་རོལ་གྱི་ཡུལ་ལ་དོན་དུ་བཟུང་བ་བྱུང་ཞིང་། དེ་ལས་རྣམ་ཤེས་ཚོགས་དྲུག་པོ་བྱུང་བས་དེ་ལྟར་དུ་འཁྲུལ་ལོ། །འདིར་གང་འཁྲུལ་ན་ཡུལ་སྣང་ལ་ཞེན་པའི་སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཚོགས་དྲུག་གི་རྣམ་ཤེས་འཁྲུལ། གང་ལ་འཁྲུལ་ན་ཡུལ་སྣ་ཚོགས་སུ་སྣང་བ་དེ་ལ་འཁྲུལ། ཚུལ་ཇི་ལྟར་འཁྲུལ་ན་རང་ཉིད་ལ་གཉིས་འཛིན་ཞུགས་པའི་རང་མཚང་མ་རིག་པར་རང་ཉིད་གཟུང་བྱའི་དོན་གཞན་དུ་རྟོགས་པའི་ཚུལ་གྱིས་འཁྲུལ། རྒྱུ་རྐྱེན་ཅི་ལས་འཁྲུལ་ན་ཡིད་གཡོས་པ་ལས་ཏེ། དེ་ཡང་། བཤད་མ་ཐག་པའི་ཚུལ་གྱིས་སེམས་ཡིད་ཕན་ཚུན་དུ་གཡོས་པ་ལས་ཟུང་འཇུག་ལ་རྨོངས་ནས། སྣང་བའི་ཆ་ལ་བཟུང་བྱའི་དོན་གཟུགས་སོགས་ཡུལ་དྲུག་དང་སྟོང་པའི་ཆ་ལ་འཛིན་པར་བྱེད་པའི་སེམས་མིག་སོགས་རྣམ་ཤེས་དྲུག་ཏུ་ཞེན་ཏེ། རང་ཉིད་ལས་གཞན་པའི་བཟུང་བྱ་མེད་ཀྱང་འཛིན་བྱེད་རང་ཉིད་ཀྱིས་རང་ཉིད་ལ་ཆེད་དུ་གཏད་ནས་གཞན་དུ་རྟོག་ཅིང་བཟུང་བས་གཉིས་སྣང་ཞུགས་པ་ནི་སྣང་སྟོང་གཉིས་མེད་ལ་གཉིས་སུ་རྟོག་པའི་འཁྲུལ་པ་སྟེ། དེ་དང་རྗེས་སུ་འབྲེལ་བའི་ཡུལ་དབང་རྣམ་ཤེས་གསུམ་ཚོགས་པའི་རྟེན་འབྲེལ་ལས་གཟུགས་སོགས་སྣང་བའི་ཤེས་པ་སྐྱེས་ལ། དེ་ལས་གཟུགས་སོགས་ཡུལ་གྱི་སྣང་བ་མཆེད་པར་འགྱུར་བས། དེ་རྟོག་པའི་ཡིད་དང་འབྲེལ་ནས་གཟུགས་སོགས་ཀྱི་དོན་མཐོང་བར་བྱེད་པས་སྣང་བ་ཐོབ་པ་ཞེས་བྱ་སྟེ། རྒྱུ་མཚན་དེས་ན་ཚོགས་དྲུག་གི་སྣང་བ་སྐད་ཅིག་མ་དེའི་རང་ངོ་ལ་འཁྲུལ་པ་མེད་ཀྱང་དེ་ལས་མུ་མཐུད་ནས་ཡིད་དེ་རང་ཉིད་ཀྱི་སྣང་ཆ་ལ་ཕྱི་རོལ་གྱི་དོན་དུ་འཁྲུལ་ནས་འཁྲུལ་རྟོག་སྣ་ཚོགས་པ་འགྱུར་བའི་སྣང་ཆ་ལས་གཟུགས་སོགས་ཡུལ་དྲུག་ལ་ཕྱི་དོན་དུ་བཟུང་བས་ན་དེར་འཛིན་པའི་རྣམ་ཤེས་བྱུང་སྟེ། རྒྱུ་རྐྱེན་སྣ་ཚོགས་པ་དེ་ལ་འཁྲུལ་ལོ། །དེས་ན་སྣང་མཆེད་ཐོབ་གསུམ་འོད་གསལ་དུ་ཐིམ་པ་ལས་ཆོས་སྐུ་མངོན་དུ་འགྱུར་བ་དང་། གཞིའི་འོད་གསལ་ལས་སྣང་མཆེད་ཐོབ་གསུམ་རིམ་པར་ལོངས་པས་འཁོར་བའི་འཁྲུལ་སྣང་འཆར་བའི་ཚུལ་ནི་རྡོ་རྗེ་ཐེག་པའི་ཟབ་མོའི་གནད་དོ། །ཚོགས་དྲུག་འཁྲུལ་པར་སྐྱེ་བའི་ཚུལ་འདི་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་འབྱུང་བའི་ནང་གི་ནུས་པའི་ཆ་ནས་བཤད་པ་སྟེ། དེའི་ཕྱིར་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་གྱི་རྟེན་འབྲེལ་ཞེས་འགྲེལ་པར་གསུངས་སོ། །རྟེན་འབྲེལ་དེ་ལ་བརྟེན་ནས་སྡུག་པ་རྣམ་པར་འབྱེད་པ་བདེ་འགྲོའི་རྟེན་འབྲེལ་དང་མི་སྡུག་པར་རྣམ་པར་འབྱེད་པ་ངན་འགྲོའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་འབྱུང་སྟེ། དེ་ཡང་། མ་རིག་པས་ཀུན་ནས་བསླངས་ཏེ་ཟག་བཅས་ཀྱི་ལས་འདུ་བྱེད་པ་ནི་ཆུ་དང་རླབས་ལྟར་གཡོས་པའི་དབང་གིས་ཡིན་ལ། འདུ་བྱེད་དེའི་རྐྱེན་གྱིས་གཟུགས་སོགས་ཡུལ་དྲུག་ལ་དོན་ཏུ་མཐོང་བའི་རྣམ་པར་ཤེས་པ་འབྱུང་བས་ན། རྩ་བ་མ་རིག་པའི་རྐྱེན་ཁོ་ན་ལ་རག་ལས་པའི་ཕྱིར། རྣམ་པར་ཤེས་པའི་སྣང་བ་ཐམས་ཅད་ནི་འཁྲུལ་པའི་སྣང་བ་འབའ་ཞིག་ཡིན་ནོ། །གཉིས་པ་ནི། བླང་དོར་ནས། ཕུང་པོ་གྲུབ། ཅེས་གསུངས་ཏེ། དེ་ལྟར་བག་ཆགས་ཀྱི་སྣང་བ་བརྟས་པ་ལས་འཁྲུལ་སྣང་རགས་པར་གྲུབ་པའི་ཐོག་མ་ནི་རྣམ་པར་ཤེས་པ་སྟེ། དེའི་ཕྱིར་སྐབས་འདིར་ཕུང་པོ་ལྔའི་དང་པོར་རྣམ་ཤེས་ཀྱི་ཕུང་པོ་བསྟན་ནོ། །རྣམ་ཤེས་དེ་ལ་ཡུལ་ཡིད་དུ་འོང་མི་འོང་བར་མར་སྣང་བའི་དབང་གིས་དེ་གསུམ་ལ་བླང་དོར་དང་བཏང་སྙོམས་སུ་རྟོག་པར་བྱེད་པས་ཚོར་བའི་ཚོགས་གསུམ་སྐྱེ་བའི་ཕྱིར། དེ་ནས་ཚོར་བའི་ཕུང་པོ་དང་། དེས་ཡུལ་དེ་ལ་ངོ་བོ་དང་ཁྱད་པར་གྱི་མཚན་མར་འཛིན་པ་ལ་བརྟེན་ནས་འདུ་ཤེས་ཀྱི་ཕུང་པོ་གྲུབ་པས་དེ་ནས་འདུ་ཤེས་དང་། དེ་ལྟར་ཡུལ་ཡིད་དུ་འོང་མི་འོང་སྣ་ཚོགས་ལ་སྤུ་རིས་སོ་སོར་ཕྱེ་ནས་སྣང་བ་སྣ་ཚོགས་པར་མངོན་པར་འདུ་བྱས་པས་ཡུལ་སྣང་མི་འདྲ་བ་རང་ལས་གཞན་དུ་བཏགས་པ་དེ་སྣང་བའི་སེམས་བྱུང་གི་ཚོགས་རྣམས་གྲུབ་པའི་ཕྱིར་དེ་ནས་འདུ་བྱེད་དང་། འདུ་བྱེད་དེས་ཡུལ་གཞན་ཏུ་བཏགས་པའི་བག་ཆགས་བརྟན་པར་བྱས་ནས་གཟུགས་ཀྱི་ངོ་བོ་དང་མཚན་མ་ལ་སོགས་ལ་མངོན་པར་ཞེན་པས་གཟུགས་ཀྱི་ཕུང་པོ་གྲུབ་པས་ན་དེ་ནི་ཕུང་པོ་རྣམས་ཀྱི་རྗེས་མར་བསྟན་པ་ཡིན་ནོ། །རིམ་པ་འདི་ནི་སྐྱེ་བའི་རིམ་པ་སྟེ་རྒྱུ་འབྲས་དོན་གྱི་གོ་རིམ་ཞེས་བྱ་བ་ཡིན་ནོ། །གསུམ་པ་རྒྱུ་རྐྱེན་གྱི་དབྱེ་བ་བསྟན་པ་ལ་གཉིས། རྒྱུ་དྲུག་ཏུ་བསྟན་པ། རྐྱེན་བཞིར་བསྟན་པའོ། །དང་པོ་ནས། ཁམས་ལྔ་ནས། ཐ་སྙད་བྱས། ཞེས་གསུངས་ཏེ། ས་ཆུ་མེ་རླུང་ནམ་མཁའི་ཁམས་ཏེ་ལྔ་དང་རྣམ་པར་ཤེས་པའི་ཁམས་དང་དྲུག་ནི་ཕྱི་ནང་དང་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་ནོ་ཞེས་རྣམ་པར་རྟོག་པ་དང་བཅས་པ་རྣམས་ཀྱི་ངོར་ཐ་སྙད་དུ་བྱས་པ་སྟེ། རྟོག་པ་དང་བྲལ་བ་ལ་ནི་རྒྱུ་འབྲས་ཀྱི་སྤྲོས་པ་ཉེ་བར་ཞི་བ་ཁོ་ནའོ། །དེ་དག་གི་མཚན་ཉིད་ཀྱང་རིམ་པ་ལྟར་སྲ་ཞིང་བརྟན་པ་དང་། རླན་ཅིང་གཤེར་བ་དང་། ཚ་ཞིང་སྲེག་པ་དང་། ཡང་ཞིང་གཡོ་བ་དང་། སྟོང་ཞིང་གོ་འབྱེད་པ་ཡིན་ལ། རྣམ་པར་ཤེས་པའི་མཚན་ཉིད་སྔར་བསྟན་པ་ལྟར་རོ། །གཉིས་པ་ལ་བཞི། རྒྱུའི་རྐྱེན། བདག་རྐྱེན། དམིགས་རྐྱེན། དེ་མ་ཐག་པའི་རྐྱེན་ནོ། །དང་པོ་ནི། དེ་ཡི་ནས། རྐྱེན་ཞེས་བྱ། ཞེས་གསུངས་ཏེ། འཁོར་འདས་ཐ་དད་པར་འཁྲུལ་པ་དེ་ཡི་བག་ཆགས་སམ་ས་བོན་ཀུན་གཞི་ལ་བསགས་པ་དེ་ནི་འཁྲུལ་སྣང་དེའི་རྒྱུའི་རྐྱེན་ཞེས་བྱ་བ་ཡིན་ཏེ། ས་བོན་ཐམས་ཅད་པའི་ཀུན་གཞི་མེད་ན་སེམས་ཅན་གྱི་རྒྱུ་གཞན་མ་དམིགས་པའི་ཕྱིར་རོ། །གཉིས་པ་ནི། བདག་རྐྱེན་ནས། དབང་པོ་ཡིན། ཅེས་གསུངས་ཏེ། སྒོ་ལྔའི་རྣམ་ཤེས་ཀྱི་བདག་པོའི་རྐྱེན་ནི་ཡུལ་དང་རྣམ་ཤེས་ཀྱི་བར་དུ་སྣང་བའི་མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ་ལ་སོགས་པ་དབང་པོ་གཟུགས་ཅན་དྭངས་མ་ལྔ་དང་ཡིད་ཀྱི་རྣམ་པར་ཤེས་པའི་བདག་རྐྱེན་ནི་ཤེས་པར་གྱུར་པའི་དབང་པོ་ཡིན་ནོ། །དེའང་འབྱུང་བཞི་རྒྱུར་བྱས་པས་རྡུལ་དུ་གྲུབ་ཅིང་རྣམ་ཤེས་དང་འབྲེལ་བས་ཡུལ་གསལ་བར་སྣང་བའི་ཕྱིར་གཟུགས་ཅན་དྭངས་པ་ཞེས་བྱའོ། །སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སོགས་པ་མིག་ཤེས་སྔ་མའི་སྟེང་ན་མིག་གཟུགས་ལ་འཇུག་པའི་ནུས་པ་ཁྱད་པར་བ་ཡོད་པ་ལ་མིག་དབང་ལ་སོགས་པར་བཞེད་པ་ཡིན་ནོ། །ཡིད་ཀྱི་དབང་པོ་ནི་ཡིད་ཀྱི་སྐྱེ་མཆེད་དེ། ཡིད་ཀྱི་རྣམ་ཤེས་སྐྱེ་བའི་སྒོ་བྱེད་པའི་ནུས་པ་ཉིད་ལ་དེར་བཤད་པའི་ཕྱིར། དེ་ནི་འོག་ནས་འཆད་པར་འགྱུར་བའི་དེ་མ་ཐག་ཡིད་དང་གནད་གཅིག་གོ །གསུམ་པ་ནི། དམིགས་པའི་ནས། རིག་བྱ་སྟེ། ཞེས་གསུངས་ཏེ། ཚོགས་དྲུག་པོ་འདི་དམིགས་པའི་རྐྱེན་ནི་གཟུགས་དང་ལ་སོགས་པས་སྒྲ་དང་དྲི་རོ་རེག་བྱ་ཆོས་ཏེ་རྣམ་ཤེས་རང་རང་གི་ཡུལ་དུ་སྣང་བའི་རིག་པར་བྱ་བ་རྣམས་ཡིན་ལ། གཞན་གཉིས་ཀྱི་དམིགས་པའི་རྐྱེན་ཀྱང་དོན་གྱིས་ཐོབ་པས་ཀུན་གཞིའི་དམིགས་པའི་རྐྱེན་ནི་གནས་སྣོད་ཀྱི་འཇིག་རྟེན་དང་ལུས་སུ་སྣང་བ་དབང་པོ་ལྔ་ལ་སོགས་པ་ཡིན་པར་བཤད་ཅིང་། ཉོན་ཡིད་ཀྱི་དམིགས་པ་ནི་ཀུན་གཞི་ཉིད་དོ། །བཞི་པ་ནི། དམ་ནས། ཡིད་དང་བཅས། ཞེས་གསུངས་ཏེ། དྲུག་པ་ཡིད་དང་བཅས་པའི་ཚོགས་དྲུག་གི་དེ་མ་ཐག་པའི་རྐྱེན་ཞེས་པ་ནི་ཚོགས་དྲུག་སྔ་མ་གང་དང་གང་འགགས་པ་ན་དེ་མ་ཐག་ཏུ་རྣམ་ཤེས་ཕྱི་མ་སྐྱེ་བའི་ནུས་པ་ཀུན་གཞིའི་བག་ཆགས་མཐུ་ཅན་ཡིད་ཀྱི་ཁམས་དང་གཅིག་ཏུ་བཤད་པའི་རྣམ་པར་ཤེས་པ་དེ་ཉིད་ཕྱི་མ་ཕྱི་མའི་དེ་མ་ཐག་རྐྱེན་ཡིན་ཏེ། རང་འགགས་ནས་རིག་པ་གཞན་གྱི་བར་མ་ཆོད་དུ་ཚོགས་དྲུག་ཕྱི་མ་སྐྱེད་པར་བྱེད་པའི་རྐྱེན་ཡིན་པས་སོ། །དེས་ན་ཤེས་པ་རང་ཉིད་སྐྱེ་བའི་ནུས་པ་ཀུན་གཞིའི་སྟེང་ན་ཡོད་པའི་ཡིད་དེ་ཉིད་དེ་མ་ཐག་རྐྱེན་དུ་བཞེད་དོ། །སྐབས་འདིར་མཁས་གྲུབ་དྭགས་རམ་པས། ཕུང་ཁམས་སྐྱེ་མཆེད་ལ་ཚུལ་བཞིའི་བཤད་པ་མཛད་སྙིང་པོ་བསྡུ་ན། ཆོས་དུ་མ་སྤུངས་པ་ལ་ཕུང་པོ་དང་། བྱེད་པ་པོ་དོན་གཞན་མེད་ཅིང་རང་གི་མཚན་ཉིད་འཛིན་པ་ཁམས་དང་། རྣམ་ཤེས་སྐྱེ་བའི་སྒོ་ཡིན་པས་སྐྱེ་མཆེད་དང་། རྣམ་ཤེས་ཚོགས་དྲུག་གིས་དམིགས་པའམ་བཟུང་བར་བྱ་བ་ཡིན་པས་ཡུལ་ལ་སོགས་པར་བཤད་པ་ནི་ཡི་གེའི་དོན། ཕུང་པོ་ལ་གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་ཤེས་ལྔ། ཡུལ་དབང་འབྱུང་བས་བསྡུས་པའི་ཁམས་བཅོ་བརྒྱད། རེག་པ་དང་ཚོར་བ་ལས་བྱུང་བའི་སྐྱེ་མཆེད་བཅུ་གཉིས། །གཟུགས་ཁ་དོག་དབྱིབས་ལ་སོགས་པའི་དབྱེ་བ། སྒྲ་ཟིན་པ་སོགས་བརྒྱད། དྲི་ཞིམ་པ་སོགས་བཞི། རོ་མངར་སྐྱུར་སོགས་དྲུག རེག་བྱ་འཇམ་རྩུབ་སོགས་བཅུ་བཞི། ཆོས་འདུས་བྱས་དང་འདུས་མ་བྱས་གཉིས་སོགས་རྣམ་པར་བཤད་པ་ནི་སྤྱིའི་དོན། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་ལའང་དྭངས་མ་ཡེ་ཤེས་ཀྱི་ཆ་རེ་དང་སྙིགས་མ་རྣམ་ཤེས་ཀྱི་ཆ་རེ་ཡོད་ལ། དྭངས་སྙིགས་གཉིས་ཀ་ཚོགས་པ་སྦྱང་གཞི་དང་སྙིགས་མ་སྦྱང་བྱར་བྱས་ནས་སྦྱོར་བྱེད་སྨིན་གྲོལ་གཉིས་སྦྱང་གཞིའི་རིམ་པ་དང་མཐུན་པས་སྦྱངས་པའི་འབྲས་བུ་སྐུ་གསུམ་མངོན་ཏུ་བྱེད་པ་ནི་སྦས་དོན། ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱི་ནང་གི་ཆོས་ཐམས་ཅད་རྣམ་ཤེས་ཚོགས་བརྒྱད་དུ་མ་འདུས་པ་མེད་ལ། དེ་རྣམས་ཀྱང་ཀུན་གཞིའི་རྣམ་ཤེས་ཁོ་ནར་འདུ། དེའང་ཀུན་གཞིའི་ཡེ་ཤེས་ཀྱི་རྩལ་ཡིན་པས་ཆོས་ཐམས་ཅད་ཀུན་གཞིའི་ཡེ་ཤེས་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་གཞོལ་ཞིང་འབབས་པ་ནི་མཐར་ཐུག་གི་དོན་ཏེ། ཚུལ་བཞིའི་བཤད་པ་འདིས་མཚོན་ནས་གཞན་ལའང་རྒྱ་ཆེར་སྦྱོར་ཤེས་པ་གལ་ཆེའོ། །བཞི་པ་གནས་སྐབས་གསུམ་གྱི་དབྱེ་བ་བཤད་པ་ལ་གསུམ། མ་དག་པའི་གནས་སྐབས། གཉིས་ལྡན་གྱི་གནས་སྐབས། ཤིན་ཏུ་རྣམ་དག་གི་གནས་སྐབས་སོ། །དང་པོ་ལ་གསུམ། སྤྱིར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། དེ་ལྟར་ནས། སྣང་བར་འགྱུར། ཅེས་གསུངས་ཏེ། དེ་ལྟར་རྒྱུ་དྲུག་དང་རྐྱེན་བཞིས་བསྐྱེད་ནས། རྟེན་འབྲེལ་ཡན་ལག་བཅུ་གཉིས་མ་རིག་པས་འདུ་བྱེད་སོགས་ལུགས་འབྱུང་དང་། རྒ་ཤི་ཡོད་པས་སྐྱེ་བ་ཡོད་པ་སོགས་ལུགས་ཟློག་ཏུ་སྐྱེས་པ་ལ་བརྟེན་ནས་འཁོར་བའི་ཆོས་ཀུན་སྣང་བར་འགྱུར་ལ། རྒྱུ་དྲུག་དང་རྐྱེན་བཞི་རྣམ་པར་དག་སྟེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རང་བཞིན་རྟོགས་ཤིང་མ་རིག་པ་འགགས་པས་འདུ་བྱེད་འགགས་པ་སོགས་ལུགས་འབྱུང་དང་། རྒ་ཤི་མེད་པས་སྐྱེ་བ་མེད་པ་སོགས་ལུགས་ཟློག་ཏུ་འགགས་པ་ལས་མྱང་འདས་ཀྱི་ཆོས་ཀུན་སྣང་བར་འགྱུར་རོ། །གཉིས་པ་ལ་གསུམ། སྲིད་པ་འགྲུབ་ཚུལ་ཐུན་མོང་དུ་བསྟན་པ། ཁམས་གསུམ་གྱི་འདུ་ཤེས་ཀྱི་ཁྱད་པར། ཁམས་གསུམ་གྱི་རྒྱུ་འབྲས་སྦྱར་ནས་བཤད་པའོ། །དང་པོ་ནི། སྲེད་ལེན་སོགས་རྐང་པ་གཅིག་སྟེ། རྟེན་འབྲེལ་བཅུ་གཉིས་ལས་ཁམས་གསུམ་དུ་འཁྲུལ་པའི་འཁོར་བ་འབྱུང་བ་དེའི་རིམ་པ་ཇི་ལྟ་བུ་ཞེ་ན། འགྲེལ་པའི་དགོངས་པས། མ་རིག་འདུ་བྱེད་རྣམ་པར་ཤེས། །མིང་གཟུགས་སྐྱེ་མཆེད་རེག་དང་ཚོར། །སྲེད་ལེན་མཚམས་སྦྱོར་སྲིད་པ་འགྲུབ། །སྐྱེ་དང་འགྱུར་ལས་རྒ་ཤིའོ། །ཞེས་ཁ་བསྐངས་ནས་བཤད་པར་བྱ་སྟེ། རང་ཡུལ་ལ་རྨོངས་ནས་ལས་ཀྱི་ཀུན་སློང་བྱེད་པའི་མ་རིག་པ་དང་། དེས་ཀུན་ནས་བསླངས་པའི་དགེ་བ་དང་མི་དགེ་བ་ཟག་བཅས་ཡང་སྲིད་པ་འདུ་བྱེད་པ་དང་། དེའི་བག་ཆགས་ཀྱིས་བསྒོས་པའི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། འདི་གསུམ་ལ་འཕེན་བྱེད་ཀྱི་ཡན་ལག་གསུམ་ཞེས་བྱ་ཞིང་། དེ་ལས་ཡང་སྲིད་ཕྱི་མ་གྲུབ་མ་ཐག་པའི་མིང་བཞི་འམ་གཟུགས་ཀྱིས་བསྡུས་པ་མིང་གཟུགས་དང་། དེ་ལས་དབང་པོ་དྲུག་གྲུབ་པ་སྐྱེ་མཆེད་དང་། དེ་ལས་གསུམ་འདུས་ནས་ཡུལ་ཡོངས་སུ་གཅོད་པའི་རེག་པ་དང་། དེ་ལས་ཡིད་དུ་འོང་མི་འོང་བར་མ་སིམ་གདུང་ཅི་རིགས་པར་ཉམས་སུ་མྱོང་བ་ཚོར་བ་སྟེ། དེ་བཞི་ལ་ནི་འཕངས་པའི་ཡན་ལག་བཞི་ཞེས་བྱ་ལ། དེ་ལྟ་བུའི་ཡུལ་ལ་ཕྲད་པ་དང་མ་བྲལ་བར་ཆགས་ཤིང་སྲེད་པ་དང་། ཆགས་ཡུལ་ཐོབ་པར་འདོད་ཅིང་དོན་དུ་གཉེར་བས་ཚོར་བའི་རྒྱུ་འཚོལ་བར་འདུན་པ་ལེན་པ་དང་། དེ་གཉིས་ཀྱིས་མཚམས་སྦྱར་བ་ལས་ཡང་སྲིད་པ་འགྲུབ་བྱེད་ཀྱི་ལས་མཐུ་ཅན་ནི་སྲིད་པ་སྟེ། དེ་གསུམ་ལ་འགྲུབ་བྱེད་ཀྱི་ཡན་ལག་གསུམ་ཞེས་བྱའོ། །དེ་ལྟར་འཕེན་བྱེད་དང་འགྲུབ་བྱེད་ཀྱིས་བསྒྲུབས་པ་ཡང་སྲིད་ཕྱི་མར་ཉིང་མཚམས་སྦྱར་མ་ཐག་པའི་སྐྱེ་བ་དང་། དེའི་ཕུང་པོའི་རྒྱུན་འགྱུར་ཞིང་འཇིག་པ་རྒ་ཤི་སྟེ། འདི་གཉིས་ལ་གྲུབ་པའི་ཡན་ལག་ཅེས་ཟེར་རོ། །མདོར་ན་མ་རིག་པས་འདུ་བྱེད་ཀྱི་ལས་བསགས་པ་ཀུན་གཞི་ལ་བཞག་པ་ལས་རྣམ་ཤེས་ནས་ཚོར་བའི་བར་འགྲུབ་ཅིང་། དེ་ལས་སྐྱེ་བ་སྤྱིར་འགྲུབ་པ་སྲེད་པ་དང་བྱེ་བྲག་ཏུ་འགྲུབ་པ་ལེན་པས་མཚམས་སྦྱར་ནས་འཁོར་བའི་སྲིད་པ་འགྲུབ་པ་ཡིན་ནོ། །གཉིས་པ་ནི། གཟུགས་མེད་ནས། ཆེན་པོ་ཡིན། ཅེས་གསུངས་ཏེ། དེ་ལྟ་བུའི་སྲིད་པ་ནི་ཁམས་གསུམ་གྱིས་བསྡུས་པས་དེའི་སྲིད་པ་དང་འདུ་ཤེས་ཀྱི་ཁྱད་པར་རིམ་པ་བཞིན་སྦྱར་ནས་བཤད་ན། གཟུགས་མེད་པའི་སྲིད་པ་བཞི་ནི་ཡུལ་ལ་མཚན་མར་འཛིན་པ་ཆུང་ངུ་སྟེ། འདོད་གཟུགས་ཀྱི་སྣང་བ་དང་ཐོགས་པ་བཀག་པའི་ཕྱིར། གཟུགས་ཁམས་ཀྱི་སྲིད་པ་བཅུ་དྲུག་ནི་ཡུལ་ལ་མཚན་མར་འཛིན་པ་འབྲིང་པོ་སྟེ། འདོད་པ་ལ་འདོད་ཆགས་དང་བྲལ་ཞིང་བསམ་གཏན་བཞིའི་ཏིང་ངེ་འཛིན་གྱི་མཐུས་བསྐྱེད་པའི་གཟུགས་སྣང་དང་བཅས་པའི་ཕྱིར། འདོད་པའི་ཁམས་ཀྱི་སྲིད་པ་བཅུ་གཅིག་ནི་ཡུལ་ལ་མཚན་མར་འཛིན་པ་ཆེན་པོ་དང་ལྡན་པ་ཡིན་ཏེ། འདོད་པའི་ཡོན་ཏན་ལ་ཆགས་ཤིང་རྟོགས་པ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །གསུམ་པ་ནི། ཐམས་ཅད་ནས། ཉོན་མོངས་ཅན། ཅེས་གསུངས་ཏེ། ཁམས་གསུམ་པོ་ཐམས་ཅད་ཀྱང་། རང་གི་སེམས་ཀྱི་གནས་ལུགས་མ་རྟོགས་པས་ཡུལ་ཡིད་དུ་འོང་བ་ལ་བླང་བྱར་ཞེན་ཅིང་། ཡུལ་ཡིད་དུ་མི་འོང་བ་མཐོང་བའི་ཚེ། དེ་ལ་དོར་བྱ་དང་ཞེ་སྡང་བསྐྱེད་ཅིང་བར་མ་ལ་གང་ཡང་མ་ཡིན་པའི་རྟོག་པ་ཡིས་བསྐྱེད་པའི་ལས་གསུམ་སྟེ། དམ་པ་རྣམས་ཀྱིས་བླང་བྱར་འོས་ཤིང་བསོད་ནམས་ཀྱི་ལས་སུ་གྱུར་པའི་དགེ་བ་དང་། དམ་པ་རྣམས་ཀྱིས་དོར་བྱར་འོས་ཤིང་བསོད་ནམས་མ་ཡིན་པའི་ལས་སུ་གྱུར་པ་མི་དགེ་བ་དང་། དེ་གཉིས་པོ་གང་རུང་དུ་ལུང་དུ་བསྟན་མི་རུང་ཞིང་མི་གཡོ་བའི་ལས་སུ་གྱུར་པའི་སྙོམས་འཇུག་གི་ལས་རྣམ་པ་གསུམ་པོ་དེ་ལ། ཁམས་གསུམ་དུ་སྐྱེ་བའི་འདུ་བྱེད་ཀྱི་ལས་ཞེས་བྱའོ། །དེའི་རྐྱེན་ལས་ནི་ཁམས་གསུམ་པོ་ཐམས་ཅད་འབྱུང་བ་ཡིན་ཏེ། བསོད་ནམས་ཀྱི་ལས་ཆུང་འབྲིང་ཆེན་པོ་གསུམ་ལས་འབྲས་བུ་འདོད་པའི་མཐོ་རིས་གསུམ་གྱི་རྟེན་ལ་བདེ་བ་འབྱུང་བ་དང་། བསོད་ནམས་མ་ཡིན་པའི་ལས་ཆུང་འབྲིང་ཆེ་གསུམ་ལས་འབྲས་བུ་ངན་འགྲོ་གསུམ་གྱི་རྟེན་ལ་སྡུག་བསྔལ་འབྱུང་ཞིང་མི་གཡོ་བའི་ལས་ལས་འབྲས་བུ་བསམ་གཏན་དང་གཟུགས་མེད་ཀྱི་རྟེན་ལ་སྙོམས་འཇུག་དང་བཅས་པའི་ཏིང་ངེ་འཛིན་གྱི་འབྲས་བུ་བསྐྱེད་པའི་ཕྱིར། འབྲས་བུ་དེ་དག་ཐམས་ཅད་ཀྱང་ཉོན་མོངས་ཅན་ཡིན་ཏེ། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ཕུང་པོ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། སེམས་ཉིད་སོགས་ཚིག་རྐང་གཅིག་སྟེ། དེ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བའི་ལས་གསུམ་འབྲས་བུ་དང་བཅས་པ་ནི། སེམས་ཉིད་གློ་བུར་གྱི་དྲི་མ་མ་དག་པ་འཆིང་བ་ཀུན་ལྡན་སེམས་ཅན་གྱི་གནས་སྐབས་ཡིན་ནོ། །དེ་ལྟར་དུམ་བུ་དང་པོ་འདིས་འཁོར་བའི་རྒྱུ་རྐྱེན་དངོས་སུ་བསྟན་ཀྱང་འཁོར་འདས་ཀུན་གྱི་གཞི་རྒྱུའི་རྒྱུད་དུ་གྲགས་པ་དེ་ཉིད་བརྗོད་བྱའི་གཙོ་བོ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཞེས་གསུངས་བ་ལྟར་རོ། །གཉིས་པ་གཉིས་ལྡན་གྱི་གནས་སྐབས་ནི། དྲི་མ་ནས། རྒྱལ་བས་གསུངས། ཞེས་འབྱུང་སྟེ། ཐེག་པ་སྤྱི་སྐད་ལ་གྲགས་པའི་ཉོན་མོངས་ཤེས་བྱ་སྙོམས་འཇུག་གི་སྒྲིབ་པ་གསུམ་དང་། སྔགས་སུ་བཤད་པའི་འཕོ་བའི་བག་ཆགས་རྣམས་ཀྱིས་གཤེགས་སྙིང་ལ་བསྒྲིབས་ཀྱང་། དྲི་མ་དེ་ཉིད་གནས་ཚུལ་ལ་མ་ཞུགས་པ་སེམས་དང་འབྲལ་རུང་གི་གློ་བུར་བར་ཤེས་ནས་སྦྱོང་བྱེད་ཀྱི་ཐབས་བསྐྱེད་རྫོགས་དང་བཅས་པས་སྦྱོང་བའི་གནས་སྐབས་ཚོགས་ལམ་ནས་ས་བཅུ་རྒྱུན་མཐའི་བར་དུ་གནས་པ་ལ་ལམ་པ་ཞེས་བྱ་བར་རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པ་ཡིན་ནོ། །འདིས་ནི་ལམ་ཐབས་རྒྱུད་གཙོ་བོར་བསྟན་པ་ཡིན་ནོ། །གསུམ་པ་ཤིན་ཏུ་རྣམ་དག་གི་གནས་སྐབས་ནི། དྲི་མེད་ནས། སངས་རྒྱས་ཉིད། ཅེས་གསུངས་ཏེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་དྲི་མ་མེད་པ་དེ་ཉིད་སྒྲིབ་གསུམ་གློ་བུར་གྱི་དྲི་མ་མཐའ་དག་རྣམ་པར་དག་སྟེ་དག་པ་གཉིས་ལྡན་ཏུ་གྱུར་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་སྟེ། སྒྲིབ་པ་གསུམ་པོ་མ་ལུས་པར་སངས་ཤིང་རྣམ་སྨིན་རྒྱས་པས་སོ། །རྒྱུ་མཚན་དེའི་ཕྱིར་ན་འགྲོ་བ་སེམས་ཅན་ཀུན་ལ་དྲི་མ་དང་བཅས་པའི་སངས་རྒྱས་ཉིད་ཅེས་བྱ་སྟེ། ཀྱཻ་རྡོ་རྗེ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་སོ། །ཞེས་དང་། མདོ་ལས་ཀྱང་། བདེ་གཤེགས་སྙིང་བོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་སོགས་གསུངས་པའི་ཕྱིར་རོ། །འདིས་ནི་འབྲས་བུའི་རྒྱུད་གཙོ་བོར་བསྟན་པ་ཡིན་ནོ། །ད་ནི་གཞུང་གོང་འོག་འདི་དག་ཏུ་སྤྱིར་ཤེས་པར་བྱ་བའི་འཕྲོས་དོན་གལ་པོ་ཆེ་ཅུང་ཟད་བཤད་ན། དེའང་འཁོར་འདས་ཐམས་ཅད་ཀྱི་གཞིའམ་རྩ་བར་གྱུར་པ་ནི་གདོད་མའི་མི་ཤིགས་པའི་ཐིག་ལེ་ཆེན་པོ་སྟེ། ཐོག་མའི་མཐའ་མེད་པའི་དོན་གྱིས་ན་གདོད་མ་དང་མི་ཕྱིད་པའི་དོན་གྱིས་ན་མི་ཤིགས་པ་དང་སྣང་བ་དུ་མ་ཁྱབ་པར་གདལ་བའི་དོན་གྱིས་ན་ཐིག་ལེ་དང་ཆོས་ཐམས་ཅད་ལ་མ་ཁྱབ་པ་མེད་པའི་དོན་གྱིས་ན་ཆེན་པོ་སྟེ། དེ་ལྟར་མི་ཤིགས་པའི་ཐིག་ལེ་ཆེན་པོའི་སྒྲས་བསྟན་ཅིང་། གཞུང་འདིར། རྒྱུ་ནི་སེམས་ཉིད་སོགས་ཀྱིས་འཆད་པ་ལྟར། སེམས་ཅན་ནས་སངས་རྒྱས་ཀྱི་བར་ལ་ཁྱད་པར་མེད་པའི་སེམས་ཀྱི་ངོ་བོ། །ཐོག་མ་དང་མཐའ་མེད་ཅིང་། རྟག་ཆད་དང་མཐའ་དབུས་སོགས་ཀྱི་རྒྱར་མ་ཆད་ལ། སྤང་གཉེན་དང་ངེས་བཟུང་གི་ཕྱོགས་སུ་མ་ལྷུང་བ། མཚན་མ་དང་རྣམ་པར་རྟོགས་པས་མ་བསླད་པའི་གཤིས་བབས་མ་བཅོས་བ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་འདི་ཉིད་ཡིན་ནོ། །དེ་ལ་མིང་གི་རྣམ་གྲངས་ཕྱག་རྒྱ་ཆེན་པོ། བདེ་བ་ཆེན་པོ། ནཱ་ད། མཁའ་ཁྱབ་ནམ་མཁའི་རྡོ་རྗེ། ཐ་མལ་ཤེས་པ། ཡེ་ཤེས་ཀྱི་རྩ་དང་རླུང་། གཞོམ་མེད་ཀྱི་ཧཾ་དང་ཐིག་ལེ། བདེ་གཤེགས་སྙིང་པོ། ཤེས་རབ་ཕར་ཕྱིན་སོགས་རྣམ་གྲངས་མཐའ་ཡས་པ་གསུངས་སོ། །འདི་ཉིད་ལས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་བ་སྟེ། རྩ་བའི་མི་ཤིགས་པ་ཆེན་པོ་དེ་ཡང་སེམས་ཅན་གྱི་ཁམས་སམ་འབྱུང་བས་དབང་བྱས་པར་གནས་པ་ལས། རང་དང་འདྲེས་པ་ལྟ་བུའི་རླུང་གིས་ཡིད་གཡོས་པའི་འགྱུ་བ་རང་ངོ་མ་ཤེས་པ་ལྷན་ཅིག་སྐྱེས་པའི་མ་རིག་པའི་སྣང་བ་དམར་ཆས་དབང་བྱས་པ་ལས་འཁོར་འདས་ཀྱི་སྣང་བ་ཤར་བ་ལ་གཞན་དུ་རྟོག་ཅིང་། དཀར་ཆས་དབང་བྱས་པ་ལས་བདག་ཏུ་རྟོག་པ་འབྱུང་སྟེ། དེ་ཉིད་རང་གིས་རང་མ་རིག །ཅེས་སོགས་ཀྱི་བཤད་པ་ལྟར་རོ། །དེའི་ཕྱིར་དཀར་དམར་རླུང་གི་གཡོ་བས་གཉིས་ཆོས་སུ་གྱེས་པས་གཟུང་འཛིན་ནམ་སྣང་སེམས་སམ་བདག་གཞན་ནམ་ཡུལ་ཡུལ་ཅན་སོགས་སུ་རྟོགས་པ་སྟེ། དོན་ལ་གཟུང་བ་དང་སྣང་བ་དང་གཞན་དང་ཡུལ་ལ་སོགས་པ་ལ་གཞན་རྟོགས་འཇུག་པ་ཐམས་ཅད་སེམས་དེའི་རང་འོད་དམ་སྣང་ཆ་ཡིན་ལ། འཛིན་པ་དང་སེམས་དང་བདག་དང་ཡུལ་ཅན་དུ་བདག་རྟོག་འཇུག་པ་དེ་ནི་སེམས་དེའི་ངོ་བོའམ་སྟོང་ཆ་ཡིན་པས་སེམས་ཀྱི་གཤིས་སྐྱེ་མེད་དང་གདངས་འགགས་མེད་ལ་སོ་སོར་རྟོག་པའོ། །དེའང་གནས་ཚུལ་ལ་མར་མེ་དང་མར་མེའི་འོད་བཞིན་ཏུ་སྣང་སེམས་དབྱེར་མེད་དངོས་པོའི་གཤིས་ལུགས་ལ་གྲུབ་པ་ཡིན་པས་སྣང་བ་སེམས་སུ་བཞེད་པ་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པའི་ཡང་སྙིང་ཡིན་གྱི། རྣམ་པར་རིག་པ་ཙམ་དུ་སྨྲ་བ་རྣམས་ཀྱིས་བཏགས་པའི་གྲུབ་པའི་མཐའ་ནི་མ་ཡིན་ནོ། །དེའི་ཕྱིར་སེམས་ཉིད་རང་གི་སྣང་ཆ་ལ་གཞན་རྟོག་ཞུགས་ནས་ཤེས་བརྗོད་ཀྱིས་བསྡུས་པའི་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་བཞག་པ་ཡིན་ཏེ། གཞི་ལ་རྩ་བ་དཀར་དམར་གྱི་དབང་གིས་བདག་གཞན་དུ་རྟོགས་པས་གཟུང་འཛིན་གཉིས་དང་རླུང་དང་བཅས་པ་ལས་གསུམ་འགྲོས་སམ། དམར་ཆ་ལས་ཡེ་ཤེས་ཕྱེ་བས་བཞི་འགྲོས་སུ་འབྱུང་བ་ནི་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཨེ་ཝྃ་མ་ཡའི་དགོངས་པ་ཡིན་ནོ། །དེ་ལ་འཁོར་བ་སྣང་བའི་ཚུལ་ཡང་། མི་ཤིགས་པའི་ཐིག་ལེ་ལྷན་ཅིག་སྐྱེས་པའི་མ་རིག་པའི་གཡོ་བ་དང་བཅས་པ། དཀར་ཆས་དབང་བྱས་པ་ལས་བདག་ཏུ་རྟོག་པའི་སྣང་བ་གསུམ་གྱི་འཆར་སྒོ་ལས་དཀར་དམར་རླུང་གསུམ་གྱི་ངེས་པ་ཡུལ་དུ་སྣང་བ་ཉིད་ཀྱིས། འདོད་པ་དང་གཟུགས་དང་གཟུགས་མེད་པ་སྟེ་ཁམས་གསུམ་གྱི་སྣང་བ་འབྱུང་ཞིང་། འཆར་སྒོ་བཞི་འགྲོས་སུ་ཕྱེ་ན་དམྱལ་བ་ཡེ་ཤེས་ཀྱི་རང་སྣང་དུ་འཆད་དགོས་སོ། །ལྔ་འགྲོས་ལ་སོགས་པ་འབྱུང་བའི་ཚུལ་ཡང་། མི་ཤིགས་པའི་ཐིག་ལེ་དེ་ཉིད་ཁམས་ལྔའི་བདག་ཉིད་ཅན་ཡིན་པས། དེ་ལས་གཞན་རྟོག་ཕུང་པོ་ལྔ་ལ་སོགས་པར་སྣང་ཞིང་། བཞི་ཆོས་ཀྱི་ས་ལས་ཡེ་ཤེས་དང་རླུང་ལས་ནམ་མཁའ་ཕྱེ་བས་དྲུག་ཆོས་དང་། ལྔ་ཆོས་ལས་འབྱུང་ཆུང་གི་དབྱེ་བས་ཉི་ཤུ་རྩ་ལྔ་སོགས་དུ་མའི་བར་དུ་འབྱུང་བ་རྣམས་སྤྲོས་པས་ཆོག་གོ །མྱང་འདས་ཀྱི་སྣང་བ་འཆར་བའི་ཚུལ་ནི། གཞུང་ལས། དེ་ཉིད་མ་འགགས་རོལ་པ་སོགས་ཀྱིས་བསྟན་པ་ལྟར། མི་ཤིགས་པའི་ཐིག་ལེ་རང་ངོ་ཤེས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་གསུམ་གྱི་འཆར་སྒོ་ལས་དཀར་དམར་རླུང་གསུམ་གྱི་རང་གི་ངོ་བོ་ཡུལ་དུ་སྣང་བ་ཉིད་ཀྱིས་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུ་སྟེ་སྐུ་གསུམ་གྱི་སྣང་བ་འབྱུང་ཞིང་། འཆར་སྒོ་བཞི་འགྲོས་སུ་ཕྱེ་ན་ངོ་བོ་ཉིད་ཀྱི་སྐུ་ཡེ་ཤེས་ཀྱི་རང་སྣང་དུ་འདོད་དགོས་སོ། །དེ་ལས་སྐུ་ལྔ་དང་རིགས་དྲུག་དང་རིག་ཆུང་ཉི་ཤུ་རྩ་ལྔ་དང་དམ་པ་རིགས་བརྒྱ་ལ་སོགས་པ་མཐའ་ཡས་པའི་ཚུལ་ཡང་སྤྲོས་ཏེ་ཤེས་པར་བྱའོ། །ལམ་གྱི་སྣང་བ་འབྱུང་བའི་ཚུལ་ཡང་། མྱ་ངན་ལས་འདས་པའི་ཕྱོགས་སུ་གཏོགས་པ་སྟེ། སྐུ་དེ་དག་ཐོབ་པར་བྱེད་པའི་ལམ་ལ་ཡང་གཉིས་སམ་གསུམ་མམ་བཞི་ལ་སོགས་པར་ཕྱེ་ན་སྨིན་གྲོལ་གྱི་ལམ་ལ་ཡང་། གསུམ་འགྲོས་དང་བཞི་འགྲོས་སོགས་མཐའ་ཡས་བའི་བར་དུ་འགྱུར་རོ། །དེའི་ཕྱིར་གདོད་མའི་མི་ཤིགས་པ་ཆེན་པོ་དེ་ཉིད་འཁོར་འདས་ཐམས་ཅད་ཀྱི་གཞི་ཡིན་ཀྱང་། གཞི་ལམ་འབྲས་བུ་གསུམ་གྱི་ཟླས་ཕྱེ་བའི་གཞི་ནི་མ་ཡིན་ཏེ། གཞི་ལམ་འབྲས་བུ་གསུམ་གང་གི་ཡང་ཕྱོགས་སུ་ལྷུང་བ་མེད་པའི་ཕྱིར་རོ། །དེས་ན་མི་ཤིགས་པའི་ཐིག་ལེ་ཆེན་པོས་འཆར་གཞིར་བྱས་པའི་འཁོར་འདས་ཀྱི་འཆར་སྒོ་ནི་བསམ་གྱིས་མི་ཁྱབ་སྟེ། འཁོར་འདས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་དུ་འཆར་ཡང་། འཁོར་འདས་ཀྱིས་བསྡུས་པའི་ཆོས་གང་ཡང་མ་ཡིན་པས་སོ། །དེ་ལྟར་མི་ཤིགས་པའི་ཐིག་ལེ་ཆེན་པོ་དེ་ཉིད་ལ། རྟེན་བྱེད་པའི་ཆ་ནས་རྩ་དང་བརྟེན་པ་ཡོན་ཏན་གྱི་ཆ་ནས་ཐིག་ལེ་དང་གཡོ་བའི་ཆ་ནས་རླུང་དང་རྒྱུའམ་ཁམས་ཀྱི་ཆ་ནས་ཡེ་གེ་དང་འཆར་སྒོའི་ངོས་ནས་སྣང་བ་གསུམ་གྱི་ཤེས་པ་དང་ཡུལ་ལ་བདག་པོར་གྱུར་པའི་ཆ་ནས་དབང་པོ་དང་། ཆོས་ཐམས་ཅད་ཀྱི་བག་ཆགས་སྤུངས་པའི་ཆ་ནས་ཕུང་པོ་དང་བྱེད་པ་པོ་གཞན་མེད་ལ་རང་གི་མཚན་ཉིད་འཛིན་པའི་ཆ་ནས་ཁམས་དང་ཕྱི་ནང་གི་ཆོས་མཐའ་དག་སྐྱེ་ཞིང་མཆེད་པར་བྱེད་པའི་ཆ་ནས་སྐྱེ་མཆེད་དང་། སྣང་བ་སྣ་ཚོགས་པའི་ཆ་ནས་ཡུལ་དང་། སྣ་ཚོགས་སུ་སྣང་ཡང་སྣང་མཁན་ཉིད་ལས་གཞན་མ་གྲུབ་པའི་ཆ་ནས་ཡུལ་ཅན་དང་། གཉིས་སུ་སྣང་བའི་ཆ་ནས་འཁོར་བ་དང་དོན་ལ་གཉིས་སུ་མེད་པའི་ཆ་ནས་མྱ་ངན་ལས་འདས་པ་དང་། གཞི་ཐོག་ན་འབྲས་བུ་ལྷུན་གྱིས་གྲུབ་པ་ཉིད་མངོན་དུ་བྱེད་པའི་ཐབས་ཀྱི་ཆ་ནས་ས་ལམ་དང་། འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་རྫོགས་པའི་ཆ་ནས་སྐུ་དང་ཡེ་ཤེས་ལ་སོགས་པའི་རྣམ་བཞག་དང་། རེ་རེ་ལའང་ཆ་ཤས་མཐའ་དག་རྫོགས་པར་ཚང་བའི་ཆ་ནས་ཐམས་ཅད་ཀྱང་ཕྱོགས་རེ་རེར་ཙམ་བརྗོད་པ་སྟེ། མདོར་ན། གཤིས་སྐྱེ་མེད་ཀྱི་ཆ་ནས་རླུང་དང་གདངས་འགགས་མེད་ཀྱི་ཆ་ནས་རྩ་དང་རྩལ་སྣ་ཚོགས་ཀྱི་ཆ་ནས་ཐིག་ལེ་སྟེ། གཤིས་གདོངས་རྩལ་གསུམ་གྱི་ཆ་ལ་རླུང་ཁུ་རྡུལ་གསུམ་མམ། དེ་གསུམ་ལ་རྡུལ་མུན་སྙིང་སྟོབས་སམ། ལྷའི་གཙོ་བོ་གསུམ་དང་དུག་གསུམ་མམ་ཁམས་གསུམ་ལ་སོགས་པ་འཁོར་བའི་ཆོས་དང་། བདེ་གསལ་མི་རྟོག་པ་སོགས་ཉམས་དང་གསལ་སྟོང་འཛིན་མེད་སོགས་རྟོག་པ་སྟེ་ལམ་དང་། རྡོ་རྗེ་གསུམ་དང་སྐུ་གསུམ་སོགས་འབྲས་བུར་བརྗོད་པ་སྟེ། འདིའི་གནད་དཔྱིས་ཕྱིན་པ་གོ་ན་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་བུའི་གནད་གསང་ཐམས་ཅད་བདེ་བླག་ཏུ་རྟོགས་པར་འགྱུར་བས་རྗེ་ཕྲིན་ལས་ཞབས་ཀྱི་གསུང་ཉིད་ཚིག་སྣ་མ་བསྡུས་པར་བཀོད་པའོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་ཚིག་འགྲེལ་ལས། མདོར་བསྟན་པ་དང་རྒྱུ་རྐྱེན་སྤྱིར་བསྟན་པའི་དུམ་བུ་སྟེ་ལེའུ་དང་པོའི་རྣམ་པར་བཤད་པའོ། ༈ །དེ་ལྟར་ཆོས་ཉིད་དང་ཆོས་ཅན་ནམ། རང་བཞིན་དང་རྣམ་འགྱུར། ཡེ་ཤེས་དང་རྣམ་ཤེས་དབྱེ་བའི་སྒོ་ནས་སེམས་དངོས་པོའི་གནས་ལུགས་གཏན་ལ་ཕབ་ཟིན་ནས། དུམ་བུ་གཉིས་པ་འཁོར་བའི་ལུས་འགྲུབ་ཚུལ་བརྗོད་པར་བྱ་སྟེ། དེའང་སེམས་དེ་ཉིད་དཀར་དམར་རླུང་གསུམ་གྱི་གཞན་དབང་དང་འགྲོགས་པ་དེ་ལ་ཕྲ་བའི་ལུས་ཞེས་བྱ་ཞིང་། དེ་ཉིད་རྒྱུན་མཐའི་རྡོར་ཏིང་མ་གཏོགས་གང་གིས་ཀྱང་གཞོམ་པར་མི་ནུས་པས་རྣམ་ཤེས་ཀྱི་མི་ཤིགས་པའི་ཐིག་ལེ་ཞེས་བྱ། ཕྲ་བའི་ལུས་དེའང་རགས་པའི་ལུས་ལ་བརྟེན་པ་ཡིན་པས་འཁོར་བའི་རྒྱུ་རྐྱེན་བསྟན་པའི་འོག་ཏུ་འཁོར་བའི་ལུས་གྲུབ་ཚུལ་སྟོན་པར་འབྲེལ་བ་དང་། རྟེན་ལུས་ཀྱི་བྱེད་པ་བཅིངས་བས་བརྟེན་པ་སེམས་ཀྱི་དེ་ཁོ་ན་མངོན་དུ་བྱེད་པ་རྡོ་རྗེ་ཐེག་པའི་ཁྱད་ཆོས་ཡིན་པ་དང་། སྦྱོང་བྱེད་བསྐྱེད་རིམ་ཉམས་སུ་ལེན་པ་ལ། སྦྱང་གཞི་ལུས་ཀྱི་གནས་ཚུལ་ཤེས་དགོས་པའི་ཕྱིར་ན། དེ་དག་ཀྱང་དང་པོར་གྲུབ་པའི་ཚུལ་ཤེས་པ་ལ་རགས་ལས་པས་སོ། །དེ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་གསུམ་སྟེ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། ལུས་ནི་ནས། སྦྱོར་བ་ན། ཞེས་གསུངས་ཏེ། འཁོར་བའི་ལུས་འདི་ནི་གྲུབ་པའི་ཚུལ་དེ་བཤད་ན། །ཀུན་གཞི་སྲོག་ཆེན་པོའི་རླུང་དང་བཅས་པ་དེས། ཁམས་གསུམ་དུ་སྐྱེ་བར་སྦྱོར་བ་ལ་བརྟེན་ནས་ལུས་འགྲུབ་པ་ཡིན་ལ་ན་ཞེས་པ་འོག་མ་འདྲེན་པའི་ཚིག་གོ །དེ་ཡང་གང་ཞིག་སྐྱེ་བ་སྦྱོར་ན། བག་ཆགས་སྣ་ཚོགས་པའི་ས་བོན་ཅན་ཀུན་གཞིའི་རྣམ་པར་ཤེས་པ་དེ་སྦྱོར། གང་གིས་སྦྱོར་ན། འདུ་བྱེད་ཡིད་ཀྱི་གཡོ་བ་སྲེད་པའི་མཚན་ཉིད་ཅན་དེས་སྦྱོར། འདི་ལ་རྡོ་རྗེ་ཐེག་པར་སྲོག་གི་རླུང་ཞེས་བཏགས་ཏེ་སྐྱེས་བུའི་སྲོག་འཛིན་པ་དང་ཡིད་གཡོ་བར་བྱེད་པའི་ཕྱིར་རོ། །གང་དུ་སྦྱོར་ན། ཁམས་གསུམ་གྱི་སྐྱེ་གནས་རྣམ་པ་བཞི་གང་རུང་དུ་སྦྱོར་བའོ། །ཇི་ལྟར་སྦྱོར་ན། སེམས་ཡུལ་ལ་འདུ་བྱེད་པ་དང་བཅས་པའི་རྣམ་ཤེས་འཁྲུལ་པས་བསླད་པའི་ཚུལ་གྱིས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ཁམས་གསུམ་གྱི་སྐྱེ་བ་ལེན་ཚུལ་སྤྱིར་བསྟན་པ་དང་། མིའི་སྐྱེ་བ་ལེན་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། གཟུགས་མེད་གཟུགས་ཁམས། འདོད་ཁམས་པའི་སྐྱེ་བ་ལེན་ཚུལ་ལོ། །དང་པོ་ནི། འདུ་བྱེད་ནས། ཡིད་ལུས་སོ། །ཞེས་གསུངས་ཏེ། སེམས་ཡུལ་ལ་འདུ་བྱེད་པ་འཕེན་འགྲུབ་ཀྱི་ལས་དང་བཅས་པའི་ཀུན་གཞིའི་རྣམ་ཤེས་ཀྱིས་ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ཏིང་ངེ་འཛིན་བཞི་པོ་གང་ཡང་རུང་བ་ཡུལ་དུ་བྱས་ཏེ། སྙོམས་འཇུག་གི་དངོས་གཞི་ལ་གསལ་སྣང་ཐོབ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་ལྷ་དེ་དང་དེར་སྐྱེ་བ་ནི་གཟུགས་མེད་ཁམས་པ་ཞེས་བྱ་བ་ཡིན་ལ། དེ་ཡང་བག་ཆགས་དང་བཅས་པའི་ཡིད་ཀྱི་ལུས་ཅན་ཏེ། དེར་སྐྱེས་པའི་འཕགས་པ་མ་གཏོགས་པ་སོ་སྐྱེ་རྣམས་ནི་ཉོན་ཡིད་དང་བཅས་པའི་ཡིད་ཀྱི་ལུས་ཅན་ཡིན་ནོ། །འདིར་གཟུགས་མེད་པར་བཤད་པ་ནི། རྡུལ་ཕྲན་ཚོགས་པའི་ལུས་རགས་པ་མེད་པ་ལ་དགོངས་ཀྱི་ཕྲ་བའི་ལུས་ཡོད་པ་མདོ་སྔགས་གཉིས་ཀ་ནས་གསུངས་ལ། ནམ་ཏིང་ངེ་འཛིན་ལས་ལངས་ཏེ་ཁམས་གཞན་ཏུ་འཕོ་བ་ན་རྣམ་པར་རྟོག་པ་གཞན་འབྱུང་བ་ལ་འཆི་བའི་ཐ་སྙད་བྱས་པ་དང་། ཁམས་འདིར་འཕགས་པ་སྐྱེ་བ་ཡོད་ཀྱང་བསམ་བཞིན་ཏུ་སྐྱེ་བ་ལེན་པ་ནི་མེད་དོ། །གཉིས་པ་ལ་གཉིས། དངོས་དང་། ཞར་ལ་ཁམས་གོང་མ་གཉིས་ཀྱི་འཛག་པ་བཤད་པའོ། །དང་པོ་ནི། བསམ་གཏན་ནས། རྫུས་སྐྱེས་སོ། །ཞེས་གསུངས་ཏེ། སེམས་ཡུལ་ལ་འདུ་བྱེད་པ་དང་བཅས་པའི་རྣམ་ཤེས་ཀྱིས་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ཟག་བཅས་བཞི་པོ་གང་རུང་ཡུལ་དུ་བྱས་པ་ལ་བརྟེན་ནས། ཁམས་གོང་མ་གང་དག་ཏུ་སྐྱེས་པ་དེ་ནི་གཟུགས་ཀྱི་ང་རྒྱལ་དང་ལྡན་པས་གཟུགས་ཁམས་ཞེས་བྱ་བ་ཡིན་ཏེ། དེ་ནི་འདོད་པ་ལས་གྱེན་དུ་འཕགས་ཤིང་འདོད་སྲེད་ནི་རགས་པ་མངོན་གྱུར་བཅོམ་པ་ཀུན་རྫོགས་པའི་ལུས་གོས་དང་བཅས་ཤིང་བརྫུས་ཏེ་སྐྱེ་བ་ཡིན་ནོ། །དེ་ཡང་ཁམས་གོང་མ་དེ་གཉིས་སུ་སྐྱེ་བའི་རྒྱུ་ནི་འདུ་བྱེད་གཉིས་ཏེ། འཕེན་བྱེད་ཀྱི་ལས་དང་འགྲུབ་བྱེད་ཀྱི་ལས་མངོན་པར་འདུ་བྱེད་པའོ། །སྔ་མ་ནི་སོ་སོའི་ཉེར་བསྡོགས་དང་ཕྱི་མ་ནི་དངོས་གཞིའི་སྙོམས་འཇུག་སྟེ། དེ་དག་ཀྱང་ཕྲ་རགས་ཀྱི་དབང་ལས་སོ་སོར་གཉིས་གཉིས་སོ། །དེ་ཡང་གནས་ཀྱི་དབང་ལས་སོ་སོར་བཞི་བཞི་སྟེ་བརྒྱད་དོ། །དེ་ལས་ཀྱང་བསམ་གཏན་བཞི་ལ་སོ་སོར་གསུམ་གསུམ་སྟེ་བཅུ་གཉིས་ལས་བསམ་གཏན་དང་པོའི་ཉེར་བསྡོགས་དང་དངོས་གཞི་ལ་གསལ་སྣང་ཆུང་ངུ་ཐོབ་པས་ནི་ཚངས་རིས་སུ་སྐྱེ་ལ། འབྲིང་གིས་ཚངས་པ་མདུན་ན་འདོན་དང་། ཆེན་པོས་ཚངས་ཆེན་དུ་སྐྱེའོ། །དེ་བཞིན་དུ་གཉིས་པའི་ཆུང་འབྲིང་ཆེན་པོས་ནི་འོད་ཆུང་དང་ཚད་མེད་འོད་དང་འོད་གསལ་དུ་སྐྱེ་ཞིང་། གསུམ་པས་ནི་དགེ་ཆུང་དང་ཚད་མེད་དང་དགེ་རྒྱས་སུ་སྐྱེ་ལ། བཞི་པས་ནི། སྤྲིན་མེད་བསོད་ནམས་སྐྱེས་འབྲས་བུ་ཆེར་སྐྱེ་བའོ། །གཟུགས་ཁམས་ཀྱི་གནས་བཅུ་དྲུག་ཡོད་པས་ལྷག་མ་གཞན་བཞི་ནི། གཙང་མའི་གནས་བཞི་ཡིན་ལ། དེར་སྐྱེ་བའི་རྒྱུ་འདུ་བྱེད་ནི་བཞི་པའི་ཏིང་ངེ་འཛིན་དེ་ཉིད་ཟག་མེད་ཀྱི་ཤེས་རབ་དང་འབྲེལ་བ་སྟེ། ཆོས་མངོན་པ་ལས། བསམ་གཏན་སྤེལ་མ་བསྒོམས་པས་གནས་གཙང་ལྔར་སྐྱེ་བར་གསུངས་པ་དང་ཆ་འདྲའོ། །ཕ་རོལ་ཏུ་ཕྱིན་པ་ལས་གནས་རིས་བཅུ་བདུན་དུ་གསུངས་ཤིང་། འགའ་ཞིག་བཅོ་བརྒྱད་དུ་འདོད་པར་བྱེད་ཀྱང་། འདུ་ཤེས་མེད་པའི་ལྷ་ཚེ་རིང་པོར་སྐྱེ་བའི་རྒྱུ་ནི་འཇིག་རྟེན་པའི་བསམ་གཏན་གསུམ་པ་ལས་འདུ་ཤེས་དང་ཚོར་བ་འགོག་པ་ལ་མྱང་འདས་སུ་འཛིན་པའི་དབང་གིས་འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམས་པ་ལས་ཏེ། དེའི་གནས་ནི་འབྲས་བུ་ཆེ་བའི་ལྷ་དང་གྲོང་དང་དགོན་པའི་ཚུལ་དུ་གནས་པར་བཤད་པས། གནས་གཞན་ལོགས་སུ་མི་བགྲང་ལ། ཤིན་ཏུ་མཐོ་དང་གྱ་ནོམ་སྣང་ནི་དོན་གཅིག་ལ་མིང་སོ་སོར་བརྗོད་པ་ཙམ་དུ་འདོད་པས་འདིར་ནི་གཟུགས་ཁམས་གནས་རིགས་བཅུ་དྲུག་ཏུ་བཞེད་པ་ཡིན་ནོ། །གཉིས་པ་ནི། ནམ་མཁའ་ནས་ཏུ་བསྟན་ཏོ། །ཞེས་གསུངས་ཏེ། གཟུགས་གཟུགས་མེད་དུ་སྐྱེ་བ་དེ་རྣམས་རྟེན་གྱི་ཁམས་གང་གིས་སྐྱེ་ཞེ་ན། རྒྱུད་ཀྱི་རྒྱལ་བོ་དུས་ཀྱི་འཁོར་ལོའི་དགོངས་པ་ལྟར། ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་ས་སྟེ། འབྱུང་བ་ཆེན་པོ་ལྔ་ལ་ནམ་མཁའི་རླུང་སོགས་འབྱུང་བ་ཆུང་ངུ་རྣམ་པར་ཕྱེ་བའི་ལུས་ཀྱི་འཛག་པ་ཁམས་བྱང་སེམས་འདོར་བ་དང་། སེམས་ཀྱི་ཟག་པ་ཉོན་མོངས་པའི་རྟོག་པས་བསྒྲིབས་ཏེ། འདོད་པ་ལས་གནས་གཞན་གཟུགས་ཁམས་གནས་རིས་བཅུ་དྲུག་གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ་ཉི་ཤུར་སྐྱེ་བ་ལེན་པ་ཡིན་ལ། གང་དུ་སྐྱེས་པ་དེའི་རྒྱུ་འཛག་པ་ཉི་ཤུ་གནས་ཉི་ཤུ་དང་གོ་རིམ་བཞིན་ཏུ་སྦྱར་ན། ནམ་མཁའི་ཁམས་ལྟ་བུ་གཅིག་ནས་སའི་ཁམས་ལ་ཐུག་པ་ལྔའི་བར་དུ་ལྡན་པ་སྟེ། དེའང་ཟད་པར་ནམ་མཁའི་ཏིང་ངེ་འཛིན་གྱི་རླུང་མེ་ཆུ་སའི་འཛག་པ་བཞི་དང་ལྡན་པས་གཟུགས་མེད་ཀྱི་གནས་བཞིར་སྐྱེ་བ་ཡིན་ལ། དེའི་ཐོག་ཏུ་ཟད་པར་རླུང་གི་ཏིང་ངེ་འཛིན་གྱི་རླུང་མེ་ཆུ་སའི་འཛག་པ་དང་བཞི་ཡོད་པས་འཕགས་པའི་གནས་བཞིར་སྐྱེ། དེའི་ཐོག་ཏུ་ཟད་པར་མེའི་ཏིང་ངེ་འཛིན་གྱི་རླུང་མེ་ཆུ་སའི་འཛག་པ་དང་བཞི་ཡོད་པས་འབྲས་བུ་ཆེ་ནས་དགེ་རྒྱས་ཀྱི་བར་དུ་སྐྱེ། དེའི་ཐོག་ཏུ་ཟད་པར་ཆུ་ཡི་ཏིང་ངེ་འཛིན་གྱི་རླུང་མེ་ཆུ་ཡི་ཏིང་ངེ་འཛིན་གྱི་རླུང་མེ་ཆུ་སའི་འཛག་པ་དང་བཞི་ཡོད་པས་ཚད་མེད་དགེ་ནས་ཚད་མེད་འོད་ཀྱི་བར་དུ་སྐྱེ། དེའི་ཐོག་ཏུ་ཟད་པར་ལྔ་པ་སའི་ཏིང་ངེ་འཛིན་གྱི་རླུང་མེ་ཆུ་སའི་འཛག་པ་དང་བཞི་ཡོད་པས་འོད་ཆུང་ནས་ཚངས་རིགས་ཀྱི་བར་དུ་སྐྱེ་བ་ཡིན་ལ། རྒྱུ་མཚན་དེའི་ཕྱིར་ན། འཛག་པ་གཅིག་ཡོད་པས་སྲིད་རྩེར་སྐྱེ་བ་ནས་འཛག་པ་ཉི་ཤུ་དང་ལྡན་པའི་དབང་གིས་ཚངས་རིས་སུ་སྐྱེ་བའི་བར་དུ་སྟེ་འཛག་པ་ཉི་ཤུ་པོ་དང་། གནས་གཞན་ཉི་ཤུ་པོ་རེ་རེ་བཞིན་སྦྱར་བའི་ཚུལ་ཞིབ་ཏུ་ཤེས་པར་བྱའོ། །འཛག་པ་དེ་རྣམས་ཀྱི་རྒྱུ་མ་རིག་པའི་རྟེན་འབྲེལ་ནས་འབྲས་བུ་སྐྱེ་བའི་རྟེན་འབྲེལ་དང་བཅས་པའི་བར་རྣམས། རྗེ་ཉིད་ཀྱིས་མཛད་པའི་དྲན་པ་ཉེར་བཞག་མདོར་བསྡུས་པའི་བསྟན་བཅོས་སུ་རྒྱས་པར་བསྟན་ཡོད་པས་དེར་ལྟོས་ཤིག་ཅེས་ཞལ་འཕངས་པ་ཡིན་ནོ། །དེའི་མ་རིག་པ་ལ་རྩ་བའི་མ་རིག་པ་དང་། ཀུན་ནས་བསླང་པའི་མ་རིག་པ་གཉིས་ལས་དང་པོ་ནི། ཁམས་གོང་མ་གཉིས་སུ་ལུས་ཀྱི་འཛག་པ་དངོས་སུ་མེད་ཀྱང་། སེམས་ཀྱི་ཟག་པ་དཔེར་ན་གཟུགས་མེད་དུ་ནམ་མཁས་བསྡུས་པའི་ཁུ་རྡུལ་རླུང་གསུམ་ཡོད་པས་དེའི་ཁུ་རྡུལ་གཉིས་རླུང་གིས་ཕྱེ་བས་གཟུང་འཛིན་ཏུ་ཟག་པ་སོགས་འཛག་པ་རྣམས་ཡིན་ལ། དྲི་མེད་འོད་དུ་འདི་རྣམས་ལ་ཐིག་ལེ་འཛག་པའི་སྒྲས་བསྟན། གཉིས་པ་ནི། འཛག་པ་དེ་ལས་ཆགས་སྡང་རྨོངས་གསུམ་སྐྱེ་བ་དེ་ཡིན་ནོ། །གསུམ་པ་འདོད་ཁམས་ཀྱི་སྐྱེ་བ་ལེན་ཚུལ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། རྡོ་རྗེ་ཐེག་པའི་རྟེན་གྱི་གང་ཟག་ངོས་བཟུང་བའོ། །དང་པོ་ནི། འདོད་ཁམས་ནས། སྐྱེ་གནས་བཞི་ལྡན། ཅེས་གསུངས་ཏེ། གཟུགས་སྒྲ་སོགས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པར་མཚུངས་པས་འདོད་ཁམས་སུ་གྲགས་པའི་འགྲོ་བ་རིགས་དྲུག་པོ་ཐམས་ཅད་ཀྱང་། ས་ཆུ་མེ་རླུང་ནམ་མཁའ་བདེ་བ་ཡེ་ཤེས་ཀྱི་ཁམས་ཏེ་ཕྲ་བའི་ཁམས་དྲུག་དང་ལྡན་ཏེ་དེའང་ཕྲ་བ་སྲིན་བུ་དང་། བྱེའུ་ལྟ་བུ་ནས་རགས་པ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བར་ཐམས་ཅད་མཚུངས་ཤིང་། འདོད་ཁམས་པ་དེ་དག་མངལ་སྒོང་དྲོད་གཤེར་རྫུས་སྐྱེས་ཏེ་སྐྱེ་གནས་བཞི་པོ་གང་རུང་དང་ལྡན་པ་ཡིན་ནོ། །འདིར་བདེ་བ་ཡེ་ཤེས་ཀྱི་ཁམས་ནི་ཁུ་བ་ལྟུང་བའི་བདེ་བ་ལ་བཤད་དོ། །གཉིས་པ་ལ་གཉིས། རྡོ་རྗེ་ཐེག་པའི་རྟེན་དུ་དམན་པ་དང་། མཆོག་གོ །དང་པོ་ནི། གཞན་དག་ཀྱང་ནས། རྒྱུ་དམན་ཏེ། ཞེས་གསུངས་ཏེ། འགྲོ་བ་དྲུག་ཀ་ཁམས་དྲུག་ལྡན་ཡིན་ཀྱང་གླིང་གསུམ་ལས་གཞན་ངན་འགྲོ་དང་ལྷ་ལ་སོགས་པ་དག་ཀྱང་རྡོ་རྗེ་ཐེག་པའི་རྟེན་དམན་ཏེ། ངན་སོང་གསུམ་ནི་མི་ཁོམས་པའི་གནས་སུ་སྐྱེས་པས་སོ། །ལྷ་དང་ལྷ་མ་ཡིན་བྱང་གི་སྒྲ་མི་སྙན་པ་རྣམས་ཀྱང་དེའི་རྟེན་དུ་དམན་ཏེ། ཚེ་སྔ་མ་དགེ་བ་བྱས་པའི་འབྲས་བུ་བདེ་བ་ལ་ཚེ་འདིར་ལོངས་སྤྱོད་པ་ཡིན་ཀྱི་ཚེ་འདིར་རྒྱུ་དགེ་བ་བྱེད་པ་དང་གཉེན་པོ་སྟོབས་ཆེན་སྤྱོད་པའི་རྒྱུ་དམན་པས་སོ་ཐར་སྡོམ་པའི་རྟེན་དུ་མི་རུང་བའི་ཕྱིར། དེ་འང་ངན་སོང་གསུམ་དུ་དགེ་བའི་སེམས་སྐྱེ་བ་དཀོན་ལ་མི་དགེ་བའི་འབྲས་བུ་སྡུག་བསྔལ་འབའ་ཞིག་ལ་སྤྱོད་ཅིང་ངོ་ཚ་དང་ཁྲེལ་མེད་པས་མི་ཁོམ་པར་གསུངས་ལ། ལྷ་སོགས་གསུམ་ནི་བསོད་ནམས་ཀྱི་འབྲས་བུ་ལ་སྤྱོད་ཀྱང་དེ་ཡི་བདེ་བས་སེམས་རྣམ་པར་གཡེངས་ཏེ་གཉེན་པོ་སྐྱེ་བའི་རྒྱུ་དམན་པའི་ཕྱིར། སངས་རྒྱས་རྣམས་དེར་མཛད་པ་བཅུ་གཉིས་ཀྱི་ཚུལ་མི་སྟོན་པ་སོགས་རྡོ་རྗེ་ཐེག་པའི་སྐལ་པ་དམན་པར་གསུངས་སོ། །གཉིས་པ་རྡོ་རྗེ་ཐེག་པའི་རྟེན་མཆོག་ནི། གླིང་གསུམ་ནས། རབ་ཏུ་གྲགས། ཞེས་གསུངས་ཏེ། ཤར་ལྷོ་ནུབ་སྟེ་གླིང་གསུམ་དུ་སྐྱེས་པའི་ཁམས་དྲུག་དང་ལྡན་པའི་མི་ནི། རྡོ་རྗེ་ཐེག་པ་དང་སོ་སོ་ཐར་པའི་སྣོད་དུ་རུང་བས་རྟེན་གྱི་གང་ཟག་མཆོག་ཡིན་ལ། དེ་ལས་ཀྱང་འཛམ་བུའི་གླིང་དུ་ལེགས་པར་སྐྱེས་པ་ནི་རྡོ་རྗེ་ཐེག་པའི་རྟེན་གྱི་གང་ཟག་ཡང་རབ་ཡིན་ཏེ། ཚེ་འདིར་བྱས་པའི་ལས་ཀྱི་འབྲས་བུ་ཚེ་འདི་ཉིད་ལ་སྨིན་པས་ལས་ཀྱི་ས་པར་རབ་ཏུ་གྲགས་པས་ན། ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བའི་གདམས་ངག་གི་སྣོད་ལྡན་ཡིན་པའི་ཕྱིར། སངས་རྒྱས་རྣམས་གླིང་འདིར་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པ་ཡིན་ནོ། །དེ་ལྟར་ཁམས་གསུམ་ལ་སྲིད་པ་སུམ་ཅུ་རྩ་གཅིག་སྟེ་གཟུགས་མེད་བཞི་གཟུགས་ཁམས་བཅུ་དྲུག་འདོད་ལྷ་རིགས་དྲུག་ལྷ་མ་ཡིན་དང་མི་ངན་སོང་གསུམ་རྣམས་སོ། །འདིར་དྲི་མེད་འོད་ལས། མིའི་སྐྱེ་བ་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོའོ། ལྷ་ལ་སོགས་པ་འགྲོ་བ་ལྔའི་སྐྱེ་བ་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ལས་ཀྱི་ས་པ་མ་ཡིན་པར་སྐྱེས་པའི་ཕྱིར་རོ། །ཞེས་སོ། ཁམས་གསུམ་སོ་སོའི་ས་བོན་ཡི་གེ ཁམས་ལྔའི་ཟད་པར་ཏིང་ངེ་འཛིན་དང་ཚེ་ཚད་ཀྱི་ཁྱད་པར་རྣམས་ཀྱང་རྒྱུད་ཀྱི་རྒྱལ་པོ་འགྲེལ་པ་དང་བཅས་པ་ལས་གསལ་བར་གསུངས་སོ། །གཉིས་པ་མི་ཡི་སྐྱེ་བ་ལེན་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གཉིས། བསྐལ་པ་དང་པོའི་སྐྱེ་བ་ལེན་ཚུལ་དང་། མངལ་སྐྱེས་ཀྱི་སྐྱེ་བ་ལེན་ཚུལ་ལོ། །དང་པོ་ནི། ཡུལ་འདིར་ནས་བརྟས་པར་གྱུར། ཅེས་གསུངས་ཏེ། འདི་ནི་གསང་བ་འདུས་པའི་ལྷག་མོས་ཀྱི་སྦྱང་གཞི་སྟེ། དང་པོར་ཆགས་པའི་ཚེ་བར་བསྐལ་ཉི་ཤུར་སྣོད་ཀྱི་འཇིག་རྟེན་མས་ནས་ཆགས་ཤིང་། དེའི་འོག་ཏུ་བཅུད་ཀྱི་སེམས་ཅན་ཡས་ནས་ཆགས་པའི་ཚེ། ཡུལ་འདིར་མིའི་སྐྱེ་བ་འགྲུབ་པའི་ཚུལ་ནི། ཀུན་གཞིའི་སྟེང་ན་བསྐལ་པ་དང་པོའི་བག་ཆགས་ཡོད་པས། མི་ཐམས་ཅད་དང་པོར་བརྫུས་ཏེ་སྐྱེ་བ་ཡིན་ཞིང་། དེ་ཡང་གཟུགས་ཁམས་འོད་གསལ་གྱི་ལྷ་བཞིན་ཏུ། ལུས་ཀྱི་འོད་དང་། ཚེ་དང་། བསོད་ནམས་དང་། བོང་ཚོད་དང་། སྟོབས་ལ་སོགས་པ་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་པས་དེ་ལ་རྫོགས་ལྡན་གྱི་དུས་ཞེས་བྱ་ལ། དེ་ནས་གསུམ་ལྡན་སོགས་སུ་རིམ་གྱིས་བྲི་བ་ཡང་། འདོད་པའི་ས་ལ་ཡིན་པའི་དབང་གིས་ནང་དུ་སྲེད་པ་བྱུང་། དེའི་དབང་གིས་དྲི་རོ་འཛིན་པའི་དབང་པོ་གྲུབ་ཅིང་། དབང་པོའི་བདག་འབྲས་ཕྱི་རོལ་དུ་ས་མོ་ཞག་ཅེས་བྱ་བ་དྲི་དང་། རོ་ཕུན་སུམ་ཚོགས་པ་བྱུང་ཞིང་། དེ་ལ་ཆགས་ནས་སྣོམ་ཞིང་མྱང་པ་ལས། དབང་པོའི་བདག་འབྲས་ཡུལ་དུ་སྣང་བའི་རྣམ་ཤེས་ལ། དྲི་རོ་བཟང་བ་ལ་བླང་བྱ་དང་ངན་པ་ལ་དོར་བྱར་བྱས་ནས་བླང་དོར་བྱས་པ་ལས་ལུས་ཁམས་དེ་ཡང་རགས་པ་དང་ལྕི་བ་ལ་སོགས་བྱུང་ཞིང་། དེ་ལ་བརྟེན་ནས་ཕོ་མོའི་དབང་པོ་གྲུབ། །དེའི་དབང་གིས་ནང་དུ་དཀར་དམར་གྲུབ། དེའི་དབང་གིས་ཕྱི་རོལ་དུ་ཉི་ཟླ་གྲུབ། དེ་ལས་སྣང་མུན་གཉིས་བྱུང་བ་ཡིན་ལ། དེ་ལས་བདེ་བ་ལ་ཆགས་ཤིང་། སྡུག་བསྔལ་ལ་སྡང་བའི་ཆགས་སྡང་དང་། དེ་ལས་ཚོར་བ་རྩ་བར་གྱུར་པའི་འཐབ་རྩོད་བྱུང་སྟེ། དེ་ཐམས་ཅད་ཀྱང་འདོད་སྲེད་མཐུ་བརྟས་པ་ཁོ་ན་ལས་བྱུང་བ་ཡིན་ནོ། །དེ་ལྟར་དུས་བཞིའི་འཇོག་ཚུལ་ལ་ཡང་། ལོངས་སྤྱོད་ལ་ཆ་བཞིར་བྱས་ནས་དེ་ཐམས་ཅད་རྫོགས་པ་རྫོགས་ལྡན། དེ་ལས་གཅིག་བྲི་བས་གསུམ་ལྡན། གཉིས་བྲི་བས་གཉིས་ལྡན། གཅིག་ལུས་པ་རྩོད་ལྡན་དུ་བཞག་པ་གཅིག་དང་། དགེ་བ་བཅུའི་རྐང་པ་ཐམས་ཅད་རྫོགས་པ་རྫོགས་ལྡན་དང་། དེ་ལ་རྐང་པ་གཅིག་བྲི་བས་གསུམ་ལྡན་དུ་བྱས་པ་སོགས་ལ་བཞག་པ་གཅིག་སྟེ། ཚུལ་གཉིས་སུ་ཡོད་པ་ལས་གཉིས་ཀ་རྡོ་རྗེ་ཐེག་པའི་སྦྱང་གཞི་ཡིན་ཅིང་། སྔ་མ་ལ་དུས་བཞི་ཆེན་མོ་དང་། ཕྱི་མ་ལ་ཆུང་ངུར་ཡང་བཤད་དོ། །གཉིས་པ་མངལ་སྐྱེས་ཀྱི་སྐྱེ་བ་ལེན་ཚུལ་ལ་གསུམ། ཁམས་དྲུག་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་རིམ་པ་དང་བཅས་པ་དང་། མངལ་དུ་ཇི་ལྟར་འཇུག་པའི་ཚུལ། སྐྱེ་བའི་རིམ་པ་བསྟན་པའོ། །དང་པོ་ལ་གཉིས། ཁམས་དྲུག་གི་རྒྱུ་དང་རང་བཞིན།ཁམས་ཀྱི་རྒྱུ་སེམས་ཀྱི་རྟེན་འབྲེལ་བཤད་པའོ། །དང་པོ་ནི། དེ་ནས་ནས། བྱེད་པ་ཡིན། ཅེས་གསུངས་ཏེ། གསུམ་ལྡན་སོགས་བྱུང་བ་དེ་ནས་མངལ་སྐྱེས་ཀྱི་ལུས་སུ་གྲུབ་པ་ན་སྤྱིར་ལུས་ངག་ཐམས་ཅད་སེམས་ཀྱི་སྣང་བ་ཡིན་ཀྱང་གཞན་རྟོག་མཐུ་བརྟས་པའི་དབང་གིས་རང་ལས་དོན་གཞན་པའི་ཕ་མའི་དཀར་དམར་དང་དྲི་ཟའི་སེམས་གསུམ་པོ་ཉེར་ལེན་དང་ཉེར་ལེན་ཅན་ཏུ་གྱུར་པའི་མངལ་སྐྱེས་ཀྱི་ལུས་འདི་ལ་ནི་རུས་པ་སོགས་དྭངས་སྙིགས་ཀྱི་ཁམས་ཀྱི་ཚོགས་སུམ་ཅུ་སོ་དྲུག་ཡོད་པ་ཡིན་ལ། དེ་རྣམས་ནི་སྐྱེད་བྱེད་ཀྱི་མ་དེ་ཡིས་རོ་དྲུག་གི་བཟའ་བཏུང་ཟོས་པ་ལས་འབྱུང་སྟེ། ལུས་ཀྱི་འབྱུང་བ་ས་ཆུ་མེ་རླུང་བཞི་བརྟས་ཤིང་འགྲུབ་པའི་རྐྱེན་བྱེད་ལ་རོ་དྲུག་པོ་དེ་ནི་འབྱུང་བ་ལྔ་ལས་གྲུབ་པ་སྟེ། དེ་ཡང་ཁ་བ་རླུང་ཚ་བ་མེ་མངར་བ་ཆུ་ལན་ཚྭ་སའི་ཁམས་ཡིན་ལ། སྐ་བ་ནམ་མཁའ་དང་སྐྱུར་བ་ཡེ་ཤེས་ཀྱི་ཁམས་ཏེ། དེ་ལྟར་ན་འབྱུང་བཞིའི་མཚན་ཉིད་ཅན་གྱི་ཁ་བ་སོགས་བཞི་པོ་སྐ་བ་དང་སྐྱུར་བ་ནམ་མཁའ་དང་བདེ་བ་ཡེ་ཤེས་ཀྱི་ཁམས་ཐབས་དང་ཤེས་རབ་ཟུང་འཇུག་ཏུ་སྦྱོར་བ་ལ་བརྟེན་ནས་རྡོ་རྗེའི་ལུས་བརྟན་པར་བསྐྱེད་ཅིང་འགྲུབ་པར་བྱེད་དོ། །མངལ་འཛིན་པའི་ཁམས་ཇི་ལྟར་ཅེ་ན། དེ་ནི་བྱེད་ལས་ཀྱི་དབང་གིས་བཞིའམ་ལྔར་ངེས་ཏེ། མའི་པདྨར་ཆུད་པའི་རྣམ་ཤེས་དང་ཁུ་ཁྲག་འདྲིས་པ་ནི་ས་བོན་ཏེ། དེའི་ཕྱིར་མི་ལྟུང་བ་ནི་མའི་མངལ་ས་ཁམས་ཀྱི་རང་བཞིན་གྱི་རྣམ་པར་ཤེས་པ་མངལ་དུ་འཛིན་པར་བྱེད་ལ། ཆུ་ཁམས་ཀྱི་རང་བཞིན་གྱིས་ཆེར་བསྐྱེད་པ་དང་། མེ་ཁམས་ཀྱི་རང་བཞིན་གྱིས་སྨིན་པར་བྱེད་ཅིང་རླུང་གི་ཁམས་ཀྱིས་འཕེལ་བར་བྱེད་ལ། ནམ་མཁའི་ཁམས་ཀྱིས་འཕེལ་བ་དེའི་གོ་སྐབས་སོ་སོར་འབྱེད་པར་བྱེད། ཡེ་ཤེས་ཀྱིས་དེ་ཐམས་ཅད་ཀྱི་བདག་པོ་བྱེད་པ་ཡིན་པས་འབྲས་བུའི་གཟུགས་འབྱུང་གྱུར་གྱི་ལུས་སྣང་བར་བྱེད་དོ། །བྱེད་ལས་དེ་དང་ལྡན་པའི་ཁམས་དེ་ནི་ལྔ་ཚན་གསུམ་སྟེ། ལྷན་ཅིག་སྐྱེས་པའི་ཁམས་ལྔ་ནི་མི་ཤིགས་པའི་ཐིག་ལེ་ཆེན་པོ་ཁམས་ལྔའི་བདག་ཉིད་དུ་གདོད་མ་ནས་བཞུགས་པ་དེ་ཉིད་ཡིན་པས། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ལས་ཀུན་འགྲོའི་མཚན་ཉིད་ཅན་གྱི་སེམས་བྱུང་ལྔ་གསུང་པ་དང་། སྔ་འགྱུར་ལས་སེམས་འོད་ལྔའི་ངོ་བོར་བཞུགས་པ་ཉིད་རྒྱལ་བ་རིགས་ལྔར་གསུངས་པ་དང་། རྒྱུད་སྡེ་ཕལ་ཆེ་བའི་དགོངས་པར་རླུང་འོད་ཟེར་ལྔ་ལྡན་ཞེས་འབྱུང་བ་དང་། རྗེ་ཉིད་ཀྱིས་དྭངས་མ་ལྔ་འདུས་ཀྱི་ཡེ་ཤེས་འཐད་པར་གསུངས་པ་རྣམས་དོན་འདི་ལ་དགོངས་པ་ཡིན་ལ། མངལ་གྱི་ཁམས་ལྔ་ནི། ཁུ་ཁྲག་ཕྱིར་མི་ལྟུང་བར་བརྟན་པ་སྲ་བའི་ཆ་ལ་ས་དང་རླན་པ་ཆུ་ཁྲག་མེ་གཡོ་བ་རླུང་བུག་པ་ནི་ནམ་མཁའ་འོ། །མངལ་ན་གནས་པ་དེའི་ཁམས་ལྔ་ནི། །མངལ་གྱི་ཁམས་ལྔ་པོ་དེ་དང་ཆ་འདྲ་སྟེ། མངལ་ན་གནས་པ་དེ་ཉིད་ཁུ་ཁྲག་སེམས་གསུམ་འདྲེས་པ་ཡིན་པས་སོ། །གཉིས་པ་ནི། དེ་ཉིད་ནས། ཤེས་པ་བསྐོར། ཅེས་གསུངས་ཏེ། ཕའི་བོལླ་དང་མའི་ཀཀྐོ་ལ་སྦྱོར་བའི་རེག་པ་ལ་བརྟེན་པ་སྲ་བའི་ཆ་ལ་ང་བདག་ཏུ་བཟུང་བས་སྲ་བའི་བག་ཆགས་ཉིད་ཀྱིས་ལུས་ཀྱི་སའི་ཁམས་ནི་དེ་ལ་བརྟེན་ནས་བརྟས་ཤིང་སྐྱེ་བར་འགྱུར་ལ། དེའི་བྱང་སེམས་ཁུ་བའི་རང་བཞིན་ལ་ང་བདག་ཏུ་བཟུང་བས་ལུས་ཀྱི་ཆུའི་ཁམས་ནི་འབྱུང་བ་སྟེ། དེ་གཉིས་ཀྱི་བསྐྱོད་པའི་ཆ་ལ་ང་བདག་ཏུ་བཟུང་བས་ནི་ཁྲག་འཕེལ་ནས་དྲོད་སྐྱེ་བས་མེའི་ཁམས་སྐྱེ་སྟེ། དེ་གཉིས་ཀྱི་གཡོ་བ་ལ་ང་བདག་ཏུ་བཟུང་བས་རླུང་གི་ཁམས་འབྱུང་ཞེས་རབ་ཏུ་གྲགས་ལ། དེ་གཉིས་ཀྱི་བདེ་བ་ལ་ང་བདག་ཏུ་བཟུང་བས་ནམ་མཁའི་ཁམས་ཉིད་འབྱུང་བས་དེ་ལྟར་ལྔ་པོ་དེས་རྣམ་པར་ཤེས་པ་བསྐོར་ནས་འཕེལ་བར་བྱེད་པས་ན་མ་རིག་བའི་རྐྱེན་གྱིས་འདུ་བྱེད་པ་སོགས་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་ལས། ལུས་སེམས་ཀྱི་ཚོགས་པ་གྲུབ་པ་ནི་སེམས་ཀྱི་རྟེན་འབྲེལ་ལོ། །འདི་དག་གི་སྦྱང་གཞི་དང་རང་བཞིན་དང་ལྷའི་རྣམ་དག་རྣམས་བརྟག་གཉིས་སུ་རྒྱས་པར་འབྱུང་ཞིང་། གཞན་ཡང་དེ་ལས། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །ཅེས་གསུངས་པ་ལྟར་གཙོ་བོ་སེམས་གཅིག་ལ་འཁོར་སེམས་བྱུང་ལྔས་བསྐོར་བའི་དབང་གིས་རགས་པ་ཕོ་མོ་སྙོམས་འཇུག་གི་དུས་དང་། ཕྲ་བ་ཡུལ་གཅིག་ལ་འཇུག་པར་ཡང་འབྱུང་བ་ལྔའི་འགྲོས་སུ་འཆར་ཞིང་། དེའི་དབང་གིས་གཞི་ལ་རྟེན་ཕུང་ཁམས་འབྱུང་བ་དུག་ལྔ་ལ་སོགས་པ་དང་། ལམ་ལ་ཡེ་ཤེས་ལྔ། འབྲས་བུ་སྐུ་ལྔ་སོགས་སུ་འཆར་བ་ཡིན་ནོ། །གཉིས་པ་མངལ་དུ་ཇི་ལྟར་འཇུག་པའི་ཚུལ་ནི། རྒྱུ་ནི་ནས། མྱོས་པ་བཞིན། ཅེས་གསུངས་ཏེ། མངལ་དུ་འཇུག་པའི་རྒྱུའི་གཙོ་བོ་ནི་དྲི་ཟའི་སེམས་ཅན་ཏུ་གྲགས་པ་བར་དོའི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། བག་ཆགས་སྣ་ཚོགས་པ་ཅན་ཉོན་མོངས་པ་ཅན་གྱི་ཡིད་དང་བཅས་པ་ཡིན་ཞིང་། དེ་ཡང་རླུང་གི་ངོ་བོ་ཉིད་ཡིན་པས། ཕྲ་བའི་རླུང་འོད་ཟེར་ལྔ་ལྡན་ཅེས་ཀྱང་བྱ་སྟེ། དེ་ཡིས་གཟུགས་གཞན་ཕ་མ་སྦྱོར་བ་ཐག་རིང་པོ་ནས་མཐོང་ལ་རྒྱུ་རྐྱེན་གྱི་ཁྱད་པར་དང་མངལ་བཟང་ངན་གྱི་དོན་ནི་ངེས་པར་མི་ཤེས་ཤིང་སྲོག་ཆེན་པོའི་རླུང་ཙམ་གཅིག་པུར་གཙོ་བོར་གྱུར་པས་རྨོངས་པའི་རང་བཞིན་ཡིན་ལ། དེ་ལྟ་བུའི་སེམས་ཡུལ་ལ་འདུ་བྱེད་པའི་ཉོན་ཡིད་སྔ་མའི་བག་ཆགས་དང་བཅས་པ་དེས་ཀུན་གཞིའི་རྣམ་ཤེས་འདྲེན་ཞིང་མངལ་དུ་བཀུག་ནས་ནི་ཀུན་གཞིའི་སྟེང་ན་བག་ཆགས་སྣ་ཚོགས་ཡོད་པ་རྣམས་ལས་མངལ་དུ་འཇུག་པའི་བག་ཆགས་ལ་རྣམ་པར་སྤྱོད་པར་བྱེད་ཅིང་། བག་ཆགས་དེ་ཉིད་ཀྱིས་མངལ་དུ་རྣམ་པར་ཤེས་པ་བཟུང་ནས་གོང་དུ་བཤད་པའི་ཁམས་ལྔའི་བྱེད་ལས་ཀྱིས་ཁུ་ཁྲག་རྣམ་ཤེས་གསུམ་འདྲེས་ཤིང་གཞན་ནས་གཞན་དུ་འགྱུར་བར་བྱེད་པ་ཡིན་ནོ། །མངལ་དུ་ཞུགས་མ་ཐག་པ་དེའི་ཚེ་ཕ་མའི་ཁུ་ཁྲག་དང་བར་དོའི་རྣམ་ཤེས་ཆགས་པ་ཆེན་པོའི་མེས་ཞུ་ཞིང་ཐིགས་པ་ལས་གཅིག་ཏུ་འདྲེས་ཤིང་དབྱེར་མི་ཕྱེད་པ་ནི་གྱུར་པ་དང་ཀུན་གཞིའི་རྣམ་པར་ཤེས་པ་རྒྱུ་བག་ཆགས་དང་བཅས་པ་ཙམ་ལས་ཡིད་དང་རྣམ་པར་ཤེས་པ་གཞན་མི་གསལ་བར་བརྒྱལ་བར་འགྱུར་ཏེ། དཔེ་ཇི་ལྟར་ན་ཆང་གིས་ར་རོས་ཏེ་མྱོས་པ་བཞིན་དུ་གནས་པ་ཡིན་ནོ། །སྐབས་འདིར་སྦྱང་གཞི་སྦྱོང་བྱེད་ལ་ངེས་པ་སྟེར་བའི་གོ་དོན་གལ་པོ་ཆེ་ཅུང་ཟད་བཤད་ན། དེ་ལྟར་མངལ་དུ་ཕ་མའི་ཁུ་ཁྲག་དང་བར་དོའི་རྣམ་ཤེས་རླུང་དང་བཅས་པ་ཚོགས་པ་གཅིག་ཏུ་གྱུར་པ་ནི་རྒྱུད་སྡེ་སྤྱི་ལ་གྲགས་པའི་རྒྱུའི་རྡོ་རྗེ་འཆང་ངམ་གསང་བ་འདུས་པ་ལ་གྲགས་པའི་དང་པོའི་མགོན་པོ་ཡིན་ཏེ། གསང་བ་འདུས་པ་ཞལ་གསུམ་དུ་འོང་བ་ཡང་དཀར་དམར་རླུང་གསུམ་དག་པ་ཡིན་ལ་ཕྱག་དྲུག་ཏུ་འོང་ཡང་དཀར་དམར་རླུང་གསུམ་པོ་ཟླ་ཉིའི་ཐབས་ཤེས་གཉིས་གཉིས་སུ་ཕྱེ་བ་ལས་བྱུང་བ་ཡིན་ཞིང་། དེ་ལྟར་ཚོགས་པ་ལས་གཞི་དུས་ཀྱི་ལྷར་རྫོགས་པའི་ཚུལ་ཡང་རྒྱས་འབྲིང་བསྡུས་པ་གསུམ་ལས། རྒྱས་པ་ནི་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་བསྐྱེད་པ་ཡིན་ཏེ། ཕའི་ཁུ་བ་ནི་གདན་ཟླ་བ་ལས་མངོན་པར་བྱང་ཆུབ་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན། མའི་ཁྲག་ནི་གདན་ཉི་མ་ལས་མངོན་པར་བྱང་ཆུབ་པ་མཉམ་ཉིད་ཡེ་ཤེས་ཀྱི་རང་བཞིན། བར་དོའི་རྣམ་པར་ཤེས་པ་ས་བོན་དང་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན། དཀར་དམར་རྣམ་ཤེས་གསུམ་རོ་གཅིག་ཏུ་གྱུར་པ་ནི་འདྲེས་པ་ལས་མངོན་པར་བྱང་ཆུབ་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན། དེ་ལས་ལུས་རྫོགས་པ་ནི་སྐུ་ཡོངས་སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་ཡིན་ནོ། །འབྲིང་ནི་རྡོ་རྗེ་བཞིའི་སྒོ་ནས་བསྐྱེད་པ་སྟེ། འཆི་སྲིད་བར་དོ་དང་བཅས་པ་སྟོང་ཉིད་བྱང་ཆུབ། བར་དོའི་རྣམ་ཤེས་དཀར་དམར་གྱི་དབུས་སུ་ཞུགས་ཏེ་རྟེན་བརྟེན་པར་གྱུར་པས་ས་བོན་བསྡུ་བ། དེ་ལས་རིམ་གྱིས་ལུས་འགྲུབ་པ་ནི་གཟུགས་རྫོགས་པ། ཕྱི་རོལ་དུ་བཙས་ནས་དབང་པོ་ཡུལ་ལ་འཇུག་པ་ནི་ཡི་གེ་འགོད་པའོ། །བསྡུས་པ་ནི་རྡོ་རྗེའི་ཆོག་གསུམ་བསྐྱེད་དེ། བར་དོའི་རྣམ་ཤེས་ས་བོན། དེ་ཕའི་དཀར་དམར་གྱི་དབུས་སུ་ཞུགས་པ་ཕྱག་མཚན། དེ་ལས་ལུས་ཡོངས་སུ་རྫོགས་པ་ནི་སྐུ་ཡོངས་སུ་རྫོགས་པ་ཡིན་ཏེ། དེ་དག་གི་དོན་དགྱེས་རྡོར་བརྟག་གཉིས་ལས་གསལ་བར་གསུངས་པ་དང་། ཁྱད་པར་དུ་འགྲེལ་ཆེན་དྲི་མ་མེད་པའི་འོད་ལས། དེ་ལ་ཟླ་བ་དང་ཁུ་བ་དབྱངས་དང་ལྡན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་གཟུགས་ཀྱི་ཕུང་པོ་བསྐྱེད་པར་བྱེད་པ་རྣམ་པར་སྣང་མཛད་དོ། །ཉི་མ་དང་རྡུལ་གསལ་བྱེད་དང་ལྡན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་ཚོར་བའི་ཕུང་པོ་སྐྱེད་པར་བྱེད་པ་རིན་ཆེན་འབྱུང་ལྡན་ནོ། །དྲི་ཟའི་སེམས་ཅན་ཧཱུྃ་ཡིག་དང་ལྡན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་འདུ་ཤེས་ཀྱི་ཕུང་པོ་སྐྱེད་པར་བྱེད་པ་སྣང་བ་མཐའ་ཡས་སོ། །དེ་རྣམས་གཅིག་པ་ཉིད་དང་སྲོག་གི་རླུང་ཧི་ཡིག་དང་ལྡན་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་འདུ་བྱེད་ཀྱི་ཕུང་པོ་སྐྱེད་པར་བྱེད་པ་དོན་ཡོད་གྲུབ་པའོ། །དེ་ནས་ཡན་ལག་ཐམས་ཅད་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ་དང་རྣམ་པ་ཤེས་པ་ཧཾ་ཡིག་དང་ལྡན་པ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ་རྣམ་པར་ཤེས་པའི་ཕུང་པོ་སྐྱེད་པར་བྱེད་པ་མི་བསྐྱོད་པ་སྟེ་ཕྱི་དང་ནང་དུ་ཡེ་ཤེས་ལྔའི་བདག་ཉིད་དོ། །འདི་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་ནི་ས་བོན་ཏེ་དབྱངས་རྣམས་ཀྱི་ཐིག་ལེ་དང་གསལ་བྱེད་རྣམས་ཀྱི་རྣམ་པར་བཅད་པ་དང་རྣམ་པར་ཤེས་པ་གཞོམ་དུ་མེད་པ་སྲོག་གི་ཨ་ཡིག་གོ །དེ་ལྟར་གསུངས་པའི་རིམ་པས་བཅོམ་ལྡན་འདས་འོད་ཟེར་ལྔ་རྣམས་འགྱེད་པར་བྱེད་ཅིང་། དྲི་མ་མེད་པའི་འོད་འཕྲོ་དུས་ཀྱི་འཁོར་ལོ་བསྒོམ་པར་བྱ་ཞེས་པ་སྟེ་ཕྱི་རོལ་དང་མངལ་དུ་སྐུ་རྫོགས་པའི་ངེས་པའོ། །ཞེས་གསུངས་སོ། གཞན་ཡང་། མངལ་དུ་འཇུག་པ་དང་གནས་པ་དང་སྐྱེ་བ་གསུམ་ཀ་མི་དྲན་མི་ཤེས་པ་ནི་སེམས་ཅན་ཐ་མལ་པ་དང་། འཇུག་པ་དྲན་ཞིང་ཤེས་ལ་གནས་པ་དང་སྐྱེ་བ་ལ་རྨོངས་པ་ནི་འཇིག་རྟེན་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འཇིག་རྟེན་ལས་འདས་པ་རྒྱུན་དུ་ཞུགས་པ་རྣམས་ཡིན་ལ། འཇུག་པ་དང་སྐྱེ་བ་གཉིས་དྲན་ཞིང་ཤེས་ལ་གནས་པ་ལ་རྨོངས་པ་ནི་བྱང་སེམས་ལས་དང་པོ་པ་དང་རང་སངས་རྒྱས་རྣམས་ཡིན་ཞིང་། གསུམ་ཀ་དྲན་ཞིང་ཤེས་པ་ནི་དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་ལེན་ཚུལ་ཡིན་པའང་འཕྲོས་དོན་ཏུ་རང་འགྲེལ་ལས་བཤད་དོ། །གསུམ་པ་སྐྱེ་བའི་རིམ་པ་བསྟན་པ་ལ་གསུམ། སྲོག་ཆེན་པོའི་རླུང་ཇི་ལྟར་འབྱུང་བ། ཟླ་བ་བཅུར་ཇི་ལྟར་འཕེལ་བའི་རིམ་པ་རྒྱས་པར་བཤད་པ། རྩ་རླུང་ཐིག་ལེ་རྫོགས་ཤིང་སྐྱེ་བའི་ཚུལ་ལོ། །དང་པོ་ནི། ཉོན་མོངས་ནས། ཡང་དག་འགྲོ། ཞེས་གསུངས་ཏེ། མངལ་དུ་ཞུགས་མ་ཐག་ནས་ཉོན་མོངས་པ་ཅན་གྱི་ཡིད་དམ་སྲོག་ཆེན་པོའི་རླུང་དེ་ཉིད་སྐད་ཅིག་མ་ཉིད་ལ་ཡང་ཇེ་རགས་ཇེ་རགས་སུ་ཡང་དག་པར་འགྲོ་བས་དཀར་དམར་རླུང་གསུམ་རང་རང་དང་འགྲོགས་པའི་འབྱུང་བ་བཞི་དང་ལས་ཀྱི་རླུང་རྣམས་སྐད་ཅིག་རེ་རེར་འཕེལ་བས་འོ་མ་ལས་ཞོར་འགྱུར་བ་ལྟར་ནུར་ནུར་པོ་དེ་ཉིད་འདྲེས་སྡུད་བརྡབས་མི་རུལ་བར་བྱེད་ཅིང་བསྐྱེད་དེ། གནས་སྐབས་གཞན་ནས་གཞན་དུ་བྱེད་དོ། །འདི་འང་གཞི་དུས་སུ་ཀུན་གཞིའི་རྣམ་ཤེས་ལས་ཉོན་ཡིད་འདུ་བྱེད་པ་ལངས་པ་དང་། ལམ་དང་འབྲས་བུའི་སྐབས་གསང་འདུས་ལས། དང་པོའི་མགོན་པོ་དེ་ཉིད་ཞེ་སྡང་རྡོ་རྗེ་ཞལ་གསུམ་པར་འགྱུར་བར་གསུངས་པའི་དོན་ནོ། །གཉིས་པ་ལ་གཉིས། རྩ་མ་ཆགས་པའི་གནས་སྐབས་དང་། རྩ་ཆགས་ནས་རླུང་བཅུས་ཇི་ལྟར་འཕེལ་བའི་ཚུལ་ལོ། །དང་བོ་ནི། ནུར་ནུར་ནས། སྡུད་བར་བྱེད། ཅེས་གསུངས་ཏེ། མངལ་ཆགས་ནས་བདུན་ཕྲག་དང་པོ་ལ་སྲོག་རླུང་གིས་དཀྲུགས་ཤིང་བསྡུས་པས་ནུར་ནུར་པོར་འགྱུར། གཉིས་པ་ལ་ཀུན་ནས་སྡུད་པ་ཞེས་བྱ་བའི་རླུང་གིས་དཀྲུགས་ཤིང་བསྡུས་པས་མེར་མེར་པོར་འགྱུར། །གསུམ་པ་ལ་མཛོད་ཀ་ཞེས་བྱ་བའི་རླུང་གིས་དཀྲུགས་ཤིང་བསྡུས་པས་ལྟར་ལྟར་པོར་འགྱུར། བཞི་པ་ལ་རབ་ཏུ་འབྱེད་པ་ཞེས་བྱའི་རླུང་གིས་དཀྲུགས་ཤིང་བསྡུས་པས་གོར་གོར་པོར་འགྱུར་ཏེ། དེ་ལྟར་ཞག་བདུན་ཕྲག་བཞིའི་བར་དུ་ལས་ཀྱི་རླུང་བཞི ས་མངལ་དུ་གནས་པ་དེ་ཉིད་དཀྲུགས་ནས་སྙིགས་མ་གཏོར་ཞིང་དྭངས་མ་སྡུད་པར་བྱེད་པ་ཡིན་ནོ། །གཉིས་པ་ལ་གཉིས། རྩ་བའི་རླུང་ལྔས་འཕེལ་བའི་ཚུལ་དང་། ཡན་ལག་གི་རླུང་ལྔས་འཕེལ་བའི་ཚུལ་ལོ། དང་པོ་ལ་ལྔ། སྲོག །ཐུར་སེལ། གྱེན་རྒྱུ། ཁྱབ་བྱེད། མཉམ་གནས་ཀྱིས་འཕེལ་ཚུལ་ལོ། །དང་པོ་ནི། མཁྲང་འགྱུར་ནས། ཉིས་བརྒྱ་ཆགས། ཞེས་གསུངས་ཏེ། དེ་ནས་བདུན་ཕྲག་ལྔ་པ་ལ་ཡང་དག་པར་སྡུད་པ་ཞེས་བྱ་བའི་རླུང་གིས་གཏོར་ཞིང་བསྡུས་པས་མཁྲང་འགྱུར་དུ་འགྱུར་ལ། མཁྲང་འགྱུར་གྱི་ཞག་ནི་དང་པོ་མངལ་གྱི་ཞག་ཉེར་དགུ་པ་ནས་སྲོག་རླུང་གིས་དཀར་དམར་གཉིས་སྟེང་འོག་ཏུ་དེད་ནས་ལུས་ཀྱི་དབུས་སུ་མངལ་ན་གནས་པ་རང་ཉིད་ཀྱི་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་དང་ལྡན་པའི་རྩ་དབུ་མ་སྲོག་ཆེན་པོའི་རླུང་དང་སྟེང་འོག་གི་སྣ་གཉིས་སུ་ཐིག་ལེ་དཀར་དམར་དང་བཅས་པ་ཆགས་ཤིང་རྩེ་མོ་གཅིག་མའི་རྩ་རོ་མ་དང་འབྲེལ་ལོ། །དེ་ལྟར་སྲོག་རླུང་གི་རྟེན་རྩ་དབུ་མ་ཆགས་པ་དེ་ནས་ཟླ་བ་གཉིས་པར་སླེབ་པ་ན་ཞག་རེ་ལ་རྩ་ཉིས་བརྒྱ་རེ་ཆགས་པར་འགྱུར་བའི་དང་པོར་དབུ་མ་སྲོག་རླུང་དང་བཅས་པ་དེས་བསྐྱེད་ནས་སྙིང་གའི་འཁོར་ལོ་རྩ་བ་དང་ཡན་ལག་གི་རླུང་ལྔ་ལྔ་སྟེ་རླུང་བཅུའི་རྟེན་དུ་གྱུར་པ་དང་། ལྟེ་བའི་འཁོར་ལོ་དུས་སྦྱོར་ལ་སོགས་པ་དབྱུག་གུ་དྲུག་ཅུ་རྩ་བཞིའི་རྟེན་དུ་གྱུར་པ་ཤིན་ཏུ་ཕྲ་བ་སྐྲ་ཡི་ཚད་ཙམ་ཆགས་ཏེ་ཉའི་རྣམ་པ་ལྟ་བུར་འགྱུར་རོ། །འཕེལ་བར་བྱེད་པ་ནི་ལྟེ་བའི་རྩ་གཅིག་མའི་རོ་མ་དང་འབྲེལ་བས་མའི་རླུང་ཁྲག་གི་ནུས་པས་འཕེལ་ཞིང་རྒྱས་པར་བྱེད་པར་འགྱུར་ལ། དབུ་མ་ཆགས་པ་དེ་ནས་ཟླ་བ་གཉིས་པ་འཁོར་ལོ་གཉིས་ཀྱི་རྩ་ཕྲ་མོ་ཆགས་པ་ནས་བཟུང་སྟེ་ཟླ་བ་བཅུ་གཉིས་ཀྱི་རིང་ཞག་རེ་ལ་རྩ་ཉིས་བརྒྱ་རེ་ཆགས་པར་འགྱུར་རོ།། གཉིས་པ་ནི། སྲོག་ལས་སོགས་རྐང་པ་གཅིག་སྟེ། ཟླ་བ་གཉིས་པའི་སྐབས་སུ་སྲོག་རླུང་ལས་ཐུར་སེལ་གྱི་རླུང་ས་ཁམས་དང་ཡེ་ཤེས་ཀྱི་རང་བཞིན་འོག་ཏུ་འཕྲོས་པ་ལ་བརྟེན་ནས་གསང་བའི་འཁོར་ལོའི་རྩ་སུམ་ཅུ་སོ་གཉིས་ཀྱི་གཞིར་གྱུར་པ་ཤིན་ཏུ་ཕྲ་བ་ཆགས་ཤིང་ལུས་ཀྱི་སྨད་རྣམས་གྲུབ་པ་ཡིན་ནོ། །གསུམ་པ་ནི། རུས་སྦལ་ནས། སྒྲུབ་པར་བྱེད། ཅེས་གསུངས་ཏེ། དེ་ནས་ཟླ་བ་གཉིས་ལ་རུས་སྦལ་གྱི་རྣམ་པ་ལྟ་བུར་བྱེད་དེ། དེའང་ཟླ་བ་གསུམ་པར་ཕྱིན་པའི་གནས་སྐབས་སུ་སྲོག་རླུང་ལས་གྱེན་རྒྱུའི་རླུང་མེ་ཁམས་ཀྱི་རང་བཞིན་སྟེང་དུ་འཕྲོས་པས་ལུས་ཀྱི་སྟོད་རྣམས་སྒྲུབ་པར་བྱེད་དོ། །བཞི་པ་ནི། བཞི་པ་ནས་སྣ ང་བར་བྱེད། ཅེས་གསུངས་ཏེ། སྲོག་རླུང་ལས་ཁྱབ་བྱེད་ཀྱི་རླུང་ཆུ་ཁམས་ཀྱི་རང་བཞིན་ཕྱིར་འཕྲོས་པའི་དབང་གིས་ནི་ཡན་ལག་གི་རྩ་ཕྲ་མོ་རྣམས་སྣང་བར་བྱེད་ཅིང་རྐང་ལག་དང་མགྲིན་པ་མཉམ་པར་འབུར་པོ་ལྔ་དོད་པར་འགྱུར་རོ། །བདེ་ཆེན་གྱི་འཁོར་ལོའི་རྩ་བཅུ་དྲུག་དང་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་སོ་གཉིས་ཀྱི་གཞིར་གྱུར་པའི་རྩ་རྣམས་ཀྱང་ཆགས་ཏེ་ཤིན་ཏུ་ཕྲ་བ་སྐྲ་ཡི་ཚད་ཙམ་མོ། །ལྔ་པ་ནི། ལྔ་པར་ནས། ཆགས་པར་འགྱུར། ཅེས་གསུངས་ཏེ། ཟླ་བ་ལྔ་པར་ཕྱིན་པའི་གནས་སྐབས་སུ་སྲོག་རླུང་ལས་མཉམ་གནས་ཀྱི་རླུང་རླུང་ཁམས་ཀྱི་རང་བཞིན་ལུས་ཀྱི་ནང་དུ་འཕྲོས་པ་ལ་བརྟེན་ནས་གློ་སྙིང་སོགས་ནང་རོལ་དང་ནང་གི་གནས་རྣམས་གཞན་ནས་གཞན་དུ་སྒྲུབ་པར་བྱེད་ཅིང་ཕག་པའི་དངོས་པོ་ལྟར་ཤ་དང་རུས་པ་བསྟེན་ལ་ལུས་ཀྱི་སྨད་རྒྱས་པར་གྱུར་པས་ཤ་གཟུགས་ཀྱང་དེ་དང་འདྲ་བའི་ཕྱིར་ཕག་རྒོད་སེང་གེའི་གནས་སྐབས་ཀྱི་འཇུག་པ་ཡིན་ནོ། །འདིར་རྩ་བའི་རླུང་ལྔ་ནུས་པ་རྫོགས་ཏེ་མཉམ་གནས་དང་ཁྱབ་བྱེད་ཀྱི་རླུང་གཉིས་ཀྱི་སྟོབས་རྫོགས་པས་འདི་དང་ཟླ་བ་དྲུག་པ་ནས་ཚོར་བའི་སྡུག་བསྔལ་ཤེས་པའི་ཕྱི་མངལ་དུ་གནས་པ་དེའི་ལུས་ནི་འགུལ་བ་དང་འདར་བར་འགྱུར་ལ། དེའི་དུས་སུ་རུས་པའི་ཚིགས་ཀྱི་དུམ་བུ་ནི་སུམ་བརྒྱ་དང་དྲུག་ཅུ་པོ་ཡང་ཆགས་པར་འགྱུར་རོ། །རུས་ཚིགས་དུམ་བུ་སུམ་བརྒྱ་དྲུག་ཅུ་ནི་དགའ་བོ་མངལ་གནས་ཀྱི་མདོ་ལས་གསུངས་པ་ལྟར་རོ། །གཉིས་བ་ཡན་ལག་གི་རླུང་ལྔས་ཇི་ལྟར་འཕེལ་བའི་ཚུལ་ལ་གཉིས། མཚམས་སྦྱར་བ་དང་། དོན་དངོས་སོ། །དང་པོ་ནི། དེ་ལྟར་སོགས་རྐང་པ་གཅིག་སྟེ། དེ་ལྟར་ན་ཟླ་བ་གསུམ་པ་ཕན་ཆད་དུ་སྲོག་ཐུར་གྱེན་རྒྱུའི་རླུང་གིས་སྟོབས་བསྐྱེད་པས། རྣམ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་རྫོགས་ལ། བཞི་པ་དང་ལྔ་པར་ཁྱབ་བྱེད་དང་མེ་མཉམ་གྱི་རླུང་གི་སྟོབས་བསྐྱེད་པས་འདུ་ཤེས་དང་ཚོར་བའི་ཕུང་པོ་རྫོགས་ཤིང་ཟླ་བ་དྲུག་པར་འགྲོ་བ་ན་གཟུགས་ཀྱི་ཕུང་པོ་ཡང་རྫོགས་ཏེ། རྩ་བའི་རླུང་ལྔའི་ནུས་པས་ཕུང་པོ་ལྔ་རྫོགས་པ་དེ་ནས་ཡན་ལག་གི་རླུང་ལྔའི་སྟོབས་ཀྱིས་དབང་པོ་སོགས་འཕེལ་བའི་ཚུལ་འཆད་དོ། །གཉིས་པ་ནི། ཟླ་བ་དྲུག་པ་ནས། ནུས་པ་རྫོགས། ཞེས་གསུངས་པ་སྟེ། མངལ་ན་གནས་པ་དེ་ཉིད་ཟླ་བ་དྲུག་པར་ཕྱིན་པ་ན་ཡེ་ཤེས་ཀྱི་རང་བཞིན་ཀླུའི་རླུང་གི་སྟོབས་བསྐྱེད་པ་ལ་བརྟེན་ནས་ས་ཁམས་ཀྱི་རང་བཞིན་མིག་གཉིས་གཏི་མུག་རྡོ་རྗེའི་ངོ་བོར་སྐྱེད་པར་བྱེད་དེ། དེ་ནི་ཡེ་ཤེས་དང་ས་ཐབས་ཤེས་ཀྱི་དབང་ལས་སོ། །དེ་ནས་ཟླ་བ་བདུན་པར་ཕྱིན་པ་ན་རླུང་ཁམས་ཀྱི་རང་བཞིན་རུས་སྦལ་གྱི་རླུང་སྤྲོས་པ་ལ་བརྟེན་ནས་ཆུ་ཁམས་ཀྱི་རང་བཞིན་རྣ་བ་ཞེ་སྡང་རྡོ་རྗེའི་ངོ་བོར་བསྐྱེད་ནས་བུག་ཡང་དོད་པར་བྱེད་དོ། །དེ་ནི་ཆུ་རླུང་ཐབས་ཤེས་སོ། །ཟླ་བ་བརྒྱད་པར་ཕྱིན་པ་དེའི་ཚེ་མེ་ཁམས་ཀྱི་རང་བཞིན་རྩངས་པའི་རླུང་སྤྲོས་པས་རླུང་ཁམས་ཀྱི་རང་བཞིན་སྣ་བུག་སེར་སྣ་རྡོ་རྗེའི་ངོ་བོར་བསྐྱེད་པར་བྱེད་དོ། །དེ་ནི་མེ་རླུང་ཐབས་ཤེས་སོ། །ཟླ་བ་དགུ་པར་ཕྱིན་པ་ན་ཆུ་ཁམས་ཀྱི་རང་བཞིན་ལྷ་སྦྱིན་གྱི་རླུང་སྤྲོ་བ་འབྱུང་སྟེ། དེས་མེ་ཁམས་ཀྱི་རང་བཞིན་རོ་འཛིན་པ་ཅན་གྱི་ལྕེ་འདོད་ཆགས་རྡོ་རྗེའི་ངོ་བོར་བསྐྱེད་པར་བྱེད་དོ། །དེ་ནི་མེ་ཆུ་ཐབས་ཤེས་སོ། །ཟླ་བ་བཅུ་པར་ཕྱིན་པ་ན་ས་ཁམས་ཀྱི་རང་བཞིན་ནོར་ལས་རྒྱལ་གྱི་རླུང་སྟོབས་བསྐྱེད་ཅིང་སྤྲོས་པས་རླུང་ཁམས་ཀྱི་རང་བཞིན་ལུས་ཀྱི་དབང་པོ་ཕྲག་དོག་རྡོ་རྗེའི་ངོ་བོར་བསྐྱེད་དོ། །འདི་ནི་ས་རླུང་ཐབས་ཤེས་སོ། །འདི་ནི་གསང་འདུས་ཇི་ལྟ་བ་བཞིན་མཛད་པས་དུས་འཁོར་དང་རྣམ་པ་ཅུང་ཟད་མི་མཐུན་ཀྱང་དོན་གཅིག་པ་ཡིན་ནོ། །དེ་དག་གིས་ཡུལ་འཛིན་པའི་ཚུལ་ཡང་མིག་གིས་ཆུ་ཡི་ཡོན་ཏན་གཟུགས། རྣ་བས་ནམ་མཁའི་ཡོན་ཏན་སྒྲ། སྣས་སའི་ཡོན་ཏན་དྲི། ལྕེས་མེའི་ཡོན་ཏན་རོ། །ལུས་ཀྱིས་རླུང་གི་ཡོན་ཏན་རེག་བྱ་འཛིན་པ་དྲི་མེད་འོད་ལས་གསུངས་སོ། །དེ་ལྟར་ན་རླུང་བཅུ་པོ་ཟླ་བ་རེ་རེར་བསྐྱེད་ཅིང་འཕེལ་བས་ཟླ་བ་བཅུ་པ་ན་རླུང་བཅུའི་ནུས་པ་ཡང་རྫོགས་སོ། །གསུམ་པ་རྩ་རླུང་ཐིག་ལེ་རྫོགས་ཤིང་སྐྱེ་བའི་ཚུལ་ལ་གཉིས། རྩ་རླུང་ཐིག་ལེ་སོགས་རྫོགས་པའི་ཚུལ་དང་། སྐྱེ་བའི་ཚུལ་ལོ། །དང་པོ་ནི། དེ་ལྟར་ནས། མྱོང་བར་འགྱུར། ཅེས་གསུངས་ཏེ། དེ་ལྟར་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་རྫོགས་ཤིང་། ཞག་རེ་ལ་རྩ་ཉིས་བརྒྱ་ཆགས་པ་བསྡོམས་ན་ཟླ་བ་རེ་ལ་རྩ་དྲུག་སྟོང་རེ་ཆགས་པར་འགྱུར་བས་མངལ་དུ་ཟླ་བ་དགུའི་རིང་ལ་རྩ་སྟོང་ཕྲག་ལྔ་བཅུ་རྩ་བཞི་ཆགས་སྟེ། ཕྱིར་སྐྱེས་ནས་ཀྱང་ཟླ་བ་གསུམ་དུ་རྩ་ཆགས་པས་ཟླ་བ་བཅུ་གཉིས་ཚང་བ་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོངས་སུ་རྫོགས་པ་གྲུབ་བོ། །དེ་ལྟར་རྫོགས་མ་ཐག་ནས་ཞག་རེ་རེར་རྩ་གཉིས་གཉིས་སྐམ་པར་གསུངས་པ་ནི་རྩ་དེའི་བྱེད་པ་ཉམས་པ་ལ་དགོངས་པ་ཡིན་གྱི་རྩ་བ་ནས་སྐམ་པ་མ་ཡིན་ཏེ། རྩ་ཕྲ་མོ་འགའ་ཞིག་ནི་ལུས་ཀྱི་སྟོབས་རྫོགས་མ་ཟིན་བར་དུ་སྐྱེ་བར་བཤད་པ་དང་བ་སྤུའི་རྩ་བྱེ་བ་ཕྲག་ཕྱེད་བཞི་འབྱུང་བར་གསུངས་པའི་ཕྱིར་རོ། །ཟླ་བ་བརྒྱད་པ་མན་ཏུ་ལྕེ་མི་སྐྱེས་པས་མའི་རྩ་རོ་མར་ཁ་ཟས་ཀྱི་དྭངས་མ་རྒྱུ་བས་བསྐྱེད་ལ། ཟླ་བ་དགུ་པ་ནས་ནི་ལྕེ་གྲུབ་པས་མངལ་གྱི་མི་གཙང་བ་ཟས་སུ་ཟ་ཞིང་། དེ་ཟོས་པས་དེ་ནས་ནང་གི་སྙིགས་མའི་ཁམས་དྲི་ཆུ་སོགས་ཀྱང་འབྱུང་ངོ་། །རླུང་གི་ངོ་བོ་ལུས་སེམས་ཀྱི་ཚོར་བ་ཡིས་བཀྲེས་པ་དང་སྐོམ་པར་ཤེས་པས་སྡུག་བསྔལ་དྲག་པོས་ལུས་དང་སེམས་གདུང་བར་ཉམས་སུ་མྱོང་བར་འགྱུར་རོ། །གཉིས་པ་ནི། དེ་ཚེ་ནས། གནས་སྐབས་སོ། །ཞེས་གསུངས་ཏེ། དེ་ཕན་ཆད་དུ་ནི་འཇུག་གནས་ལ་སོགས་པའི་སྣང་བ་གཞན་འབྱུང་ལ། །ཟླ་བ་དགུ་པ་ནས་མི་སྡུག་པ་དང་སྡུག་བསྔལ་བ་དང་མི་གཙང་བ་དང་དྲི་ང་བ་དང་མུན་པ་དང་དོག་པ་ལ་སོགས་པའི་འདུ་ཤེས་འབྱུང་བས་སྐྱེ་བར་འདོད་པ་དེའི་ཚེ། མངལ་ནས་ཕྱིར་འབྱིན་པའི་རླུང་གིས་ནི་མགོ་ཞབས་བསྒྱུར་ནས་མངལ་གྱི་སྒོར་སྐྱེ་བར་བྱེད་པ་ཡིན་ལ། དེ་ཡང་འབྱིན་པའི་རླུང་ནུས་པ་ཆེ་ཆུང་གིས་སྐྱེ་དཀའ་སླ་བྱེད་པར་བཞེད་དོ། །འདིར་ནི་རྒྱུད་སྡེ་ཟབ་མོ་རྣམས་ལས་ཇི་སྐད་གསུང་པ་བཞིན་འཆད་པ་སྟེ། དགའ་བོ་མངལ་འཇུག་སོགས་ལས་གསུངས་པའི་ཐུན་མོང་གི་འཆད་ཚུལ་ནི་དེ་དག་ཏུ་རྟོགས་པར་བྱའོ། །དེ་ལྟར་མངལ་དུ་ལུས་རྫོགས་ནས་མངལ་སྦུབས་དྲལ་ཏེ་ཕྱིར་སྐྱེ་བ་དེ་ནི་མིའི་སེང་གེའི་གནས་སྐབས་ཀྱི་འཇུག་པ་ཡིན་ནོ། །འདིར་ཁྱབ་འཇུག་གི་འཇུག་པ་བཅུ་ནི། བསྡུས་རྒྱུད་ལས། ཉ་དང་རུས་སྦལ་ཕག་པར་འགྱུར་ཏེ་མི་ཡི་སེང་གེ་མིའུ་ཐུང་རཱ་མ་རཱ་མ་དག་དང་ནི། ནག་པོ་སངས་རྒྱས་མི་དབང་རྣམ་བཅུར་འགྱུར་ཏེ། ཞེས་སོགས་རྒྱས་པར་གསུངས་པ་བཞིན་རིག་བྱེད་ཀྱི་གཏམ་རྒྱུད་ལས་འབྱུང་བ་སྟེ། འདིར་ཕྱི་རོལ་པ་ཁ་དྲང་བའི་ཕྱིར་སེམས་ཀྱི་རྡོ་རྗེ་ལ་ཁྱབ་འཇུག་གི་མིང་བཏགས་ནས། དེ་སྣོད་བཅུད་ཀྱི་བྱེད་པོར་སྟོན་པས་ལུས་ལ་སྦྱར་ན་མངལ་བཟུང་བ་ནས་བརྩམས་ཟླ་བ་གཉིས་ཀྱི་བར་ཉ་རོ་ཧི་ཏའི་རྣམ་པར་གནས་པས་ཉའི་གནས་སྐབས། དེ་ནས་ཟླ་བ་གཉིས་ཀྱི་བར་མགོ་དང་ཡན་ལག་བཞིའི་འབུར་པོ་དོད་ནས་རུས་སྦལ་དང་འདྲ་བས་རུས་སྦལ་གྱི་གནས་སྐབས། དེ་ནས་བཙའ་བའི་བར་དུ་མའི་དྭངས་མ་ཟ་ཞིང་གཤང་གཅི་འབྱུང་བས་ཕག་པའི་གནས་སྐབས། བཙལ་བའི་ཉིན་ཞག་ལ་ལག་པས་ལྟོ་བ་འདྲལ་པས་བྱེད་པས་མིའི་སེང་གེའི་གནས་སྐབས། བཙས་ནས་སོ་སྐྱེ་བའི་བར་ནི་གྱོར་བས་མིའུ་ཐུང་གི་གནས་སྐབས། དེ་ནས་སོ་མ་ལྷུང་བར་སོ་དགྲ་སྟ་དང་འདྲ་བས་དགྲ་ཧྶ་རཱ་མའི་གནས་སྐབས། སོ་ལྷུང་ནས་ལོ་བཅུ་དྲུག་གི་བར་ལུས་ཀྱི་དྭངས་མ་རྒྱས་པས་རྒྱས་པ་རཱ་མའི་གནས་སྐབས། དེ་ནས་སྐྲ་དཀར་སྐྱེ་བའི་བར་ཞེ་གནག་ཅིང་གཡོ་སྒྱུ་དང་ལྡན་པས་ནག་པོའི་གནས་སྐབས། དེ་ནས་འཆི་བའི་བར་དུ་བུ་དང་ཚ་བོ་སོགས་རང་རིགས་ལ་བྱ་བ་དང་བྱ་བ་མ་ཡིན་པའི་ཚུལ་འདོམས་པས་སངས་རྒྱས་ཀྱི་གནས་སྐབས། འཆི་ཉིན་ཞག་ལ་ཁམས་ཐམས་ཅད་གཅིག་ཏུ་འདྲེས་པས་རིགས་ལྡན་གྱི་གནས་སྐབས་ཏེ་འཇུག་པ་བཅུའོ། །མདོར་ན་ལུས་ཞེས་བྱ་བ་ནི་ཚོགས་པའི་སྒྲ་ཡིན་ལ་དེས་ན་ཁུ་བ་ལས་རྐང་དང་རུས་པ་དང་ཆུ་རྒྱུས་སམ་སྤུ་དང་རྡུལ་ལས་ལྤགས་པ་དང་ཤ་དང་ཁྲག་གྲུབ་པ་ལ་མཛོད་དྲུག་ཅེས་བྱ་བ་དང་ཕུང་ཁམས་སོ་དྲུག་གི་ཚོགས་པ་ནི་རྡོ་རྗེའི་ལུས་སོ། །སོ་དྲུག་ནི། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་ཡེ་ཤེས་ཏེ་ཕུང་བོ་དྲུག ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཏེ་ཁམས་དྲུག མིག་རྣ་བ་སྣ་ལྕེ་ལུས་ཡིད་དེ་དབང་པོ་དྲུག གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཏེ་ཡུལ་དྲུག ཁ་དང་ལག་པ་དང་རྐང་པ་དང་བཤང་ལམ་དང་གཅི་བའི་ལམ་དང་ཁུ་བ་འབབས་པའི་དབང་པོ་སྟེ་ལས་ཀྱི་དབང་པོ་དྲུག སྨྲ་བ་དང་ལེན་པ་དང་འགྲོ་བ་དང་བཤང་གཅི་དང་ཁུ་བ་འཕོ་བའི་བྱ་བ་སྟེ་ལས་ཀྱི་དབང་པོའི་བྱ་བ་དྲུག་རྣམས་སོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་ནས། སྤྲུལ་སྐུར་གསུངས། ཞེས་གསུངས་ཏེ། དེ་ལྟར་སྐྱེས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རགས་པ་དང་། ཕྲ་བ་རྩ་རླུང་ཐིག་ལེ་ལས་གྲུབ་པ་ཐམས་ཅད་ཀྱང་། དྲི་མ་དང་བཅས་པའི་སེམས་ཀྱི་དེ་བཞིན་ཉིད་རྒྱུ་རྒྱུད་འོད་གསལ་ལས་བྱུང་ཞིང་། ཕྱི་རོལ་རྡུལ་ཕྲན་ལ་སོགས་ལས་བྱུང་བ་མ་ཡིན་ཏེ། ཐམས་ཅད་སེམས་ཀྱི་སྣང་བ་ཡིན་པས་སོ། །དེ་ལྟར་ལུས་གྲུབ་ནས་སྐྱེ་བ་ཡང་། རྡོ་རྗེ་ཐེག་པ་ལས་སྐྱེ་བ་སྤྲུལ་སྐུར་གསུངས་པའི་ངེས་པས། དྲི་མ་དང་བཅས་པའི་གཞི་དུས་ཀྱི་སྤྲུལ་པའི་སྐུ་ཡིན་ལ། དེ་ཡང་སྤྲུལ་སྐུ་ནི་ཆོས་ཀྱི་དབྱིངས་ལས་བྱུང་བ་ཡིན་པས་ན། མའི་བྷ་ག་ཆོས་ཀྱི་འབྱུང་གནས་ནི་ཆོས་དབྱིངས། ཟླ་བ་བཅུ་ནི་ས་བཅུ། མ་ནི་མཁན་པོ། ཕྲུ་མ་ཆོས་གོས། ཨ་ཧཾ་གི་སྒྲ་ངག་གི་བཟླས་པ། བཙས་ནས་བཀྲུ་བ་སོགས་བྱིས་པའི་དབང་བདུན་དང་། གནས་སྐབས་བཞིའི་སེམས་ཀྱི་རང་བཞིན་ནི་སྐུ་བཞི་ཡིན་ལ། རང་བཞིན་དེ་ཡང་གཞི་ལམ་འབྲས་བུ་ཡི་གནས་སྐབས་ཐམས་ཅད་འགྱུར་བ་མེད་པར་རྒྱུན་ཆགས་པ་ཡིན་ཏེ། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཞེས་གསུངས་པས་སོ། །དེ་དག་གི་ལུང་ཁུངས་བསྡུས་བརྒྱུད། བརྟག་གཉིས། རྡོ་རྗེ་ཕྲེང་བ་རྣམས་ལས་ཤེས་པར་བྱའོ། །དེ་ལྟར་ན་ད་ལྟ་གནས་ཚུལ་མ་རྟོགས་ཤིང་སྣང་ཚུལ་ལ་འཁྲུལ་ནས་འཁོར་བའི་ལུས་སུ་གྱུར་པ་སྟེ། སེམས་དྲི་མ་དང་བཅས་པའི་གཟུགས་སྐུར་ཤེས་པས་དྲི་མ་དང་བྲལ་བ་ཙམ་གྱིས་མཆོག་གི་སྤྲུལ་པ་འཕྲོ་བའང་གོ་ནུས་པ་ཡིན་ནོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་ཚིག་འགྲེལ་ལས། མངལ་དུ་ལུས་འགྲུབ་པའི་ཚུལ་བསྟན་པའི་དུམ་བུ་སྟེ། ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ལྟར་བཤད་པའི་ལུས་དེའང་རྩ་རླུང་ཐིག་ལེ་གསུམ་ལས་གྲུབ་ཅིང་། རྩ་ལམ་དུ་སློང་བ་ལ་རྩའི་རྣམ་གཞག་ཤེས་དགོས་པའི་ཕྱིར་དང་། ལུས་དེ་ལ་རྩ་ཇི་ལྟར་གནས་པ་མ་ཤེས་ན་རླུང་དང་ཐིག་ལེའི་གནས་མི་ཤེས་པའི་ཕྱིར་དང་། སྐུ་རྡོ་རྗེའི་ཁམས་སམ་རིགས་རྟོགས་པ་ནི་རྩའི་དེ་ཁོ་ན་ཉིད་ཤེས་པ་ལ་རགས་ལས་པའི་ཕྱིར་དང་། ཐབས་ཤེས་ཀྱི་རྒྱུད་དུ་སེམས་ལ་ཡེ་ཤེས་འཆར་བ་ལུས་ཀྱི་རྩའི་བྱེད་པ་ལ་ལྟོས་པར་གསུངས་པའི་ཕྱི། །རགས་པའི་ལུས་ལ་གནས་པའི་ཕྲ་བའི་ལུས་རྩའི་གནས་ལུགས་འཆད་པ་ལ་གཉིས། ལེའུའི་གཞུང་བཤད་པ། ལེའུའི་མཚན་ནོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ནས་ནས། བཤད་པར་བྱ། ཞེས་གསུངས་ཏེ། བཤད་པར་བྱའོ་ཞེས་དམ་བཅས། སྐབས་གང་དུ་ན། ལུས་འགྲུབ་ཚུལ་བཤད་པའི་རྗེས་དེ་ནས་ཏེ་དེའི་འོག་ཏུ་བཤད། གང་བཤད་ན་ལུས་དེ་ལ་རྩ་རྣམས་ཇི་ལྟར་གནས་པའི་ཚུལ་བཤད། ཚུལ་ཇི་ལྟར་བཤད་ན། རྩ་དབུ་མ་ལུང་དང་སྦྱར་ཞིང་རོ་རྐྱང་ཡང་ལུང་དང་བཅས་ལ་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་དང་སུམ་ཅུ་སོ་གཉིས་དང་སུམ་ཅུ་སོ་བདུན་གྱི་ངེས་པ་དང་རྩའི་འཁོར་ལོ་བཞི་དང་དྲུག་དང་བཅོ་བརྒྱད་དང་། ཚིག་ཕྲན་གྱི་འཁོར་ལོ་ནང་བསྐྱེད་པའི་རྩ་དང་བཅས་པ་དང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྒྱས་བཤད་རྡོ་རྗེ་ཕྲེང་བ་དང་སྦྱར་བ་དེ་ལ་ཕྲ་བའི་རྩ་བྱེ་བ་ཕྲག་ཕྱེད་དང་བཞི་པ་སྤུའི་མཐར་ཐུག་པར་ཁྱབ་པའི་ཚུལ་དང་འང་ཞེས་པས་རྩ་རྣམས་ཁམས་གང་གིས་བསྐྱེད་པ་སོགས་བསྟན་པའི་ཚུལ་གྱིས་བཤད་དོ། །ཞེས་སོ། །གཉིས་པ་ལ་བདུན། རྩ་དབུ་མ་བཤད་པ། རོ་རྐྱང་གཉིས། རྩའི་གཙོ་མོ་རྣམས། རྩའི་འཁོར་ལོ། ནད་བསྐྱེད་པའི་རྩ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྒྱས་བཤད། རྩ་ཕྲ་མོ་དང་ཁམས་གང་གིས་བསྐྱེད་བཤད་པའོ། །དང་པོ་ལ་གསུམ། བཤད་པ་དངོས་དང་། དེ་ཤེས་བྱེད་ཀྱི་ལུང་དང་སྦྱར་བ། མཇུག་བསྡུ་པའོ། །དང་པོ་ནི། ཐོག་མར་ནས། བྱེད་པ་ཡིན། ཞེས་གསུངས་ཏེ། ཐོག་མར་རགས་པའི་ཕུང་ཁམས་སྐྱེ་མཆེད་དང་། ཕྲ་བ་རྩ་ལ་སོགས་པས་བསྡུས་པའི་རྡོ་རྗེའི་ལུས་བསྐྱེད་པའི་གཞིར་གྱུར་པ་རྩ་དབུ་མ་དེ་འཆད་དོ། །དེའང་སྔར་ལུས་གྲུབ་ཚུལ་གྱི་སྐབས་སུ་བཤད་པའི་དབུ་མ་སྲོག་རླུང་བཅས་པ་དེ་ནི་གཙུག་ཏོར་ནས་གསང་གནས་ཀྱི་འཁོར་ལོའི་བར་འཁོར་ལོ་དྲུག་གི་དབུས་ན་ནི་དྲག་པོར་གནས་ཤིང་འཁོར་ལོ་དྲུག་སོ་སོའི་བར་ཐག་རིང་གི་སོར་བཅུ་གཉིས་ཕྱེད་དང་བཅས་པ་སྟེ་སོར་ཕྱེད་དང་བཅུ་གསུམ་རེ་ཡོད་ལ་དེའི་མར་སྣ་གསང་བའི་གནས་དང་ཡར་སྣ་སྤྱི་གཙུག་གི་བར་དུ་འབྲེལ་བ། ཡར་སྣར་ཧཾ་གི་རང་བཞིན་མགོ་ཐུར་དུ་བལྟ་བའི་དབྱིབས་ཅན་ཕ་ལས་ཐོབ་པའི་དཀར་ཆའི་དྭངས་མ་ཡུངས་དཀར་ཙམ་གྱིས་བཀག་པའི་ཚུལ་དང་མར་སྣ་ལྟེ་བའི་འོག་ཏུ་མ་ལས་ཐོབ་པའི་ཐིག་ལེ་དམར་ཆའི་དྭངས་མ་ཁྲག་གི་རང་བཞིན་ཏེ་ཨ་ཐུང་གི་དབྱིབས་སུ་བརྗོད་ལ། ཨ་ཧཾ་དེ་གཉིས་ཀྱི་བར་ན་ཀུན་གཞིའི་རྟེན་སྲོག་ཆེན་པོའི་རླུང་གིས་གང་ནས་གནས་པ་སྟེ་ཁ་དོག་མེད་པའི་ཁ་དོག་ཅན་ནམ་མཁའ་དང་འདྲ་བ་ཡིན་ནོ། །ལྟེ་བའི་འོག་རྩ་གསུམ་འདུས་མདོ་མན་ཆད་ཀྱི་དབུ་མ་ལ་དུང་ཅན་མ་ཞེས་བྱ་སྟེ། རྩ་ཐམས་ཅད་ཀྱི་དཀར་ཆའི་རྒྱུན་གཅིག་ཏུ་འདྲིལ་ནས་འབབ་ཅིང་ལྷན་སྐྱེས་ཀྱི་བདེ་བ་སྐྱེད་པར་བྱེད་པ་ཡིན་པས་དེ་སྐད་ཅེས་བྱ་སྟེ། དགྱེས་རྡོར་ལས། ཤེས་རབ་ཟླ་བ་འབབས་བཤད་པ། །དེ་ནི་ཀུན་འདར་མར་རབ་གྲགས། །ཞེས་སོ། གཉིས་པ་ནི། འདི་ནི་ནས། བྱེད་པའོ། །ཞེས་གསུངས་ཏེ། རྩ་དབུ་མའི་གནས་ཚུལ་འདི་ནི་བདེ་མཆོག་སྡོམ་པ་འབྱུང་བ་དང་སམྦུ་ཊི་དང་ནག་པོ་པའི་དཔྱིད་ཐིག་རྣམས་ནས་འདི་སྐད་གསུངས་ཏེ། སྙིང་གའི་རྩ་ཆུ་སྐྱེས་ཀྱི་འདབ་མ་འདྲ་བའི་དབུས་སུ་སོན་པ་ཆུ་ཤིང་སྙེ་མའི་མེ་ཏོག་ལྟར་དྲངས་ཤིང་དཀར་དམར་རྒྱུ་བ་མེད་པས་ནང་སྟོང་པ། ཡར་སྣར་ཧཾ་ནི་མཐུར་དུ་འཕྱང་ཞིང་མགོ་འོག་ཏུ་བལྟ་ལ་མར་སྣ་ཨ་ཐུང་ཏིལ་གྱི་མར་མེ་ལྟ་བུས་བརྒྱན་པ་དེའི་འོག་ཏུ་རྩ་ཐམས་ཅད་ནས་བྱང་ཆུབ་ཀྱི་སེམས་མཉམ་པར་འབབ་པའི་རྩ་འདི་ལ་ཨ་ཝ་དྷཱུ་ཏིར་ཤེས་པར་བྱ་སྟེ། དེ་ལས་ལྷན་ཅིག་སྐྱེས་པའི་དགའ་བ་སྟེར་བར་བྱེད་པའོ་ཞེས་གསུངས་པའི་དོན་ནོ། །གསུམ་པ་ནི། མདོར་ན་སོགས་རྐང་པ་གཅིག་སྟེ། མདོར་བསྡུ་ན་ལུས་ཅན་གྱི་སྲོག་རྩ་དང་དབྱེར་མི་ཕྱེད་པར་གནས་པ་ཡིན་ནོ། །འདིར་རྩ་དབུ་མའི་ངོས་འཛིན་སྐབས་ཁ་ཅིག་སྒོམ་པའི་དབུ་མ་དང་གནས་པའི་དབུ་མ་གཉིས་ལས། སྔ་མ་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡིན་ལ། ཕྱི་མ་སྐྱེས་ནས་མ་ཤིའི་བར་དུ་ལུས་ཀྱི་དབུས་སུ་གནས་ལ་ཤི་དུས་ཡལ་བར་འདོད་པ་དང་། ལ་ལ་གཞུངས་པར་འདོད་པ་དང་། གཞན་དག་གཞུངས་པའི་དབུས་ན་རྟ་རྔ་ཙམ་ཡོད་པར་འདོད་པ་དང་། དོན་ལ་མེད་པར་འདོད་པ་སོགས་ནི་དཔྱད་གསུམ་དག་པའི་རྒྱུད་ལུང་དང་མི་མཐུན་པས་རང་བཟོ་ཡིན་པ་རྗེ་བདུན་པ་ཡབ་སྲས་ཀྱིས་གསུངས་པ་ལྟར་ལ། ཀུན་མཁྱེན་རང་བྱུང་ཞབས་ཀྱི་བཞེད་པའི་སྙིང་པོ་ནི། ལུས་ཀྱི་དབུས་ཀྱི་ཆ་ལ་གནས་ཤིང་གཟུང་བ་དང་འཛིན་པ་གཉིས་སུ་མེད་པས་ཐབས་དང་ཤེས་རབ་དབྱེར་མི་ཕྱེད་པ། རྩའི་འཁོར་ལོ་དྲུག་གིས་བརྒྱན་ཞིང་སྤྱི་བོའི་དབུས་ན་ཧཾ་དང་ལྟེ་འོག་གི་རྩ་གསུམ་འདུས་མདོར། ཨ་ཤད་ཀྱིས་ཀྱང་མཛེས་པ། སྟོད་དུ་ནི་ཚངས་པའི་བུ་ག་དང་ཁྲོ་བོ་རྣམས་ཀྱི་སྤྱན་དབུས་མ་མཚོན་ལ། སྨད་དུ་ནི་སྐྱེས་པའི་རྡོ་རྗེ་ནོར་བུའི་རྩེ་མོ་དང་བུད་མེད་ཀྱི་པདྨའི་ཟེའུ་འབྲུ་ལ་གནས་སོ། །ལྟེ་བ་ཡན་ཆད་རླུང་གིས་གང་ཞིང་ལྟེ་འོག་རྩ་གསུམ་འདུས་མདོ་མན་ཆད་ཤེས་རབ་མའི་རང་བཞིན་ཟླ་བ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བས། དུས་འཁོར་ལས། སྟེང་སྒྲ་གཅན་འོག་དུས་མེ་ཞེས་མགོ་མཇུག་ཏུ་བཤད་ལ། བྱེད་ལས་ནི་མར་སྣས་བྱང་ཆུབ་ཀྱི་སེམས་འབབ་ཅིང་ལྷན་ཅིག་སྐྱེས་པའི་དགའ་བ་སྟེར་བར་བྱེད་པས་ཀུན་འདར་མར་གྲགས་ཤིང་སྟེང་དུ་ནི་ཨ་ཧཾ་གི་བར་ན་སྒྲ་ཅན་གྱི་རླུང་ངམ། ལུས་ཅན་གྱི་སྲོག་རླུང་གནས་པས་དོན་ལ་ལས་དང་ཡེ་ཤེས་ཀྱི་རླུང་ཐམས་ཅད་རྩ་དབུ་མ་དེ་ལ་བརྟེན་པའི་ཕྱིར་ལུས་ཅན་གནས་པར་བྱེད་པའི་སྲོག་རྩ་ཡིན་ནོ། །དེས་ན་ཡེ་ཤེས་ཐམས་ཅད་ཀྱི་རྩ་བ་ཀུན་གཞིའི་ཡེ་ཤེས་དང་། རྣམ་ཤེས་ཐམས་ཅད་ཀྱི་རྩ་བ་ཀུན་གཞིའི་རྣམ་ཤེས་ཡིན་པས། དེ་གཉིས་ཐ་མི་དད་པ་ཐ་མལ་གྱི་ཤེས་པ་ལ་སངས་རྒྱས་ཀྱི་རྒྱུ་བྱེད་པའི་ཆ་ནས་བདེ་གཤེགས་སྙིང་པོར་འབོད་པ་བཞིན་དུ། ཡེ་ཤེས་ཀྱི་རྩ་ཐམས་ཅད་ཀྱི་རྩ་བ་དབུ་མ་དང་། འཁོར་བའི་རྩ་ཐམས་ཅད་ཀྱི་རྩ་བ་སྲོག་རྩ་ཡིན་པས་དེ་གཉིས་མི་ཕྱེད་པ་སྒྲ་ཅན་གྱི་རྩ་ལ་སྲོག་བརྟེན་པའི་ཆ་ནས་སྲོག་རྩ་ཞེས་འབོད་པ་རིགས་ཏེ། ཡེ་ཤེས་ཀྱི་རླུང་ཐམས་ཅད་ཀྱི་རྩ་བ་མི་ཤིགས་པའི་རླུང་དང་ལས་རླུང་ཐམས་ཅད་ཀྱི་རྩ་བ་སྲོག་ཆེན་པོའི་རླུང་ཡིན་པས། དེ་གཉིས་ཆུ་དང་འོ་མ་ལྟར་འདྲེས་པ་སྒྲ་གཅན་གྱི་རླུང་ལ་ཡང་སྲོག་འཛིན་པའི་ཆ་ནས་སྲོག་རླུང་ཞེས་འབོད་པ་འཐད་པའི་ཕྱིར་རོ། །དེས་ན་གཞི་དུས་སུ་རྩ་དབུ་མ་དང་སྲོག་རྩ་མི་ཕྱེད་པ་དེ་ལ་གནད་དུ་བསྣུན་པའི་ལམ་སྒོམ་པས་འབྲས་དུས་སུ་རྩ་ཐམས་ཅད་རྣམ་པར་དག་ནས་དབུ་མ་འབའ་ཞིག་ཏུ་འགྱུར་བ་དེས་དོན་གྱི་ཆོས་སྐད་ཀྱི་སྲོག་དང་སྙིང་ལྟ་བུ་ཡིན་ནོ། །འདིའི་མིང་གི་རྣམ་གྲངས། ཨ་བ་དྷུ་ཏི་སྟེ་ཀུན་འདར་མ། ཕྲ་མོའི་གཟུགས། སུ་མ་ན། ནང་གི་ཤིང་གཅིག ཚངས་པའི་དབྱུགས་པ་སོགས་དུ་མ་འབྱུང་ངོ་། །རྗེ་མི་བསྐྱོད་ཡབ་སྲས་ཀྱིས། གཞི་ལམ་འབྲས་བུའི་དབུ་མ་གསུམ་དུ་རྣམ་པར་བཞག་སྟེ། གཞིའི་རྩ་དབུ་མ་ནི། མ་དག་པ་ལུས་ཀྱི་རྩ་དབུ་མའམ་སྲོག་རྩར་དག་པ་འབྲས་དུས་ཀྱི་དབུ་མའི་རིགས་སམ་རྒྱུའམ་དབྱིངས་ཀྱིས་ཁྱབ་པར་བསྟན། ལམ་གྱི་རྩ་དབུ་མ་ནི། སོར་སྡུད་སོགས་བསྒོམ་པས་ནང་གི་དབུ་མའི་སྒོར་རླུང་སེམས་ཅུང་ཟད་ཚུད་པ་ལ་བརྟེན་ནས་ཕྱི་རོལ་ཏུ་སྟོང་གཟུགས་ལྟར་འཆར་བ་སྟེ། དུས་ཀྱི་རྩ་དང་རེ་ཁཱ་ཞེས་བོད་སྐད་རི་མོའི་རྣམ་པ་ནག་པོ་སྐྲ་ཡི་ཚད་ཙམ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་དེ་ཡིན་ལ། འབྲས་དུས་ཀྱི་རྩ་དབུ་མ་ནི་གཞན་མཆོག་སྐུ་རྡོ་རྗེ་ལ་གནས་པ་སྒྲིབ་བྲལ་གྱི་རང་བཞིན་ནོ། །གཉིས་པ་རོ་རྐྱང་གཉིས་བཤད་པ་ལ་གཉིས། དངོས་དང་། དེ་ཤེས་བྱེད་ཀྱི་ལུང་དང་སྦྱར་བའོ། །དང་པོ་ནི། གཡས་གཡོན་ནས། གསོ་སྐྱེད་བྱེད། ཅེས་གསུངས་ཏེ། གཡས་རོ་མ་དང་གཡོན་རྐྱང་མ་གཉིས་པོ་དེ་ནི་ལྟེ་བའི་འོག་སོར་བཞིའི་ཐད་ནས་གྱེས་ཤིང་ལྟེ་བར་འདུས་ནས་གྱེས་ཏེ་མཁལ་མར་རྩ་ཆེན་པོ་ལ་འབྲེལ་ལ་དེ་ནས་སླར་ཡང་སྙིང་གར་གཡས་ཀྱི་སེར་སྐྱ་དང་གཡོན་གྱི་ཨི་ཊ་ལ་འབྲེལ་བར་ཅུང་ཟད་འདུས་ཤིང་དེ་ཡང་མཆན་འོག་གི་རྩ་ཆེན་པོ་སྙིང་རྩ་རྡུལ་འདུལ་བརྒྱུད་ནས་མགྲིན་པར་འདུས་ཏེ། རྩེའུ་ཆུང་ཏུ་གྱུར་ནས་ནི་རྣ་བའི་འོག་ནས་ཕུག་ཅིང་ལྗོན་ཤིང་གི་རྩ་ཤེས་པ་ཀླད་པ་ལ་སོང་སྟེ། སྤྱི་བོར་ཚངས་བུག་དང་འབྲེལ་པས་དབང་པོའི་སྒོ་ཐམས་ཅད་དུ་ཁྱབ་ཅིང་། བྱེ་བྲག་ཏུ་སྣ་བུག་གཉིས་སུ་ཡར་སྣ་གཉིས་འབྱུང་ངོ་། །འོག་ཏུ་རྩ་གསུམ་འདུས་མདོ་ནས་གྱེས་ཏེ་བུད་མེད་ཀྱི་མངལ་ཁྲག་དང་སྐྱེས་པ་བུད་མེད་གཉིས་ཀའི་དྲི་ཆེན་འབྱིན་སྡོམ་གྱི་ལས་ནི་གཡས་པ་རོ་མའི་མར་སྣས་བྱེད་ཅིང་། གཡོན་པ་རྐྱང་མའི་མར་སྣས་སྐྱེས་པ་བུད་མེད་གཉིས་ཀའི་དྲི་ཆུ་འབྱིན་པ་དང་སྡོམ་པར་བྱེད་པར་བཤད་པ་ཡིན་ཏེ། ཀྱེ་རྡོ་རྗེ་ལས། རྐྱང་མ་མི་སྐྱོད་འབབ་པ་སྟེ། །རོ་མ་དེ་བཞིན་ཁྲག་འབབ་ཅིང་། །ཞེས་སོགས་གསུངས་པས་སོ། །རོ་རྐྱང་གི་ལྟེ་བའི་སྟེང་ཡན་ཆད་དུ་ཉི་ཟླའི་རླུང་རྒྱུ་བ་ཡིན་ཏེ། ལྟེ་བར་རྩ་གསུམ་པོ་ནང་གཅིག་ཏུ་གྱུར་པ་ལས་ནི་དུས་སྦྱོར་གྱི་རྩ་དྲུག་ཅུ་རྩ་བཞིའམ། ཕུང་པོ་སོ་དྲུག་དང་ཁམས་སོ་དྲུག་སྟེ་དུས་སྦྱོར་གྱི་སྐོར་གྱི་རྩ་བདུན་ཅུ་རྩ་གཉིས་སུ་གྱེས་ཤིང་རླུང་རྒྱུ་བས། ཕྱི་རོལ་སྟེང་འོག་གི་སྒོ་སོགས་དང་། ནང་སྲོག་ཆེན་པོའི་རླུང་ལ་སོགས་པ་ཀུན་གསོ་ཞིང་སྐྱེད་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། འདི་ནི་ནས། ལམ་གསུམ་ཉིད། ཅེས་གསུངས་ཏེ། རྩ་གསུམ་གྱི་གནས་ཚུལ་འདི་ནི་དང་པོའི་སངས་རྒྱས་དུས་འཁོར་རྩ་རྒྱུད་ལས། རྩ་ཡིག་ཙོ་མོ་གསུམ་པོ་དེ་ནི་ཐུར་དུ་གཤང་གཅི་ཁུ་བ་འབབ་པའི་རྩའི་རྩེ་མོ་གསུམ་སྟེ། དེ་བཞིན་ཏུ་གྱེན་དུའང་རྩེ་མོ་གསུམ་མོ། །རྩེ་གསུམ་པོ་དེ་ཡང་སྒྲ་གཅན་ཏེ་དབུ་མའི་རྩེ་མོ་དབུས་ན་གནས་ཤིང་། ཉི་མ་སྟེ་རོ་མའི་རྩེ་མོ་གཡས་པ་ལའོ། །ཟླ་བ་སྟེ་རྐྱང་མའི་རྩེ་མོ་གཡོན་པ་ལ་ལའོ། །དེ་ཡང་རྐྱང་མ་ལས་ཆུ་རླུང་དང་། རོ་མ་ལས་མེ་རླུང་དང་། དབུ་མ་ལས་ནམ་མཁའི་རླུང་རྒྱུ་ཞིང་། གཡས་གཡོན་དབུ་མ་གསུམ་པོ་ཡི་མར་སྣ་ནས་རིམ་པ་བཞིན་གཤང་བ་གཅི་བ་ཁུ་བ་རྣམས་རྒྱུ་ལ། འཁོར་ལོ་སོ་སོའི་ལྟེ་བ་ལྕགས་སྒྲོགས་བཅིངས་པ་ལྟ་བུར་རྩ་རྣམས་མདུད་ཅིང་གྱེས་པའི་རྩ་བར་གནས་སོ། །རྩ་གསུམ་བོ་དེའི་ལྟེ་བ་ཡན་ཉི་ཟླ་སྒྲ་གཅན་གྱི་སྲོག་གསུམ་གྱི་ལམ་དང་ལྟེ་འོག་མན་གཤང་གཅི་ཁུ་བ་ཐུར་སེལ་གསུམ་གྱི་ལམ་ཡིན་ནོ། །གསུམ་པ་རྩའི་གཙོ་མོ་སོ་བཤད་པ་ལ་གསུམ། སྤྱིར་བསྟན་པ། རྩ་ཉེར་བཞི་པོ་ངོས་བཟུང་བ། སྦས་པའི་རྩ་ལྔ་བཤད་པའོ། །དང་པོ་ནི། འདི་ལས་ནས། སུམ་ཅུ་བདུན། ཞེས་གསུངས་ཏེ། རྩའི་གཙོ་མོ་གསུམ་པོ་འདི་ལས་གྱེས་པའི་ཡུལ་ཉི་ཤུ་རྩ་བཞིའི་རྩ་ཆེན་པོ་ཉི་ཤུ་རྩ་བཞི་ཡོད་དེ་དེ་ནི་ཕྱི་རོལ་དུ་ཡུལ་ཆེན་ཉི་ཤུ་རྩ་བཞི། གཞན་ཏུ་ཐུགས་གསུང་སྐུའི་འཁོར་ལོའི་རྣལ་འབྱོར་མའི་རང་བཞིན་ཡིན་ལ། དེའི་ཐོག་ཏུ་སྙིང་གའི་ཡན་ལག་གི་རླུང་ནི་བརྟེན་པའི་རྩ་ལྔ་དང་། རྩའི་གཙོ་མོ་གསུམ་བསྣན་པ་དང་བཅས་པས་རྩ་སུམ་ཅུ་རྩ་གཉིས་སུ་སམྦུ་ཊི་ལས་གསུངས་ཤིང་། སོ་གཉིས་པ་དེ་ལས་བཅུ་དྲུག་པའི་ཆ་ལ་དཀར་ནག་གཉིས་ལས། དབུ་མའི་མར་སྣ་དུང་ཅན་མར་བདེ་བ་འཕེལ་བས་དཀར་ཕྱོགས་དང་མཐུན་ལ་བདུད་བྲལ་ལས་དཀར་ཆ་གྱེན་ལ་འདྲེན་པས་ནག་ཕྱོགས་དང་མཐུན་པའི་དབང་གིས་དེ་གཉིས་དོར་བའི་ལྷག་མ་རྩ་སུམ་ཅུ་པོ་ནི་ཚེས་བཅོ་ལྔ་ལ་དཀར་ནག་གི་ཆ་གཉིས་སུ་ཕྱེ་བའི་དག་པ་བདག་མེད་མ་ལྷ་མོ་བཅོ་ལྔའི་རང་བཞིན་ཡིན་ཞིང་སུམ་ཅུ་རྩ་གཉིས་ཀྱི་ཐོག་ཏུ་རྩ་བ་ཡི་རླུང་ལྔ་བརྟེན་པའི་རྩ་ལྔ་དང་བཅས་པས་སུམ་ཅུ་རྩ་བདུན་ནི་རྩའི་གཙོ་མོས་བདུན་ཡིན་ནོ། །རྩ་བའི་རླུང་ལྔའི་རྟེན་གྱི་ངོ་བོ་ནི། ལྟེ་འོག་མན་ནི་ཡེ་ཤེས་ཀྱི་ཁམས་ཐུར་སེལ་འབབ་པའི་རྩ་དུང་ཅན་མ་དང་། ལྟེ་བ་ཡན་ནམ་མཁའི་ཁམས་སྲོག་གི་རྟེན་བྱེད་པའི་རྩ་ཡིད་བཟང་མ་དང་། སྙིང་གའི་མདུན་ན་མེ་མཉམ་རྒྱུ་བའི་རྩ་སྣར་མ་དང་། མེ་མཚམས་ནས་གྱེན་རྒྱུའི་རྟེན་གླང་ཆེན་ལྕེ་དང་། ལྷོ་ནས་ཁྱབ་བྱེད་ཀྱི་རྟེན་སེར་སྐྱ་སྟེ། དེ་ལྟར་གཞི་ལ་ཕུང་ཁམས་སོ་དྲུག །ཁྱབ་བྱེད་བསམ་དུ་མེད་པའི་ཐུགས་རྡོ་རྗེ་དང་སོ་བདུན། ལམ་དུ་བྱང་ཕྱོགས་སོ་བདུན། འབྲས་བུ་ལ་འབྲས་དུས་ཀྱི་བྱང་ཕྱོགས་སོ་བདུན་དུ་འགྱུར་བ་ཡིན་ནོ། །གཉིས་པ་རྩ་ཉི་ཤུ་རྩ་བཞི་པོ་ངོས་བཟུང་བ་ལ་གསུམ། རྐྱང་མ་ལས་སྐྱེས་པའི་རྩ་བཅུ་བཞི་དང་། རོ་མ་ལས་སྐྱེས་པ་བཅུ་བཤད། དོན་བསྡུ་བའོ། །དང་པོ་ནི། འདི་ཡི་ནས། རང་བཞིན་ནོ། །ཞེས་གསུངས་ཏེ། རྩ་གསུམ་པོ་འདི་ཡི་གཡོན་པ་རྐྱང་མའི་ཆར་སྐྱེས་པ་བཅུ་བཞི་ནི། རྡོ་རྗེ་གསུམ་མི་ཕྱེད་པས་ན་མི་ཕྱེད་མ་སྟེ་དེ་ནི་ལུས་ཀྱི་འཚོགས་མར་གནས་པའི་རྩའོ། །རྣམ་རྟོག་ཕྲ་མོར་བྱེད་པས་སམ་ཤིན་ཏུ་ཕྲ་བར་སྐྱེས་པས་སམ་སྐྲ་རྩེ་ལ་སོགས་པའི་དབྱེ་བས་བེམ་པོ་བསྡུས་པས་ན་ཕྲ་གཟུགས་མ་ཏེ་དེ་ནི་ལུས་ཀྱི་སྤྱི་གཙུག་ཏུ་འབྲེལ་བའི་རྩའོ། །དགའ་བར་བྱེད་པས་སམ་ཡིད་དུ་འོང་བས་རྩེ་བ་མའམ་དགའ་བ་མ་སྟེ་དེ་ནི་ལུས་ཀྱི་རྣ་བ་གཡས་པ་ལ་གནས་པའི་རྩའོ། །གཡོན་ཕྱོགས་བརྟེན་པས་གཡོན་པ་མ་སྟེ་དེ་ནི་ལུས་ཀྱི་ལྟག་པའི་རྩའོ། །ཟླུམ་པོ་ཉིད་ཀྱིས་ན་ཐུང་ངུ་མ་ཞེས་བྱ་སྟེ་ལུས་ཀྱི་རྣ་བ་གཡོན་པ་ལ་གནས་པའི་རྩའོ། །རུས་སྦལ་སྐྱེས་མ་ནི་རུས་སྦལ་གྱི་གཟུགས་འདྲ་བས་ན་རུས་སྦལ་སྐྱེས་མ་སྟེ་ལུས་ཀྱི་སྨིན་མའི་དབུས་ན་གནས་པའི་རྩའོ། །སྲིད་པ་སྒོམ་པས་ན་སྒོམ་པ་མོ་སྟེ་ལུས་ཀྱི་མིག་གི་ཕྱི་རོལ་དུ་གནས་པའི་རྩའོ། །དབང་བསྐུར་སྦྱིན་པར་བྱེད་པས་ན་དབང་བསྐུར་མ་སྟེ་ལུས་ཀྱི་ཕྲག་པ་གཉིས་ཀྱི་རྩའོ། །ཉོན་མོངས་པ་སུན་འབྱིན་པར་བྱེད་པས་ན་སྐྱོན་མའམ་མཚན་མོ་ཅན་ཏེ་ལུས་ཀྱི་མཆན་ཁུང་གཉིས་ཀྱི་རྩ་ཡིན་ནོ། །ལུས་སྐྱོང་བར་བྱེད་པས་ན་མཇུག་མའམ་བཤང་ཆེན་མ་ཞེས་བྱ་སྟེ་ལུས་ཀྱི་ནུ་མའི་རྩའོ། །སྐྱེད་པར་བྱེད་པས་ན་མ་མོ་སྟེ་ལུས་ཀྱི་ལྟེ་བའི་རྩའོ། །ཐམས་ཅད་དུ་འོངས་པས་ན་མཚན་མོ་ཞེས་བྱ་སྟེ་ལུས་ཀྱི་སྣ་རྩེར་ཟུག་པའི་རྩའོ། །ཞི་བས་ན་བསིལ་སྟེར་མ་སྟེ་ལུས་ཀྱི་ཁའི་མཐའ་སྐོར་ལ་གནས་པའི་རྩའོ། །དྲོ་བར་བྱེད་པས་ཚ་བ་མའམ་དྲོད་མ་སྟེ་ལུས་ཀྱི་མགྲིན་པའི་དབུས་ན་གནས་པའི་རྩའོ། །འདི་རྣམས་ཤེས་རབ་ཀྱི་རང་བཞིན་ཟླ་བའི་ཁམས་འབབ་པར་བྱེད་པ་སྟེ། གཙོ་མོ་རྐྱང་མ་ལ་དེ་དག་ཀུན་བརྟེན་པ་ཡིན་ནོ། །དེ་རྣམས་བསམ་པའི་སྒོ་ནས་ཤེས་རབ་དང་ལུས་ཀྱི་སྒོ་ནས་ཐབས་ཀྱི་རང་བཞིན་ཟླ་བ་ཡར་ངོའི་ཆ་རྣམ་པར་དག་པའོ། །གཉིས་པ་ནི། རོ་མ་ནས། གཉན་གོང་གནས། ཞེས་གསུངས་ཏེ། རོ་མ་ལ་བརྟེན་པ་ཐབས་ཀྱི་ཆ་ཤས་སུ་གྱུར་པའི་རྩ་བཅུ་ནི། ཟླ་བ་ལྟ་བུས་ན་མཚན་མའམ་གཞོལ་མ་སྟེ་ལུས་ཀྱི་བྲང་གི་གཞུང་དུ་གནས་པའི་རྩའོ། །མུན་པ་ཆེན་པོ་ལྟ་བུས་ན་ནག་མོའམ་རངས་མ་སྟེ་ལུས་ཀྱི་ལྒང་པར་འབྲེལ་བའོ། །བེམས་པོས་བསྡུས་པས་ན་ཤིན་ཏུ་གཟུགས་ཅན་མ་སྟེ་ལུས་ཀྱི་མཚན་མར་གནས་པའི་རྩའོ། །མཉམ་པའི་དངོས་པོས་ན་སྤྱི་མ་ཞེས་བྱ་སྟེ་ལུས་ཀྱི་འོག་སྒོ་དང་འབྲེལ་བའི་རྩའོ། །རྒྱུ་ཐམས་ཅད་སྟེར་བས་རྒྱུ་སྦྱིན་མ་སྟེ་ལུས་ཀྱི་བརླའི་རྩ་ཆེན་པོ་ཡིན་ནོ། །སྦྱོར་བ་ཐམས་ཅད་མེད་པས་ན་སྦྱོར་བྲལ་མ་སྟེ་ལུས་ཀྱི་བྱིན་པར་གནས་པའི་རྩའོ། །དགའ་བ་བསྡུས་པས་ན་དགའ་བྱེད་མའམ་སྡུ་གུ་མ་སྟེ་ལུས་ཀྱི་རྐང་པའི་སོར་མོ་དང་འབྲེལ་བའི་རྩའོ། །དངོས་གྲུབ་སྦྱིན་པས་ན་གྲུབ་མ་སྟེ་ལུས་ཀྱི་རྐང་པའི་བོ ལ་གོང་གི་རྩའོ། །ཉོན་མོངས་སྲེག་པས་ན་འཚེད་མ་སྟེ་ལུས་ཀྱི་རྐང་པའི་ཐེ་བོའི་སྤུ་འཁྱིལ་བའི་རྩའོ། །ཤེས་རབ་ཀྱི་ལྷ་མོ་ཡིན་པས་ན་ཡིད་བཟང་མ་སྟེ་ལུས་ཀྱི་པུས་མོའི་གཉན་གོང་ན་གནས་པའི་རྩའོ། །འདི་རྣམས་བསམ་པའི་སྒོ་ནས་ཐབས་དང་། ལུས་ཀྱི་སྒོ་ནས་ཤེས་རབ་ཟླ་བ་མར་གྱི་ངོ་རྣམ་པར་དག་པའོ། །གསུམ་པ་ནི། དེ་ལྟར་སོགས་རྐང་པ་གཅིག་སྟེ། དེ་ལྟར་ན་རོ་རྐྱང་ལ་བརྟེན་པའི་རྩ་ཉི་ཤུ་རྩ་བཞི་པོ་དེ་ནི་ཕྱི་རོལ་གྱི་ཡུལ་ཉི་ཤུ་རྩ་བཞིའི་རང་བཞིན་ཡིན་པས་རྡོ་རྗེའི་ལུས་ཀྱི་ནང་གི་གནས་སུ་འདོད་པ་ཡིན་ནོ། །གསུམ་པ་སྦས་པའི་རྩ་ལྔ་ནི། སུམ་སྐོར་ནས། རླུང་རྒྱུའི་གནས། ཞེས་གསུངས་ཏེ། རྣམ་པ་གསུམ་གྱིས་འཇུག་པས་ན་སུམ་སྐོར་མ་སྟེ་སྙིང་གའི་དབུས་ནས་མིག་ལ་འབྲེལ་ཏེ་རླུང་རྒྱུ་ཞིང་གཟུགས་འབབ་པ་དང་། འདོད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པས་འདོད་མ་སྟེ་སྙིང་གའི་དབུས་ནས་རྣ་བ་ལ་འབྲེལ་ཏེ་རླུང་རྒྱུ་ཞིང་སྒྲ་འབབ་བ་དང་། ཁྱིམ་གྱི་བདག་མོ་ཡིན་པས་ན་ཁྱིམ་མ་སྟེ་སྙིང་གའི་དབུས་ནས་སྣ་ལ་འབྲེལ་ཏེ་རླུང་རྒྱུ་ཞིང་དྲི་འབབ་པར་བྱེད་ལ། གཏུམ་པའི་ལམ་བྱེད་པས་ན་གཏུམ་མོ་ཞེས་བྱ་བའི་རྩ་སྟེ་སྙིང་གའི་དབུས་ནས་ལྕེ་ལ་འབྲེལ་ཏེ་རླུང་རྒྱུ་ཞིང་རོ་འབབ་པར་བྱེད་དོ། །དབང་པོ་དེ་དག་ཀྱང་རྩ་དེ་རྣམས་དེའི་ནང་དུ་རྒྱུ་བའི་རླུང་། དེ་དང་ལྷན་ཅིག་འབྱུང་བའི་ཐིག་ལེ་ལས་བྱུང་བ་ཡིན་ལ། བདུད་འཇོམས་པར་བྱེད་པས་ན་བདུད་བྲལ་ཏེ་སྙིང་གའི་དབུས་ནས་རྩེ་མོ་གཅིག་ལྕེའུ་ཆུང་གི་དབུས་སུ་ཟུགས་ནས་ཁམས་དཀར་ཆ་གྱེན་ལ་འབབ་པར་བྱེད་ཅིང་། རྩེ་མོ་གཞན་ལུས་ཀྱི་སྟོད་སྨད་ཐམས་ཅད་དུ་ཁྱབ་ནས་བྱེད་ལས་ཕྱོགས་གཅིག་གིས་རེག་བྱ་འབབ་པར་བྱེད་དོ། །སྦས་པའི་རྩ་ལྔ་འཆད་པའི་སྐབས་འདིར་ནི་ལུས་ཀྱི་སྙིང་གའི་དབུས་སུ་སྦས་པའི་རྩ་ལྔ་པོ་ནི་ཡང་དག་པར་གནས་པར་གསུངས་པ་ལས། སྲོག་ཆེན་པོའི་རླུང་རྒྱུ་བའི་གནས་ནི་ཨ་བ་དྷཱུ་ཏིའི་ཡར་སྣ་ཡིན་ཏེ། དེ་ལས་གཞན་པའི་རྩ་བའི་རླུང་བཞི་རྒྱུ་བའི་གནས་ཡིན་ལ་དེ་ཡང་ཐུར་སེལ་གྱི་རླུང་གི་གནས་ཨ་བ་དྷཱུ་ཏིའི་མར་སྣ་དང་། གྱེན་རྒྱུའི་གནས་གླང་པོ་ཆེའི་ལྕེ་དང་། ཁྱབ་བྱེད་ཀྱི་གནས་སེར་སྐྱ་དང་། མེ་མཉམ་ཀྱི་གནས་སྣར་མའི་རྩ་རྣམས་ཡིན་ནོ། །འདིར་སྦས་པའི་རྩ་ལ་ངོས་འཛིན་དང་འཆད་ཚུལ་མང་ཡང་། ཐམས་ཅད་མཁྱེན་པ་བདུན་པའི་ཞལ་སྔ་ནས། རྗེ་དེ་བཞིན་གཤེགས་པའི་གསུང་སྒྲོལ་ལྟར། རྩ་བའི་རླུང་ལྔ་རྒྱུ་བའི་རྩ་ལྔ་ཁོ་ན་སྦས་པའི་རྩ་ལྔ་ཡིན་ལ། སྦས་པ་ཞེས་པའི་དོན་ནི། བདེ་དགྱེས་གཉིས་ཀར་སྦས་ནས། དུས་འཁོར་དུ་གསལ་བར་གསུངས་པ་དང་། བྱ་བ་སྦས་པ་གཉིས་ཀའི་སྒོ་ནས་སྦས་པར་བཤད་ལ། ཀྱཻ་རྡོར་དུ་རྩའི་གཙོ་མོ་སུམ་ཅུ་རྩ་བདུན་ཞེས་བཤད་ཀྱང་། རྩ་བའི་རླུང་རྒྱུ་བའི་རྩ་འདབ་ལྔ་པོ་འདིའི་ངོས་འཛིན་གསལ་པོར་མ་མཛད་པས། ཀྱཻ་རྡོར་དུའང་སྦས་པའི་ཚུལ་དུ་གསུངས་ཏེ། ཀྱཻ་རྡོར་གྱི་འགྲེལ་པ་མང་པོར་སྦས་པ་རྩ་ལྔ་ཞེས་འབྱུང་བས་སོ། །འདིར་སུམ་སྐོར་མ་ནས་རྩ་བའི་རླུང་རྒྱུའི་གནས། །ཞེས་པའི་བར་རྩ་འདབ་བཅུ་ཀ་བསྡོམ་པ་ལ། སྦས་པའི་རྩ་ལྔར་བཤད་པ་ནི། ཞེས་མི་གསལ་བའི་ཚུལ་དུ་ས་བཅད་པ་དང་། འོག་ཏུ་བྱེ་བྲག་ཅེས་སོགས་གསུངས་པ་ནི་དགོངས་པ་ཅན་ཡིན། ཅེས་གསུངས་ཏེ་ས་སྐྱ་པའི་བདག་མེད་བསྟོད་འགྲེལ་དང་། རྒྱལ་བ་ཡང་དགོན་པ་རྣམས་དང་བཞེད་པ་མཐུན་ནོ། །དྭགས་རམ་པས། ཡན་ལག་གི་རྟེན་ལ་སྦས་པའི་རྩར་འཇོག་པ་ནི་ཡོན་ཏན་གྱི་སྒོ་ནས་བཞག་ཅིང་། རྩ་བའི་རླུང་ལྔའི་རྟེན་ལ་སྦས་པའི་རྩ་འཇོག་པ་ནི་ཁམས་ལྔའི་སྒོ་ནས་བཞག་པ་ཡིན་ནོ། །ཞེས་དང་། རྗེ་དཀོན་མཆོག་ཡན་ལག་གིས། དབུ་མ་དང་འབྲེལ་བའི་རྩ་བཅུ་པ་སྦས་པའི་རྩ་ཞེས་བསྟན་པའི་དོན་ནི་སྙིང་གའི་འོད་གསལ་མི་ཤིགས་པ་ལས་ལངས་ནས་གཟུགས་སོགས་ཡུལ་ལ་འཇུག་པ་དང་། ལམ་དུས་སུ་དེ་རྣམས་ཀྱི་བྱེད་པ་བཅིངས་པས་རྟགས་བཅུ་འཆར་བའི་རྩ་བར་གྱུར་པས་སྦས་པ་སྟེ་ས་བོན་ནམ་གཏེར་སྦས་པ་ལྟ་བུའོ། །དེ་ལ་བཅུར་ཡོད་ཀྱང་ལྔར་བཞག་པ་ནི་ཤིང་ལོ་མ་བདུན་པར་བརྗོད་པ་དང་འདྲ། ཞེས་སོགས་གསུངས་ཏེ་མཚུར་ཕུ་འཇམ་དབྱངས་ཆེན་པོ་སོགས་དང་བཞེད་པ་མཐུན་ནོ། །བཞི་པ་རྩའི་འཁོར་ལོ་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དེ་ནས་ནས། དབྱེ་བ་ནི། ཞེས་གསུངས་ཏེ། རྩའི་གཙོ་མོ་རྣམས་བཤད་པའི་རྗེས་དེ་ནས་འཁོར་ལོའི་རྩ་རྣམས་འཆད་དོ། །དེ་ཡང་ལྟེ་སྙིང་མགྲིན་སྤྱིའི་འཁོར་ལོ་བཞི་དང་། དེའི་སྟེང་དུ་གསང་གཙུག་གི་འཁོར་ལོ་བསྣན་པས་དྲུག་དང་། ཚིགས་ཆེན་གྱི་འཁོར་ལོ་བཅུ་གཉིས་བསྣུན་པས་བཅོ་བརྒྱད་དོ། །ལ་སོགས་པས་ཚིགས་ཕྲན་གྱི་འཁོར་ལོ་དྲུག་ཅུ་སྟེ། རྩའི་འཁོར་ལོ་རྣམས་ཀྱི་དབྱེ་བ་ནི་རྒྱུད་འགྲེལ་ཇི་ལྟ་བ་བཞིན་འོག་ནས་འཆད་པར་འགྱུར་རོ། །འདིར་རྩའི་འཁོར་ལོ་ཞེས་གསུངས་པའི་སྒྲ་དོན་ནི། རྩ་འདབ་ཀྱི་དབྱིབས་འཁོར་ལོ་ལྟ་བུར་ཡོད་པས་སམ་གནད་བཅིངས་ནས་དེ་ལ་གནད་དུ་བསྣུན་པས་གནས་སྐབས་བཞིའི་འཁྲུལ་པ་གཅོད་པས། འཁོར་ལོས་མི་མཐུན་ཕྱོགས་གཅོད་པ་དང་བྱེད་ལས་ཆོས་མཚུངས་པའི་དོན་གྱིས་འཁོར་ལོ་ཞེས་བརྗོད་པ་ཡིན་ནོ། །གཉིས་པ་ལ་གསུམ། རྩ་བའི་འཁོར་ལོ་བཞི་བཤད་པ། དྲུག་བཤད་པ། ཚིགས་ཀྱི་འཁོར་ལོ་བཤད་པའོ། །དང་པོ་ལ་ལྔ། ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོའི་འཁོར་ལོ་བཤད་པ། ཐུན་མོང་གི་དོན་བཤད་པའོ། །དང་པོ་ལ་གཉིས། སྤྱིར་བསྟན་པ། རྩ་འདབ་ཀྱི་མིང་རྡོ་རྗེ་ཕྲེང་པའི་ལུང་དང་སྦྱར་ནས་མཇུག་བསྡུ་བའོ། །དང་པོ་ནི། ལྟེ་བ་ནས། འཕོ་བ་ཡིན། ཅེས་གསུངས་ཏེ། ལུས་ཀྱི་ལྟེ་བའི་ཐད་ན་གནས་ཤིང་། ལུས་བསྐྱེད་ཅིང་སྤྲུལ་པ་དང་། རྩའི་དབྱིབས་འཁོར་ལོ་ལྟ་བུར་ཡོད་པས་སམ། རྩ་དེ་ལ་གནད་དུ་བསྣུན་པས་སད་པའི་གནས་སྐབས་སྤྲུལ་པའི་སྐུའི་དགོངས་པར་འཆར་ཞིང་། སྤང་བྱ་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པས་འཁོར་ལོ་སྟེ་དེ་ནི་དབུ་མ་ལས་གྱེས་པའི་རྩ་འདབ་སྟོང་པ་ཡེ་ཤེས་ཀྱི་ཁམས་བཞི་ལ། གསུམ་ཚན་དུ་གྱེས་པའི་འཕོ་བ་ཆེན་པོ་བཅུ་གཉིས་རིམ་པར་རྒྱུ་བའི་རྩ་བཅུ་གཉིས་ལ་འཕོ་ཆུང་གི་རིམ་པ་ཡིས་ལྔ་ཚན་དུ་གྱེས་པས་དྲུག་ཅུ་སྟེ་དེ་རྣམས་ལས་གཡས་ཀྱི་རྩ་སུམ་ཅུ་ནི་རོ་མ་དང་འབྲེལ་བ་གླང་ལ་སོགས་པའི་མཉམ་པའི་དུས་སྦྱོར་དང་གཡོན་པའི་རྩ་སུམ་ཅུ་ནི་རྐྱང་མ་དང་འབྲེལ་བ་ལུགས་སོགས་མི་མཉམ་པའི་དུས་སྦྱོར་གྱི་འཕོ་བ་རྣམས་བརྟེན་ཅིང་། སྟོང་པའི་རྩ་བཞི་པོ་ལ་དབུ་མའི་འཕོ་བ་བརྟེན་པ་ཡིན་ནོ། །སྐབས་འདིར་ཁོ་བོ་ཅག་གི་བླ་མ་ལྷ་ལུང་པས་ནི། རྩ་གཉིས་རེ་ཟུང་དུ་བསྡེབས་པའི་དབང་གིས་གཡས་མཉམ་ཁྱིམ་དང་གཡོན་མི་མཉམ་པའི་ཁྱིམ་སྟེ། དཔེར་ན་མདུན་དྲང་པོར་ཡོད་པའི་རྩ་དེ་ལུག་ཁྱིམ་མི་མཉམ་པ། དེའི་གཡས་སུ་ཡོད་པ་དེ་གླང་ཁྱིམ་མཉམ་པའི་རྩ་སོགས་སུ་བཞེད་པ་སྟེ་སྡུད་རིམ་སྐབས་སོགས་ལ་འགྲིགས་བདེ་བ་ཡིན་གསུང་ངོ་། །གཉིས་པ་ནི། མིང་ནི་ནས། རྩ་བཞིའོ། །ཞེས་གསུངས་ཏེ། ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞི་ལས་རྩ་བའི་རྩ་འདབ་བཞིའི་མིང་ནི་རྒྱུད་རྡོ་རྗེ་ཕྲེང་བ་ལས་ཡང་དག་ཤུགས་དང་ཤིན་ཏུ་ཤུགས་དང་ཤིན་ཏུ་བཟང་དང་བཟང་པོར་འགྲོ་བ་ཞེས་གསུངས་པ་ནི་རོ་རྐྱང་ལས་དབུ་མར་འཇུག་པའི་རྩ་བཞི་ཡིན་ལ། སྔ་མ་གཉིས་རླུང་དབུ་མར་འཇུག་པའི་སྟོབས་ཤུགས་དང་ལྡན་པ་དང་། ཕྱི་མ་གཉིས་སྲོག་དབུ་མར་འཛིན་པས་བཟང་པོར་བྱེད་པའི་དོན་ཏེ། རྩ་ལྷག་མའི་མིང་རྣམས་ཀྱང་བྱེད་ལས་ལས་བཏགས་བར་གསལ་ལོ། །རྩེ་མོའི་འདབ་མ་དྲུག་ཅུ་ནི་འཕོ་ཆེན་ནམ་དུས་སྦྱོར་བཅུ་གཉིས་ལ་བརྟེན་པ་ཡིན་ཏེ། དེ་ལ་དང་པོ་ལུག་གི་དུས་སྦྱོར་གྱི་འཕོ་བ་བརྟེན་པའི་རྩ་འདབ་ལྔའི་མིང་ནི། ཡང་དག་པའི་སྟོབས་དང་ལྡན་པས་སྟོབས་ཆེན་དང་། མི་ཟད་ཆེ་བ་དང་མཛེས་ཆེན་དང་མདུན་དུ་སྐྱེས་པ་ཆེ་བ་དང་བརྒྱགས་པའི་རྟགས་དང་ལྔ་ཡིན་ནོ། །གླང་གི་དུས་སྦྱོར་གྱི་རྩའི་མིང་ནི། བརྒྱགས་པའི་ཆ་དང་བརྒྱགས་པའི་ཆུ་དང་། བརྒྱགས་སྨྱོ་བྱེད་དང་། བརྒྱགས་པ་དང་བརྒྱགས་པའི་རྒྱུ་མཐུན་དང་ལྔ་ཡིན་ནོ། །འཁྲིགས་པའི་དུས་སྦྱོར་གྱི་རྩའི་མིང་ནི། བརྒྱགས་པའི་རླན་དང་བརྒྱགས་པ་འཆང་བ་དང་རྩུབ་པ་དང་ཁ་ཆུ་དང་གླང་པོ་སྟེ་ལྔ་ཡིན་ནོ། །ཀརྐ་ཊའི་དུས་སྦྱོར་གྱི་རྩའི་མིང་ནི། དབུགས་མི་བདེ་བ་དང་གཡའ་ཁ་འགྲོ་དང་འདབ་ཆགས་ཡན་ལག་དང་ཁྲ་ཡི་གདོང་པ་དང་ཟ་ཕོད་དང་ལྔ་ཡིན་ནོ། །སེང་གེའི་དུས་སྦྱོར་གྱི་རྩ་ཡི་མིང་ནི། མི་བཟད་པ་དང་སྒྲ་སྒྲོགས་དང་དྲི་ལྡན་དང་བརྡིག་པ་དང་བརཏལ་བ་དང་ལྔ་ཡིན་ནོ། །བུ་མོའི་དུས་སྦྱོར་གྱི་རྩའི་མིང་ནི། དབྱངས་དང་དབྱངས་སྐྱེས་དང་ནི། སྤྲིན་པ་དང་ཆུ་བ་མཐོ་བ་དང་རྒྱ་ལྟར་སྔོ་བ་དང་ལྔ་ཡིན་ནོ། །སྲང་གི་དུས་སྦྱོར་གྱི་རྩའི་མིང་ནི། ཡུད་ཙམ་གཙོ་བོ་དང་། ཡུད་ཙམ་སྐྱེས་པ་དང་། རྒྱབ་ཏུ་ཁ་བལྟས་པ་དང་དབྱུག་པ་དང་དབྱུག་སྙོམས་དང་ནི་ལྔ་ཡིན་ནོ། །སྡིག་པའི་དུས་སྦྱོར་གྱི་རྩའི་མིང་ནི། རྙིང་པ་དང་ཚིགས་ཀྱི་ལྷ་དང་ཚིགས་ཀྱི་ཚིག་དང་ཚིགས་ཀྱི་ཚད་དང་བརཏལ་བ་དང་ལྔ་ཡིན་ནོ། །གཞུའི་དུས་སྦྱོར་གྱི་རྩའི་མིང་ནི། ཚིགས་ཀྱི་གནས་དང་ཚིགས་ཀྱི་གདོང་དང་ཚིགས་འོད་དང་ཚིགས་ཀྱི་ལུ་གུ་རྒྱུད་དང་དུལ་བྱེད་དང་ལྔ་ཡིན་ནོ། །ཆུ་སྲིན་གྱི་དུས་སྦྱོར་གྱི་རྩའི་མིང་ནི། དུལ་འགྲོ་དང་གཟི་བརྗིད་དང་དྲི་མེད་དུལ་བ་དང་སྙེམས་མ་དང་ཆུན་འཕྱང་ལྷོ་དང་ལྔ་ཡིན་ནོ། །བུམ་པའི་དུས་སྦྱོར་གྱི་རྩ་ཡི་མིང་ནི། ཆགས་པ་ཆགས་དང་ཆུན་འཕྱང་དང་ཆུན་འཕྱང་ཕྱེད་པ་དང་སྦྲང་བུ་ཕྲུ་གུ་དང་ཕྲུ་གུ་སྟེར་བ་དང་ལྔ་ཡིན་ནོ། །ཉའི་དུས་སྦྱོར་གྱི་རྩའི་མིང་ནི། འགྲོ་བ་དང་ལོ་མ་དང་ལོ་མའི་མགྲིན་པ་དང་རབ་མཆོག་མ་དང་རབ་གསལ་ཏེ་ལྔ་ཡིན་ནོ། །དེ་ལྟར་ན་ལྟེ་བའི་རྩའི་འཁོར་ལོ་དེ་ལ་རྩེ་མོ་དྲུག་ཅུ་རྩ་བའི་རྩ་འདབ་བཞི་དང་དྲུག་ཅུ་རྩ་བཞི་ཡིན་ནོ། །ཡང་སྦྱོར་ཚུལ་གཅིག་ནི། སྟོབས་ཆེན་ནས། རྒྱ་ལྟར་སྔོ་བའི་བར་སུམ་ཅུ་ལུག་སོགས་མི་མཉམ་པའི་དུས་སྦྱོར་དྲུག །ཡུད་ཙམ་ནས་རབ་གསལ་གྱི་བར་གླང་སོགས་མཉམ་པའི་དུས་སྦྱོར་དྲུག་ཏུ་བཤད་ཀྱང་། ཕྱིའི་དུས་སྦྱོར་བཅུ་གཉིས་རིམ་པ་མི་འཆོལ་བར་འཆར་བ་བཞིན་ཏུ་ནང་ལའང་འཆར་བས་སྔ་མ་ལེགས་པར་བཟུང་ངོ་། །གཉིས་པ་སྙིང་གའི་འཁོར་ལོ་བཤད་པ་ལའང་གཉིས། སྤྱིར་བསྟན། ལུང་སྦྱར་མཇུག་བསྡུའོ། །དང་པོ་ནི། སྙིང་གའི་སོགས་རྐང་པ་གཅིག་སྟེ། སྙིང་གའི་ཐད་ན་གནས་ཤིང་ཡིད་ཀྱི་རྣམ་ཤེས་ཆོས་རྣམས་ལ་སྐྱེ་ཞིང་མཆེད་པའི་གནས་དང་རྩའི་དབྱིབས་འཁོར་ལོ་ལྟ་བུ་ཡོད་པས་སམ། དེ་ལ་གནད་དུ་བསྣུན་པས་གཉིད་མཐུག་གི་གནས་སྐབས་འོད་གསལ་ཆོས་ཀྱི་སྐུའི་དགོངས་པར་འཆར་ཞིང་སྤང་བྱ་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པས་སྙིང་ག་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ཡིན་ལ། རྩ་འདབ་བརྒྱད་ཡོད་པ་དེའི་མིང་ནི་འོག་ནས་འཆད་དོ། །གཉིས་པ་ནི། རིན་ཆེན་ནས། ལུས་ཀུན་ཁྱབ། ཅེས་གསུངས་ཏེ། རྩ་འདབ་བརྒྱད་པོ་དེའི་མིང་ནི་རིན་ཆེན་པདྨ་རྡོ་རྗེ་ལས་ཀྱི་རིགས་ཡིན་པས་རིམ་པར་རིན་ཆེན་ཅོད་པན་དང་པདྨ་ཆེན་པོ་དང་རྡོ་རྗེ་ཆེན་པོ་དང་སྟོབས་པོ་ཆེ་རྣམས་དང་། དེ་དག་གི་དབང་བྱེད་པའི་དོན་གྱི་ཐབས་དང་ཤེས་རབ་ཀྱི་ཆ་གཟུགས་འཛིན་པས་གཟུགས་ཀྱི་སྣང་བ་མཐོང་བའི་ཕྱིར་མགོན་པོ་ཆེན་པོ་དང་སྒྲ་འཛིན་པས་སྒྲ་ཆེན་པོ་དང་དྲིལ་ཉེ་བར་དགའ་བས་ཉེར་དགའ་ཆེན་པོ་དང་རོ་འཛིན་པས་རོ་དེ་མྱོས་པའི་ཕྱིར་མྱོས་པ་ཆེ་བ་རྣམས་སུ་རྡོ་རྗེ་ཕྲེང་བ་ལས་གསུངས་སོ། །དེ་ལྟར་རྩ་འདབ་བརྒྱད་པོ་ཡར་མར་གྱི་རྩེ་མོ་གཉིས་དང་བཅས་པ་འདི་རྣམས་ཀྱི་འཁོར་ལོའི་ཆ་ཤས་ཀྱིས་ལུས་ཀྱི་སྟོད་སྨད་ཀུན་ཏུ་ཁྱབ་པ་ཡིན་ནོ། །གསུམ་པ་མགྲིན་པའི་འཁོར་ལོ་བཤད་པ་ལའང་གཉིས། སྤྱིར་བསྟན། ལུང་སྦྱར་མཇུག་བསྡུའོ། །དང་པོ་ནི། མགྲིན་པ་སོགས་ཚིགས་རྐང་གཅིག་སྟེ། ལུས་ཀྱི་མགྲིན་པ་ན་གནས་ནས་ཟས་སྐོམ་ལ་ལོངས་སྤྱོད་ཅིང་རྩའི་དབྱིབས་འཁོར་ལོ་ལྟ་བུར་ཡོད་པས་སམ། དེ་ལ་གནད་དུ་བསྣུན་པས་རྨི་ལམ་གྱི་གནས་སྐབས་ལོངས་སྤྱོད་རྫོགས་པའི་སྐུར་འཆར་ཞིང་སྤང་བྱ་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པའི་དོན་གྱིས་ན་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཞེས་བྱའོ། །དེ་ལ་རྩ་འདབ་བཅུ་དྲུག་ཡོད་པའི་མིང་ནི་འོག་ཏུ་འཆད་དོ། །གཉིས་པ་ནི། ལོངས་སྤྱོད་ནས། འཁོར་ལོར་གནས། ཞེས་གསུངས་ཏེ། མགྲིན་པའི་རྩ་འདབ་རྣམས་ཀྱི་མིང་ནི་ཟས་སྐོམ་ལ་ལོངས་སྤྱོད་པ་དང་ཤིན་ཏུ་ལོངས་སྤྱོད་པ་དང་བདེ་བ་སྟེར་བ་དང་གསང་བ་དང་ཉི་འགྲོ་དང་གསལ་བ་དང་སྐལ་པ་དང་སྒོམ་པ་དང་ནི་ཐལ་པའི་གདོང་དང་བཟའ་སྟེར་ཟ་བ་དང་བཀྲེས་པ་དང་བཅུད་ལེན་པ་དང་རོས་ནི་བསྐུར་བ་དང་རོ་འཇིག་པ་དང་རོ་དང་ནི་ཁྲུང་ཁྲུང་ཞེས་བྱ་བ་བཅུ་དྲུག་གསུངས་པ་ནི་ཐབས་ཤེས་ཟུང་འཇུག་ཏུ་བསྡོམས་པ་ཡིན་ལ། རྩའི་འཁོར་ལོ་དེ་ནི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་གནས་སོ། །བཞི་པ་སྤྱི་བོའི་འཁོར་ལོ་བཤད་པ་ལའང་གཉིས། སྤྱིར་བསྟན། ལུང་སྦྱར་མཇུག་བསྡུའོ། །དང་པོ་ནི། སྤྱི་བོ་སོགས་རྐང་པ་གཅིག་སྟེ། སྤྱི་བོར་གནས་ཤིང་བདེ་བ་ཆེན་པོའི་རྟེན་ཐིག་ལེ་དཀར་ཆ་བརྟེན་ལ་དབྱིབས་འཁོར་ལོ་འདྲ་བས་སམ། དེ་ལ་གནད་དུ་བསྣུན་པས་སྙོམས་འཇུག་གི་གནས་སྐབས་བདེ་བ་ཆེན་པོའི་སྐུའི་དགོངས་པར་འཆར་ཞིང་། སྤང་བྱ་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པས་འཁོར་ལོ་ཞེས་བྱའོ། །ན་ཞེས་པ་ལྷག་མ་འདྲེན་པའི་ཚིག་གོ །དེ་ཡང་གནས་པའི་ཚེ་ན་སྤྱི་བོར་རྩ་གསུམ་འདུས་པའི་ཐད་ནས་འཁོར་ལོའི་འདབ་མ་ཕྱོགས་མཚམས་སུ་གྱེས་པ་ན་ནང་རིམ་བཅུ་དྲུག་དང་ཕྱི་རིམ་བཅུ་དྲུག་སྟེ་སུམ་ཅུ་སོ་གཉིས་ལས། ནང་མ་བཅུ་དྲུག་ཏུ་ཐིག་ལེ་དང་། ཕྱི་མ་བཅུ་དྲུག་ཏུ་ཁྲག་རྒྱུ་བས་ཐབས་ཤེས་ཀྱི་རང་བཞིན་དུ་གནས་སོ། །གཉིས་པ་ནི། རིམ་རིགས་ནས། ཞེས་ནི་བཤད། ཅེས་གསུངས་ཏེ། སྤྱི་བོའི་རྩ་འདབ་སོ་གཉིས་ལས། ནང་མ་བཅུ་དྲུག་གི་མིང་ནི་རིམ་རིགས་དང་ནི་འདོད་པ་ཅན་དང་འདོད་ཅན་མ་དང་སྲོག་གི་ལུས་དང་ཟླ་ཐུང་དང་ཟླ་སྟེར་དང་མཛེས་པ་དང་ནི་འདོད་ཅན་དང་། མི་སྨྲ་བ་དང་ཀུ་ཤ་དང་ཤི་བ་སྤོང་བ་དང་དག་པ་དང་མེ་དང་མེ་རོ་དང་ནེ་ཙོ་དང་བཅོ་ལྔ་ནི་ཟླ་བ་འཕེལ་བའི་དཀར་ཕྱོགས་ཆ་ཡིན་ལ། གང་བ་ནི་བཅུ་དྲུག་པ་དབུ་མའི་ཆ་ཡིན་ནོ། །ཕྱི་རིམ་བཅུ་དྲུག་གི་མིང་ནི། ཉི་ལྡན་དང་རོ་གདན་དང་ཀོས་རིང་དང་ཆར་སྟེར་དང་བདུད་རྩི་དང་དུང་ཅན་དང་ནི་དུང་གི་རྣ་བ་དང་དུང་གི་མིག་དང་དུང་གི་སྣ་དང་བརྒྱགས་པ་དང་དབང་རྒྱགས་དང་སྐམ་པ་དང་བརྒྱགས་པས་རྒྱལ་དང་ངོ་མཚར་བརྒྱགས་དང་སྙོམས་པ་དང་བཅོ་ལྔ་ནི་ཟླ་བ་འགྲིབ་པའི་ནག་ཕྱོགས་ཀྱི་ཆ་བཅོ་ལྔ་ཡིན་ལ། ཚིགས་ཀྱི་རྟེན་ནི་བཅུ་དྲུག་པ་དབུ་མའི་ཆ་ཡིན་ནོ། །གསང་བདེ་སོགས་སུ་སྤྱི་བོའི་འཁོར་ལོ་ལ་རྩ་འདབ་སུམ་ཅུ་རྩ་གཉིས་ཤེས་ནི་བཤད་དེ། དེའི་ཕྱིར་གཞུང་འདིར་རྡོ་རྗེ་ཕྲེང་བ་ལས་ཇི་ལྟར་གསུངས་པ་བཞིན་སྤྱི་བོའི་རྩ་འདབ་སོ་གཉིས་སུ་བཤད་པ་ནི་ཐབས་ཤེས་སོ་སོར་ཕྱེ་བ་ཡིན་ནོ། །ལྔ་པ་ཐུན་མོང་གི་དོན་བསྡུ་བ་ནི། དེ་ལྟར་ནས། བཤད་པ་ཡིན། ཅེས་གསུངས་ཏེ། བཤད་པ་དེ་ལྟར་ན་འཁོར་ལོའི་རྩ་འདབས་རྣམས་དྲིལ་པས་བརྒྱ་དང་ཉི་ཤུ་ནི་རྩ་རྣམས་ཀྱི་གཙོ་བོ་ཡིན་ཞེས་བྱ་བར་ནི་རྒྱུད་ལས་བཤད་པ་ཡིན་ནོ། །གཉིས་པ་འཁོར་ལོ་དྲུག་བཤད་པ་ལ་གཉིས། རྡོ་རྗེ་ཕྲེང་བ་ལས་གསུངས་ཚུལ་དང་། རྒྱུད་ཕན་ཚུན་གྱི་དགོངས་པ་བཤད་པའོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང་། རྩ་འདབ་ཀྱི་མིང་ལུང་དང་སྦྱར་བའོ། །དང་པོ་ནི། གཙུག་ཏོར་ནས། དགུ་ཡོད་དེ། ཞེས་གསུངས་ཏེ། རྒྱུད་འདིའི་ལུགས་ཀྱི་རྩ་འཁོར་ལོ་དྲུག་ནི་གོང་དུ་བཤད་པའི་འཁོར་ལོ་བཞི་པོ་དེའི་ཐོག་ཏུ་གཙུག་ཏོར་རླུང་ཁམས་ཀྱི་འཁོར་ལོ་རྩ་འདབ་དྲུག་པ་གཅིག་དང་གཙུག་ཏོར་གྱི་མགྲིན་པར་མེ་ཁམས་ཀྱི་འཁོར་ལོ་རྩ་འདབ་གསུམ་པ་གཅིག་སྟེ་འཁོར་ལོ་དྲུག་ཏུ་བཞེད་པ་ཡིན་པས། སངས་རྒྱས་རྣམས་ཀྱི་གཙུག་ཏོར་སྐྱེད་པའི་རང་བཞིན་ཡིན་པས་ད་ལྟ་སྨིན་མཚམས་ན་གནས་ཀྱང་གཙུག་ཏོར་གྱི་སྒྲས་བསྟན་པའི་རླུང་གི་འཁོར་ལོ་དང་དེའི་མགྲིན་པའི་འཁོར་ལོའི་སྒྲས་གསུངས་པ་འཁོར་ལོ་གཉིས་ལ་རྩའི་འདབ་མ་ནི་དགུ་ཡོད་དེ། དྲུག་དང་གསུམ་པོ་བསྡམས་པས་དེ་ལྟར་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། སྨིན་མའི་ནས། ཡང་དག་ལྡན། ཅེས་གསུངས་ཏེ། སྨིན་མའི་དབུས་ན་གནས་པའི་གཙུག་ཏོར་རླུང་ཁམས་ཀྱི་འཁོར་ལོའི་འདབ་མ་དྲུག་པོ་དེ་ཡི་མིང་ནི། བྱེ་བ་དང་འཁྱིལ་པ་དང་མི་ཟད་པ་དང་མིང་བཟང་དང་བརྟན་པ་དང་མཚན་ཉིད་ཅན་ཞེས་བྱའོ། །འཛིན་པ་དང་རྟོག་མེད་དང་གང་བ་ཞེས་བྱ་བ་གཙུག་ཏོར་གྱི་མགྲིན་པའི་རྩ་གསུམ་པོ་དེ་ནི་མེའི་ཁམས་དང་ཡང་དག་པར་ལྡན་པའོ། །གཉིས་པ་རྒྱུད་ཕན་ཚུན་གྱི་དགོངས་པ་བཤད་པ་ལ་གཉིས། རྒྱུད་ཕན་ཚུན་དགོངས་པ་མཐུན་པར་བསྟན་པ་དང་། དགོངས་གཞི་གཞན་བཤད་པའོ། །དང་པོ་ནི། དུས་ཀྱི་ནས། འདབ་མ་ཡིན། ཅེས་གསུངས་ཏེ། བཤད་མ་ཐག་པ་འདི་དང་དགོངས་པ་མཐུན་པར་དུས་ཀྱི་འཁོར་ལོར་གང་ཞིག་གསུངས་པའི་ཚུལ་ནི་གསང་བའི་ནོར་བུ་ལ་རྩ་བཞི་དང་དེའི་རྩ་བ་ན་བཤང་གཅི་ཁུ་བ་འཕེན་འཛིན་བྱེད་པའི་རྩ་གསུམ་སྟེ། རྩ་འདི་བདུན་གསང་བའི་གནས་སུ་ཡོད་པར་གསུངས་ཤིང་དབུ་མ་ལ་རླུང་དང་ཁུ་བ་འཛིན་པའི་ཆ་ཐ་དད་དུ་ཕྱེ་བའི་གཉིས་ཏེ་རྩ་དགུ་པོ་འདི་ལོགས་སུ་གསུངས་པས། གོང་དུ་འཁོར་ལོ་གཉིས་ལ་རྩ་འདབ་དགུ་བཤད་པ་དང་དུས་འཁོར་མཐུན་ཞིང་དེ་རྣམས་ཀྱི་རྩ་བ་ནས་གསང་གནས་ཀྱི་འཁོར་ལོའི་རྩ་འདབ་སུམ་ཅུ་སོ་གཉིས་སྤྱི་བོའི་འཁོར་ལོ་དང་གྲངས་མཚུངས་པར་འདོད་པ་ཡིན་ནོ། །དེ་ལྟར་རྒྱུད་གཉིས་དགོངས་པ་མི་འགལ་ཏེ་རྡོར་ཕྲེང་ལས་རྩ་བདུན་པོ་སྟོད་ན་ཡོད་པར་གསུངས་པ་ནི་དེའི་ལུས་ཐབས་ཀྱི་ཆ་ནམ་མཁའི་ཁམས་ལ་དགོངས་པ་ཡིན་ལ། དུས་འཁོར་ལས་སྨད་དུ་ཡོད་པར་གསུངས་པ་ནི་དེའི་བསམ་པ་ཤེས་རབ་ཀྱི་ཆ་ཡེ་ཤེས་ཀྱི་ཁམས་ལ་དགོངས་པ་ཡིན་ནོ། །སྤྱིར་དུས་འཁོར་ལས་གསུངས་པའི་འཁོར་ལོའི་གྲངས་ནི། གཙུག་ཏོར་དུ་རྩ་འདབ་བཞི་ཐུན་ཆེན་བཞི། སྤྱི་བོར་རྩ་འདབ་བཅུ་དྲུག་ཚེས་བཅུ་དྲུག །མགྲིན་པར་ཉེར་བརྒྱད་རྒྱུ་སྐར། སྙིང་གར་བརྒྱད་གཟའ་བརྒྱད། ལྟེ་བར་དྲུག་ཅུ་རྩ་བཞི་དབྱུ་གུ། གསང་བར་སོ་གཉིས་ཁུ་རྡུལ་གྱི་ཁམས་སོ་གཉིས་ཀྱི་རང་བཞིན་ཏུ་ཡོད་པར་གསུངས་སོ། །གཉིས་པ་ནི། དེ་དག་ནས། སྒོ་ཞེས་བྱ། ཞེས་གསུངས་ཏེ། ཡང་ན་རྒྱུད་ཐམས་ཅད་དགོངས་པ་ཅན་ཡིན་པར་སེམས་འགྲེལ་རྣམས་སུ་བཤད་པས་བྱེ་བ་འཁྱིལ་པ་མི་ཟད་པ་མིང་བཟང་བརྟན་དང་མཚན་ཉིད་ཅན་ཏེ་དྲུག་ནི་རྩ་འཁོར་ལོ་དྲུག་པོ་དེ་དག་གི་དབུས་ན་གནས་པའི་རྩ་དྲུག་ལ་དགོངས་ནས་གསུངས་ཏེ། སྨིན་དབུས་བྱེ་བ། སྤྱི་བོར་འཁྱིལ་པ། མགྲིན་དབུས་མི་ཟད་པ། སྙིང་དབུས་མིང་བཟང་། ལྟེ་དབུས་བརྟན་པ། གསང་བར་མཚན་ཉིད་ཅན་ཏེ། དུས་འཁོར་ལས་སྟོང་པ་དྲུག་གི་རྩ་ཞེས་གསུངས་པ་ལ་དགོངས་པ་ཡིན་ནོ། །སྟོང་པ་དྲུག་གི་རྩ་འདི་རྣམས་རྩ་བའི་འཁོར་ལོ་བཞི་པོ་གསུང་གི་དཀྱིལ་འཁོར་གྱི་སྒོ་བཞིའི་དག་པར་ཡང་གསུངས་ཏེ། འཁོར་ལོ་རྣམས་ནི་སྲོག་ལ་སོགས་པའི་ཡུལ་ཡིན་པའི་ཕྱིར་རོ། །གསུམ་པ་ཚིགས་ཀྱི་འཁོར་ལོ་བཤད་པ་ལ་གསུམ། ལག་པ་གཡས་པའི་ཚིག་ཆེན་གྱི་འཁོར་ལོ་གསུམ། ཚིགས་ཕྲན་གྱི་འཁོར་ལོ་བཅོ་ལྔ། ལག་པ་གཡོན་པ་སོགས་དེ་དང་འདྲ་བར་བསྟན་པའོ། །དང་པོ་ནི། ལག་པ་ནས། སུམ་ཅུ་གནས། ཞེས་གསུངས་ཏེ། རྐང་ལག་གི་ཚིགས་ཆེན་བཅུ་གཉིས་ལས་ལག་པ་གཡས་པའི་འཁྲིག་མ་གྲུ་མོ་ཕྲག་པ་སྟེ་ས་ཁམས་ཀྱི་ཚིག་གསུམ་ལ་རླུང་གི་ཁམས་ཀྱིས་བསྐྱེད་པའི་རྩ་འཁོར་ལོ་གསུམ་ཡོད་ལ་འཁོར་ལོ་རེ་རེ་ལ་རྩ་འདབ་ན་སུམ་ཅུ་སུམ་ཅུ་གནས་པ་བསྡོམས་པས་དགུ་བཅུ་ཡོད་དོ། །གཉིས་པ་ནི། སོར་མོའི་ནས། མཚུངས་པའོ། །ཞེས་གསུངས་ཏེ། ལག་པ་གཡས་པའི་ཉིང་ལག་སོར་མོའི་ཚིགས་བཅོ་ལྔ་པོ་ནི་རེ་རེ་ལ་རྩ་འདབ་ནི་དྲུག་དྲུག་ཏུ་ཡོད་པའི་འཁོར་ལོར་འགྱུར་ཏེ། འཁོར་ལོ་བཅོ་ལྔ་པོ་བསྡོམས་པས་རྩ་འདབ་ཀྱི་གྲངས་ནི་གོང་དང་མཚུངས་པར་དགུ་བཅུ་ཡོད་པའོ། །གསུམ་པ་ལ་གཉིས། ཚིགས་ཆེན་གྱི་འཁོར་ལོ་དང་། ཚིགས་ཕྲན་གྱི་འཁོར་ལོའོ། །དང་པོ་ནི། དེ་བཞིན་ནས། དྲུག་ཅུའོ། །ཞེས་གསུངས་ཏེ། ལག་པ་གཡས་པ་དེ་བཞིན་ལག་པ་གཡོན་པ་ཆུ་ཁམས་གྱི་ཚིགས་ཆེན་གསུམ་ལ་མེ་ཡི་ཁམས་ཀྱི་འཁོར་ལོ་གསུམ་དང་། རྐང་པ་གཡས་པའི་དཔྱི་པུས་མོ་བོལ་ཏེ་མེ་ཁམས་ཀྱི་ཚིགས་ཆེན་གསུམ་ལ་ཆུ་ཁམས་ཀྱི་འཁོར་ལོ་གསུམ་སྟེ། སྔ་མ་རྐང་གཡས་བཞིན་ཏུ་རྐང་པ་གཡོན་རླུང་ཁམས་ཀྱི་ཚིགས་ཆེན་གསུམ་ལ་ས་ཁམས་ཀྱི་འཁོར་ལོ་ཡོད་པས། དེ་ལྟར་ན་ཚིགས་ཆེན་གྱི་རྩའི་འཁོར་ལོ་བཅུ་གཉིས་ལ་རྩ་འདབ་སུམ་ཅུ་རེ་ཡོད་པ་བསྡོམས་པས་རྩའི་འདབ་མ་ནི་སུམ་བརྒྱ་དང་དྲུག་ཅུའོ། །གཉིས་པ་ནི། སོར་ཚིགས་སོགས་རྐང་པ་གཅིག་སྟེ། ལག་པ་གཡོན་པ་དང་རྐང་པའི་སོར་མོའི་ཚིགས་བཞི་བཅུ་ཞེ་ལྔ་ལའང་རྩ་འདབ་དྲུག་དྲུག་ཡོད་པས་ཚིགས་ཕྲན་གྱིས་འཁོར་ལོ་དྲུག་ཅུ་པོ་བསྡོམས་ན་རྩའི་གྲངས་ཚིགས་ཆེན་དེ་དང་མཉམ་པར་སུམ་བརྒྱ་དང་དྲུག་ཅུ་ཡོད་དེ། དེས་ན་ཕྱི་རོལ་དུ་ཟླ་བ་བཅུ་གཉིས་ཀྱི་ཞག་སུམ་བརྒྱ་དྲུག་ཅུ་ནང་དུ་རྩ་སུམ་བརྒྱ་དྲུག་ཅུ། གཞན་ཏུ་སྐུའི་དཀྱིལ་འཁོར་གྱི་ལྷ་སུམ་བརྒྱ་དྲུག་ཅུ། དབྱངས་གསལ་གྱི་ཡི་གེ་སུམ་བརྒྱ་དྲུག་ཅུ་སོགས་ཀྱི་དག་པ་ཡིན་པས། རླུང་དང་བྱང་ཆུབ་ཀྱི་སེམས་ཀྱང་དེ་ཉིད་ཀྱི་གྲངས་དང་མཐུན་པར་བཤད་པས་ཆོག་གོ །ལྔ་པ་ནད་སྐྱེད་པའི་རྩ་བཤད་པ་ལ་གཉིས། བཤད་པ་དངོས་དང་། དོགས་གཅོད་དོ། །དང་པོ་ནི། ནད་ནི་ནས། ལྔ་བཅུ་དྲུག །ཅེས་གསུངས་ཏེ། ལུས་ལ་ནད་ནི་སྐྱེད་པར་བྱེད་པའི་རྩ་དུ་ཞིག་ཅེ་ན་གཙུག་ཏོར་འཁོར་ལོའི་ཕྱི་རོལ་གྱི་རྩ་བཞི་དཔྲལ་བ་སྟེ་སྤྱི་བོའི་འཁོར་ལོའི་ཕྱི་རོལ་གྱི་རྩ་བཅུ་དྲུག་སྟེ་རྩ་ཉི་ཤུས་བད་ཀན་གྱི་ནད་སྐྱེད་པར་བྱེད་པས་བད་ཀན་ནི་ཆུའི་རང་བཞིན་ཡིན་པའི་ཕྱིར་སྟོད་ན་གནས་ཀྱང་སྨད་དུ་ལྟུང་བས་རྐེད་པ་སོགས་སུ་ན་བར་བྱེད་དོ། །མགྲིན་པར་རྩ་ནི་སུམ་ཅུ་རྩ་གཉིས་དང་སྙིང་གའི་བརྒྱད་དེ་རྩ་བཞི་བཅུ་པོ་རྣམས་ནི་མཁྲིས་པའི་ནད་སྐྱེད་པས་མཁྲིས་པ་ནི་བར་ན་གནས་ཀྱང་ཉི་མར་ལྡན་པས་སྲེག་པའི་གྲོགས་དང་ཟླ་བར་ལྡན་པས་བསིལ་བའི་གྲོགས་བྱེད་པའི་ཕྱིར་སྟོད་སྨད་ཀུན་ཏུ་ན་བར་བྱེད། ལྟེ་བའི་རྩ་དྲུག་ཅུ་རྩ་བཞི་དང་གསང་བ་ལ་རིམ་པ་གཉིས་ཡོད་པའི་ཕྱི་རོལ་རྩ་བཅུ་དྲུག་སྟེ་བརྒྱད་ཅུས་རླུང་གི་ཁམས་འཁྲུགས་པའི་ནད་སྐྱེད་པས། རླུང་ནི་སྨད་ན་གནས་ཀྱང་རླུང་གི་རང་བཞིན་ཡིན་པའི་ཕྱིར་སྟོད་དུ་ནད་སྐྱེད་པར་བྱེད་དོ། །གསང་བའི་ནད་རིམ་གྱི་རྩ་བཅུ་དྲུག་གིས་དུས་པའི་ནད་སྐྱེད་པས། འདུས་པའི་གནས་སྨད་ན་ཡོད་ཀྱང་ཉེས་པ་གསུམ་ཀ་འདུས་ཤིང་རྩའི་རྩེ་མོས་ཁྱབ་པའི་ཕྱིར་སྟོད་སྨད་བར་གསུམ་ཅི་རིགས་པར་ནད་སྐྱེད་པར་བྱེད་དོ། །དེ་ལྟར་ན་ནད་སྐྱེད་པའི་རྩ་འདབ་བརྒྱ་དང་ལྔ་བཅུ་རྩ་དྲུག་ཡོད་དོ། །གཉིས་པ་ནི། འདི་རྣམས་ནས། ཉིད་དུ་འདོད། ཞེས་གསུངས་ཏེ། ནད་སྐྱེད་པའི་རྩ་འདི་རྣམས་ནི་འཁོར་ལོ་དྲུག་གི་རྩ་འདབ་བརྒྱ་ལྔ་བཅུ་རྩ་དྲུག་པོའི་ཕྱི་རིམ་ནས་ཁམས་རྒྱུ་བའི་རྩ་འདབ་གཞན་ཡིན་ནོ། །དུས་འཁོར་བ་གཞན་དག་དང་གེགས་སེལ་མཁན་པོ་འགའ་ཞིག་ནད་སྐྱེད་པའི་རྩ་དེ་ནི་འཁོར་ལོའི་རྩ་འདབ་ཉིད་དུ་འདོད་པའང་ཡོད་མོད། འཁོར་ལོ་དངོས་གཞིར་དྭངས་མ་ལྷག་པར་གནས་པས་དེ་དག་ཉིད་ལ་གནད་དུ་བསྣུན་པས་ནི་ཡེ་ཤེས་འཕེལ་ནས་གེགས་སྐྱེད་པར་མི་བྱེད་ཅིང་ཕྱི་རིམ་གྱི་ནད་སྐྱེད་པའི་རྩ་དང་འཁོར་ལོའི་ཁྱད་པར་མ་ཤེས་པའི་ཕྱིར་ན་དཔལ་རང་བྱུང་གི་བཞེད་པ་ཉིད་ཤིན་ཏུ་ལེགས་པ་ཡིན་ནོ། །དྲུག་པ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་དབྱེ་བ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། སྟོང་ཕྲག་ནས། ཕྲེང་བ་ལས། ཞེས་གསུངས་ཏེ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྣམ་དབྱེ་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་པ་བཞིན་འཆད་དོ། །གཉིས་པ་ལ་གཉིས། ཁམས་རང་གི་ངོ་བོའི་སྒོ་ནས་དབྱེ་བ་དང་། བྱེད་ལས་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། སྟོང་ཕྲག་ནས། རིགས་སུ་བརྗོད། ཅེས་གསུངས་ཏེ། རྒྱུད་རྡོ་རྗེ་ཕྲེང་བ་ལས་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་ཟླ་བའི་རླུང་དང་དཀར་ཆ་འབབ་པས་རྐྱང་མའི་རིགས་དང་། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་ཉི་མའི་རླུང་དང་དམར་ཆ་འབབ་པས་རོ་མའི་རིགས་དང་། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་རླུང་ཁོ་ན་རྒྱུ་བས་སྒྲ་གཅན་གྱི་རང་བཞིན་དབུ་མའི་རིགས་སུ་བརྗོད་དེ་གསུངས་སོ། །གཉིས་པ་ནི། དེ་ཡང་ནས། གྱེས་པ་བཞིན། ཅེས་གསུངས་ཏེ། དེ་ལྟར་རིགས་གསུམ་དུ་ཕྱེ་ནས་བཤད་པའི་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་དེ་ཡང་དབྱེ་གཞི་ནི་ལུས་ལ་གནས་པས་ན་ལུས་ཀྱི་གནས་སུ་བཤད་པའི་གནས་ཉི་ཤུ་རྩ་བཞིའི་རྩ་མི་ཕྱེད་མ་ནས་ཡིད་བཟང་མའི་བར་རྩ་ནི་ཉི་ཤུ་རྩ་བཞི་པོ་དེ་དག་ཡིན་ལ། དེ་ཡང་ཐིམ་པ་ཞེས་བྱ་བ་ལུས་ཀྱི་གནས་སུ་རླུང་དང་ཐིག་ལེ་ལས་བྱས་ཟིན་པ་དང་། ལོངས་སྤྱོད་པ་ནི་བྱེད་བཞིན་པ་དང་། བདག་པོ་ནི་བྱེད་པར་འགྱུར་བ་སྟེ་དེ་གསུམ་གྱི་དབྱེ་བས་ཉི་ཤུ་རྩ་བཞི་པ་ཕྲག་གསུམ་སྟེ་བདུན་ཅུ་རྩ་གཉིས་སུ་འགྱུར་བ་ནི་གཙོ་བོ་ཡིན་ཞིང་། དེ་རེ་རེ་ལའང་ཕུང་ཁམས་ཀྱི་དབྱེ་བས་བརྒྱ་བརྒྱ་དང་དེའི་རླུང་བཅུས་བསྒྱུར་བས་རྩ་ཕྲན་གྱི་འཁོར་ནི་སྟོང་སྟོང་ཡོད་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡིན་ལ། གཙོ་འཁོར་དེ་ཡང་དཔེར་ན་སྡོང་པོ་གཅིག་ལས་ནི་ཡལ་ག་ལོ་འདབ་སྟོང་སོགས་སུ་གྱེས་པ་ཇི་ལྟ་བ་བཞིན་ནོ། །འདིར་ངོ་བོའི་སྒོ་ནས་རླུང་རྒྱུ་བ་ཐིམ་པ། ཐིག་ལེ་འབབ་པ་ལོངས་སྤྱོད། ཁྲག་འབབ་པ་བདག་པོ་ཡིན་པ་ཡང་ཤེས་པར་བྱའོ། །བདུན་པ་རྩ་ཕྲ་མོ་དང་ཁམས་གང་གིས་སྐྱེད་པ་ལ་གཉིས། རྩ་ཕྲ་མོ་བཤད་པ་དང་། ཁམས་གང་གིས་བསྐྱེད་པ་བསྟན་པའོ། །དང་པོ་ནི། དེ་བས་ནས། བྱེད་པ་ཡིན། ཅེས་གསུངས་ཏེ། རྣལ་འབྱོར་མའི་རྒྱུད་བདུན་ཅུ་དོན་གཉིས་ཀྱི་དག་སྦྱོར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་དེ་བས་ཕྲ་བའི་རྩ་གཞན་ཡང་ཡོད་དོ། །དེ་རྣམས་ཀྱང་གང་ཞེ་ན། དགའ་བོ་མངལ་གནས་ཀྱི་མདོ་ལས་གསུངས་པའི་དོན་བསྡུ་རང་འགྲེལ་དུ། དེར་གནས་ལུས་ཀྱི་ཕྱོགས་བཞི་ལ། །རྩ་ལྔ་ཡན་ལག་བཞི་བཅུ་སྟེ། །རེ་རེའང་ཡན་ལག་བརྒྱ་བརྒྱའོ། །ཀུན་ལ་རྩ་ནི་བརྒྱད་ཁྲི་གནས། །དེར་གནས་སྲིན་བུ་བརྒྱད་ཁྲི་དང་། །མི་གཙང་རྫས་ནི་དུ་མས་གང་། །ཞེས་གསུངས་ཤིང་། དུས་འཁོར་ལས། པགས་པར་སོན་པའི་རྩ་ཕྲ་མོ་བྱེ་བ་ཕྲག་ནི་ཕྱེད་དང་བཞིས་སྙིགས་མ་སྐྲ་དང་བ་སྤུ་དེ་མཉམ་སྐྱེད་པར་བྱེད་ལ་དེ་རྣམ་པར་དག་པའི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཡོད་པར་གསུངས་པ་ཡིན་ལ། རྡོ་རྗེ་སྙིང་འགྲེལ་ལས་ཀྱང་། བ་སྤུའི་བུ་གའི་གྲངས་སྙེད་ཀྱི། །རྩ་རྣམས་བྱེ་བ་ཕྱེད་དང་བཞི། །ཞེས་སོ། །གཉིས་པ་ནི། འདི་རྣམས་ནས། རིགས་གསུམ་ཡིན། ཅེས་གསུངས་ཏེ། རྩ་འདི་རྣམས་ཀྱི་ཁམས་ཀྱི་རིམ་པ་ནི་ལྟེ་བ་ནི་སའི་ཁམས་སྙིང་ག་ནི་རླུང་གི་ཁམས་ཡིན་པས་ས་རླུང་ཐབས་ཤེས་དང་། མགྲིན་པ་ནི་མེ་ཡི་ཁམས་སྤྱི་བོ་ནི་ཆུའི་ཁམས་ཡིན་པས་མེ་ཆུ་ཐབས་ཤེས་དང་། གཙུག་ཏོར་ནི་ནམ་མཁའ་གསང་བ་ནི་ཡེ་ཤེས་བདེ་བའི་རིགས་སུ་གསུང་པས་ནམ་ཡེ་ཐབས་ཤེས་ཏེ་གཉིས་གཉིས་ཐབས་ཤེས་སུ་གསུངས་པའི་དོན་གྱིས་ན་སྒོམ་པའི་ཚེ་འཁོར་ལོ་རྣམས་གདུགས་གདུགས་འདེགས་ཀྱི་ཚུལ་དུ་སྒོམ་པ་ནི་མན་ངག་གི་གནད་དམ་པའོ། །དེ་བཞིན་ཏུ་བ་སྤུའི་མཐར་ཐུག་པར་ཁྱབ་པའི་རྩ་རྣམས་ཀྱང་། ཁམས་དྲུག་གིས་ནི་རིམ་པས་བསྐྱེད་པ་སྟེ། སངས་རྒྱས་རྗེས་སུ་དྲན་པ་ཏིང་ངེ་འཛིན་རྒྱ་མཚོའི་མདོ་ལས་གསུངས་པ་ལྟར་སངས་རྒྱས་པའི་ཚེ་བ་སྤུའི་བུ་ག་རྣམས་རིན་པོ་ཆེ་ཟུར་དྲུག་པའི་རྣམ་པར་སྣང་བའི་རྒྱུའི་ཁམས་སོ། །ཐབས་ཤེས་གསུམ་དུ་གསུངས་པ་དེའི་ཕྱིར་རྩ་ཐམས་ཅད་ཀྱང་གཡས་རོ་མ། གཡོན་རྐྱང་མ། དབུས་དབུ་མ་སྟེ། དེ་གསུམ་གྱི་དབྱེ་བས་སྐུ་གསུང་ཐུགས་ཀྱི་རིགས་ཀྱི་རྩ་གསུམ་གསུམ་དུ་འགྱུར་བ་ཡིན་ནོ། །མདོར་ན་དབུ་མ་ནས་བ་སྤུའི་མཐར་ཐུག་པའི་བར་གྱི་རྩ་ཐམས་ཅད་ཁམས་དྲུག་དང་ལྔ་དང་། བཞི་དང་གསུམ་དང་གཉིས་ཀྱི་བདག་ཉིད་དུ་ཤེས་པར་བྱའོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་ནས། རྟོགས་པར་འགྱུར། ཞེས་གསུངས་ཏེ། དེ་ལྟར་རྩའི་གནས་ལུགས་དང་མཚན་ཉིད་ཤེས་པ་ལ་བརྟེན་ནས་ལུས་ནི་རིལ་པོ་དང་གཅིག་མ་ཡིན་པ་སོགས་ཀྱི་གནས་ལུགས་ཤེས་པར་འགྱུར་ཞིང་། ཀུན་རྫོབ་ཏུ་ལུས་ཀྱི་མཚན་ཉིད་ཀྱང་ཤེས་པར་འགྱུར་ཏེ་རྟག་གཅིག་རང་དབང་ཅན་གྱི་བདག་ལ་སོགས་པ་བདེན་དངོས་ཀྱིས་སྟོང་པ་རྩ་ཐམས་ཅད་ཀྱི་རྣམ་པར་སྣང་བ་འདི་དྲི་མ་དང་བཅས་པའི་སྤྲུལ་པའི་སྐུར་རྟོགས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་ཚིག་འགྲེལ་ལས། ལུས་ཀྱི་རྩ་རྒྱས་པར་བསྟན་པའི་དུམ་བུ་སྟེ། ལེའུ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་བཤད་པའི་རྩ་དེའང་རླུང་གིས་བསྒྲུབས་ཤིང་རྩའི་ནང་དུ་རླུང་རྒྱུ་བའི་ཕྱིར་དང་། རླུང་ལ་གནད་དུ་བསྣུན་པ་ལ་རླུང་གི་རྣམ་པར་བཞག་པ་རྣམས་ཕྱིན་ཅི་མ་ལོག་པར་ཤེས་དགོས་པས། རླུང་རྒྱས་པར་བསྟན་པ་ལ་གཉིས། ལེའུའི་གཞུང་། ལེའུའི་མཚན་ནོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ནས་ནས། །འདིར་བཤད་བྱ། ཞེས་གསུངས་ཏེ། བཤད་པར་བྱའོ་ཞེས་དམ་བཅས། གང་བཤད་ན་རླུང་གི་ངོ་བོ་ལ་སོགས་པ་རྣམས་སོ། །སྐབས་གང་དུ་བཤད་ན། རྩའི་ལེའུ་བཤད་པའི་རྗེས་དེ་ནས་ལེའུ་བཞི་པ་འདིར་འཆད་དོ། །ཚུལ་ཇི་ལྟར་བཤད་ན། རླུང་གི་ངོ་བོ་ཡི་གེ་གང་ཡིན་པ་དང་གང་དུ་གནས་པའི་གནས་དང་རྩ་བ་དང་ཡན་ལག་གི་རླུང་གི་བྱེད་ལས་དང་། ཕྱི་ནང་དུ་རྒྱུ་བའི་ཚུལ་དང་སྟོབས་དང་སྟོབས་མེད་ཀྱི་རིམ་པ་གཟའ་རྣམས་ལ་སྦྱར་བ་དང་རླུང་གི་འཇུག་པ་དང་རླུང་བཟུང་བའི་ཐབས་དང་རླུང་གི་སྐྱོན་དང་ཡོན་ཏན་དང་འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་ཏུ་བསྟན་པའི་ཚུལ་གྱིས་ཏེ། དེ་དག་ཏུ་རླུང་གི་རྣམ་བཞག་ཇི་སྙེད་པ་ཐམས་ཅད་ཚང་བའི་ཕྱིར། དེ་རྣམས་རིམ་པ་བཞིན་ཏུ་བཤད་པར་བྱའོ། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ། བསྐྱེད་བྱ་སྐྱེད་བྱེད་ཀྱི་ངོ་བོ། གནས་བྱེད་ལས་དང་བཅས་པ། ཕྱི་ནང་དུ་རྒྱུ་བའི་རིམ་པ་བྱེད་ལས་དང་བཅས་པ། འཇུག་སྒོ་ཕན་ཡོན་དང་བཅས་པ། འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་ཏུ་བཤད་པའོ། །དང་པོ་ལ་གཉིས། བསྟན་པ་དང་བཤད་པའོ། །དང་པོ་ནི། རླུང་ནི་ནས། འདི་ལས་སྐྱེས། ཞེས་གསུངས་ཏེ། འཁོར་འདས་ཐམས་ཅད་ཀྱི་གཞིར་གྱུར་པའི་རླུང་ནི་གདོད་མའི་མི་ཤིགས་པ་ཆེན་པོ་སྟེ། དེ་ཡང་རླུང་དུ་བརྗོད་པ་ན་སྲོག་སྟེ་ཨ་ཐུང་གི་རང་བཞིན་ཏུ་གནས་པས་བརྗོད་པ་ངག་རྣམས་ཀྱང་འདི་ལས་འབྱུང་ཞིང་། དབུགས་དང་། ཆུ་སྲང་དང་། དབྱུག་གུ་དང་། དུས་སྦྱོར་ལ་སོགས་པ་ཡང་འདི་ལས་འབྱུང་བ་སྟེ། དབྱངས་དང་གསལ་བྱེད་སོགས་ཡི་གེ་ཐམས་ཅད་ཀྱང་འདི་ལས་སྐྱེས་པས་ན་བརྗོད་དུ་མེད་ཀྱང་བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པ་སྟེ། མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་སྟེ། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་གསུངས་ཏེ། ཡི་གེའི་དབང་དུ་བྱས་ན་དབྱངས་གསལ་ཐམས་ཅད་ཀྱི་རྩ་བ་ཨ་ཡིན་པ་དང་རླུང་གི་དབང་དུ་བྱས་ན་རླུང་བཅུ་པོ་ཐམས་ཅད་ཀྱི་རྩ་བ་སྲོག་རླུང་ཨའི་རྣམ་པ་ཅན་ཡིན་པ་དང་། ཡེ་ཤེས་ཀྱི་དབང་དུ་བྱས་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཉིད་ལ་ཨ་ཞེས་བྱ་བར་བརྗོད་པས་ན་ཆོས་ཐམས་ཅད་ཀྱི་རྩ་བའམ་གཞིར་གྱུར་པའི་རླུང་ནི་སྲོག་ཅེས་བྱ་བའི་ཨ་དེ་ཉིད་ཡིན་པས། དེ་ལས་འཁོར་འདས་གྱི་ཆོས་ཐམས་ཅད་སྣང་བ་ཡིན་ནོ། །གཉིས་པ་ལ་གསུམ། རྩ་བའི་རླུང་ལྔའི་ངོ་བོ། ཡན་ལག་གི་རླུང་ལྔའི་ངོ་བོ། །བསྐྱེད་བྱ་སྐྱེད་བྱེད་ཀྱི་ཚུལ་ལོ། །དང་པོ་ནི། ཐོག་མར་ནས། ཨུ་རུ་འགྱུར། ཅེས་གསུངས་ཏེ། རྡོ་རྗེའི་ལུས་འདི་ཆགས་པའི་ཚེ་ཐོག་མར་དཀར་དམར་གྱི་དབུས་སུ་སོན་པའི་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྙེན་པ་འདུ་བྱེད་ཡིད་ཀྱི་གཡོ་བ་ལས་སྲོག་ཆེན་པོའི་རླུང་ཞེས་བྱ་བ། སེམས་ཅན་རྣམས་ཀྱི་ལུས་དང་རྣམ་པར་ཤེས་པ་དང་དྲོད་ཀྱི་རྟེན་བྱེད་པའི་ཚེ་ཞེས་གྲགས་པ་དེ་ཉིད་གྲུབ་པ་ཡིན་ཅིང་། ཡི་གེ་ལྔ་ལས་དབྱིབས་ཨ་ཐུང་གི་རྣམ་པ་ཅན་ཁམས་ལྔ་ལས་ནམ་མཁའི་ཁམས་ཀྱི་རང་བཞིན་ཡིན་ལ། དེ་ལས་འཕྲོས་པ་ཐུར་སེལ་གྱི་རླུང་ནི་ཁམས་ལྔ་ལས་ས་ཁམས་དང་ཡི་གེ་ལྔ་ལས་ལྀ་ཡིག་གི་རྣམ་པ་ཅན་ཡིན་ཏེ། གྱེན་རྒྱུའི་རླུང་ནི་ཁམས་ལྔ་ལས་མེ་ཡི་ཁམས་དང་། ཡི་གེ་ལྔ་ལས་རཾ་ཡིག་གི་རྣམ་པ་ཅན་ཡིན་ནོ། །མེ་དང་མཉམ་པར་གནས་པའི་རླུང་ནི་ཁམས་ལྔ་ལས་རླུང་ཁམས་དང་ཡི་གེ་ལྔ་ལས་ཨི་ཡིག་ཅེས་བརྗོད་ལ། ཁྱབ་བྱེད་ཀྱི་རླུང་ནི་ཁམས་ལྔ་ལས་ཆུ་ཁམས་པ་སྟེ་ཡི་གེ་ལྔ་ལས་ཨུ་རུ་འགྱུར་རོ། །དེ་ལྟར་འཇོག་པའི་རྒྱུ་མཚན་ཡང་ཐམས་ཅད་ཀྱི་རྩ་བར་གྱུར་པའི་སྲོག་ཆེན་པོའི་རླུང་དེ་སྟོང་ཆེན་ཡི་གེ་ལྔའི་རང་བཞིན་ཡིན་ཅིང་གཞན་དེའི་ཡོན་ཏན་ལས་འཕྲོས་པའི་དོན་གྱིས་སོ། །གཉིས་པ་ཡན་ལག་གི་རླུང་ལྔའི་ངོ་བོ་ནི། དེ་ནས་ནས། ནོར་ལས་རྒྱལ། ཅེས་གསུངས་ཏེ། དེ་ནས་ཡན་ལག་གི་རླུང་ལྔའི་ཁམས་དང་ངོ་བོ་ནི། ཀླུའི་རླུང་ནི་ས་ཁམས་ཀྱིས་བསྐྱེད་པས་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར། ནམ་མཁའི་ཡི་གེ་ཨཱ་རིང་པོའོ། །རུ་སྦལ་གྱི་རླུང་ནི་རླུང་ཁམས་ཏེ་ཡི་གེ་ཨེ་རུ་འགྱུར་ལ། རྩངས་པའི་རླུང་ནི་མེ་ཁམས་ཏེ་ཡི་གེ་ཨཱ་ར་ཉིད་ཡིན་ཅིང་། ལྷ་སྦྱིན་གྱི་རླུང་ནི་ཆུ་ཁམས་དང་ཡི་གེ་ཨོ་རུ་འགྱུར་ལ། ནོར་ལས་རྒྱལ་གྱི་རླུང་ནི་ས་ཁམས་དང་ཡི་གེ་ཨཱལ་གྱི་རྣམ་པ་ཅན་ཡིན་ནོ། །གསུམ་པ་སྐྱེད་སྡུད་ཀྱི་ཚུལ་ལ་གཉིས་ཏེ། དངོས་དང་། དེ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ལུང་དང་སྦྱར་བའོ། །དང་པོ་ནི། ཐོག་མར་ནས་བཅུ་བཅུར་གསུངས། །ཞེས་གསུངས་ཏེ། མངལ་དུ་རྡོ་རྗེ་ལུས་ཆགས་པའི་དུས་རླུང་རྣམས་ཀྱི་ཐོག་མར་སྲོག་རླུང་ཨའི་རྣམ་པ་ཅན་གྲུབ། ཟླ་བ་གཉིས་པར་སྲོག་ལས་ཐུར་སེལ་འཕྲོ་བས་མཚོན། ཟླ་བ་བཅུའི་བར་ཟླ་བ་རེ་རེ་ལ་རླུང་རེ་རེ་རིམ་པར་འཕྲོས་ནས་རླུང་བཅུ་པོའི་ནུས་སྟོབས་རིམ་གྱིས་བསྐྱེད་ནས། དེ་ལྟ་རྩ་བའི་རླུང་ལྔས་ཕུང་པོ་ལྔ་དང་། ཡན་ལག་རླུང་ལྔས་དང་པོ་ལྔའི་རྟེན་བྱེད་པ་སོགས་ལུས་གནས་པ་དབབ་སྐྱོད་པ་དང་ངག་སྨྲ་བརྗོད་དང་གཤང་གཅི་འབྱིན་སྡོམ་ལ་སོགས་པའི་ལས་ཀུན་བྱེད་ལ། མཐའ་བསྡུད་པ་ནི་སྐྱེས་བུ་ཚེ་ལོ་བརྒྱ་པའི་དབང་དུ་བྱས་ནས། སྐྱེས་ནས་ལོ་བཅུ་ན་ནོར་ལས་རྒྱལ་གྱི་རླུང་གི་ནུས་པ་ལྷས་བྱིན་གྱི་རླུང་ལ་སྡུད་པ་སོགས་ལོ་ནི་བཅུ་བཅུ་ལ་རླུང་རེ་རེའི་ནུས་པ་སྡུད་པར་འགྱུར་རོ། །འདིར་འགྲེལ་མཛད་འགའ་ཞིག་གིས། ཐོག་མར་སྐྱེད་སྐབས་སྲོག་ལས་ཐུར་སེལ། ཐུར་སེལ་ལས་གྱེན་རྒྱུ་སོགས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རིམ་པར་འཕྲོས་པ་དང་། སྡུད་རིམ་སྐབས། ལོ་བཅུ་ལོན་པ་ན་ནོར་ལས་རྒྱལ་གྱི་རླུང་ལྷས་བྱིན་གྱི་རླུང་ལ་ཐིམ་པར་བཤད་པ་སོགས་རང་འགྲེལ་དང་ཡང་འགལ་ཞིང་ལུང་རིགས་གིས་མི་འཐད་པ་དྭགས་རམ་པ་དང་ཕྲིན་ལས་ཞབས་ཀྱིས་ལེགས་པར་བཤད་པའང་ཤེས་དགོས་སོ། །འོན་ཀྱང་ཕྲིན་ལས་པའི་འགྲེལ་པ་ལའང་སྐབས་འདི་སོགས་སུ་ཡིག་ནོར་གྱི་སྐྱོན་སྣང་ངོ་། །གཉིས་པ་ནི། འདི་ནི་ནས། སྐྱེད་བྱེད་གསུངས། ཞེས་གསུངས་ཏེ། རླུང་སྐྱེད་སྡུད་ཀྱི་ཚུལ་འདི་ནི་ཕུང་པོ་ལྔ་དང་རླུང་སྦྱར་ནས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་གསུངས་པའི་དོན་ནི་འདི་ཡིན་ཏེ། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ནི་ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་ཡང་སྟོང་པ་ཆེན་པོ་ཞེས་བྱ་བ་ཡིན་ནོ། །དེ་ལས་མུན་པའི་སྣང་བའི་མཚན་ཉིད་ཅན་ཀུན་གཞིའི་རྣམ་ཤེས་ཉོན་ཡིད་དང་བཅས་པ་ནི་ནམ་མཁའི་རླུང་དང་། མུན་པའི་སྣང་བ་དེ་ལས་མཆེད་པ་ཉོན་མོངས་པ་ཅན་གྱི་ཡིད་འདུ་བྱེད་པ་དང་བཅས་ཏེ་ལངས་པ་ནི་གཡོ་བའི་མཚན་ཉིད་ཡིན་པས་རླུང་གི་རླུང་དང་། མཆེད་པ་དེ་ལས་ཉེར་ཐོབ་ཚོགས་དྲུག་འཁོར་བཅས་འབྱུང་བས་ཚོར་བ་ནི་རྒྱུད་སྲེག་པར་བྱེད་པ་མེའི་རླུང་དང་། འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་ཅིང་སྡུད་པར་བྱེད་པས་ཆུའི་རླུང་དང་། གཟུགས་ནི་སྲ་བ་དང་བརྟན་པ་ལ་སོགས་པ་ཡིན་པས་སའི་རླུང་སྟེ། དེ་ལྟར་ན་ཁམས་ལྔ་དང་ཕུང་བོ་ལྔ་པོ་རིམ་པས་ཕུང་པོ་ལྔ་བསྐྱེད་བྱ་དང་ཁམས་ལྔ་སྐྱེད་བྱེད་དུ་གསུངས་སོ། །དེ་ཉིད་རྣམ་ཤེས་ཀྱི་འཇུག་པ་གཅིག་ལ་ཡང་སྐྱེད་སྡུད་བྱེད་པའི་ཚུལ་ནི། ཐམས་ཅད་སྟོང་པ་འོད་གསལ་དེ་ལས་མུན་པའི་སྣང་བ་མཆེད་པ་ཉེར་ཐོབ་རླུང་ཁམས་པ་དང་། དེ་ལས་ཡུལ་དུ་སྣང་བའི་མཆེད་པ་མེ་ཁམས་པ་དང་། དེ་ལས་ཡུལ་མཚན་མར་འཛིན་པའི་སྣང་བ་ཐོབ་པ་ཆུ་ཁམས་པ་དང་། དེ་ལས་སྲུང་ཁམས་ལ་སོགས་པའི་རགས་སྣང་ས་ཁམས་པ་རིམ་པར་སྐྱེ་ལ། སྡུད་པའི་ཚེ་ཡང་རིམ་པ་བཞིན་རགས་པར་སྣང་བ་ནས་ཐམས་ཅད་སྟོང་པ་འོད་གསལ་གྱི་བར་ཐིམ་འགྲོ་བ་ཡིན་ཏེ། རྩ་རྒྱུད་ལས། ས་ལ་སོགས་པ་བཞི་པོ་དང་། །དེ་བཞིན་སྟོང་པ་བཞི་པོ་དག །སྐྱེ་དང་འཇིག་པའི་རྒྱུ་ཉིད་དང་། །དངོས་པོ་བརྒྱད་པོ་རྣམ་ཤེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་གནས་བྱེད་ལས་དང་བཅས་པ་བཤད་པ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། ད་ལྟ་སོགས་རྐང་པ་གཅིག་སྟེ། །དེ་ལྟར་ཟླ་བ་བཅུར་བསྐྱེད་ནས་ད་ལྟ་ལུས་ཀྱི་སྟོད་སྨད་ཅི་རིགས་པར་གནས་ཤིང་བྱེད་ལས་མ་ལུས་པ་བྱེད་པའི་ཚུལ་རྒྱས་པར་འོག་ནས་འཆད་དོ། །གཉིས་པ་ལ་གཉིས། རྩ་བའི་རླུང་ལྔ་དང་། ཡན་ལག་གི་རླུང་ལྔའི་གནས་བྱེད་ལས་དང་བཅས་པའོ། །དང་པོ་ལ་ལྔ། སྲོག་རླུང་གི ཐུར་སེལ་གྱི། མེ་མཉམ་གྱི། གྱེན་རྒྱུའི། ཁྱབ་བྱེད་ཀྱི་རླུང་གི་གནས་བྱེད་ལས་དང་བཅས་པའོ། །དང་པོ་ནི། སྤྱིར་ནི་ནས། ལྟ་བུར་བཤད། ཅེས་གསུངས་ཏེ། སྲོག་རླུང་སྤྱིར་བསྟན་ཙམ་དུ་ནི་བ་སྤུའི་མཐར་ཐུག་པའི་ལུས་ཀྱི་སྟོད་སྨད་རྣམས་ཀུན་ལ་ཁྱབ་པར་གནས་ཀྱང་། རྩ་ཐམས་ཅད་ཀྱི་རྩ་བ་དབུ་མ་ལ་བརྟེན་པ་རླུང་བཅུ་པོ་ཐམས་ཅད་ཀྱི་རྩ་བ་སྲོག་ཆེན་པོའི་རླུང་དེ་ནི། གཙོ་བོར་ལུས་ཀྱི་དབུས་དྲང་པོར་གནས་ཤིང་ཀུན་གཞི་དང་རྟེན་བརྟེན་པར་འབྲེལ་བར་བྱེད་ལ། རྒྱུ་བའི་ཚུལ་ནི་ཆ་ཤས་དུས་སྦྱོར་གྱི་རླུང་ལ་འདྲེས་པའི་ཚུལ་དུ་རྒྱུ་ཞིང་། གཙོ་བོར་ནི་འཆི་བའི་ཚེ་ཉིན་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་ལོངས་པར་རྒྱུ་སྟེ། འདུས་པ་ལས། ནམ་མཁའི་མགོན་པོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་ཞེས་བྱ་བའི་རླུང་དེ་ནི་འཆི་བའི་ཚེ་ན་དབུ་མ་ནས་ཕྱི་རོལ་དུ་ཡང་དག་པར་རྒྱུའོ། །ཞེས་གསུངས་པ་ལྟར་རོ། །དེའི་རྟེན་དང་བརྟེན་པའང་རྐྱེན་དང་རྐྱེན་ཅན་གྱིས་འབྲེལ་པར་གསུངས་ཀྱིས་ས་ལ་ལྷས་སྦྱིན་བརྟེན་པ་ལྟ་བུ་ནི་མ་ཡིན་ཅིང་ནམ་མཁའི་མགོན་པོ་དང་ནམ་མཁའི་རླུང་ཐ་དད་དུ་འཆད་དགོས་པ་རྗེ་བདུན་པས་གསུངས་སོ། །ད་ལྟ་ལུས་འཚོ་བའི་སྐབས་སུ་ནི་རླུང་འདི་ཡི་བྱེད་ལས་བདག་ཏུ་འཛིན་པ་དང་རྣམ་པར་རྟོག་པའི་དྲན་པ་ཐམས་ཅད་སྐྱེད་པར་བྱེད་དེ་རླུང་འདི་ཉིད་ཉོན་མོངས་པ་ཅན་གྱི་ཡིད་ལ་བརྗོད་པའི་ཕྱིར། གལ་ཏེ་རླུང་འདི་དབུ་མ་ལས་གནས་གཞན་ཏུ་ལོག་ན་ནི་བརྒྱལ་བ་དང་སྨྱོ་བ་དང་འཆི་བ་སྐྱེད་པར་བྱེད་ཅིང་།གཞི་དུས་ཐིམ་རིམ་དུ་སྙིང་གར་ལོག་པས་འཆི་བ་སྐྱེད་པ་ཡིན་ནོ། །ལས་ཀྱི་རླུང་འདི་དང་ཡེ་ཤེས་ཀྱི་རླུང་གསལ་ལ་མི་རྟོག་པ་འདྲེས་པའི་ཚུལ་དུ་གནས་ལ། རླུང་འདིའི་ཁ་དོག་ནི་ཁ་དོག་མེད་པའི་ཁ་དོག་ཅན་ནམ་མཁའ་ལྟ་བུ་རྒྱུད་འགྲེལ་ལས་བཤད་དོ། །གཉིས་པ་ནི། ཐུར་སེལ་ནས། ནད་སྐྱེད་བྱེད། ཅེས་གསུངས་ཏེ། ཐུར་སེལ་གྱི་རླུང་ནི་ལྟེ་བའི་འོག་ཏུ་རྩ་གསུམ་འདུས་མདོར་གནས་ནས་འོག་ཏུ་འགྲོ་ཞིང་། བྱེད་ལས་ནི་གཤང་གཅི་ཁུ་ཁྲག་སོགས་དྭངས་སྙིགས་ཀྱི་ཁམས་འབྱིན་སྡོམ་བྱེད་ལ། གཙོ་བོར་དུང་ཅན་མའི་ནང་དུ་གནས་ལ་ངོ་བོ་ནི་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་ཁམས་པ་ཡིན་ནོ། །གཞན་དུ་ལོག་ན་དྲི་ཆུ་འགགས་པ་སོགས་སྨད་ཀྱི་ནད་ཕལ་ཆེ་བ་སྐྱེད་པར་བྱེད་དོ། །གསུམ་པ་ནི། མེ་མཉམ་ནས། མ་རུངས་བྱེད། ཅེས་གསུངས་ཏེ། མེ་དང་མཉམ་པར་གནས་པའི་རླུང་ནི་སྙིང་གའི་མདུན་ཕྱོགས་ཀྱི་རྩ་སྣར་མ་ལས་བྱུང་ནས་རྩའི་རྩེ་མོ་གཅིག་ཕོ་བར་ཟུག་པ་ལ་བརྟེན་ཏེ་བྱེད་ལས་ནི་ཟས་སྐོམ་བཞུ་བ་དང་དྭངས་སྙིགས་འབྱེད་པ་དང་དྭངས་མ་རྣམས་ལུས་ཀྱི་རྩ་གནས་ཀུན་ཏུ་ཁྱེར་ནས་ལུས་གསོས་ཏེ་ལུས་ཀྱི་སྟོབས་བསྐྱེད་ལ་སྙིགས་མ་འདོར་བར་བྱེད་དོ། །གལ་ཏེ་གནས་གཞན་ཏུ་ལོག་པར་གྱུར་ན་ཁོང་པ་སྦོས་པ་དང་འཁྲུ་བ་ལ་སོགས་པའི་སྒོ་ནས་མ་རུངས་པར་བྱེད་དོ། །གསུམ་པ་ནི། གྱེན་རྒྱུ་ནས། ཕལ་ཆེར་བསྐྱེད། ཅེས་གསུངས་ཏེ། གྱེན་རྒྱུའི་རླུང་ནི་སྙིང་གའི་མེ་མཚམས་ཏེ་ནུ་མ་གཡས་པའི་ཐད་ཀྱི་རྩ་འདབ་གླང་ཆེན་ལྕེ་ལས་བྱུང་ཞིང་མགྲིན་པའི་གནས་སུ་ཟས་སྐོམ་མིད་པ་ལ་སོགས་ལས་ཀུན་བྱེད་ལ། བྱེད་ལས་ཀྱི་གཙོ་བོ་ནི་ལུས་ཀྱི་རྐང་ལག་གི་ཟློས་གར་དང་འགྲོ་བ་སོགས་ངག་གི་གླུ་དང་ཟློས་གར་ལ་སོགས་པ་རྣམས་ཡིན་ཞིང་། རླུང་དེ་གནས་གཞན་དུ་ལོག་ན་མགོ་འཁོར་བ་ལ་སོགས་པར་སྟོད་ཀྱི་ནད་ཕལ་ཆེ་བ་བསྐྱེད་དོ། །ལྔ་པ་ནི། ཁྱབ་བྱེད་དང་། ནད་ཀུན་བྱེད། ཅེས་གསུངས་ཏེ། ཁྱབ་བྱེད་ཀྱི་རླུང་ནི་སྙིང་གའི་གཡས་ཕྱོགས་ཀྱི་རྩའི་འདབ་མ་རོ་མ་དང་འབྲེལ་བར་རྩ་སེར་སྐྱེའི་ནང་ནས་རྒྱུ་ཞིང་ལུས་ཀྱི་ཚིགས་ཀུན་ལ་ཁྱབ་པར་གནས་ལ་བྱེད་ལས་ནི་ལུས་ཀྱི་སྟོབས་བརྐྱང་བསྐུམ་དང་འདེགས་འཇོག་ལ་སོགས་པ་མཐུ་ལྡན་དུ་བྱེད་ཅིང་དེ་གནས་གཞན་དུ་ལོག་པས་ཡན་ལག་ཞ་བ་དང་རེངས་པ་དང་གུམ་པ་ལ་སོགས་པའི་ནད་ཀུན་སྐྱེད་པར་བྱེད་དོ། །གཉིས་པ་ཡན་ལག་གི་རླུང་ལྔའི་གནས་བྱེད་ལས་དང་བཅས་པ་ནི། བདེན་བྲལ་ནས། བར་དུ་གནས། ཞེས་གསུངས་ཏེ། སྙིང་གའི་ལྷོ་ནུབ་བདེན་བྲལ་དང་། རྒྱབ་ཕྱོགས་དང་། ནུབ་བྱང་རླུང་མཚམས་དང་། གཡོན་ཕྱོགས་དང་། བྱང་ཤར་དབང་ལྡན་རྣམས་ལ་རིམ་པ་ལྟར། ཀླུའི་རླུང་ལ་སོགས་པ་ཡན་ལག་གི་རླུང་ལྔ་གནས་ཏེ། དེའང་ཀླུའི་རླུང་ནི་སོགས་པ་གཡས་པའི་ཐད་ཀྱི་རྩ་འདབ་རྒྱལ་ཞེས་པ་ལ་རྒྱུས་ནས་རྩའི་རྩེ་མོ་གཅིག་མིག་ལ་ཟུག་སྟེ་བྱེད་ལས་གཟུགས་འཛིན་པ་དང་ལུས་སྒེགས་པ་སོགས་བྱེད། རུས་སྦལ་གྱི་རླུང་ནི་སྙིང་གའི་རྒྱབ་ཕྱོགས་ཀྱི་འདབ་མ་རྩ་རྒྱལ་བ་ལ་རྒྱུས་ནས་རྩེ་མོ་གཅིག་རྣ་བར་ཟུག་སྟེ་བྱེད་ལས་སྒྲ་འཛིན་པ་དང་རྐང་ལག་བསྐྱོད་པ་སོགས་བྱེད། རྩངས་པའི་རླུང་ནི་སོགས་པ་གཡོན་པའི་ཐད་ཀྱི་རྩ་འདབ་ཨ་ལཾ་པུ་ཥ་ལ་རྒྱུས་ནས་རྩེ་མོ་གཅིག་སྣ་ལ་ཟུག་སྟེ་བྱེད་ལས་དྲི་འཛིན་པ་དང་ཁྲོ་བ་དང་འཁྲུགས་པ་སོགས་བྱེད། ལྷ་སྦྱིན་གྱི་རླུང་ནི་སྙིང་གའི་གཡོན་ཕྱོགས་ཀྱི་རྩ་ཨི་ཊ་སྟེ་ལུག་ཞེས་པ་ལ་རྒྱུས་ནས་རྩེ་མོ་གཅིག་ལྕེ་ལ་ཟུག་སྟེ་བྱེད་ལས་རོ་འཛིན་པ་དང་གླལ་བ་སོགས་བྱེད། ནོར་ལས་རྒྱལ་གྱི་རླུང་ནི་ནུ་མ་གཡོན་པའི་ཐད་ཀྱི་རྩ་ཀུ་ཧཱ་ལ་རྒྱུས་ནས་རྩའི་རྩེ་མོ་ལྕེའུ་ཆུང་གི་དབུས་དང་བ་སྤུའི་བུ་ག་ཐམས་ཅད་དུ་ཟུག་སྟེ་བྱེད་ལས་ཕྱོས་གཅིག་གི་ཁམས་དཀར་ཆ་གྱེན་ལ་འདྲེན་པ་དང་ཕྱོགས་གཅིག་གིས་རེག་བྱ་འཇམ་རྩུབ་སོགས་འཛིན་ཅིང་ཕྱོགས་གཅིག་ལུས་འདི་ཉིད་ལ་ཤི་ནས་མ་འཐོར་གྱི་བར་དུ་གནས་པ་སྟེ་ལུས་ཀྱི་སྲ་བའི་ཁམས་མི་འདོར་བ་བྱེད་དོ། །གསུམ་པ་དོན་བསྡུ་བ་ནི། ད་ལྟ་ནས། བསྟན་པ་ཡིན། ཅེས་གསུངས་ཏེ། རླུང་བཅུ་པོ་འདི་རྣམས་ནི་ད་ལྟ་ཉིན་མཚན་གྱི་ཐུན་ཆེན་པོ་བརྒྱད་ཀྱི་རང་བཞིན་ཏེ་རླུང་འདི་རྣམས་ཀྱི་རྒྱུ་ཚུལ་དང་གྲངས་ལ་བརྟེན་ནས་གཙོ་བོར་ཐུན་དང་དུས་སྦྱོར་ལ་སོགས་པ་བསྟན་པ་ཡིན་ནོ། །ཞེས་སམ། ཡང་ན་འདི་དག་ཁམས་ཀུན་འབྱུང་ཡིན་པའི་ངེས་པས་རེ་རེའང་ཁམས་ལྔའམ་དྲུག་གི་བདག་ཉིད་དུ་གནས་ཤིང་། ཕྱིར་འགྲོ་བ་སྡུད་རིམ་དང་ནང་དུ་འབྱུང་བ་སྐྱེད་རིམ་དུ་གནས་པ་ཡིན་པས་རླུང་འདི་རྣམས་གཙོ་བོར་བསྟན་པ་ཡིན་ནོ། །ཞེས་སོ། །གསུམ་པ་ཕྱི་ནང་དུ་རྒྱུ་བའི་རིམ་པ་བྱེད་ལས་དང་བཅས་པ་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། རྒྱུ་ཚུལ་ཕྱི་ནང་གཉིས་ཡིན་ཏེ། ཞེས་གསུངས་ཏེ། རླུང་དེ་ཉིད་རྒྱུ་བའི་ཚུལ་ནི་ཕྱིར་རྒྱུ་བ་དང་། ནང་དུ་རྒྱུ་བའི་ཚུལ་གཉིས་ཡིན་ཏེ། ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི། ནང་དུ་རྒྱུ་བ་དང་། ཕྱིར་རྒྱུ་ཚུལ་དང་། ཇི་ལྟར་རྒྱུ་བའི་རིམ་པ་ཁ་དོག་དང་སྟོབས་དང་ཡོན་ཏན་བཤད་པ་དང་། རྒྱུད་ཕན་ཚུན་དགོངས་པ་མི་འགལ་བར་བསྟན་པའོ། །དང་པོ་ལ་གཉིས། བཤད་པ་དང་། བསྡུ་བའོ། །དང་པོ་ལ་ལྔ། རྩ་འཁོར་ལོ་བཞིར་རྒྱུ་ཚུལ་དང་། སྤྱིའི་ཁམས་བཤད་པ། ཚིགས་ཀྱི་འཁོར་ལོར་རྒྱུ་བའི་ཚུལ། རྩ་ཐམས་ཅད་ཀྱི་རྒྱུ་ལུགས། །ཞར་ལ་འགགས་པའི་ངེས་པ་བསྟན་པའོ། །དང་པོ་ལ་བཞི། སྙིང་གའི་འཁོར་ལོ་དང་། སྤྱི་བོ། མགྲིན་པ། ལྟེ་བའི་འཁོར་ལོར་རྒྱུ་ཚུལ་ལོ། །དང་པོ་ནི། སྲོག་རླུང་ནས། དེ་བཞིན་ཏེ། ཞེས་གསུངས་ཏེ། སྙིང་གའི་འཁོར་ལོར་རྒྱུ་ཚུལ་ནི་སྲོག་ཆེན་པོའི་རླུང་སྒྲ་གཅན་གྱི་ཁམས་ཀྱི་རང་བཞིན་དེ་ནི་དང་པོར་མངལ་དུ་ཆགས་པ་ནས་འཆི་བ་ལ་ཐུགས་པའི་བར་དུ་དབུ་མར་རྒྱལ་པོ་ལྟ་བུར་གནས་ཤིང་། དེ་ལས་འཕྲོས་པའི་རྩ་བ་དང་ཡན་ལག་གི་རླུང་གཞན་རྣམས་ཀྱིས་ལུས་ཀྱི་སྟོད་སྨད་དང་ཕྱི་ནང་ཐམས་ཅད་དུ་བློན་པོ་ལྟར་ལས་ཀུན་བྱེད་པ་ཡིན་ལ། དེ་ཡང་སྙིང་གའི་འཁོར་ལོར་རྩ་བ་དང་ཡན་ལག་གི་རླུང་ལ་སོ་སོར་འབྱུང་བ་བཞིའི་དབྱེ་བས་བཞི་བཞི་སྟེ་བརྒྱད་དུ་ཕྱེ་བས་སྙིང་གའི་ཕྱོགས་བཞི་དང་མཚམས་བཞིའི་རྩ་ལ་རླུང་བརྒྱད་པོ་དེ་ཉིད་རྒྱུ་བ་ཡིན་ཞིང་། ཇི་ལྟར་སྙིང་གའི་འཁོར་ལོར་རླུང་སྡེ་ཚན་བརྒྱད་དུ་རྒྱུ་བ་དེ་བཞིན་ཏུ་ལྟེ་བ་ལ་སོགས་པའི་འཁོར་ལོ་གཞན་རྣམས་སུ་ཡང་སྡེ་ཚན་བརྒྱད་བརྒྱད་དེ་ཞེ་བརྒྱད་རྒྱུ་བར་ཤེས་པར་བྱའོ། །གཉིས་པ་སྤྱི་བོའི་འཁོར་ལོ་ལ་གསུམ། སྤྱིར་བསྟན་པ། དུས་འཁོར་བའི་ལུགས། བདེ་དགྱེས་སོགས་ཀྱི་ལུགས་སོ། །དང་པོ་ནི། སྤྱི་བོ་ནས། བཅུ་དྲུག་བཤད། ཅེས་གསུངས་ཏེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་ཏུ་རླུང་རྒྱུ་བའི་ཚུལ་ནི། བདེ་དགྱེས་སོགས་སུ་སྤྱི་བོར་རྩ་འདབ་སུམ་ཅུ་རྩ་གཉིས་གསུངས་པ་ཐབས་ཤེས་ཟུང་འཇུག་ཏུ་སྦྱར་བའམ་ཡང་ན་ལུས་ལ་གནས་པའི་དུས་སུ་ཕྱི་རོལ་གྱི་རྩ་འདབ་བཅུ་དྲུག་ཏུ་ཁྲག་གཙོ་བོར་རྒྱུ་ལ་ནང་གི་རྩ་འདབ་བཅུ་དྲུག་ཏུ་ཟླ་བའི་རྐང་པའི་འཕེལ་འགྲིབ་དང་མཚུངས་པའི་རླུང་དང་བྱང་ཆུབ་ཀྱི་སེམས་ཡོན་ཏན་ལྔ་ལྡན་པ་ལ་སོགས་པར་རྒྱུ་བས་རྒྱུ་མཚན་དེའི་ཕྱི་ན་དུས་འཁོར་ལས་སྤྱི་བོར་རྩ་འདབ་བཅུ་དྲུག་ཏུ་བཤད་དོ། །གཉིས་པ་ནི། གཉིས་ནི་ནས། རིམ་པ་ཡིས། ཞེས་གསུངས་ཏེ། དུས་འཁོར་ལུགས་དེ་ལྟར་ན། རྒྱུ་ཚུལ་དངོས་ཇི་ལྟ་བུ་ཞེ་ན། ཟླ་རྐང་ལ་སྡ་རྐང་གནས་བདུན་ཕྱི་རྐང་གནས་བདུན་སྟེ་བཅུ་བཞིའི་སྟེང་དུ་རྐང་མཚམས་དང་རྐང་པ་རྫོགས་མཚམས་ཀྱི་སྡོམ་པ་གཉིས་བསྣན་པས་བཅུ་དྲུག་ཡོད་པའི་དག་པས། དཔྲལ་བའི་དབུས་ཀྱི་རྩ་གཅིག་དང་ལྟག་ཁུང་གི་དབུས་ཀྱི་གཅིག་སྟེ་གཉིས་སུ་ནི་སྟོང་པའི་རང་བཞིན་ཡེ་ཤེས་ཀྱི་ཆ་རྒྱུ་བ་ཡིན་ལ་གཉིས་པོ་ལ་གཞན་དག་རྩ་བཅུ་བཞི་ལ་གཡས་སྐོར་དུ་བཤད་ན་རིམ་པ་ལྟར་གཡས་ཀྱི་རྩ་འདབ་དང་པོ་གསུམ་ལ་རྡུལ་མུན་སྙིང་སྟོབས་གསུམ་གྱི་རང་བཞིན་གྱི་སའི་རླུང་གཟུགས་སྒྲ་དྲི་རོ་རེག་བྱའི་ཡོན་ཏན་ལྔ་དང་ལྡན་པར་རྒྱུ་བས་ལྔ་པ་གསུམ་དང་། དེ་ནས་གཅིག་ལ་ཆུའི་རླུང་དྲི་མ་གཏོགས་པའི་ཡོན་ཏན་བཞི་དང་ལྡན་པར་རྒྱུ་བས་བཞི་པ་གཅིག་དང་། དེ་ནས་གཅིག་ལ་མེའི་རླུང་གཟུགས་དྲི་མ་གཏོགས་པའི་ཡོན་ཏན་གསུམ་དང་ལྡན་པར་རྒྱུ། །དེ་ནས་གཅིག་ལ་རླུང་གི་རླུང་སྒྲ་རེག་གི་ཡོན་ཏན་གཉིས་དང་ལྡན་པར་རྒྱུ། དེ་ནས་གཅིག་ལ་ནམ་མཁའི་རླུང་སྒྲའི་ཡོན་ཏན་གཅིག་པུ་དང་ལྡན་པར་རིམ་བཞིན་རྒྱུ་བ་ནི་ཟླ་བའི་སྔ་རྐང་དང་མཐུན་ལ། རྩ་བརྒྱད་པ་ལྟག་ཁུང་གི་རྩ་ལ་ཡོན་ཏན་གང་ཡང་མེད་པས་སྟོང་པ་ནི་རྐང་མཚམས་སོ། །དེ་ནས་ཕྱི་མའི་རྩ་བདུན་རིམ་པ་བཞིན་ཏུ་སྔ་མ་ལས་བཟློག་པ་སྟེ་ལྟག་ཁུང་ནས་གཡས་ཕྱོགས་སུ་རྩ་དགུ་པ་ལ་སྒྲའི་ཡོན་ཏན་གཅིག་པུ་དང་ལྡན་པར་རྒྱུ། བཅུ་པ་ལ་སྒྲ་རེག་གཉིས་དང་བཅུ་གཅིག་པ་ལ་སྒྲ་རེག་རོ་གསུམ་དང་བཅུ་གཉིས་པ་ལ་གཟུགས་སྒྲ་དྲི་རོ་རེག་བཞི་དང་དེ་ནས་བཅོ་ལྔའི་བར་གསུམ་ལ་ཡོན་ཏན་ལྔ་དང་ལྡན་པ་དང་བཅུ་དྲུག་པ་དཔྲལ་བའི་ཐིག་ལེར་ནི་སྲོག་ཡོངས་སུ་གང་བ་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་རྐང་པ་རྫོགས་པའི་མཚམས་སོ། །དེ་དག་ནི་རླུང་རྒྱུ་རིམ་གྱི་ཡོན་ཏན་གྱི་རིམ་པ་ཡིས་དུས་འཁོར་དུ་བསྟན་པ་ཇི་ལྟ་བ་བཞིན་ཡིན་ལ། དེ་ཡང་གཟུགས་སྒྲ་ལ་སོགས་པའི་ཡོན་ཏན་རྒྱུ་བ་མང་ན་ཡོན་ཏན་ཆེ་ཉུང་ན་ཡོན་ཏན་ཆུང་བས་ཡོན་ཏན་གྱི་རིམ་པ་ཞེས་པའི་ཚིགས་གིས་བསྟན་པ་ཡིན་ནོ། །གསུམ་པ་བདེ་དགྱེས་སོགས་ཀྱི་ལུགས་ནི། དབྱུ་གུ་ནས། ཡིན་པར་བརྗོད། ཅེས་གསུངས་ཏེ། སྤྱི་བོར་རྩ་འདབ་སུམ་ཅུ་སོ་གཉིས་སུ་རླུང་རྒྱུ་བའི་ཚུལ་ནི་དུས་སྦྱོར་གྱི་དབང་དུ་བྱས་པའི་དབྱུ་གུ་ཉེར་བརྒྱད་དང་ནམ་མཁའ་ཡེ་ཤེས་ཀྱི་སྟོང་པ་གཉིས་ལ་ཐབས་ཤེས་ཀྱི་དབྱེ་བས་བཞི་སྟེ་སྤྱིར་བསྡོམས་ན་སུམ་ཅུ་རྩ་གཉིས་རྒྱུ་བ་ཡིན་ལ། དེ་ཡང་ཞག་གཅིག་གི་ཆུ་ཚོད་གཉིས་གཉིས་ལ་ཡུད་ཙམ་རེ་རེར་བྱས་པའི་ཡུད་ཙམ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཡིན་པར་རྒྱུད་ཕན་ཚུན་ལས་བརྗོད་དོ། །གསུམ་པ་མགྲིན་པར་རླུང་རྒྱུ་ཚུལ་ལ་གསུམ། རྩ་འདབ་ཀྱི་དབྱེ་བ་སྤྱིར་བསྟན་པ། དུས་འཁོར་ནས་བཤད་པའི་རླུང་རྒྱུ་ཚུལ། རྒྱུད་གཞན་ལས་བཤད་པའི་ཚུལ་ལོ། །དང་པོ་ནི། མགྲིན་པར་ནས། སུམ་ཅུ་གཉིས། ཞེས་གསུངས་ཏེ། མགྲིན་པའི་འཁོར་ལོའི་རྩ་འདབ་ཀྱི་གྲངས་བདེ་དགྱེས་འདུས་པ་སོགས་ལས་བཤད་པ་ནི་བཅུ་དྲུག་ཡིན་ལ། བཅུ་དྲུག་པོ་དེ་ལ་ཐབས་ཤེས་གཉིས་གཉིས་སུ་དབྱེ་བས། དུས་འཁོར་ལས་རྩ་འདབ་སུམ་ཅུ་རྩ་གཉིས་སུ་གསུངས་པ་ནི་རྒྱུད་ཕན་ཚུན་དགོངས་པ་མཐུན་པར་སྤྱིར་བསྟན་པ་ཡིན་ནོ། །གཉིས་པ་ནི། དེ་ལ་ནས། དང་མཚུངས་རྒྱུ། ཞེས་གསུངས་ཏེ། རྩ་འདབ་སོ་གཉིས་ཡོད་པ་དེ་ལ་མཚམས་ཀྱི་རྩ་འདབ་བཞིར་ནི་སྟོང་པ་ཡེ་ཤེས་ཀྱི་ཆ་རྒྱུ་ཞིང་བཞི་པོ་དེ་ལས་གཞན་དག་ཉི་ཤུ་རྩ་བརྒྱད་པོ་ཕྱོགས་བཞིར་བདུན་བདུན་དུ་བྱས་པ་ལ་བྱི་བཞིན་དང་བཅས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ལོངས་སྤྱོད་དང་མཚུངས་པའི་རླུང་རྒྱུ་བ་ཡིན་ནོ། །གསུམ་པ་ནི། གཞན་ནས་སོགས་རྐང་པ་གཅིག་སྟེ། དུས་འཁོར་ལས་གཞན་བདེ་དགྱེས་འདུས་པ་སོགས་ནས་མགྲིན་པའི་རྩ་འདབ་བཅུ་དྲུག་ཏུ་འཕོ་བ་བཅུ་དྲུག་གི་རླུང་རྒྱུ་བར་བཤད་པ་ནི། གོང་མ་དུས་འཁོར་ལུགས་ཀྱི་རྩ་སོ་གཉིས་པོ་ཐབས་ཤེས་གཉིས་གཉིས་ཟུང་འཇུག་ཏུ་སྦྱར་བས་འཕོ་བ་བཅུ་དྲུག་གི་དག་སྦྱོར་དུ་འགྱུར་བས་ན་རྒྱུད་ཕན་ཚུན་དགོངས་པ་འགལ་བ་མ་ཡིན་ནོ། །བཞི་པ་ལྟེ་བའི་འཁོར་ལོའི་རྒྱུ་ཚུལ་ལ་གཉིས། རྩ་འདབ་ཀྱི་དབྱེ་བ་སྤྱིར་བསྟན་པ་དང་། རླུང་རྒྱུ་ཚུལ་དུས་འཁོར་དང་མཐུན་པར་བསྟན་པའོ། །དང་པོ་ནི། ལྟེ་བར་ནས། དྲུག་ཅུ་སྟེ། ཞེས་གསུངས་ཏེ། ལྟེ་བའི་འཁོར་ལོའི་རྩའི་འདབ་མ་དྲུག་ཅུ་རྩ་བཞི་ནི་དབུ་མ་ལས་གྱེས་པ་རྩ་བའི་རྩ་འདབ་བཞི་ལ་ཁྱིམ་མམ་དུས་སྦྱོར་བཅུ་གཉིས་ཀྱི་དབྱེ་བས་གསུམ་གསུམ་དུ་ཕྱེ་བས་ན་བཅུ་གཉིས་འབྱུང་བ་ནི་འཕོ་ཆེན་བཅུ་གཉིས་ཡིན་ལ། དེ་རེ་རེ་ལ་འཕོ་ཆུང་ངམ་དཀྱིལ་འཁོར་ལྔ་ལྔ་ཡོད་པའི་དབྱེ་བས་རྩེ་མོ་ལྔ་ཚན་དུ་སོ་སོར་གྱེས་པའི་ལྔ་ཚན་བཅུ་གཉིས་བསྡོམས་པས་རྩེ་མོ་དྲུག་ཅུ་སྟེ། རྩ་བའི་བཞི་དང་བཅས་པས་དྲུག་ཅུ་རྩ་བཞི་ནི་གང་དུ་རླུང་རྒྱུ་བའི་གནས་ཀྱི་རྩ་དྲུག་ཅུ་རྩ་བཞི་ངོས་བཟུང་བ་ཡིན་ནོ། །གཉིས་པ་ནི། དབྱུ་གུ་ནས། དབུ་མར་རྒྱུ། ཞེས་གསུངས་ཏེ། རྩ་འདབ་ཀྱི་རྩེ་མོ་དྲུག་ཅུ་པོ་དེར། དབྱུ་གུ་དྲུག་ཅུའི་བདག་ཉིད་དུས་སྦྱོར་གྱི་རླུང་རྒྱུ་ལ། རྩ་བའི་རྩ་འདབ་བཞི་པོ་དེར་ནི་སྟོང་པ་ཡེ་ཤེས་ཀྱི་ཆ་དབུ་མ་ལ་རྒྱུ་བ་ཡིན་ནོ། །གཉིས་པ་རྩ་སྤྱིའི་ཁམས་བཤད་པ་ནི། ཀུན་ཀྱང་ནས། རགས་པ་ཡིན། ཅེས་གསུངས་ཏེ། རྩ་དེ་རྣམས་ཀྱི་ཁམས་ཀྱི་རིམ་པ་ནི་རྩ་ཀུན་ཀྱང་མདུན་ཕྱོགས་ཀྱི་རྩ་ཐམས་ཅད་རླུང་ཁམས་གཡས་པ་རྣམས་མེ་ཁམས་གཡོན་པ་ཆུ་ཁམས་རྒྱབ་ཕྱོགས་ས་ཁམས་ཡིན་ལ། མཚམས་དང་བཅས་པ་སྟེ་མེ་མཚམས་རླུང་ཁམས་བདེན་བྲལ་མེ་ཁམས་རླུང་མཚམས་ས་ཁམས་དབང་ལྡན་ཆུ་ཁམས་པར་བསྟན་པ་ནི་དཀྱིལ་འཁོར་གྱི་ལྷའི་དག་པ་དང་མཐུན་པར་རགས་པ་ཙམ་བསྟན་པ་ཡིན་ལ། དབུས་མ་ནས་རྒྱུ་ཚུལ་ནི་གསུམ་ལས་གང་རུང་གི་དབུས་ནས་རྒྱུ་བ་ནི་ནམ་མཁའ་དང་གཉིས་ཀའི་དབུས་ནས་རྒྱུ་བ་ཡེ་ཤེས་ཀྱི་ཁམས་ཡིན་ནོ། །དེ་ཡང་སྤྱིར་རྩ་གཅིག་ལ་ཡང་ཕྱོགས་མཚམས་ཀྱི་དབྱེ་བས་གོང་དུ་བརྗོད་པ་བཞིན་ཡིན་ལ། བྱེ་བྲག་ཏུ་ལྟེ་བའི་འཕོ་ཆུང་གི་རྩ་འདབ་ལྔ་པོ་ལ་ཡང་གོང་དུ་བཤད་པའི་ཁམས་ལྔ་པོ་འདི་ཉིད་ཡིན་པར་རང་འགྲེལ་ལས་གསུངས་སོ། །གསུམ་པ་ཚིགས་ཀྱི་འཁོར་ལོར་རླུང་རྒྱུ་བའི་ཚུལ་ནི། དེ་བཞིན་ནས། མཚུངས་པ་ཡིན། ཅེས་གསུངས་ཏེ། འཁོར་ལོ་བཞིར་རླུང་རྒྱུ་བའི་ཚུལ་དེ་བཞིན་དུ་རྐང་ལག་གི་ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོར་རླུང་རྒྱུ་བའི་ཚུལ་ཡང་འཁོར་ལོ་རེ་ལ་རྩ་འདབ་སུམ་ཅུ་རེ་ཡོད་པ་རྣམས་སུ་རླུང་རྒྱུ་བས་འཁོར་ལོ་རེ་ལ་རླུང་གི་རྒྱུ་བ་སུམ་ཅུ་རེ་སྟེ། འཁོར་ལོ་བཅུ་གཉིས་པོ་ཀུན་བསྡོམས་པ་ལ་སུམ་བརྒྱ་དྲུག་ཅུའི་སྲོག་སྟེ་རླུང་གི་གྲངས་སུམ་བརྒྱ་དྲུག་ཅུ་རྒྱུ་བ་ཡིན་ལ། ཉིང་ལག་སོར་མོའི་ཚིགས་ཀྱི་རྩ་རྣམས་སུ་ཡང་རླུང་རྒྱུ་བའི་གྲངས་སྔ་མ་དེ་དང་མཚུངས་པར་སུམ་བརྒྱ་དང་དྲུག་ཅུ་ཡིན་ཏེ། སོར་ཚིགས་ཀྱི་འཁོར་ལོ་དྲུག་ཅུ་པོ་རེ་རེ་ལ་རྩ་འདབ་དྲུག་དྲུག་ཡོད་པས་རྩ་འདབ་ཀྱི་གྲངས་དང་མཐུན་པའི་རླུང་རྒྱུ་བས་སོ། །བཞི་པ་རྩ་ཐམས་ཅད་དུ་རྒྱུ་བའི་ཚུལ་ནི། དེ་ནས་ནས། རྒྱུ་བར་འགྱུར། ཅེས་གསུངས་ཏེ། བཤད་མ་ཐག་པའི་རྗེས་དེ་ནས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་དུ་རྒྱུ་ཚུལ་བཤད་ན། ཐུགས་རྡོ་རྗེའི་རིགས་ཀྱི་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞིར་དབུ་མའི་བདག་ཉིད་སྒྲ་གཅན་གྱི་རླུང་འགྲོ་བར་གསུངས་ལ། དཀར་ཆས་ཕྱེ་བ་སྐུའི་རིགས་ཀྱི་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞིར་ཟླ་བའི་ཁམས་ཀྱི་རླུང་དང་། དམར་ཆས་ཕྱེ་བ་གསུང་གི་རིགས་ཀྱི་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞིར་ཉི་མའི་ཁམས་ཀྱི་རླུང་རྒྱུ་བས་སམ། རྩ་རེ་རེར་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་རྒྱུ་བ་ནི་ཕྱི་རོལ་དུ་ལོ་གཅིག་གི་དུས་སྦྱོར་དང་མཚུངས་པར་གསུངས་པ་དེ་ལྟར་ནང་ན་རྒྱུ་བར་འགྱུར་ཞིང་། དབུགས་དབྱུང་རྔུབ་གཅིག་ཀྱང་བ་སྤུའི་མཐར་ཐུག་བར་འགྲོ་ཞིང་རྒྱུ་བ་ཡིན་ནོ། །ལྔ་པ་ཞར་ལ་འགག་པའི་ངེས་པ་ནི། གང་ཚེ་ནས། ཕྱོགས་ཀུན་འདྲ། ཞེས་གསུངས་ཏེ། གང་གི་ཚེ་ལུས་ཅན་རྣམས་འཆི་བའི་ལྟས་ནི་ལྟེ་བའི་ལུག་ལ་སོགས་པ་རྩ་གཅིག་ཏུ་རླུང་གི་རྒྱུ་བ་འགགས་ནས་མི་རྒྱུ་བ་དེའི་ཚེ་ལུས་ཀྱི་ཕྱོགས་ཀུན་ཏུ་དེ་དང་འདྲ་བར་འགགས་པས་རྩ་ཆེན་ཉི་ཤུ་རྩ་ཕྲན་དང་བཅས་པ་རྣམས་སུ་ཡང་ཆ་ཤས་དེ་ཙམ་རེ་འགགས་པར་འགྱུར་བ་ལ་སོགས་པའི་རྒྱས་བཤད་འོག་སྡུད་རིམ་གྱི་སྐབས་སུ་འཆད་པར་འགྱུར་རོ། །གཉིས་པ་རྩིས་ཀུན་བསྡུས་པར་ཁ་འཕངས་པས་མཇུག་བསྡུ་བ་ནི། འདི་ལ་ནས། མཚུངས་པ་ཡིན། ཅེས་གསུངས་ཏེ། ནང་དུ་རླུང་རྒྱུ་ཚུལ་འདི་ལ་བརྟེན་ནས་རྟེན་འབྲེལ་སྣ་ཚོགས་པ་འཆར་བའི་རྣམ་བཞག་གི་དབྱེ་བ་དཔག་ཏུ་མེད་པ་ཡོད་ཀྱང་། ཕལ་ཆེར་ཕྱི་རོལ་གྱི་རྩིས་དང་མཚུངས་པ་ཡིན་ལ། དེ་ཡང་། ཕྱིར་ལོ་གཅིག་དང་ནང་དུ་ཞག་གཅིག་ཕྱིའི་ཟླ་བ་བཅུ་གཉིས་དང་ནང་དུ་འཕོ་ཆེན་བཅུ་གཉིས། ཕྱིའི་དབྱུ་གུ་དྲུག་ཅུ་དང་ནང་དུ་འཕོ་ཆུང་དྲུག་ཅུ། ཕྱིའི་ལོ་གཅིག་གི་ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་ནང་དུ་ཞག་གཅིག་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། ཕྱིའི་ལོ་གཅིག་ལ་ཞག་བཅུ་གཅིག་བཞི་ཆ་ལྷག་པ་དང་ནང་དུ་འཕོ་ཆུང་གཅིག་ལ་ཡེ་ཤེས་ཀྱི་རླུང་དྲག་པོ་རྐང་བཅས་འབྱུང་བ་སོགས་ཞིབ་ཏུ་རྗེ་ཉིད་ཀྱིས་མཛད་པའི་རྩིས་ཀུན་བསྡུས་པ་ལས་ཤེས་པར་བྱའོ། །གཉིས་པ་ཕྱིར་རྒྱུ་བའི་ཚུལ་ལ་གསུམ། སྤྱིར་བསྟན་པ། དུས་སྦྱོར་རྒྱས་བཤད། དབུ་མའི་ཆ་བཤད་པའོ། །དང་པོ་ལ་བཞི། འཇུག་སྒོ་བསྟན་པ། ཉི་ཟླའི་རླུང་རྒྱུ་ཚུལ། སྒྲ་གཅན་གྱི་རླུང་རྒྱུ་ཚུལ། དུས་སྦྱོར་གྱི་རླུང་རྒྱུ་བའི་ཐོག་མ་ངོས་བཟུང་བའོ། །དང་པོ་ནི། དེ་ནས་ནས། སྣ་བུག་ཏུ། ཞེས་གསུངས་ཏེ། ནང་རྒྱུ་བཤད་ཟིན་པ་དེ་ནས་ཕྱི་རོལ་དུ་རྒྱུ་བའི་ཚུལ་བཤད་ན་དེར་རྒྱུ་བའི་ལམ་ནི་ཕྲ་བ་བ་སྤུའི་སྒོ་དང་རགས་པ་དབང་པོའི་སྒོ་ཀུན་ནས་ཆ་ཤས་ཙམ་རྒྱུ་ཡང་། ཁྱད་པར་དུས་སྦྱོར་དུ་གཏོགས་པའི་རླུང་ཐམས་ཅད་ཀྱི་འཇུག་པའི་སྒོ་ཆེན་པོ་ནི་ལྟེ་བའི་དཀྱིལ་འཁོར་ནས་རོ་རྐྱང་གི་རྩ་ཆེན་གཉིས་ལ་བརྒྱུད་ནས་སྣ་བུག་ཏུ་འབྱུང་བ་ཡིན་ནོ། །གཉིས་པ་ནི། གཡས་པ་ནས། རླུང་དུ་བརྗོད། ཅེས་གསུངས་ཏེ། སྣ་བུག་གཡས་པ་ནས་རྒྱུ་བ་ཉི་མའི་རླུང་དེ་ནི་ནུས་པ་ཟད་རིམ་གྱིས་རྒྱུ་བས་དུག་གི་རླུང་ཞེས་བྱ་ལ་བསམ་པའི་སྒོ་ནས་ཐབས་ཀྱི་རང་བཞིན་ཡིན་ཀྱང་ལུས་ཤེས་རབ་རང་བཞིན་གསུངས་རྡོ་རྗེའི་ངོ་བོ་ཡིན་ནོ། །སྣ་བུག་གཡོན་པ་ནས་རྒྱུ་བ་ཟླ་བའི་རླུང་དེ་ནི་འབྱུང་བ་འཕེལ་རིམ་གྱི་རྒྱུ་བས་བདུད་རྩི་སྟེ་བསམ་པ་ཤེས་རབ་ཀྱི་རང་བཞིན་ཡིན་ཀྱང་ལུས་ཐབས་སྐུ་རྡོ་རྗེའི་ངོ་བོ་ཡིན་ནོ། །ཞག་རེ་རེ་བཞིན་དུ་གཡས་གཡོན་དེ་གཉིས་ཀྱི་རླུང་རྒྱུ་བའི་གྲངས་ནི་ཁྲི་དང་བཞི་བརྒྱ་དྲུག་ཅུ་རྩ་གཉིས་ཕྱེད་དང་བཅས་པར་རྒྱུ་བ་ནི་རིམ་བཞིན་ཉི་མ་ཟླ་བའི་རླུང་དུ་བརྗོད་དེ། གཉིས་ཀ་བསྡོམས་པས་ཉི་ཁྲི་དགུ་བརྒྱ་ཉི་ཤུ་རྩ་ལྔ་ཡིན་ནོ། །གསུམ་པ་ནི། དེ་གཉིས་ནས། བདག་ཉིད་དོ། །ཞེས་གསུངས་ཏེ། སྣ་བུག་དེ་གཉིས་ཀྱི་དབུས་ནས་མཉམ་དུ་རྒྱུ་བའི་རླུང་དྲུག་བརྒྱ་དང་བདུན་ཅུ་རྩ་ལྔ་ནི་ཕྱི་རོལ་གྱི་སྒྲ་གཅན་ལྟར་སྟོབས་དང་ལྡན་པས་སྒྲ་གཅན་གྱི་ཁམས་དང་ནམ་མཁའ་ལྟར་གོ་འབྱེད་པས་ནམ་མཁའི་རླུང་དང་དབུ་མ་འཇུག་པས་ཡེ་ཤེས་ཀྱི་རླུང་ཞེས་ཀྱང་བྱ་སྟེ། ངོ་བོ་ནི་ཐབས་ཤེས་གཉིས་སུ་མེད་པ་ཐུགས་རྡོ་རྗེའི་རང་བཞིན་ནོ། །ཡེ་ཤེས་ཀྱི་རླུང་དེ་ལ་ཡང་ངོ་བོའི་སྒོ་ནས་དབྱེ་བ་ཡིས་འོག་ནས་སྟོན་པ་ལྟར་ས་ལ་སོགས་པ་ལྔའི་བདག་ཉིད་དུ་འདོད་དེ། དཀྱིལ་འཁོར་ལྔ་པོ་རེ་རེ་ལ་ཡང་ཡེ་ཤེས་ཀྱི་ཆ་དྲག་བོ་རྐང་བཅས་ཡོད་པས་སོ། །ཉི་ཟླ་སྒྲ་གཅན་གྱི་རླུང་བསྡོམས་པས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར་བ་ཡིན་ནོ། །བཞི་པ་དུས་སྦྱོར་གྱི་རླུང་རྒྱུ་བའི་ཐོག་མ་ངོས་བཟུང་བ་ནི། སྐྱེ་དུས་ནས། ཁྱིམ་དུ་བཤད། ཅེས་གསུངས་ཏེ། དུས་སྦྱོར་བཅུ་གཉིས་ཀྱི་རླུང་རྣམས་ཐོག་མར་གང་རྒྱུ་ཞེ་ན་མངལ་ནས་སྐྱེ་བའི་དུས་སུ་ལྟེ་བར་མ་དང་འབྲེལ་པའི་རྩ་ལ་མའི་རླུང་རྒྱུ་བ་ཆད་ཅིང་དེའི་རྗེས་ནས་རང་གི་སྣར་རྒྱུ་བའི་དང་པོ་དེ་ནི་ཀརྐ་ཊའི་ཁྱིམ་དུ་རྒྱུ་བར་བཤད་པ་སྟེ་ཕྱི་རོལ་དུ་ཉི་མ་ནབ་སོའི་བཞི་གསུམ་ཀརྐ་ཊའི་ཁྱིམ་དུ་སྐྱེས་པར་བཤད་པ་དང་ཆོས་མཐུན་པ་ཡིན་ནོ། །དེའང་རྫོགས་ལྡན་གྱི་བསྐལ་པ་བྲི་བས་རང་འོད་ཉམས་པའི་ཚེ་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ལས་ཉི་ཟླ་བྱུང་བའི་ཚེ། ནབ་སོའི་བཞི་གསུམ་ཀརྐ་ཊའི་ཁྱིམ་ཤར་གྱི་རི་བོའི་རྩེར་མཐོང་མ་ཐག་ཁྱིམ་དེར་ཉི་མ་དང་པོར་མཐོང་བ་དེ་ལ་སྐྱེས་པའི་ཐ་སྙད་བྱས་པའོ། །གཉིས་པ་དུས་སྦྱོར་རྒྱས་བཤད་ལ་གཉིས། ཐུན་མོང་དུ་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། ད་ནི་ནས། གཡོན་འབྱུང་བས། ཞེས་གསུངས་ཏེ། དུས་སྦྱོར་གྱི་དང་པོ་ངོས་བཟུང་ནས། ད་ནི་དུས་སྦྱོར་གྱི་རླུང་རྒྱུ་ཚུལ་བཤད་པར་བྱ་སྟེ། གོང་དུ་བཤད་པའི་རྩ་བ་དང་ཡན་ལག་གི་རླུང་བཅུ་དང་། དེ་དང་འབྲེལ་བའི་ཆ་ཤས་ཕྲ་མོ་དང་བཅས་པའི་རླུང་རྣམས་ལུས་ཀུན་ནས་འདུས་ཏེ། སྙིང་གའི་འཁོར་ལོའི་ཐུན་བརྒྱད་ཀྱི་རླུང་དང་། མགྲིན་པའི་རྒྱུ་སྐར་གྱི་རླུང་དང་། སྤྱི་བོའི་ཟླ་རྐང་གི་རླུང་དང་། ཡུལ་ཉི་ཤུ་རྩ་བཞིའི་རླུང་དང་། ཚིགས་ཆེན་དང་། ཚིགས་ཕྲན་གྱི་འཁོར་ལོའི་རླུང་ཐམས་ཅད་རིམ་གྱིས་བརྒྱུད་དེ་ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་གནས་སུ་བརྒྱུད་ཅིང་སྲོག་གི་ནུས་པ་བསྐྱེད་ལ། དེ་ནས་སྣར་རྒྱུ་བས་གླང་སོགས་མཉམ་པ་དྲུག་དང་། ལུག་སོགས་མི་མཉམ་པ་དྲུག་གི་ཁྱིམ་བཅུ་གཉིས་རེས་མོས་ཀྱི་སྣ་བུག་གཡས་པ་དང་། གཡོན་པར་འབྱུང་བས་ནང་གི་འཕོ་ཆེན་བཅུ་གཉིས་སུ་འགྱུར་བ་ནི། ཕྱི་རོལ་དུ་དུས་སྦྱོར་བཅུ་གཉིས་དང་ཆོས་མཚུངས་སོ། །གཉིས་པ་ལ་གཉིས། འཕོ་བ་སོ་སོའི་གྲངས་དང་། འཕོ་བ་ཀུན་བསྡོམས་པའི་གྲངས་སོ། །དང་པོ་ལ་གཉིས། གཡས་པའི་འཕོ་བ་དང་། གཡོན་པའི་འཕོ་བའོ། དང་པོ་ནི། ཉི་མ་ནས། བརྒྱད་བརྒྱའོ། །ཞེས་གསུངས་ཏེ། ཉི་མ་ལྷོ་བགྲོད་དང་འདྲ་བ་སྣ་བུག་གཡས་པ་ནས་འབྱུང་བ་སྡུད་པའི་རིམ་པ་དང་མཐུན་པར་འབྱུང་བའི་རླུང་ལྔ་པོ་རིམ་པ་བཞིན་དང་པོར་ས་རླུང་སུམ་བརྒྱ་དང་དྲུག་ཅུའི་འཕོ་ཆུང་གཅིག །དེ་བཞིན་དུ་ཆུ་རླུང་དང་མེ་རླུང་དང་རླུང་གི་རླུང་དང་ནམ་མཁའི་རླུང་རྣམས་ལ་རིམ་བཞིན་སུམ་བརྒྱ་དྲུག་ཅུ་སྟེ་སྣོད་བཅུད་འཇིག་པའི་རིམ་པ་དང་མཐུན་པར་རྒྱུའོ། །འཕོ་ཆུང་ལྔ་པོ་ཀུན་བསྡོམས་པ་ལ་སྟོང་དང་བརྒྱད་བརྒྱའི་གྲངས་ཡོད་པ་དེ་ལ་འཕོ་ཆེན་གཅིག་གམ་དུས་སྦྱོར་གཅིག་གི་རླུང་ཞེས་བྱ་བ་ཡིན་ནོ། །གཉིས་པ་ནི། དེ་འོག་ནས། གོང་དང་མཚུངས། ཞེས་གསུངས་ཏེ། འཕོ་ཆེན་གཅིག་གཡས་ནས་རྒྱུས་པ་དེའི་འོག་ཏུ་སྣ་གཡོན་ནས་ཟླ་བའི་རླུང་རྒྱུ་བའི་ཚུལ་ནི་དང་པོར་ནམ་མཁའི་རླུང་འཕོ་ཆུང་གཅིག་ལ་སུམ་བརྒྱ་དང་དྲུག་ཅུ། དེ་བཞིན་ཏུ་རླུང་མེ་ཆུ་ས་རྣམས་སྣོ་བཅུད་ཆགས་པའི་རིམ་པ་དང་མཐུན་པར་གྲངས་ནི་གོང་མ་དང་མཚུངས་པར་རེ་རེ་ལ་སུམ་བརྒྱ་དྲུག་ཅུ་རེ་རྒྱུ་ཞིང་། དེ་རྣམས་བསྡོམས་པའི་སྟོང་བརྒྱད་བརྒྱ་ནི་སྔར་བཞིན་འཕོ་ཆེན་གཅིག་གོ །འདིར་ཕྱི་རོལ་དུ་ཉི་མ་ལྷོ་བགྲོད་དང་པོར་ཀརྐ་ཊའི་ཁྱིམ་དུ་སྐྱེས་ནས་ཟླ་བ་དྲུག་ཏུ་ཉི་མའི་སྟོབས་འབྲི་ཞིང་ཟླ་བའི་སྟོབས་འཕེལ་ལ། ཆུ་སྲིན་ལ་སོགས་པའི་བྱང་བགྲོད་དྲུག་ཏུ་དེ་ལས་ཟློག་པས་བྱང་བགྲོད་དང་སྣ་བུག་གཡས་གཉིས་ཆོས་མཚུངས་དགོས་ཀྱང་། འདིར་དྲི་མེད་འོད་ཀྱི་དགོངས་པ་ལྟར་སྣ་བུག་གཡས་དང་ལྷོ་བགྲོད་སྦྱར་བ་ནི། གཡས་ནས་འབྱུང་པའི་རླུང་ཉི་མ་དུག་གི་རང་བཞིན། འབྱུང་འཇུག་གཉིས་ལས་ཕྱིར་འབྱུང་བ་དང་སྡུད་པའི་ཆོས་ཅན་ཡིན་པས་ཉི་མའི་སྟོབས་སམ་ནུས་པ་ཉམས་པར་འགྱུར་བའི་ཕྱིར་ལྷོ་བགྲོད་ཆོས་མཚུངས་པ་ཡིན་ལ། གཡོན་པ་དེ་ལས་ལྡོག་པའི་ཕྱིར་དེ་ལྟར་དུ་བཤད་པའང་གོ་དགོས་སོ། །གཉིས་པ་འཕོ་བ་ཀུན་བསྡོམས་པའི་གྲངས་ནི། དེ་ལྟར་ནས། དྲུག་བརྒྱ་སྟེ། ཞེས་གསུངས་ཏེ། འཕོ་ཆེན་རེ་ལ་སྟོང་བརྒྱད་བརྒྱ་རེ་ཡོད་པ་དེ་ལྟར་ན་འཕོ་བ་བཅུ་གཉིས་པོ་ཐམས་ཅད་ཀྱི་རླུང་ལ་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པའོ། །འདི་ནི་ཕྱི་རོལ་དུ་ཉི་མ་ཁྱིམ་བཅུ་གཉིས་སུ་འཕོ་བ་དང་། ནང་དུ་ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་རྩ་འདབ་ལ་རླུང་འཕོ་བའི་ཚུལ་མཚུངས་པ་སྟེ། ཆུ་ཚོད་སྟོང་བརྒྱད་བརྒྱར་ཉི་མ་ཁྱིམ་གཞན་ཏུ་འཕོ་བ་བཞིན་ཏུ། ནང་དུ་དབུགས་སྟོང་བརྒྱད་བརྒྱས་ཁྱིམ་གྱི་འདབ་མ་གཞན་ཏུ་འཕོ་བའི་ཕྱིར་རོ། །གསུམ་པ་དབུ་མའི་ཆ་བཤད་པ་ལ་བཞི། ཕྱིར་བསྟན་པ། དུས་སྦྱོར་ལ་རྒྱུ་བའི་ཆ་ཤས་ངོས་བཟུང་བ། དེའི་བྱེད་ལས། ལོ་གསུམ་ཕྱོགས་གསུམ་གྱི་ངེས་པ་བཤད་པའོ། །དང་པོ་ནི། དེ་ལ་ནས། རྩ་ལྔ་ཡིན། ཅེས་གསུངས་ཏེ། ཞག་གཅིག་གི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པ་དེ་ལས་ཡེ་ཤེས་ཀྱི་རླུང་གི་ཆ་ཤས་རྣམས་ཟུར་དུ་བཤད་པ་ནི་དབུགས་དྲུག་བརྒྱ་དང་བདུན་ཅུ་རྩ་ལྔ་ཡོད་པ་ཡིན་ནོ། །གཉིས་པ་ནི། འཕོ་བ་ནས། གྱུར་པ་ཡིན། ཅེས་གསུངས་ཏེ། འཕོ་བ་ཆེན་པོ་གཅིག་གི་རླུང་སྟོང་བརྒྱད་བརྒྱ་བ་རེའི་ནང་ན་ཡེ་ཤེས་ཀྱི་རླུང་ལྔ་བཅུ་ང་དྲུག་དང་བཞི་ཆ་གཅིག་ཡོད་ལ། དབྱུ་གུའམ་འཕོ་ཆུང་གཅིག་གི་རླུང་སུམ་བརྒྱ་དྲུག་ཅུའི་ནང་ན་ཡེ་ཤེས་ཀྱི་རླུང་བཅུ་གཅིག་དང་བཞི་ཆ་གཅིག་སྟེ། མདོར་བསྡུ་ན་དབུགས་གཅིག་ལ་ཡང་ཆ་ཤས་སུམ་ཅུ་སོ་གཉིས་སུ་ཕྱེ་བའི་ཆ་གཅིག་ཡེ་ཤེས་ཀྱི་རླུང་ཡིན་པ་བསགས་པ་ལ་བརྟེན་ནས་དེ་ལྟར་ཚོགས་པར་གྱུར་པ་ཡིན་ཞིང་། དེ་ཡང་ཞག་གཅིག་གི་རླུང་དང་འཕོ་ཆེན་གཅིག་གི་རླུང་དང་འཕོ་ཆུང་གཅིག་གི་རླུང་ལ་སུམ་ཅུ་སོ་གཉིས་ཀྱིས་སོ་སོར་བགོས་པའི་ཐོབ་ནོར་གྱིས་ཤེས་སོ། །གསུམ་པ་ནི། དེ་ཡང་ནས། འཆི་མེད་འགྲུབ། ཅེས་གསུངས་ཏེ། ཡེ་ཤེས་ཀྱི་རླུང་དེ་ཡང་ཕྱེད་ནི་དུས་སྦྱོར་གྱི་རླུང་དང་བསྡོངས་ནས་ཕྱིར་རྒྱུ་བ་ལས་སྲོག་ཟད་པར་བྱེད་ཅིང་ཚེའི་ནུས་པ་དྲི་ལ་ཕྱེད་ནི་ནང་དུ་དབུ་མར་རྒྱུ་བས་སྲོག་དང་ཡེ་ཤེས་འཕེལ་བར་བྱེད་ཅིང་ཚེའི་ནུས་པ་ཡང་འཕེལ་བས་ཕྱི་ནང་གཞན་གསུམ་པོ་ཐམས་ཅད་ཡེ་ཤེས་ཀྱི་རླུང་འདིའི་མ་འགགས་པའི་རོལ་པ་ལས་ཤར་བའི་ཕྱིར་རླུང་འདིའི་བྱེད་ལས་ཀྱི་གཙོ་བོ་ནི་ནང་དུ་གཟའ་བཅུའི་སྟོབས་འཕེལ་འགྲིབ་ཀྱི་རྩ་བ་ཡིན་པས་ནང་གི་གཟའ་བཅུ་ཀུན་གྱི་རྐང་པ་བྱེད་པ་སྟེ། ཕྱི་རོལ་ཏུ་གཟའ་ལྔའི་དལ་མྱུར་གྱི་རྐང་པ་དང་ཉི་ཟླའི་རྐང་པ་དང་དུ་བ་མཇུག་རིང་ལ་སོགས་པའི་རྩིས་དག་པར་བྱེད་པའི་རྐང་པ་ཡང་ཡེ་ཤེས་ཀྱི་རླུང་འདི་ལ་བརྟེན་པ་ཡིན་ཞིང་། ནང་དུ་སྣ་བུག་གཉིས་སུ་འབྱུང་བའི་རླུང་དང་དབང་པོའི་སྒོ་ལྔ་དང་སྤྱི་གཙུག་དང་ཐུར་དུ་འབྱུང་བའི་རླུང་ལ་སོགས་པ་རླུང་ཐམས་ཅད་དབུ་མའི་ཆ་ཤས་འདི་ལས་འབྱུང་བའི་དོན་ཡིན་ནོ། །རླུང་འདི་ཕྱི་རོལ་ཏུ་འགྲོ་བ་འཕེལ་བས་དབུ་མའི་འཆི་ལྟས་འཕེལ་བར་བྱེད་པ་ཡིན་ཞིང་། རྣལ་འབྱོར་གྱི་སྟོབས་ཀྱིས་ནང་དུ་འཕོ་མེད་དུ་ཟིན་ན་འཆི་བ་མེད་པའི་ཚེ་འགྲུབ་པར་བྱེད་དོ། །བཞི་པ་ནི། ལོ་བརྒྱའི་ནས། མ་ནོར་འཆད། ཅེས་གསུངས་ཏེ། ལོ་བརྒྱའི་ཡེ་ཤེས་ཀྱི་རླུང་གི་རྒྱུ་བ་ཇི་སྙེད་པ་བསྡོམས་པ་ན། ལོ་གསུམ་དང་ཟླ་བ་ཕྱེད་དང་གཉིས་འབྱུང་སྟེ། དུས་འཁོར་ལས། སྐྱེས་བུ་ཚེ་ལོ་བརྒྱ་པའི་ལས་ཀྱི་རླུང་ཇི་སྙེད་པ་ཡེ་ཤེས་ཀྱི་རླུང་དུ་དག་པ་ན་སངས་རྒྱ་བ་ལ་དགོངས་ནས་ལོ་གསུམ་ཕྱོགས་གསུམ་གྱིས་རྡོ་རྗེ་འཆང་འགྲུབ་པར་གསུངས་པ་ཡང་དོན་འདི་ཁོ་ནའོ། །འདི་ནི་རགས་པ་ཙམ་ཡིན་པས་ཟླ་བའི་ཤོལ་རྟོགས་པའི་སླད་དུ་ཞིབ་མོར་རྩིས་ན་ཕྱེད་བཅས་སོ་གཉིས་ཀྱི་ཆ་ཡེ་ཤེས་ཀྱི་རླུང་ཡིན་པས། དབུགས་སོ་གཉིས་ཕྱེད་བཅས་ན་ཡེ་ཤེས་ཀྱི་རླུང་རེ་ལས་རླུང་གི་གྲངས་ལ་ཆད། དེ་བསགས་པས་ཚེས་ཞག་སོ་གཉིས་ཕྱེད་བཅས་ན་ཞག་རེ་ཆད་ནས་ཁྱིམ་ཞག་ཕྱེད་དང་སོ་གཉིས་སུ་འགྱུར། དེའི་དབང་གིས་ཁྱིམ་ཟླ་སོ་གཉིས་ཕྱེད་བཅས་ན་ཟླ་བའི་ཤོལ་རེ་འབྱུང་བ་དང་། ཞག་འཕེལ་བ་ཚེས་ལྷག་པ་དང་སོགས་ཁོངས་ནས་ཟླ་བའི་ཤོལ་འཕེལ་བ་དང་ཚེས་ཆད་པའི་འགྲིབ་པ་རྣམས་རྣལ་འབྱོར་པའི་སྟོབས་ཀྱིས་ཡེ་ཤེས་ཀྱི་རླུང་འདིའི་དོན་རྟོགས་པ་རྣམས་ལ་མ་ནོར་བར་འཆར་རོ། །གསུམ་པ་ཇི་ལྟར་རྒྱུ་བའི་རིམ་པ་ཁ་དོག་དང་སྟོབས་དང་ཡོན་ཏན་བཤད་པ་ལ་གསུམ། མདོར་བསྟན། རྒྱས་བཤད། རྩིས་ཀུན་བསྡུས་པའི་ལུང་དང་སྦྱར་བའོ། །དང་པོ་ནི། རྒྱུ་རིམ་སོགས་རྐང་པ་གཅིག་སྟེ། རླུང་རྣམས་སྣའི་ཕྱོགས་གང་དུ་རྒྱུ་བའི་རིམ་པ་དང་རླུང་གི་ཁ་དོག་དང་སྟོབས་ཀྱི་རིམ་པ་གཟའ་རྣམས་དང་སྦྱར་བ་ལས་གང་འགྲུབ་པའི་ཡོན་ཏན་ལ་སོགས་པ་འོག་ནས་འཆད་དོ། །གཉིས་པ་ལ་ལྔ། སྣའི་ཕྱོགས་གང་དུ་འབྱུང་བ། ཁ་དོག་གང་ཡིན་པ། ཕྱི་རོལ་གྱི་གཟའ་རྣམས་དང་སྦྱར་བ། ལས་གང་འགྲུབ་པ། ཕྱིར་འགྲོ་བའི་རིང་ཐུང་ངོ་། དང་པོ་ནི། དང་པོ་ནས། ཡེ་ཤེས་ཡིན། ཞེས་གསུངས་ཏེ། དོན་ཚན་ལྔ་པོ་དེ་ཡི་དང་པོ་ནི་ཞེས་མཚམས་སྦྱར་ནས། སྣའི་ཀ་བ་ནི་སྣ་གཉིས་ཀའི་བྱང་ན་གནས་ཏེ། དེའི་ཕྱོགས་སུ་བརྡབས་ནས་རྒྱུ་བ་ནི་གཡས་གཡོན་གཉིས་ཀའི་ཆུ་རླུང་ཡིན་ལ། སྣའི་ཕྱི་རོལ་ཕྱོགས་གཉིས་ནས་རྒྱུ་བ་ནི་མེ་རླུང་དུ་འདོད་དོ། །སྟེང་ཕྱོགས་གཉིས་ནས་རྒྱུ་བ་ནི་རླུང་གི་རླུང་ཡིན་ཏེ་འོག་གི་མཆུ་ལ་བརྟེན་པ་གཉིས་ནི་ས་རླུང་ཡིན་ཞིང་། དབུས་ནས་རྒྱུ་བ་ལ་ཚུལ་གཉིས་ལས་ཕྱོགས་གཅིག་གི་དབུས་ནས་རྒྱུ་བ་ནི་ནམ་མཁའི་རླུང་དང་གཉིས་ཀའི་དབུས་ནས་མཉམ་དུ་རྒྱུ་འདི་ཡེ་ཤེས་ཀྱི་ཁམས་སོ། །གཉིས་པ་ནི། ཁ་དོག་ནས། སྔོ་བར་འདོད། ཅེས་གསུངས་ཏེ། རླུང་དེ་རྣམས་ཀྱི་ཁ་དོག་ནི་ས་རླུང་སེར་ཆུ་རླུང་དཀར་མེ་རླུང་དམར། རླུང་གི་རླུང་ནག །ནམ་མཁའ་རླུང་བསམ་པའི་སྒོ་ནས་སྔོན་པོར་འདོད་ཅིང་ཡང་ན་ལུས་ཀྱི་སྒོ་ནས་ནམ་མཁའི་རླུང་སྣ་ཚོགས་པའི་མདོག་ཅན་ལྗང་གུའོ། །གསུམ་པ་ནི། འདི་དག་ནས། མཁའ་རིམ་བཞིན། ཅེས་གསུངས་ཏེ། རླུང་འདི་དགའ་བའི་སྟོབས་དང་སྦྱར་བ་ནི་གཡས་པ་ནས་རྒྱུ་བ་རྣམས་རིམ་པ་བཞིན་དབྱངས་རིང་པོ་དང་དྲག་གཟའ་རྣམས་ཏེ། ས་རླུང་ནི་སྤེན་པ་དང་ལཱྀ་ཡིག་གོ །སོགས་པས་ཆུ་རླུང་ཕུར་བུ་དང་ཨཱུའོ། །མེ་རླུང་བཀྲ་ཤིས་ཏེ་མིག་དམར་དང་རཱྀ་ཡིག་གོ །རླུང་གི་རླུང་ཉི་མ་དང་ཨཱི་ཡིག་གོ །ནམ་མཁའི་རླུང་དུས་མེ་དང་ཨཱའོ། །དེ་ལྟར་སྣ་གཡས་ནས་ས་སོགས་ཀྱི་རིམ་པས་འབྱུང་པ་ལྔའི་རླུང་དྲག་གཟའི་སྟོབས་དང་མཐུན་པར་རྒྱུ་བ་ནི་འབྱུང་བ་སྡུད་པའི་རིམ་པ་ཇི་ལྟ་བ་བཞིན་ཡིན་པས་མི་དགེའོ། །གཡོན་པ་ནས་རྒྱུ་བ་རྣམས་རིམ་པ་བཞིན་ཡི་གེ་ཐུང་ངུ་དང་ཞི་གཟའ་སྟེ་མཁའ་རླུང་སྒྲ་གཅན་དང་ཨ། རླུང་གི་རླུང་ཟླ་བ་དང་ཨི། མེ་རླུང་གཟའ་ལྷག་དང་རི། ཆུ་རླུང་པ་སངས་དང་ཨུ། ས་རླུང་མཇུག་རིང་དང་ལིའོ། །དེ་ལྟར་སྣ་གཡོན་ནས་ནམ་མཁའ་སོགས་ཀྱི་རིམ་པས་འབྱུང་བ་ལྔའི་རླུང་ཞི་གཟའི་སྟོབས་དང་མཐུན་པར་རྒྱུ་བ་ནི་འབྱུང་བ་འཕེལ་བའི་རིམ་པ་ཇི་ལྟ་བ་བཞིན་རྒྱུ་བས་དགེ་བའོ། །འདི་རྣམས་ཀྱང་ཕྱིའི་དུས་སྦྱོར་ཇི་ལྟ་བ་བཞིན་དུ་ནང་དུའང་འཆར་བ་ཡིན་ནོ། །བཞི་པ་ནི། ཕུང་པོ་ནས། རྒྱུ་དུས་སོ། །ཞེས་གསུངས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཕྱི་ནང་གི་ཆོས་ཐམས་ཅད་བྱ་བྱེད་མཐུན་ཅིང་རང་རང་གི་ནུས་པ་བསམ་གྱིས་མི་ཁྱབ་པས་ན། བཤད་མ་ཐག་པའི་རླུང་བཅུ་དང་གཟའི་སྟོབས་དེ་རྣམས་ལས་བརྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་ཁབ་ལེན་གྱིས་ཐག་རིང་བོའི་ལྕགས་འདྲེན་པ་དེ་དང་མཐུན་པའི་ཕྱིར། ནམ་མཁའི་རླུང་དང་དེའི་གཟའ་ནི་བསད་པ་མངོན་སྤྱོད་ཀྱི་ལས་དང་། སླར་གསོ་བའི་ལས་ཀུན་འགྲུབ་ལ། རླུང་གི་རླུང་དང་གཟའ་ནི་བསྒྲུབ་བྱ་གཞན་དུ་བསྐྲད་པ་དང་བསད་པ་འགྲུབ་སྟེ། བསྒྲུབ་བྱ་དབང་དུ་བྱ་བ་དང་དགུག་པ་ནི་མེའི་རླུང་དང་གཟའ་ཕྱེད་ལ། ཆུའི་རླུང་དང་གཟས་ནི་ནད་གདོན་སོགས་ཞི་བ་དང་ཚེ་དང་བསོད་ནམས་རྒྱས་པར་བྱེད་པའོ། །བསྒྲུབ་བྱའི་སྒོ་གསུམ་རེངས་པ་དང་རྨོངས་པར་བྱེད་པ་ནི་སའི་རླུང་དང་གཟའི་ལས་ཡིན་ལ། ཡེ་ཤེས་ཀྱི་རླུང་གིས་བསད་པ་མ་གཏོགས་ལས་ནི་ཐམས་ཅད་པ་འགྲུབ་ཅེས་དུས་འཁོར་ལས་གསུངས་ཤིང་། ཡེ་ཤེས་ཀྱི་རླུང་རྒྱུ་བའི་དུས་ནི་འཕོ་ཆེན་གཉིས་གྱི་ཐུན་མཚམས་རླུང་མཉམ་དུ་རྒྱུ་བའི་དུས་སོ། །འདིར་དུས་ཀྱི་འཁོར་ལོ་ལས་འབྱུང་བ་ལྟར། ལྷ་སོ་སོའི་རིགས་དང་ཁ་དོག་བསམ་གཏན་བཟླས་པ་ཐ་དད་པ་རྣམས་དང་སྲོག་རྩོལ་གྱི་རྣལ་འབྱོར་ཐ་དད་པ་ལྷན་ཅིག་བསྒོམས་པས། ཞི་རྒྱས་དབང་དགུག་བསད་སྐྲད་རེངས་རྨོངས་ཏེ་ཕྲིན་ལས་ཆེན་པོ་བརྒྱད་དང་། དེ་སྟེང་དུག་གཞིལ་བ་དང་དབྱེ་བ་དང་རིམས་དང་ཕུར་བུས་གདབ་པ་སྟེ་ལས་ཆེན་བཅུ་གཉིས་དང་། སླར་གསོ་བ་དང་། མི་སྣང་བ་དང་བཅས་པའི་ལས་ཆེན་བཅུ་བཞི་འགྲུབ་པར་གསུངས་ཤིང་། དེ་དག་ལག་ཏུ་ལེན་པའི་རྣལ་འབྱོར་ནི་དྭགས་རམ་པའི་འགྲེལ་པ་སེམས་ཀྱི་རྣམ་པར་ཐར་པ་གསལ་བ་བྱེད་པའི་རྒྱན་ལས་ཤེས་པར་བྱའོ། །ལྔ་པ་ནི། ཕྱི་རོལ་ནས། རིམ་བཞིན་རིང་། ཞེས་གསུངས་ཏེ། རླུང་སྣའི་སྒོ་ནས་ཕྱི་རོལ་དུ་འགྲོ་བའི་ཚེ། ས་རླུང་ནི་སོར་བཅུ་གཉིས་སུ་འགྲོ་ཞིང་ཆུ་རླུང་སོར་བཅུ་གསུམ་མེ་རླུང་སོར་བཅུ་བཞི་རླུང་གི་རླུང་སོར་བཅོ་ལྔ་ནམ་མཁའི་རླུང་སོར་བཅུ་དྲུག་གི་བར་དུ་འགྲོ་ཞིང་དེ་ནས་ལྡོག་གོ །དེའི་རྒྱུ་མཚན་ས་ཡོན་ཏན་ལྔ་ལྡན་ཡིན་པས་ལྕི་ཞིང་དེ་ནས་རེ་རེ་བྲི་བས་འབྱུང་བ་ལྕི་ཡང་གི་ཡོན་ཏན་གྱི་དབང་གིས་རིམ་པ་བཞིན་སྔ་མ་ལས་ཕྱི་མ་རིང་བ་སྟེ། ས་ཆུ་མེ་རླུང་ནམ་མཁའ་རྣམས་ཕྱི་མ་ལས་སྔ་མ་ལྕི་བས་ཐག་རིང་ཐུང་དུ་གྱུར་པ་སྟེ་དུས་ཀྱི་འཁོར་ལོའི་དགོངས་པ་ལྟར་རོ། །གསུམ་པ་རྩིས་ཀུན་བསྡུས་པའི་ལུགས་དང་སྦྱར་བ་ནི། རྟེན་འབྲེལ་ནས། བསྡུས་པར་བཤད། ཅེས་གསུངས་ཏེ། ཕྱི་ནང་མཚུངས་པར་རྟེན་འབྲེལ་བཅུ་གཉིས་འཆར་བའི་རྩིས་དང་། དབྱངས་དང་གསལ་བྱེད་སྦྱར་བའི་རྩིས་དང་། ནང་དུ་རྟེན་འབྲེལ་ཤར་བས་ཕྱིར་གཞན་ལ་ལུང་སྟོན་པ་ལ་སོགས་པ་ནི་རང་བྱུང་རྡོ་རྗེ་ཁོ་བོས་དུས་ཀྱི་འཁོར་ལོའི་མན་ངག་སྣང་བ་ཞེས་བྱ་བ་རྩིས་ཀྱི་གཞུང་ཀུན་ལས་བསྡུས་པའི་བསྟན་བཅོས་ཀྱི་རྟོགས་པ་ཕྱི་མར་བཤད་ཡོད་པས་རྒྱས་པར་ཤེས་འདོད་ན་དེར་བལྟ་བར་བྱའོ་ཞེས་ཞལ་འཕངས་པའོ། །བཞི་པ་རྒྱུད་ཕན་ཚུན་དགོངས་པ་མི་འགལ་བར་བསྟན་པ་ལ་གསུམ། མཚམས་སྦྱར་བ་རྒྱུད་བཀོད་པ། དེའི་དོན་བཤད་པའོ། །དང་པོ་ནི། འདི་ནི་སོགས་རྐང་པ་གཅིག་སྟེ། རླུང་ལྔ་སྟེང་དུ་རྒྱུ་བའི་ཚུལ་འདི་ནི། རྡོ་རྗེ་ཕྲེང་བ་ལས་གསུངས་པའི་རྒྱུད་ཀྱི་ཚིག་བཀོད་ནས་དེ་དང་བཤད་མ་ཐག་པའི་དུས་ཀྱི་འཁོར་ལོའི་དགོངས་པ་མི་འགལ་བར་འཆད་དོ། །གཉིས་པ་ལ་གསུམ། བསྒྲུབ་བྱ་རྡོ་རྗེའི་བཟླས་པ་བཤད་པ། དགག་བྱ་མུན་པ་ཆེན་པོའི་རླུང་བཤད་པ། བཟླས་པ་བྱ་བའི་ཚུལ་ལོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སྣ་ཡི་ནས། རྣམ་པ་བཞི། ཞེས་གསུངས་ཏེ། རྒྱུད་རྡོ་རྗེ་ཕྲེང་བ་ལས། སྣ་ཡི་བུ་ག་གཉིས་ལས་བྱུང་ཞིང་ས་ཆུ་མེ་རླུང་ནམ་མཁའི་རླུང་གི་དཀྱིལ་འཁོར་ལྔ་སྟེང་དུ་ཡང་དག་པར་རྒྱུ་བར་གསུངས་ཤིང་། དེའང་རྡོ་རྗེའི་བཟླས་པའི་ཡུལ་ནི་གཡོན་པ་ནས་རྒྱུ་བ་དང་གཡས་པ་ནས་རྒྱུ་བ་དང་། གཉིས་ཀ་ནས་རྒྱུ་བ་དང་། དལ་ཞིང་རྒྱུ་བ་མེད་པར་རྒྱུ་བ་དང་རྣམ་པ་བཞིའོ། །གཉིས་པ་ནི། གཡས་པ་ནས། རྒྱུ་བའོ། །ཞེས་གསུངས་ཏེ། སྣ་གཡས་པ་ནས་ནི་འབྱུང་བའི་རླུང་འབྱུང་ཆུང་གི་དཀྱིལ་འཁོར་ལྔ་པོ་འདི་ནི་ཉི་མའི་ཁམས་གཙོ་བོར་གྱུར་པས་མེའི་དཀྱིལ་འཁོར་ཉིད་ཡིན་ཏེ། ཁ་དོག་དམར་པོ་དབང་དང་དགུགས་པ་སོགས་ལས་ཐམས་ཅད་འགྲུབ་པས་བཟང་པོ་འདི་པདྨའི་མགོན་པོ་ནོར་དཔག་ཏུ་མེད་པའི་རིགས་ཁྲོ་བོ་པདྨ་མཐར་བྱེད་ལ་སོགས་པའམ་གསུང་རྡོ་རྗེའི་རང་བཞིན་རྒྱུ་བ་ཡིན་པས་ལྷ་དེ་དག་དུ་རྒྱས་བཏབ་ལ་ཡི་གེ་ཨཱཿའི་བཟླས་པ་དང་ལྷན་ཅིག་བསྒྲུབ་པའོ། །སྣ་གཡོན་པ་ནས་འབྱུང་བའི་རླུང་འབྱུང་ཆུང་གི་དཀྱིལ་འཁོར་ལྔ་ནི་ཟླ་བའི་ཁམས་ཤེས་རབ་ཀྱི་རང་བཞིན་ཡིན་ཀྱང་། མཐུན་པའི་ལས་ཐམས་ཅད་བསྒྲུབ་པའི་ཕྱིར་རླུང་གི་དཀྱིལ་འཁོར་དང་འདྲེས་པས་ཁ་དོག་ལྗང་སེར་དག་ཏུ་སྣང་བ་སྟེ། ཞི་སོགས་བསྒྲུབ་པར་བྱེད་པ་སྐུ་རྡོ་རྗེ་དང་ལས་ཀྱི་མགོན་པོ་དོན་ཡོད་གྲུབ་པ་འདྲེས་པའི་རང་བཞིན་ཏུ་རྒྱུ་བས་དེ་དག་གིས་རྒྱས་བཏབ་པའི་ལྷ་དང་ཡི་གེ་ཨོཾ་གྱི་བཟླས་པ་དང་ལྷན་ཅིག་བསྒྲུབ་པའོ། །སྣ་གཉིས་ནས་དྲག་ཏུ་དང་སྟེང་འོག་གཉིས་ཀ་ནས་ནི་འབྱུང་བའི་རླུང་འབྱུང་ཆུང་གི་དཀྱིལ་འཁོར་ལྔ་ནི་དབང་ཆེན་སའི་ཁམས་ཀྱི་རང་བཞིན་རྒྱས་པའི་ལས་ཐམས་ཅད་འགྲུབ་པས་ཁ་དོག་གསེར་མདོག་ཏུ་སྣང་བ་ལྟེ་གནས་ཐུར་སེལ་ཡེ་ཤེས་ཀྱི་ཁམས་དཀར་དམར་ལྷན་ཅིག་པའི་རིན་ཆེན་མགོན་པོ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དུ་རྒྱུ་བས། རིགས་དེས་རྒྱས་བཏབ་པའི་ལྷ་དང་གོང་བུའི་གཟུགས་ཀྱིས་འོག་གི་སྣ་རྩེར་བཅིངས་ཏེ་བདེ་བ་ཆེན་པོར་རོ་མཉམ་པ་ཡེ་ཤེས་རྡོ་རྗེའི་བཟླས་པ་དང་ལྷན་ཅིག་བསྒྲུབ་པའོ། །ཡེ་ཤེས་ཀྱི་རང་བཞིན་དལ་ཞིང་ཕྱོགས་གཅིག་ཏུ་ཡོན་པོར་རྒྱུ་བ་མེད་པ་དག་པའི་ཤེལ་ལྟར་དྲི་མ་མེད་ལ་འོད་གསལ་བར་སྣང་བའི་རླུང་འབྱུང་ཆུང་གི་དཀྱིལ་འཁོར་ལྔ་པོ་འདི་ནི་ཆུའི་ཁམས་ཀྱི་དཀྱིལ་འཁོར་ཏེ་ཡེ་ཤེས་དང་ཞི་བའི་ལས་འགྲུབ་པས་ན་རྡོ་རྗེའི་མགོན་པོ་ཐུགས་རྡོ་རྗེ་མི་བསྐྱོད་པའི་རིགས་ཀྱི་རང་བཞིན་ཏུ་རྒྱུ་བ་ཡིན་པས་དེ་དག་གིས་རྒྱས་བཏབ་པའི་ལྷ་དང་ཡི་གེ་ཧཱུྃ་གི་བཟླས་པ་དང་ལྷན་ཅིག་ཏུ་བསྒྲུབ་པའོ། །གཉིས་པ་དགག་བྱ་མུན་པ་ཆེན་པོའི་རླུང་བཤད་པ་ནི། ཁམས་ཀུན་ནས། འབྱུང་བར་འགྱུར། ཅེས་གསུངས་ཏེ། ས་ལ་སོགས་པའི་ཁམས་ལྔ་པོ་ཀུན་ལས་ནི་ཡང་དག་པར་བྱུང་ཞིང་ཀུན་གཞིའི་རྣམ་པར་ཤེས་པ་དང་རྟེན་དང་བརྟེན་པའི་ཚུལ་གྱིས་བཟུང་བ་ཉོན་མོངས་པ་ཅན་གྱི་ཡིད་ནི། མུན་པ་ཆེན་པོའི་རླུང་ངམ་སྲོག་ཆེན་པོའི་རླུང་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཏེ་འཆི་བའི་མཐར་ནི་སྣ་སྒོ་ནས་འབྱུང་བར་འགྱུར་རོ། །གསུམ་པ་བཟླས་པ་བྱ་བའི་ཚུལ་ནི། དཀྱིལ་འཁོར་ནས། རྟག་ཏུ་ཟློས། ཞེས་དང་། འོག་ཏུ་དེ་ལྟར་ནས། ཟློས་ཤེས་བཤད། ཅེས་གསུངས་ཏེ། བཟླས་པའི་ཡུལ་གྱི་རླུང་གི་དཀྱིལ་འཁོར་བཞི་པོ་དེ་དག་ནི་མཉམ་པར་བཞག་པའི་རྣལ་འབྱོར་པས་དུས་རྟག་ཏུ་རྡོ་རྗེའི་བཟླས་པ་བྱས་ན་འཆི་བ་མེད་པ་རྡོ་རྗེའི་སྐུ་འགྲུབ་པར་འགྱུར་རོ། །དེ་ལྟར་ན་རླུང་གི་འབྱུང་ཆུང་ལྔ་པོ་དེ་ནི་འཁོར་ལོ་བཞིའི་སྣ་རྩེར་ཏེ་འཁོར་ལོ་སོ་སོའི་ལྟེ་བར་ཁ་དོག་ལྔ་པར་རྣམ་པར་བསྒོམས་ནས་རླུང་འབྱུང་འཇུག་གནས་གསུམ་བདེ་བ་ཆེན་པོའི་རོ་མཉམ་པའི་སྔགས་བཟླས་པའི་གྲངས་ཀྱིས་ནི་ཉིན་མཚན་རྟག་ཏུ་བཟླས་པ་བྱའོ་ཞེས་བཤད་དོ། །འདིར་རྡོ་རྗེ་བཞིའི་བཟླས་པ་དང་སྦྱར་ན། དཔྲལ་མགྲིན་སྙིང་གར་སྐུ་གསུང་ཐུགས་རྡོ་རྗེ། ལྟེ་བར་ཡེ་ཤེས་རྡོ་རྗེ་དང་སྦྱར་བའི་བཟླས་པ་བྱེད་པ་སེམས་འགྲེལ་གྱི་དགོངས་པའོ། །གསུམ་པ་དེའི་དོན་བཤད་པ་ནི། ཞེས་གསུངས་ནས། བསྐྱེད་མི་བྱ། ཞེས་གསུངས་ཏེ། དཀྱིལ་འཁོར་བཞི་པོ་ཞེས་གསུངས་པའི་དོན་ནི་ཕྲེང་བའི་གཞུང་འདི་རྣམས་ཀྱི་རྡོ་རྗེའི་བཟླས་པའི་དག་པ་བསྟན་གྱི་གོང་མ་འཕོ་ཆེན་རེའི་ནང་དུ་ནམ་མཁའི་རླུང་འཕོ་ཆུང་རེ་རྒྱུ་བར་བཤད་པ་དང་ནམ་མཁའི་མགོན་པོ་འཆི་བའི་ཚེ་ཁོ་ནར་རྒྱུ་བར་བཤད་པ་དག་འགལ་བའི་ཐེ་ཚོམ་བསྐྱེད་པར་མི་བྱའོ། །ཞེས་གདམས་སོ། །ཡང་འགྲེལ་མཛད་གཞན་གྱི་དགོངས་པ་ལྟར་ན། གོང་མ་དུས་འཁོར་དང་སེམས་འགྲེལ་ལུགས་ཉིན་ཞག་རེ་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པ་དུས་སྦྱོར་བཅུ་གཉིས་དང་སྦྱར་ནས་བསྟན་པ་དང་། འདིར་རྡོར་ཕྲེང་དང་འཕགས་པ་ཡ བ་སྲས་ལུགས་མགོན་པོ་བཞིའི་རྒྱུ་བ་བཤད་པ་དང་དོན་མི་གཅིག་སྙམ་པའི་ཐེ་ཚོམ་མི་བྱ་སྟེ། སྔ་མ་གཞིའི་གནས་སྐབས་ལ་དགོངས་ཤིང་། ཕྱི་མས་ལམ་དུས་སུ་རྡོ་རྗེའི་བཟླས་པ་བྱ་བའི་དག་སྦྱོར་དུ་བསྟན་པའི་ཕྱིར་རོ། །བཞི་པ་འཇུག་སྒོ་ཕན་ཡོན་དང་བཅས་པ་བཤད་པ་ལ་གསུམ། འཇུག་སྒོ། གཟུང་ཐབས། ཕན་ཡོན་ནོ། །དང་པོ་ནི། འཇུག་སྒོ་ནས། རྣམ་པ་བཞི། ཞེས་གསུངས་ཏེ། རླུང་འཇུག་པའི་སྒོ་ནི། མེ་རླུང་དང་རླུང་གི་རླུང་ནི་སྟེང་དུ་སྣའི་བུག་པ་གཉིས་ནས་འཇུག་ལ། ཆུ་རླུང་ཁ་ནས་དང་ས་རླུང་འོག་ཏུ་ཐུར་སེལ་གྱི་ལམ་གསུམ་ནས་དང་མ་ནིང་གི་རླུང་ནི་ལུས་ཀྱི་བ་སྤུའི་སྒོ་ཀུན་ནས་འཇུག་པ་ཡིན་ཏེ་དེ་ལྟར་ན་རྣམ་པ་བཞིའོ། །རླུང་ལ་སོ་སོའི་འཇུག་སྒོ་འདིའང་བླ་མ་བརྒྱུད་པའི་མན་ངག་ལས་བྱུང་བ་སྟེ། རྗེ་མར་པས། ཕྱི་སྒོ་གཉིས་པོ་སྟེང་ནས་སྡོམ།། ནང་སྒོ་གཉིས་པོ་འོག་ནས་སྡོམ། །མཆོད་ཁང་སྒོ་ནི་དབུས་ནས་སྡོམ། །ཞེས་གསུངས་པའི་དོན་ནོ། །གཉིས་པ་ནི། གཟུང་ཐབས་ནས། ལས་ཀུན་བྱེད། ཅེས་གསུངས་ཏེ། རླུང་གཟུང་བའི་ཐབས་སུ་དབྱུང་རྔུབ་གནས་གསུམ་ལ་བགྲང་ཞིང་བརྩིབ་དང་རྗེས་སུ་འགྲོ་ལྡོག་དང་འཇོག་པ་དང་རྟོགས་པ་དང་བསྒྱུར་བ་དང་ཡོངས་སུ་དག་པའི་ཚུལ་རྣམས་ཤེས་དགོས་པའི་དོན་ཏེ་ཐུན་མོང་པ་དང་མཐུན་པའི་བཟུང་ཐབས་དང་པོའོ། །དེའང་མཛོད་འགྲེལ་ལས། བགྲངས་དང་རྗེས་འགྲོ་འཇོག་པ་དང་། །རྟོགས་པ་དང་ནི་བསྒྱུར་བ་དང་། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཅེས་གསུངས་ཏེ། དེའང་བགྲང་ཞིང་བརྩི་བ་ལ་བསླབ་པ་ནི། ལུས་གནད་བཅས་རླུང་རོ་ཕྱུང་ནས་སེམས་རྣལ་དུ་བཞག་སྟེ་དབུགས་ཕྱི་ནང་དུ་དབྱུང་རྔུབ་གནས་པ་གསུམ་ལ་སེམས་རྩེ་གཅིག་ཏུ་འཛིན་པའོ། །དེའང་ཐོག་མར་ཐུན་ཆུང་ངུ་ནས་རིམ་གྱིས་ཇེ་ཆེར་བསླབ་བོ། རྗེས་འགྲོ་ནི་དེའི་རྗེས་སུ་རླུང་འདི་ལུས་ཐམས་ཅད་ལ་འཇུག་གམ་ཕྱོགས་འགའ་ཞིག་ཏུ་འཇུག་ཅེས་རྗེས་སུ་འགྲོ་ལྡོག་ལ་དམིགས་ནས་སྒོམ་པའོ། །འཇོག་པ་ནི་དེའི་རྗེས་སུ་ཐམས་ཅད་དུ་ཁྱབ་པ་ལ་རྣམ་པར་མི་རྟོག་པ་ལ་སེམས་འཛིན་ཅིང་མ་བཅོས་པར་འཇོག་པའོ། །རྟོགས་པ་ནི་དེ་ལྟར་རླུང་ལ་སེམས་ཟིན་ནས་རང་བཞིན་མེད་པར་ཤེས་པས་དོན་དམ་པའི་གནས་ཚུལ་རྟོགས་པ་ལ་འཇུག་ཅིང་། བསྒྱུར་བ་ནི་རླུང་ལ་དམིགས་པའི་བློ་དེ་ཉིད་གཞན་ནས་གཞན་དུ་བསྒྱུར་ཏེ་ཞི་གནས་ཀྱི་མན་ངག་གཞན་ཡང་ཉམས་སུ་ལེན་པའོ། །ཡོངས་སུ་དག་པ་ནི། དེ་ལྟར་ཉམས་སུ་བླངས་པས་གཟུང་འཛིན་གྱི་རྟོག་པ་རྣམ་པར་དག་པར་འགྱུར་ཏེ། རྟོག་པ་ཉིད་རླུང་ཡིན་པས་རླུང་བཅུན་པས་རྟོག་པ་དྭངས་བར་འགྱུར་བ་ནི་མདོ་རྒྱུད་གཉིས་ཀའི་དགོངས་པའོ། །དེ་ལྟར་ཡན་ལག་དྲུག་པོ་དེ་ལ་རྡོ་རྗེའི་བཟླས་པ་བྱ་བའི་ཚུལ་ཡང་། བརྗོད་དང་དམིགས་པར་བཅས་པ་དང་། བརྡ་གྱུར་དང་ནི་དོན་དམ་མོ། །ཞེས་གསུངས་པའི་སྔ་མ་གཉིས་ཀུན་རྫོབ་ཀྱི་བཟླས་པ་གཙོ་བོར་ཞི་གནས་བསྐྱེད་ལ། ཕྱི་མ་གཉིས་དོན་དམ་གྱི་བཟླས་པ་གཙོ་བོར་ལྷག་མཐོང་བསྒྲུབ་པ་ཡིན་ནོ། །ཞི་ལྷག་གི་ངོ་བོ་ཡང་དགོངས་པ་ལུང་སྟོན་ལས། གཟུགས་སོགས་ནང་གི་ཆོས་རྣམས་སུ་ནི། མཐོང་བ་ལྷག་མཐོང་ཞེས་བྱ་སྟེ། །མི་བསྐྱོད་ལ་སོགས་གྲངས་བཞིན་ཏུ། །བརྟགས་པ་དག་ལ་ཞི་གནས་བྱ། །ཞེས་པ་ལྟར་རོ། །གཟུང་ཐབས་གཉིས་པ་ནི། མི་རྟོག་པའི་མན་ངག་ལ་བརྟེན་ནས་རླུང་རྒྱ་ཡན་ཏུ་འཆིང་བའི་རིམ་པ་སོར་སྡུད་དང་ལྷན་ཅིག་སྐྱེད་སྦྱོར་སོགས་ཉམས་སུ་བླངས་བས་ནི་ཞི་གནས་སྐྱེད་པར་གསུངས་པ་ཡིན་ནོ། །གཟུང་ཐབས་གསུམ་པ་ནི། རླུང་ལྔའི་ཁ་དོག་དང་དབྱིབས་ལ་རྣམ་པར་སྦྱངས་ན་མངོན་ཤེས་ལྔ་དང་ཟད་པར་གྱི་ཏིང་ངེ་འཛིན་བཅུ་འབྱུང་བའི་རྒྱུར་འགྱུར་ཏེ། ཟད་པར་སྒྲུབ་པའི་ཐབས་ཕར་ཕྱིན་ཐེག་པར་ཤེས་བྱ་ཐམས་ཅད་སས་ཁྱབ་པར་བསྒོམས་པས་ཟད་པར་སའི་ཏིང་ངེ་འཛིན་འགྲུབ་པར་གསུངས་པ་སོགས་ནི་རིང་བའི་ལམ་སྟེ། སྔགས་ཀྱི་ཐེག་པ་འདིར་ནི་འབྲས་བུ་ཉིད་ལམ་དུ་བྱེད་པས་སའི་རླུང་ཁ་དོག་སེར་པོ་དབྱིབས་གྲུ་བཞི་པ་ལ་སེམས་བཞག་ནས་རླུང་དེ་ལ་གནད་དུ་བསྣུན་པས་ཅུང་ཟད་བརྟན་པ་ཐོབ་པ་ན་སའི་གསལ་སྣང་འབྱུང་བ་དེ་ཡི་ཚེ་ཟད་པར་སའི་ཏིང་ངེ་འཛིན་འགྲུབ་པར་གསུངས་པས་གཞན་ལའང་མཚོན་བར་བྱའོ། །མངོན་ཤེས་སྒྲུབ་པའི་ཚུལ་ཡང་སློབ་དཔོན་ཀུན་སྙིང་སོགས་ཀྱི་བཤད་པ་ལས་ཤེས་པར་བྱ་དགོས་སོ། །བཟུང་ཐབས་བཞི་པ་ནི། རླུང་བུམ་པ་ཅན་སྟེང་གི་སྲོག་རྩོལ་འཆིང་བའི་གནས་ལྟེ་བ་ཡིན་པས་སྟེང་རླུང་མནན། འོག་གི་ཐུར་སེལ་འཆིང་བའི་གནས་གསང་བ་ཡིན་པས་འོག་རླུང་འཐེན། བར་དུ་རླུང་གཉིས་རོ་མཉམ་བྱ་བའི་གནས་ལྟེ་འོག་གི་མེ་ཡིན་པས་བར་རླུང་དགང་བ་གསུམ་དང་ལྡན་པར་སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱ་དང་བཅས་པས་བསྒོམས་ན་རླུང་གི་ལས་ཀུན་རུང་བ་བྱེད་དོ། །སྦྱོར་བ་བཞི་དང་ལྡན་པའི་བུམ་པ་ཅན་སྒོམ་པའི་ཕན་ཡོན་ནི་རྒྱུད་སྡེ་རྣམས་ནས་རྒྱ་ཆེར་གསུངས་ལ། དེ་ལྟར་གཟུང་ཐབས་དེ་རྣམས་ཀྱིས་རྩ་བའི་རླུང་རྣམས་བཟུང་ཞིང་། སེང་གེ་རྣམ་གྲོལ་གྱིས་ཡན་ལག་གི་རླུང་རྣམས་འཆིང་བ་ལ་བརྟེན་ནས་རླུང་ལ་དབང་ཐོབ་པས་ཞི་སོགས་ལས་འགྲུབ་ཅིང་། ཡོན་ཏན་བརྒྱད་འབྱུང་བ་ཡིན་ནོ། །གསུམ་པ་ཕན་ཡོན་ལ་གཉིས། གཟུང་འཛིན་བརྒྱད་དག་པ་དང་། འབྱུང་བ་ལྔ་འཕེལ་བའི་ཕན་ཡོན་ནོ། །དང་པོ་ནི། ཕན་ཡོན་ནས། དག་བྱེད་ལ། ཅེས་གསུངས་ཏེ། རླུང་ཐམས་ཅད་ཀྱི་རྩ་བ་ཟླ་ཉིའི་ཐབས་ཤེས་ཡིན་པས་རླུང་བཟུང་བའི་ཕན་ཡོན་ཀྱང་ཟླ་ཉིའི་ཡོན་ཏན་རྣམ་པ་བརྒྱད་ཡིན་ཏེ། མེ་ཡི་རང་བཞིན་གྱེན་དུ་འབར་བས་ཉི་མ་སྟེ་སྟེང་རླུང་བཟུང་བའི་ཡོན་ཏན་གསུམ་དང་ཆུའི་རང་བཞིན་མཐུར་དུ་འབབ་པས་ཟླ་བའི་རླུང་སྟེ་འོག་རླུང་བཟུང་བའི་ཡོན་ཏན་ལྔ་འབྱུང་བས་སོ། །དེ་ཡང་ཉི་མའི་རླུང་མེ་ཡི་རང་བཞིན་གྱེན་དུ་འབྱུང་བའི་ཕྱིར་སྟེང་གི་ཉི་ཟླ་སྒྲ་གཅན་གྱི་རླུང་ནི་རླུང་གི་གཙོ་བོ་ཡིན་པས་དེ་གསུམ་བཟུང་བའི་ཕན་ཡོན་ལ་རྡུལ་མུན་སྙིང་སྟོབས་ཏེ་དུག་གསུམ་གྱི་རྣམ་རྟོག་འཇོམས་པ་དང་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་ཐོབ་པར་བྱེད་པ་ཡིན་ལ། ཡོན་ཏན་དེ་གསུམ་ནི་ཉི་མའི་རླུང་བཟུང་བའི་ཡོན་ཏན་དུ་གསུངས་སོ། །ཐུར་སེལ་ནི་ཟླ་བའི་རང་བཞིན་མཐུར་དུ་འབྱུང་བས་དེ་བཟུང་བའི་ཕན་ཡོན་ནི། གཟུགས་སྒྲ་དྲི་རོ་རེག་བྱའི་ཡུལ་ལྔ་ལ་དབང་བྱེད་པ་དང་མཐར་ཐུག་ཡེ་ཤེས་ལྔ་ཐོབ་པར་བྱེད་པ་ཡིན་ལ། དེས་ན་སྟེང་རླུང་མནན་པས་གཟུང་པའི་རྣམ་པར་རྟོག་པ་གསུམ་དང་འོག་རླུང་བཅིངས་པས་འཛིན་པའི་རྣམ་པར་རྟོག་པ་ལྔ་དག་པར་བྱེད་དེ། རླུང་ཁ་སྦྱོར་དུ་བཟུང་བའི་ཕན་ཡོན་དེ་ནི་མདོར་བསྡུ་ན་གཟུང་འཛིན་གྱི་རྣམ་པར་རྟོག་པ་བརྒྱད་འཇོམས་པ་ཡིན་ནོ། །གཉིས་པ་ནི། བརྟན་དང་ནས། ཡོན་ཏན་བཤད། ཅེས་གསུངས་ཏེ། རླུང་གཟུང་བའི་གནས་སྐབས་ཀྱི་ཡོན་ཏན་ཀྱང་ས་རླུང་ཟིན་པས་ལུས་སྲ་ཞིང་བརྟན་པ་དང་སོགས་པས་ཆུ་རླུང་ཟིན་པས་ལུས་སྣུམ་པ་དང་མེ་རླུང་ཟིན་པས་ལུས་མདངས་གསལ་བ་དང་རླུང་གི་རླུང་ཟིན་པས་ལུས་ཡང་ཤིང་མགྱོགས་པ་དང་ནམ་མཁའི་རླུང་ཟིན་པའི་ཡོན་ཏན་ལུས་དག་ཅིང་ཤེས་རབ་ཆེ་བ་དང་ལྡན་པ་སྟེ། འབྱུང་བ་ལྔའི་རླུང་ཟིན་པའི་ཡོན་ཏན་ལུས་ལ་འབྱུང་བར་ཏི་ཕུ་པས་བཤད་དོ། །ལྔ་པ་འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་ཏུ་བསྟན་པ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། དང་པོ་ནི། མདོར་ན་ནས། གཞན་སྐྱོད་བྱེད། ཅེས་གསུངས་ཏེ། རླུང་རྣམས་མདོར་བསྡུ་ན་ཡེ་ཤེས་དང་རྣམ་ཤེས་ཀྱི་རླུང་གཉིས་སུ་འདུ་བ་ལས་རྣམ་ཤེས་ཀྱི་རླུང་ནི་རྟོག་པ་དང་གཅིག་པ་སྟེ་གཡོ་བ་དང་ཕྲ་མོ་ལ་འཇུག་པ་དང་གཞན་ནས་གཞན་དུ་བསྐྱོད་པར་བྱེད་པའི་མཚན་ཉིད་གསུམ་དང་ལྡན་པས་སོ། །དེའང་རླུང་གིས་ཕྱི་རོལ་གྱི་དངོས་པོ་རྣམས་གཡོ་བ་དང་། དངོས་པོ་ཤིན་ཏུ་ཕྲ་བ་ལ་འཇུག་པ་དང་། ཕྱི་རོལ་གྱི་དངོས་པོ་རྣམས་གཞན་ནས་གཞན་ཏུ་སྐྱོད་པར་བྱེད་པ་བཞིན་ཏུ། རྣམ་པར་རྟོག་པའང་ཡུལ་ལ་གཡོ་བ་དང་། ཡུལ་ཕྲ་མོ་ལ་འཇུག་པ་དང་། བཞག་སར་མི་གནས་པའམ་སྤང་གཉེན་གྱི་ཕྱོགས་རྣམས་གཞན་ནས་གཞན་དུ་སྐྱོད་པར་བྱེད་པའོ། །འཁོར་འདས་ཀྱི་ཆོས་ཇི་སྙེད་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་བཏགས་པ་སེམས་ཀྱི་སྣང་ཆ་ལ་གྲུབ་པ་ཙམ་སྟེ། དེས་ན་རླུང་ཉིད་རྟོག་པ་ཡིན་པར་གྲུབ་པས་འཁོར་འདས་ཐམས་ཅད་དེའི་རང་བཞིན་ཏུ་ཤེས་པར་འགྱུར་རོ། །གཉིས་པ་ནི། སེམས་ཉིད་ནས། དེས་བསྐྱེད་ནས། ཞེས་གསུངས་ཏེ། འཁོར་འདས་ཐམས་ཅད་ཀྱི་གཞི་སེམས་ཉིད་གསལ་ལ་མི་རྟོག་པ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེའི་ངོ་བོ་ནི་རླུང་དུ་བརྗོད་པ་ན་ཡེ་ཤེས་ཀྱི་རླུང་ཆེན་པོ་ཞེས་བྱ་སྟེ་སྦྱང་གཞི་ལ་རླུང་དུ་བརྗོད་པའོ། །འབྲས་བུ་དང་རྒྱུ་མཐུན་པའི་གཉེན་པོ་ལམ་གྱི་ཤེས་པ་ཡེ་ཤེས་ཀྱི་རྒྱུ་མཐུན་པའི་རླུང་ཆེན་པོ་ནི། བྱང་ཆུབ་ཀྱི་ཆོས་དང་རྗེས་སུ་མཐུན་པའི་ཡང་དག་པའི་ཀུན་ཏུ་རྟོག་པས་འདུ་བྱེད་པའི་ལམ་འཁོར་བཅས་ལ་བཤད་དེ་སྦྱོང་བྱེད་ལ་རླུང་དུ་བརྗོད་པའོ། །ཀུན་གཞི་ནི་བག་ཆགས་ཐམས་ཅད་ཀྱི་རྟེན་དང་དེ་ལ་བརྟེན་པར་གནས་པའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ནི་ང་མེད་པ་ལ་ངར་འཛིན་ཞིང་སེམས་ཡུལ་ལ་འདུ་བྱེད་པས་གཏི་མུག་བསྐྱེད་པའི་རླུང་དུ་བཤད་ལ། ཚོགས་དྲུག་དང་འབྲེལ་བའི་འདུ་བྱེད་རྣམས་ནི་སེམས་ཀྱི་རང་འོད་ཡེ་ཤེས་ཀྱི་སྣང་ཆ་ལས་གཞན་མ་ཡིན་ཀྱང་གཞན་ཏུ་རྟོག་ཅིང་སྲེད་ལེན་གྱི་ཆགས་པ་སྐྱེད་པས་ཀུན་ཏུ་གཡོ་བའི་ཕྱིར་འདོད་ཆགས་པའི་རླུང་ཞེས་བྱ་ཞིང་། རྣམ་ཤེས་ཚོགས་དྲུག་པོ་ནི་ཡུལ་གྱི་གནས་ཚུལ་རང་གི་ངོ་བོ་མ་རྟོག་ཅིང་བླང་དོར་དུ་དཔྱོད་པས་ཡུལ་ཡིད་དུ་མི་འོང་བ་ལ་ཁོང་ཁྲོ་བར་བྱེད་པའི་རླུང་ཡིན་པས་ཞེ་སྡང་བསྐྱེད་པའི་རླུང་སྟེ། དུག་གསུམ་པོ་དེས་བསྐྱེད་ནས་ཁམས་གསུམ་དུ་འཁྲུལ་ཞིང་འཁོར་བ་ཡིན་ནོ། །དེ་ལྟར་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་དུག་གསུམ་དང་འབྲེལ་བའི་དབང་གིས་རླུང་དུ་བརྗོད་པ་ནི་སྦྱང་བྱ་ལ་རླུང་དུ་བཏགས་པའོ། །གསུམ་པ་དོན་བསྡུ་བ་ནི། ཁམས་གསུམ་ནས། འགྲུབ་པར་འགྱུར། ཞེས་གསུངས་ཏེ། དེ་ལྟར་ཁམས་གསུམ་དུ་སྣང་བ་ཐམས་ཅད་རླུང་གིས་འདུ་བྱེད་པར་གསུངས་པས་ཆགས་སྡང་དང་གཟུང་འཛིན་ལ་སོགས་པའི་སྐྱོན་དང་གཉེན་པོ་ཡེ་ཤེས་ཀྱང་རླུང་དུ་གསུངས་པས་མྱ་ངན་ལས་འདས་པར་འགྲོ་བའི་ཡོན་ཏན་ཀུན་རླུང་ལ་བརྟེན་པ་ཇི་ལྟ་བ་བཞིན་དེ་ལྟར་དུ་རྟོགས་པར་བྱས་ནས་ཡང་དག་པའི་ལམ་གྱི་རིམ་པའི་གནད་བཅིང་བར་བྱ་སྟེ། རྒྱུད་རྡོ་རྗེ་ཕྲེང་བ་ལས། རླུང་གི་སྦྱོར་བ་ཤེས་པས་འཁོར་བ་ལས་ཕ་རོལ་སངས་རྒྱས་སུ་འགྲོ་ཞིང་། རླུང་དང་རྣམ་རྟོག་རང་ག་མར་ཤོར་ནས་དེའི་རྗེས་སུ་འབྲངས་ན་འཁོར་བར་འཁོར་ཞིང་སྡུག་བསྔལ་མྱོང་བར་བྱེད་ལ། གནད་འཆིང་བ་ཤེས་ན་ལས་རླུང་ཡེ་ཤེས་སུ་དག་པའི་ཕྱིར་འཁོར་བ་དེ་གཅོད་པར་བྱེད་པའི་གཉེན་པོ་ཡང་རླུང་ཉིད་ཀྱིས་འགྲུབ་པར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་སྤྱིའི་མཇུག་བསྡུ་བ་ནི། ཕྱི་ནང་ནས། བསྟན་པ་ཡིན། ཅེས་གསུངས་ཏེ། དེ་ལྟར་ན་ཕྱི་ནང་དུ་རྒྱུ་བའི་རླུང་ཐམས་ཅད་ཀྱི་མིང་དང་ངོ་བོ་གནས་དང་བྱེད་ལས་ལ་སོགས་པ་ཀུན་རྒྱལ་བ་རྡོ་རྗེ་འཆང་གིས་མདོ་དང་རྒྱུད་སྡེ་ལས་རྒྱས་པར་གསུངས་པ་རྣམས་ལས་འདིར་རྣལ་འབྱོར་པ་ལ་མན་ངག་གི་ལམ་དུ་ཉེ་བར་མཁོ་བ་རྣམས་ལུས་འགྲུབ་ཚུལ་གྱི་དུ མ་བུ་དང་ལེའུ་འདིར་ནི་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་ཚིག་འགྲེལ་ལས། རླུང་གི་རྒྱུ་ཚུལ་བསྟན་པའི་དུམ་བུ་སྟེ། ལེའུ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ལྟར་རླུང་བཤད་པ་སོང་ནས་རྩ་རྣམས་ཀྱི་གནས་སུ་དྭངས་སྙིགས་ཀྱི་ཐིག་ལེ་སུམ་ཅུ་རྩ་དྲུག་ནི་རླུང་གིས་དབང་བྱེད་པའི་ནོར་ལྟ་བུར་གནས་ཤིང་དེ་ལ་བརྟེན་པའི་དོན་གྱིས་ན་རྩ་རླུང་གི་ལེའུའི་རྗེས་སུ་ཐིག་ལེ་འཆད་པ་ཡིན་ཅིང་། འཕོ་བའི་བག་ཆགས་ལས་འཁོར་བ་འགྲུབ་པས་དེའི་སྐད་ཅིག་འཆིང་བ་དང་། ཐིག་ལེ་ལ་གནད་དུ་མ་བསྣུན་པར་ཐུགས་རྡོ་རྗེ་འགྲུབ་པར་མི་འགྱུར་ལ། གནད་དུ་བསྣུན་ཅིང་ལམ་དུ་སློང་བ་ལ་དེའི་གནས་ལུགས་ཤེས་དགོས་པས་དེའི་ཚུལ་བཤད་པ་ལ་གཉིས། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ནས་ནས། ཐིག་ལེ་གསུམ། ཞེས་གསུངས་ཏེ། རླུང་བཤད་ཟིན་པའི་རྗེས་དེ་ནས་ཁང་པ་ལྟ་བུའི་རྩ་དང་བདག་པོ་ལྟ་བུའི་རླུང་ལ་བརྟེན་ནས་གནས་པ་དྭངས་སྙིགས་ཀྱི་ཐིག་ལེ་གང་ན་གནས་པ་དང་ཇི་ལྟར་རྒྱུ་བའི་ཚུལ་རྣམས་ནི་བཤད་པར་བྱའོ། །དེ་ཡང་དོན་ཚན་དུ་ཞིག་གིས་འཆད་ན། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་སེམས་ཉིད་དང་དེ་མ་རྟོགས་པས་འཁྲུལ་པ་མ་རིག་པའི་ཐིག་ལེ་འཆིང་བྱེད་རྫས་སྔགས་རླུང་གི་ཐིག་ལེ་དང་བཅས་པ་དང་། འཁྲུལ་པ་དེའི་གཉེན་པོ་ཐིག་ལེ་འཆིང་བའི་རིམ་པ་དང་དོན་ཚན་གསུམ་གྱིས་འཆད་དོ། །ཐིག་ལེ་གསུམ་གྱི་རྣམ་བཞག་འདི་ནི་གསང་འདུས་ཀྱི་བཤད་རྒྱུད་རྡོ་རྗེ་ཕྲེང་བར་རྒྱས་པར་གསུངས་སོ། །གཉིས་པ་ལ་ལྔ། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ། འཁྲུལ་པ་མ་རིག་པའི་ཐིག་ལེ་མདོར་བསྟན་པ། རྫས་ཀྱི་ཐིག་ལེ་རྒྱས་པར་བཤད་པ། གཉེན་པོའི་ཐིག་ལེ་འཆིང་བའི་རིམ་པ། ཞར་ལ་སྐྱོན་བསལ་བ་བསྟན་པའོ། །དང་པོ་ནི། དང་པོ་ནས། ཀུན་ལས་གསུངས། ཞེས་གསུངས་ཏེ། ཐིག་ལེ་གསུམ་གྱི་དང་པོ་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ནི་རང་གི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བརྗོད་དེ། སེམས་ཀྱི་ངོ་བོ་སྟོང་པ་དེ་ཉིད་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་སྐུ་དང་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་དང་། རྣམ་པ་འགག་པ་མེད་པ་དེ་ཉིད་ཐུགས་རྗེས་ཅིར་ཡང་འགྲུབ་པ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་གྱི་རང་བཞིན་ནོ། །སྐུ་དེ་གསུམ་པོ་སེམས་ཅན་ལ་ཡོད་པའི་རྟགས་ནི་ད་ལྟ་སོ་སྐྱེའི་སྐབས་སུ་ཡང་བསྒོམས་སྟོབས་ཀྱིས་མྱོང་བར་འགྱུར་ཏེ། ཆོས་སྐུའི་རྟགས་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་ལས་མ་འདས་པའི་ཕྱིར་སྟོང་ཉམས་སྐྱེས་ནས་ཆོས་ཐམས་ཅད་སྟོང་པར་སྣང་བ་དང་། དེར་མ་ཟད་དཔྱད་པའི་ཚེ། རིག་ཤེས་རྗེས་དཔག་ལའང་སྟོང་པར་གོ་བ་དང་། ལོངས་སྐུའི་རྟགས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་འོད་གསལ་ལས་མ་འདས་པའི་ཕྱིར་ཉིན་རྟགས་བཞི་མཚན་རྟགས་དྲུག་སྟེ་དབྱིངས་རིག་གི་རྟགས་བཅུ་མངོན་སུམ་ལ་འཆར་བ་དང་། སྤྲུལ་སྐུའི་རྟགས་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་འགག་པ་མེད་པར་འཆར་བའི་ཕྱིར་ཚོགས་དྲུག་གི་ཡུལ་སྣང་ལ་བྱ་བྱེད་ཀྱི་ནུས་པ་མིག་གིས་གཟུགས་མཐོང་བ་སོ་སོར་འབྱིན་པ་སྟེ། གསུམ་པོ་འདི་ནི་སླུ་བ་མེད་པའི་རྟགས་སྒོམས་པའི་དུས་སུ་ཡུལ་དུ་སྣ་བའི་རྟགས་ཡིན་ཏེ། ཡུལ་ཅན་གྱི་ཡེ་ཤེས་ནི་དེ་དང་འབྲེལ་བའི་རྣམ་པར་ཤེས་པའི་རང་གི་ངོ་བོ་ཡིན་པས་ཡུལ་ཡུལ་ཅན་དབྱེར་མེད་པའི་ཡེ་ཤེས་དེ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རྣལ་འབྱོར་མངོན་སུམ་ཡིན་ལ། དེ་ནི་འཁོར་འདས་ཀྱི་རྩ་བ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཐིག་ལེ་ཡིན་ཞིང་འདིའི་རྣམ་བཞག་རྒྱས་པར་ནི་བཅོམ་ལྡན་འདས་ཀྱི་མདོ་དང་རྒྱུད་ཀུན་ལས་གསུངས་སོ། །གཉིས་པ་ནི། འཁྲུལ་པ་ནས། རྒྱུད་དུ་གསུངས། ཞེས་གསུངས་ཏེ། དེའང་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་རླུང་དང་འགྲོགས་པ་ལས་དཀར་དམར་དུ་ལྷན་ཅིག་ཏུ་གྱུར་ནས་དཀར་ཆས་འཛིན་པ་དང་དམར་ཆས་བཟུང་བ་སྐྱེད་པ་དེ་ལ་མ་རིག་པ་ཟེར་ཏེ་རང་ངོ་གཉིས་སུ་མེད་ཅིང་རིས་མེད་ཡིན་པ་ལ་དེ་ལྟར་དུ་མ་རིག་པའི་ཕྱིར་རོ། །དེ་ཉིད་ཐིག་ལེར་བརྗོད་དེ་འཁོར་བ་ཇི་སྲིད་པར་གང་གིས་ཀྱང་མི་ཤིགས་པའི་ཕྱིར་རོ། །དེ་ལྟར་འཁྲུལ་པ་མ་རིག་པའི་ཐིག་ལེ་ལ་སྤྱིར་སྔགས་དང་རླུང་དང་རྫས་ཀྱི་ཐིག་ལེ་གསུམ་དུ་ཡོད་ཅིང་། བྱེ་བྲག་དེ་གསུམ་ཀ་ལ་སྦྱོང་གཞི་སྦྱོང་བྱེད་གཉིས་གཉིས་ཏེ་དྲུག་ཏུ་དབྱེར་ཡོད་པའི་དང་པོ་ནི་མ་རིག་པ་དང་འདུ་བྱེད་དང་རྣམ་ཤེས་ལས་ཀུན་ཏུ་བརྟགས་པ་ཚོར་འདུ་འདུ་བྱེད་རྣམ་ཤེས་ཏེ་མིང་བཞི་ལས་བསྒྱུར་བ་མིང་དོན་གཉིས་སུ་འཛིན་པ་ནི་སྦྱང་གཞི་སྔགས་ཀྱི་ཐིག་ལེ་དང་། གཉིས་པ་ནི། སྦྱང་གཞི་དེའི་གཉེན་པོ་ལྷ་བསྒོམ་པ་དང་སྔགས་བཟླས་པ་སོགས་རྣམ་རྟོག་དེ་སྦྱོང་བའི་ཚུལ་རྣམས་ནི་སྦྱོང་བྱེད་ཀུན་བརྟགས་པ་སྔགས་ཀྱི་ཐིག་ལེ་ཡིན་ནོ། །གསུམ་པ་ནི་དམིགས་རྐྱེན་བདག་རྐྱེན་དེ་མ་ཐག་རྐྱེན་ཏེ་རྐྱེན་གསུམ་པོའི་གཞན་དབང་གིས་ཡིད་གཡོ་བར་ནུས་པ་ནི་རླུང་གིས་བྱེད་པས་སྦྱང་གཞི་རླུང་གི་ཐིག་ལེ་ཡིན་ལ། བཞི་པ་ནི་གཡོ་བའི་རླུང་དེ་འཆིང་བའི་རིམ་པ་ལ་སྦྱོང་བྱེད་རླུང་གི་ཐིག་ལེ་ཞེས་བཤད་པ་ཡིན་ནོ། །ལྔ་པ་ནི་དབང་ཤེས་ཀྱི་ཡུལ་དུ་སྣང་བའི་དོན་ལྔ་སྟེ་གཟུགས་ཀྱི་ཕུང་པོས་བསྡུས་པ་དཀར་དམར་སོགས་འོག་ནས་རྒྱས་པར་འཆད་པ་རྣམས་ལ་ཁམས་ལྔ་རྫས་ཀྱི་ཐིག་ལེ་ཞེས་བཤད་པ་ནི་སྦྱང་གཞི་རྫས་ཀྱི་ཐིག་ལེ་ཡིན་ལ། དྲུག་པ་ནི་དྭངས་སྙིགས་ཀྱི་ཐིག་ལེ་དེ་དག་འཆིང་བའི་རིམ་པ་རྣམས་ནི་སྦྱོང་བྱེད་རྫས་ཀྱི་ཐིག་ལེ་ཞེས་རྒྱལ་བ་རྡོ་རྗེ་འཆང་ཆེན་པོས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྡོ་རྗེ་ཕྲེང་བར་གསུངས་སོ། །གསུམ་པ་རྫས་ཀྱི་ཐིག་ལེ་རྒྱས་པར་བཤད་པ་ལྔ། བར་དོའི་རྐྱེན་ཉེ་བར་སྦྱོང་བ་དང་། དྭངས་མ་གཉིས་བསྟན་པ། སྙིགས་མ་ཇི་ལྟར་འབྱུང་བའི་ཚུལ། ཁམས་གསུམ་ཅུ་སོ་དྲུག་གི་རྒྱས་བཤད། དཀར་ཆའི་འཕོ་བའི་རིམ་པའོ། །དང་པོ་ནི། དེ་ལ་ནས། བསྟན་པ་བཞིན། ཅེས་གསུངས་ཏེ། ཐིག་ལེ་གསུམ་ཡོད་པ་དེ་ལ་རྫས་ཀྱི་ཐིག་ལེ་ལ་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་བསྡུས་པ་ཕྱིའི་ཐིག་ལེ་དང་ནང་རྡོ་རྗེའི་ལུས་ཀྱིས་བསྡུས་པ་ནང་གི་ཐིག་ལེ་དང་། གཉིས་ཏེ། ནང་གི་དོན་དུ་གྱུར་པའི་ཐིག་ལེ་དེ་ནི་དང་པོར་མངལ་དུ་སྐྱེ་བར་ཉིང་མཚམས་སྦྱོར་བའི་ཚེ་ན་བར་དོའི་ཤེས་པའི་ངོ་བོ་དེ་ཉིད་ཕ་མ་འདུ་འཕྲོད་ཀྱི་དཀར་དམར་ལ་བདག་ཏུ་བཟུང་བའི་རྐྱེན་ལས་རང་ཕོར་སྐྱེས་ན་མ་ལ་ཆགས་ཤིང་ཕ་ལ་སྡང་མོར་སྐྱེས་ན་དེ་ལས་ལོག་པའི་མངོན་པར་ཞེན་པ་ཡིས་མངལ་དེར་ཞུགས་ཏེ། ཁམས་རིམ་པར་འགྱུར་ནས་ཞག་བདུན་ཕྲག་སོ་བརྒྱད་ཀྱི་རིང་ལ་ནུར་ནུར་པོ་སོགས་སུ་འཕེལ་ཏེ་བསྐྱེད་པའི་ཚུལ་གོང་དུ་ལེའུ་གཉིས་པར་བསྟན་པ་བཞིན་ནོ། །གཉིས་པ་ལ་གསུམ། སྤྱིར་བསྟན་པ། དཀར་དམར་གྱི་དྭངས་མ་སོ་སོར་བཤད་པ། ཐུན་མོང་པའི་ཆོས་བསྟན་པའོ། །དང་པོ་ནི། ད་ལྟ་ནས། དཀར་དམར་གཉིས། ཞེས་གསུངས་ཏེ། དེ་ལྟར་མངལ་དུ་ཆགས་ནས་ད་ལྟ་རྡོ་རྗེའི་ལུས་གནས་པའི་ཚེ་ན། དྭངས་མའི་ཁམས་དང་སྙིགས་མའི་ཁམས་གཉིས་སུ་གནས་ཤིང་། དྭངས་མ་ལ་ཡང་རླུང་དང་སེམས་དང་ཐིག་ལེའི་དྭངས་མ་དང་གསུམ་ལས། རླུང་གི་དྭངས་མ་ནི་སྔར་ལེའུར་བཞི་པར་ཡེ་ཤེས་ཀྱི་རླུང་ཞེས་བསྟན་ལ། སེམས་ཀྱི་དྭངས་མ་ནི་སྔར་ལེའུ་དང་པོར་དྲི་མ་མེད་པའི་ཡིད་དང་ཀུན་གཞིའི་ཡེ་ཤེས་ཞེས་བསྟན་ཟིན་པས་འདིར་རྫས་ཀྱི་ཐིག་ལེའི་དྭངས་མ་འཆད་པ་སྐབས་སུ་བབ་ཅིང་། དེ་ལ་ཡང་དཀར་ཆའི་དྭངས་མ་དང་དམར་ཆའི་དྭངས་མ་གཉིས་ནི་འདིར་འཆད་དོ། །གཉིས་པ་ལ་གཉིས། དཀར་ཆའི་དྭངས་མ་དང་། དམར་ཆའི་དྭངས་མ་བཤད་པའོ། །དང་པོ་ནི། དཀར་ཆ་ནས། ཀུན་གྱི་མཆོག་ཅེས་གསུངས་ཏེ། དཀར་ཆའི་དྭངས་མ་ནི་རྩ་དབུ་མའི་ཡར་སྣ་ན་གནས་ཤིང་རྣམ་པ་ཧཾ་མཐུར་དུ་ལྟ་བའི་རང་བཞིན་ཆེ་ཆུང་ཡུངས་ཀར་ཙམ། ཁ་དོག་དཀར་ལ་སྣུམ་པ་དྭངས་ཤིང་འཚེར་བ་གཟི་མདངས་ཆེ་བ་སྟེ་དཔེར་ན་ཤེལ་གོང་གཡའ་དག་པ་དང་མཚུངས་པར་འོད་འཕྲོ་བ་ཞིག་གོ །དེ་གང་ལས་བྱུང་ན་ཕ་ལས་ཐོབ་པ་སྟེ་ཕའི་ཐིག་ལེའི་དྭངས་མ་དཀར་ཆ་ཀུན་གྱི་མཆོག་ཡིན་ལ། ཡབ་ཧེ་རུ་ཀའི་ངོ་བོ་ཐབས་བདེ་བ་ཆེན་པོའི་རང་བཞིན་ཡིན་པ་ནི་འོག་མའི་ཚིག་གི་ཤུགས་ལས་ཐོན་ནོ། །གཉིས་པ་ནི། དམར་ཆ་ནས། རང་བཞིན་ཏེ། ཞེས་གསུངས་ཏེ། དམར་ཆའི་དྭངས་མ་ནི་ལྟེ་འོག་གི་རྩ་གསུམ་འདུས་པའི་མདོ་ན་གནས་ལ། ཁ་དོག་དམར་ཞིང་རབ་ཏུ་ཚ་ལ་འོད་གསལ་ལ་དཔེར་ན་རྒོད་མ་ཁའི་མེ་དང་འདྲའོ། །དེ་ལ་རྒོད་མའི་མེ་ནི་རྒྱ་མཚོའི་མཐའ་ལ་བྲག་རི་རྟ་རྒོད་མེའི་གདོང་པ་འདྲ་བའི་ཁ་ལས་འབར་བའི་མེ་ཤིན་ཏུ་དམར་ཞིང་ཚ་བས་བསྐོར་ནས་གནས་པས་རྒྱ་མཚོ་བྲེས་ལས་མི་འདའ་བར་བྱེད་པ་ཡོད་དེ། མེ་དེ་ལ་རྒོད་མ་ཁའི་མེའམ་རྟ་གདོང་གི་མེ་ཞེས་གྲགས་སོ། །ཐིག་ལེ་དེའི་དབྱིབས་ནི་ཨ་ཐུང་ངུ་སྟེ་ཨ་ཤད་ཞེས་ཀྱང་བཤད་པས་ཡི་གེ་ལཉྩྨའི་ཤད་གྱེན་ཏུ་ལོག་པ་ལྟ་བུའོ། །རྡོ་རྗེ་ཕག་མོའི་རང་བཞིན་ནི་ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་ནམ། ཡང་ན་ལཉྩྨའི་ཤད་གྱེན་ལོག་གསུམ་གྱོག་ཏུ་འོང་བས་དབྱིབས་ལས་ཀྱང་དེ་སྐད་ཅེས་གསུངས་པར་རྗེ་བདུན་པས་བཞེད་དོ། །གསུམ་པ་ནི། དཔྱིད་དང་ནས། མཁའ་འགྲོར་གསུངས། ཞེས་གསུངས་ཏེ། དཀར་ཆའི་དྭངས་མ་ལ་བདེ་བ་འཇོ་བས་དཔྱིད་དང་དམར་ཆའི་དྭངས་མ་ལ་བདེ་བ་བརྟན་པས་ཐིག་ལེ་ཞེས་ཀྱང་བདེ་མཆོག་གི་རྒྱུད་དང་དེའི་རྫོགས་རིམ་དུ་ནག་པོ་པས་བཤད་དེ། དཀར་དམར་དེ་གཉིས་ཀྱི་བར་དུ་ཀུན་གཞིའི་སྲོག་ཆེན་པོའི་རླུང་དང་བཅས་པ་བརྟེན་པའི་ཕྱིར་ན། ཕྱི་རོལ་གྱི་གནས་ཉེ་བར་མཚོན་ན་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་གྱི་ངོ་བོ་ཡིན་པར་རྒྱུད་སྡོམ་པ་འབྱུང་བ་དང་རྡོ་རྗེ་མཁའ་འགྲོར་གསུངས་སོ། །དེའང་ཐུབ་པའི་ཉི་མ་རྣམས་གང་དུ་བྱང་ཆུབ་པའི་གནས་རྡོ་རྗེ་གདན་ལ་བྱང་ཆུབ་སྙིང་པོའི་གཞི་ཟེར་བ་བཞིན་ཏུ། དཀར་དམར་གཉིས་པོ་འདིའང་ནང་གི་བྱང་ཆུབ་ཟུང་འཇུག་མངོན་ཏུ་བྱེད་པའི་གཞི་ཡིན་པས་སོ། །གསུམ་པ་སྙིགས་མ་ཇི་ལྟར་འབྱུང་བའི་ཚུལ་ལ་བསྟན། བཤད། བསྡུ་གསུམ་ལས། དང་པོ་ནི། དེ་བརྟེན་ནས། ནས་འོག་འགྲོ། ཞེས་གསུངས་ཏེ། དྭངས་མ་དེ་གཉིས་ལ་བརྟེན་པའི་སྙིགས་མའི་ཁམས་དེ་དག་ཀྱང་དྭངས་སྙིགས་གཉིས་ཡིན་པས་སྙིགས་མའི་དྭངས་མ་ལ་གཉིས་ལས། དམར་ཆ་ཁྲག་གི་རང་བཞིན་ཉི་མའི་ཁམས་ནི་ཨ་ཐུང་གི་མེས་བསྐྱེད་ནས་རོ་མ་ལ་བརྒྱུད་དེ་གྱེན་དུ་འགྲོ་ལ། ཐིག་ལེ་དཀར་པོ་ནི་སྤྱི་བོ་ནས་ཧཾ་ལས་བབ་སྟེ་རྐྱང་མ་ལ་བརྒྱུད་ནས་འོག་ཏུ་འགྲོ་ཞིང་སྙིགས་མའི་སྙིགས་མ་རྣམས་ནི་རགས་པའི་ཚུལ་དུ་ཕྱིར་འདོར་བས་དེ་དག་གི་རྣམ་བཞག་འོག་ཏུ་འཆད་དོ། །གཉིས་པ་རྒྱས་བཤད་ལ་བཞི། ཟས་སྐོམ་ལས་དྭངས་མར་ཇི་ལྟར་འགྱུར་བའི་ཚུལ། དྭངས་མ་སོགས་ནང་གི་སྐྱེ་བ་བདུན་པའི་འགྱུར་ཚུལ། སྙིགས་མའི་སྙིགས་མ་ཇི་ལྟར་འདོར་ཚུལ། ཁུ་བའི་དྭངས་སྙིགས་ཀྱི་འགྱུར་ཚུལ་ལོ། །དང་པོ་ནི། དང་པོ་ནས། བསྲེགས་བཞུས་སྦྱངས་ནས། ཞེས་གསུངས་ཏེ། སྐྱེ་བ་བདུན་པའི་དང་པོ་དྭངས་མར་འགྱུར་བ་ནི་ནང་གི་སྦྱིན་སྲེག་བྱེད་པའི་རྒྱུས་བསྐྱེད་པ་སྟེ། ཇི་ལྟར་ན། ཕྱི་རོལ་གྱི་ཁ་ཟས་དང་བཏུང་བའི་དངོས་པོ་རྣམས་ནི་བསྲེག་རྫས། རོ་རྐྱང་གིས་བསྐྱེད་པའི་ལག་པ་གཉིས་ནི་དགང་གཟར་དང་བླུགས་གཟར་ཡིན་ཏེ། ཁ་ནི་ཧྃ་ཁུང་། དེར་ཕུང་ཁམས་སྐྱེ་མཆེད་གདོད་ནས་རང་བཞིན་གྱི་ལྷར་གྲུབ་པ་རྣམས་ལ་མཆོད་དེ་གསོ་བར་བྱེད་ལ། འཕོ་བར་ལས་བྱེད་པའི་མེ་མཉམ་གྱི་རླུང་དང་བད་ཀན་ནི་མྱགས་བྱེད་དང་མཁྲིས་པ་མདོག་འགྱུར་དང་གསུམ་པོ་མེ་ལྷ་ཞལ་གསུམ་པའི་རང་བཞིན་དུ་བཞུགས་པ། དེ་རྣམས་ཀྱི་དང་པོས་བསྲེགས་གཉིས་པས་བཞུས་གསུམ་པས་སྦྱངས་ཏེ་ཞག་གཅིག་ཏུ་དྭངས་སྙིག་ཕྱེ་ནས་དྭངས་མ་རྣམས་སུ་རིམ་གྱིས་འགྱུར་བ་ཡིན་ནོ། །གཉིས་པ་ནི། དེ་ཡི་དྭངས་ནས། བདུན་ཅེས་བྱ། ཞེས་གསུངས་ཏེ། ཕོ་བར་དྭངས་སྙིགས་ཕྱེས་པའི་ཟས་སྐོམ་དེ་ཡི་དྭངས་མ་ནི་མཆིན་པར་ཟངས་མ་བྱ་སྔོན་བཤའ་རིངས་མཁྲེན་བུ་སྟེ་རྩ་ཆེན་བཞི་ལ་བརྒྱུད་དེ་ཁྲག་ཆེན་པོར་གྱུར་ནས་རྩའི་གནས་ཀུན་ཏུ་ཁྱབ་པར་འགྲོ་ལ། ཁྲག་དེ་ཉིད་ཞག་གཅིག་ཏུ་དྭངས་སྙིགས་བྱེ་བའི་དྭངས་མ་དེ་དག་གིས་ཤ་སྐྱེད་པར་བྱེད་ཅིང་། ཤ་དེའང་ཞག་གཅིག་ཏུ་དྭངས་སྙིགས་བྱེ་བས་དྭངས་མ་དེ་ལས་ནི་ཚིལ་བུར་འགྱུར་ལ། ཚིལ་ཞག་གཅིག་ཏུ་དྭངས་མ་དེ་ལས་ནི་རུས་པར་འགྱུར་བ་དང་། རུས་པ་ཞག་གཅིག་ཏུ་དྭངས་སྙིགས་བྱེ་བའི་དྭངས་མ་ནི་རྐང་མར་དུ་འགྱུར་ཞིང་། རྐང་ཞག་གཅིག་ཏུ་དྭངས་སྙིགས་བྱེ་བས་དྭངས་མ་ནི་ཁུ་བར་འགྱུར་ཏེ། དེ་ལྟར་ན་ཟས་སྐོམ་གྱི་དྭངས་མ་སོགས་ཞག་བདུན་དུ་དྭངས་སྙིགས་བྱེ་བས་ཁུ་བའི་བར་དུ་འགྱུར་བའི་དྭངས་མ་བདུན་འགྱུར་འདི་ལ་སྨན་དཔྱད་ཡན་ལག་བརྒྱད་པ་ལས་ལུས་ཟུངས་དྭངས་མ་བདུན་ཅེས་དང་། དུས་འཁོར་ལ་སོགས་པའི་རྒྱུད་རྣམས་སུ་ནང་གི་སྐྱེ་བ་བདུན་པ་ཞེས་བཤད་དོ། །གསུམ་པ་ནི། ཕོ་བའི་ནས། མཆིལ་སྣབས་བཤད། ཅེས་གསུངས་ཏེ། ཟས་སྐོམ་ཞག་གཅིག་བསྲེགས་བཞུས་སྦྱངས་པའི་ཕོ་བའི་སྙིངས་མ་རྒྱུ་མའི་ནང་དུ་སོང་བ་ལས་སྐ་སླ་གཉིས་སུ་བྱེ་སྟེ། སྐ་བ་རྒྱུ་མར་རིམ་པས་བརྒྱུས་ནས་བཤང་ལམ་དུ་འགྲོ་ཞིང་སླ་བ་རྒྱུ་སྒྲོག་གི་རྩ་ནང་ནས་ལྒང་པར་བསགས་ནས་ནི་གཅི་བའི་ལམ་ནས་འབབ་པར་བྱེད་དོ། །དེ་བཞིན་ཏུ་ཞག་རེ་རེར་དྭངས་མ་རེ་ལས་སྙིགས་མ་རེ་རེར་འགྱུར་ཏེ་ཁྲག་གི་སྙིགས་མས་མཆིན་པའི་གནས་ལས། མཁྲིས་པ་ནི་བསྐྱེད་ནས་མཁྲིས་པའི་དྭངས་མ་ལུས་ཀྱི་ཆུ་སེར་དང་མཁྲིས་པ་དེའི་སྙིགས་མ་འོག་ཏུ་འགྲོ་བས་མཁྲིས་པའི་སྙིགས་མ་ནི་དྲི་ཆུའི་ཀུ་ཡ་དང་དྲི་ཆེན་གྱི་དྲི་དང་མདོག་སེར་པོར་བྱེད་དོ། །ཤའི་སྙིགས་མ་ནི་པགས་པ་དང་དྲི་མའོ། །ཚིལ་གྱི་སྙིགས་མ་ནི་རྨེན་བུའམ་སྐྲན་དུ་འགྱུར་བ་སྟེ། རུས་པའི་སྙིགས་མ་ནི་སོ་དང་སེན་མོ་ཡིན་ལ། རྐང་མར་གྱི་སྙིགས་མ་ནི་སྦུབས་ཀྱི་དྲི་མ་དང་མཆིལ་མ་དང་སྣབས་དང་ལུད་པར་འགྱུར་བར་བཤད་དོ། །བཞི་པ་ནི། ཁུ་བའི་ནས། ཁ་དོག་བྱེད། ཅེས་གསུངས་ཏེ། ཁུ་བ་དེའང་ཞག་གཅིག་ཏུ་དྭངས་སྙིགས་བྱེ་ནས། སྙིགས་མ་ནི་འོག་ཏུ་དབུ་མའི་མར་སྣ་ནས་འབབ་ཅིང་དབང་པོ་དང་བ་སྤུའི་སྒོ་སོགས་ནས་ཀྱང་འཛག་པར་བྱེད་ལ། དྭངས་མ་ནི་ལུས་ཀྱི་སྟོབས་དང་གཟི་མདངས་དང་ཁ་དོག་ཏུ་བྱེད་པ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ནི། དེ་ནི་སོགས་རྐང་པ་གཅིག་སྟེ། དེ་ལྟར་བཤད་པ་དེ་ནི་སྤྱིར་བསྟན་པ་ཙམ་རགས་པར་བཤད་པ་ཡིན་གྱི་རྒྱས་པར་ནི་དུས་འཁོར་རྒྱུད་འགྲེལ་ལས་ཤེས་པར་བྱའོ། །ཞེས་སོ། བཞི་པ་ཁམས་སུམ་ཅུ་སོ་དྲུག་གི་རྒྱས་བཤད་ལ་གཉིས། དྭངས་མ་བཅུ་གཉིས་ཇི་ལྟར་རྒྱུ་བ་དང་། སྙིགས་མ་ཉི་ཤུ་རྩ་བཞིའི་རྒྱས་བཤད་དོ། །དང་པོ་ལ་གཉིས། བཤད་པ་དངོས་དང་། ཤེས་བྱེད་ཀྱི་ལུང་སྨོས་པའོ། །དང་པོ་ནི། རྒྱས་བཤད་ནས། བྱེད་པའོ། །ཞེས་གསུངས་ཏེ། རྫས་ཀྱི་ཐིག་ལེ་ཁམས་དེ་ཅུང་ཟད་རྒྱས་པར་བཤད་ན། དྭངས་སྙིགས་ཀྱི་ཁམས་ནི་སུམ་ཅུ་རྩ་དྲུག་ཡོད་ལ། ཤིན་ཏུ་རྒྱས་པར་བཤད་ན་རྩ་ཇི་སྙེད་པའི་ཁམས་ཀྱང་དེ་སྙེད་ཡོད་དོ། །ཞེས་སྤྱིར་བསྟན་ནས། དྭངས་མ་བཞི་ནི། སྙིང་གའི་ཡན་ལག་གི་རླུང་རྒྱུ་བའི་རྩ་མིག་དང་། སོགས་ཁོངས་ནས་རྣ་བ་སྣ་དང་ལྕེ་རྣམས་ཀྱི་ཤེས་པ་དང་འབྲེལ་ནས་ཡུལ་གཟུགས་སོགས་འཛིན་པའི་བདག་རྐྱེན་བྱེད་པས་ཡུལ་བཞི་པོ་དེས་ཡུལ་ཅན་རྣམས་ལ་མཆོད་པ་བྱེད་པའི་ཁམས་བཞི་ཞེས་བྱའོ། །རྩ་བདུད་བྲལ་ནས་བྱུང་བའི་ཁམས་དཀར་ཆ་དེ་ནི་སྟེང་དུ་འགྲོ་ཞིང་ལྕེའུ་ཆུང་གི་དབུས་སུ་ཟུག་པས་ཁམས་ལུགས་ཟློག་དཀར་ཆ་འགྲིབ་པར་བྱེད་པ་ཡིན་པས། རྒྱུ་མཚན་དེས་ན་ནག་ཕྱོགས་ཀྱི་དང་པོའི་ཚེས་བཅུ་དྲུག་ལ་ཟླ་བའི་དཀར་ཆ་འགྲིབ་པ་དང་མཐུན་པར་བཤད་ལ། རྩ་དང་ཐིག་ལེ་འདི་ཡང་བྱེད་ལས་ཀྱི་ཕྱོགས་གཅིག་ནི་རེག་བྱའི་ཁམས་ཀྱི་ཕྱོགས་གཅིག་འབྱུང་འགྱུར་གྱི་ཆ་འཛིན་པར་བྱེད་པས་ལུས་ལ་རེག་བྱའི་མཆོད་པ་བྱེད་པ་བཤད་རུང་ངོ་། །རྩ་བའི་རླུང་ལྔ་དང་འབྲེལ་བའི་དྭངས་མ་ལྔ་ཡི་བྱེད་ལས་ནི་སྔར་ལུས་འགྲུབ་ཚུལ་དང་རྩ་རླུང་འཆད་པའི་སྐབས་སུ་དེ་དག་སོ་སོའི་བྱེད་ལས་བཤད་ཟིན་པས་རྩ་ལྔ་དང་རླུང་ལྔ་པོ་དེ་དང་འབྲེལ་བའི་དྭངས་མ་ལྔའི་བྱེད་ལས་ཀྱང་ཤེས་པར་འགྱུར་ཞིང་། དྭངས་མ་བཅུ་གཉིས་འཆད་པའི་སྐབས་འདིར་ཡང་དབུ་མ་ལ་རླུང་དང་ཐིག་ལེ་རྒྱུ་བའི་ཆ་གཉིས་སུ་ཕྱེ་ན་དེ་ལ་བརྟེན་པའི་དྭངས་མ་གཉིས་ཏེ་བཅུ་གཉིས་སོ། །དབུ་མ་ཇི་ལྟར་ཆ་གཉིས་སུ་འབྱེད་ཅེ་ན། སྟེང་དུ་ཟླ་ཉི་སྒྲ་གཅན་གྱི་རླུང་གསུམ་རྒྱུ་བས་རླུང་རྒྱུ་བའི་ཆ་གཅིག་དང་། འོག་ཕྱོགས་སུ་དྲི་ཆེན་དྲི་ཆུ་ཁུ་བ་སྟེ་རྣམ་པ་གསུམ་བརྟེན་ཞིང་ཁྱད་པར་དུ་རྩ་དབུ་མའི་མར་སྣ་དུང་ཅན་མ་ནི་ཟླ་བ་བཞིན་དུ་བཅོ་ལྔའི་ཆ་ཤས་རྫོགས་པའི་ཐིག་ལེ་དཀར་ཆ་ནི་ཡོངས་སུ་གང་བ་ལྷན་སྐྱེས་ཀྱི་བདེ་བ་སྐྱེད་པའི་རྩ་ཡིན་ལ། དེ་ཉིད་སྐྱེས་པ་ལ་རྡོ་རྗེ་ནོར་བུའི་རྩེ་མོར་འབྲེལ་ཞིང་། བུད་མེད་ལ་རོ་མ་དང་འབྲེལ་ཏེ་རོ་མའི་མར་སྣས་ཁྲག་གི་ཁམས་འཛིན་པས་སྐྱེས་པ་དང་བུད་མེད་ཀྱི་ཁྱད་པར་འབྱེད་ཅིང་། ལུས་དབང་གི་གཙོ་བོ་དབང་པོ་མཆོག་གཉིས་སྐྱེད་པར་བྱེད་པ་སྟེ་མདོར་ན་མར་སྣ་ལ་ཐིག་ལེ་རྒྱུ་བས་ཐིག་ལེ་རྒྱུ་བའི་ཆ་གཅིག་སྟེ། མདོར་ན་རླུང་རྒྱུ་བའི་ཆ་དང་ཐིག་ལེ་རྒྱུ་བའི་ཆ་གཉིས་སུ་བྱེད་དོ། །དེས་ན་སྔར་རྩའི་སྐབས་སུ་རྒྱས་པར་བསྟན་པ་ལྟར་དྭངས་མའི་ཁམས་བཅུ་གཉིས་ཀྱི་ངོ་གྲངས་ནི། སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་ཡར་མར་གྱི་རྩ་གཉིས་དང་དབུ་མ་ལ་ཐིག་ལེ་དང་རླུང་རྒྱུ་བའི་ཆ་ཤས་གཉིས་སུ་བྱེ་བས་རྩ་བཅུ་གཉིས་པོ་དེ་རྣམས་ཡིན་ལ། དྭགས་རམ་པས། སྟེང་གི་སྲོག་ཉི་མའི་ཆོས་ཅན་ཡིན་པས་སྟེང་གི་གསུམ་པོ་གཅིག་ཏུ་བྱས་ནས་ཉི་མའི་ཐིག་ལེ་དང་། འོག་གི་གསུམ་པོ་ཐུར་སེལ་ཟླ་བའི་ཆོས་ཅན་ཡིན་པས་གཅིག་ཏུ་བྱས་ནས་ཟླ་བའི་ཐིག་ལེ་ཞེས་བཤད་དོ། །གཉིས་པ་ནི། འདི་ནི་ནས། ཡང་དག་གནས། ཞེས་གསུངས་ཏེ། དྭངས་མ་བཅུ་གཉིས་རྒྱུ་བའི་ཚུལ་འདིའི་ཤེས་བྱེད་ཀྱི་ལུང་ནི་ཁ་སྦྱོར་ཐིག་ལེའི་རྒྱུད་ལས། སྙིང་གའི་འཁོར་ལོའི་ཕྱོགས་བཞི་ནས་ཡན་ལག་གི་རླུང་དང་རཀྟ་རྒྱུ་བའི་རྩའི་འདབ་མ་མཁའ་འགྲོ་མ་བཞིའི་ངོ་བོ་ཉིད་ལ་གནས་པའི་ཁམས་རྣམས་དང་སྙིང་གའི་སྟེང་ཕྱོགས་ཀྱི་ཐིག་ལེ་ནི་འབྱུང་བ་ཆེན་པོ་དང་མ་མེའི་དངོས་པོ་སྒྲོན་མེ་ལྔའི་མིང་གིས་བསྟན་པ་ཤ་ལྔའི་དྭངས་མ་ཡིན་ལ། མཚམས་བཞིའི་རྩ་འདབ་རྩ་བའི་རླུང་དང་བྱང་སེམས་རྒྱུ་བ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་དེ་ལ་བརྟེན་པའི་ཁམས་རྣམས་དང་སྙིང་གའི་འོག་ཕྱོགས་ཀྱི་ཐིག་ལེ་ནི། མ་རྒྱུད་ལས་བུམ་པའི་ངོ་བོ་འདོད་པའི་ཡོན་ཏན་ལྔ་པོ་ཅི་རིགས་པས་རྣམ་པར་ཤེས་པ་ལ་མཆོད་པ་འབུལ་བའི་རྩ་བཞི་ཞེས་བཤད་པས། བདུད་རྩི་ལྔའི་དྭངས་མ་འབབ་པ་ཡིན་ཞིང་དབུ་མ་ལ་ཆ་གཉིས་སུ་འབྱེད་པ་ནི་ཤུགས་ཀྱིས་འཕངས་པ་ཡིན་ནོ། །དྭངས་མ་བཅུ་གཉིས་རྒྱུ་ཚུལ་འཆད་པའི་སྐབས་འདིར་ནི་བྱེ་བྲག་ཏུ་ལུས་ཀྱི་སྙིང་གའི་དབུས་སུ་རྩ་ལྔ་པོ་ནི་ཡང་དག་པར་གནས་པར་བཤད་པ་ནི་སུམ་སྐོར་མ་ནས་བདུད་བྲལ་གྱི་བར་སྟེ། དེ་རྟོགས་དཀའ་བར་དགོངས་པས་སོ། །གཉིས་པ་སྙིགས་མ་ཉི་ཤུ་རྩ་བཞིའི་རྒྱས་བཤད་ལ་གཉིས། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། སྐུ་གསུང་ནས། བཅས་པ་ནི། ཞེས་གསུངས་ཏེ། རྟེན་རྩ་ཆེན་པོ་ཉི་ཤུ་རྩ་བཞི་ལ་སྙིགས་མའི་ཁམས་ཉི་ཤུ་རྩ་བཞི་པོ་བརྟེན་པས། རྟེན་དང་བརྟེན་པ་ལྷན་ཅིག་ཏུ་བཤད་ན། རྟེན་ནི་ས་འོག་སྤྱོད་སྐུའི་གནས་བརྒྱད་ས་སྤྱོད་གསུང་གི་གནས་བརྒྱད། མཁའ་སྤྱོད་ཐུགས་ཀྱི་གནས་བརྒྱད་ཡོད་པའི་བྱེ་བྲག་གིས་རྩའི་གཙོ་མོ་ཉི་ཤུ་རྩ་བཞིར་ཉེ་བར་བརྗོད་དེ། ཐིག་ལེ་དང་མཁའ་འགྲོ་མ་རྒྱུན་དུ་གནས་པ་དང་རེས་འགའ་གནས་པ་ལ་སོགས་པའི་བྱེ་བྲག་ལ་བརྟེན་ནས། ཕྱི་ཡི་གནས་དང་ནང་གི་གནས་སོགས་སུ་ནི་ཉེ་བར་བརྗོད་ལ། དེ་ནས་ཕྱིའི་གནས་དེ་རྣམས་ལ་བརྟེན་ནས་བྱུང་བ་དཔའ་བོ་རྣལ་འབྱོར་མ་དང་། ནང་གི་གནས་དེ་རྣམས་ལ་བརྟེན་ནས་བྱུང་བ་སྙིགས་མའི་ཁམས་ཉི་ཤུ་རྩ་བཞི་པོ་སྔར་རྩའི་གཙོ་མོ་འཆད་པའི་སྐབས་སུ་བཤད་པའི་རྩ་ཉི་ཤུ་རྩ་བཞི་དང་བཅས་པ་ནི་ཕྱི་ནང་རྟེན་བརྟེན་པ་སྦྱར་ནས་འཆད་དོ། །གཉིས་པ་ལ་ལྔ། གནས་དང་ཉེ་གནས། ཞིང་དང་ཉེ་ཞིང་། ཚནྡྷོ་ཉེ་ཚན། འདུ་བ་ཉེ་འདུ། དུར་ཁྲོད་ཉེ་བའི་དུར་ཁྲོད་དོ། །དང་པོ་ལ་གཉིས། གནས་བཤད་པ་དང་། ཉེ་བའི་གནས་བཤད་པའོ། །དང་པོ་ནི། མི་ཕྱེད་ནས། གནས་པས་གནས། ཞེས་གསུངས་ཏེ། རྩ་མི་བྱེད་མ་ནི་མགོ་བོ་ལ་གནས་ཤིང་ཕྱི་རོལ་གྱི་ཡུལ་ཆེན་པོ་པུ་ལི་ར་མ་ལ་ཡ་ཡིན་ཏེ། དེར་དཔའ་བོ་ཐོད་པའི་དུམ་བུ་དང་དཔའ་མོ་རབ་གཏུམ་མ་བཞུགས་པ་བཞིན་ཏུ་རྩ་དེར་རླུང་སེམས་མཁའ་འགྲོ་ཡབ་ཡུམ་བཞུགས་ཤིང་སྙིགས་མའི་ཁམས་སོ་དང་སེན་མོ་རྣམས་སྐྱེས་པ་དང་འབབ་པར་བརྗོད་དོ། །རྩ་ཕྲ་མོའི་གཟུགས་ཅན་ནི་སྤྱི་གཙུག་ཏུ་གནས་ཤིང་ཛ་ལནྡྷ་རར་ཀེང་རུས་ཆེན་པོ་དང་གཏུམ་མིག་མ་སྟེ་སྔ་མ་དེ་བཞིན་ཏུ་སྐྲ་དང་བ་སྤུ་འབབ་ཅིང་བསྐྱེད་དོ། །རྩ་རྩེ་ཕྲ་མ་ནི་རྣ་བ་གཡས་པ་ལ་བརྟེན་ཏེ་གནས་ཤིང་ཨཽ་དྱན་ཏུ་ཀེང་རུས་དང་འོད་ལྡན་ཏེ་པགས་པ་དང་དྲི་མ་འབབ་ཅིང་བསྐྱེད་པའོ། །རྩ་གཡོན་པ་མ་ནི་ལྟག་པར་གནས་ཤིང་ཨརྦུ་ཏར་མཆེ་བ་རྣམ་པར་གཙིག་པ་དང་སྣ་ཆེན་མ་སྟེ། རྒྱབ་སོགས་ཚང་རའི་ཤ་རྣམས་འབབ་ཅིང་བསྐྱེད་དོ། །པུ་ལི་ར་མ་ལ་ཡ་སོགས་ཕྱི་རོལ་གྱི་ཡུལ་བཞི་པོ་དེར་མཁའ་འགྲོ་མ་དུས་རྟག་ཏུ་གནས་ཤིང་། མི་ཕྱེད་མ་སོགས་རྩ་བཞི་པོ་དེར་ཁམས་དཀར་ཆ་རྟག་ཏུ་གནས་པས་དེ་རྣམས་ལ་ཕྱི་ནང་གི་གནས་ཤེས་བྱའོ། །གཉིས་པ་ནི། ཏོ་ནས། གནས་ཞེས་བརྗོད། ཞེས་གསུངས་ཏེ། རྩ་ཐུང་ངུ་མ་ནི་རྣ་བ་གཡོན་པར་གནས་ཤིང་ཕྱི་རོལ་གྱི་ཡུལ་གཽ་ད་བ་རིར་ལྷ་དགྲ་དང་དཔའ་བོའི་བློ་གྲོས་མ་གནས་པ་སྟེ་རྒྱུས་པ་བསྐྱེད་པའི་ཁམས་རྣམས་འབབ་བོ། །ཙ་རུ་སྦལ་སྐྱེས་མ་ནི་རྭ་མེ་ཤཱ་རིར་འོད་དཔག་མེད་དང་མིའུ་ཐུང་མ་སྟེ་སྨིན་ཕྲག་ཏུ་གནས་ཤིང་རུས་པའི་ཕྲེང་བ་བསྐྱེད་པའི་ཁམས་འབབ་པ་ཡིན་ནོ། །རྩ་སྒོམ་པ་མོ་ནི་དེ་བཱེ་ཀོ་ཊིར་རྡོ་རྗེ་འོད་དང་ལང་ཀའི་དབང་ཕྱུག་མ་སྟེ་མིག་གི་ཕྱི་རོལ་ན་གནས་ཤིང་མཆིན་པའི་ཤ་ཀུན་བསྐྱེད་པ་ཡིན་ནོ། །རྩ་དབང་བསྐུར་མ་ནི་མཱ་ལ་བར་རྡོ་རྗེའི་ལུས་དང་ཤིང་ཀྲིས་མ་ཞེས་བྱ་སྟེ་དཔུང་དང་ཕྲག་པའི་རྩ་བར་འབྲེལ་ནས་སྙིང་གི་ཤ་འབབ་ཅིང་བསྐྱེད་པར་བྱེད་པ་སྟེ། ཕྱི་རོལ་གྱི་ཡུལ་གོ་ད་བ་རི་ལ་སོགས་པ་བཞིར་མཁའ་འགྲོ་མ་རྣམས་རེ་དགའ་གནས་ཤིང་ནང་གི་རྩ་ཐུང་དུ་མ་ལ་སོགས་པ་བཞིར་དཀར་ཆ་རེས་དགའ་གནས་པས་རྟག་ཏུ་གནས་པ་དང་ཉེ་བའི་གནས་ཤེས་བརྗོད་དོ། །དེ་བརྒྱད་ནི་གཞན་དཀྱིལ་འཁོར་གྱི་འཁོར་ལོ་ལ་སྦྱར་ན་བདེ་མཆོག་གི་ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སོ། །གཉིས་པ་ཞིང་དང་ཉེ་ཞིང་བཤད་པ་ནི། སྐྱོན་མ་ནས་ཉེ་ཞིང་བརྗོད། ཅེས་གསུངས་ཏེ། རྩ་སྐྱོན་མ་ཞེས་བྱ་བ་ནི་ཕྱི་རོལ་གྱིས་ཡུལ་ཀཱ་མ་རླུ་པར་མྱུ་གུ་ཅན་དང་ས་སྲུང་མ་བཞུགས་པ་མཚོན་པ་སྟེ། མཆན་འོག་གཉིས་ནས་འགྲེལ་ཞིང་མཆིན་པ་ནས་མིག་འབྲས་ཀྱི་ཤ་རྣམས་བསྐྱེད་ཅིང་འབབ་པ་ཡིན་ལ། རྩ་འཇུག་མ་ནི་ཡུལ་ཨོ་ཊེ་ཡ་ནར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་མཚོན་པ་སྟེ་ནུ་མ་གཉིས་ཀྱི་མཚམས་ནས་བརྒྱུད་དེ་གནས་ཤིང་ལོང་ཀ་དང་མཁྲིས་པའི་ཁམས་འབབ་ཅིང་བསྐྱེད་དོ། །རྩ་མ་མོ་ནི་ཡུལ་ཏྲི་ཤ་ཀུ་ནར་དཔལ་བོ་ཆེན་པོ་དང་རླུང་ཤུགས་མ་མཚོན་པ་སྟེ། ལྟེ་བར་གནས་ཤིང་གློ་བ་བསྐྱེད་པར་བྱེད་པའོ། །རྩ་མཚན་མོ་ཞེས་བྱ་བ་ནི་ཡུལ་ཀོ་ཤ་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ་ཡིན་ཅིང་རྒྱུ་མ་ནས་སྣ་རྩེར་འབྲེལ་ཏེ་རྒྱུ་མའི་ཕྲེང་བ་དང་ལྟོ་བ་བསྐྱེད་ཅིང་འབབ་པར་བྱེད་དོ། ཀཱཾ་རུ་དང་ཨོ་ཌཱི་ཡ་ནར་དཔའ་བོ་མཁའ་འགྲོ་རྣམས་རྟག་ཏུ་ཚོགས་ལ་ལོངས་སྤྱོད་ཅིང་སྐྱོན་མ་དང་མཇུག་མར་རྟག་ཏུ་ཁམས་ལ་ལོངས་སྤྱོད་པས་དེ་གཉིས་ལ་ཕྱི་ནང་གི་ཞིང་དང་། ཏྲི་ཤ་ཀུ་ན་དང་ཀོ་ཤ་ལར་ལས་དང་ཡེ་ཤེས་ཀྱི་མཁའ་འགྲོ་རེས་ཚོགས་ལ་ལོངས་སྤྱོད་ཅིང་མ་མོ་དང་མཚན་མོར་རེས་ཁམས་ལ་ལོངས་སྤྱོད་པས་དེ་གཉིས་ལ་ཕྱི་ནང་གི་ཉེ་བའི་ཞིང་ཞེས་བརྗོད་དོ། །གསུམ་པ་ཚནྡྷོ་དང་ཉེ་ཚན་བཤད་པ་ནི། བསིལ་སྦྱིན་ནས། ཚནྡྷོར་བཤད། ཅེས་གསུངས་ཏེ། རྩ་བསིལ་སྦྱིན་མ་ནི་ཕྱི་རོལ་གྱི་ཀ་ལིངྐར་རབ་ཏུ་བཟང་པོ་དང་སྔོ་སངས་ལྷ་མོ་མཚོན་པ་ཡིན་ཏེ་ཁ་ནས་འགྲམ་པ་དང་རྩིབས་ལོགས་སོགས་སྟ་ཟུར་དུ་འབྲེལ་ཞིང་གྲོད་པ་བསྐྱེད་པར་བྱེད་ལ། རྩ་ཚ་བ་མའམ་དྲོད་མ་ནི་ལམ་བ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ། མགྲིན་པའི་དབུས་ནས་ལྟེ་བར་གནས་ཤིང་ལྟོ་བ་དང་གཉེ་མ་བསྐྱེད་པ་ཡིན་ལ། ཡུལ་དེ་གཉིས་སུ་ལས་དང་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་འདྲེས་པར་གནས་ཤིང་རྟག་ཏུ་ཁྲུས་བྱེད་ལ་རྩ་དེ་གཉིས་སུ་རྣམ་རྟོག་འཁྲུ་བའི་དྭངས་སྙིགས་ཀྱི་ཁམས་འདྲེས་པར་གནས་པས་ཕྱི་ནང་གི་ཚནྡྷོ་ཧ་ཞེས་ཟེར་ལ། རྩ་བཅུ་བཞི་པོ་དེ་ནི་གཡོན་གྱི་ཆ་ལ་གནས་ཤིང་རྐྱང་མའི་ཆར་སྐྱེས་པ་ཤེས་རབ་ཀྱི་རང་བཞིན་ཡིན་ལ། རོ་མ་ལ་བརྟེན་པ་ཐབས་ཀྱི་ཆར་གྱུར་པའི་རྩ་བཅུ་ནི། རྩ་གཞོལ་མ་ནི་ཡུལ་ཀཉྩྨིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མར་བཤད་པ་སྟེ། སྙིང་ག་ནས་གཤང་ལམ་དུ་འབྲེལ་ཞིང་བཤང་བ་འབབ་བའི་བདག་རྐྱེན་བྱེད་ལ། རྩ་རངས་མ་ནི་ཕྱི་རོལ་ཏུ་ཧི་མ་ལ་ཡར་མིག་མི་བཟང་དང་བྱ་གདོང་མ་སྟེ། མཚོགས་མ་དང་ལྒང་བར་འབྲེལ་ཞིང་དེའི་མཚམས་མཐའི་ད བུས་ཏེ་དེ་གཉིས་ཀྱི་བར་འགེངས་པའི་རྒྱུངས་པ་འབབ་ཅིང་བསྐྱེད་དོ། །ཕྱི་ནང་གི་ཡུལ་དེ་གཉིས་སུ་རེས་འགའ་དྭངས་སྙིགས་འདྲེས་པར་གནས་པ་དང་རེས་འགའ་ཁྲུས་བྱེད་པས་ཉེ་བའི་ཚནྡྷོ་ཧ་ཞེས་བྱའོ། །དེ་བརྒྱད་ནི་གཞན་ཏུ་གསུངས་གི་འཁོར་ལོའི་དཔའ་བོ་དང་རྣལ་འབྱོར་མའོ། །བཞི་པ་འདུ་བ་དང་ཉེ་འདུ་བཤད་པ་ནི། པྲེ་ཏ་ནས། ཉེ་འདུར་གསུངས། ཞེས་གསུངས་ཏེ། རྩ་ཤིན་ཏུ་གཟུགས་ཅན་མ་ནི་ཕྱི་རོལ་དུ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་མ་མཚོན་པ་སྟེ། མཚན་མ་ལ་གནས་ཤིང་དུས་རྟག་ཏུ་རྣག་ནི་འབབ་པ་ཡིན་ནོ། །རྩ་ཐུན་མོང་མའམ་སྤྱི་མ་ནི་གྲྀ་ཧ་དེ་བར་རིན་ཆེན་རྡོ་རྗེ་དང་དུང་སྐྱེས་མ་སྟེ་བཤང་ལམ་དུ་གནས་ཤིང་བད་ཀན་འབབ་པར་བྱེད་པའོ། །ཕྱི་རོལ་གྱི་ཡུལ་དེ་གཉིས་སུ་མཁའ་འགྲོ་མ་རྣམས་ཚོགས་འཁོར་ལ་འདུ་ཞིང་། ནང་དུ་རྩ་དེ་གཉིས་སུ་དྭངས་སྙིགས་ཀྱི་ཁམས་འདུ་བས་ཕྱི་ནང་གི་འདུ་བར་གསུངས་སོ། །རྩ་རྒྱུ་སྦྱིན་མ་ནི་སཽར་ཥྚར་རྟ་མགྲིན་མ་དང་ཆང་ཚོང་མ་སྟེ་བརླ་ཟུར་ལ་གནས་ཤིང་ཁྲག་གི་ནུས་པ་སྐྱེད་པར་བྱེད་དོ། །རྩ་སྦྱོར་བྲལ་མ་ནི་ཡུལ་སུ་ཝརྑ་དྭཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་བྱིན་པ་ལ་གནས་ཤིང་དུས་རྟག་ཏུ་རྡུལ་ནི་འབབ་པར་བྱེད་དོ། །ཡུལ་དེ་གཉིས་སུ་མཁའ་འགྲོ་མ་རྣམས་རེས་འགའ་ཚོགས་འཁོར་ལ་འདུ་ཤིང་རྩ་དེ་གཉིས་སུ་དྭངས་སྙིགས་ཀྱི་ཁམས་རེས་འགའ་འདུ་བས་ཕྱི་ནང་གི་ཉེ་བའི་འདུ་བར་གསུངས་སོ། །ལྔ་པ་དུར་ཁྲོད་དང་ཉེ་ཁྲོད་བཤད་པ་ནི། སྡུ་གུ་ནས། ཉེ་བའོ། །ཞེས་གསུངས་ཏེ། རྩ་སྡུ་ཞེས་བྱ་བ་ནི། ཡུལ་ན་ག་རར་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་སྟེ་རྐང་པའི་སོར་མོ་ལ་གནས་ཤིང་ཚིལ་ནི་འབབ་པར་བྱེད་པ་ཡིན་ལ་རྩ་གྲུབ་མ་ཞེས་བྱ་བ་ནི་ཡུལ་སིནྡྷུ་ར་པདྨ་གར་དབང་དང་སྟོབས་ཆེན་མོར་བརྗོད་དེ་རྐང་པའི་བོལ་ལ་གནས་ཤིང་མཆི་མ་སྐྱེད་པར་བྱེད་པ་ཡིན་ནོ། །ཡུལ་དེ་གཉིས་སུ་སྙིགས་མའི་ཁམས་འདོར་བ་དང་རྣམ་རྟོག་གཅོད་པར་བྱེད་ལ་རྩ་དེ་གཉིས་ལ་བདེ་བ་མེད་པས་ན་ཕྱི་ནང་གི་དུར་ཁྲོད་དོ། །རྩ་འཚེད་མ་ནི་ཡུལ་མ་རུར་རྣམ་པར་སྣང་བྱེད་དང་འཁོར་ལོས་སྒྱུར་མ་ཞེས་བྱ་སྟེ་རྐང་བའི་མཐེ་བོང་ལ་གནས་ཤིང་ལུད་པ་དང་མཆིལ་མ་སྐྱེད་ཅིང་འབབ་ལ། རྩ་ཡིད་བཟང་མ་ནི་ཡུལ་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་ཆེན་མ་སྟེ་པུས་མོའི་གཉེན་གོང་དུ་གནས་ཤིང་རྟག་ཏུ་སྣ་ཆུ་འབབ་པ་ཡིན་ནོ། །ཡུལ་དེ་གཉིས་སུ་སྙིགས་མའི་ཁམས་རེས་འདོར་ཞིང་རྣམ་རྟོག་རེས་འགའ་གཅོད་ལ། རྩ་དེ་གཉིས་སུ་རེས་འགའ་བདེ་བ་མེད་པས་ཉེ་བའི་དུར་ཁྲོད་དོ། །དེ་བརྒྱད་ནི་སྐུའི་འཁོར་ལོའི་དཔའ་བོ་དང་རྣལ་འབྱོར་མའོ། །དེ་ལྟར་རྩ་ཉེར་བཞི་དང་གནས་སྦྱར་པ་ནི་རྣལ་འབྱོར་མ་ཀུན་སྤྱོད་དང་སཾ་བུ་ཊི་ལས་འབྱུང་ཞིང་ལུས་དང་གནས་སྦྱར་བ་ནི་རྡོ་རྗེ་ཕྲེང་བ་ལས་འབྱུང་ངོ་། །འདིར་དྭགས་རམ་པས། གནས་ལ་སོགས་པ་ས་བཅུ་གཉིས་དང་སྦྱར་ནས་ལམ་བགྲོད་ཚུལ་དྲི་མེད་འོད་ཀྱི་དགོངས་པ་ལྟར་དང་། རྩ་རི་ཏྲ་དང་གངས་ཅན་སོགས་ཕྱི་རོལ་གྱི་གནས་བཤད་པ་ལས་འཕྲོས་ནས་ལུང་རིགས་ཀྱི་དགག་སྒྱུབ་ཤིན་ཏུ་རྒྱས་པར་མཛད་དོ། །ལྔ་པ་དཀར་ཆའི་འཕོ་བའི་རིམ་པ་དང་བཅས་པ་བཤད་པ་ལ་གཉིས། ཁམས་བདུན་ཅུ་རྩ་གཉིས་པའི་འགྱུར་ཚུལ་སྤྱིར་བསྟན་པ་དང་། ཐིག་ལེའི་དྭངས་མའི་འཕོ་བ་ཁྱད་པར་དུ་བཤད་པའོ། །དང་པོ་ལ་གཉིས། ཁམས་བདུན་ཅུ་གཉིས་ཀྱི་འགྱུར་ཚུལ་དང་། ཁམས་བདུན་ཁྲི་ཉིས་སྟོང་ད་ལྟ་གནས་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་ནས། རླུང་ཁྲག་འདྲེས། ཞེས་གསུངས་ཏེ། དེ་ལྟར་རྩ་ཆེན་ཉེར་བཞིར་འབབ་པའི་ཁམས་ནི་ཉི་ཤུ་རྩ་བཞི་པོ་རེ་རེ་ལ་ཐིམ་ལོངས་སྤྱོད་བདག་པོ་གསུམ་གསུམ་དུ་ཕྱེ་བས་བདུན་ཅུ་རྩ་གཉིས་སུ་འགྱུར་ཏེ། ཐིམ་པ་ནི་བྱ་བ་རྫོགས་ནས་སྙིགས་མར་གྱུར་པ་འདབ་པའི་ཆ་ཡིན་ཏེ། ལོངས་སྤྱོད་པ་ནི་ཁམས་ཀྱི་དྭངས་མ་ལས་བྱེད་བཞིན་པ་གཙོ་བོར་དཀར་ཆ་ད་ལྟར་བ་ཡིན་ལ། དེ་སྐྱེད་པར་བྱེད་པའི་བདག་པོ་ནི་དྭངས་སྙིགས་གཉིས་ཀའི་རྩ་བ་སྟེ་རྒྱུ་ཡིན་པས་རླུང་ཁྲག་འདྲེས་པ་མ་འོངས་པའི་ཆ་ཡིན་ནོ། །གཉིས་པ་ནི། རེ་རེའང་ནས། ཀུན་ཏུ་ཁྱབ། ཅེས་གསུངས་ཏེ། ཁམས་ཉི་ཤུ་རྩ་བཞི་པོ་རེ་རེའང་སྟོང་ཕྲག་གསུམ་གསུམ་དུ་ཕྱེ་བས་བདུན་ཁྲི་ཉིས་སྟོང་ནི། ཐིམ་པ་རླུང་གཙོ་བོར་གྱུར་པ་སྟོང་ཕྲག་ཉེར་བཞི་དང་ལོངས་སྤྱོད་པ་དཀར་ཆ་གཙོ་བོར་གྱུར་པ་སྟོང་ཕྲག་ཉེར་བཞི། བདག་པོ་དམར་ཆ་གཙོ་བོར་གྱུར་པ་སྟོང་ཕྲག་ཉེར་བཞི་སྟེ་ཟླ་ཉི་སྒྲ་གཅན་གྱི་ཁམས་གསུམ་གྱི་བདག་ཉིད་ཡིན་ལ། དེ་ནི་བྱེ་བ་ཕྲག་ཕྱེད་བཞིའི་གྲངས་དང་ལྡན་པའི་ལུས་ཀྱི་བ་སྤུའི་མཐར་ཐུག་པའི་རྩ་གནས་ཀུན་ཏུ་ཁྱབ་པར་སྟོད་འགྲེལ་ལས་གསུངས་སོ། །གཉིས་པ་ཐིག་ལེའི་དྭངས་མའི་འཕོ་བ་ཁྱད་པར་དུ་བཤད་པ་ལ་གཉིས། འཕོ་བའི་རིམ་པ་དང་། འཕོས་པའི་བྱེད་ལས་སོ། །དང་པོ་ནི། ཁྱད་པར་ནས། འཛག་པར་བྱེད། ཅེས་གསུངས་ཏེ། ཁམས་བདུན་ཁྲི་ཉིས་སྟོང་སོགས་ལས་ཁྱད་པར་དུ་དཀར་ཆའི་དྭངས་མ་བྱང་ཆུབ་ཀྱི་སེམས་ཟླ་བ་བཟང་པོ་ནི་སྤྱི་བོའི་རྩ་འདབ་མ་བཅུ་དྲུག་པའི་རྩ་ནས་ནི། ས་ཆུ་མེ་རླུང་རྩ་བའི་ཁམས་བཞི་པོ་རེ་རེ་བཞིན་སའི་ས། སའི་ཆུ་སའི་མེ་སའི་རླུང་ཞེས་སོགས་འབྱུང་ཆུང་གི་དབྱེ་བས་བཞི་བཞིར་ཕྱེ་བའི་རྩ་འདབ་བཅུ་དྲུག་དང་ལྡན་པ་ལས་ཐིག་ལེ་ཡང་ཐབས་ཤེས་གཉིས་རེ་རིམ་པར་བསྡམས་པས་ཆ་བཅུ་དྲུག་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་འབབས་ལ། བདེ་བ་ཆེན་པོ་སྨིན་པས་གྲངས་ཇེ་ཉུང་ལ་སོ་ནས་བཅུ་དྲུག་པོ་དེའི་ཕྱེད་ཆ་བརྒྱད་དུ་གྱུར་པ་སྙིང་གར་འབབ། བརྒྱད་པོ་དེའི་ཕྱེད་ཆ། བཞིར་གྱུར་པ་ལྟེ་བའི་འཁོར་ལོའི་མཚམས་ཀྱི་རྩ་བཞིར་འབབས། དེ་ནས་ཐིག་ལེ་ཅན་ཏེ་གཅིག་ཏུ་གྱུར་པ་ནི་དམར་ཆའི་དྭངས་མ་ཨ་ཤད་ཀྱི་མེ་ལ་འབབ་པས་ན། རྩ་དུང་ཅན་མར་ཇི་ཙམ་གནས་ཀྱི་རང་ལ་ཟླ་བ་ཡར་ངོ་ཡོངས་སུ་རྫོགས་པ་བཅུ་དྲུག་པའི་ཆར་འགྱུར་ཏེ། དེ་ལྟར་བདེ་བ་ཆེན་པོ་ཡོངས་སུ་རྫོགས་པ་དེའི་མཐར་ནི་འཆི་བར་མི་ནུས་པ་ལ་ཕྱི་རོལ་དུ་འཛག་པར་བྱེད་དོ། །འདི་ལ་བརྟེན་ནས་ལུས་ཀྱི་ཕྱི་རོལ་གྱི་ཚིགས་ཐམས་ཅད་དུ་ཡང་ཚེས་ཀྱི་བདག་ཉིད་ཀྱི་ཁམས་ཀྱི་འཕོ་བ་ཞེས་ད་ལྟ་བླ་གནས་སུ་གྲགས་པ། ཡང་ངོ་ལ་དཀར་ཆ་འཕེལ་བ་དང་། མར་ངོ་ལ་དམར་ཆ་འགྲིབ་པའི་རིམ་པས་འཕོ་བའི་ཚུལ་དུས་འཁོར་གྱི་རྒྱུད་ལས་རྒྱས་པར་གསུངས་པ་ལྟར་རྩིས་ཀྱི་བསྟན་བཅོས་རྣམས་ལས་ཀྱང་འབྱུང་ཞིང་། སྨན་གྱི་བསྟན་བཅོས་ལས་ཀུན་ཏུ་འཁྱམས་པ་བླ་གནས་ཀྱི་རྩ་ཞེས་པ་དེའང་འདི་དང་ཆ་མཐུན་པར་བཤད་དོ། །གཉིས་པ་ནི། ལུས་ཅན་ནས། གཞིར་འགྱུར་རོ། །ཞེས་གསུངས་ཏེ། དེ་ལྟར་འཛག་པར་བྱེད་པ་འདིས་ནི་དུག་གསུམ་གྱི་ཉོན་མོངས་པ་སྐྱེད་པར་བྱེད་དེ་ཁམས་འཕོ་ཁར་ཐིག་ལེ་འཕེལ་བས་ལུས་ཅན་རྣམས་ཀྱི་སྙིང་དགའ་བར་བྱེད་པས་ན་ཐོག་མར་འདོད་ཆགས་སྐྱེད་ཅིང་། ཆགས་པའི་དབང་གིས་རྒྱུད་རྨོངས་པར་བྱས་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་མ་ཤེས་པས་གཏི་མུག་བསྐྱེད་ནས། འཛགས་པ་ན་ཆགས་པ་དང་བྲལ་ཏེ་ཞེ་སྡང་བའི་སེམས་སྐྱེ་པར་བྱེད་དེ། དེ་ལྟར་དུག་གསུམ་གྱི་དབང་གིས་འཁོར་བར་འཁོར་བས་ན་འཛག་པ་འདི་ནི་འཁོར་བར་བསྐྱེད་པར་བྱེད་པའི་གཞིར་གྱུར་པ་སྟེ། མཆོག་མི་འགྱུར་ལས་འཛག་བདེ་འཁོར་བའི་རྩ་བར་གསུངས་པ་དང་དོན་གཅིག་གོ །བཞི་པ་གཉེན་པོའི་ཐིག་ལེ་འཆིང་བའི་རིམ་པ་ལ་གསུམ། གང་གིས་འཆིང་བ། འཆིང་བའི་རིམ་པ། བཅིངས་པའི་འབྲས་བུའོ། །དང་པོ་ནི། རྒྱལ་བ་ནས། མེས་བཅིངས་ན། ཞེས་གསུངས་ཏེ། བྱང་ཆུབ་སེམས་འཕོས་པ་ལས་གཉིས་སྣང་དུ་མཆེད་ནས་འཁོར་བར་འཁོར་ལ། འཕོ་མེད་དུ་བཅིངས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་ཏེ་མྱང་འདས་སུ་འགྲོ་བས་འཕོ་མེད་དུ་འཆིངས་བའི་ཐབས་ལ་འབད་དགོས་ཤིང་། དེའང་རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པའི་ཐབས་ཁྱད་པར་ཅན་འཆད་འགྱུར་དང་ལྡན་པས་ཁམས་འཛག་བྲལ་ཏུ་འཆིང་བར་ནུས་པ་དཔེར་ན། དངུལ་ཆུ་བཀྲུ་བ་དང་བཙོ་བ་ལ་སོགས་པའི་སྦྱོར་བ་དང་ལྡན་པའི་མེས་བཅིངས་ན་ལེགས་པར་འཆིངས་ནུས་པ་བཞིན་ཏུ། ལས་རྒྱ་དང་ཆོས་སམ་ཡེ་རྒྱ་དང་ཕྱག་རྒྱ་ཆེན་པོ་གསུམ་གྱི་མེས་ཁམས་འཛག་བྲལ་དུ་བཅིངས་ན་འོག་ཏུ་འབྱུང་བའི་ནང་གིས་ལམ་བགྲོད་པར་འགྱུར་ཏེ། ན་ཞེས་པ་ཚིག་ཕྱི་མ་འདྲེན་པའི་སྒྲའོ། །ཕྱག་རྒྱ་གསུམ་གྱི་དང་པོ་ལས་རྒྱ་ལའང་། སྔགས་སྐྱེས། ཞིང་སྐྱེས། རིགས་སྐྱེས་གསུམ་ལས། དང་པོ་ནི། རང་དང་ཡོན་ཏན་མཉམ་པའི་ཕྱག་རྒྱ་མཚན་ལྡན་སྔགས་བསྒྲུབས་པའི་སྟོབས་ཀྱིས་གྲུབ་པའོ། །གཉིས་པ་ནི། ཡུལ་སུམ་ཅུ་རྩ་གཉིས་ཀྱི་ཞིང་ལས་སྐྱེས་པའི་དཔའ་མོའི་རིགས་སོ། །གསུམ་པ་ནི། རིགས་ལྔའི་ཁ་དོག་དང་ཕྱག་མཚན་ཅི་རིགས་པའི་རྟགས་ཅན་ནོ། །ཡེ་རྒྱ་ནི། ཡི་དམ་ཡབ་ཡུམ་དུ་བསྒོམས་པ་ལྟ་བུས་སྙོམས་པར་འཇུག་པ་སྟེ། དོན་ལ་མེད་བཞིན་ཏུ་རྟོག་པས་ཀུན་བཏགས་པ་ཡིད་ཀྱི་རིག་མའོ། །ཕྱག་ཆེན་ནམ་ཕྱག་རྒྱ་བཟང་མོ་ནི། གཞན་ལུས་དང་ཡིད་ཀྱི་རིག་མ་གང་ཡང་མིན་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དོ། །ཐབས་དེས་འཆིང་ནུས་པ་དང་བཅིངས་ན་མཆོག་ཏུ་འགྱུར་བའི་དཔེ་ནི། དངུལ་ཆུ་མེ་དང་འཕྲད་ན་འཕྲད་མ་ཐག་འབྲོས་ཀྱང་རྫས་ཁྱད་པར་ཅན་དང་སྦྱར་ན་མེ་ཉིད་ཀྱིས་འཆིང་ནུས་པ་བཞིན་རྡོ་རྗེ་པདྨ་ལ་རེག་ན་ཁམས་འཛག་ཀྱང་ཐབས་ཁྱད་པར་ཅན་དང་ལྡན་ན་རེག་པ་ཉིད་ཀྱིས་འཆིངས་པ། དངུལ་ཆུ་བཅིངས་ན་ལྕགས་གསེར་དུ་བསྒྱུར་ནུས་པ་ལྟར་ཁམས་བཅིངས་ན་སྙིགས་མའི་ཕུང་ཁམས་སངས་རྒྱས་སུ་བསྒྱུར་ནུས་པའོ། །གཉིས་པ་ལ་གཉིས། མཐོང་ལམ་ཐོབ་བྱེད་ཀྱི་རིམ་པ་དང་སྒོམ་ལམ་བགྲོད་བྱེད་ཀྱི་རིམ་པའོ། །དང་པོ་ནི། རྒྱལ་མཚན་ནས་དོན་ལ་སྦྱོར་ཅེས་གསུངས་ཏེ། སོར་བསམ་དང་། སྲོག་རྩོལ་སྦྱངས་ནས་འཛིན་པའི་སྐབས་སུ་རྒྱལ་མཚན་ཏེ་རྡོ་རྗེ་ནོར་བུའི་རྩ་བཞི་འཕོ་མེད་ཀྱི་རྟེན་དུ་དག་པར་བྱས་ནས་བྱང་སེམས་སྐ་བ་དང་སླ་བ་མི་འཛག་ཅིང་དུས་སྦྱོར་གཅིག་གི་རླུང་འགགས་པས་བདེན་པ་མཐོང་བའི་དོན་ལ་དངོས་སུ་སྦྱོར་ཞིང་འཛིན་པའི་ཡན་ལག་རྫོགས་པས་མོས་སྤྱོད་མཐར་ཕྱིན་ཏེ་འཕགས་པའི་ས་དང་པོ་མཐོང་ལམ་ཐོབ་པར་བྱེད་དོ། །གཉིས་པ་ནི། རྗེས་དྲན་ནས། ཐོབ་བྱེད། ཅེས་གསུངས་ཏེ། དེའི་རྗེས་སུ་སྒོམ་ལམ་གྱི་མཚན་ཉིད་ཅན་རྗེས་དྲན་གྱི་ཡན་ལགས་སྦྱངས་ཏེ། ཕར་ཕྱིན་བཅུ་དཀོན་མཆོག་གསུམ་ཚུལ་ཁྲིམས་གཏོང་བ་ལྷ་རྗེས་དྲན་ཏེ་རྗེས་དྲན་བཅུ་དྲུག་གམ་དགའ་བ་བཅུ་དྲུག་རྗེས་སུ་དྲན་པ་དང་ལྡན་པས་ཐིག་ལེ་མི་འཕོ་བ་བརྟན་པར་བྱས་པས་ཏིང་ངེ་འཛིན་གྱི་སྐབས་སུ་རང་གི་ངང་གི་གྱེན་ལ་འགྲོ་ཞིང་། དེ་ལྟར་སོང་བས་ས་ནི་བཅུ་གཉིས་རིམ་པ་ལྟར་ཐོབ་པར་བྱེད་དེ། ནོར་བུ་ནས་སྤྱི་གཙུག་གི་བར་ལ་ལས་རླུང་སོགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་འགགས་ནས་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་མ་སོགས་གྲངས་དེ་སྙེད་རེ་འཕེལ་ཏེ་ས་བཅུ་གཉིས་བགྲོད་ནས་སངས་རྒྱ་བར་འགྱུར་ཏེ། ནོར་བུར་མོས་སྤྱོད་ཀྱི་ས་དང་གསང་འཁོར་ནས་སྤྱི་བོའི་བར་འཁོར་ལོ་ལྔ་ལས་གཉིས་གཉིས་ཏེ་བྱང་འཕགས་ཀྱི་ས་བཅུ་དང་གཙུག་ཏོར་དུ་སངས་རྒྱས་ཀྱི་ས་ཐོབ་པར་བྱེད་པས་སོ། །གསུམ་པ་འབྲས་བུ་ལ་གཉིས། གནས་སྐབས་ཀྱི་འབྲས་བུ་དང་། མཐར་ཐུག་གི་འབྲས་བུའོ། །དང་པོ་ནི། དགའ་བ་ནས། བཅུ་གཉིས་དག །ཅེས་གསུངས་ཏེ། དེ་ལྟར་བྱང་ཆུབ་ཀྱི་སེམས་བཅིངས་པས་ཁམས་གྱེན་ལ་ལོག་པའི་དབང་ལས་མས་བརྟན་པའི་དགའ་བ་བཅུ་དྲུག་པོ་དེ་ནི་མཐར་གཙུག་ཏོར་དུ་སོན་པར་བྱེད་ཅིང་ཁམས་དང་ལྷན་ཅིག་ཏུ་དུག་གསུམ་གྱི་རྣམ་རྟོག་ཀྱང་འཆིངས་ཏེ་ཡེ་ཤེས་སུ་དག་པས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི་ལུགས་བཟློག་ཏུ་འགགས་ཤིང་དག་པར་བྱེད་དོ། །དགའ་བ་བཅུ་དྲུག་ནི། བྱང་སེམས་བཅིངས་པ་ལས་བྱུང་བའི་དགའ་བ་བཞི་ལ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དགའ་བ་བཞིར་ཕྱེ་བས། སྤྱི་བོར་དགའ་བའི་དགའ་བ། དགའ་བའི་མཆོག་དགའ། དགའ་བའི་ཁྱད་དགའ། དགའ་བའི་ལྷན་ཅིག་སྐྱེས་དགའ་རྣམས་ཉམས་སུ་མྱོང་བ་ནི་སྐུའི་དགའ་བ་བཞི་དང་། དེ་བཞིན་ཏུ་མགྲིན་པར་མཆོག་དགའི་དགའ་བ་སོགས་བཞི་ནི་གསུང་གི་དགའ་བ་བཞི་དང་། སྙིང་གར་ཁྱད་དགའི་དགའ་བ་སོགས་བཞི་ནི་ཐུགས་ཀྱི་དགའ་བ་བཞི་དང་། ལྟེ་བ་ལྷན་ཅིག་སྐྱེས་དགའི་དགའ་བ་སོགས་བཞི་ནི་ཡེ་ཤེས་ཀྱི་དགའ་བ་བཞི་སྟེ་བཅུ་དྲུག་གོ །དེས་ན་དགའ་བ་སྟེ་སྙིང་རྗེ་ཆེན་པོ་བཅུ་དྲུག་དང་། སྟོང་པ་ཉིད་བཅུ་དྲུག་དབྱེར་མེད་དུ་ཉམས་སུ་བླངས་པས་གསང་གནས་ནས་མས་བརྟན་པས་རྩ་རླུང་ཐིག་ལེ་དང་རྟེན་འབྲེལ་བཅུ་གཉིས་དག་པའི་ཚུལ་དྲི་མེད་འོད་ལས་རྒྱས་པར་གསུངས་སོ། །གཉིས་པ་ནི། ལུས་ཀུན་ནས། གཟིགས་པས་གསུངས། ཞེས་གསུངས་ཏེ། གཞིའི་སྐབས་སུ་ཁམས་དཀར་པོའི་ཆ་བཅུ་དྲུག་ལ་ཐབས་ཤེས་སུ་དབྱེ་བས་མཚན་སོ་གཉིས་དང་། དམར་པོའི་གཞི་ཀཱ་ལི་བཞི་བཅུ་ལ་ཐབས་ཤེས་སུ་དབྱེ་བས་དཔེ་བྱད་བརྒྱད་ཅུར་བཤད་པས་དེ་ཉིད་སྒྲིབ་པ་དང་བྲལ་བས་ལུས་ཀུན་ལ་མཚན་བཟང་པོ་སོ་གཉིས་དང་དཔེ་བྱར་བཟང་པོ་བརྒྱད་ཅུའི་མེ་ཏོག་རྒྱས་པས་མཛེས་པའི་གཞན་དོན་གཟུགས་ཀྱི་སྐུ། སངས་རྒྱས་ཀྱི་སྐུ་རྡོ་རྗེ་སྤྲུལ་པའི་སྐུ། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་སྐད་ཅིག་མ་གཅིག་ལ་ཆོས་ཐམས་ཅད་ཀྱི་དབྱིངས་སུ་མངོན་པར་རྫོགས་པར་བྱང་ཆུབ་པའི་རང་དོན་ཆོས་ཀྱི་སྐུ་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པ་ཐུགས་རྡོ་རྗེ་རྣམས་ཐོབ་པར་འགྱུར་རོ། །ཞེས་བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་གཟིགས་པས་བླ་ན་མེད་པའི་རྒྱུད་སྡེ་བརྟག་གཉིས་སུ་ཡོན་ཏན་དྲུག་ཅུ་རྩ་བཞི་པོ་གཞི་ལ་བཞུགས་པའི་ཚུལ་གསུངས་ལ། དྲི་མེད་འོད་དང་མདོ་སྡེ་རྣམས་ཀྱི་དོན་མངོན་རྟོགས་རྒྱན་དང་རྒྱུད་བླ་མར་གསུངས་པ་ཡིན་ནོ། །ལྔ་པ་ཞར་ལ་སྐྱོན་བསལ་བ་བསྟན་པ་ལ་གསུམ། སྐྱོན་གྱི་གཞི་ངོས་བཟུང་བ། དེས་སྐྱོན་བྱེད་པའི་རྒྱུ་མཚན། སྐྱོན་དེ་སེལ་བའི་ཐབས་སོ། །དང་པོ་ལ་གསུམ། བསྟན། བཤད། བསྡུ་བའོ། དང་པོ་ནི། སྙིགས་མ་སོག་རྐང་པ་གཅིག་སྟེ། ཁམས་གྱི་སྙིགས་མ་ཕལ་ཆེར་གྱི་རླུང་མཁྲིས་བད་ཀན་ལ་སོགས་པའི་ནད་སྐྱེད་པ་ཡིན་ནོ། །གཉིས་པ་ནི། ཀླད་པ་ནས། ཀུན་གྱི་གྲོགས། ཞེས་གསུངས་ཏེ། སྙིགས་མས་ནད་སྐྱེད་པར་བྱེད་པའི་ཚུལ་དེ་ཡང་གང་ཞེ་ན། དཀར་ཆའི་སྙིགས་མས་བསྐྱེད་པ་བད་ཀན་གྱི་ནད་ནི་ཀླད་པ་ལ་བརྟེན་ནས་སྟེང་དུ་གནས་ཀྱང་ངོ་བོ་ས་ཆུའི་རང་བཞིན་ཡིན་པས་མཐུར་ལ་འགྲོ་ཞིང་འོག་ཏུ་དཔྱི་རྐེད་ཀྱི་ནད་ལ་སོགས་པ་འབྱུང་བ་སྟེ། སྒྲ་གཅན་གྱི་སྙིགས་མས་བསྐྱེད་པ་རླུང་གི་ནད་ནི་ལྟེ་བ་དང་གསང་བའི་གནས་ལ་བརྟེན་ནས་འོག་ཏུ་གནས་ཀྱང་ངོ་བོ་རླུང་གི་རང་བཞིན་ཡིན་པས་གྱེན་ལ་འཕྲོ་ཞིང་སྟེང་དུ་མགོ་བོ་འཁོར་བའི་ནད་ལ་སོགས་པ་སྐྱེད་པར་བྱེད་དོ། །དམར་ཆའི་སྙིགས་མས་བསྐྱེད་པ་མཁྲིས་པ་དང་ཁྲག་གི་ནད་ནི་མཆིན་པ་ལ་བརྟེན་ནས་བར་ན་གནས་ཀྱང་མི་བརྟན་པའི་རང་བཞིན་ཡིན་པས་གྲོགས་རླུང་དང་ལྡན་པའི་ཚེ་མེ་བཞིན་ཏུ་གྱེན་ཏུ་འབར་ནས་སྟོད་དུ་ནད་སྐྱེད། གྲོགས་བད་ཀན་དང་ལྡན་པའི་ཚེ་ཆུ་བཞིན་ཏུ་འོག་ཏུ་འགྲོ་བས་སྨད་དུ་ནད་སྐྱེད་པར་བྱེད་དོ། །ནད་གསུམ་པོ་དེ་དག་ཀྱང་དུག་གསུམ་གྱི་རྩ་བ་ཅན་ཡིན་ཏེ། རྒྱུད་གཏི་མུག་དང་ལྡན་པས་བད་ཀན་སྐྱེད་པ་ཡིན་ཏེ། རྒྱུད་ཞེ་སྡང་དང་ལྷན་ཅིག་པ་ཉིད་ཀྱིས་མཁྲིས་པ་སྐྱེད་ལ། རྒྱུད་འདོད་ཆགས་དང་ལྡན་པས་རླུང་སྐྱེད་པས་ན་རླུང་ནད་ཀྱིས་ནི་ནད་ཀུན་གྱི་སྐྱེད་འཕེལ་གྱི་གྲོགས་བྱེད་པ་ཡོད་དོ། །དེ་སྐད་དུ་སློབ་དཔོན་དཔའ་བོས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། རླུང་མཁྲིས་བད་ཀན་སྐྱེད་པའི་རྒྱུ། །ཞེས་གསུངས་སོ། །གསུམ་པ་ནི། ཆུ་མེ་སོགས་རྐང་པ་གཅིག་གསུངས་ཏེ། དེ་ལྟར་ཆུ་དང་མེ་དང་རླུང་གསུམ་གྱིས་ནི་ནད་སྐྱེད་པར་བྱེད་ཅིང་ལུས་འཇིག་པའི་རྒྱུ་ཡིན་ཏེ། འདུ་བ་འཁྲུགས་པའི་རྒྱུའི་གཙོ་བོ་དེ་གསུམ་གྱིས་བྱེད་པས་སོ། །གཉིས་པ་དེས་སྐྱོན་བྱེད་པའི་རྒྱུ་མཚན་ནི། ལུས་ལ་ནས། འཇིག་རྟེན་འཇིག །ཅེས་གསུངས་ཏེ། ཉེས་པ་དེ་གསུམ་གྱིས་ལུས་ལ་འབྱུང་བའི་སྐྱོན་བྱེད་པར་མ་ཟད་སེམས་ལ་ཡང་དགའ་བདེ་རྟོག་དཔྱོད་རྟོག་པ་གཡོ་བས་བསམ་གཏན་གྱི་སྐྱོན་གསུམ་སྐྱེད་པར་བྱེད་དེ། དེའང་ཉི་མའི་སྙིགས་མས་ལུས་ལ་འབྱུང་བའི་སྐྱོན་ཁྲག་མཁྲིས་ཀྱི་ནད་དང་སེམས་ལ་བསམ་གཏན་གྱི་སྐྱོན་རྟོག་དཔྱོད་མེ་ལྟ་བུ་བསྐྱེད། དེ་བཞིན་ཟླ་བའི་སྙིགས་མས་ལུས་ལ་བད་ཀན་གྱི་ནད་དང་སེམས་ལ་དགའ་བདེ་ཆུ་ལྟ་བུ་བསྐྱེད། སྒྲ་གཅན་གྱི་སྙིགས་མས་ལུས་ལ་རླུང་གི་ནད་དང་སེམས་ལ་རྣམ་པར་རྟོག་པ་གཡོ་བ་རླུང་ལྟ་བུ་སྐྱེད་ཅིང་སྐྱོན་གསུམ་པོ་དེའི་རྒྱུ་མཚན་གྱིས་ཕྱི་རོལ་དུ་སྣོད་ཀྱི་འཇིག་རྟེན་འཇིག་པར་བྱེད་དེ། བསམ་གཏན་དང་པོ་དེ་མེས་འཇིག་པའི་རྩེ་མོ་ཡིན་པས་དེ་མན་ཆད་མེས་འཇིག །དེ་བཞིན་དུ་གཉིས་པ་ཆུ་དང་། གསུམ་པ་རླུང་གིས་འཇིག་པའི་རྒྱུ་མཚན་གོ་རིམ་བཞིན་ནང་གི་བསམ་གཏན་གྱི་སྐྱོན་གསུམ་པོ་འདི་དང་ལྡན་པའི་ཕྱིར་རོ། །བསམ་གཏན་བཞི་པ་མེ་ཆུ་རླུང་གསུམ་གྱིས་འཇིག་མི་ནུས་པའི་རྒྱུ་མཚན་སྐྱོན་གསུམ་པོ་དེས་མི་གཡོ་ཡང་མི་རྟག་པས་སྣོད་བཅུད་འབྱུང་འཇིག་མཉམ་པར་བཤད་དོ། །གསུམ་པ་སྐྱོན་དེ་སེལ་བའི་ཐབས་ནི། མཁའ་དང་ནས། གཞོམ་བྱ། ཞེས་གསུངས་ཏེ། ཕྱི་རོལ་དུ་ནམ་མཁས་སྣོད་ཀྱི་རྟེན་དང་ས་གཞིས་ནི་བཅུད་ཀྱི་རྟེན་བྱེད་པ་ལྟར། ནང་གི་ནམ་མཁའ་དང་ས་ཁམས་ཀྱིས་ལུས་སེམས་དེ་གཉིས་ཀྱི་གནས་པའི་རྟེན་བྱེད་ཅིང་ཕྱི་ནང་གི་སྣོད་བཅུད་འཇིག་པའི་སྐྱོན་ནི་དེ་གཉིས་ལ་མེད་པ་ཡིན་ནོ། །དེའི་ཕྱིར་ན། གེགས་སེལ་བ་ལ་མཁས་པས་མཁའ་ས་དེ་གཉིས་ཀྱི་ཡོན་ཏན་གྱི་གནད་ཤེས་པར་བྱས་ནས་ཆུ་མེ་རླུང་གསུམ་པོའི་སྐྱོན་རྣམས་གཞོམ་པར་བྱའོ། དེའི་གནད་ཀྱང་འོག་རླུང་ས་ཁམས་དང་སྟེང་རླུང་མཁའ་ཁམས་ཡིན་པས། འོག་རླུང་བསྐུམ་ན་རླུང་གི་སྐྱོན་དང་སྟེང་རླུང་བཀག་ན་བད་ཀན་ཆུའི་སྐྱོན་དང་གཉིས་ཀ་ཕྱིར་བཏང་ན་མཁྲིས་པ་མེ་ཡི་སྐྱོན་སེལ་བར་བྱེད་དོ། །གསུམ་པ་མཇུག་བསྡུ་བ་ལ་གཉིས། ལེའུ་འདི་ཉིད་གྱི་དོན་བསྡུ་བ་དང་། ལེའུ་གསུམ་གྱི་ཐུན་མོང་བའི་དོན་བསྡུ་བའོ། །དང་པོ་ལ་གཉིས། སྐྱོན་ཡོན་བསྟན་པས་དོན་བསྡུ་བ་དང་། དགོས་པ་བསྟན་པས་དོན་བསྡུ་བའོ། །དང་པོ་ནི། དེ་ལྟར་ནས། གཉེན་པོར་བཤད། ཅེས་གསུངས་ཏེ། དེ་ལྟར་ཁམས་ལྔ་རྫས་ཀྱི་ཐིག་ལེ་དང་ཀུན་བརྟགས་སྔགས་ཀྱི་ཐིག་ལེ་དང་གཞན་དབང་རླུང་གི་ཐིག་ལེ་སྟེ་གཞི་དུས་ཀྱི་ཐིག་ལེ་གསུམ་པོ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་རྟེན་བརྟེན་པར་འབྲེལ་ནས་གཉིས་འཛིན་གྱིས་བསླད་དེ་རང་རིག་པའི་ངོ་བོར་མ་དག་པར་འཛག་པ་ལ་སོགས་པ་དང་བཅས་པས་འཁོར་བའི་ཉེས་པ་སྐྱེས་པའི་གཞིར་གསུངས་པ་ཡིན་ལ། དེ་འཆིང་བར་བྱེད་པ་བླ་མ་དམ་པའི་མན་ངག་གི་ཐབས་ཁྱད་པར་ཅན་གྱིས་ཟིན་པས་འཁོར་བ་འཇོམས་པའི་གཉེན་པོ་བྱེད་པར་ཡང་བཤད་དེ། བརྟག་གཉིས་ལས། སྐྱེ་བོ་མི་ཟད་པ་ཡི་ལས། གང་དང་གང་གིས་འཆིང་འགྱུར་བ། ཐབས་དང་བཅས་ན་དེ་ཉིད་ཀྱིས། སྲིད་པའི་འཆིང་བ་ལས་གྲོལ་འགྱུར། ཞེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་ལ་གཉིས། མཚམས་སྦྱར་བ། རྫས་སྔགས་རླུང་གི་ཐིག་ལེ་བསྒོམ་པའི་དགོས་པའོ། །དང་པོ་ནི། སྒོམ་པར་ནས། སེམས་དཔའ་ཡིས། ཞེས་གསུངས་ཏེ། འཆིང་བྱེད་རྫས་སྔགས་རླུང་གསུམ་པོ་སྦྱང་གཞི་གསུམ་དང་སྦྱར་ནས་བསྒོམ་པར་བྱེད་དགོས་པའི་རྒྱུ་མཚན་ཡང་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཡིས་བཤད་རྒྱུད་རྡོ་རྗེ་ཕྲེང་བར་ལུང་འདི་གསུངས་སོ། །ཞེས་སོ། གཉིས་པ་ནི། ཡུན་རིང་ནས། གསུངས་པ་ཡིན། ཅེས་གསུངས་ཏེ། མི་གང་ཞེས་པ་བར་གྱི་གསལ་བྱེད་ཡིན་པས་ཐིག་ལེ་གསུམ་ཀར་སྦྱར་ཏེ། མི་གང་ཞིག་ཐོག་མ་མེད་པའི་དུས་ཡུན་རིང་པོ་ནས་འདོད་ཆགས་ཆེན་པོའི་དབང་དུ་སོང་བས་འདོད་པ་དང་གཟུགས་གཟུགས་མེད་ཀྱི་སྲིད་པ་གསུམ་དུ་ལས་ཉོན་གྱིས་སྐྱེས་པ་རྣམས་འདོད་ཆགས་རྒྱུ་འབྲས་ལས་དེ་དག་གི་རྒྱུད་རྣམ་པར་གྲོལ་བའི་དོན་དུ་ནི་ཁམས་དཀར་དམར་རྫས་ཀྱི་ཐིག་ལེ་བསྒོམས་པར་གསུངས་པ་ཡིན་ལ། མི་གང་ཞིག་ཞེ་སྡང་ཆེན་པོའི་དབང་དུ་སོང་བས་མི་སྲུན་པའི་ལུས་ཅན་དུ་སྐྱེས་པ་དེ་རྣམས་དུས་མྱུར་དུ་དེ་ལས་རྒྱུད་གྲོལ་བའི་ཆེད་དུ་ཀུན་བརྟགས་སྔགས་ཀྱི་ཐིག་ལེ་བསྒོམ་པའི་རིམ་པ་རྣམས་གསུངས་པ་ཡིན་ཅིང་། མི་གང་ཞིག་གཏི་མུག་ཆེན་པོས་རྒྱུད་ཀུན་ནས་འཁྲུལ་པར་གྱུར་པ་རྣམས་སྲིད་པ་གསུམ་གྱི་སྐྱེ་གནས་ལས་སྐྱོབ་པ་དང་། རི་ལུ་མིག་སྨན་སོགས་དངོས་གྲུབ་ཀྱི་འབྲས་བུ་བརྒྱད་ནི་ཐོབ་པའི་ཕྱིར་དང་། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཡེ་ཤེས་ཀྱི་འབྲས་བུ་ནི། རང་གི་དབང་པོའི་མངོན་སུམ་དུ་སྣང་བའི་ཕྱིར་རླུང་གི་ཐིག་ལེ་བསྒོམ་པར་གསུང་པ་ཡིན་ནོ། །འདིར་དུག་གསུམ་ཀར་ཆེན་པོ་ཞེས་པའི་ཚིགས་སྦྱར་བ་ནི་དུག་གསུམ་ཤིན་ཏུ་རྒྱས་པའི་དོན་ཡིན་གྱི་དུག་གསུམ་བཅོམ་པའི་ཡེ་ཤེས་ལ་ཆགས་ཆེན་སོགས་ཀྱི་སྒྲས་བསྟན་པ་དང་མི་མཚུངས་སོ། །གཉིས་པ་ལེའུ་གསུམ་གྱི་ཐུན་མོང་པའི་དོན་བསྡུ་ནི། དེ་ལྟར་ནས། ལུས་ཞེས་གསུངས། ཞེས་གསུངས་ཏེ། དེ་ལྟར་ལེའུ་གསུམ་དུ་བསྟན་པའི་རྩ་དང་རླུང་དང་ཐིག་ལེ་གསུམ་པོ་ནི། དྲང་དོན་ཏུ་རྩ་ལ་རླུང་བརྟེན་རླུང་ལ་ཐིག་ལེ་བརྟེན་པ་སོགས་དང་ངེས་པའི་དོན་དུ་སེམས་ཀྱི་སྣང་ཆ་ལ་ཤར་བས་ན་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བར་སྣང་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་ཏུ་གྱུར་པས་ན་རྡོ་རྗེའི་ལུས་ཡིན་ནོ་ཞེས་བླ་མེད་ཀྱི་རྒྱུད་སྤྱི་དང་ཁྱད་པར་བརྟག་པ་གཉིས་པ་ལས་གསུངས་ཏེ། བཙུན་མོའི་བྷ་ག་བདེ་ཆེན་ཏུ། །སྟོན་པ་སུམ་ཅུ་སོ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཁུ་བ་ཞེས་བྱའི་རྣམ་པར་གནས། །ཞེས་སོགས་ཚིགས་བཅད་གསུམ་རྐང་པ་དང་བཅས་པས་གཞིའི་དུས་སུ་གཟུགས་སྐུ་གཉིས་ཁུ་བའི་རྣམ་པར་ལུས་ལ་གནས་ཤིང་ཁམས་དང་བདེ་བ་ཕན་ཚུན་ལྟོས་པ་དང་། ལུས་ལ་གནས་པའི་ཟུང་འཇུག་དེ་ཉིད་སངས་རྒྱས་ཀྱི་སྙིང་པོ་ཡིན་པ་དང་། རྒྱས་འགྱུར་གྱི་རིགས་དང་རྡོ་རྗེའི་ལུས་གཅིག་པར་བསྟན་པ་རྗེ་བདུན་པ་ཡབ་སྲས་རྣམས་བཞེད་དོ། །གཉིས་པ་ལེའུའི་མཚན་ནི། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་ཚིག་འགྲེལ་ལས། ཐིག་ལེ་གསུམ་བསྟན་པའི་དུམ་བུ་སྟེ་ལེའུ་ལྔ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་རྡོ་རྗེ་གསུམ་གྱི་རང་བཞིན་རྩ་རླུང་ཐིག་ལེའི་གནས་ལུགས་ལེགས་པར་བཤད་ནས། དེ་གསུམ་གྱི་འདུ་འཕྲོད་ལ་བརྟེན་ནས་གཉིད་མཐུག་ལ་སོགས་པའི་གནས་སྐབས་བཞི་འབྱུང་བ་ཡིན་ལ། དེ་བཞི་ལ་བརྟེན་པའི་རྣམ་ཤེས་དང་ཡེ་ཤེས་འབྲེལ་ཚུལ་མ་ཤེས་ན་དེ་ལ་བརྟེན་པའི་དྲི་མ་སྦྱོང་ཚུལ་མི་ཤེས་ཤིང་། དེ་མ་ཤེས་ན་ཡེ་ཤེས་བཞི་པོ་མངོན་ཏུ་མི་འགྱུར། དེ་མ་གྱུར་པས་སྐུ་བཞི་མངོན་དུ་བྱེད་མི་ནུས་བས་ན་རྩ་རླུང་ཐིག་ལེའི་འོག་དུམ་བུ་དྲུག་པ་གཞི་ལམ་འབྲས་བུ་དང་འབྲེལ་བ་གནས་སྐབས་བཞིའི་རྣམ་ཤེས་དང་ཡེ་ཤེས་ལྔ་ཕྱག་རྒྱ་བཞི་སྐུ་བཞི་སོགས་ཀྱི་གནས་ལུགས་བརྟེན་པར་འབྲེལ་བས་དེ་འཆད་པ་ལ་གཉིས། ལེའུའི་གཞུང་དང་མཚན་ནོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ནས་ནས། བཤད་པར་བྱ། ཞེས་གསུངས་ཏེ། ལེའུ་ལྔ་པ་བཤད་པའི་རྗེས་དེ་ནས། གཞི་ལ་རྣམ་ཤེས་ཚོགས་བརྒྱད་དང་གནས་སྐབས་བཞི་དེའི་རང་བཞིན་ཡེ་ཤེས་སུ་ཡོད་ཚུལ་ལམ་དུ་བྱེད་པའི་ཕྱག་རྒྱ་བཞི། འབྲས་བུ་སྐུ་བཞི་སོགས་འབྲེལ་བའི་ཚུལ་བཤད་པའི་སྒོ་མཐའ་ཡས་པ་མཆིས་ཀྱང་འདིར་མདོར་བསྡུས་ནས་རགས་པ་ཙམ་བཤད་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྤྱིར་བསྟན་པ་དང་། གཉིད་མཐུག་པོའི་གནས་སྐབས། རྨི་ལམ་གྱི། ཆགས་པའི། ཐ་མལ་གྱི་གནས་སྐབས་རྒྱས་པར་བཤད་པའོ། །དང་པོ་ནི། ཐོག་མར་ནས། གནས་སྐབས་ཡིན། ཅེས་གསུངས་ཏེ། ཐོག་མར་ལུས་བསྐྱེད་པའི་ཚུལ་ནི་གོང་དུ་ལེའུ་གཉིས་པར་བཤད་པ་ལྟར་ཡིན་ལ། སྐྱེས་ནས་ད་ལྟ་གནས་པའི་དུས་ནི་གནས་སྐབས་བཞི་ཡིན་ཏེ། རང་ངོ་མ་ཤེས་ཤིང་གཟུང་འཛིན་དུ་ཞེན་པའི་དབང་ལས་ཚོགས་དྲུག་མི་གསལ་བར་ཀུན་གཞི་ལ་བསྡུས་པ་གཉིད་མཐུག་པོའི་གནས་སྐབས་དང་། དེ་ལས་ཡིད་འདུ་བྱེད་པ་དང་བཅས་ཏེ་ལངས་པ་རྨི་ལམ་གྱི་གནས་སྐབས་དང་། འཕོ་བའི་བག་ཆགས་ཉམས་སུ་མྱོང་བ་སྙོམས་འཇུག་གི་གནས་སྐབས་དང་། འཇུག་པའི་ཤེས་པ་གཟུང་འཛིན་གྱི་རྣམ་པར་ལངས་པས་ཚོགས་དྲུག་ཡུལ་ལ་འཇུག་པ་ཐ་མལ་པ་སད་པའི་དུས་ཀྱི་གནས་སྐབས་དང་རྣམ་པ་བཞིའོ། །འདི་བཞི་ནི་དྲི་མས་མ་དག་པའི་སྐུ་བཞིའི་གནས་སྐབས་ཡིན་ནོ། །གཉིས་པ་ལ་གཉིས། དག་མ་དག་གི་ངོ་བོ་དང་། དྲི་མ་ཇི་ལྟར་སྦྱོང་བའི་རིམ་པའོ། །དང་པོ་ནི། དབྱེ་བ་ནས། ངོ་བོ་ཉིད། ཅེས་གསུངས་ཏེ། རྒྱུད་འགྲེལ་རྣམས་ལས་གཞི་ལམ་འབྲས་བུའི་དབྱེ་བ་རྣམ་པ་མང་དུ་བཤད་ཀྱང་། ངེས་དོན་མཐར་ཐུག་དུས་ཀྱི་འཁོར་ལོར་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་བཞི་འགྲོས་སུ་འཆད་པའི་ངེས་པས། རྩ་རྒྱུད་ལས། སད་དང་རྨི་ལམ་གཉིད་མཐུག་དང་། བཞི་པ་དབང་པོ་གཉིས་སྐྱེ་བདེ། ཞེས་གསུངས་པ་ལྟར་གནས་སྐབས་བཞི་ལས་གཉིད་མཐུག་གི་དུས་སུ་ཚོགས་བརྒྱད་ཀྱི་ནང་ནས་ཀུན་གཞིའི་གཙོ་བོར་གྱུར་པ་སྟེ་དེའི་གནས་ནི་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་རྩའི་ནང་དུ་གནས་ཤིང་གཞན་ཚོགས་དྲུག་པོ་རྣམས་རྒྱུ་བ་མི་གསལ་བར་ཀུན་གཞི་ལ་གཅིག་ཏུ་བསྡུས་པའི་ཚུལ་གྱིས་གནས་སོ། །གཉིད་མཐུག་གི་འཁྲུལ་པ་དག་ན་འོད་གསལ་བའི་འབྲས་བུ་མངོན་དུ་བྱེད་པར་འགྱུར་ཏེ། དེ་ནི་ཡེ་ཤེས་ལྔ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་ཀྱང་བྱ་ལ། སྐུ་བཞི་ལས་ཆོས་ཀྱི་སྐུ་ཡིན་ཅིང་། ཆོས་སྐུ་དེ་ནི་སྤྲོས་པ་ཐམས་ཅང་དང་བྲལ་བའི་ངོ་བོ་ཉིད་ཡིན་པས་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་དུའང་འདོད་ལ་དེའི་ཕྱིར་གོང་མ་ལ་ཀྱང་གི་སྒྲ་སྦྱར་བ་ཡིན་ནོ། །གཉིས་པ་དྲི་མ་ཇི་ལྟར་སྦྱོང་བའི་རིམ་པ་ལ་གཉིས། སྦྱང་བྱ་དང་། སྦྱོང་བྱེད་དོ། །དང་པོ་ནི། བགས་ཆགས་ནས། ཅན་ཞེས་བྱ། ཞེས་གསུངས་ཏེ། ཀུན་གཞི་ལ་བག་ཆགས་མ་ལུས་པ་བརྟེན་ཀྱང་དེ་ཉིད་རང་གིས་རང་མི་རིག་ཅེས་པ་ལྟར་དམིགས་རྣམ་མི་གསལ་ཞིང་སེམས་ཡུལ་ལ་འདུ་བྱེད་པའི་བདུན་ཡིད་ཀྱིས་ཀུན་གཞི་གཡོ་བའི་རྐྱེན་ཡོད་པའི་ཕྱིར་ན། གཉིད་མཐུག་གི་འོད་གསལ་དེ་ཉིད་རང་གིས་རང་མ་རིག་པའི་དྲི་མ་ཅན་ཞེས་བྱའོ། །གཉིས་པ་ལ་གཉིས། ཐུན་མོང་པ་དང་། ཐུན་མོང་མ་ཡིན་པའོ། དང་པོ་ནི། གང་ཟག་ནས། གསུམ་ཐོབ་གསུངས། ཞེས་གསུངས་ཏེ། གཟུགས་སོགས་རང་བརྒྱུད་ཀྱི་ཕུང་པོ་ལྔ་ལ་རྟག་པ་དང་། དངོས་པོ་དང་། བདེ་བ་དང་། བདག་ཉིད་དེ་ཕྱིན་ཅི་ལོག་བཞིས་བདག་ཏུ་འཛིན་པ་གང་ཟག་གི་བདག་སྟེ། དེའི་གཉེན་པོར་བདེན་པ་བཞི་ལ་བཅུ་དྲུག་ཏུ་དབྱེ་བའི་ལམ་སྒོམ་པའི་ཤེས་རབ་ཀྱིས་མི་བདེན་པར་རྟོགས་པ་གང་ཟག་གི་བདག་མེད་དང་། དེའི་སྟེང་དུ་ཆོས་ལ་གཟུང་བ་དང་འཛིན་པའི་བདག་གཉིས་སུ་ཡོད་པས་དེ་དག་ཤེས་རབ་ཟབ་མོས་རང་བཞིན་མེད་པར་རྟོགས་པ་ནི་ཆོས་ཀྱི་བདག་མེད་དེ། ཉན་ཐོས་ཀྱིས་གང་ཟག་བདག་མེད་གཅིག་པུ་དང་། རང་རྒྱལ་གྱིས་དེ་སྟེང་ཕྱི་དོན་རང་བཞིན་མེད་པར་ཤེས་པས་ཆོས་ཀྱི་བདག་མེད་ཕྱེད་ཀ་བཅས་བདག་མེད་ཕྱེད་གཉིས་རྟོགས་པ་དང་། བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པས་བདག་མེད་གཉིས་རྫོགས་པར་རྟོགས་པ་ནི། རིམ་པར་གང་ཟག་གསུམ་སོ་སོའི་གཉེན་པོའི་ཤེས་པ་ཡིན་ཏེ། དེ་རྣམས་ཀྱིས་སྦྱངས་ནས་ཐེག་པ་གསུམ་པོ་སོ་སོའི་སློབ་ལམ་གྱི་རྒྱུན་མཐའ་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དྲི་མ་རགས་པ་དང་ཕྲ་བ་གསུམ་པོ་བཅོམ་ནས། དྲི་མས་དག་པའི་བྱང་ཆུབ་གསུམ་པོ་རིམ་བཞིན་འཐོབ་པར་གསུངས་སོ། །དེ་ཉིད་གོ་བདེ་བའི་ཕྱིར། བདག་མེད་གཉིས་དང་། ཐེག་པ་གསུམ་གྱི་གཉེན་པོ་གསུམ་པོ་རིམ་པར་སྦྱར་ན་གང་ཟག་གི་བདག་མེད་གཅིག་པུ་རྟོགས་པའི་ཉན་ཐོས་ཀྱི་གཉེན་པོའི་ཤེས་པ་དེས་ཉོན་མོངས་པའི་སྒྲིབ་པ་སྦྱངས་པས་ཐེག་པ་གསུམ་སོ་སོ་ལས་ཉན་ཐོས་ཀྱི་སློབ་ལམ་གྱི་རྒྱུན་མཐའ་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་དྲི་མ་རྩད་ནས་བཅོམ་པས་དག་པ་གསུམ་ལས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་ལ། བདག་མེད་དེ་དང་ཆོས་ལ་བདག་མེད་ཀྱི་ཕྱོགས་གཅིག་གཟུང་བ་ཆོས་ཀྱི་བདག་མེད་པ་སྟེ། བདག་མེད་ཕྱེད་དང་གཉིས་རྟོགས་པའི་རང་རྒྱལ་གྱི་གཉེན་པོའི་ཤེས་པ་དེས་ཕྱི་དོན་བདེན་འཛིན་གྱི་སྒྲིབ་པ་སྦྱངས་པས་ཐེག་གསུམ་སོ་སོ་ལས་རང་རྒྱལ་གྱི་སློབ་ལམ་གྱི་རྒྱུན་མཐའ་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཕྱི་དོན་བདེན་འཛིན་གྱི་དྲི་མ་བཅོམ་པས་དག་པ་གསུམ་ལས་རང་རྒྱལ་གྱི་བྱང་ཆུབ་ཐོབ་ཅིང་། གང་ཟག་དང་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པ་གཉིས་ཀ་རྟོགས་པའི་བྱང་སེམས་ཀྱི་གཉེན་པོའི་ཤེས་པ་དེས་སྒྲིབ་གཉིས་པག་ཆགས་དང་བཅས་པ་སྦྱངས་པས་ཐེག་པ་གསུམ་སོ་སོ་ལས་བྱང་སེམས་ཀྱི་རྒྱུན་མཐའ་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གནས་ངན་ལེན་གྱི་དྲི་མ་བག་ཆགས་དང་བཅས་པ་བཅོམ་པས་དག་པ་གསུམ་ལས་ཐེག་ཆེན་གྱི་དག་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གསུངས་སོ། །གཉིས་པ་ནི། དེ་ཕྱིར་ནས། རོལ་པར་བྱ། ཞེས་གསུངས་ཏེ། གློ་བུར་བའི་སྒྲིབ་པ་རྣམས་གཉེན་པོའི་སྒོམ་སྟོབས་ཀྱིས་དག་པར་འགྱུར་བ་དེའི་ཕྱིར་ན། ཚེ་གཅིག་ལ་སངས་རྒྱ་བར་འདོད་པས་གསལ་ལ་མི་རྟོགས་པའི་ཉིན་བར་གྱི་འོད་གསལ་ཕྱག་རྒྱ་ཆེན་པོ་དང་། གསལ་ལ་མི་རྟོགས་པའི་མཚན་མོའི་གཉིད་ཀྱི་འོད་གསལ་བསྒོམ་པར་བྱ་སྟེ། ཡང་དག་པའི་ཉེ་ལམ་ནི་འདི་ཁོ་ནའོ། །འོད་གསལ་དེ་གཉིས་བསྒོམ་པའི་ཚུལ་ཡང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དེ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ལ་རོལ་ཞིང་ལོངས་སྤྱོད་པར་བྱའོ། །གཞན་ཡང་ཉིན་མོ་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས་དགའ་བ་བཞིའི་འོད་གསལ་དང་། ལྷན་སྐྱེས་ཀྱི་དགའ་བ་སྒྱུ་མའི་ལྷ་སྐུར་ལྡང་པ་སྒྱུ་ལུས་ཀྱི་འོད་གསལ། མཚན་མོ་གཉིད་མཐུག་དང་རྨི་ལམ་གྱི་འོད་གསལ་རྣམས་ཀྱང་འདིའི་ཁོངས་སུ་བསྡུའོ། །འདིར་ཐམས་ཅད་མཁྱེན་པ་ཆོས་གྲགས་རྒྱ་མཚོས། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་བདེ་བར་གཤེགས་པའི་སྙིང་པོ་དོན་གཅིག་པས། བདེ་སྙིང་ལ་བྲལ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་དངོས་སུ་ལྡན་པ་ནི་རྣམ་ཀུན་མཆོག་ལྡན་དང་། དེ་ཡང་ངོས་བཟུང་དང་མཚན་མར་མ་གྲུབ་པ་ནི་སྟོང་ཉིད་ཀྱི་དོན་དུ་བཞེད་པས་དེའི་ཉམས་ལེན་གསལ་ལ་མི་རྟོག་པ་བསྒོམ་པ་ཉིད་ཕྱག་རྒྱ་ཆེན་པོའི་སྒོམ་དུ་བཞེད་དོ། །གསུམ་པ་རྨི་ལམ་གྱི་གནས་སྐབས་རྒྱས་པར་བཤད་པ་ལ་གསུམ་སྟེ། དག་མ་དག་གི་ངོ་བོ། རྨི་ལམ་གྱི་སྣང་བ་རྒྱས་པར་བཤད་པ། གནད་འཆིང་བ་འབྲས་བུ་དང་བཅས་པའོ། །དང་པོ་ནི། གཉིས་པ་ནས། སྟོང་པར་གནས། ཞེས་གསུངས་ཏེ། གནས་སྐབས་གཉིས་པ་རྨི་ལམ་གྱི་ཤེས་པ་ནི་གཉིད་མཐུག་གི་དུས་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་ཚོགས་བདུན་འཁོར་བཅས་བསྡུས་པ་དེ་ལས་དྲུག་པ་ཡིད་ཤེས་བག་ཆགས་དང་བཅས་པ་ཉོན་མོངས་པ་ཅན་གྱི་ཡིད་སྲོག་རླུང་གིས་བསྐྱེད་ནས་འདུ་བྱེད་པ་དང་བཅས་ཏེ་ལངས་པ་ཡིན་ལ། དེ་རྩ་གནས་རྣམས་སུ་བརྒྱུད་དེ་བདག་འཛིན་གྱིས་དབང་གིས་བཟུང་བ་དང་འཛིན་པ་གཉིས་སུ་སྣང་བའི་རྨི་ལམ་གྱི་འཁྲུལ་པ་སྣ་ཚོགས་སུ་སྐྱེད་པར་བྱེད་པ་ཡིན་ཅིང་། དེའི་འཁྲུལ་པ་དག་ན་སྐུ་བཞི་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། ཡུལ་དབང་རྣམ་ཤེས་གསུམ་གསལ་ལ་མ་འདྲེས་པ་རྡུལ་གྱི་ཆོས་ཉིད་ལས་འདས་པས་སྣང་བ་དང་སྟོང་པ་དབྱེར་མེད་དུ་གནས་ཤིང་། རང་གི་ངོ་བོ་ཡེ་ཤེས་གཉིས་ཀྱི་བདག་ཉིད་དུ་གནས་ཏེ། དྲུག་ཡིད་ཁ་ནང་ལྟའི་ཆ་དག་པས་སོར་རྟོགས་དང་། བདུན་ཡིད་དག་པས་མཉམ་ཉིད་དེ་ཡེ་ཤེས་ལྔ་ལས་དེ་གཉིས་ཀའི་ཆ་ཤས་སོ། །གཉིས་པ་རྨི་ལམ་གྱི་སྣང་བ་རྒྱས་པར་བཤད་པ་ལ་གསུམ། སྤྱིར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། མ་དག་སོགས་རྐང་པ་གཅིག་གསུངས་ཏེ། དེ་ལ་མ་དག་པའི་གནས་སྐབས་ཀྱི་རྨི་ལམ་འཁྲུལ་པའི་སྣང་བར་གཉིས་འཛིན་གྱི་འཁྲུལ་རྟོགས་སྣ་ཚོགས་འབྱུང་བའི་ཚུལ་ཡང་རིམ་བཞིན་འཆད་པར་བྱའོ། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། གནས་ཀྱི་རྐྱེན་གྱིས་རྨི་ལམ་འཆར་ཚུལ་དང་། ཁམས་ཀྱི་རྐྱེན་གྱིས་འཆར་བའི་ཚུལ་ལོ། །དང་པོ་ནི། སྟེང་སོང་ནས། དོགས་ལ་དོགས་སྣང་། ཞེས་གསུངས་ཏེ། དེའང་རྨི་ལམ་ཤར་བའི་རྩ་གནས་དང་ཁམས་ཀྱིས་རྨི་ལམ་མི་འདྲ་བར་བྱེད་པས། རྩ་ལའང་སྟེང་འོག་བར་གསུམ་ཡངས་དོག་སོགས་ཀྱི་འགྱུར་བ་ལས་སྟེང་དུ་ཡིད་སྲོག་རླུང་དང་ལྷན་ཅིག་སོང་ནས་སྤྱི་བོར་ལ་སོགས་པར་རྨི་ལམ་ཤར་ན། ལྷ་ཡུལ་དང་ནམ་མཁར་ཕྱིན་པའི་སྣང་བ་དང་རི་མཐོན་པོ་སོགས་ལ་གྱེན་དུ་འགྲོ་བ་དང་། སྐས་དང་ཤིང་ལ་འཛེག་པ་དང་། མིག་གི་རྩའི་ནང་དུ་སོང་ནས་ཤར་ན་གཟུགས་ཀྱི་རྣམ་པ་གསལ་བར་མཐོང་བ་དང་། དེ་བཞིན་ཏུ་རྣ་བའི་རྩ་ནང་དུ་སོང་ནས་ཤར་ན་སྒྲ་དང་སོགས་པས་སྣར་དྲི་དང་ལྕེར་རོ་དང་ལུས་དབང་གི་གནས་སུ་ཤར་ན་རེག་བྱ་སྟེ་ཡུལ་སོ་སོའི་སྣང་བ་མ་འདྲེས་པར་འཆར་རོ། །དེ་བཞིན་ཏུ། སྙིང་ག་ནས་འོག་ཕྱོགས་སུ་འགྲོ་བའི་རྨི་ལམ་ནི་ལམ་གསུམ་གྱི་དབང་ལས་བཤང་ལམ་དུ་དམྱལ་བ་དང་སོགས་པས་སྲིད་ལམ་དུ་ཡི་དྭགས་དང་ཆུ་ལམ་དུད་འགྲོའི་སྣང་བ་དང་། འོག་ཕྱོགས་སུ་འགྲོ་བ་ཙམ་ལས་མཐུར་དུ་འགྲོ་བ་དང་། བྲག་རོང་དང་ནགས་འཐིབས་པོ་སོགས་སུ་འགྲོ་བ་དང་། མུན་ཁུངས་དང་དངོས་པོ་ཐམས་ཅད་མི་གསལ་བའི་རྣམ་པར་འཆར་བ་ལ་སོགས་པའི་སྣང་བ་འབྱུང་ངོ་། །སྲོག་རླུང་གིས་བསྐྱོད་པའི་ཡིད་སྙིང་ག་སོགས་བར་དུ་ཡོད་པའི་རྩ་གནས་སུ་སོང་ན། སྤྱིར་གླིང་བཞི་སོགས་ས་སྟེང་གི་སྣང་བ་འཆར་ཏེ། བྱེ་བྲག་ཏུ་མདུན་དང་། གཡས་དང་། རྒྱབ་དང་། གཡོན་ཕྱོགས་ཀྱི་རྩ་གནས་སུ་སོང་བ་ལས་རིམ་བཞིན་ཤར་དང་ལྷོ་དང་ནུབ་དང་བྱང་ཕྱོགས་གྱི་སྣང་བ་འབྱུང་ཞིང་། རྩ་གནས་ཡངས་པ་ལ་ཡུལ་ཡངས་པར་སྣང་བ་དང་། རྩ་གནས་དོག་པ་ལ་ཡུལ་ཤིན་ཏུ་དོག་པ་ལ་སོགས་པའི་སྣང་བ་འཆར་རོ། །དེའི་ཕྱིར་གཡས་པ་རོ་མར་རླུང་སེམས་རྒྱུ་བས་འཆི་ལྟས་ཤར་བའི་ཚེ་རྨི་ལམ་དུ་ལྷོ་ཕྱོགས་ན་ཡང་ཡང་ཕྱིན་པའི་སྣང་བ་འབྱུང་བ་དུས་འཁོར་ལས་བཤད་པས་མཚོན་ནོ། །གཉིས་པ་ཁམས་ཀྱི་རྐྱེན་གྱིས་རྨི་ལམ་འཆར་ཚུལ་ལ། བསྟན། བཤད། བསྡུ་གསུམ་ལས། དང་པོ་ནི། དེ་བཞིན་ཏུ་ནས། ཡུལ་དེར་ཡང་། ཞེས་གསུངས་ཏེ། ཡུལ་གྱི་རྐྱེན་གྱིས་རྨི་ལམ་མི་འདྲ་བ་འབྱུང་བ་དེ་བཞིན་ཏུ་ཡུལ་དེ་དང་དེར་ཡང་ཁམས་ཀྱི་རྐྱེན་གྱིས་རྨི་ལམ་དུ་དངོས་པོ་མི་འདྲ་བ་དུ་མ་འབྱུང་སྟེ། རྒྱུད་ལས། སྲོད་ལ་བད་ཀན་ཤས་ཆེ་སྟེ། །ནམ་ཕྱེད་དུས་སུ་མཁྲིས་པར་བརྗོད། །ཐོ་རངས་རླུང་གི་དུས་ཉིད་དེ། །དེ་ཚེ་ཁམས་ཀྱི་རང་བཞིན་གྱིས། །རྨི་ལམ་ཡུལ་དུ་སྣང་བར་འགྱུར། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ནི། རླུང་ལ་ནས། སྣང་བ་སྟེ། ཞེས་གསུངས་ཏེ། རླུང་སེམས་རླུང་གི་གནས་སུ་ཞུགས་པའི་རྨི་ལམ་གྱི་སྡེ་ཚན་ལ། ནེ་སིང་སོགས་རྫས་སྔོན་པོ་དང་གོས་སྔོན་པོ་དང་། སྣག་ཚ་སོགས་རྫས་དང་གོས་ནག་པོ་དང་བྱ་ནག་དང་ནམ་མཁར་འཕུར་བ་དང་རྟ་ཞོན་པ་དང་ནོར་བུ་སྔོན་པོ་དང་རིགས་པ་དྭངས་པའམ་ཡང་ན་རྨི་ལམ་གྱི་དངོས་པོ་རྣམས་མི་བརྟན་ཞིང་འགྱུར་བས་ཡད་ཡུད་བྱེད་པ་དང་རླུང་གིས་ཁྱེར་བ་སོགས་དུ་མ་འཆར་རོ། །མཁྲིས་པ་དང་ཁྲག་གི་གནས་སུ་སོང་བའི་རྨི་ལམ་གྱི་སྡེ་ཚན་ནི། མེ་འབར་བ་དང་ནི། དམར་པོ་དང་སེར་པོ་དང་ས་གཞི་དམར་པོ་དང་སེར་པོ་དང་གསེར་སྣང་བ་དང་བཙུན་པ་སོགས་གོས་དམར་སེར་ཅན་དང་། དེ་བཞིན་དུ་དམར་སེར་གྱི་རིགས་དང་འོད་འཕྲོ་བ་དང་དལ་ཞིང་བརྟན་པ་དང་རིག་པ་ཡང་བཀྲག་པ་སོགས་པ་སྣ་ཚོགས་པ་སྣང་ངོ་། །ཁམས་དཀར་ཆ་བད་ཀན་གྱི་གནས་སུ་རེག་པའི་རྨི་ལམ་གྱི་སྡེ་ཚན་ནི། ཆུ་དང་ཁ་བ་དང་མུ་ཏིག་དང་རྫས་དང་ས་ཕྱོགས་དཀར་པོ་དང་། གོས་དཀར་པོ་དང་བུད་མེད་དང་གླང་པོ་ཆེ་དང་དངུལ་ལ་སོགས་པ་ནོར་བུ་དཀར་པོ་དང་རེག་པའི་བདེ་བ་འདོད་ཆགས་སྤྱད་པ་དང་། རྨི་ལམ་བརྟན་པ་སོགས་དུ་མ་སྣང་བར་འགྱུར་རོ། །སྟེ་ཞེས་པ་ཚིག་ཕྱི་མ་འདྲེན་པའི་ལྷག་བཅས་ཀྱི་སྒྲའོ། །གསུམ་པ་ནི། ཇི་ལྟར་ནས། རྩ་རྒྱུད་གསུངས་ཞེས་གསུངས་ཏེ། རྒྱས་བཤད་ཇི་ལྟ་བ་བཞིན་ཏུ་རྩ་དང་རླུང་དང་ཁམས་བྱང་ཆུབ་ཀྱི་སེམས་ཀྱི་རིམ་པ་དང་རྨི་ལམ་འཆར་གནས་ལ་སོགས་སད་པའི་དུས་ཀྱི་བག་ཆགས་ལ་བརྟེན་ནས་རྨི་ལམ་གྱི་སྣང་བ་སྣ་ཚོགས་འབྱུང་བ་འདི་ནི་རྒྱལ་བ་རྡོ་རྗེ་འཆང་གིས་འཇམ་དཔལ་རྩ་བའི་རྒྱུད་ཀྱི་རྨི་ལམ་དྲི་བའི་སྐབས་སུ་རྒྱས་པར་གསུངས་པ་ཡིན་ནོ། །གསུམ་པ་གནད་འཆིང་བ་འབྲས་བུ་དང་བཅས་པ་ལ་བཞི། རྨི་ལམ་ལ་གནད་དུ་བསྣུན་པའི་དགོས་པ། གནད་འཆིང་ཐབས་དངོས་དག་པའི་རྨི་ལམ་ཡོད་པར་བསྟན་པ། སངས་རྒྱས་ལ་རྨི་ལམ་མེད་པར་བསྟན་པའོ། །དང་པོ་ནི། དེ་ཕྱིར་ནས། བྱེད་པ་ཡིན། ཅེས་གསུངས་ཏེ། བག་ཆགས་ཀྱི་དབང་གིས་རྨི་ལམ་གྱི་སྣང་བ་སྣ་ཚོགས་འཆར་བ་དེའི་ཕྱིར། རྣལ་འབྱོར་པ་རྩ་རླུང་བྱང་ཆུབ་ཀྱི་སེམས་བསྒོམ་ཏེ་ཉམས་སུ་ལེན་པའི་ཚེ་ན། རྨི་ལམ་གྱི་སྣང་བ་གང་དང་གང་ཤར་བ་ན་རྨི་ལམ་བརྟགས་པས་རྩ་དང་རླུང་དང་ཁམས་བྱང་ཆུབ་སེམས་ལ་སོགས་པའི་བག་ཆགས་རྣམས་དག་པའི་ཚེ་རྨི་ལམ་གྱི་སྣང་བ་སྒྱུ་མ་ལྟ་བུ་དང་། མ་དག་པའི་ཚེ་ཉིང་འཁྲུལ་ལ་མངོན་ཞེན་གྱིས་འཇུག་པས། རྩ་རླུང་སོགས་དག་པ་དང་མ་དག་པའི་ཁྱད་པར་རྨི་ལམ་འདི་ལ་བརྟེན་ནས་ཤེས་ཤིང་། རྨི་ལམ་གྱི་སྣང་བ་དང་བར་དོའི་སྣང་བ་ཅུང་ཟད་མཚུངས་པས་བར་དོའི་གདམས་པ་རྣམས་ཀྱི་ཚོད་འཛིན་དང་། འཇིག་རྟེན་ཕྱི་མར་འཕོ་བའི་སྣང་བ་འབྱུང་བའི་ཚེ། རྣམ་ཤེས་ལམ་གང་དུ་འགྲོ་བའི་ཚོད་འཛིན་ཀྱང་རྨི་ལམ་གྱིས་བྱེད་པས་ན་རྨི་ལམ་ལ་གནད་དུ་བསྣུན་པར་གྱིས་ཤིག་ཅེས་གདམས་སོ། །གཉིས་པ་ནི། དེ་ཕྱིར་ནས། འཁོར་བ་སྟེ། ཅེས་གསུངས་ཏེ། རྨི་ལམ་གནད་དུ་བསྣུན་དགོས་པ་དང་རྨི་ལམ་རང་སེམས་ཀྱི་སྣང་བ་ཡིན་པ་དེའི་ཕྱིར་སྣང་བ་གཞལ་ཡས་ཁང་དང་ལྷ་སྐུ་སྒྱུ་མ། གྲགས་པ་སྔགས་སུ་ཤེས་པ་སོགས་སྔགས་ཀྱི་ཐིག་ལེར་གཞིར་བྱས་ནས་ཀུན་བཏགས་རྟོག་པའི་ཡུལ་དེ་ཁོ་ན་ཉིད་སྒྱུ་མ་ལྟ་བུར་སྒོམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་བཅིངས་ཏེ་རྨི་ལམ་གྱི་སྣང་བ་རྣམས་སྒྱུ་མར་སྦྱངས་ནས་ས་ལམ་གཅིག་ཆོད་དུ་རྫོགས་པའི་གདམས་པའོ། །དེ་ལྟ་བུ་ལ་སོགས་པ་རྨི་ལམ་སྦྱོང་བྱེད་དང་བཅས་པའི་རྒྱུ་འབྲས་དུ་མ་མདོ་རྒྱུད་ལས་གསུངས་པ་རྣམས་སྐབས་འདིར་ནི་ཚིགས་མང་དུ་དོགས་ནས་རྒྱས་པར་མ་བསྟན་ཏོ། །ཞེས་གདམས་ངག་གཞན་ལ་ཞལ་འཕངས་པར་མཛད་ཅིང་། བག་ཆགས་ཀྱིས་འཁོར་བར་འཁྲུལ་པ་དེ་ཉིད་གཉིས་ཀྱིས་ཡང་འཁྲུལ་པས་བསྐྱེད་པའི་རྨི་ལམ་ནི་ཉིང་འཁྲུལ་འབའ་ཞིག་ཡིན་པས་འཁོར་བ་ཡིན་ཏེ་སྤང་བར་བྱའོ། །ཞེས་སྤང་བྱ་ཞར་ལ་གདམས་པར་མཛད་དོ། །གསུམ་པ་ནི། མ་འཁྲུལ་ནས། ཁམས་གཟུང་ཕྱིར། ཅེས་གསུངས་ཏེ། ཉོན་མོངས་པའི་བག་ཆགས་དང་མ་འདྲེས་མ་འཁྲུལ་པའི་རྨི་ལམ་ནི། འཁྲུལ་པའི་རྨི་ལམ་གྱི་གཉེན་པོ་ཡིན་ལ། དེ་ཡོད་པའི་རྒྱུ་མཚན་ནི། སེམས་བྱུང་རྣམས་ལས། གཉིད་འགྱོད་རྟོག་དཔྱོད་བཞི་ནི། གཞན་འགྱུར་ཡིན་པས་དགེ་མི་དགེ་ངེས་མ་ངེས་སྤང་བྱ་དང་གཉེན་པོ་ཐམས་ཅད་དུ་འབྱུང་བས་གཉེན་པོར་གྱུར་པའི་གཉིད་ཡོད་ལ། དེ་ཡོད་པས་གཉེན་པོར་གྱུར་པའི་རྨི་ལམ་ཡང་ཡོད་དོ། །ཉིང་འཁྲུལ་དང་མ་འདྲེས་པའི་རྨི་ལམ་གཉེན་པོའི་ཆར་གྱུར་པ་ཡོད་པ་དེའི་ཕྱིར། རྒྱལ་བའི་སྲས་པོ་ས་བཅུ་ལ་གནས་པ་རྣམས་ལ་རྨི་ལམ་མི་འདྲ་བ་ཡོད་པར་བསྟན་པར་མདོ་ལས། བྱང་ཆུབ་སེམས་དཔའི་རྡོ་རྗེ་རབ་འཇོམས་ལ་གསུངས་སོ། །དེ་ལྟར་ན་རྨི་ལམ་ནི་རླུང་མཁྲིས་བད་ཀན་གྱི་ཆས་བསྐྱེད་ལ་དེ་དག་ཀྱང་ཉོན་མོངས་པས་བསྐྱེད་པར་སྔར་བཤད་ཟིན་ན། ས་དང་པོ་ཡན་ཆད་དུ་ཉོན་མོངས་པ་ལས་གྲོལ་བར་བཤད་པས་ས་བཅུ་རྣམས་སུ་རྨི་ལམ་འབྱུང་བར་མི་རིགས་སོ་སྙམ་ན་དེ་ལ་ནི་རྨི་ལམ་གྱི་རྐྱེན་གཞན་ཡོད་དེ་རྨི་ལམ་དེའི་རྒྱུ་ཟག་པ་མེད་པའི་ཁམས་གཟུང་བའི་ཕྱི་དེ་ཡང་མ་རིག་བག་ཆགས་ཀྱི་ས་དང་ཟག་པ་མེད་པའི་ལས་ཀྱི་ས་ཡིད་ཀྱི་རང་བཞིན་གྱི་ལུས་བླངས་ནས་འཁོར་བ་པ་ལྟ་བུར་སྤྱོད་པར་གསུངས་པའི་དོན་ཏེ། རྒྱུད་བླ་ལས། སྐྱེ་འཆི་ན་དང་རྒ་བ་ལས་གྲོལ་ཞིང་། །འདིའི་རང་བཞིན་ཇི་ལྟ་ཉིད་རྟོགས་ཏེ། །སྐྱེ་སོགས་འཕོངས་དང་བྲལ་ཡང་དེ་ཡིས་ནི། །བློ་ལྡན་འགྲོ་ལ་སྙིང་རྗེ་བསྐྱེད་ཕྱིར་འཇུག །ཅེས་སོགས་གསུངས་པ་བཞིན་ནོ། །བཞི་པ་ནི། བཅོམ་ལྡན་ནས། རྐྱེན་བྲལ་ཕྱིར། ཅེས་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་རྨི་ལམ་དང་བྲལ་བ་སྟེ། ཟག་བཅས་ཀྱི་གནས་སྐབས་བཞི་ཟག་མེད་སྐུ་བཞིར་གནས་གྱུར་པས་ཀུན་གཞི་ལ་གནས་པའི་ཡིད་འདུ་བྱེད་ཀྱི་རྐྱེན་དང་བྲལ་བའི་ཕྱིར་རོ། །བཞི་པ་སྙོམས་འཇུག་གི་གནས་སྐབས་བཤད་པ་ལ་བཞི་སྟེ། དག་མ་དག་གི་ངོ་བོ་འཁོར་བ་བསྐྱེད་པའི་ཚུལ། མྱ་ངན་ལས་འདས་པར་འགྲོ་བའི་གོ་རིམ། གནད་འཆིང་བ་དངོས་བཤད་པའོ། །དང་པོ་ནི། སྙོམས་འཇུག་ནས། གནད་དུ་བསྣུན། ཅེས་གསུངས་ཏེ། སེམས་ཅན་རྣམས་ཀྱི་སྙོམས་པར་འཇུག་པའི་ཆགས་པ་དང་བཅས་པས་འགྱུར་བ་དེ་མྱོང་བ་དེའི་ཚེ་ནི་རྣམ་ཤེས་ཇི་ལྟར་གནས་ཤེ་ན་དགའ་བ་བཞིའི་གོ་རིམ་ཇི་ལྟ་བ་བཞིན་ཏུ། དེ་བཞི་ཉམས་སུ་མྱོང་བའི་རྣམ་ཤེས་དང་ལྡན་པ་སྟེ། འདོད་སྲེད་ཀྱི་དང་པོ་སྤྱི་བོའི་འཁོར་ལོར་རྣམ་ཤེས་འདུས་པའི་ཚེ་དེར་གཡོ་བའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་གནས་ཏེ། གཉིས་པ་དགའ་བའི་ཚེ་མགྲིན་པ་དང་གསུམ་པ་མཆོག་དགའི་དུས་ན་སྙིང་ག་ནས་ལྟེ་བར་བབ་ཅིང་། རྣམ་ཤེས་ལྟེ་བར་འདུས་པ་ཡིས་ཨ་ཤད་ཀྱི་མེ་དང་ཧཾ་ལས་བབ་པའི་ཟླ་བ་གཉིས་དབུ་མའི་མར་སྣར་འདྲེས་པའི་ཚེ་ན། རྩ་དུང་ཅན་མའི་ནང་དུ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བར་འགྱུར་རོ། །ལྷན་སྐྱེས་ཡེ་ཤེས་དེ་ནི་སྐད་ཅིག་མ་གཅིག་པའི་ཤེས་པ་ཡིན་ཏེ། དེའི་ངོ་བོ་ནི། ཚོགས་བརྒྱད་པོ་རང་རང་གི་ངོ་བོར་མ་འགགས་པར་སོ་སོར་གསལ་བ། ཉམས་བདེ་བ་ཡིན་པ། ངོ་བོ་མི་རྟོག་པ་སྟེ་ཆོས་གསུམ་ལྡན་རང་གི་ངོ་བོ་ཉོན་མོངས་པའི་དྲི་མ་ཅན་མ་ཡིན་པ་དེའི་ཕྱིར། གཞི་དུས་ཡེ་ཤེས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ལ། དགའ་བ་གཞན་གསུམ་རྣམ་པར་རྟོག་པའི་ཆ་དང་། ལྷན་ཅིག་སྐྱེས་དགའ་ཡེ་ཤེས་ཀྱི་ངོ་བོར་འཆར་ཀྱང་དེ་ངོ་མ་ཤེས་པས་འགགས་པའི་རྗེས་སུ་དགའ་བྲལ་གྱི་དགའ་བ་འཆར་རོ། །དེ་དག་གིས་དགའ་བཞིའི་གོ་རིམ་དང་ལྷན་སྐྱེས་ཡེ་ཤེས་ངོས་བཟུང་བ་སྟེ་མ་དག་པའི་གནས་སྐབས་བསྟན་ནས། དག་པའི་ངོ་བོ་གང་ཞེ་ན། སྙོམས་འཇུག་གི་གནས་སྐབས་སུ་རྨོངས་པའི་སྒྲིབ་པ་དེ་གཉེན་པོས་སྦྱངས་ནས་རྣམ་པར་དག་པ་ན་སྣང་སྲིད་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་ངོ་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། སྐུ་གསུམ་གྱི་རྣམ་རོལ་ཏུ་འཆར་ཏེ། ཚོགས་དྲུག་རང་རང་གི་ངོ་བོ་འགག་པ་མེད་པར་གསལ་ལ་མ་འདྲེས་པ་སྤྲུལ་སྐུའི་རང་བཞིན་དང་འཛག་པ་སྟེ་ཟག་པ་དང་བྲལ་བའི་བདེ་བ་ཆེན་པོ་ལོངས་སྐུ་དང་། ཁྱབ་བྱེད་སྟོང་པ་དང་ལྡན་ལ་རང་བཞིན་གྱིས་འོད་གསལ་བ་ཆོས་སྐུ་སྟེ་སྐུ་གསུམ་གྱི་རོལ་པར་སྣང་བའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་ནི། ཆོས་ཀུན་ལ་ཁྱབ་བྱེད་དུ་འགྲོ་ཞིང་ཆོས་ཀུན་ཀྱང་ལྷན་ཅིག་སྐྱེས་པའི་བདག་ཉིད་ཡིན་པས་བླ་མའི་མན་ངག་དང་ལྡན་པས་གནད་དུ་བསྣུན་ཞིང་བསྒོམ་པར་བྱའོ། །གཉིས་པ་འཁོར་བ་བསྐྱེད་པའི་ཚུལ་ནི། མ་དག་ནས། ཀུན་སྐྱེད་བྱེད། ཅེས་གསུངས་ཏེ། ཇི་སྐད་བཤད་པའི་འཁོར་བ་དེའང་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རང་ངོ་མ་ཤེས་པར་འཁྲུལ་པའི་སྣང་བ་ཙམ་ཡིན་གྱི་རང་གི་མཚན་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་པས། གང་གིས་མ་རིག་ཞེ་ན། གཉིས་འཛིན་གྱི་དྲི་མ་མ་དག་པས་ཡུལ་ཡུལ་ཅན་ཐ་དད་དུ་འཁྲུལ་པའི་སེམས་ཅན་རྣམས་ཀྱིས་མ་རིག གང་མ་རིག་ན། སྐད་ཅིག་མའི་མཚན་ཉིད་ཅན་གྱི་ལྷན་སྐྱེས་བདེ་བ་ཆེན་པོ་དེ་མ་རིག ། ཚུལ་ཇི་ལྟར་མ་རིག་ན། རང་ལ་གནས་པ་དེ་མི་ཤེས་པར་རང་ལས་དོན་གཞན་ཏུ་གཟུང་ནས་ཡུལ་ལ་ཀུན་ཏུ་རྟོག་པའི་ཚུལ་གྱིས་མ་རིག་གོ། དེ་ལྟར་མ་རིག་པ་ལས་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཉམས་ནས་དུག་གསུམ་པོ་ཐམས་ཅད་སྐྱེད་པར་བྱེད་ཅིང་དེའི་དབང་གིས་མི་འདོད་བཞིན་ཏུ་འཁོར་བར་འཁོར་ཞིང་རྒྱུ་བར་སྣང་ངོ་། དུས་འཁོར་སོགས་ལས་འཛག་བདེ་འཁོར་བའི་རྩ་བར་གསུངས་བའི་རྒྱུ་མཚན་ཡང་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ངོ་མ་ཤེས་པའི་དབང་གིས། དུག་གསུམ་བསྐྱེད་ནས་འཁོར་བར་འཁོར་བ་འདི་ཁོ་ན་ཡིན་ལ། ལེའུ་དང་པོར། དེ་ཉིད་རང་གི་རང་མ་རིག །ཅེས་གསུང་པ་དང་། འདིར་སྐད་ཅིག་བདེ་ཆེན་མི་ཤེས་པས། ཤེས་གསུང་པ་ནི་དོན་གཅིག་པ་ཁོ་ན་ཡིན་པས། ཆོས་སྐད་ཐུན་མོང་བར་འཁོར་བའི་རྩ་བ་མ་རིག་པ་ལ་བཤད་པའང་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རང་ངོ་མ་རིག་པ་ལ་འཆད་ན་འདི་དང་དོན་མཐུན་ནོ། །དེ་ལྟར་ལྷན་སྐྱེས་ཡེ་ཤེས་རང་ངོ་མ་ཤེས་པས་འཛག་པ་དང་བཅས་ཏེ་དུག་གསུམ་བསྐྱེད་ནས་འཁོར་བའི་ཚུལ་ཡང་། འདོད་སྲེད་ཀྱི་དང་པོ་དགའ་བ་དང་ལྡན་པ་དེ་ནི་འདོད་ཆགས་ཡིན་ཞིང་བར་དུ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཉམས་སུ་མྱོང་ཡང་མ་རྟོགས་པས་གཏི་མུག་ཏུ་གྱུར་པ་སྟེ། རྗེས་ལ་ཁམས་ཉམས་པས་ཆགས་པ་དང་བྲལ་ཞིང་ཞེ་སྡང་བའི་སེམས་སུ་གྱུར་ཏོ། །དེ་ལས་སླར་ཡང་བདེ་བ་དོད་པས་རང་བདེ་བ་ལ་ཆགས་ཤིང་དེ་གཞན་ལ་གཏོང་མི་ཕོད་པའི་སེར་སྣ་དང་གཞན་ལ་བདེ་བར་མི་འདོད་པའི་ཕྲག་དོག་སོགས་ཉོན་མོངས་པ་ཀུན་སྐྱེད་པར་བྱེད་ཅིང་མི་དགེ་བའི་ལས་ལམ་རྣམས་རྫོགས་པར་སྤྱོད་པ་དེ་ཡིས་ངན་འགྲོ་ལ་སོགས་པ་ཀུན་ཏུ་འཕེན་ཅིང་སྐྱེད་པར་བྱེད་པ་ཡིན་ནོ། །གསུམ་པ་མྱ་ངན་ལས་འདས་པར་འགྲོ་བའི་གོ་རིམ་ལ་གཉིས་ཏེ། རྒྱུའི་ཐེག་པའི་ལམ་གྱི་རིམ་པ་དང་། འབྲས་བུའི་ཐེག་པའོ། །དང་པོ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་ལམ་རིམ་མོ། །དང་པོ་ནི། དེ་ནས་ནས། དབང་གིས་འཁོར། ཅེས་གསུངས་ཏེ། མ་དག་པའི་དབང་གིས་འཁོར་བའི་རྒྱུ་མི་དགེ་སྤྱོད་པ་དེ་ལས་ཅུང་ཟད་ལོག་པར་བྱས་ནས་རང་དང་གཞན་ལ་ཕན་པར་འདོད་པའི་བསམ་པས་སེར་སྣ་དང་ཕྲག་དོག་དང་ཆགས་པ་ལ་སོགས་པའི་སྐྱོན་རྣམས་དོར་ཞིང་སྤང་བར་བྱས་ནས། དེ་དག་གི་གཉེན་པོར་ཟང་ཟིང་གི་སྦྱིན་པ་གཏོང་བ་དང་ལྡན་ཅིང་ཁྲོ་བ་དོར་བ་སྟེ་གཞན་གནོད་སྤོང་བའི་སྒོ་ནས་རང་རྒྱུད་བག་མེད་པ་ལས་ལྡོག་པའི་དགེ་བ་བཅུའི་ཚུལ་ཁྲིམས་བསྲུང་བ་དང་། གནོད་པ་ལ་བཟོད་པ་སྒོམ་པ་དང་ལྡན་ཞིང་འདོད་ཁམས་ཀྱི་བདེ་འགྲོའི་བདེ་བ་འདོད་པས་འདོད་ཁམས་ཀྱི་ལྷ་མི་སོགས་མཐོ་རིས་ཀྱི་གོ་འཕང་འཐོབ་པར་འགྱུར་བ་སྟེ་དེ་ནི་བསོད་ནམས་ཀྱི་ལས་རྒྱུ་འབྲས་སོ། །འདོད་པ་ལ་ཆགས་པའི་སྲེད་པ་བཅད་ནས་བསམ་གཏན་དང་གཟུགས་མེད་ཀྱི་བདེ་བ་འཚོལ་ཞིང་དེའི་སྙོམས་འཇུག་དག་པ་བ་བསྒོམས་པས་གཟུགས་ཁམས་བཅུ་དྲུག་དང་གཟུགས་མེད་བཞི་ཅི་རིགས་པར་སྐྱེ་བ་ལེན་པར་འགྱུར་བ་ནི་མི་གཡོ་བའི་ལས་རྒྱུ་འབྲས་སོ། །ངན་འགྲོ་ལས་ཐར་ནས་མཐོ་རིས་ཐོབ་པ་དེ་ཡང་འཁོར་བར་སྡུག་བསྔལ་བར་འགྱུར་ཏེ། འདོད་པའི་བདེ་བ་ལ་ཆགས་ཤིང་ཞེན་པས་དུག་གསུམ་བསྐྱེད་པར་སྔར་བཤད་པ་ལྟར་བསམ་གཏན་གྱི་རོ་མྱོང་ནས་ཆགས་པ་དང་ལྡན་པས་དུག་གསུམ་འཕེལ་བའི་དབང་གིས་འཁོར་བར་ཟོ་ཆུའི་ཁྱུད་མོ་ལྟར་འཁོར་ཞིང་སྡུག་བསྔལ་བ་ནི་བསོད་ནམས་མ་ཡིན་པའི་ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་ཞར་ལས་བསྟན་པའོ། །གཉིས་པ་ནི། སེམས་སུ་ནས། ཞེས་བརྗོད་དོ། །ཞེས་གསུངས་ཏེ། དེ་ལྟར་ཁམས་གསུམ་དུ་འཛག་པ་ནི་སེམས་འཁྲུལ་པའི་རང་གདངས་སུ་ཤེས་ནས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཁམས་གསུམ་གྱི་རྒྱུར་གྱུར་པའི་ཆགས་སོགས་དམན་ལམ་གྱི་སྤང་བྱ་ཀུན་བརྟགས་རྣམས་མཐོང་ལམ་དང་ལྷན་སྐྱེས་རྣམས་སྒོམ་ལམ་གྱིས་བཅོམ་ནས། མྱ་ངན་ལས་འདས་པ་ཞི་བ་ཕྱོགས་གཅིག་པ་ལ་སྲེད་པས་མྱང་འདས་དེ་ཐོབ་པ་ན་གཞན་དོན་དོར་ཏེ་རང་ཉིད་ཞི་བདེར་གནས་པ་དེ་ནི་ཉན་རང་གི་དགྲ་བཅོམ་པ་ཞེས་བརྗོད་པ་ཡིན་ནོ། །གསུམ་པ་ནི། སྲིད་དང་ནས། སྲེད་སྤངས། ཞེས་གསུངས་ཏེ། ཤེས་རབ་དང་སྙིང་རྗེའི་སྟོབས་ཀྱིས་སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་ཕྱོགས་གཅིག་པ་གཉིས་ཀ་ལ་སྲེད་པ་སྤངས་ཏེ་སེམས་ཅན་གྱི་དོན་དུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཉམས་སུ་ལེན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡིན་ནོ། གཉིས་པ་འབྲས་བུའི་ཐེག་པ་ནི། འཛག་མེད་ནས། གསུངས་པ་ཡིན། ཅེས་གསུངས་ཏེ། རྡོ་རྗེ་ཐེག་པའི་ཉེ་ལམ་ལ་འཇུག་པར་འདོད་པ་རྣམས་ཀྱིས་ནི་རྒྱུའི་ཐེག་པ་ལ་བློ་སྦྱངས་ཏེ། དབང་བཞི་དང་རིམ་པ་གཉིས་ལ་བརྟེན་ནས་ལུས་ཀྱི་འཛག་སྒོ་བཞི་ལས་ཁམས་འཛག་པ་མེད་པར་འཆིང་བ་ལ་དབང་ཐོབ་ཅིང་སེམས་ཀྱི་ཟག་པ་བཞི་སྤངས་པ་ན་འབྲས་བུ་མཐར་ཕྱིན་པར་འགྱུར་བའི་ཚུལ་རྣམས་རྡོ་རྗེ་ཐེག་པར་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལ་ལུས་ཀྱི་འཛག་སྒོ་བཞི་ནི་སྟེང་དུ་ལྕེའུ་ཆུང་དང་འོག་ཏུ་དུང་ཅན་གཉིས་བ་སྤུའི་བུ་ག་དང་དབང་པོ་གཞན་ཡུལ་ལ་ཟག་པ་གསུམ། གཟུགས་མཛེས་པ་དང་ཞེ་སྡང་དྲག་པོ་སྐྱེས་པ་ལྟ་བུ་ཡུལ་རྐྱེན་ཤིན་ཏུ་རགས་པས་འཛག་པ་དང་བཞིའོ། །སེམས་ཀྱི་ཟག་པ་བཞི་ནི། མ་རིག་པ་དང་ལྟ་བ་མ་ཡིན་པའི་འདོད་ཁམས་ཀྱི་ཉོན་མོངས་པ་ལ་འདོད་པ་འདོད་པའི་ཟག་པ་དང་། དེ་གཉིས་མ་གཏོགས་པའི་ཁམས་གོང་གི་ཉོན་མོངས་པ་སྲིད་པའི་ཟག་པ་དང་། ཁམས་གསུམ་གྱི་རྒྱུར་གྱུར་པའི་མ་རིག་པའི་རྟེན་འབྲེལ་ནི་མ་རིག་པའི་ཟག་པ་དང་། ལྟ་བ་ངན་པ་དྲུག་ཅུ་རྩ་གཉིས་ལྟ་བུ་ལྟ་བའི་ཟག་པ་རྣམས་སོ། །དེ་ལ་ཉན་རང་རྣམས་ཀྱིས་འདོད་སྲེད་ཟག་པ་སྤོང་ཞིང་གཞན་གཉིས་སྤོང་བར་མི་ནུས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མ་རིག་པ་དང་ལྟ་བའི་ཟག་པ་ཆེད་དུ་གཉེར་ནས་སྤོང་ཞིང་འདོད་སྲེད་ཀྱི་ཟག་པ་ནི་མི་སྤོང་སྟེ་བསམ་བཞིན་ཏུ་སྲིད་པར་སྐྱེ་བ་ཚད་མེད་པ་འཛིན་པའི་ཕྱིར་རོ། །བཞི་པ་གནད་འཆིང་བ་དངོས་ནི། དགའ་བཞིའི་ནས། མ་བྲིས་སོ། །ཞེས་གསུངས་ཏེ། འཆིང་བར་བྱ་རྒྱུའི་གནད་དགའ་བ་བཞིའི་ངོ་བོ་ནི། མཚོན་བྱེད་དཔེའི་དགའ་བ་བཞི་འཇིག་རྟེན་པའི་མཚན་ཉིད་ཅན་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས། མཚོན་བྱ་དོན་གྱི་དགའ་བཞི་འཇིག་རྟེན་ལས་འདས་པའི་མཚན་ཉིད་ཅན་གྱི་བདེ་བ་རང་རིག་པར་ངོ་འཕྲོད་པའི་ཁྱད་པར་ཡིན་ལ། གོ་རིམ་ནི། དང་པོར་དགའ་བ་མཆོག་དགའ་ཁྱད་དགའ་ལྷན་ཅིག་སྐྱེས་དགའ་རྣམས་ལུགས་འབྱུང་བཟློག་དང་། ནང་གསེས་ཀྱི་དབྱེ་བ་བཅུ་དྲུག་ཏུ་བཤད་པ་དང་། འཛག་པའི་སྐྱོན་དང་བཅིངས་པའི་ཐབས་གོང་དུ་བཤད་པ་ལྟར་དང་། བཅིངས་པའི་ཕན་ཡོན་དང་རྣམ་པར་དག་པ་དང་རྒྱུ་འབྲས་ལུགས་འབྱུང་ལུགས་བཟློག་ཏུ་ཀུན་མདོར་བསྡུས་ཙམ་ཐིག་ལེའི་སྐབས་སུ་བཤད་ཟིན་ལ། རྒྱས་པར་ནི་རྒྱལ་བ་རྡོ་རྗེ་འཆང་གིས་བླ་ན་མེད་པའི་རྒྱུད་སྡེ་ཀུན་ཏུ་གསུངས་པ་དེའི་ཕྱིར་ན། སྙོམས་འཇུག་གི་དྲི་མ་སྦྱོང་བའི་ཐབས་སུ་ལས་ཀྱི་ཕྱག་རྒྱ་བཅིང་བ་གལ་ཆེ་སྟེ། འདིར་ནི་མདོ་ཙམ་ལས་རྒྱས་པར་མ་བྲིས་སོ། །ཞེས་གསུངས་ཏེ་དོན་འདི་མན་ངག་དང་འབྲེལ་བར་སློབ་པར་བྱ་དགོས་པར་བསྟན་ཏོ། །ལྔ་པ་ཐ་མལ་གྱི་གནས་སྐབས་རྒྱས་པར་བཤད་པ་ལ་གསུམ། ངོ་བོ་དང་། དག་པ་དང་། སྤང་གཉེན་འབྲས་བུ་དང་བཅས་པའོ། །དང་པོ་ནི། ཐ་མལ་ནས། ཡང་འདུ་བྱེད། ཅེས་གསུངས་ཏེ། སད་པའི་གནས་སྐབས་ཐ་མལ་པའི་དུས་ཀྱི་ཤེས་པའི་ངོ་བོ་ནི། ཀུན་གཞིའི་རྣམ་ཤེས་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་འདུ་བྱེད་པ་སོགས་སྔར་ལེའུ་དང་པོར་བཤད་པ་བཞིན། རྒྱུའི་རྐྱེན་ལ་སོགས་པ་རྐྱེན་བཞི་ཉེ་བར་སྦྱོར་བས་མིག་ལ་སོགས་པའི་རྣམ་ཤེས་ཚོགས་དྲུག་པོ་རྣམས་བདག་རྐྱེན་དབང་པོ་དྲུག་དང་འབྲེལ་བར་བྱས་ཏེ། གཟུགས་སོགས་ཡུལ་དྲུག་པོ་རྣམས་སུ་སྣང་བའི་རྣམ་པར་འཆར་ཞིང་། དེ་རང་གི་སེམས་ཡིན་པར་མ་ཤེས་པས་ཡུལ་ཡིད་དུ་འོང་བ་ལ་བརྟེན་པའི་ཚོར་བ་བདེ་བ་དང་། ཡིད་དུ་མི་འོང་བ་ལ་བརྟེན་པའི་སྡུག་བསྔལ་དང་། བར་མ་ལ་བརྟེན་པའི་བཏང་སྙོམས་ཀྱི་ཚོར་བ་གསུམ་འབྱུང་ཞིང་། དེ་རྣམས་ཀྱི་རིམ་བཞིན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་པོ་བསྐྱེད་ཅིང་། དེའི་བག་ཆགས་དེ་མ་ཐག་པའི་ཡིད་ཀྱིས་ཁྱེར་ནས་ཀུན་གཞིའི་སྟེང་དུ་བཞག་ཅིང་འདུ་བྱེད་པའི་ལས་དེའི་བག་ཆགས་ལ་བརྟེན་ནས་སླར་ཡང་མངོན་པར་འདུ་བྱེད་པའི་ལས་གསར་དུ་བསགས་ནས་འཁོར་བར་ཡང་ནས་ཡང་དུ་འཁོར་བར་བྱེད་དོ། །གཉིས་པ་ནི། འདི་ཉིད་ནས། བྱ་བ་གྲུབ། ཅེས་གསུངས་ཏེ། ཐ་མལ་གྱི་ཤེས་པ་འདི་ཉིད་སྒྲིབ་པ་རྣམ་པར་དག་པ་ན་ཡེ་ཤེས་གསུམ་གྱི་ངོ་བོ་ཉིད་ཡིན་ཏེ། ཉོན་མོངས་པ་ཅན་གྱི་ཡིད་རྣམ་པར་དག་པ་ནི་མི་གཡོ་བར་གཞན་དོན་བྱེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཀུན་ཏུ་རྟོག་པ་སྟེ་དྲུག་པ་ཡིད་ཤེས་རྣམ་པར་དག་པ་སོ་སོར་རྟོག་པའི་ཡེ་ཤེས་དང་། སྒོ་ལྔའི་རྣམ་ཤེས་ཡུལ་དང་བཅས་པ་རྣམས་རྣམ་པར་དག་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེའི་ཞར་བྱུང་དུ་ཀུན་གཞི་རྣམ་པར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཡེ་ཤེས་བཞི་པོ་དེ་དག་གི་རང་གི་ངོ་བོ་གདོད་མ་ནས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཏུ་བཞུགས་པ་ཆོས་དབྱིངས་ཡེ་ཤེས་ཡིན་པའང་ཤེས་པར་བྱའོ། །གསུམ་པ་ལ་གཉིས། སྤངས་གཉེན་འབྲས་བུ་དང་བཅས་པ། གནད་འཆིང་བ་དངོས་སོ། །དང་པོ་ནི། སྒྲིབ་པ་ནས། བསྡུས་པ་ཡིན། ཅེས་གསུངས་ཏེ། གནས་ལུགས་ཀྱི་དོན་ལ་སྒྲིབ་པར་བྱེད་པའི་སྤངས་བྱ་ནི་གྲུབ་མཐའི་བསླད་ལ་ཞུགས་པས་རགས་པ་ཀུན་བརྟགས་སུ་གྱུར་པ་མཐོང་སྤང་དང་། མ་ཞུགས་པས་ཕྲ་བ་སྒོམ་སྤང་ལྷན་སྐྱེས་དང་གཉིས་ཡིན་ཏེ། སྤོང་བྱེད་ཀྱི་གཉེན་པོ་ནི་མདོར་བསྡུ་ན་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་བསྒོམ་པ་དང་། བདག་མེད་གཉིས་རྟོགས་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྒོ་ལ་འཇུག་པ་དང་སྙིང་རྗེ་ཆེན་པོ་སྟེ་རྣམ་པ་བཞི་དང་ལྡན་པས་སྤང་བྱ་རྣམས་འཇོམས་པ་ཡིན་ལ། གཉེན་པོ་དེས་ཐ་མལ་སད་པའི་གནད་སྐབས་ཀྱི་སྒྲིབ་པ་སྦྱངས་བ་ལས་གཙོ་བོར་བྱུང་བའི་འབྲས་བུ་ནི། སྤྲུལ་སྐུ་དང་ལོངས་སྐུ་སྟེ་དབང་ཤེས་ལྔ་དང་དྲུག་ཡིད་ཀྱི་ཁ་ཕྱིར་བལྟའི་ཆ་དག་པ་སྤྲུལ་སྐུ་ཡིན་ལ། འདུ་བྱེད་ཀྱི་དྲུག་ཡིད་གཡོ་བ་དང་རྨི་ལམ་གནད་གཅིག་པའི་ཕྱིར་རྨི་ལམ་དང་འདྲ་བའི་དྲུག་ཡིད་ཀྱི་ཁ་ནང་བལྟའི་ཆ་ནི་ལོངས་སྐུར་བརྗོད་པ་སྟེ། དེའི་ཕྱིར་གཟུགས་སྐུ་གཉིས་ཀྱིས་འགྲོ་བའི་དོན་མཛད་པ་ནི་སད་པའི་གནད་སྐབས་སྦྱངས་པའི་འབྲས་བུ་ཡིན་ནོ། །དེ་དག་གི་ཚུལ་རྒྱས་པ་མདོ་རྒྱུད་ཀྱི་ཆོས་རྣམས་ཐམས་ཅད་དུ་གསུངས་ཡོད་པས་འདིར་ནི་ཚིག་མང་གི་དོགས་པའི་ཕྱིར་མདོར་བསྡུས་པ་ཙམ་བསྟན་པ་ཡིན་ནོ། །གཉིས་པ་ནི། དེ་ཕྱིར་སོགས་ཚིག་རྐང་གཅིག་གསུངས་ཏེ། སད་པའི་དྲི་མ་སྦྱངས་བས་སྤྲུལ་སྐུ་ཐོབ་པ་དེའི་ཕྱིར། ཆོས་ཀྱི་ཕྱག་རྒྱའི་ཉམས་ལེན་གྱིས་རྣམ་རྟོག་བཅིང་བར་བྱའོ། །ཞེས་སོ། །ཆོས་ཀྱི་ཕྱག་རྒྱ་ལའང་བཤད་ཚུལ་མང་དུ་ཡོད་ཀྱང་སྐབས་འདིའི་དགོངས་པ་ནི་ཐུག་ཕྲད་ཀྱི་སྣང་བ་ལམ་དུ་བྱེད་པའི་མན་ངག་སྟེ་གཟུགས་ལ་སོགས་པའི་ཡུལ་སྣ་ཚོགས་པའི་སྣང་བ་ཤར་ན་འདིའི་སྙམ་དུ་རྟོགས་པས་མི་འཛིན་ཅིང་ཞེན་མེད་ཀྱི་ཕྱག་རྒྱར་འཆིང་བ་ནི་གང་ཤར་བཟོ་མེད་རྗེན་པར་སྐྱོང་བ་ཞེས་བྱ་བ་ཉམས་ལེན་གྱི་གནད་དམ་པ་ཡིན་ནོ། །ཞེས་བཀའ་བརྒྱུད་གོང་མ་རྣམས་མགྲིན་གཅིག་ཏུ་གསུངས་སོ། །གསུམ་པ་མཇུག་བསྡུ་བ་ནི། གནས་སྐབས་ནས། བརྟེན་པ་ཡིན། དེ་ལྟར་གནས་སྐབས་རྣམ་བཞིའི་དག་མ་དག་གི་ངོ་བོ་དང་འཁྲུལ་པ་དྲི་མ་དང་མ་འཁྲུལ་པའི་ཡེ་ཤེས་དང་གཉེན་པོ་ལམ་གྱི་རིམ་པ་དང་འཆིང་བྱེད་ཕྱག་རྒྱ་བཞི་དང་ཐོབ་བྱ་སྐུ་བཞི་རྣམས་གཞི་ལམ་འབྲས་བུར་འབྲེལ་བའི་རྟེན་ཅིང་འབྲེལ་འབྱུང་རྟེན་དང་བརྟེན་པ་ཡིན་པས་དེ་དག་གི་དོན་མདོ་ཙམ་བཤད་པ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་ཚིག་འགྲེལ་ལས། རྣམ་ཤེས་དང་ཡེ་ཤེས་གཞི་ལམ་འབྲས་བུའི་འགྲེལ་པ་ལ་སོགས་པ་བསྟན་པའི་དུམ་བུ་སྟེ་ལེའུ་དྲུག་པའི་རྣམ་པར་བཤད་པའོ།། །།དེ་ལྟར་གནས་སྐབས་བཞིའི་སྣང་བས་རྒྱུད་དཀྲུགས་ཏེ་གཟུང་འཛིན་ཏུ་འཁྲུལ་ནས་བདག་གཞན་ཏུ་རྟོགས་པ་ཕྱི་ནང་ཐ་དད་དུ་སྣང་བ་ཡིན་གྱི་ཕྱི་རོལ་གྱི་སྣང་བ་ཐམས་ཅད་སེམས་ཀྱི་རང་འོད་ཙམ་ལས་རྫས་གཞན་ཏུ་མ་དམིགས་པས། དུས་ཀྱི་འཁོར་ལོར་ཕྱི་ནང་གཞན་གསུམ་གཅིག་པར་གསུངས་པ་ལྟར་ཕྱི་ནང་གཅིག་ཏུ་སྦྱོར་བའི་ཕྱིར་ལུས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཚང་བའི་ཚུལ་བཤད་པ་ལ་གཉིས། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ནས་ནས། བདག་ཉིད་དེ། ཞེས་གསུངས་ཏེ། བཤད་མ་ཐག་པ་དེའི་རྗེས་ནས། ཇི་ལྟར་ནང་གི་རྡོ་རྗེའི་ལུས་ནི་ཕྱི་རོལ་གྱི་འཇིག་རྟེན་ཅི་ལྟ་བ་བཞིན་གནས་པ་ཡིན་ཏེ། ཕྱི་ནང་གཉིས་ཀ་སེམས་ཀྱི་སྣང་བ་ཡིན་པའི་ཕྱིར་རོ། །འོ་ན་འདོད་པའི་ལུས་འདོད་པའི་སྣོད་ཀྱི་འཇིག་རྟེན་ཉིད་དང་མཚུངས་པ་ལྟ་བུ་ཡིན་ནམ། ཁམས་གསུམ་ཀ་དང་མཚུངས་ཞེ་ན། སེམས་ཀྱི་སྣང་བ་ཡིན་པའི་ཕྱིར་ཁམས་གསུམ་ཀ་ནང་གི་བདག་ཉིད་ཡིན་ནོ། །དེ་ལྟར་ཕྱི་ནང་ཐམས་ཅད་སེམས་ཀྱི་སྣང་བ་ཡིན་པར་མ་ཤེས་པར་སེམས་ཅན་རྣམས་ཀྱི་རྣམ་པར་རྟོགས་པས་ཀུན་ཏུ་བརྟགས་པའི་དབང་གིས་སྣོད་ཀྱི་འཇིག་རྟེན་ཚད་དབྱིབས་ལ་སོགས་པ་དུ་མར་བརྟགས་ཏེ། ཕྱི་རོལ་པ་རྣམས་ཀྱིས་ཚངས་པ་དང་ཁྱབ་འཇུག་གིས་འཇིག་རྟེན་བྱས་པར་འདོད་པ་དང་། རང་སྡེའི་དོན་སྨྲ་གཉིས་ཀྱིས་ཕྱི་དོན་བདེན་པའི་རྡུལ་ཕྲན་ཚོགས་པ་ཡིན་པར་བཤད་པ་སོགས་ཀྱི་རྒོལ་བ་ནི་ཀླུ་སྒྲུབ་ལ་སོགས་པས་མཛད་པའི་བསྟན་བཅོས་ཆེན་པོ་རྣམས་སུ་བཀག་པ་ཡིན་ལ། འོ་ན་འཇིག་རྟེན་གྱི་ཚད་དང་བཀོད་པ་ལ་སོགས་པ་རྣམས་དུས་ཀྱི་འཁོར་ལོ་ལས་བཤད་པ་དང་། ཆོས་མངོན་པ་ལས་བཤད་པ་སོགས་མི་མཐུན་པ་ཇི་སྙེད་ཅིག་བྱུང་བ་རྣམས་ཀྱི་ནང་ནས་གང་དང་ནང་གི་ལུས་གཉིས་མཚུངས་པ་ཡིན་ཞེ་ན། གང་དང་སྦྱར་ཀྱང་འགལ་བ་མེད་དེ། ཐུན་མོང་གི་ཐེག་པར་ཡང་བདག་འབྲས་ཡུལ་དུ་སྣང་བ་ཞེས་ཕྱིའི་འཇིག་རྟེན་ནང་གི་ལུས་ཀྱི་མཐུ་ལས་སྣང་བར་བཤད་པ་དང་། ཐེག་པ་ཆེན་པོར་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ལས་གཞན་ཏུ་མེད་པར་གསུངས་པས་རྣལ་འབྱོར་པའི་ལུས་ལའང་འཇིག་རྟེན་གྱི་ཁམས་ཐམས་ཅད་གདགས་པར་ནུས་ཏེ། དཔེར་ན་ཕུག་ཁྲུ་ལྔ་པའི་ནང་དུ་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དཔུང་དང་བཅས་པ་འོངས་ནས་ཕུག་དེར་ཞུགས་ཀྱང་ཕུག་པ་ཆེར་སོང་བར་ཡང་མི་སྣང་། སངས་རྒྱས་ལ་སོགས་པ་དེ་དག་གི་སྤྱོད་ཡུལ་དོགས་པར་ཡང་མི་སྣང་མོད། ཕུག་ཁྲུ་ལྔ་པར་སྣང་བ་ལ་ཡང་དེར་སྣང་གི་ཚད་མ་ཡོད་ལ། །འཁོར་ལོས་བསྒྱུར་བ་དཔུང་བཅས་ཤོང་བ་ལ་ཡང་དེར་སྣང་གི་ཚད་མ་ཡོད་པ་བཞིན་ཏུ། འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་བཀོད་པ་མི་གཅིག་པ་ཐམས་ཅད་ལ་དེར་སྣང་གི་ཚད་མ་ཡོད་དེ། དོན་དམ་པར་བདེན་པར་མ་གྲུབ་པའི་ཕྱིར། མདོ་རྒྱུད་རྣམས་ལས། གདུལ་བྱ་རྣམས་ཀྱིས་མཐོང་ཚུལ་ཐ་དད་པའི་དབང་གིས་འཇིག་རྟེན་གྱི་རྣམ་བཞག་མི་འདྲ་བ་གསུངས་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་དགུ། གནས་གཞན་སོགས་པ་སྟན་པ། འབྱུང་བ་རིམ་བརྩེགས། རི་རྣམས། གླིང་བདུན། ནང་གི་འབྱུང་བ་ལྔ། མཚོ་བདུན། གཟའ་ལ་སོགས་པ། མེ་གསུམ། སྐྱེ་གནས་དང་དུས་སྦྱོར་སོགས་དང་སྦྱར་བའོ། དང་པོ་ལ་གཉིས། གནས་གཞན་ཉི་ཤུ་དང་སྦྱར་བ། འདོད་པ་བཅུ་གཅིག་དང་སྦྱར་བའོ། །དང་པོ་ནི། སྤྱི་བོ་ནས། མིར་བཅས་པ། ཞེས་གསུངས་ཏེ། དུས་འཁོར་ལས། སོར་མོ་ཉི་ཤུ་ནི་ཟུང་གི་ཁྲུའོ། །ཞེས་གསུངས་པ་ལྟར་ལུས་ཁྲུ་བཞི་པར་བྱས་པའི་ཁྲུ་རེ་ལ་སོར་ཉི་ཤུ་རྩ་བཞིར་བྱས་ནས་ཤེས་དགོས་པས་སྤྱི་བོ་ནས་ནི་སོར་བཞི་པོ་ནི་གཟུགས་མེད་སྐྱེ་མཆེད་མུ་བཞིའི་གནས་ཡིན་ཏེ། དེའི་འོག་ཏུ་སོར་བཅུ་དྲུག་ནི་གཟུགས་ཁམས་གནས་རིགས་བཅུ་དྲུག་ཉིད་དོ། །དེའི་འོག་ནས་ལྟེ་བའི་བར་ནི་འདོད་པའི་ལྷ་དྲུག །མི་དང་བཅས་པའི་གནས་སོ། །གཉིས་པ་ནི། ལྟེ་བ་ནས། གནས་རིམ་གསུངས། ཞེས་གསུངས་ཏེ། ལྟེ་བ་ནས་ནི་རྐང་མཐིལ་གྱི་བར་ལ་ལྷ་མིན་སོགས་འདོད་པ་བཅུ་གཅིག་དང་སྦྱར་ཏེ། ལྟེ་བ་ནས་སུམ་མདོའི་བར་སའི་དཀྱིལ་འཁོར་ཏེ། ལྷ་མ་ཡིན་དང་ཀླུ་དང་ཡི་དྭགས་དང་གསེག་མ་ཆུའི་དམྱལ་བའི་གནས་སོ། །བརླ་ཆུའི་དཀྱིལ་འཁོར་ཏེ་བྱེ་མ་ཆུའི་དམྱལ་བ་དང་འདམ་གྱི་ཆུའི་དམྱལ་བའི་གནས་སོ། །རྗེ་ངར་ནི་མེ་ཡི་དཀྱིལ་འཁོར་ཏེ་མེའི་དམྱལ་བ་དང་དུ་བ་མི་ཟད་པའི་དམྱལ་བའི་གནས་སོ། །དེ་མན་ཆད་ནི་རླུང་གི་དཀྱིལ་འཁོར་ཏེ་ངུ་འབོད་ཅན་གྱི་དམྱལ་བ་དང་མུན་པ་ཆེན་པོའི་དམྱལ་བའི་གནས་སོ། །རྐང་མཐིལ་ནི་དམྱལ་བ་བརྒྱད་པ་རྡོ་རྗེའི་དམྱལ་བའི་གནས་རྣམས་རིམ་པ་བཞིན་ཏུ་སྦྱོར་བར་གསུངས་སོ། །གཉིས་པ་འབྱུང་བ་རིམ་བརྩེགས་དང་སྦྱར་བ་ནི། རྐང་ལག་ནས། ས་སྟེ། ཞེས་གསུངས་ཏེ། སྔར་བསྟན་པའི་ལྟེ་བ་མན་ཆད་དཀྱིལ་འཁོར་བཞི་འམ། ཡང་ན་རྐང་པའི་ལོང་བུ་པུས་མོ་དཔྱི་སྟེ་ཚིགས་གསུམ་དང་། ལག་པའི་མཁྲིག་མ་གྲུ་མོ་ཕྲག་པ་སྟེ་ཚིགས་གསུམ་པོ་རྣམས་ཕྱི་ནས་རིམ་པ་ལྟར། ལོང་བུ་དང་འཁྲིག་མ་རླུང་གི་དཀྱིལ་འཁོར་དང་པུས་མོ་དང་གྲུ་མོ་མེའི་དཀྱིལ་འཁོར་དང་དཔྱི་དང་ཕྲག་པ་ཆུའི་དཀྱིལ་འཁོར་ཡིན་ལ། གོང་དུ་བཤད་པ་ལྟར་ལྟེ་བ་མན་ཆད་སའི་དཀྱིལ་འཁོར་རམ་ཡང་ན། བྲང་གྲུ་བཞི་ནི་སའི་དཀྱིལ་འཁོར་ཡིན་ཏེ། རྒྱུད་འགྲེལ་ལས་དེ་ལྟར་ཀྱང་འབྱུང་ངོ་། །གསུམ་པ་རི་རྣམས་དང་སྦྱར་བ་ནི། སྒལ་ཚིགས་ནས། རྡོ་རྗེའི་རི། ཞེས་གསུངས་ཏེ། ལྟག་པའི་ཚིགས་པ་དང་པོ་ནས་གཞུག་ཆུང་བར་གྱི་སྒལ་ཚིགས་ཀྱི་རུས་པ་ནི་རིའི་རྒྱལ་པོ་རི་རབ་ཡིན་ལ། དེ་བཞིན་ཏུ་རི་གཞན་བདུན་ནང་ལ་སྦྱར་ན། བརླ་དང་། རྗེ་ངར་དང་། དེ་འོག་བོལ་གོང་གི་རུས་པ་དང་། དཔུང་པ་དང་། ལག་ངར་དང་། ལག་མགོ་རྣམས་ཀྱི་རུས་པ་དང་། སེན་མོའི་བར་དུ་རྣམ་གྲངས་བདུན་ཡོད་པ་རྣམས་ནི་རིམ་པ་ལྟར། འོད་སྔོན་དང་། མནྡྷ་ར་དང་། མཚན་མོ་དང་། ནོར་བུར་བྱེད་དང་། བྲེའོ་དང་། ཁ་བ་ཅན་དང་། རྡོ་རྗེའི་རི་སྟེ་ཁོར་ཡུག་གི་རི་རྣམས་སོ། །བཞི་པ་གླིང་བདུན་དང་སྦྱར་བ་ནི། གླིང་དྲུག་ནས། གླིང་ཕྲན་བཅས། ཅེས་གསུངས་ཏེ། འཛམ་གླིང་ཆེན་པོའི་ནང་ན་ཡོད་པའི་གླིང་དྲུག་པོ་རྣམས་རིམ་པ་བཞིན་ཕྱི་ནང་སྦྱར་ན། ནང་གི་བད་ཀན་དང་། རྒྱུ་མ་དང་། ཚིལ་དང་། སྙིང་དང་། མཆིན་པ་དང་། ཤ་རྣམས་རིམ་པ་བཞིན་དུ་ཕྱི་རོལ་ཏུ། ཟླ་བའི་གླིང་དང་། དཀར་པོ་དང་། ཀུ་ཤ་དང་། མིའམ་ཅི་དང་། ཁྲུང་ཁྲུང་དང་། དྲག་པོའི་གླིང་རྣམས་ཡིན་ལ། རྐང་ལག་གི་དུམ་བུ་བཅུ་གཉིས་ནི་འཛམ་གླིང་ཆེན་པོའི་ནང་ཚན་ལྷོ་འཛམ་བུ་གླིང་སོགས་གླིང་བཞི་གླིང་ཕྲན་དང་བཅས་པ་སྟེ། དེ་ཡང་ལག་པ་གཡས་པའི་དུམ་བུ་གསུམ་ནི་ཤར་གླིང་གསུམ་མོ། །གཡོན་པའི་དུམ་བུ་གསུམ་ནི་ལྷོ་གླིང་། རྐང་པ་གཡོན་པའི་དུམ་བུ་གསུམ་ནུབ་གླིང་། གཡས་པའི་གསུམ་བྱང་གླིང་གསུམ་ཡིན་ནོ། །ལྔ་པ་ནང་གི་འབྱུང་བ་ལྔ་དང་སྦྱར་བ་ནི། སྲ་བ་ནས། ནམ་མཁའ་ཡིན། ཅེས་གསུངས་ཏེ། ལུས་ཀྱི་སྲ་བའི་ཁམས་ནི་ས་ཁམས་རླན་པ་ཆུ་དང་དྲོད་མེ་དང་དབུགས་རླུང་སྟེ་དེ་ལྟར་ན་ཁམས་བཞི་ཡིན་ལ་བུ་ག་རྣམས་ནི་ནམ་མཁའི་ཁམས་ཡིན་ནོ། །དྲུག་པ་རྒྱ་མཚོ་བདུན་དང་སྦྱར་བ་ནི། ཁུ་བ་ནས། རང་བཞིན་ནོ། །ཞེས་གསུངས་ཏེ། ནང་དུ་ལུས་ཀྱི་ཁུ་བ་དང་། ཞག་དང་། གླད་པ་དང་། སྐྱེས་པ་ལ་བད་ཀན་དང་། བུད་མེད་ལ་འོ་མ་དང་། མཆིལ་མ། རྡུལ། དྲི་ཆུ་སྟེ་ནང་གི་རྒྱ་མཚོ་བདུན་ནི། ཕྱི་རོལ་དུ་རིམ་པ་བཞིན། སྦྲང་རྩི། མར། ཞོ། འོ་མ། ཆུ། ཆང་རྣམས་དང་། བ་ཚའི་རང་བཞིན་གྱི་རྒྱ་མཚོ་སྟེ་འཁོར་ཡུག་གི་ནང་གི་རྒྱ་མཚོ་བདུན་ནོ། བདུན་པ་གཟའ་ལ་སོགས་པ་རྣམས་དང་སྦྱར་བ་ནི། དབང་པོ་ནས། འབྲུག་ཏུ་གསུངས། ཞེས་གསུངས་ཏེ། དབང་པོའི་སྒོ་རྣམས་ནི་གཟའ་དགུའི་རང་བཞིན་ཏེ། དེ་ཡང་སྣ་བུག་གཉིས་ནི་རླུང་གི་གཟའ་ཉི་ཟླ། མིག་གཉིས་ནི་མེའི་མིག་ཕུར། ཁ་དང་དྲི་ཆུའི་སྒོ་ནི་ཆུའི་གཟའ་ལྷག་སངས། ཚངས་བུག་དང་དྲི་ཆེན་གྱི་སྒོ་ནི་སའི་གཟའ་སྤེན་པ་དང་མཇུག་རིང་། རྣ་བ་གཉིས་ནི་ནམ་མཁའི་གཟའ་སྒྲ་གཅན་དང་དུས་མེའོ། །དེ་ལྟར་གྲངས་སུ་བཅུ་བགྲངས་ཀྱང་སྒྲ་གཅན་དང་དུས་མེ་མགོ་མཇུག་ཡིན་པས་གཅིག་ཏུ་བསྡོམས་ནས་གཟའ་དགུ་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་སྙིང་གའི་རྩ་བཅུ་གཟའི་རང་བཞིན་ཏུ་བཤད་ལ། ནང་དུ་སོ་སུམ་ཅུ་རྩ་གཉིས་ནི་ཕྱི་རོལ་ཏུ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་དབྱུ་གུ་མ་བཞིའོ། །ནང་དུ་ཁམས་འབབ་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་ནི་ཕྱི་རོལ་ཏུ་ལུང་པ་ཆེན་པོ་རྣམས་ནས་ཆུ་བོ་སྟོང་ཕྲག་དོན་གཉིས་འབབ་པ་རྣམས་དང་། ནང་དུ་རྒྱུ་མ་ནི་རོ་འཛག་ཅིང་སྒྲ་སྒྲོགས་པས་ཕྱི་རོལ་ཆར་དབབ་པའི་སྤྲིན་དང་། ལུས་ལ་གནས་པའི་ནང་གི་རླུང་ནི་ཕྱི་རོལ་ན་གཡོ་བའི་རླུང་ཡིན་ལ། སྙིང་ག་ལས་བྱུང་བའི་སྒྲ་ནི་ཐོག་གི་སྒྲ་ཡིན་ཏེ། ལྟོ་བའི་སྒྲ་ནི་འབྲུག་ཏུ་གསུངས་སོ། །བརྒྱད་པ་མེ་གསུམ་དང་སྦྱར་བ་ནི། སྙིང་གནས། སྲེག་བྱེད་མེ། ཞེས་གསུངས་ཏེ། སྙིང་གའི་མེ་སྟེ་དྲོད་དང་། མགྲིན་པའི་མེ་དང་། ལྟེ་བའི་མེ་ནི་རིམ་པ་བཞིན། ཕྱི་རོལ་གྱི་གློག་དང་། ཉི་མའི་དྲོད་དང་། སྲེག་བྱེད་ཀྱི་མེ་ཡིན་ཏེ། སྙིང་གར་ཞེ་སྡང་གི་དྲོད་སྐྱེད་པས་དྲག་ལ་མྱུར་བའི་གློག་ཡིན་ལ། མགྲིན་པའི་མེས་ཟས་དགུག་འདྲེན་གྱི་ལས་བྱེད་ཅིང་། ཉི་མས་ཁྱིམ་བཅུ་གཉིས་ལ་བགྲོད་པའི་ལས་བྱེད་ལ། ལྟེ་བ་དང་སྲེག་བྱེད་ཀྱི་མེ་ནི་ཟས་སྲེག་པ་དང་བཞུ་བ་སོགས་བྱེད་པས་ཤ་ཟའི་མེ་ཞེས་བྱའོ། །དགུ་པ་སྐྱེ་གནས་དང་དུས་སྦྱོར་སོགས་དང་སྦྱར་བ་ལ་གཉིས། དངོས་དང་། རྒྱས་བཤད་ཁ་འཕང་བའོ། །དང་པོ་ནི། གཞན་ཡང་ནས། སྣང་བ་དང་། ཞེས་གསུངས་ཏེ། གཞན་ཡང་དྲི་མེད་འོད་ལས། མེའི་དཀྱིལ་འཁོར་ནི་ཁྲག་གོ །རླུང་གི་དཀྱིལ་འཁོར་ནི་པགས་པའོ། །ཞེས་གསུངས་པ་ལྟར། ལུས་ཀྱི་ལྤགས་པ་དང་དྲོད་དང་བ་སྤུ་ཐམས་ཅད་ནི་མེ་དང་རླུང་གི་རང་བཞིན་ཡིན་ལ། ལུས་ལས་སྐྱེས་པའི་སྲིན་བུའི་རིགས་རྣམས་ནི་ཕྱི་རོལ་གྱི་སྐྱེ་གནས་རྣམ་པ་བཞི་ཡིན་ཏེ། དབང་པོ་ཕྱི་རོལ་ཏུ་རླུང་གི་ཁམས་སྒོང་སྐྱེས་ནི་ནང་དུ་ཤིག །ཆུའི་ཁམས་དྲོད་གཤེར་སྐྱེས་པ་ནི་ནང་དུ་ཁོང་པའི་སྲིན་བུ། མེའི་ཁམས་མངལ་སྐྱེས་ནི་ནང་དུ་ཁུ་བ་ལས་བྱུང་བའི་སྲིན་བུ། ནམ་མཁའི་ཁམས་བརྫུས་སྐྱེས་ནི་ནང་དུ་ལུས་ལས་བྱུང་བའི་སྲོག་ཆགས་ཕྲ་མོ་གཞན་རྣམས་སོ། །ཕྱི་རོལ་གྱི་ཆར་པ་ནི་ནང་དུ་ལྕེའུ་ཆུང་ལས་འབབས་པའི་བདུད་རྩི་ཡིན་ཏེ། ཐུན་ཆེན་པོ་བརྒྱད་ནས་སྐད་ཅིག་མ་གཅིག་གི་བར་གྱི་ནི་དབུགས་དང་ཆུ་སྲང་ཆུ་ཚོད་སོགས་དང་འཕོ་ཆེན་གྱི་དུས་སྦྱོར་ལ་སོགས་པ་ཐམས་ཅད་ནི་སྔར་རྩ་རླུང་ཐིག་ལེའི་དུམ་བུ་རྣམས་སུ་བསྟན་ཟིན་པའི་རྩ་དང་རླུང་དང་ཐིག་ལེ་དང་སེམས་དང་བཅས་པའི་ཕྱི་ནང་གི་སྦྱར་བཤད་ཡིན་ལ། དབུ་མའི་ནང་དུ་སྲོག་གི་རླུང་ཉིད་དཀར་ཆའི་དྭངས་མ་ཟླ་བ་དང་དམར་ཆའི་དྭངས་མ་ཉི་མའི་ཁམས་ལ་སྦྱོར་བ་ན་རིམ་བཞིན་ཟླ་བ་དང་ཉི་མ་གཟས་འཛིན་པར་སྣང་བ་འབྱུང་སྟེ། དེ་ཡང་དུས་སྦྱོར་དང་ཚེས་འཕོ་མཚམས་ཀྱི་མཐར་ཟླ་དྲུག་དུས་གསུམ་རྫོགས་པ་དང་རྟེན་འབྲེལ་རེག་པའི་ཁྱིམ་དུ་ཉི་རྐང་ཞུགས་པ་ན་ནང་གི་དུས་སྦྱོར་དབུ་མར་རྒྱུ་བའི་རྟེན་འབྲེལ་ལས་ཡིན་པར་གསུངས་སོ། །གཉིས་པ་ནི། དེ་སོགས་ནས། མེད་པ་གསུངས། ཞེས་གསུངས་ཏེ། བཤད་པ་དེ་རྣམས་ལ་སོགས་པ་ཕྱི་ནང་གི་དག་པ་སྦྱར་བའི་རྣམ་བཤད་དུ་མ་རྣམས་ནི་ཕྱི་འཇིག་རྟེན་གྱི་ཁམས་དང་། ནང་རྡོ་རྗེའི་ལུས། གཞན་དཀྱིལ་འཁོར་གྱི་འཁོར་ལོ་གསུམ་པོའི་སྦྱར་བཤད་ཐམས་ཅད་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོ་དང་སྦྱར་བའི་ཕྱིར་དཔག་ཏུ་མེད་པ་གསུངས་པ་རྣམས་འདིར་ཚིག་མང་གིས་དོགས་པས་མདོ་ཙམ་བསྡུས་པ་སྟེ། རྒྱས་པར་དུས་ཀྱི་འཁོར་ལོའི་རྒྱུད་རྩ་འགྲེལ་སོགས་ལས་རྟོགས་པར་བྱ་དགོས་ལ། བླ་མེད་རྒྱུད་ཀྱི་དགོངས་པ་ཐུན་མོང་མ་ཡིན་པའི་དག་པ་སྦྱོར་ཚུལ་ཕྱོགས་ཙམ་མཚོན་ནོ། །རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཞེས་སྲིད་པ་གསུམ་པོ་ཐམས་ཅད་དག་པ་རྡོ་རྗེ་གསུམ་གཅིག་ཏུ་སྦྱོར་བ་ནི་དག་སྦྱོར་ཞེས་བྱ་ལ། དེའི་ཚེ་ཕྱི་རོལ་ཏུ་རི་གླིང་ཆུ་བོ་དཀྱིལ་འཁོར་བཞིན་ནི་སྐུ་རྡོ་རྗེ། དབུགས་ནས་ལོ་བསྐལ་བའི་བར་དུ་དུས་སྦྱོར་བཅུ་གཉིས་སམ་དུས་བཞིའི་དབྱེ་བས་ཡང་ཡང་འཁོར་བའི་དུས་ཀྱི་མཚན་ཉིད་ཅན་ནི་གསུང་རྡོ་རྗེ། གཟའ་སྐར་འཇའ་ཚོན་གློག་དྭངས་མའི་རླུང་དང་ནམ་མཁའ་རྣམས་ནི་ཐུགས་རྡོ་རྗེ། ཡང་ན་ས་འོག་ས་སྟེང་ས་བླའི་སྲིད་པ་གསུམ་མམ་ཁམས་གསུམ་པོ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་མོ། །དེ་དག་ནང་གི་རྡོ་རྗེ་གསུམ་སོ་སོ་དང་རེ་རེ་གང་ལའང་ཚང་བར་འཇོག་པས་དང་པོ་སྐུའི་དབང་དུ་བྱས་ཏེ་ལུས་ཁྲུ་བཞི་དང་འཇིག་རྟེན་གྱི་ཁམས་རླུང་དཀྱིལ་གྱི་འོག་ནས་སྲིད་པའི་རྩེ་མོའི་བར་དཔག་ཚད་འབུམ་ཕྲག་བཞི་ལྟ་བུ་ཚད་ཀྱི་སྒོ་ནས་སྦྱར་བ་དང་གཞུང་དུ་འབྱུང་བ་ལྟར་དངོས་པོ་མཚུངས་པ་ཉིད་ཀྱིས་འཇོག་པའོ། །གསུང་གི་སྒོ་ནས་ནང་གི་དབྱངས་མཐའ་དག་ཕྱི་རོལ་གྱི་དངོས་པོ་རྣམས་ལ་བརྗོད་བྱར་འབྲེལ་བའི་ཁམས་མཐུན་པས་དང་། དེ་བཞིན་རྟེན་ཁུ་རྡུལ་རླུང་གསུམ་དང་བརྟེན་པ་བདེ་གསལ་མི་རྟོག་པ་ཚོགས་པ་གཅིག་པར་གནས་པ་ནི་ནང་གི་ཐུགས་རྡོ་རྗེ་ཡིན་ལ་སེམས་དེའི་སྣང་བ་མ་ལུས་པའང་ཁམས་བདག་པོར་གྱུར་པའི་དབང་གིས་སྣང་བ་ཡིན་པས་ཕྱི་ནང་ཆོས་མཐུན་ཞིང་རྟེན་འབྲེལ་གྱི་འགྲོས་གཅིག་ཏུ་འབྱུང་བ་སོགས་ཤེས་དགོས་སོ། །གསུམ་པ་མཇུག་བསྡུ་བ་ནི། དེ་སོགས་ནས། ཅུང་ཟད་བརྗོད། ཅེས་གསུངས་ཏེ། དེ་ལྟར་ཇི་སྐད་བཤད་པ་ལ་སོགས་པ་ཕྱི་ནང་གི་རྟེན་འབྲེལ་རྣམས་ཕྱིན་ཅི་མ་ལོག་པར་རྟོགས་པ་ན། ཀུན་རྫོབ་དང་དོན་དམ། ལུས་དང་བསམ་པ། ཡུལ་དང་ཡུལ་ཅན། ཕན་ཚུན་ལ་སོགས་པའི་ཐབས་དང་ཤེས་རབ་ཀྱི་སྦྱོར་ཚུལ་ཤེས་པས་སྣ་ཚོགས་པའི་ཡོན་ཏན་ཐོབ་པར་འགྱུར་བའི་ཕྱིར་ན་ཕྱི་ནང་སྦྱར་བཤད་རྣམས་ལེགས་པར་ཤེས་དགོས་པས་གཞུང་འདིར་ནི་མདོར་བསྡུས་པ་ཅུང་ཟད་ཙམ་བརྗོད་པ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་ཚིག་འགྲེལ་ལས། ནང་རྡོ་རྗེའི་ལུས་ཉིད་སྣོད་ཀྱི་འཇིག་རྟེན་ལ་སྦྱར་བ་བསྟན་པའི་དུམ་བུ་སྟེ། ལེའུ་བདུན་པའི་རྣམ་པར་བཤད་པའོ།། །།དེ་ལྟར་དེ་ཡན་ཆད་ཀྱིས་ཐོས་བསམ་གྱི་གཏན་ལ་དབབ་པར་བྱ་བའི་གཞི་ལེགས་པར་བཤད་ཟིན་ནས། གཞི་དེ་ལ་བརྟེན་པའི་ལམ་རིམ་པ་གཉིས་ནི་རིམ་ལྔ་ལས། བསྐྱེད་པའི་ཆ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་བསྐྱེད་རིམ་དང་པོར་བསྒོམ་དགོས་པར་གསུངས་པ་ལྟར། ཀུན་རྟོག་གིས་བརྟགས་པའི་བསྐྱེད་རིམ་གྱིས་གདགས་གཞི་ཚང་བའི་ཚུལ་དང་བསྐྱེད་རིམ་ཉིད་སོགས་སྟོན་པ་ལ་གཉིས། ལེའུའི་གཞུང་དང་། མཚན་བསྟན་པའོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ནས་ནས། འདི་ལྟ་སྟེ། ཞེས་གསུངས་ཏེ། ཕྱི་ནང་སྦྱར་བཤད་བསྟན་ཟིན་པ་དེ་ནས་སེམས་ཅན་གྱི་ཀུན་ཏུ་རྟོག་པ་ལ། བདེན་པ་མེད་བཞིན་ཏུ་རྟོག་པས་ཀུན་ཏུ་བརྟགས་པའི་ལྷ་རྣམས་བསྒོམ་པ་ནི་དགོས་པའི་དོན་གསུམ་དང་ལྡན་ཏེ། ལས་དང་པོ་པ་རྣམས་དམིགས་པ་ལ་སེམས་འཛིན་པས་ཞི་གནས་སྐྱེ་བ་དང་། ཕྱི་ནང་གི་ཤེས་བྱ་ཕྲ་མོ་རྣམས་ཀྱང་དཀྱིལ་འཁོར་གྱི་དོན་དུ་སྦྱོར་ཤེས་པ་དང་། འབྲས་བུ་སངས་རྒྱས་ཀྱི་གཟུགས་སྐུ་ལ་དབང་འབྱོར་བས་གཞན་དོན་གཟུགས་ཀྱི་སྐུའི་བཀོད་པ་མི་འདྲ་བ་དུ་མ་སྟོན་ནུས་པའི་ཕྱིར་རོ། །དེས་ན་ལྷ་བསྐྱེད་པའི་ཚུལ་ལ་དཔའ་བོ་གཅིག་པ་ནས་གཙོ་འཁོར་མཐའ་ཡས་པའི་བར་དཀྱིལ་འཁོར་གྱི་འཁོར་ལོ་དཔག་ཏུ་མེད་པ་གསུངས་པ་རྣམས་ཀྱི་ངེས་པ་ནི་འདི་ལྟ་སྟེ། ཞེས་དགོས་པ་བསྟན་པའི་སྒོ་ནས་མཚམས་སྦྱར་བའོ། །གཉིས་པ་རྒྱས་བཤད་ལ་བཞི། ལྷའི་གྲངས་ཀྱི་ངེས་པ། དཀྱིལ་འཁོར་གྱི་ངེས་པ། ཐབས་ཤེས་ཀྱི་རང་བཞིན། བསྐྱེད་རྫོགས་ཀྱི་ངེས་པའོ། །དང་པོ་ལ་གསུམ། རྣམ་རྟོག་རིམ་པར་ངེས་པ་སྦྱོང་བྱེད། རྣམ་རྟོག་འཆོལ་བར་སྐྱེ་བ་སྦྱོང་བྱེད། ཐུན་མོང་བའི་བསྡུ་བའོ། །དང་པོ་ནི། དབུ་མ་ནས། བཅུ་པ་དང་། ཞེས་གསུངས་ཏེ། རྩ་དབུ་མ་དང་། དེ་ལ་བརྟེན་པའི་ཀུན་གཞི་དང་ཡང་དག་པའི་དོན་དང་ཡེ་ཤེས་ཀྱི་རླུང་དང་ཐིག་ལེ་ཉག་གཅིག་སྟེ། འཁོར་འདས་ཐམས་ཅད་ཀྱི་གཞི་དང་ཁྱབ་བྱེད་ཡོན་ཏན་ཐམས་ཅད་འདུས་པའི་བདག་ཉིད་ཀྱི་སྦྱོང་གཞི་སྦྱོང་བྱེད་ཀྱི་དབང་དུ་བྱས་ནས་ལྷ་དཔའ་བོ་གཅིག་པ་ཧེ་རུ་ཀའི་སྒྲུབ་ཐབས་གསུངས་ཏེ། དུས་འཁོར་དུ་རྩ་དབུ་མ་ལས་ལྷ་ཐམས་ཅད་འབྱུང་བར་གསུངས་པ་ལྟར་དེ་རྣམས་ཀྱི་རང་བཞིན་ཡེ་ཤེས་ཀྱི་རྣམ་པ་ཐམས་ཅད་པ་ཡིན་པས་ལྷ་ཐམས་ཅད་འཆར་དུ་རུང་བའོ། །འབྲས་བུ་སྐུ་གཉིས་དང་ལམ་ཐབས་དང་ཤེས་རབ་གཉིས་དང་སྦྱང་གཞི་སྟེང་འོག་གཉིས་དང་ཁམས་དཀར་དམར་གཉིས་དང་བདེན་པ་གཉིས་དང་དེ་ལ་སོགས་པ་གཉིས་ཆོས་ཀྱི་སྦྱང་གཞི་སྦྱོང་བྱེད་ལ་དགོངས་ནས་བདེ་མཆོག་ལྷན་སྐྱེས་ལྟ་བུ་ལྷ་ཡབ་ཡུམ་མམ་གཙོ་འཁོར་གཉིས་པའི་སྒྲུབས་ཐབས་གསུངས་པའོ། །ལུས་ངག་ཡིད་གསུམ་ལ་རྡོ་རྗེ་རྣམ་པ་གསུམ་དང་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་སོགས་ཐིག་ལེ་གསུམ་དང་རྩའི་གཙོ་མོ་དབུ་མ་རོ་རྐྱང་གསུམ་དང་མཁའ་སྤྱོད་ས་འོག་སྤྱོད་ས་སྤྱོད་དེ་སྟེང་འོག་བར་གསུམ་དང་། ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ་དང་ཟླ་ཉི་སྒྲ་གཅན་གྱི་རླུང་གསུམ་དང་སེམས་ཡིད་རྣམ་ཤེས་གསུམ་ཆོས་ཇི་སྙེད་པ་ལ་དགོངས་ནས་ལྷ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་གསུངས་ཏེ། དཔེར་ན་རིགས་གསུམ་མགོན་པོའི་སྒྲུབ་ཐབས་ལྟ་བུའོ། །སོགས་ཁོངས་ནས་རྣལ་འབྱོར་གྱི་རྒྱུད་ལས། རྩ་གསུམ་རླུང་གསུམ་སེམས་གསུམ་དང་། །སྣང་བ་གསུམ་གྱིས་བདག་ཉིད་ཕྱིར། །ལྷ་གསུམ་ཡིད་གསུམ་ཞལ་གསུམ་སྟེ། །ཞེས་སོགས་གསུངས་པ་རྣམས་བསྡུའོ། །ནམ་མཁའ་ཡེ་ཤེས་ཀྱི་ཁམས་སྤྱིའི་ཁྱབ་བྱེད་ཏུ་བཏང་ནས་ས་ཆུ་མེ་རླུང་གི་ཁམས་ཁྱབ་བྱ་བཞི། སོགས་ཁོངས་ནས་དགའ་བ་བཞི་དང་རྡོ་རྗེ་བཞི་དང་ཕྱག་རྒྱ་བཞི་དང་དབང་བཞི་དང་ལམ་བཞི་དང་སྐུ་བཞི་ལ་སོགས་པ་བཞི་ལྡན་གྱི་སྦྱང་གཞི་སྦྱོང་བྱེད་ཇི་སྙེད་པ་ལ་དགོངས་ནས། དཔལ་མཆོག་ལས་སྲིང་མོ་བཞིའི་དཀྱིལ་འཁོར་གསུངས་པ་ལྟ་བུ་ལྷ་གཙོ་འཁོར་བཞིའི་སྒྲུབ་ཐབས་གསུངས་ཏེ། ཀྱེ་རྡོར་ལས། འཕགས་པའི་བདེན་པ་བཞིའོ་ཞེས་སོགས་ཐམས་ཅད་བཞི་བཞིར་གསུངས་པའི་དགོངས་པ་ཡིན་ནོ། །འབྲས་བུ་ཡེ་ཤེས་ལྔ་དང་སྦྱང་གཞི་ཕུང་པོ་ལྔ་དང་གསང་ལྟེ་སྙིང་མགྲིན་སྤྱི་བོའི་འཁོར་ལོ་སྟེ། འཁོར་ལོ་ལྔ་དང་ས་ཆུ་མེ་རླུང་ནམ་མཁའི་རླུང་ངམ་རྩ་བའི་རླུང་ལྔ་དང་ས་ཆུ་མེ་རླུང་ཁྱབ་བྱེད་ནམ་མཁའ་དང་བཅས་པས་ཁམས་ལྔ་དང་། ཉོན་མོངས་པ་ལྔ་དང་རིམ་པ་ལྔ་དང་རིགས་ལྔ་དང་སྐུ་ལྔ་ལ་སོགས་པ་ལྔ་ཆོས་ཀྱི་སྦྱང་གཞི་སྦྱོང་བྱེད་ཇི་སྙེད་པ་ལ་དགོངས་ནས་ལྷ་གཙོ་འཁོར་ལྔ་པའི་སྒྲུབ་ཐབས་རྣམས་བསྟན་ཏེ། བདེ་ཀྱེ་ཕག་མོ་སོགས་ལྔ་ལྔ་མ་འདི་ནི་རྒྱུད་དུ་མར་གསུངས་སོ། །ཁྱབ་བྱ་བཞིའི་ཐོག་ཏུ་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་གཉིས་སུ་དབྱེ་བས་ཁམས་དྲུག་དང་རྣམ་ཤེས་ཚོགས་དྲུག་དང་། གཙུག་ཏོར་དང་བཅས་པའི་རྩ་འཁོར་ལོ་དྲུག་དང་ཉོན་མོངས་པ་དྲུག་དང་རིགས་དྲུག་ལ་སོགས་པ་དྲུག་ཆོས་ཀྱི་སྦྱང་གཞི་སྦྱོང་བྱེད་ཇི་སྙེད་པ་ལ་དགོངས་ནས་འཁོར་ལོ་སྒྱུར་དྲུག་ལྟ་བུ་ལྷ་གཙོ་འཁོར་དྲུག་པའི་སྒྲུབ་ཐབས་གསུངས་ཏེ། དེ་བཞིན་ཏུ་ཀུན་གཞི་གནས་སུ་བཏང་ནས་འཇུག་ཤེས་དྲུག་ཉོན་ཡིད་དང་བཅས་པ་ཚོགས་བདུན་སྦྱང་བའི་ཕྱིར་བདེ་མཆོག་ཡི་གེ་བདུན་པ་ལྟ་བུ་ལྷ་གཙོ་འཁོར་བདུན་པའི་སྒྲུབ་ཐབས་གསུངས་སོ། །རྣམ་ཤེས་ཚོགས་བརྒྱད་སོགས་སྦྱོང་བའི་ཕྱིར་དུ་བདེ་མཆོག་ལྷན་སྐྱེས་ལ་གོ་ཆའི་དཔལ་མོ་དྲུག་གིས་བསྐོར་བའི་དཀྱིལ་འཁོར་ལྟ་བུ་ལྷ་གཙོ་འཁོར་བརྒྱད་པའི་དཀྱིལ་འཁོར་གསུངས་སོ། །སྙིང་གའི་རྩ་འཁོར་ལོ་འདབ་མ་བརྒྱད་དབུ་མའི་ཡར་མར་གྱི་རྩེ་སྟེ་བཅུ་དང་རྩ་བའི་རླུང་ལྔ་ཡན་ལག་གི་ལྔ་སྟེ་རླུང་བཅུ་དང་། རབ་ཏུ་དགའ་བ་སོགས་ས་བཅུ་དང་། གནས་དང་གནས་མིན་མཁྱེན་པ་སོགས་སྟོབས་བཅུ་དང་། རྣམ་ཤེས་ཚོགས་བརྒྱད་ཡུལ་ཡུལ་ཅན་གཉིས་ཏེ་བཅུ་དང་དེ་ལ་སོགས་པ་གཞན་ཡང་བཅུ་ཆོས་ཇི་སྙེད་པ་ལ་དགོངས་པ་ནས་ཀྱེ་རྡོར་ལྷ་དགུ་དང་ཡང་དག་ལྷ་བཅུའི་དཀྱིལ་འཁོར་ལྟ་བུ་ལྷ་གཙོ་འཁོར་དགུ་པ་དང་བཅུ་པའི་སྒྲུབ་ཐབས་གསུངས་ཏེ། དེ་ཡང་དགྱེས་རྡོར་ལྷ་དགུའི་དཀྱིལ་འཁོར་ལ་གཙོ་བོ་ཡབ་ཡུམ་གཉིས་ཐ་དད་དུ་བགྲངས་ན་བཅུ་འབྱུང་བས་བཅུ་ཆོས་རྣམས་དང་གྲངས་མཐུན་ལ་ཡབ་ཡུམ་ཐབས་དང་ཤེས་རབ་ཟུང་འཇུག་ཏུ་སྦྱར་ཏེ་གཅིག་ཏུ་བགྲངས་ནས་ལྷ་དགུར་བྱེད་པས་སྦྱང་གཞི་སྙིང་གའི་རྩ་འདབ་བརྒྱད་དབུས་མ་དང་དགུ་སྦྱོང་བའི་དབང་དུ་བྱས་པ་ཡིན་ཞིང་། བདེ་མཆོག་ལྷ་ལྔ་ལྟ་བུ་ལའང་འདི་དང་དོན་མཐུན་པར་བཤད་དུ་ཡོད་དེ་མཚམས་ཀྱི་བུམ་པ་དང་ཐོད་པ་རྣམས་སྙིང་གའི་མཚམས་ཀྱི་རྩ་བཞིའི་དག་སྦྱོར་དུ་གསུངས་པས་སོ། །གཉིས་པ་ནི། ཕུང་པོ་ནས། དུ་མའི་བར། ཅེས་གསུངས་ཏེ། གཟུགས་སོགས་ཕུང་པོ་ལྔ་དང་ས་སོགས་ཁམས་ལྔ་སྟེ་བཅུ་སྦྱོང་བའི་དབང་དུ་བྱས་ནས་གཙོ་འཁོར་བཅུ་པའི་སྒྲུབ་ཐབས་དང་། ཕུང་པོ་ལྔ་ཁམས་ལྔ་མིག་སོགས་དབང་པོ་ལྔ་དང་བཅོ་ལྔ་སྦྱོང་བའི་དབང་དུ་བྱས་ནས་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་ལྟ་བུ་དང་། གཟུགས་ནས་ཡེ་ཤེས་ཀྱི་བར་ཕུང་པོ་དྲུག་དང་། ས་ནས་ཡེ་ཤེས་ཀྱི་བར་ཁམས་དྲུག་སྟེ་བཅུ་གཉིས་སྦྱོང་བའི་ཕྱིར་དུ་གཙོ་འཁོར་བཅུ་གཉིས་པའི་སྒྲུབ་ཐབས་དང་། ཕུང་པོ་དྲུག་ཁམས་དྲུག་མིག་ནས་ཡིད་ཀྱི་བར་དབང་པོ་དྲུག་སྟེ་བཅོ་བརྒྱད་སྦྱོང་བའི་ཕྱིར་དུ་གཙོ་འཁོར་བཅོ་བརྒྱད་པའི་སྒྲུབ་ཐབས་དང་། ཡུལ་དྲུག་དང་བཅས་པས་ཉི་ཤུ་རྩ་བཞི་སྦྱོང་བའི་དབང་དུ་བྱས་ནས་གཙོ་འཁོར་ཉེར་བཞི་པའི་སྒྲུབ་ཐབས་དང་། ཡེ་ཤེས་ཀྱི་ཁམས་དང་ཡེ་ཤེས་ཀྱི་ཕུང་པོ་གཅིག་ཏུ་བྱས་ནས་གཙོ་འཁོར་བཅུ་གཅིག་པ་དང་བཅུ་བདུན་པ་དང་ཉེར་གསུམ་པ་སྟེ་དཀྱིལ་འཁོར་དུ་མར་འགྱུར་རོ། །ཁམས་དྲུག་ལ་ནང་གསེས་སུ་སའི་ས་སའི་ཆུ་སའི་མེ་སའི་རླུང་སའི་ནམ་མཁའ་སའི་ཡེ་ཤེས་སོགས་དྲུག་དྲུག་སུམ་ཅུ་སོ་དྲུག་སྦྱོང་བ་ལ་ལྷ་སོ་དྲུག་པའི་དཀྱིལ་འཁོར་དང་། ཕུང་ཁམས་དབང་ཡུལ་རྣམས་དྲུག་དྲུག དེ་བཞིན་ཏུ་ལག་པ་རྐང་པ་དག་དྲི་ཆུ་གཉིས་ཀྱི་སྒོ་དབང་པོ་མཆོག་སྟེ་ལས་བྱེད་ཀྱི་དབང་པོ་དྲུག འགྲོ་བ་ལེན་པ་སྨྲ་བ་གཤང་ལྕི་འཛག་པ་ཁུ་བ་འཛག་པ་སྟེ་བྱེད་ལས་དྲུག་དང་བཅས་པས་སུམ་ཅུ་སོ་དྲུག་སྦྱོང་བའི་དབང་དུ་བྱས་ནས་གཙོ་འཁོར་སོ་དྲུག་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་གསུངས་སོ། །ཡང་ན་བཤད་མ་ཐག་པའི་ལྔ་ཆོས་ཀྱི་དབང་དུ་བྱས་ནས་ལྷ་ལྔ་པའི་སྒྲུབ་ཐབས། བཅུ་ཆོས་ལས་གཙོ་བོ་ཟུང་འཇུག་གམ་ཕུང་པོ་ལྔ་དང་ཁྱབ་བྱ་ཁམས་བཞི་སྟེ་དགུ་ལ་དགོངས་ནས་ལྷ་དགུ་པ་དང་། དེ་ཐོག་ཏུ་རྩ་འཁོར་ལོ་བཞི་བསྣན་པའི་བཅུ་གསུམ་མམ་ཕུང་ཁམས་བཅུ་གཉིས་དབང་པོ་ཡུལ་སྣང་གཅིག་ཏུ་བྱས་པ་དང་བཅུ་གསུམ་ལ་དགོངས་ནས་གཙོ་འཁོར་བཅུ་གསུམ་པ་དང་། དེའི་སྟེང་དུ་གཟུགས་སོགས་ཡུལ་དྲུག་དང་མིག་སོགས་དབང་པོ་དྲུག་བསྣན་པའི་ཉེར་ལྔའམ། ཕུང་པོ་ལྔ་ཁམས་ལྔ་གཟུགས་ཅན་གྱི་དབང་པོ་ལྔ་དེའི་ཡུལ་ལྔ་དེ་ཡུལ་དུ་བྱེད་པའི་ཡུལ་ཅན་ལྔ་སྟེ་ཉེར་ལྔའམ། ཕུང་ཁམས་བཅུའི་སྟེང་དུ་སྐྱེ་མཆེད་བཅུ་གཉིས་ལུས་ངག་ཡིད་གསུམ་དང་ཉེར་ལྔ་ལ་དགོངས་ནས་གཙོ་འཁོར་ཉེར་ལྔ་པའི་སྒྲུབ་ཐབས་དང་། དེའི་སྟེང་དུ་ལས་དབང་ལྔ་དང་གསང་གནས་ཀྱི་འཁོར་ལོ་དང་གཙུག་ཏོར་གྱི་འཁོར་ལོ་བསྣན་པའི་སོ་གཉིས་སམ། ཕུང་ཁམས་དབང་ཡུལ་རྣམས་ལྔ་ཚན་གྱི་སྟེང་དུ་སྐྱེ་མཆེད་བཅུ་གཉིས་བསྣན་པས་སོ་གཉིས་སམ་མགྲིན་པ་དང་གསང་བའི་འཁོར་ལོའི་རྩ་འདབ་སོ་གཉིས་དང་རྩའི་གཙོ་མོ་སུམ་ཅུ་སོ་གཉིས་སོགས་ལ་དགོངས་ཏེ་གཙོ་འཁོར་སོ་གཉིས་པའི་སྒྲུབ་ཐབས་དང་། དེའི་སྟེང་དུ་མཆོག་གི་དབང་པོ་དང་དགའ་བ་རྫོགས་པ་བསྣན་པས་སོ་བཞིའམ་ཕུང་ཁམས་དབང་ཡུལ་དྲུག་ཚན་ཏུ་ཕྱེ་བས་ཉེར་བཞི། ལས་དབང་དྲུག་ལུས་ངག་སེམས་ཡེ་ཤེས་དང་བཅས་པའི་སོ་བཞི་ལ་དགོངས་ནས་གཙོ་འཁོར་སོ་བཞི་པོའི་སྒྲུབ་ཐབས་དང་། ཕུང་ཁམས་དབང་ཡུལ་ལས་བྱེད་བྱེད་ལས་རྣམས་དྲུག་ཚན་དུ་ཕྱེ་བས་སོ་དྲུག་ལུས་ངག་གཅིག་པ་ཉིད་དང་བཅས་པའི་སོ་བདུན་ལ་དགོངས་ནས་གཙོ་འཁོར་སོ་བདུན་པའི་སྒྲུབ་ཐབས་དང་། སྔར་བཤད་པའི་ཕུང་ཁམས་སོགས་ཉེར་ལྔ་ལ་ལུས་བསམ་གྱི་དབྱེ་བས་ལྔ་བཅུ། དེ་ལ་ཐབས་ཤེས་ཀྱི་དབྱེ་བས་བརྒྱ་ནས་བྱེ་བ་ལ་སོགས་བའི་བར་དུ་དབྱེར་ཡོད་པས་དེ་ལ་དགོངས་ནས་རིགས་བརྒྱ་ནས་དུ་མའི་བར་དུ་གསུངས་སོ། །དེ་དག་ནི་དཀྱིལ་འཁོར་གྱི་ལྷའི་གྲངས་རྣམས་གང་ལ་བརྟེན་ནས་ཇི་ལྟར་འགྱུར་བའི་ཚུལ་སྨོས་པ་ཡིན་ལ། ལྷ་རང་གི་ངོ་བོའི་སྒོ་ནས་ཀྱང་དཀྱིལ་འཁོར་ཀྱི་འཁོར་ལོ་གྲངས་མང་ཉུང་འགྱུར་བའི་ཚུལ་ཡང་དུས་འཁོར་དང་བརྟག་གཉིས་སོགས་ལས་རིགས་གཅིག་ནས་དུ་མའི་བར་གྱི་དབྱེ་བ་མཐའ་ཡས་པ་གསུངས་སོ། །གསུམ་པ་ནི། རྩ་རླུང་ནས། དེ་དང་མཚུངས། ཞེས་གསུངས་ཏེ། སྔར་བསྟན་པའི་རྩ་དང་རླུང་དང་ཐིག་ལེ་ལ་སོགས་པའི་དབྱེ་བ་ལ་ལྟོས་ནས་དཀྱིལ་འཁོར་གྱི་འཁོར་ལོའི་ལྷའི་གྲངས་སུ་སྦྱར་ཏེ་སྦྱང་གཞི་སེམས་ཅན་གྱི་རྣམ་རྟོག་གི་གྲངས་བཞིན་ཏུ་སྦྱོང་བྱེད་དཀྱིལ་འཁོར་གྱི་ལྷའི་གྲངས་ཀྱང་དེ་དང་ཆ་འདྲ་བར་བསྟན་པ་སྟེ། ཞལ་ཕྱག་གི་མང་ཉུང་དང་ཕྱག་མཚན་གྱི་རྣམ་འགྱུར་ཞི་ཁྲོ་ཆགས་གསུམ་གྱི་ཚུལ་ཡང་རྣམ་རྟོག་དེ་དང་སྤང་གཉེན་དུ་མཚུངས་པར་བསྟན་པར་ཤེས་པར་བྱའོ། །གཉིས་པ་དཀྱིལ་འཁོར་གྱི་ངེས་པ་ནི། ལུས་ལ་ནས། སྣང་བར་བཤད། ཅེས་གསུངས་ཏེ། ནང་རྡོ་རྗེའི་ལུས་ལ་དཀྱིལ་འཁོར་གྱི་འཁོར་ལོ་ཡང་ཚང་བ་དུས་འཁོར་དང་ངེས་བརྗོད་བླ་མ་སོགས་ནས་བཤད་པ་ནི། ཕྱི་རོལ་གྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་ཏུ། རྐང་མཐིལ་རྩོམ་བྱེད་རླུང་གི་དཀྱིལ་འཁོར་ཡིན་པ་ནས་སུམ་མདོ་ས་ཡིན་པའི་བར་འབྱུང་བ་རིམ་བརྩེགས་དང་། སིནྡྷུ་རྡོ་རྗེའི་ཐིག་ཟླུམ་པོ་དང་དཀྱིལ་འཁོར་གྱི་དབྱིབས་གྲུ་བཞི་པ་ནི་ལུས་འདོམ་གང་ཁྲུ་བཞིར་མཉམ་པ་དང་། གཡས་གཡོན་མདུན་རྒྱབ་ཟུར་བཞིའི་གྲུ་བཞི་དང་། སྟེང་འོག་གི་བུ་ག་བཞིའི་སྒོ་བཞི་དང་། སྣ་རྩེ་བཞིའི་རྟ་བབས་བཞི་ལ་སོགས་པ་དང་བཅས་པ་མདོར་བསྡུས་པ་ཙམ་ཡིན་གྱི། རྒྱས་པར་ནི་ཁོ་བོ་རང་བྱུང་རྡོ་རྗེས་དཀྱིལ་འཁོར་སྣང་བ་ཞེས་བྱ་བའི་བསྟན་བཅོས་སུ་བཤད་ཟིན་པས་དེར་བལྟ་བར་བྱ་དགོས་སོ། །ཞེས་ཞལ་འཕངས་པའོ། །གསུམ་པ་ཐབས་ཤེས་ཀྱི་རང་བཞིན་ལ་གསུམ། ཐབས་ཤེས་ཀྱི་རྣམས་གྲངས་སྤྱིར་བསྟན་པ། ཐབས་ཤེས་ཀྱི་རྒྱུད་ཀྱི་ཁྱད་པར། ཐབས་ཤེས་སུ་འགྱུར་ཚུལ་ཞིབ་ཏུ་བཤད་པའོ། །དང་པོ་ནི། ཕན་ཚུན་ནས། རང་བཞིན་གསུངས། ཞེས་གསུངས་ཏེ། སྤྱིར་ཤེས་བྱ་ཐམས་ཅད་ཐབས་ཤེས་ཀྱི་རང་བཞིན་ལས་མ་འདས་པས་ལྷ་དང་དཀྱིལ་འཁོར་ཐམས་ཅད་ཀྱང་ཐབས་ཤེས་ཀྱི་རང་བཞིན་ཁོ་ནར་གནས་ཏེ། དེའང་ཕན་ཚུན་ཐབས་དང་ཤེས་རབ་ནི་ཕན་ཚུན་གཅིག་ཐབས་སུ་བརྗོད་པའི་ཚེ་གཅིག་ཤོས་ཤེས་རབ་ཏུ་འགྱུར་ཏེ། གཅིག་ལ་ལྟོས་ནས་གཅིག་བཞག་པའི་ཕྱིར་རོ། །གཡས་གཡོན་ཐབས་ཤེས་ནི་གཡས་ཐབས་སུ་བརྗོད་པ་ན་གཡོན་ཤེས་རབ་སྟེ་རྟེན་འབྲེལ་དུ་གནས་པའི་ཕྱིར་རོ། །ལུས་སེམས་ཐབས་ཤེས་ནི་ལུས་ཐབས་སུ་བརྗོད་པ་ན་སེམས་ཤེས་རབ་དང་སེམས་ཐབས་སུ་བརྗོད་པ་ན་ལུས་ཤེས་རབ་ཏུ་འགྱུར་ཏེ། གཅིག་ལ་གཅིག་བརྟེན་ནས་སེམས་པ་སྐྱེ་བའི་ཕྱིར་རོ། །དཀར་དམར་ཐབས་ཤེས་ནི་ཐབས་ཀྱི་ལུས་ལས་བྱུང་བའི་དཀར་ཆ་ཤེས་རབ་དང་ཤེས་རབ་ཀྱི་ལུས་ལས་བྱུང་བའི་དམར་ཆ་ཐབས་ཏེ། ཕན་ཚུན་ཟུང་འཇུག་ཏུ་གནས་པའི་ཕྱིར་རོ། །བརྟེན་དང་བརྟེན་པའི་ཐབས་ཤེས་ནི་རྟེན་སྣོད་ཀྱི་འཇིག་རྟེན་ཐབས་སུ་བརྗོད་པ་ན་བརྟེན་པ་སེམས་ཅན་ཤེས་རབ་དང་སེམས་ཅན་ཐབས་སུ་བརྗོད་པ་ན་སྣོད་ཀྱི་འཇིག་རྟེན་ཤེས་རབ་སྟེ། ལྟོས་པའི་དབང་གིས་སྣོད་བཅུད་དུ་བརྗོད་པའི་ཕྱིར་རོ། །དེ་ལྟར་ན་ཐབས་ཤེས་ཀྱི་རང་བཞིན་དངོས་སུ་གསུངས་པ་དེ་ལ་ལུས་བསམ་གྱི་དབྱེ་བས་ཟློག་པའི་ཐབས་ཤེས་ལྔ་སྟེ་རྩ་བའི་ཐབས་ཤེས་བཅུ་པོ་འདིས་མཚོན་ནས་སྣང་སྲིད་མ་ལུས་པ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཏུ་གསུངས་ཤིང་། འདི་ལ་བརྟེན་ནས་རྒྱས་བཏབ་ཐམས་ཅད་ཀྱང་ཐབས་ལ་ཤེས་རབ་ཀྱི་རྒྱས་བཏབ་པ་སོགས་ཤེས་པར་བྱའོ། །གཉིས་པ་ནི། ཤེས་རབ་ནས། རང་བཞིན་ཡིན། ཞེས་གསུངས་པ་ཏེ། རྗོད་བྱེད་ཚིག་གི་རྒྱུད་ལ་ཤེས་རབ་བརྗོད་བྱའི་གཙོ་བོར་བསྟན་པའི་ཆ་ནས་ཤེས་རབ་མའི་རྒྱུད་དང་། ཐབས་བརྗོད་བྱའི་གཙོ་བོར་བསྟན་པའི་ཆ་ནས་ཐབས་ཕའི་རྒྱུད་ཅེས་པའི་ཐ་སྙད་དུ་བརྗོད་དེ་བརྗོད་བྱ་གཙོ་ཆེ་ཆུང་ཙམ་མ་གཏོགས་གཉིས་ཀ་ཟུང་འཇུག་ཏུ་མ་བསྟན་ན་རྣལ་འབྱོར་ཅེས་པའི་སྒྲ་མི་འཇུག་པས་དོན་དུ་བླ་མེད་ཀྱི་རྒྱུད་ཀུན་ཀྱང་ཐབས་ཤེས་གཉིས་སུ་མེད་པའི་རང་བཞིན་ཡིན་པས་གཉིས་མེད་ཀྱི་རྒྱུད་ཁོ་ན་སྟེ། འདུས་པ་ལས། རྣལ་འབྱོར་ཐབས་ཀྱི་ཚུལ་མིན་ཞིང་། །ཤེས་རབ་གཅིག་པུ་ཉིད་ཀྱང་མིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་འབྱུང་བས་སོ། །གསུམ་པ་ནི། མིག་ནི་ནས། བསྟན་བཞིན་གསུངས། ཞེས་གསུངས་ཏེ། ཐབས་ཤེས་སུ་འགྱུར་ཚུལ་ཞིབ་མོར་དབྱེ་ན། མིག་ནི་ཐབས་སུ་གྱུར་པ་ན་གཟུགས་ཤེས་རབ་བོ། །གཟུགས་ནི་ཐབས་སུ་གྱུར་པ་ན་མིག་ཤེས་རབ་བོ། །དེ་བཞིན་ཏུ་རྣ་བ་དང་སྒྲ་ནས་ཡིད་དང་ཆོས་ཀྱི་བར་དུ་ཐབས་ཤེས་སུ་སྦྱར་ཞིང་དེ་དག་གི་རྣམ་པར་ཤེས་པ་རྣམས་ཀྱང་ཡུལ་དང་ཕན་ཚུན་ཐབས་ཤེས་སུ་ཤེས་པར་བྱའོ། །གཞན་ཡང་རྩ་རོ་མ་ཐབས་སུ་གྱུར་པ་ན་དེའི་ནང་ནས་འབྱུང་བའི་རླུང་ཤེས་རབ་བོ། །རྩ་རྐྱང་མ་ཤེས་རབ་ཏུ་གྱུར་པ་ན་དེའི་ནང་ནས་འབྱུང་པའི་རླུང་ནི་ཐབས་སོ། །སྐྱེས་བུ་ཐབས་སུ་གྱུར་པ་ན་སེམས་བུད་མེད་ལ་འཇུག་པས་ཤེས་རབ་དང་བུད་མེད་ཤེས་རབ་ཏུ་གྱུར་པ་སེམས་ནི་སྐྱེས་པ་ལ་འཇུག་པས་ཐབས་སོ། །དབུས་ནི་ཤེས་རབ་ཏུ་བརྗོད་པ་ན་ཕྱོགས་རྣམས་ནི་ཐབས་སོ། །དོན་དམ་པ་ཐབས་སུ་བརྗོད་པ་ན་ཀུན་རྫོབ་ནི་ཤེས་རབ་བོ། །དེ་བཞིན་ཏུ་དེ་ལས་གོ་བཟློག་པ་སྔར་ཐབས་སུ་བརྗོད་པ་རྣམས་ཤེས་རབ་དང་ཤེས་རབ་ཏུ་བརྗོད་པ་རྣམས་ཐབས་སུ་བཤད་པའང་ལྟོས་པའི་དབང་གིས་འཐད་པ་ཡིན་ནོ། །དེས་ན་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་ལྟོས་པའི་དབང་གིས་ཐབས་ཤེས་སུ་འགྱུར་བ་ཡིན་ལ། རག་གི་ངོ་བོས་ནི་ཀུན་རྫོབ་ཀྱི་བདེན་པ་ཐབས་དང་དོན་དམ་པའི་བདེན་པ་ལ་ཤེས་རབ་ཏུ་བཞེད་པ་རང་འགྲེལ་གྱི་དགོངས་པ་ཡིན་ནོ། །དེ་ལ་སོགས་པ་ཕྱི་ནང་གཞན་གསུམ་སྣང་སྲིད་འཁོར་འདས་ཐམས་ཅད་ལ་ཐབས་ཤེས་ཀྱི་ཚུལ་དཔག་ཏུ་མེད་པ་སྦྱར་བ་ཤེས་པར་བྱའོ། །གཞན་ཡང་ཁ་དོག་སེར་ནག་དང་དཀར་དམར་ཐབས་ཤེས་དང་། ཡོན་ཏན་རོ་དང་གཟུགས་སོགས་པའི་ཐབས་ཤེས་ཀྱི་རིམ་པ་རྣམས་ནི་རླུང་དུ་ཇི་སྐད་བསྟན་པ་བཞིན་ཏུ་རྒྱུད་ལས་གསུངས་པས་འདིར་མ་སྤྲོས་སོ། །དེ་ལྟར་ཐབས་ཤེས་ཀྱི་རྣམ་པར་བཞག་པ་མཐའ་ཡས་པ་གསུངས་པ་ཐམས་ཅད་སྣང་བ་སེམས་དང་སེམས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་སྤྲོས་ན་སྣ་ཚོགས་པར་སྣང་ཀྱང་བསྡུས་ན་ལྷན་ཅིག་སྐྱེས་པ་འབའ་ཞིག་གི་རང་གདངས་སུ་ཤེས་པར་བྱའོ། །བཞི་པ་བསྐྱེད་རྫོགས་ཀྱི་ངེས་པ་ནི། དབྱིབས་སྐུ་ནས། རྫོགས་རིམ་གསུངས། ཞེས་གསུངས་ཏེ། དབྱིབས་སུ་སྣང་བ་ཐམས་ཅད་སྐུ་དང་རླུང་དང་བརྗོད་པ་ཐམས་ཅད་སྔགས་ཏེ་དེ་དག་ནི་བསྐྱེད་པའི་རིམ་དང་། ཐིག་ལེ་དང་ནཱ་ད་སོགས་ལ་དམིགས་ནས་ཡིད་ཀྱིས་སེམས་པ་ཐམས་ཅད་ནི་ཐིག་ལེ་རྫོགས་པའི་རིམ་པ་སྟེ། རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་དགོངས་པའོ། །སྦྱང་གཞིའི་སྒོ་ནས་རིམ་གཉིས་སུ་བཞག་པ་ནི། སྲིད་པར་སྐྱེ་བ་བསྐྱེད་པའི་རིམ་པ་ཞེས་བསྟན་པ་སྟེ་སྲིད་པར་འཆི་བ་ལ་རྫོགས་པའི་རིམ་པ་ཉིད་ཡིན་པར་བསྟན་པ་ནི་འདུས་པའི་དགོངས་པ་འཕགས་པ་ཡབ་སྲས་ཀྱིས་བཞེད་དོ། །ལམ་རང་གི་ངོ་བོའི་སྒོ་ནས་རིམ་གཉིས་སུ་བཞག་པ་ནི་རྟོག་པས་ཀུན་ཏུ་བཏགས་ཏེ་དབྱིབས་ལ་སོགས་པ་སྒོམ་པ་རྣམས་བསྐྱེད་པའི་རིམ་པར་བྱ་སྟེ། གཞན་དབང་ཡིད་ཀྱི་ཐིག་ལེ་དང་འབྲེལ་བ་རྣམ་པ་དང་བཅས་པ་རྣམས་བསྡུས་ནས་ཐིག་ལེ་དང་ནཱ་ད་ལ་སོགས་པ་རྣམ་པར་ཤེས་པ་ཙམ་ལ་སེམས་འཛིན་པ་ནི་རྫོགས་རིམ་དུ་བཤད་དེ་དགྱེས་རྡོར་ལ་སོགས་པའི་དགོངས་པ་བི་རཱུ་པ་སོགས་ཀྱིས་བཤད་དོ། །གཞན་ཡང་སྦྱངས་འབྲས་ཀྱི་དབང་དུ་བྱས་ནས་ཐུན་མོང་བའི་དངོས་གྲུབ་བསྐྱེད་རིམ་དང་མཆོག་གི་དངོས་གྲུབ་ལ་རྫོགས་རིམ་དུ་བཤད་པའང་ཡོད་དོ། །དེ་ནི་སེམས་འགྲེལ་སྐོར་གསུམ་ལ་སོགས་པའི་དགོངས་པའོ། །མཐར་ཐུག་པའི་གནས་ལུགས་ཀྱི་བསྐྱེད་རྫོགས་ཆེན་པོའི་དབང་དུ་བྱས་ནས་སྣང་བ་ལ་འཛིན་པ་ཐམས་ཅད་དང་བྲལ་བའི་ཀུན་རྫོབ་ཀྱི་བདེན་པ་ནི་བསྐྱེད་པའི་རིམ་པ་སྟེ་སངས་རྒྱས་ཀྱི་གཟུགས་སྐུ་སྐྱེད་པར་བྱེད་པས་སོ། །སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་དོན་དམ་པའི་བདེན་པ་ནི་རྫོགས་པའི་རིམ་པར་བཤད་དེ་ཆོས་ཐམས་ཅད་དོན་དམ་དེ་ལ་རྫོགས་པས་སོ། །འདི་ནི་འཁོར་ལོ་སྡོམ་པ་སོགས་མ་རྒྱུད་ཀྱི་དགོངས་པ་སྟེ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ་ཟུང་འཇུག་གི་ཉམས་ལེན་ཐམས་ཅད་ཚང་བར་བཞེད་དོ། །གཞན་ཡང་བདེན་པ་གཉིས་ལ་འཇུག་པའི་ཐབས་རྣམས་བསྐྱེད་པའི་རིམ་པ་ཡིན་ཏེ་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་སྐྱེད་པས་སོ། །བདེན་གཉིས་དབྱེར་མེད་ཀྱི་ཤེས་རབ་སངས་རྒྱས་ཀྱི་སྙིང་པོ་ནི་རྫོགས་པའི་རིམ་པར་གསུངས་ཏེ། སྦྱང་གཞི་བདེ་གཤེགས་སྙིང་པོ་ལ་ཡོན་ཏན་དྲུག་ཅུ་རྩ་བཞི་ཡེ་གདོད་མ་ནས་རྫོགས་པ་ཉིད་སྒྲིབ་བྲལ་དུ་མངོན་དུ་གྱུར་པ་ལ་འབྲས་བུར་བཞག་པས་སོ། །གནད་འདི་ཁོང་དུ་ཆུད་ན་བཀའ་བརྒྱུད་རིན་པོ་ཆེའི་བཞེད་པའི་གཞི་འབྲས་དབྱེར་མེད་ཀྱི་དོན་ལ་དཀའ་བ་མེད་དེ། གཞི་དུས་ཀྱི་ཡོན་ཏན་དྲི་མ་དག་པས་འབྲས་བུར་བརྗོད་ཅིང་དེ་གཉིས་ཀྱི་ངོ་བོ་ལ་དབྱེ་བ་མེད་པ་ཉིད་དེའི་དོན་ཡིན་པར་རྒྱལ་བའི་དབང་པོས་བཞེད་དོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལ་ནས། ངང་དུ་སྤྱད། ཅེས་གསུངས་ཏེ། ཇི་སྐད་བཤད་པ་དེ་རྣམས་ལ་སོགས་པ་ཐབས་ཤེས་སུ་སྦྱོང་ཚུལ་དང་བསྐྱེད་རྫོགས་ལ་སོགས་པ་ཐམས་ཅད་ཀྱང་ཕྱི་དང་ནང་དང་གཞན་གསུམ་གྱི་རིམ་པས་མཐར་ཐུག་གི་འབྲས་བུ་གནས་ལུགས་ཀྱི་ཡེ་ཤེས་ཉག་གཅིག་ཏུ་སྦྱོར་བ་སྟེ་དེ་རྟོགས་པ་ནི་རྡོ་རྗེ་ཐེག་པའི་རྩ་བ་ཡིན་པས་ཐམས་ཅད་མདོར་བསྡུས་ཏེ་བརྗོད་པ་ཡིན་ནོ། །དཔེ་ཇི་ལྟར་ན་ཧེ་བཛྭ་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཞེས་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཨེ་ཝྃ་ཐབས་ཤེས་ཀྱི་གནས་ལུགས་སུ་བསྡུས་ནས་བཤད་པ་ཇི་ལྟ་བ་བཞིན་ནོ། །མདོར་ན་རྣལ་འབྱོར་པས་བདེན་པ་གཉིས་ཀྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་ལ་དངོས་པོ་འཛིན་པ་མེད་པའི་ངང་ནས་དྲི་མ་སྦྱང་བར་བྱའོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་རྒྱས་པར་བཤད་པའི་ཚིགས་འགྲེལ་ལས་བསྐྱེད་རིམ་ཀུན་བརྟགས་ཀྱི་ལྷ་དང་དཀྱིལ་འཁོར་ཇི་ལྟར་འབྱུང་བའི་ཚུལ་བསྟན་པའི་དུམ་བུ་སྟེ། ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ཀུན་རྫོབ་སྣང་བའི་ཆ་ལ་བརྟེན་པའི་འཁྲུལ་པ་རགས་པ་རྣམས་བསྐྱེད་རིམ་གྱིས་བཅིངས་པའི་ཚུལ་བཤད་ཟིན་ནས། །དེ་ལས་གཞན་པའི་འཁྲུལ་པ་ཕྲ་རགས་མ་ལུས་པ་ས་བོན་དང་བཅས་པ་རྩད་ནས་གཅོད་པ་ལ་ལྷན་ཅིག་སྐྱེས་པ་ཟུང་འཇུག་གི་ལམ་ཕྱིན་ཅི་མ་ལོག་པར་ཤེས་པའི་ཕྱིར་དུ་སྦྱང་གཞི་དང་སྦྱོང་བྱེད་སྦྱར་བའི་ལེའུ་འདི་འཆད་པ་ལ་གཉིས། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ནས་ནས། བསྟན་པར་བྱ། །ཞེས་གསུངས་ཏེ། དེའང་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་རྣམས་ནི་སེམས་དག་པ་དང་མ་དག་པའི་ཆོ་འཕྲུལ་ལས་སྣང་བ་ཉིད་ཀྱིས་ན། དེ་ཐམས་ཅད་ཀྱི་སྦྱང་གཞི་དང་སྦྱོང་བྱེད་ཀྱི་གཉེན་པོ་ལྷའི་འཁོར་ལོ་བསྒོམ་པ་ལ་སོགས་པ་ལེའུ་སྔ་མར་གསུངས་པ་དེའི་ངེས་པ་གང་ཡིན་པ་ཡང་ནི་འདི་ལྟར་བསྟན་པར་བྱའོ། །གཉིས་པ་རྒྱས་བཤད་ལ་དྲུག །ཡང་དག་པའི་བདེན་པ་གཉིས་བཤད་པ། དེའི་ཚུལ་མ་རྟོགས་པས་འཁྲུལ་པའི་ལོག་རྟོག་སྦང་པ། སྤང་གཉེན་གྱི་རྩ་བ། བྱེ་བྲག་ཏུ་རྒྱུད་སྡེའི་གཉེན་པོའི་ངེས་པ་མདོར་བསྟན་པ། རྒྱས་པར་བཤད་པ། དེ་ཉིད་རྒྱུད་ཀྱི་ལྷ་ཐམས་ཅད་དང་སྦྱར་བའོ། །དང་པོ་ནི། སེམས་ཅན་ནས། ཆོས་ཀུན་བསྟན། ཅེས་གསུངས་ཏེ། སེམས་ཅན་གྱི་ཁམས་གཞི་དུས་ཀྱི་དག་པ་གཉིས་དང་ལྡན་པ་ནི་སངས་རྒྱས་ཀྱི་སྙིང་པོ་རང་བྱུང་གི་ཡེ་ཤེས་ཡིན་ནོ། །དེའི་ངོ་བོ་ཚོགས་བརྒྱད་ཀྱི་འཁྲུལ་པའི་དྲི་མ་མེད་ཅིང་རང་བཞིན་གྱིས་དག་པའི་དོན་དམ་པའི་བདེན་པ་དང་དེའི་ཡེ་ཤེས་ཀྱི་རང་འོད་ཀུན་རྫོབ་ཀྱི་བདེན་པ་གཉིས་ཟུང་དུ་འཇུག་པ་དང་ལྡན་པ་སྟེ་གསང་འདུས་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། བདེན་པ་རྣམ་པ་གཉིས་ཀྱི་དགོངས་པ་ནི་འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པའོ། །རིགས་ཀྱི་བུ་ཀུན་རྫོབ་ནི་བརྟན་པ་དང་གཡོ་བའོ། དེའི་བདེན་པ་ནི་ཆུ་ཟླ་ལྟ་བུའོ། །དོན་དམ་པའི་བདེན་པ་ནི་སྟོང་པ་ཆེན་པོ་བཅོ་བརྒྱད་དོ། །དེའི་མཐའ་ནི་གནས་སོ། །ཞེས་གསུངས་པ་ལྟར། ཀུན་རྫོབ་ནི་གཟུང་འཛིན་གྱི་སྣང་བ་སྟེ་དོན་ལ་མེད་བཞིན་ཏུ་རྟོག་པས་ཀུན་ཏུ་བརྟགས་པ་སྣོད་བཅུད་ལ་སོགས་པའི་སྣང་བ་དང་བདེན་པ་ནི་སྣང་ཡང་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུར་གསུངས་པས་བློ་འཁྲུལ་པའི་ངོར་བདེན་པ་ཙམ་ཡིན་ལ། དོན་དམ་པ་ནི་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་ཉིད་བཅོ་བརྒྱད་ཀྱི་རྣམ་པར་བཤད་པའི་རང་བཞིན་སྟོང་པ་ཉིད་དང་བདེན་པ་ནི་གཟུང་འཛིན་གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་ལ་བརྗོད་དེ་རང་རིག་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའི་ཕྱིར་དོན་དམ་དུའང་ཡོད་པས་སོ། །བདེན་གཉིས་ཟུང་འཇུག་དབྱེར་མེད་ལྷན་ཅིག་སྐྱེས་པའི་ཚུལ་འདི་ལྟ་བུ་ལ་བརྟེན་ནས་གནས་ལུགས་དེ་ལ་སོ་སོར་རྟོག་པར་བྱེད་པའི་ཡང་དག་པའི་རྟོག་པས་བསྐྱེད་པ་ལྟ་བ་ཕྱིན་ཅི་མ་ལོག་པར་མངོན་དུ་རྟོགས་པར་འགྱུར་ལ། དེ་ལྟར་རྟོགས་པའམ་བསྐྱེད་པའི་གཉེན་པོ་ཡེ་ཤེས་ནི་གཟུང་འཛིན་གྱི་རྣམ་རྟོག་སྦྱོང་བར་བྱེད་པའི་ཐབས་ཡིན་པར་སྔགས་དང་རྣལ་འབྱོར་སྤྱོད་པ་དང་དབུ་མའི་གཞུང་ལས་ཀྱང་བཤད་ལ། སྦྱང་གཞི་དང་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་རྣམས་གྲངས་མཐུན་པའི་ཕྱིར། སྦྱང་གཞིའི་གྲངས་ཇི་ལྟ་བ་བཞིན་དུ་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་དང་བཅས་པའི་ཆོས་ཀུན་ཀྱང་དེ་དང་མཚུངས་པར་རྒྱུད་སྡེ་དུ་མ་ལས་བསྟན་ཞིང་དེ་ལྟ་བུས་དྲི་མ་སྦྱོང་བའི་ཚུལ་འཐད་པ་དང་བཅས་པ་གསུངས་སོ། །དེའང་རྡོ་རྗེ་ཐེག་པ་ལས་ཡང་དག་པའི་འབྲས་བུ་ཡེ་ཤེས་དེ་དང་རྗེས་སུ་མཐུན་པའི་གཉེན་པོའི་ཤེས་པ་སྐྱེད་པ་ཡང་དག་པའི་ལྟ་བ་འབྱུང་བའི་རྒྱུ་སངས་རྒྱས་ཀྱི་ཆོས་རྣམ་པར་དཀར་བ་དག་ནི་དབྱེ་བ་མེད་པའི་ཕྱིར་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ་བ་ཡིན་ལ། བདེན་པ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལྷ་སྔགས་བདེ་ཆེན་གྱི་རང་བཞིན་དུ་རྣམ་པར་དག་པ་ནི་སྦྱང་གཞི། ཀུན་རྫོབ་ཀྱི་རྣམ་པར་རྟོག་པ་ལ་བརྟེན་ནས་སྐྱེས་པའི་དོན་དམ་རྟོགས་པའི་ཤེས་རབ་ནི་སྦྱོང་བྱེད་དུ་བཤད་པས་བདེན་གཉིས་ཐབས་དང་ཐབས་བྱུང་དུ་འབྲེལ་བར་ཐ་སྙད་ལ་ནི་མ་བརྟེན་པར། དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ལ་མ་བརྟེན་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་ཀླུ་སྒྲུབ་ཀྱི་གསུངས་པ་ལྟར། དེའང་སྣང་ཚུལ་ཀུན་རྫོབ་ལྟར་ཐབས་བསོད་ནམས་བསགས་པས་ཤེས་རབ་ཀྱི་དབང་པོ་འཕེལ། ཤེས་རབ་དེས་གནས་ཚུལ་དོན་དམ་དང་མཐུན་པར་ཡེ་ཤེས་ཀྱི་ཚོགས་ལ་མཉམ་པར་བཞག་པས་སྒོམ་བྱུང་གི་ཤེས་རབ་སྐྱེ་ཞིང་བསོད་ནམས་ཀྱང་ལྷག་པར་སྤེལ་ནུས་ཏེ། དཔེར་ན། རྨི་ལམ་དུ་རྨི་ལམ་རང་བཞིན་མེད་པར་ཤེས་པས་སྤྲུལ་བསྒྱུར་ནུས་པ་ལྟ་བུའོ། །གཉིས་པ་དེ་ཚུལ་མ་རྟོགས་པས་འཁྲུལ་པའི་ལོག་རྟོག་སྤང་བ་ལ་གཉིས། ཕྱི་རོལ་པ་དང་། ཐེག་པ་དམན་པའོ། །དང་པོ་ནི། ཚོངས་སོགས་ནས། འབྱུང་བར་གསུངས། ཞེས་གསུངས་ཏེ། མུ་སྟེགས་ཚངས་པ་པ་དང་། སོགས་ཁོངས་ནས། ཁྱབ་འཇུག་པ་དང་། དབང་ཕྱུག་པ་དང་། ལྷའི་བླ་མ་ཕུར་བུ་པ་དང་། ར་་ཎ་དང་། གྲངས་ཅན་པ་དང་། གཅེར་བུ་པ་རྣམས་ཀྱི་གྲུབ་པའི་མཐའ་ཐམས་ཅད་ཀྱང་རྣམ་པར་རྟོག་པ་འབབ་ཞིག་གིས་བཏགས་ཤིང་བྱས་པའི་ལོག་པའི་ཤེས་བྱ་ཡིན་པས། འདི་དག་དགག་པའི་ཚུལ་རྒྱས་པར་དབུ་ཚད་ཀྱི་གཞུང་རྣམས་ལས་རྒྱས་པར་འབྱུང་ངོ་། །དེས་ན་རྒྱུ་དང་རྐྱེན་ལྡན་པ་དང་འདུ་བའི་འབྲེལ་པ་དགོངས་པའི་གྲངས་ཅན་པ་རྟག་པའི་མཐར་ལྷུང་བ་རྣམས་དང་། ཚེ་སྔ་ཕྱི་མེད་པར་འཛིན་པ་རྒྱང་འཕེན་པ་ཆད་པའི་མཐར་ལྷུང་བ་སྟེ་མུ་སྟེགས་པ་ལོག་པའི་ལྟ་བ་དྲུག་ཅུ་རྩ་བཞིས་བསྐྱེད་པ་ཐམས་ཅད་ཀྱང་རྟག་ཆད་སྨྲ་བ་འདི་གཉིས་སུ་འདུ་ཞིང་། དེ་ལྟར་ལོག་པའི་ལྟ་བ་སྣ་ཚོགས་པ་ཐམས་ཅད་ཀྱང་ལུས་སེམས་ཀྱི་གཟུང་འཛིན་ལ་བརྟེན་ནས་བྱུང་བར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ཚངས་པ་དྲྭ་བ་ལས་གསུངས་ཤིང་འཁྲུལ་པས་བདག་ཏུ་སྨྲ་བའི་ལོག་ལྟ་དེ་རྣམས་བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ཀྱི་ལུང་དང་རིགས་པས་བཀག་ནས་ཡང་དག་པའི་ལྟ་བ་ལ་དྲང་བར་བྱའོ། །གཉིས་པ་ཐེག་པ་དམན་པས་བཏགས་པའི་ལོག་རྟོག་སྤང་བ་ལ་གསུམ། ཉན་ཐོས་སྡེ་གཉིས་ཀྱི་འདོད་པ་སྤྱིར་དགག །གནས་མ་བུ་པས་བཏགས་པའི་བདག་བྱེ་བྲག་ཏུ་དགག །སྤང་གཉེན་གྱི་རིམ་པ་བསྟན་པའོ། །དང་པོ་ནི། ཕྱི་རོལ་ནས། གསུངས་པ་ཡོད། ཅེས་གསུངས་ཏེ། རང་སྡེ་ཉན་ཐོས་སྡེ་གཉིས་ཀྱི་འདོད་པ་ལ་ཕྱི་རོལ་གྱི་འཇིག་རྟེན་གྱི་ཁམས་ལ་སོགས་པ་རྣམས་སེམས་ལས་དོན་གཞན་པའི་རྡུལ་ཕྲན་ལས་གྲུབ་པ་བདེན་པའི་རྫས་སུ་འདོད་ཅིང་། རགས་པ་བརྩོམས་པའི་ཚེ་རྡུལ་ཕྲན་ཕན་ཚུན་རེག་ལ་མ་འབྱར་བ་བར་དང་བཅས་པ་གཡག་རྔ་དང་ནེའུ་སིང་ལྟ་བུ་དང་། བར་མེད་པ་པོ་ཏི་དང་ནས་ཕུང་ལྟ་བུ། སྡུད་བྱེད་ཀྱི་རླུང་གིས་བསྡོམས་ནས་གནས་པར་འདོད་ལ། དབང་ཤེས་ལ་སྣང་བའི་ཚེ་བྱེ་བྲག་སྨྲ་བས་བར་སྐབས་སུ་རྣམ་པ་མེད་པ་མངོན་སུམ་པ་རྣམ་མེད་རྗེན་ཆར་དུ་འདོད་ཅིང་། མདོ་སྡེ་པས་ནི་དབང་ཤེས་ལ་རྡུལ་ཕྲན་དངོས་སུ་མི་སྣང་བར་གོས་ཀྱི་ཕག་ན་ལག་མགོ་ཡོད་པ་ལྟར་རྡུལ་ཕྲ་རབས་ཀྱི་རྣམ་པ་སྣང་བ་ཕག་ན་མོའི་ཚུལ་དུ་འདོད་དོ། །འདོད་པ་དེ་གཉིས་ཀའང་ཀུན་གཞི་འདུ་བྱེད་པའི་ཡིད་དང་བཅས་པའི་བག་ཆགས་ཀྱི་རྣམ་འགྱུར་ལས་ཡུལ་སྣ་ཚོགས་སུ་སྣང་བའི་ཆ་དེ་ནི་ནུས་པ་སྟེ་བག་ཆགས་ལས་བྱུང་བར་མ་རྟོགས་པའི་དབང་གིས་དོན་གཞན་ཏུ་རྟོག་པའི་འཁྲུལ་པ་ཡིན་གྱི་སེམས་ལས་དོན་གཞན་དུ་བདེན་པར་མེད་དེ། སེམས་ཅན་གྱི་སྣང་བ་ལ་ཤར་བའི་ཀུན་རྫོབ་ཀྱི་སྣང་ཆ་མཐའ་དག་འཁྲུལ་པའི་བག་ཆགས་ལས་བྱུང་བའི་ཕྱིར། འོན་ཀྱང་བདག་དང་གཙོ་བོ་སོགས་བྱེད་པ་པོར་འདོད་པ་དགག་པའི་ཕྱིར་རྡུལ་ཕྲ་རབ་འདུས་པའི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་ཕྱི་རོལ་གྱི་དོན་རང་མཚན་པ་ཡོད་པ་ལྟ་བུར་རྒྱལ་བས་གསུངས་པ་ཡོད་ཀྱང་དགོངས་པའི་དབང་གིས་གསུངས་བར་ཤེས་པར་བྱ་སྟེ། བྱང་ཆུབ་སེམས་འགྲེལ་ལས། བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །ཕུང་པོ་ཁམས་སོགས་བསྟན་པ་ཡིན། །ཞེས་གསུངས་པའོ། །གཉིས་པ་ནི། བདག་དང་ནས། ཞེས་སུ་བསྟན། ཞེས་གསུངས་ཏེ། རང་སྡེ་གནས་མ་བུ་པ་སོགས་འགའ་ཞིག་མདོ་ལས། དགེ་སློང་དག་ཁུར་ཡོད་དོ། །ཁུར་འཁུར་བ་པོ་ནི་གང་ཟག་གོ་ཞེས་གསུངས་པ་ལ་བརྟེན་ནས་བརྗོད་དུ་མེད་པའི་གང་ཟག་གི་བདག་ཁས་ལེན་པ་དེ་ནི་འཐད་པ་མིན་ཏོ། །བདག་དང་གང་ཟག་ལ་སོགས་པ་རྣམས་ནི་རྟོག་པས་སྒྲོ་བཏགས་པའི་བཏགས་ཡོད་མིང་རྐྱང་ཙམ་དུ་བརྗོད་པ་ཡིན་གྱི་བདེན་པའི་རྫས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་པའི་ཕྱིར། གལ་ཏེ་ཡོད་ན་བདག་དེ་ཐར་པའི་ཕྱོགས་ན་ཡོད་ན་ནི་སེམས་ཅན་རྣམས་འབད་པ་མེད་པར་ཐལ་བར་འགྱུར་བའམ། འཁོར་བའི་ཕྱོགས་སུ་ཡོད་ན་སེམས་ཅན་འཁོར་བ་ལས་ཐར་བ་མེད་པའི་སྐྱོན་དུ་འགྱུར་རོ་ཞེས་མདོ་སྡེ་རྒྱན་དུ་བསྟན་ཏེ། དེ་ལས། གང་ཟག་བཏགས་པར་ཡོད་ཉིད་དུ། །བརྗོད་བྱ་རྫས་སུ་མ་ཡིན་ནོ། །ཞེས་སོགས་པས་སོ། །གསུམ་པ་ནི། དེ་སོགས་ནས། ཀྱིས་གསུངས་བཞིན། ཅེས་གསུངས་ཏེ། ཇི་སྐད་བཤད་པ་དེ་དག་ལ་སོགས་པ་སྟེ། བྱེ་བྲག་སྨྲ་བས་ཕྱི་དོན་བདེན་པར་འདོད་པ་དང་། མདོ་སྡེ་བས་ནི་ཕྱི་དོན་བདེན་པ་མིན་ཀྱང་རང་དུས་ཀྱི་སྣང་བ་སེམས་སྣང་དུ་བདེན་པར་འདོད་པ་དང་། སེམས་ཙམ་པས། རྨི་ལམ་གྱི་སྣང་བ་ལྟར་སེམས་ལས་གཞན་མ་ཡིན་པས་སེམས་རང་རིག་རང་གསལ་བདེན་པར་འདོད་པ་དང་། དབུ་མ་པས་སེམས་ཀྱང་བདེན་མེད་དུ་འདོད་ལ། དབུ་མ་ཆེན་པོ་པ་རྣམས་ཀྱི ས་མེད་ཙམ་གྱི་མེད་དགག་དེ་ཡང་མ་ཡིན་པར་མཐའ་བཞི་ལས་རྣམ་པར་གྲོལ་བའི་ཟུང་འཇུག་གི་ཡེ་ཤེས་སོ་སོ་རང་རིག་པ་ཙམ་ཞིག་ཡང་དག་པའི་དོན་ཏུ་འདོད་པ་སོགས་ཏེ། དོན་ཏུ་སྣང་སྲིད་ཐམས་ཅད་སེམས་ལ་སྣང་བའི་སྣང་ཆ་ཙམ་ལས་རང་གི་ངོ་བོས་གྲུབ་པ་ནི་མེད་དོ། །དེའི་ཕྱིར་སྤང་བྱ་གཉིས་འཛིན་གྱི་དྲི་མ་སྤོང་བ་དང་གཉེན་པོ་གཉིས་མེད་རྟོགས་པའི་ཡེ་ཤེས་སྐྱེ་བའི་རིམ་པ་རྣམས་ཀྱང་སྔོན་གྱི་མཁས་པ་རྣམས་ཀྱིས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །དེ་ཡང་བདག་ཏུ་རྟོགས་པའི་གཉེན་པོར་བདག་མེད་པ་བསྒོམ་ནས་དོན་གཞན་ཏུ་འཁྲུལ་པའི་གཉེན་པོར་སེམས་ཙམ་དུ་ཤེས་པར་བྱས་ཏེ་རྣམ་པར་རིག་པ་ཙམ་དུ་འཛིན་པ་དེ་ཡང་སྤྲོས་པ་དང་བྲལ་བར་རྟོགས་ནས་ཡང་དག་པའི་ལམ་ལ་རིམ་གྱི་འཇུག་པ་ནི་སྤང་གཉེན་མཐའ་ཡས་པར་བཤད་པ་རྣམས་ཀྱི་སྙིང་པོར་ཤེས་པར་བྱའོ། །གསུམ་པ་སྤང་གཉེན་གྱི་རྩ་བ་བསྟན་པ་ལ་གཉིས། མདོར་བསྟན་པ། ཆོས་སྒོའི་གྲངས་རྒྱས་པར་བཤད་པའོ། །དང་པོ་ནི། འདིར་ནི་ནས། གཤེགས་པས་གསུངས་ཞེས་གསུངས་ཏེ། བླ་ན་མེད་པའི་རྒྱུད་ལས་སྤང་གཉེན་བསྟན་པའི་སྐབས་འདིར་ནི་ལུས་སེམས་ལ་སྣང་ཞིང་སེམས་ལུས་ལ་བརྟེན་པར་བཤད་པས་ཀུན་གཞིའི་རྣམ་ཤེས་ཀྱང་ཡུལ་དུ་སྣང་བའི་ལུས་འདི་ལ་བརྟེན་ནས་རྟེན་འབྲེལ་ཙམ་དུ་བྱུང་བའི་རྩ་ལུང་ཐིག་ལེའི་ངེས་པ་ཡིས་སྦྱང་གཞི་སྦྱོང་བྱེད་དང་བསྟུན་པའི་སྤང་བྱ་དང་གཉེན་པོའི་ངེས་པ་དེ་བཞིན་གཤེགས་པ་ཐམས་ཅད་གཟིགས་པས་རྒྱུད་རྣམས་ལས་གསུངས་སོ། །གཉིས་པ་ནི། ཁྱད་པར་ནས། རགས་རིམ་གྲངས། ཞེས་གསུངས་ཏེ། སྤྱི་བསྟན་པ་དེ་རྣམས་ལས་ཀྱང་ཁྱད་པར་དུ་ཁམས་དྲུག་རྡོ་རྗེའི་ལུས་དང་ལྡན་པའི་སྐྱེས་བུའི་དབུགས་ཉི་ཁྲི་དྲུག་བརྒྱ་འབྱུང་བའི་ཡུན་ལ་ཞག་གཅིག་ཏུ་བྱས་པའི་ལོ་བརྒྱའི་རླུང་ཇི་སྙེད་ཡོད་པ་ཐམས་ཅད་གཅིག་ཏུ་བསྡོམས་ན་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་ས་ཡ་ཕྲག་བདུན་དང་འབུམ་ཕྲག་དྲུག་རྣམས་ཡོད་ལ་རླུང་སེམས་གཅིག་པའི་གནས་ཀས་སྦྱང་གཞི་རྣམ་པར་རྟོག་པའི་གྲངས་དེ་རྣམས་སྦྱོང་བའི་ཕྱིར་དུ་གཉེན་པོ་ཆོས་ཀྱི་སྒོ་ཡང་སྤང་བྱ་དེ་དང་གྲངས་མཉམ་པར་དུང་ཕྱུར་ཕྲག་བདུན་དང་བྱེ་བ་ཕྲག་བདུན་ས་ཡ་ཕྲག་བདུན་འབུམ་ཕྲག་དྲུག་རྣམས་གསུངས་པ་ཡིན་ལ། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་ངེས་པ་བསྟན་པ་ནི་སྤང་གཉེན་གྱི་རྩ་བ་རགས་རིམ་ཙམ་གྱི་གྲགས་སུ་བསྟན་པ་སྟེ། ཐེག་པ་ཐུན་མོང་བའི་དབང་དུ་བྱས་པའོ། །འདིར་ཕྲ་བ་སྲིན་བུ་ནས་རགས་པ་འོག་མིན་པའི་བར་གྱི་འགྲོ་བ་ཐམས་ཅད་ཚེའི་ཚད་ལོ་བརྒྱ་པར་བཤད་པ་ཡིན་ལ། དེའང་དབུགས་དྲུག་ལ་ཆུ་སྲང་། དེ་དྲུག་བཅུ་ལ་ཆུ་ཚོད། དེ་དྲུག་ཅུར་ཉིན་ཞག་ཏུ་བྱས་པའི་རང་རང་གི་དབུགས་གྲངས་ལ་བརྩིས་པ་སྟེ། མིའི་ཞག་གཅིག་ལ་སྲིན་བུ་ཕྲ་མོའི་ལོ་བརྒྱ་དང་། མིའི་ལོ་གཅིག་ལ་འོག་མིན་པའི་དབུགས་གཅིག་ཡིན་པ་སོགས་ཀྱང་ཤེས་པར་བྱའོ། །འཇམ་དབྱངས་ཆེན་པོ་ཡབ་སྲས་ཀྱིས། ལོ་བརྒྱའི་ཡེ་ཤེས་ཀྱི་ཆ་ལ་བརྒྱད་ཁྲི་བཞི་སྟོང་ཡོད་པ་སྦྱང་གཞིར་བྱས་ནས་སྦྱོང་བྱེད་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་རགས་རིམ་གྱི་གྲངས་ཡིན་པར་གྲགས་ཞེས་གསུངས་སོ། །བཞི་པ་བྱེ་བྲག་ཏུ་གཉན་པོ་རྒྱུད་སྡེའི་ངེས་པ་མདོར་བསྟན་པ་ལ་གཉིས། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། དེ་ལ་ནས། བླ་མེད་རྒྱུད། ཅེས་གསུངས་ཏེ། ལོ་བརྒྱའི་རླུང་དེ་ཙམ་ཞིག་ཡོད་པ་ལས་དབུགས་སོ་གཉིས་ཆའི་ཡེ་ཤེས་ཀྱི་རླུང་ཇི་སྙེད་ཅིག་རྒྱུད་རྣམས་བསྡོམས་ནས་ཡ་ཉི་ཤུ་རྩ་བཞི་དང་འབུམ་ཕྲག་གསུམ་ཡོད་པས་དེ་དག་ནི་མྱ་ངན་ལས་འདས་པའི་ལམ་གཉེན་པོའི་ངོ་བོར་ལྡན་པས་ཐབས་ཀྱིས་ཟིན་ན་གཉེན་པོ་རྣམས་ཀྱི་མཆོག་ཏུ་འགྱུར་བ་སྟེ། ལོ་གསུམ་ཕྱོགས་གསུམ་གྱིས་རྡོ་རྗེ་འཆང་འགྲུབ་པར་གསུང་པ་དང་གནད་ཅིག་གོ །དེས་ན་ཡེ་ཤེས་ཀྱི་རླུང་དེའི་གྲངས་དང་མཐུན་པར་བླ་ན་མེད་པའི་རྒྱུད་སྡེ་རྣམས་གསུངས་པས་བླ་མེད་རྒྱུད་ཀྱི་ཡན་ལག་གི་གྲངས་ཀྱང་ས་ཡ་ཉེར་བཞི་དང་འབུམ་ཕྲག་གསུམ་ཡོད་དོ། །གཉིས་པ་ནི། དེ་ཕྱིར་ནས། གསུངས་པ་ཡིན། ཅེས་གསུངས་ཏེ། ཡེ་ཤེས་ཀྱི་རླུང་ལ་ལྟོས་ནས་བླ་མེད་ཀྱི་རྒྱུད་གསུངས་པ་དེའི་ཕྱིར། ལོ་བརྒྱའི་ཡེ་ཤེས་ཀྱི་རླུང་རྣམས་གཅིག་ཏུ་བསྡོམ་པས་ལོ་གསུམ་དང་ཟླ་བའི་ཕྱོགས་གསུམ་གྱི་དབུགས་དང་མཉམ་པས། དེ་ཡང་ལོ་གསུམ་ཕྱོགས་གསུམ་གྱི་ཞག་ལ་ལྟོས་ནས་དུས་འཁོར་དང་ཐབས་རྒྱུད་ཀྱི་ལྷ་གསུངས་ཏེ། ལོ་གསུམ་གྱི་ཞག་གྲངས་ནི་སྟོང་དང་བརྒྱད་ཅུ་ཡིན་ལ་སྦྱང་གཞི་དེ་ལ་ལྟོས་ནས་དུས་ཀྱི་འཁོར་ལོའི་ལྷ་ཚོགས་དང་། ཕྱོགས་གསུམ་གྱི་ཞག་བཞི་བཅུ་ཞེ་ལྔ་སྦྱོང་བའི་ཕྱིར་ཐབས་རྒྱུད་ཀྱི་ལྷ་ཚོགས་གསུངས་པས་སོ། །ཡང་སྦྱང་གཞི་ལོ་གསུམ་ལ་ལྟོས་ནས་སྦྱོང་བྱེད་ཀྱི་རྒྱུད་སྐུ་གསུང་ཐུགས་ཀྱི་དབྱེ་བས་ཕྱེ་ན་རྩ་བ་སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་དུ་འགྱུར་ཏེ། ལོ་རེ་ལ་ལྷོར་བགྲོད་པ་དང་བྱང་དུ་བགྲོད་པའི་དབྱེ་བས་ལོ་གསུམ་གྱི་བགྲོད་པ་ལ་ལྟོས་ནས་རྡོ་རྗེ་པདྨ་རིན་པོ་ཆེ་དོན་གྲུབ་རྣམ་སྣང་དྲུག་པ་རྡོ་རྗེ་འཆང་སྟེ། རིགས་དྲུག་གི་རྒྱུད་དུ་བཤད་ལ་དེ་ལ་ཡང་ཐབས་ཤེས་ཀྱིས་དབྱེ་ན་ཐབས་རྒྱུད་རིགས་དྲུག་དང་ཤེས་རབ་ཀྱི་རྒྱུད་རིགས་དྲུག་ཡོད་དོ། །ལོ་རེ་ལ་ཟླ་བ་བཅུ་གཉིས་རེའི་དབྱེ་བས་ལོ་གསུམ་གྱི་ཟླ་བ་སུམ་ཅུ་སོ་དྲུག་ལ་ལྟོས་ནས་སྐུའི་རིགས་ཀྱི་རྒྱུད་བཅུ་གཉིས་གསུང་གི་རིགས་ཀྱི་རྒྱུད་བཅུ་གཉིས་ཐུགས་ཀྱི་རིགས་ཀྱི་རྒྱུད་བཅུ་གཉིས་ཏེ་རིགས་ཀྱི་གྲངས་རྣམས་ནི་སུམ་ཅུ་སོ་དྲུག་གི་རྒྱུད་དུ་བཤད་ཅིང་། ཟླ་བ་སུམ་ཅུ་སོ་དྲུག་པོ་དེ་ལ་ཡང་གཡས་ལ་ལྟོས་པ་ནག་ཆ་འཕེལ་བའི་ཕྱོགས་དང་གཡོན་ལ་ལྟོས་པ་དཀར་ཆ་འཕེལ་བའི་ཕྱོགས་ཏེ་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ཟླ་བའི་ཕྱོགས་བདུན་ཅུ་དོན་གཉིས་ཡོད་པ་ལ་ལྟོས་ནས་ཐབས་ཀྱི་དབང་དུ་བྱས་པའི་རྩ་རྒྱུད་སོ་དྲུག་དང་ཤེས་རབ་ཀྱི་དབང་དུ་བྱས་པའི་རྩ་རྒྱུད་སོ་དྲུག་སྟེ་བསྡོམས་ན་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཐམས་ཅད་བསྡུས་པའི་རྩ་རྒྱུད་བདུན་ཅུ་རྩ་གཉིས་སུ་ཡོད་ལ། འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་དུ་བཅོམ་ལྡན་འདས་ཀྱི་ཕྱག་གྲངས་བདུན་ཅུ་རྩ་གཉིས་པའི་རྣམ་པར་དག་པར་གསུངས་པ་ཡིན་ཏེ། དེའི་དག་པའང་། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། ལྟེ་བའི་རྩ་དབུ་མའི་འཕོ་བ་དང་བཅས་པའི་རླུང་དང་། འདོད་པ་དང་མི་འདོད་པའི་རྣམ་པར་རྟོགས་པ་གྲངས་དེ་མཚུངས་ཀྱི་གཉེན་པོའི་ཡེ་ཤེས་བདུན་ཅུ་རྩ་གཉིས་ལ་བཤད་དོ། །ལྔ་པ་རྒྱས་པར་བཤད་པ་ལ་གསུམ། ལོ་གསུམ་གྱི་ཆུ་ཚོད་དང་སྦྱར་ཏེ་བཤད་པ། ཞག་གྲངས་དང་སྦྱར་ཏེ་བཤད་ནས་རྒྱས་བཤད་ཁ་འཕངས་པ། དེ་དག་གི་དོན་བསྡུའོ། །དང་པོ་ནི། ཨ་སོགས་ནས། ཤིན་ཏུ་རིང་། ཞེས་གསུངས་ཏེ། ཞག་གཅིག་གི་དུས་སྦྱོར་གཅིག་ལ་འཆར་བའི་ཡི་གེའི་གྲངས་ནི་ཨ་དང་སོགས་པས་ཨི་རྀ་ཨུ་ལྀ་སྟེ་རྩ་བ་ལྔ། ཨ་ཨེ་ཨར་ཨོ་ཨལ་སྟེ་ཡོན་ཏན་ལྔ། ཧ་ཡ་ར་ཝ་ལ་སྟེ་རྐྱེན་ལས་གྱུར་པ་ལྔ། བསྡམས་པས་ཐུང་ངུ་བཅོ་ལྔ་ལ། ཨཱ་ཨཱི་སོགས་རིང་པོ་བཅོ་ལྔའི་དབྱེ་བས་སུམ་ཅུའི་ཐོག་ཏུ་ཐིག་ལེ་དང་ཚེག་དྲག་དང་གྲི་གུག་དང་དབྱུག་པ་དང་ཐོང་ཤོལ་ལྟ་བུ་སྟེ་རྩ་བའི་དབྱངས་ལྔ་གཟུགས་གཞན་ཏུ་གྱུར་པ་བརྗོད་དུ་མེད་པའི་ཡི་གེ་ལྔ་དང་ཨྃ་རྣམ་བསྣན་པས་དབྱངས་ཀྱི་ཡི་གེ་ནི་སུམ་ཅུ་རྩ་དྲུག་ཏུ་འགྱུར་ལ། ཀ་དང་སོགས་པས་ཁ་ག་གྷ་ང་ཙ་ཚ་ཛ་ཛྷྱ་ཉ་ཊ་ཋ་ཌ་ཧ་ཎ་ཏ་ཐ་ད་དྷ་ན་པ་ཕ་བ་བྷ་མ་ས་པ་ཥ་ཤ་ཐ་སྟེ་སུམ་ཅུའི་ཐོག་ཏུ་ཧ་ཡ་ར་ཝ་ལ་ཀྵཿརྣམས་བསྣན་པས་དབྱངས་ཡིག་དེ་དང་གྲངས་མཉམ་པ་གསལ་བྱེད་ཀྱང་སུམ་ཅུ་རྩ་དྲུག་ཡོད་པས་དེ་རྣམས་ནི་བརྗོད་བྱའི་དོན་རྗོད་པར་བྱེད་པའི་ཡི་གེའི་གཙོ་བོར་གསུངས་ལ། དེ་རེ་རེ་ལའང་རང་རང་གི་ཡན་ལག་ཏུ་གྱུར་པའི་རྒྱུད་ཕྲན་སུམ་ཅུ་སུམ་ཅུར་འགྱུར་ཏེ། དཔེར་ན་ཀ་རྡོ་རྗེའི་རྒྱུད་ལྟ་བུ་ལའང་ཀ་ཡིག་རྩ་བའི་དབྱངས་ཐུང་ངུ་ལྔས་བསྒྱུར་བས་ཀ་ཀི་ཀ་རྀ་ཀུ་ཀླི། ཡོན་ཏན་གྱིས་བསྒྱུར་བས་ཀ་ཀེ་ཀར་ཀོ་ཀལ། རྐྱེན་གྱུར་ལྔ་ཡིས་བསྒྱུར་བས་་ཀ་ཡ་ཀ་ར་ཀ་ཝ་ཀླ་སྟེ་ཐུང་ངུ་བཅོ་ལྔ་དང་། རིང་པོས་བསྒྱུར་བས་ཀཱ་ཀཱི་སོགས་བཅོ་ལྔ་སྟེ་དྲིལ་བས་སུམ་ཅུ། ཁ་ཡིག་སོགས་ཀྱང་དེས་འགྲེ་བས་དབྱངས་གསལ་ལྷན་ཅིག་པའི་ཡི་གེ་དགུ་བརྒྱ་འབྱུང་ལ་དེ་ལ་ཐབས་ཤེས་གཉིས་ཀྱིས་སོ་སོར་ཕྱེ་ན་དགུ་བརྒྱ་པ་ཕྲག་གཉིས་ནི་སྟོང་ཕྲག་གཅིག་དང་བརྒྱད་བརྒྱ་ཡིན་པར་དུས་འཁོར་ལས་བཤད་དོ། །དེ་ལྟར་ན་དུས་སྦྱོར་གཅིག་ལ་རླུང་གི་གྲངས་སྟོང་དང་བརྒྱད་བརྒྱ་ཡོད་པ་དང་ཡི་གེ་དེ་རྣམས་གྲངས་སྤྲད་པའི་ཚུལ་གྱིས་འཆར་བ་ཡིན་ལ། ཞག་གཅིག་ལ་འཕོ་ཆེན་བཅུ་གཉིས་ཡོད་པས་དེ་རྣམས་བསྡོམས་པའི་དབུགས་ཀྱི་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་འཆར་བའི་ཡི་གེ་ནི། བསྒྱུར་བྱ་བཤད་མ་ཐག་པའི་ཡི་གེ་སྟོང་བརྒྱད་བརྒྱ་པོ་དེ་སྒྱུར་བྱེད་ཨཾ་ཀླད་ཀོར་ཅན་ནམ་ཨཱ༔ རྣམ་བཅད་ཅན་དང་བཅས་པའི་རྩ་བའི་དབྱངས་དྲུག་ལ་ཐུང་རིང་དུ་ཕྱེ་བའི་བཅུ་གཉིས་ཀྱིས་བསྒྱུར་བས་ཡི་གེ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རྒྱུད་ཕྲེང་གྱི་ཡན་ལག་དང་ལྡན་པ་དེ་ཡིན་ལ། །ཞག་གཅིག་གི་དབུགས་དང་ལོ་གཅིག་གི་ཆུ་ཚོད་གྲངས་མཉམ་པའི་ཕྱིར་རོ། །གཅིག་གི་ཆུ་ཚོད་ལ་འཆར་བའི་དབྱངས་དང་གསལ་བྱེད་ཀྱང་དེ་ཉིད་ཡིན་པས། བླ་ན་མེད་པའི་རྒྱུད་ཀྱི་ཡན་ལག་ཀྱང་ལོ་གཅིག་གི་ཆུ་ཚོད་ལ་འཆར་བའི་ཡི་གེའི་གྲངས་དང་མཚུངས་པར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་ལྡན་པར་བསྟན་པ་ཡིན་ནོ། །ཡི་གེ་དེ་རྣམས་ལ་སྐུ་གསུང་ཐུགས་ཀྱི་རང་བཞིན་ཐིག་ལེ་ནི་བར་པའི་རིང་པོ་ཚེག་དྲག་ནི་ཤིན་ཏུ་རིང་པོ་གྲི་གུག་ནི་ཐུང་ངུ་སྟེ་དེ་གསུམ་གྱི་དབྱེ་བས་དྲུག་ཁྲི་བཞི་སྟོང་བརྒྱད་བརྒྱ་འབྱུང་བའི་ལོ་གསུམ་གྱི་ཆུ་ཚོད་ཀྱི་གྲངས་དང་སྦྱར་བར་བྱ་བ་ཡིན་པས་སྔར་བསྟན་པའི་ལོ་གསུམ་དང་སྦྱར་བའི་རྒྱུད་ཀྱི་གྲངས་དེ་རྣམས་ཀྱི་རྩ་བ་ནི་བཤད་མ་ཐག་པའི་ཡི་གེ་འདི་རྣམས་ཡིན་ནོ། །གཉིས་པ་ནི། གསལ་བྱེད་ནས། ནང་དུ་ལྟོས། ཞེས་གསུངས་ཏེ། ཀ་ལ་སོགས་པའི་གསལ་བྱེད་སུམ་ཅུ་དབྱངས་ཐུང་ངུ་དྲུག་གིས་བསྒྱུར་བས། ཀ་ཀི་ཀ་རྀ་ཀུ་ཀླྀ་ཀཾ་སོགས་བརྒྱ་བརྒྱད་ཅུ། རིང་པོ་དྲུག་གིས་བསྒྱུར་བས་ཀཱ་ཀཱི་ཀྲཱྀ་ཀཱུ་ཀླཱྀ་ཀཱཿསོགས་བརྒྱ་དང་བརྒྱད་ཅུ་སྟེ་བསྡོམས་ན་སུམ་བརྒྱ་དང་དྲུག་ཅུ་འབྱུང་བ་ནི་རྩ་བའི་དབྱངས་ཡིན་ལ། ལོ་གཅིག་གི་ཞག་ལ་འཆར་བའི་ཡི་གེ་སུམ་བརྒྱ་དྲུག་ཅུ་འབྱུང་། ཉིན་མཚན་གྱི་དབྱངས་ཀྱང་སུམ་ཅུ་སུམ་ཅུ་བསྡོམས་པས་དྲུག་ཅུ་སྟེ། དེ་ཡང་ཞག་གཅིག་ལ་འཆར་པའི་ཡི་གེ་དེ་ཉིད་དབྱངས་ཐུང་ངུ་སུམ་ཅུས་བསྒྱུར་བའི་ཡི་གེ་སུམ་ཅུ་ཉིན་མོ་འཆར་ལ་རིང་བ་སུམ་ཅུས་བསྒྱུར་བའི་ཡི་གེ་སུམ་ཅུ་མཚན་མོ་འཆར་རོ། །རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་ཞག་གཅིག་གི་དབུགས་ཀྱི་གྲངས་ལ་འཆར་བའི་དབྱངས་དང་ལོ་གཅིག་གི་ཆུ་ཚོད་ཀྱི་གྲངས་ལ་འཆར་བའི་དབྱངས་རྣམས་མཐུན་པའི་ཕྱིར་ན་གསལ་བྱེད་ཀྱང་དབྱངས་དེ་དང་མཚུངས་པས། ཞག་གཅིག་གི་དབུགས་ལ་འཆར་བའི་གསལ་བྱེད་དང་ལོ་གཅིག་གི་ཆུ་ཚོད་ལ་འཆར་བའི་གསལ་བྱེད་ཀྱང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་ཡིན་པས་སྦྱང་གཞི་དེ་རྣམས་ལ་ལྟོས་ནས་སྦྱོང་བྱེད་རྒྱུད་ཀྱི་གྲངས་རྣམས་ཀྱང་དེ་སྙེད་དུ་གསུངས་སོ། །དེ་ཡང་གསལ་བྱེད་རྣམས་ལུས་དང་དབྱངས་ཡིག་རྣམས་སྲོག་ཡིན་པས་ལུས་སྲོག་བསྡོམས་པས་ལུས་འབའ་ཞིག་དང་སྲོག་འབའ་ཞིག་གི་གྲངས་རྣམས་གནད་གཅིག་ཏུ་འགྱུར་བ་ཡིན་ལ། གསལ་བྱེད་འདྲེན་པའི་ཚེ་ཡི་གེའི་གཟུགས་བགྲང་ཞིང་དབྱངས་ཡི ག་འདྲེན་པའི་ཚེ་ཚོགས་པར་འདྲེན་ལ་དབྱངས་གསལ་བསྡོམས་པའི་ཚེ་ངག་ཏུ་བརྗོད་ནུས་པ་རྣམས་འདྲེན་པར་མཁས་པ་རྣམས་ལ་གྲགས་སོ། །འདིར་བཤད་པ་ནི་རྩ་བ་མཚོན་པ་རགས་པ་ཙམ་ཡིན་གྱི་ཞིབ་ཏུ་དཔྱད་ནས་རྒྱས་པར་ཤེས་འདོད་ན་དུས་ཀྱི་འཁོར་ལོ་ལས་འབྱུང་བའི་དབྱངས་ས་ཆར་དང་རྗེ་ཉིད་ཀྱིས་མཛད་པའི་རྩིས་ཀུན་བསྡུས་པའི་རྟོག་པ་ཕྱི་མའི་ལེའུ་གཉིས་པའི་ནང་དུ་ལྟོས་ཤིག་ཅེས་ཞལ་འཕངས་པའོ། །གསུམ་པ་ནི། བླ་ན་ནས། བསྟན་པ་ཡིན། ཞེས་གསུངས་ཏེ། དེ་ལྟར་བསྟན་པ་དེ་དག་ནི་གསང་སྔགས་བླ་ན་མེད་པའི་རྒྱུད་སྡེའི་ཚོགས་ཀྱི་རྣམ་པར་དབྱེ་བ་མདོར་བསྡུས་པ་ཙམ་སྦྱང་གཞི་སྦྱོང་བྱེད་སོགས་དང་སྦྱར་ནས་བསྟན་པ་ཡིན་གྱི་རྒྱས་པར་ནི་དཔག་ཏུ་མེད་པའི་ཕྱིར་བློ་དང་ལྡན་པ་རྣམས་ཀྱིས་ཤེས་པར་བྱ་དགོས་སོ། །དྲུག་པ་དེ་ཉིད་རྒྱུད་ཀྱི་ལྷ་ཐམས་ཅད་དང་སྦྱར་བ་ལ་གཉིས། ཡེ་ཤེས་ཀྱི་རླུང་ལ་སྦྱར་བ་དང་། རྩ་ཁམས་ལ་སྦྱར་བའོ། །དང་པོ་ལ་ལྔ། དུས་འཁོར་གྱི་ལྷ་དང་སྦྱར་བ། སྡོམ་པ་ཆེ་ཆུང་གི་ལྷ་དང་སྦྱར་བ། ཐབས་རྒྱུད་ཀྱི་ལྷ་དང་སྦྱར་བ། རྒྱུད་གཞན་དང་སྦྱར་བ། དོན་བསྡུ་བའོ། །དང་པོ་ནི། ད་ནི་ནས། བདག་ཉིད་གསུངས། ཞེས་གསུངས་ཏེ། དེ་ལྟར་རྒྱུད་སྡེའི་རྣམ་དབྱེ་བསྟན་ནས་ད་ནི་ལྷའི་གྲངས་ཀྱི་ངེས་པ་བཤད་པ་ན། ཐོག་མར་ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ནས་གསུངས་པའི་ལྷ་གྲངས་དེ་དག་གི་གཙོ་བོ་ཅུང་ཟད་བརྗོད་པར་བྱའོ། །ཞེས་མཚམས་སྦྱར་ནས། དེའང་ཡེ་ཤེས་ཀྱི་ཆ་ལོ་གསུམ་ཕྱོགས་གསུམ་གྱི་ལོ་གསུམ་ཀྱི་ཆ་ལ་དུས་འཁོར་དང་རྣལ་འབྱོར་མའི་རྒྱུད་ཀྱི་ལྷ་དང་། ཟླ་བ་ཕྱེད་དང་གཉིས་ཀྱི་ཆ་ལ་ཕ་རྒྱུད་ཀྱི་ལྷ་སྟོན་པའི་ཕྱིར་སྦྱང་གཞི་ལོ་གསུམ་གྱི་ཞག་སྟོང་དང་བརྒྱད་ཅུ་ལ་རེས་གཟའ་བདུན་གྱིས་བགོས་པའི་ཐོབ་ནོར་བརྒྱ་དང་ལྔ་བཅུ་རྩ་བཞི་འབྱུང་སྟེ། དེ་སྦྱོང་བྱེད་དུས་འཁོར་ཉུང་ངུའི་ལྷ་པདྨའི་གདན་ཅན་བརྒྱ་ང་བཞི་པོའི་གྲངས་ཡིན་ནོ། །དེ་ལྟར་བགོས་པས་ལྷག་གཉིས་ལུས་པ་ནི་ཀུན་གྱི་ཁྱབ་བྱེད་གཙོ་བོ་ཡབ་ཡུམ་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་རྒྱུད་གཉིས་པོ་མཚོན་པའོ་ཞེས་ནང་གི་ལེའུར་གསུངས་སོ། །གཉིས་པ་ནི། ཟླ་བའི་ནས། ལུས་ལ་གནས། ཞེས་གསུངས་ཏེ། སྦྱང་གཞི་ལོ་གསུམ་གྱི་ཞག་སྟོང་བརྒྱད་ཅུ་ལ་ཟླ་བའི་ཆ་ཤས་ནི་བཅོ་ལྔ་པོ་དེས་ཕྱེ་བ་སྟེ་བགོས་པས་ཐོབ་པས་བདུན་ཅུ་རྩ་གཉིས་འབྱུང་སྟེ་དེ་སྦྱོང་བྱེད་ནི་བདག་པོ་དང་འཁྲིག་པ་སྟེ་ཡབ་ཡུམ་སྦྱོར་བ་དང་བཅས་པའི་དཀྱིལ་འཁོར་གྱི་ལྷ་མོ་རྣལ་འབྱོར་མ་ཡབ་ཡུམ་སོ་སོར་བགྲངས་པའི་ལྷ་བདུན་ཅུ་རྩ་གཉིས་ནི་བདེ་མཆོག་སྡོམ་པ་ཆེན་པོ་ངེས་པར་བརྗོད་པ་འབུམ་པའི་རྒྱུད་ཀྱི་ལྷ་རུ་བཤད་ལ། དེ་རྣམས་རིགས་བསྡུས་ན་དཔའ་མོ་སུམ་ཅུ་སོ་བདུན་ཐབས་དཔའ་བོ་གཅིག་དང་བཅས་པ་ལུས་ལ་གནས་པར་གསུངས་པ་ནི་སྡོམ་པ་ཆུང་ངུ་རྩ་རྒྱུད་བསྡུས་པའི་ལྷའི་གྲངས་ཡིན་ནོ། །ཤེས་རབ་རྣམས་སོ་སོར་བགྲངས་ནས་ཐབས་རྣམས་གཅིག་ཏུ་འཆད་པའི་རྒྱུ་མཚན་ནི་འཁོར་ལོ་གསུམ་ལ་གནས་པའི་དཔའ་བོ་ཉེར་བཞི་པོ་བདེ་མཆོག་དང་གཉིས་སུ་མེད་ཅིང་སེམས་ཅན་འཁོར་བ་ལས་སྒྲོལ་བའི་ཕྱིར་དུ་དཔའ་མོ་རྣམས་རེ་མོས་ཀྱི་ཡབ་གཅིག་པུ་དེ་དང་སྦྱོར་བའི་དབང་དུ་བྱས་པ་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ལས་གསུངས་སོ། །ཡང་ན་བདེ་ཆེན་གྱི་དག་པས་ལྷ་དཔའ་བོ་ཡིན་པས་བདེ་ཆེན་ནི་རིས་མེད་ཅིང་རྣམ་པ་མེད་པས་གཅིག་ཏུ་ངེས་ལ། སྟོང་ཉིད་ཀྱི་དག་པས་ལྷ་མོར་བཞག་པའི་ཕྱིར་དེ་ནི་རྣམ་པ་དང་བཅས་པས་དུ་མའི་གཟུགས་བརྙན་དུ་འགྱུར་བ་ཡིན་ཅེས་དྭགས་རམ་པས་བཤད་དོ། །གསུམ་པ་ནི། ཟླ་ཕྱེད་ནས། གྲངས་རྣམས་སོ། །ཞེས་གསུངས་ཏེ། ཟླ་བ་ཕྱེད་པ་གསུམ་གྱི་ཞག་ཞེ་ལྔ་པོ་དེ་དག་ནི་ཁྱད་པར་དུ་ཐབས་རྒྱུད་ཀྱི་ལྷའི་སྦྱང་གཞི་ཡིན་པས་ཕྱོགས་ཞག་ཞེ་ལྔ་པོ་དུས་སྦྱོར་གྱི་རྒྱུ་བའམ་འཕོ་བ་བཅུ་གཉིས་ཀྱིས་དབྱེ་བ་སྟེ་བསྒྱུར་བས་ལྔ་བརྒྱ་དང་བཞི་བཅུ་འབྱུང་བ་ནི་སྦྱང་གཞིའི་གྲངས་ཡིན་ནོ། །སྦྱང་གཞི་དེ་ལ་ལྟོས་པའི་སྦྱོང་བྱེད་སྒྱུ་འཕྲུལ་དྲ་བའི་དབང་དུ་བྱས་པ་ནི་དཀྱིལ་འཁོར་རྣམ་པ་གསུམ་ལ་ལྷ་ཉིས་བརྒྱ་དང་བདུན་རྒྱ་རྩ་བཞི་ཡིན་ཏེ། ལྷ་བཞི་བཅུ་ཞེ་དགུའི་དཀྱིལ་འཁོར་དང་ཞེ་ལྔའི་དཀྱིལ་འཁོར་དང་ཞེ་གསུམ་མའི་དཀྱིལ་འཁོར་རྣམས་བསྡོམས་པས་ལྷ་གྲངས་བརྒྱ་སུམ་ཅུ་སོ་བདུན་ཡོད་ལ་དེ་རྣམས་ཐབས་ཤེས་དབང་གིས་ཟུང་སྟེ་གཉིས་ཀྱིས་བསྒྱུར་བས་ཉིས་བརྒྱ་བདུན་ཅུ་རྩ་བཞི་འབྱུང་བས་སོ། །དེའི་ལྷག་མ་ནི་དཔལ་ལྡན་གསང་བ་འདུས་པའི་དཀྱིལ་འཁོར་ཀྱི་རྣམ་གྲངས་དྲུག་པོ་བསྡོམས་ན་ལྷའི་གྲངས་ཉིས་བརྒྱ་དྲུག་ཅུ་རྩ་བཞི་འཆར་བའི་གཞི་སྟེ། དབུས་ཀྱི་ལྷ་དགུ་མའི་དཀྱིལ་འཁོར་འང་ལྷ་བཅུ་གསུམ་དང་བཅུ་དགུ་པ་དང་ཉེར་ལྔ་པ་དང་སོ་གཉིས་པ་དང་སོ་བཞི་པ་སྟེ་དེ་རྣམས་བསྡོམས་པས་བརྒྱ་དང་སུམ་ཅུ་སོ་གཉིས་ཡོད་ལ། དེ་ལ་ཐབས་དང་ཤེས་རབ་གཉིས་ཀྱི་དབྱེ་བ་ཡིས་ཉིས་བརྒྱ་དྲུག་ཅུ་རྩ་བཞི་འབྱུང་བའོ། །སྔ་ཕྱི་བསྡོམས་ན་ལྔ་བརྒྱ་དང་སུམ་ཅུ་སོ་བརྒྱད་ཡིན་ལ། སྦྱང་གཞི་དང་སྦྱོང་བྱེད་གྲངས་མཐུན་པར་བྱ་བའི་ཕྱིར། དེའི་ཐོག་ཏུ་རིགས་ཀྱི་བདག་པོ་མཚོན་པར་བྱེད་པའི་ཕྱིར་ཐབས་ཤེས་ཀྱི་རྩ་བ་ཀུན་ལ་བྱ་བ་བྱེད་དུ་འཇུག་པའི་གཙོ་བོ་ཡབ་ཡུམ་དང་བཅས་པས་ལྔ་བརྒྱ་བཞི་བཅུ་འབྱུང་བས་སྦྱང་གཞི་དང་སྦྱོང་བྱེད་གྲངས་རྣམས་མཐུན་པ་ཡིན་ནོ། །བཞི་པ་རྒྱུད་གཞན་དང་སྦྱར་བ་ནི། ཐོད་པ་ནས། ཡན་ལག་ཡིན། ཅེས་གསུངས་ཏེ། ཇི་སྐད་བཤད་པ་དེ་དག་ལས་གཞན་པ་སངས་རྒྱས་ཐོད་པ་དང་རྡོ་རྗེ་བདུད་རྩི་དང་དགྱེས་པ་རྡོ་རྗེ་དང་སོགས་པས་མ་ཧཱ་མཱ་ཡཱ་ལ་སོགས་པ་རྣམས་ནི་མ་རྒྱུད་ཀྱི་གཙོ་བོ་འཁོར་ལོ་སྡོམ་པ་ཆེ་ཆུང་གི་ནང་དུ་འདུས་པར་གསུངས་ཤིང་འཇིགས་བྱེད་གཤེད་དམར་དགྲ་ནག་གདོང་དྲུག་སོག་གཤིན་རྗེ་གཤེད་དང་སོགས་པས་རྟ་མགྲིན་དང་འཁོར་ཆེན་སོགས་ཕྱག་རྡོར་དང་གཞན་ཡང་ཁྲོ་བོའི་དཀྱིལ་འཁོར་རྣམས་ནི་ཕ་རྒྱུད་ཀྱི་གཙོ་བོ་གསང་བ་འདུས་པར་བསྡུ་བ་ཡིན་ལ། ཆོས་དབྱིངས་ངག་གི་དབང་ཕྱུག་ལ་སོགས་པ་ལྷ་སྟོང་དྲུག་བརྒྱ་ཉི་ཤུ་ཡོད་པས་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཅན་རྣམས་ནི་དུས་ཀྱི་འཁོར་ལོ་ཉིད་དུ་འདུས་ཤིང་། རྡོར་དབྱིངས་ལ་སོགས་པ་རྣལ་འབྱོར་ཀྱི་རྒྱུད་ཀུན་ཀྱང་ཕ་རྒྱུད་དང་མ་རྒྱུད་ཀྱི་ཡན་ལག་ཏུ་འདུས་ཏེ། དཔུང་བཟང་སོགས་བྱ་བ་དང་རྣམ་སྣང་མངོན་བྱང་སོགས་སྤྱོད་པའི་རྒྱུད་རྣམས་ནི་ཡོ་ག་དེའི་ཡང་ཡན་ལག་ཡིན་པས་རྒྱུད་སྡེའི་ལྷ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་རླུང་ལས་འཕྲོས་པར་སེམས་འགྲེལ་དུ་གསུངས་སོ། །ལྔ་པ་དོན་བསྡུ་བ་ནི། དེ་ནི་སོགས་ཚིག་རྐང་གཅིག་སྟེ། གོང་དུ་བཤད་པ་དེ་རྣམས་ནི་ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འབྱུང་བའི་ཚུལ་བཤད་པ་ཡིན་ནོ། །གཉིས་པ་རྩ་ཁམས་ལ་སྦྱར་བ་ལ། བསྟན། བཤད། གཉིས་ལས། དང་པོ་ནི། རྩ་ཡང་སོགས་ཚིག་རྐང་གཅིག་སྟེ། རྩ་ཁམས་ལ་ཡང་རྒྱུད་ཀྱི་ལྷ་ཐམས་ཅད་དང་སྦྱར་བའི་ཚུལ་སྔ་མ་དེ་བཞིན་ཏུ་གསུངས་པ་ནི་བཤད་པར་བྱའོ། །ཞར་བྱུང་དུ་འཆད་པར་འགྱུར་བ་མ་ཟད་ཐིག་ལེ་དཀར་ཆ་ཐམས་ཅད་རླུང་དང་དམར་ཆ་ཐམས་ཅད་རྩ་དང་ཆོས་མཐུན་པའི་ཕྱིར་རྩ་རླུང་གཉིས་ཀྱི་ཁོངས་སུ་འདུ་བས་ཐིག་ལེ་ལ་ཟུར་དུ་སྦྱར་བཤད་མི་འབྱུང་བའང་བཤད་དོ། །གཉིས་པ་ལ་བཞི། དུས་ཀྱི་འཁོར་ལོ་དང་སྦྱར་བ། འཁོར་ལོ་སྡོམ་པ་དང་སྦྱར་བ། གསང་བ་འདུས་པ་དང་སྦྱར་བ། རྒྱུད་གཞན་དང་སྦྱར་བའོ། །དང་པོ་ནི། སྙིང་ག་ནས། བརྒྱད་ཅུའོ། ཞེས་གསུངས་ཏེ། སྙིང་གར་སྲོག་གི་རླུང་དང་བཅས་པའི་རྩ་དབུ་མ་ནི་དུས་ཀྱི་འཁོར་ལོ་ཉིད་ཡིན་ལ་རྩ་རོ་མ་དང་རྐྱང་མ་གཉིས་ནི་དུས་འཁོར་དེའི་ཞབས་ཀྱི་རང་བཞིན་ཡིན་ཏེ། ཡེ་ཤེས་ཀྱི་རང་སྣང་ནི་ཕྱག་རྒྱ་ཆེན་མོ་ཡིན་པས་སྣ་ཚོགས་ཡུམ་དུ་བརྗོད་ལ། རྩ་བར་ལྷ་མོ་བརྒྱད་ཀྱི་རྗེས་སུ་སྣ་ཚོགས་ཡུམ་སྨོས་པ་ནི་སྡེབ་སྦྱོར་གྱི་དབང་གིས་ཡིན་པར་རང་འགྲེལ་དུ་གསུངས་སོ། །སྙིང་གའི་འཁོར་ལོའི་དབུས་ཀྱི་རིགས་དྲུག་གམ་ཁམས་དྲུག་ནི་སངས་རྒྱས་དྲུག་དང་སྙིང་གའི་རྩ་འདབ་མ་བརྒྱད་ནི་དུ་བ་མ་ལ་སོགས་པའི་ལྷ་མོ་བརྒྱད་དང་བུམ་པ་བཅུ་ནི་དེ་དག་འབབ་པའི་རྩ་ཁམས་དག་པ་སྟེ་ཤར་དུ་རྐང་དག་པའི་བུམ་པ་གཉིས། ལྷོར་ཤ་ཁྲག་དག་པ་གཉིས། བྱང་དུ་གཅི་བ་དག་པ་གཉིས། ནུབ་ཏུ་གཤང་བ་དག་པ་གཉིས། །སྟེང་འོག་ཏུ་ཁུ་ཁྲག་དག་པ་གཉིས་རྣམས་ཡིན་ཏེ་གཙུག་ཏོར་གྱི་རྩ་བཞི་ནོར་བུ་དང་གཎྜྻི་དང་དཔག་བསམ་ཤིང་དང་ཆོས་ཀྱི་དུང་གི་རང་བཞིན་ནོ། །ཕུང་པོ་དྲུག་དང་ཁམས་དྲུག་པོ་རྣམས་ནི་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་དྲུག་ཡུམ་དང་བཅས་པའོ། །མིག་ལ་སོགས་པའི་དབང་པོ་དྲུག་དང་གཟུགས་ལ་སོགས་པའི་ཡུལ་དྲུག་པོ་རྣམས་ནི་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དྲུག་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་དྲུག་དང་བཅས་པའོ། །རྐང་པ་དང་ལག་པ་ལ་སོགས་པ་ལས་དབང་དྲུག་འགྲོ་བ་སོགས་དེའི་བྱེད་ལས་དྲུག་དང་བཅས་པ་ནི་པདྨ་མཐར་བྱེད་སོགས་ཁྲོ་བོ་དྲུག་དང་རྨུགས་བྱེད་མ་སོགས་ཁྲོ་མོ་དྲུག་སྟེ་བཅུ་གཉིས་སོ། །རྩ་འགྲེལ་གཉིས་ཀར་བཅུ་ཞེས་གསུངས་པ་ནི་གཉིས་པོ་ཤུགས་ལ་སྟོན་པ་ཡིན་ནོ། །ལྟེ་བའི་འཕོ་ཆེན་འཕོ་ཆུང་གི་རྩ་བསྡམས་པས་བདུན་ཅུ་དོན་གཉིས་རྣམས་ནི་འཇིགས་མ་དང་ཙར་ཙི་ཀ་སོགས་གསུང་གི་དཀྱིལ་འཁོར་གྱི་ལྷ་མོ་བདུན་ཅུ་དོན་གཉིས་ཀྱི་རང་བཞིན་ཡིན་ལ། རྐང་ལག་གི་ཚིགས་ཚེན་བཅུ་གཉིས་ཀྱི་རྩའི་འཁོར་ལོའི་རྩ་འདབ་དྲིལ་བས་སུམ་བརྒྱ་དང་དྲུག་ཅུ་ནི་སྐུའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་གནས་པའི་ཚེས་ལྷ་སུམ་བརྒྱ་དྲུག་ཅུ་ཡིན་ལ། ཚིགས་ཕྲན་གྱི་འཁོར་ལོ་སོར་ཚིགས་ཀྱི་རྩ་རྣམས་ཀླུ་དང་གཏུམ་མོ་རྣམས་ཡིན་ཏེ། བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞིའི་རྩ་ཁམས་ནི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞིའི་རང་བཞིན་ནོ། །འདོད་པའི་རྟོག་པ་སོ་དྲུག་ནི་གསུང་གི་དཀྱིལ་འཁོར་གྱི་མཆོད་པའི་ལྷ་མོ་སུམ་ཅུ་སོ་དྲུག་དང་མི་འདོད་པའི་རྟོག་པ་སོ་དྲུག་ནི་སྐུའི་དཀྱིལ་འཁོར་གྱི་ཕྱིར་འདོད་མ་སུམ་ཅུ་རྩ་དྲུག་ཡིན་ནོ། །དེ་ལྟར་གཙོ་བོ་ནས་འདོད་པ་རྣམས་དང་བཅས་པའི་བར་དུ་གོང་དུ་བཤད་པའི་ལྷ་ཀུན་ཕན་ཚུན་ཐབས་དང་ཤེས་རབ་རྒྱས་བཏབ་གྱི་སྒོ་ནས་དབྱེ་བས་ཕྱེ་ན་སྟོང་དང་བརྒྱད་ཅུའི་དཀྱིལ་འཁོར་དུ་གྱུར་ཏེ། རྩ་ཁམས་རྣམས་ལ་ཡང་ཐབས་ཤེས་གྱི་དབྱེ་བས་ཕྱེ་ན་སྟོང་དང་བརྒྱད་ཅུར་འགྱུར་རོ། །གཉིས་པ་ནི། དཔལ་ལྡན་ནས། མཁའ་འགྲོར་གསུངས། ཞེས་གསུངས་ཏེ། དཔལ་ལྡན་འཁོར་ལོ་སྡོམས་པ་ཆེ་ཆུང་གི་ལྷ་གྲངས་རྩ་ཁམས་དང་སྦྱར་བ་ནི་འདི་ལྟ་སྟེ། རྩའི་གཙོ་བོ་དབུ་མ་རོ་རྐྱང་གསུམ་རྩ་བདུད་བྲལ་མ་དང་བཅས་པ་ནི་གཙོ་བོ་ཡབ་ཡུམ་དང་། སྙིང་གའི་རྩ་འདབ་མ་བརྒྱད་ལས་ཕྱོགས་ཀྱི་འདབ་མ་བཞི་ནི་ཡུམ་སྙིང་པོའི་རྣལ་འབྱོར་མ་བཞི་དང་མཚམས་ཀྱི་འདབ་མ་བཞི་ནི་མཆོད་པ་བཞི་སྟེ་ཡབ་མཚོན་པ་བུམ་པ་བཞི་ཐོད་པ་བདུད་རྩིས་གང་བ་དང་བཅས་པའོ། །མི་ཕྱེད་མ་ལ་སོགས་པའི་རྩ་ཆེན་པོ་ཉེར་བཞི་ནི་རྣལ་འབྱོར་མ་རབ་གཏུམ་མ་ལ་སོགས་པ་ཉེར་བཞི་ཡིན་ཞིང་། རྩ་ཉེར་བཞི་པོ་དེའི་ནང་ནས་འབབས་པའི་ཁམས་ཉེར་བཞི་ནི་ཐོད་པའི་དུམ་བུ་ལ་སོགས་པ་དཔའ་བོ་ཉེར་བཞིར་གསུངས་སོ། །ཁྭ་གདོང་མ་ལ་སོགས་པ་སྒོ་མཚམས་མ་བརྒྱད་སྟེང་འོག་གི་སེང་གདོང་སྟག་གདོང་མ་གཉིས་དང་བཅས་པའི་བཅུ་ནི་སྔར་བཤད་པའི་ཁྲོ་བོ་བཅུར་ནི་མཚུངས་པས་ལས་དབང་བྱེད་ལས་དང་བཅས་པའམ་ཡང་ན་དབང་པོའི་སྒོ་རྣམས་ཁྲོ་བོ་བཅུ་དང་ཁྲོ་མོ་བཅུའི་རང་བཞིན་ཏེ་སྡོམ་པ་ཆུང་བའི་ལྷ་དང་སྦྱར་བའོ། །རྩ་ཁམས་ཉི་ཤུ་རྩ་བཞི་པོ་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོའི་དབྱེ་བས་གསུམ་དུ་ཕྱེ་བའི་ཕྱིར་རྩ་ཁམས་བདུན་ཅུ་རྩ་གཉིས་འཁོར་ལོ་སྡོམ་པ་ཆེན་པོའི་ལྷ་ནི་བདུན་ཅུ་རྩ་གཉིས་ཀྱི་རང་བཞིན་ཡིན་ལ། དེ་བས་ཆེས་རྒྱས་པར་ཕྱེ་ན་རྩ་འཁོར་ལོ་བཞིའི་རྩ་འདབ་བརྒྱ་དང་ཉི་ཤུ་ནི་འཁོར་ལོ་སྡོམ་པའི་ལྷ་རུ་འགྱུར་བའི་ཚུལ་ངེས་བརྗོད་བླ་མ་དང་རྡོ་རྗེ་མཁའ་འགྲོའི་རྒྱུད་ལ་སོགས་པར་གསུངས་པ་བཞིན་ཏུ་ཤེས་པར་བྱ་སྟེ་རིགས་བསྡུས་དང་སྦྱར་བའོ། །གསུམ་པ་ནི། དཔལ་ལྡན་ནས། ཕྲེང་བར་གསུངས། ཞེས་གསུངས་ཏེ། དཔལ་ལྡན་གསང་བ་འདུས་པའི་ལྷ་ཚོགས་རྩ་ཁམས་དང་སྦྱར་བའི་ཚུལ་བཤད་པར་བྱ་བ་ལའང་འདི་ལྟ་སྟེ། རྩ་འཁོར་ལོ་ལྔ་དང་ཕུང་པོ་ལྔ་ནི་སངས་རྒྱས་རིགས་ལྔ་ཡིན་ཏེ་ས་ལ་སོགས་པའི་ཁམས་བཞི་པོ་རིག་བྱ་དང་བཅས་པ་ལྔ་ནི་ཡུམ་རེག་བྱ་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་ལྔ་ཡིན་ལ། མིག་གཉིས་ནི་སའི་སྙིང་པོ་ཡིན་ཏེ་རྣ་བ་གཉིས་ནི་ཕྱག་ན་རྡོ་རྗེའོ། །སྣ་གཉིས་ནི་ནམ་མཁའི་སྙིང་པོ་སྟེ་ལྕེའི་རང་བཞིན་ལ་བཞུགས་པ་ནི་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སོ། །དེ་བཞིའི་རོ་མཉམ་དུ་གྱུར་པའི་ཡུམ་ཡང་གཟུགས་རྡོ་རྗེ་མ་དང་སྒྲ་དྲི་རོ་རྡོ་རྗེ་མའོ། །ཡིད་ཀྱི་ཁམས་ནི་འཇམ་དཔལ་ཆོས་ཀྱི་ཁམས་ཀྱི་རང་བཞིན་རྣམས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཡིན་ཏེ་ལུས་ཀྱི་ཁམས་ལ་ནི་ཀུན་ཏུ་བཟང་པོ་ཉིད་ཅེས་བྱ་ཞིང་། རྩ་རྒྱུད་ཐམས་ཅད་ཀྱི་ཁམས་ནི་བྱམས་པ་ཉིད་ཡིན་ནོ། །དེ་བཞིའི་རོ་མཉམ་པའི་ཡུམ་ཡང་ཉེ་བའི་གཟུགས་རྡོ་རྗེ་མ་དང་ཉེ་བའི་སྒྲ་དྲི་རོ་རྡོ་རྗེ་མ་རྣམས་ཡིན་ནོ། །མཁྲིག་མ་དང་བོལ་ཀྱི་ཚིགས་མ་གཏོགས་པའི་ཡན་ལག་གི་ཚིགས་ཆེན་བརྒྱད་དང་ཁ་དང་གསང་བ་ནི་ཁྲོ་བོ་བཅུའི་རང་བཞིན་ཡིན་ཏེ། འདིར་ལྷ་སུམ་ཅུ་སོ་དྲུག་བྱུང་ཡང་གཙོ་བོ་ཡབ་ཡུམ་དབྱེ་གཞི་འམ་ཁྱབ་བྱེད་ཡིན་པས་རང་འགྲེལ་ལས་ལྷ་སུམ་ཅུ་སོ་བཞིའི་དཀྱིལ་འཁོར་གྱི་རང་བཞིན་ནོ་ཞེས་གསུངས་སོ། །འཁོར་ལོ་བཞིའི་རྩ་འདབ་ཐམས་ཅད་རིགས་བསྡུས་པའི་དཀྱིལ་འཁོར་དང་སྦྱར་ན་ལྟེ་བའི་འཁོར་ལོ་ས་ཁམས་ཀྱི་རང་བཞིན་ལ་ལས་ཀྱི་རིགས་ལས་སྐྱེས་པའི་ལྷ་མོ་མཁྱེན་མ་དང་གཏུམ་མོ་དང་སོགས་པའི་སྒྲས་དཔའ་མོ་མ་དང་ལས་ཀྱི་སྒྲོལ་མ་དང་ཡིད་གཅུགས་མ་དང་འཁྲུལ་འཁོར་མ་ལ་སོགས་པ་ལྷ་མོ་ནི་དྲུག་ཅུ་རྩ་བཞི་གསུངས་པ་ཡིན་ལ། སྙིང་གའི་འཁོར་ལོ་ཆུའི་ཁམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་སོགས་པས་རྡོ་རྗེ་ཕྱག་རྒྱ་མ་དང་སྟོབས་ཆེན་མ་ལ་སོགས་པ་དགུ་རྡོ་རྗེའི་རིགས་སུ་གསུངས་པ་སྟེ། མགྲིན་པའི་འཁོར་ལོ་མེ་ཡི་ཁམས་ལ་པདྨའི་སྒྲོལ་མ་དང་སོགས་པས་པད་དཀར་མོ་དང་པདྨ་ལ་སོགས་པའི་ལྷ་མོ་བཅུ་དྲུག་པདྨའི་རིགས་ཀྱི་རང་བཞིན་ཏུ་གསུངས་ལ། སྤྱི་བོའི་འཁོར་ལོ་རླུང་གི་ཁམས་ལ་རབ་ཏུ་སད་མ་དང་ལ་སོགས་པས་འཁོར་ལོའི་ཤུགས་ཅན་མ་དང་རྡོ་རྗེ་ལྡན་མ་ལ་སོགས་པ་ལྷ་མོ་སུམ་ཅུ་རྩ་གཉིས་འཁོར་ལོའི་རིགས་དང་ལྡན་པ་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པའི་རྣམ་པར་རྡོ་རྗེ་ཕྲེང་བ་ལས་རྒྱས་པར་གསུངས་ཏེ་ཀུན་ཀྱང་རྩ་དང་ཁམས་ཀྱི་རང་བཞིན་ཡིན་ནོ། །བཞི་པ་ནི། དེ་སོགས་ནས། རྩ་རླུང་ཡིན། ཅེས་གསུངས་ཏེ། བཤད་མ་ཐག་པ་དེ་ལ་སོགས་པ་དཀྱིལ་འཁོར་མི་འདྲ་བ་དུ་མ་རྣམས་རྐྱང་པ་དཔའ་བོ་གཅིག་པ་ནས་བཟུང་སྟེ་ཕྱོགས་དེའི་ཆ་དང་ལྡན་པ་གཙོ་འཁོར་གཉིས་པ་དང་གསུམ་པ་སོགས་གསུངས་པ་ཐམས་ཅད་ཀྱང་སྔར་ལེའུ་བརྒྱད་པར་བསྟན་པ་བཞིན་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་སོགས་པ་སྦྱང་གཞི་ལ་བརྟེན་ནས་གསུངས་ཚུལ་འདིར་འདུས་པ་ཡིན་ཏེ། དཔེར་ན་དགྱེས་རྡོར་ལྷ་དགུའི་དཀྱིལ་འཁོར་ནི་སྙིང་གའི་འཁོར་ལོ་རྐྱང་པའི་སྦྱོང་བྱེད་ཡིན་པ་བཞིན་ཏུ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལུས་ཀྱི་རྩ་རླུང་སོགས་ལ་བརྟེན་ནས་བཞག་པ་ཡིན་ནོ། །དེ་བཞིན་ཏུ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱང་ལུས་ཀྱི་རྩ་རླུང་བྱང་ཆུབ་སེམས་ཀྱི་ཆ་ཤས་སུ་རྙིང་མའི་རྒྱུད་གདམས་ངག་དང་བཅས་པ་རྣམས་ནས་གསུངས་སོ། །གསུམ་པ་དོན་བསྡུ་བ་ནི། མདོར་ན་ནས། གཟིགས་པས་གསུངས། ཞེས་གསུངས་ཏེ། ལེའུ་འདིའི་བརྗོད་བྱའི་དོན་རྣམས་མདོར་བསྡུ་ན། རྩ་ཐམས་ཅད་ནི་ལྷའི་སྐུ་ཡིན་པས་བསྐྱེད་རིམ་སྟེ། རླུང་རྣམས་ནི་གསུང་གི་རང་བཞིན་སྔགས་དང་ཡི་གེ་ཡིན་པས་བཟླས་པའོ། །ཐིག་ལེ་ཐམས་ཅད་ནི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཕྲ་མོའི་རྣལ་འབྱོར་རྫོགས་རིམ་མོ། །དེ་བཞིན་དུ་སྦྱིན་སྲེག་དང་འཕྲུལ་འཁོར་ལ་སོག་པ་ལས་ཀྱི་སྦྱོར་བ་རྣམས་མ་ལུས་ཀུན་ནང་གི་སྦྱང་གཞི་རྩ་རླུང་ཐིག་ལེའི་སྦྱོང་བྱེད་དུ་བསྟན་པ་ཡིན་པས་གོང་དུ་བཤད་པ་བཞིན་ཤེས་པར་བྱ་ལ། འདིར་ནི་ལས་རྒྱལ་མཆོག་བསྟན་པའི་ཕྱིར་ཕྱོགས་ཙམ་ཞིག་བརྗོད་པ་ཡིན་ནོ། །ལྷ་རྣམས་ནང་ལ་སྦྱང་བ་དེ་བཞིན་དུ་ཕར་ཕྱིན་ཐེག་པར་གསུངས་པའི་ཡེ་ཤེས་ཐམས་ཅད་ཆོས་དབྱིངས་གསུང་དབང་གི་དཀྱིལ་འཁོར་དུ་ས་བཅུ་གཉིས་དང་ལམ་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་དང་གཟུངས་བཅུ་གཉིས་དང་ཏིང་ངེ་འཛིན་རབ་འབྱམས་ལ་སོགས་པ་ཐམས་ཅད་ལྷ་དང་སྔགས་ཀྱི་རིམ་པར་ལུས་སེམས་ཀྱི་སྣང་བའི་ནང་གི་དབྱེ་བ་ལ་བརྟེན་ནས་ཐམས་ཅད་ཀྱི་དོན་གཟིགས་པ་སངས་རྒྱས་ཀྱིས་གསུངས་སོ། །གཉིས་པ་ལེའུ་མཚན་ནི། ཟབ་མོ་ནང་གི་དོན་སྣང་བར་བྱེད་པའི་ཚིག་འགྲེལ་ལས། ཆོས་ཐམས་ཅད་སྦྱང་གཞི་དང་སྦྱོང་བྱེད་སྦྱར་ནས་བསྟན་པའི་དུམ་བུ་སྟེ། ལེའུ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་སྦྱང་གཞི་བདེ་གཤེགས་སྙིང་པོ་བདེན་གཉིས་ཟུང་འཇུག་གདོད་ནས་དག་པ་དེ་རིམ་པ་གཉིས་ཟུང་དུ་འཇུག་པས་གནད་བཅིངས་ཏེ་མངོན་དུ་བྱས་པ་ལས་ལམ་དུ་འགྱུར་བའི་ཚུལ་བཤད་པ་ལ་གཉིས། ལེའུའི་གཞུང་དང་། མཚན་བསྟན་པའོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ལྟར་ནས། ཁྱད་པར་འཕགས། ཞེས་གསུངས་ཏེ། སྔར་བཤད་པ་དེ་ལྟར་ནང་རྩ་རླུང་ཐིག་ལེ་གསུམ་པོ་ཡང་གཞན་སེམས་ཀྱི་ཆ་ལས་སྣང་བ་ཡིན་པས་སེམས་ཀྱི་རྫས་ཡིན་ལ། སེམས་ཀྱི་ངོ་བོ་ལ་འཁོར་འདས་གཉིས་སུ་མེད་ཀྱང་། སེམས་ཀྱི་རྟེན་རྩ་རླུང་ཐིག་ལེ་དག་པ་དང་མ་དག་པའི་དབང་གིས་འཁོར་འདས་སུ་སྣང་བ་ཡིན་ལ། རྒྱུ་མཚན་དེའི་ཕྱིར་སྙིགས་མའི་ལུས་འཇའ་ལུས་སུ་སྒྱུར་བར་བྱེད་པ་གསེར་འགྱུར་གྱི་རྩི་ལྟ་བུ་རིམ་གཉིས་འདི་དག་གི་དོན་གྱི་གནད་འཆིང་བ་ནི་དམན་པ་ཉན་རང་དང་། ཐེག་ཆེན་ཕ་རོལ་ཏུ་ཕྱིན་པའི་ལམ་རིམ་ཀུན་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་ཐམས་ཅད་ཀྱི་ངེས་དོན་ཀྱང་སྔགས་ཀྱི་ལམ་འདི་ཉིད་ཡིན་པའི་ཕྱིར་དང་། མཐར་སངས་རྒྱས་པ་ལ་ལམ་འདི་ཉིད་ལ་བརྟེན་དགོས་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ཐུན་མོང་བའི་ལམ་དང་། ཐུན་མོང་མ་ཡིན་པའི་ལམ་མོ། །དང་པོ་ལ་གསུམ། ཉན་ཐོས་ཀྱི་ལམ། རང་སངས་རྒྱས་ཀྱི་ལམ། ཕ་རོལ་ཏུ་ཕྱིན་པའི་ལམ་མོ། །དང་པོ་ནི། གང་ཟག་ནས། ཞི་བ་ཙམ། ཞེས་གསུངས་ཏེ། ཉན་ཐོས་ནི་འཕགས་པའི་བདེན་པ་བཞིས་ཕྱེ་བ་ཡིན་པས་ན། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་སྤངས་ཤིང་། ལམ་བྱང་ཕྱོགས་སོ་བདུན་ལ་བརྟེན་ནས་འགོགས་པ་མངོན་དུ་བྱེད་པ་ནི་སྤྱིའི་མཚན་ཉིད་ཡིན་ལ། དེ་ཉིད་ཀྱི་ལྟ་བའི་ཁྱད་པར་གང་ཟག་གི་བདག་མེད་རྟོགས་ཤིང་། བསམ་པའི་ཁྱད་པར་རང་ཉིད་གཅིག་པུ་ཞི་བ་མྱང་འདས་ཙམ་ཐོབ་པའི་ཕྱིར་དུ་ཉོན་མོངས་པའི་སྒྲིབ་པ་སྤོང་བར་བྱེད་པ་ནི་ཉན་ཐོས་ཀྱི་ལམ་སྟེ། ལམ་དེ་ལ་བརྟེན་ནས་བྱང་ཆུབ་ཐོབ་པའི་དུས་ནི་མྱུར་བའི་དབང་དུ་བྱས་ན་ཚེ་གཅིག་ལ་རྒྱུན་ཞུགས་དང་གཉིས་པ་ལ་ཕྱིར་འོང་དང་ཕྱི་མི་འོང་གསུམ་པ་ལ་དགྲ་བཅོམ་པ་མངོན་ཏུ་བྱེད་པས་སྲིད་པར་ལས་ཉོན་གྱིས་སྐྱེ་བ་ལེན་གསུམ་བླངས་པའི་རྟེན་ལ་དམན་པའི་བྱང་ཆུབ་མངོན་ཏུ་བྱེད་པ་སྟེ། ཤིན་ཏུ་མྱུར་བས་ནི་ཚེ་གཅིག་ལ་བྱང་ཆུབ་པ་ཡང་སྲིད་ལ། རྒྱུན་ཞུགས་སྲིད་པ་ལན་བདུན་པས་ནི་ཇི་ལྟར་འགོར་ནའང་འདོད་ཁམས་སུ་ལས་ཉོན་གྱིས་སྐྱེ་སྲིད་ལན་བདུན་བླངས་ཏེ་དམན་པའི་བྱང་ཆུབ་མངོན་དུ་བྱེད་པ་ཡིན་ནོ། །དེའང་ལྷ་མིའི་སྐྱེ་བ་ལན་བདུན་ལེན་པ་འདི་ནི་མདོ་སྡེ་པའི་བཞེད་པ་རང་འགྲེལ་ལྟར་ཡིན་ལ། བྱེ་སྨྲས་ལྷ་དང་མིའི་སྐྱེ་བ་ལན་བདུན་བདུན། དེ་དག་གི་བར་སྲིད་བདུན་ཏེ་ཉེར་གཅིག་ཡོད་པ་ཡིན་ཀྱང་བདུན་ཚན་ཏུ་ཆོས་མཚུངས་པས་སྲིད་པ་ལན་བདུན་པ་ཞེས་བཞེད་ཅིང་། དགྲ་བཅོམ་པ་ལའང་ལྷག་བཅས་ལྷག་མེད་གཉིས་སུ་ཡོད་དོ། །དེ་ལྟར་མངོན་དུ་བྱས་པའི་བྱང་ཆུབ་དེ་ནི་རྫོགས་པའི་བྱང་ཆུབ་མ་ཡིན་གྱི། རང་དོན་ཏུ་སྡུག་བསྔལ་ཉེ་བར་ཞི་བ་ཙམ་མོ། །གཉིས་པ་ནི། རང་རྒྱལ་ནས། བརྒྱ་ཡིས་འགྲུབ། ཅེས་གསུངས་ཏེ། རང་བཞིན་གྱི་དབང་པོ་འབྲིང་པོ་ཡིན་ཅིང་ཐེག་པ་འབྲིང་པོའི་ལམ་ལ་བརྟེན་ནས། ལྟ་བའི་ཁྱད་པར་གང་ཟག་གི་བདག་མེད་དང་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཕྱིར་ན་བདག་མེད་ཕྱེད་དང་གཉིས་རྟོགས་ཤིང་བསམ་པ་ནི་ང་རྒྱལ་ཆེ་བའི་ཕྱིར། སངས་རྒྱས་དང་ཉན་ཐོས་མེད་པའི་ས་ཕྱོགས་སུ་སྲིད་པ་ཐ་མ་པའི་ཚེ་སློབ་དཔོན་གཞན་གྱིས་གདམས་ངག་བསྟན་པ་ལ་མ་ལྟོས་པར་རང་གི་བྱང་ཆུབ་མངོན་ཏུ་བྱེད་པས་ན་རང་རྒྱལ་ཏེ། དེ་ལ་ནང་སེལ་དུ། སོ་སྐྱེ་སྔོན་འགྲོ་དང་། ཉན་ཐོས་སྔོན་འགྲོའི་དབྱེ་བས་ཚོགས་སྤྱོད་ཆེ་ཆུང་གཉིས་ནི་དབང་པོ་འབྲིང་དང་བརཏལ་པོ་ཡིན་ཞིང་དབང་རྣོན་བསེ་རུ་ལྟ་བུ་དང་གསུམ་ཡོད་པ་ལས་རང་གི་བྱང་ཆུབ་མངོན་ཏུ་བྱེད་པའི་དུས་ནི་ཚོགས་སྤྱོད་ཆུང་ངུས་མཐོང་ལམ་མན་ཏུ་བསྐལ་པ་ཉི་ཤུ་ཙམ་གྱི་ཚོགས་བསགས་ནས་རང་གི་བྱང་ཆུབ་ཏུ་བགྲོད་ལ། ནས་ཞེས་པ་མཚམས་འཛིན་པའི་སྡུད་པའི་སྒྲ་ཡིན་པས། ཚོགས་སྤྱོད་ཆེན་པོས་བསྐལ་པ་ལྔ་བཅུ་ཙམ་དང་བསེ་རུ་ལྟ་བུས་ནི་བསྐལ་པ་བརྒྱ་ཡི་ཚོགས་བསགས་ནས་སྐྱེ་བ་དེའི་ཕྱི་མ་ལ་རང་གི་བྱང་ཆུབ་འགྲུབ་སྟེ། རང་རྒྱལ་གྱི་བྱང་ཆུབ་དེ་ཡང་ཞི་བ་ཕྱོགས་གཅིག་པ་ཡིན་ནོ། །གསུམ་པ་ནི། སེམས་ཅན་ནས། གྲངས་མེད་གསུམ། ཞེས་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི། བསམ་པ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པའི་སྨོན་འཇུག་གི་སེམས་གཉིས་དང་ལྡན་ཞིང་། ལྟ་བ་སྲིད་ཞིའི་མཐའ་ལ་མི་གནས་པའི་བདག་མེད་གཉིས་རྟོགས་པའི་ཤེས་རབ་དང་ལྡན་པ་དེས། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་ལས། བསྐལ་པ་གྲངས་མེད་གསུམ་ལ་བྱང་ཆུབ་ཐོབ་པར་གསུངས་ལ། དེའང་སེམས་ཅན་གྱི་དོན་དུ་ཐུགས་བརྩེ་བས་གྲངས་མེད་པར་བཞུགས་པར་ཟད་ཀྱི་རང་གི་དོན་འགྲུབ་པ་ལ་དེ་ལྟར་མ་ཡིན་ཏེ། རྫུ་འཕྲུལ་གྱི་རྣམ་པར་རོལ་པའི་མཐུ་དང་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱི་མཛད་པ་མཐའ་ཡས་པས་སོ། །གྲངས་མེད་གསུམ་དུ་ཚོགས་བསགས་དགོས་པ་འདི་མདོ་ཕར་ཕྱིན་ཕྱོགས་སྤྱི་ལས་བཤད་ཅིང་། བརྒྱད་སྟོང་འགྲེལ་ཆེན་ལས་ནི། གྲངས་མེད་སོ་བདུན་ལ་སོགས་པའི་ཚོགས་བསགས་པའང་བཤད་ལ། དེའང་དུས་དེ་སྲིད་དུ་ཚོགས་བསགས་དགོས་པ་ནི་མ་ཡིན་གྱི་དུས་དེ་ཙམ་དུ་བསགས་པ་དང་མཉམ་པ་བསགས་དགོས་པ་སྟེ། དཔེར་ན་རང་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་སྔོན་བྲམ་ཟེར་གྱུར་པ་ན། སངས་རྒྱས་སྐར་རྒྱལ་ལ་ཞག་བདུན་ཏུ་ཚིགས་བཅད་གཅིག་གིས་བསྟོད་ཅིང་བསྐོར་བ་བྱས་པའི་བརྩོན་འགྲུས་ཀྱིས་བསྐལ་པ་དགུ་ཡི་ཚོགས་བཟླུམ་པར་གསུངས་པ་ལྟ་བུའོ། །འདིར་མདོར་བསྟན་རགས་པ་ཙམ་ཡིན་གྱི། གཞན་དུ་ཉན་རང་བྱང་སེམས་ཏེ་ཐེག་པ་གསུམ་གྱི་ལམ་ལྔ་སོ་སོར་དབྱེ་བའི་ལྔ་གསུམ་བཅོ་ལྔའི་རྣམ་བཞག་ཞིབ་པར་མངོན་རྟོགས་རྒྱན་སོགས་ཕར་ཕྱིན་གྱི་བཀའ་དང་བསྟན་བཅོས་རྣམས་ལས་ཤེས་དགོས་སོ། །གཉིས་པ་ཐུན་མོང་མ་ཡིན་པའི་ལམ་ལ་གསུམ། སྔགས་ལམ་ཁྱད་པར་འཕགས་པ་བསྟན་པ། རྒྱུད་སྡེ་བཞིའི་དུས་ཀྱི་ཁྱད་པར་བསྟན་པ། ལམ་དངོས་བཤད་པའོ། །དང་པོ་ནི། འདིར་ནི་ནས། ལམ་དེ་ལས། ཞེས་གསུངས་ཏེ། དེའང་ཐེག་པ་འོག་མ་རྣམས་དང་སྔགས་ཀྱི་ཐེག་པ་གཉིས་ངེས་དོན་ལ་ལྟོས་ནས་མཐར་ཐུག་གི་བགྲོད་པ་ནི་གཅིག་ཡིན་ཀྱང་། སྔགས་ཀྱི་ཐེག་པ་ནི་ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོས་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་བཞིན་ཐབས་མཁས་པ་དང་། ཐབས་མང་པ་དང་། ཐབས་སླ་བ་དང་། བློ་ཆེ་བ་སྟེ་ཁྱད་ཆོས་བཞི་ལ་སོགས་པས་ཁྱད་པར་དུ་འཕགས་པའི་ཕྱིར་གནས་ལུགས་རྟོགས་པའི་ལམ་གྱི་དངོས་གཞི་མདོ་སྔགས་གཉིས་མཚུངས་ཀྱང་ཐབས་བདེ་སྐྱོབ་དང་མྱུར་སྐྱོབ་གཉིས་ཀྱི་ཁྱད་པར་དུ་བྱས་པས། ལམ་བགྲོད་པའི་རིམ་པ་དུ་མ་ཞིག་ཡོད་པ་ལས། རྡོ་རྗེ་ཐེག་པའི་སྐབས་འདིར་ནི་སྨིན་གྲོལ་གྱི་ཐབས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། ཕ་རོལ་ཏུ་ཕྱིན་པའི་ལམ་དེ་རྣམས་ལས་ཆེས་མྱུར་ཞིང་ཁྱད་པར་དུ་འཕགས་པ་ཡིན་ནོ། །གཉིས་པ་ནི། བྱ་སྤྱོད་ནས། འགྲུབ་པར་འགྱུར། ཅེས་གསུངས་ཏེ། ཕར་ཕྱིན་གྱི་ལམ་དེའི་ཐོག་ཏུ་བྱ་བ་དང་སྤྱོད་པའི་རྒྱུད་ནས་གསུངས་པའི་མཚན་བཅས་མཚན་མེད་ཀྱི་ཚུལ་གྱིས་ཐབས་ལ་མཁས་པ་ཙམ་དང་ལྡན་པས་ཀྱང་ཚེ་ལོ་བརྒྱ་པའི་དབང་དུ་བྱས་ན་མི་ཚེ་དྲུག་ཅུ་སྟེ་ལོ་དྲུག་སྟོང་ཙམ་གྱིས་སངས་རྒྱས་འགྲུབ་པར་འགྱུར་ལ། ལམ་དེ་རྣམས་ཀྱི་སྟེང་དུ་རྣལ་འབྱོར་གྱི་རྒྱུད་ལས་གསུངས་པའི་ཕྱག་རྒྱ་བཞི་དང་ཏིང་ངེ་འཛིན་གསུམ་ལ་སོགས་པའི་ཐབས་ལ་མཁས་པས་ཟིན་ན་མི་ཚེ་བཅུ་དྲུག་སྟེ་ལོ་སྟོང་དྲུག་བརྒྱ་ན་འཚང་རྒྱ་བ་ཡིན་ཅིང་། ལམ་དེ་ལ་གསང་སྔགས་བླ་ན་མེད་པའི་ཐབས་མཁས་པའི་ཁྱད་པར་དབང་བཞི་དང་རིམ་པ་གཉིས་ཀྱིས་ཟིན་ཅིང་བརྩོན་འགྲུས་དྲག་པོ་དང་ལྡན་ན་ངེས་པར་ཡང་མིའི་ཚེ་གཅིག་གིས་སངས་རྒྱས་འགྲུབ་པར་འགྱུར་རོ། །སྐབས་འདིར་ཤེས་དགོས་པ་སྤྱིར་གསང་སྔགས་པ་རྣམས་ལ་གཞི་སྤོང་བའི་ལམ། གཞི་སྒྱུར་བའི་ལམ། གཞི་དངོས་པོ་ལམ་དུ་བྱེད་པ་ཞེས་གྲགས་པའི་དང་པོ་ནི་སྤང་བྱ་དང་འཛིན་སྟངས་འགལ་བའི་གཉེན་པོ་ཡིན་པས་ཉོན་མོངས་པ་ཀུན་བརྟག་གི་ཆ་སྤོང་བར་ནུས་ལ། ཕྱི་མ་གཉིས་ཀྱིས་ལྷན་སྐྱེས་ཀྱི་ཆ་རགས་པ་དང་ཕྲ་བར་སྤོང་བར་བྱེད་དོ། །དེའང་ཚོགས་ལམ་ཆུང་ངུར་དྲན་པ་ཉེར་བཞག་བཞི་སྒོམ་པ་ལ་མཚོན་ན། ལུས་གཙང་བ། ཚོར་བ་བདེ་བ། སེམས་རྟག་པ། ཆོས་ལ་བདག་ཏུ་འཛིན་པ་རྣམས་ཀྱི་གཉེན་པོར་མི་གཙང་བ་དང་། སྡུག་བསྔལ་བ། མི་རྟག་པ། བདག་མེད་པར་སྒོམ་པ་ཕར་ཕྱིན་མན་ཆད་ལ་གྲགས་པ་དང་། གཉིས་པ་ནི་གཙང་བ་སོགས་ཕྱིན་ཅི་ལོག་གི་འཛིན་སྟངས་བཞི། བདེ་མཆོག་གི་འཁོར་གྱི་མཁའ་འགྲོ་མ་བཞིའི་རྣམ་པར་སྒོམ་པ་ལྟ་བུ་དང་། གསུམ་པ་ནི། ལུས་སེམས་ཀྱི་བྱེད་པ་བཅིངས་པ་ལས་ཤིན་ཏུ་ཕྲ་བའི་ལུས་སྟོང་གཟུགས། ཚོར་བ་བདེ་ཆེན། སེམས་སོ་སོ་རང་རིག་ཆོས་ཐམས་ཅད་ཀྱི་རང་བཞིན་ཟུང་འཇུག་ཆེན་པོར་ཤར་བ་དེ་བཞིའི་རང་བཞིན་ཡིན་པ་སོགས་ཀྱིས་མཚོན་ནས་རྒྱ་ཆེར་ཤེས་པར་བྱའོ། །གཉིས་པ་ལམ་དངོས་བཤད་པ་ལ་ལྔ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་པའི་ལམ་མོ། །དང་པོ་ནི། དང་པོར་ནས། ཚོགས་ལམ་སྟེ། ཞེས་གསུངས་ཏེ། དང་པོར་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ་ཆོ་ག་རྣམ་པར་དག་པའི་སྒོ་ནས་དབང་དོན་ངོ་འཕྲོད་པའི་སྨིན་བྱེད་ཀྱི་དབང་བཞི་ཐོབ་ཅིང་རིག་པ་འཛིན་པའི་དམ་ཚིག་དང་སྡོམ་པར་ལྡན་པའི་རྣལ་འབྱོར་པས་བརྟགས་པའི་བསྐྱེད་རིམ་དང་ཡོངས་སུ་གྲུབ་པའི་ལམ་རྫོགས་རིམ་གཉིས་ཀྱི་དོན་རྣམས། བརྒྱུད་པ་ལ་ཡིད་ཆེས་པ་ལུང་ཚད་མ་དང་། དེ་ནས་སློབ་དཔོན་ལ་ཡིད་ཆེས་པ་རྗེས་དཔག་ཚད་མ་དང་། དེ་ནས་རང་ཉིད་ཀྱི་མྱོང་བ་སོགས་ལ་ཡིད་ཆེས་པ་མངོན་སུམ་ཚད་མ་སྟེ་ཚད་མ་གསུམ་གྱི་སྒོ་ནས་ལེགས་པར་ཤེས་ཤིང་། ཉེར་ལེན་གྱི་རྒྱུ་བདེ་བར་གཤེགས་པའི་སྙིང་པོ་དང་ལྷན་ཅིག་བྱེད་པའི་རྐྱེན་བྱང་ཆུབ་སེམས་གཉིས་རྒྱུད་ལ་བསྟེན་པ་དང་དད་གུས་སོགས་མོས་པའི་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། དེ་ནས་ཐུན་བཞི་ལ་སོགས་པ་ཐུན་དུ་བཅད་པའི་བསྙེན་པ་དང་། དབེན་པའི་གནས་སུ་རྒྱུན་སྦྱོར་གྱི་བརྩོན་འགྲུས་བར་མ་ཆད་པ་ནི་སྒྲུབ་པ་ཡིན་ཏེ། དེ་རྣམས་དང་ལྡན་པ་ནི་ཚོགས་ལམ་པ་ཡིན་ལ། ཐུན་མོང་པའི་ཐེག་པར་ཚོགས་ལམ་ཆུང་ངུར་དྲན་པ་ཉེ་བར་བཞག་པ་བཞི་དང་། འབྲིང་པོ་ཡང་དག་པའི་སྤོང་བ་བཞི་དང་། ཆེན་པོ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སོགས་པ་བསྒོམ་པར་གསུངས་པ་ཡང་། འདི་ཉིད་དུ་ལྷའི་རྣལ་འབྱོར་སྒོམ་པ་ལ་ཡོད་ཅིང་། ཚོགས་ལམ་ཆེན་པོར། །དེ་ཚེ་ཆོས་ཀྱི་རྒྱུད་ལས་ནི། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །སངས་རྒྱས་རྣམས་ལས་ཞི་གནས་དང་། །གདམས་ངག་རྒྱ་ཆེན་ནོད་པར་འགྱུར། །ཞེས་པའི་དོན་ཡང་ཚང་བ་ཡིན་ཏེ། རྒྱུར་སྦྱོར་གྱི་བརྩོན་འགྲུས་ནི་ཆོས་རྒྱུན་གྱི་ཏིང་ངེ་འཛིན་དང་། མཚན་ཉིད་དང་ལྡན་པའི་བླ་མ་ནི་རང་ལ་སྣང་བའི་སངས་རྒྱས་སྤྲུལ་པའི་སྐུ་ཡིན་པས། དེ་ལས་གདམས་ངག་ནོད་པ་ནི། སངས་རྒྱས་རྣམས་ལས་གདམས་ངག་ནོད་པའི་དོན་དུ་འགྱུར་པ་ཡིན་ནོ། །ཐེག་པ་ཆེན་པོའི་ཚོགས་ལམ་དུ་ཐོས་བསམ་གཙོ་བོར་གྱུར་པ་ཡིན་མོད་ཀྱི་སྒོམ་བྱུང་ཡང་ཡོད་པས་གཞུང་རྩ་བར་ལེགས་ཤེས་མོས་སྒྲུབ་ཅེས་གསུངས་པའི་ཤེས་བྱེད་རང་འགྲེལ་དུ་དྲི་མེད་འོད་ཀྱི་ལུང་དྲངས་པ་ཉིད་ཚོགས་ལམ་གྱི་སྐབས་འདིར་རྣལ་འབྱོར་ཡན་ལག་དྲུག་ལས་སོར་སྡུད་གཙོ་བོར་སྒོམ་པའི་དབང་དུ་མཛད་ནས་སྦྱར་བའི་ཕྱིར་རོ། །དེ་ལྟ་བུའི་ཚོགས་ལམ་ལ་གནས་པ་དེའང་སྔོན་ལམ་དུ་མ་ཞུགས་པའི་སྐྱེ་བ་དུ་མར་ལེགས་པར་སྤྱད་པ་ལས་བྱུང་བ་སྟེ། རྣལ་འབྱོར་མ་ཀུན་སྤྱོད་པས། དད་པ་ཡང་དག་བསྐྱེད་པ་དང་། །རྣལ་འབྱོར་བརྩོན་ལ་གནས་པ་ནི། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་ཡིན། །ཅེས་སོ། །གཉིས་པ་ནི། རྩ་རླུང་ནས། དུ་ཞུགས་པའོ། །ཞེས་གསུངས་ཏེ། སྔ་མའི་སྟེང་དུ་རྩ་རླུང་ཐིག་ལེའི་གནད་འཆིང་ཚུལ་ལེགས་པར་ཤེས་ནས་རྫོགས་རིམ་གྱི་ཉམས་མྱོང་དཔེའི་ཡེ་ཤེས་རྒྱུན་ཆད་མེད་པར་སྐྱོང་བ་ནི་ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན་ཅིང་དེ་ལ་གནས་པས་དྲོད་ཀྱི་རྟགས་དུ་སོགས་ཀྱིས་མཚོན་པའི་བདེ་གསལ་མི་རྟོགས་པའི་ཉམས་མྱོང་ཐོབ་པ་ནས་བཟུང་སྟེ་མཐོང་ལམ་ལ་སྦྱོར་བའི་ཉེ་རྒྱུ་ཡིན་པས་ན་སྦྱོར་ལམ་ཉིད་ལ་གནས་པ་ཡིན་ཏེ། སྦྱོར་ལམ་གྱི་ས་མཚམས་ནི་རྫོགས་རིམ་གྱི་ཉམས་མྱོང་ཁྱད་པར་ཅན་ལ་འཇུག་པར་བྱེད་པ་ནས་ཡིན་པའི་ཕྱིར་རོ། །སྒྲའི་དོན་ནི། མཐོང་བའི་ལམ་ལ་དངོས་སུ་སྦྱོར་བའི་ལམ་ཡིན་པས་སྦྱོར་ལམ་དང་མཐོང་ལམ་མྱུར་དུ་སྐྱེ་བའི་ནུས་པ་མངོན་ཏུ་གྱུར་པས་དྲོད་ཅེས་བྱའོ། །འདིར་ནི་དྲོད་ཀྱི་རྟགས་གཞན་ཡང་། བརྟགས་གཉིས་ལས། འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང་། །མྱ་ངན་གདུང་བའི་འཚོ་བ་དང་། །ཞེས་དེ་རྣམས་ཀྱིས་མི་གནོད་པ་དྲོད་ཆུང་ངུའི་རྟགས་དང་། འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །སྒྲུབ་པ་པོ་ཉིད་ཉོན་མི་མོངས། །ཞེས་རྐྱེན་ཆེན་པོས་བསྐྱེད་པའི་ཉོན་མོངས་ཀྱིས་ཀྱང་མི་གནོད་པ་དྲོད་འབྲིང་པོའི་རྟགས་དང་། ཕན་དང་གནོད་པའི་འབྲས་འབྱུང་བ། །ཞེས་ཏིང་ངེ་འཛིན་གྱི་འབྲས་བུ་མངོན་ཤེས་རྫུ་འཕྲུལ་སོགས་ཀྱི་ཆ་འགྲུབ་པ་ནི་དྲོད་ཆེན་པོའི་རྟགས་སུ་བཤད་ཅིང་། དེ་གསུམ་ཡང་ཕར་ཕྱིན་ཐེག་པར་བཤད་པའི་དྲོད་རྩེ་བཟོད་གསུམ་པོ་དང་གནད་གཅིག་པ་ཡིན་ནོ། །དྲོད་ཐོབ་པ་དེའི་ཚེ་དེ་ཉིད་བོག་དབྱུང་ཞིང་སྦྱོང་བར་བྱེད་པའི་སྤྱོད་པ་ལ་སྤྲོས་བཅས་དང་སྤྲོས་མེད་གཉིས་ལས་སྤྲོས་བཅས་ཕྱིའི་རྐྱེན་དང་བསྲེ་བ་ཕྱག་རྒྱ་དང་པོ་གསུམ་ལ་བརྟེན་པ་རིག་པ་བརཏལ་ཞུགས་ཀྱི་སྤྱོད་པ་ལ་སྤྱོད་པ་ཡིས་སྦྱོར་ལམ་དེ་དག་རིམ་གྱིས་བགྲོད་ནས་མཐོང་བའི་ལམ་ལ་སྦྱོར་བར་བྱེད་དོ། །གལ་ཏེ་སྤྲོས་བཅས་ཀྱི་སྤྱོད་པ་བྱ་བར་མི་འདོད་ན་ཤིན་ཏུ་སྤྲོས་མེད་ནང་གི་སྤྱོད་པ་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་ཀྱང་ལམ་དེ་ཉིད་སྦྱོང་བར་ནུས་པ་རྒྱུད་ལས་བཤད་དོ། །སྦྱོར་ལམ་འདིའི་མཚན་གཞི་ནི་རྣམ་པར་རྟོགས་པ་སོ་སོར་སྡུད་པའི་མན་ངག་དང་སེམས་རྩེ་གཅིག་ཏུ་གནས་པ་བསམ་གཏན་གྱི་མན་ངག་ཡན་ལག་བཞི་དང་ལྡན་པའི་ལམ་གཙོ་ཆེ་བ་ཡིན་ཏེ། ལུས་དབེན་པ་སྐུ་རྡོ་རྗེའི་ཁྲིད་ཀྱི་ཉམས་ལེན་ཡིན་ལ། གཙོ་བོར་རྩའི་བྱེད་པ་འཆིང་བར་བྱེད་པས་རྩ་རྣམས་ནི་སྦྱོང་བར་བྱེད་པའི་ལམ་ཞེས་ཀྱང་བཤད་པས། རྩ་ལམ་སྦྱོང་བ་རླུང་སྦྱོར་ལའང་གནད་དུ་བསྣུན་དགོས་པས་ན་གསུང་རྡོ་རྗེ་སྲོག་འཛིན་གྱི་ཉམས་ལེན་ཀྱང་འདི་ཡིན་ལ། བསམ་གཏན་གྱི་ཡན་ལག་ལྔ་པོ་རྫོགས་པར་བསྒོམས་པས་རྒྱུའི་སྤྱན་ལྔ་དང་མངོན་པར་ཤེས་པ་ལྔའམ་དྲུག་གི་རྒྱུ་ཐོབ་པར་གསུངས་ཏེ། རྒྱུད་ཀྱི་རྒྱལ་བོ་ལས། མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མིའི་བདག་པོ་བསམ་ག་ཏན་སྦྱོར་བ་དག་པས་སོ། །ཞེས་སོ། །འདིས་ནི་གཙོ་བོར་རྩ་དག་པར་འགྱུར་པས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ལས་སྐུའི་དཀྱིལ་འཁོར་དུ་ཞུགས་པ་ཡིན་པའི་ཕྱིར་ལམ་དུས་ཀྱི་སྐུ་རྡོ་རྗེ་དང་སྤྲུལ་པའི་སྐུ་ཞེས་ཀྱང་བྱའོ། །གསུམ་པ་ནི། དེ་ནས་ནས། ཞེས་བྱའོ། ཞེས་གསུངས་ཏེ། སྦྱོར་ལམ་ཐོབ་པ་དེ་ནས་རླུང་དག་པའི་ཕྱིར་སྲོག་རྩོལ་དང་འཛིན་པ་ལ་སྦྱོང་བའི་སྦྱོར་བ་དང་ལྡན་པས་གསུང་གི་དཀྱིལ་འཁོར་གྱི་སྒོ་ཞེས་བྱ་བ་རྩའི་འཁོར་ལོ་རྣམས་སུ་རླུང་གི་འགྲོ་འོང་ཤིན་ཏུ་སྦྱངས་པ་ལ་བརྟེན་ནས་ཞག་གཅིག་དུས་སྦྱོར་བཅུ་གཉིས་ལས་གཅིག་འགག་ནུས་པ་དེའི་ཚེ་ཐིག་ལེའི་གྲངས་དེ་སྙེད་རྩ་དུང་ཅན་མའི་མར་སྣ་གསང་བའི་འཁོར་ལོར་འཛག་མེད་དུ་འཆིང་ནུས་པས་རྣམ་རྟོག་བརྒྱ་ཕྲག་བཅོ་བརྒྱད་ཡེ་ཤེས་སུ་དག་ཅིང་འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་བཅུ་ལ་སོགས་པའི་མཐར་ཐུག་པར་མངོན་ཤེས་དང་རྫུ་འཕྲུལ་ལ་དབང་ཐོབ་པ་ནི། མཐོང་བའི་ལམ་ཐོབ་པའི་ཡོན་ཏན་ཏེ། སྦྱོར་ལམ་བསྒོམས་པས་བཤད་མ་ཐག་པའི་ཡོན་ཏན་དེ་དག་དང་ལྡན་པའི་མཐོང་ལམ་ཐོབ་པར་འགྱུར་པ་ནི་དེ་ལ་སྦྱོར་བར་བྱེད་པའི་སྒྲས་བསྟན་ལ། དེའི་ཤེས་བྱེད་ནི་རྣལ་འབྱོར་པས་དུས་རྟག་ཏུ་རླུང་གི་སྦྱོར་བ་ལ་བརྟེན་ནས་བྱང་སེམས་མི་འཕོ་བ་འཛིན་པའི་སྟོབས་ཀྱིས་ནི་རྩའི་འཁོར་ལོ་རྣམས་སུ་རླུང་སེམས་དབྱེར་མེད་ཀྱི་རྡོ་རྗེ་སེམས་དཔའ་ལ་ཡང་དག་པར་འཇུག་ཅིང་འགྲུབ་པས་རླུང་གི་རྣལ་འབྱོར་རམ་སྲོག་རྩོལ་མཐར་ཕྱིན་པའི་འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་ཞེས་བྱ་སྟེ། དུས་འཁོར་རྩ་རྒྱུད་ཀྱི་ལུགས་དང་སྦྱར་བའོ། །གཞན་ཡང་འཛིན་པ་དང་སེམས་དབེན་གྱི་མཐར་བདེན་པ་མཐོང་ཞིང་བདེན་པ་མཐོང་བས་མཐོང་ལམ་ཡིན་པ་སྤྱོད་བསྡུས་སྒྲོན་མེར་བཟང་སྐྱོང་གི་མདོ་དྲངས་ནས་བཤད་ཅིང་། འདིའང་གསུང་གི་དཀྱིལ་འཁོར་དུ་ཞུགས་པ་ཡིན་པའི་ཕྱིར་ལམ་དུས་ཀྱི་གསུང་རྡོ་རྗེ་དང་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །བཞི་པ་སྒོམ་ལམ་ལ་གཉིས། ལམ་གྱི་ངོ་བོ་དང་། མཐོང་སྒོམ་སོགས་ཀྱི་རླུང་འགག་ལུགས་སོ། །དང་པོ་ནི། སྤྲོས་མེད་ནས། སྤྱོད་དང་བཅས། ཞེས་གསུངས་ཏེ། མི་རྟོག་ཡེ་ཤེས་ཐོབ་ནས་ཉམས་སུ་ལེན་པའི་སྤྱོད་པ་ནི། སྤྲོས་མེད་རྗེས་ཐོབ་སྒྱུ་མ་ལྟ་བུ་དང་ཤིན་ཏུ་སྤྲོས་མེད་མཉམ་བཞག་རྣམ་པར་མི་རྟོག་པའི་སྤྱོད་པ་ལ་བརྟེན་ནས་གཏུམ་མོ་སྦར་བས་བྱང་ཆུབ་ཀྱི་སེམས་ཞུ་བའི་བདེ་བ་རྗེས་སུ་དྲན་པ་ལ། དཀོན་མཆོག་གསུམ་དང་ལྷ་དང་གཏོང་བ་དང་ཚུལ་ཁྲིམས་དང་ཕར་ཕྱིན་བཅུ་སྟེ་རྗེས་སུ་དྲན་པ་བཅུ་དྲུག་གི་ཡན་ལག་ཏིང་ངེ་འཛིན་རིགས་མི་འདྲ་བ་མང་པོ་ལ་སྦྱང་བ་ཐུགས་རྡོ་རྗེའི་རྣལ་འབྱོར་དང་འགྱུར་མེད་ཀྱི་བདེ་བ་ཐོབ་པའི་ཏིང་ངེ་འཛིན་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཡིན་ལ། དེ་དག་ནི་བདུད་དང་ཐེག་པ་དམན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བས་ན་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པས་སྒོམ་ལམ་མཐར་ཕྱིན་པར་གྲུབ་ནས། གཞན་དོན་ཕུན་ཚོགས་དང་འབྲེལ་ཞིང་སྒྲུབ་ནུས་པས་ཚོགས་ཀྱི་སྤྱོད་པ་ཆེན་པོ་དང་བཅས་པ་ཞེས་ཀྱང་བཤད་དོ། །འདིའང་ཐུགས་ཀྱི་དཀྱིལ་འཁོར་དུ་ཞུགས་པའི་ཕྱིར་ལམ་དུས་ཀྱི་ཐུགས་རྡོ་རྗེ་དང་ཆོས་ཀྱི་སྐུ་ཡིན་པར་དོན་གྱིས་ཐོབ་པ་ཡིན་ནོ། །སྦྱོར་བ་ཡན་ལག་དྲུག་དང་ས་ལམ་སྦྱོར་ཚུལ་སེམས་འགྲེལ་ལས་དངོས་སུ་མ་གསུངས་ཀྱང་འདིར་འདས་མ་འདས་ཀྱི་ལམ་གཉིས་ཡན་ལག་དྲུག་ཚར་གཅིག་གིས་བགྲོད་པའི་ཚུལ་ལམ་རྐྱང་པའི་དབང་དུ་མཛད་དོ། །གཉིས་པ་མཐོང་སྒོམ་སོགས་ཀྱི་རླུང་འགག་པའི་ཚུལ་ནི། དང་པོ་ནི། སྤྱི་བོར་བཤད། ཅེས་གསུངས་ཏེ། དེའང་དང་པོར་སོར་བསམ་ལ་བརྟེན་ནས་རྩ་འགགས་པའི་སྟོབས་ཀྱིས་དུས་སྦྱོར་དང་པོ་བརྒྱ་ཕྲག་བཅོ་བརྒྱད་ཀྱི་རླུང་དང་། དེ་དང་གྲངས་མཉམ་པའི་རྣམ་པར་རྟོག་པ་དེ་སྙེད་ལྷན་ཅིག་ཡེ་ཤེས་སུ་རྣམ་པར་དག་ཅིང་རྡོ་རྗེ་ནོར་བུའི་རྒྱལ་མཚན་གྱི་རྩ་བཞིར་བྱང་སེམས་འགགས་པ་དེ་ནི་མོས་སྤྱོད་ཀྱིས་འཇིག་རྟེན་པའི་ལམ་ཚོགས་སྦྱོར་གཉིས་ཡིན་ལ། སྲོག་རྩོལ་དང་འཛིན་པ་ལ་བརྟེན་ནས་དུས་སྦྱོར་གཉིས་པའི་རླུང་དང་རྟོག་པ་བརྒྱ་ཕྲག་བཅོ་བརྒྱད་དེ་དང་ལྷན་ཅིག་པའི་ཐིག་ལེ་སྐ་བ་རྣམས་གསང་བའི་འཁོར་ལོར་འགགས་པ་ནི་ཐེག་པ་ཆེན་པོའི་མཐོང་བའི་ལམ་ས་དང་པོ་རབ་ཏུ་དགའ་བ་ཐོབ་ཅིང་། འདིར་དོན་དམ་པའི་སེམས་བསྐྱེད་ཐོབ་པའི་ཕྱིར་རྟེན་གྱི་གང་ཟག་དེ་ལ་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་ཞིང་། དེ་ཐོབ་པ་ཡིས་མ་རིག་པའི་རྟེན་འབྲེལ་གྱི་ལུས་ཀྱི་ཆ་དེ་འགག་ཅིང་། དེ་ནས་རིམ་གྱིས་ས་རེ་རེ་བཞིན་སྐྱེ་ཤི་སོགས་རྟེན་འབྲེལ་བཅུ་གཉིས་ལུགས་བཟློག་ཏུ་འགགས་གོ ཡང་ན་མ་རིག་པས་ཀུན་ནས་བསླངས་ཏེ་ཟག་བཅས་ཀྱི་ལས་མངོན་པར་འདུ་བྱེད་པ་ལས་བྱུང་བའི་ལས་ཉོན་གྱི་སྐྱེ་ཤི་འགག་གོ །དེ་ལྟར་འགགས་ཀྱང་མ་རིག་བག་ཆགས་ཀྱི་ས་དང་ཟག་པ་མེད་པའི་ལས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་དང་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བར་སྟོན་པར་མཛད་དེ། རྒྱུད་བླ་ལས། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་དང་། སྐྱེ་འཆི་ན་དང་རྒ་བ་ལས་གྲོལ་ཞིང་། །ཞེས་སོགས་གསུངས་པས་སོ། །དེ་ནས་རྗེས་དྲན་གྱི་སྟོབས་ཀྱིས་དུས་སྦྱོར་གསུམ་པའི་རླུང་དང་རྟོག་པ་བརྒྱ་ཕྲག་བཅོ་བརྒྱད་དང་ཐིག་ལེ་ལྷན་ཅིག་ཏུ་གསང་འཁོར་དེ་ཉིད་དུ་དག་པ་ནི་ས་གཉིས་པ་དྲི་མ་མེད་པའོ། །སྟེ་ཞེས་པ་ཚིག་ཕྱི་མ་འདྲེན་པའི་ཕྲད་དོ། །ལྟེ་བའི་འཁོར་ལོར་ཡང་དེ་བཞིན་དུ་དུས་སྦྱོར་བཞི་པ་དང་ལྔ་པའི་རླུང་དང་རྟོག་པ་སྟོང་བརྒྱད་བརྒྱ་པ་ཚན་པ་གཉིས་ཐིག་ལེ་དང་ལྷན་ཅིག་ཏུ་དག་པས་ས་གསུམ་པ་དང་བཞི་པ། དུས་སྦྱོར་དྲུག་པ་དང་བདུན་པའི་རླུང་དང་རྟོག་པ་ཐིག་ལེ་དང་ལྷན་ཅིག་ཏུ་སྙིང་གའི་འཁོར་ལོར་དག་པས་ས་ལྔ་པ་དང་དྲུག་པ་སྟེ། དུས་སྦྱོར་བརྒྱད་པ་དང་དགུ་པའི་རླུང་དང་རྟོག་པ་ཐིག་ལེ་དང་ལྷན་ཅིག་ཏུ་མགྲིན་པའི་འཁོར་ལོ་ལ་དག་པས། ས་བདུན་པ་དང་བརྒྱད་པ། དུས་སྦྱོར་བཅུ་པ་དང་བཅུ་གཅིག་པའི་རླུང་དང་རྟོག་པ་ཐིག་ལེ་དང་ལྷན་ཅིག་ཏུ་སྤྱི་བོའི་འཁོར་ལོར་དག་པས་ས་དགུ་པ་དང་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་པར་བཤད་དོ། །ལྔ་པ་མཐར་ཕྱིན་མི་སློབ་པའི་ལམ་བཤད་པ་ནི། དེ་ནས་ནས། འགྲུབ་པ་ཡིན། ཅེས་དང་། འོག་ནས། ཡེ་ཤེས་ནས། དང་མཚུངས་ཐོབ། ཅེས་གསུངས་ཏེ། ས་བཅུ་བགྲོད་པ་དེ་ནས་གཙུག་ཏོར་གྱི་འཁོར་ལོར་དུས་སྦྱོར་བཅུ་གཉིས་པའི་རླུང་དང་རྟོག་པ་བརྒྱ་ཕྲག་བཅོ་བརྒྱད་པ་རེ་ཐིག་ལེ་དང་ལྷན་ཅིག་ཏུ་འགགས་པས། རྟོགས་པ་ཐམས་ཅད་མི་རྟོག་པར་དག རྩ་རླུང་ཐིག་ལེ་ཐམས་ཅད་ཡེ་ཤེས་ཀྱི་རྩ་རླུང་དང་ཐིག་ལེར་གྱུར་པ་དེའི་ཚེ་འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་པར་རྒྱུད་སྡེ་ལས་གསུངས་སོ། །དེའི་ཚེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་བཟློག་ཏུ་འགགས་ཤིང་དག་པ་དང་མས་བརྟན་པའི་དགའ་བ་བཅུ་དྲུག་ཡོངས་སུ་རྫོགས་ཤིང་སྟོང་པ་ཉིད་བཅུ་དྲུག་དང་སྙིང་རྗེ་ཆེན་པོ་བཅུ་དྲུག་ཡེ་ཤེས་ཀྱི་ངོ་བོར་དབྱེར་མི་ཕྱེད་པ་མཐར་ཕྱིན་པ་འགྲུབ་པ་སྟེ། སྔར་དུམ་བུ་དྲུག་པ་དང་དགུ་པར་བཤད་པ་ལྟར་སྐྱེས་བུ་ཚེ་ལོ་བརྒྱ་པའི་ལས་ཀྱི་རླུང་ཇི་སྙེད་པ་ཡེ་ཤེས་ཀྱི་རླུང་ལོ་གསུམ་དང་ཟླ་བ་ཕྱེད་པ་གསུམ་གྱི་རང་བཞིན་ཏུ་དག་པས་ཡེ་ཤེས་ཀྱི་སྐུ་ཉིད་དུ་འགྲུབ་པ་ཡིན་ནོ། །ཡེ་ཤེས་ཀྱི་སྐུ་དེ་ལ་གྲངས་ཀྱི་རིམ་པ་འདི་ཙམ་ཞེས་མཐའ་གཅིག་ཏུ་ངོས་བཟུང་མེད་མོད་ཀྱི། ཡེ་ཤེས་ཐམས་ཅད་ཀྱང་རིགས་བསྡུ་ན་ལྔའི་རིམ་པར་འདུས་ཏེ། སྔ་མ་གཞི་དུས་ཀྱི་སྦྱང་གཞི་ཕུང་པོ་ལྔ་དག་པའི་རིམ་པ་དང་མཚུངས་པར་ཐོབ་སྟེ། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཀྱི་ཕུང་པོ་ལྔ་རིམ་པར་མེ་ལོང་མཉམ་ཉིད་སོར་རྟོག་བྱ་གྲུབ་ཆོས་དབྱིངས་རྣམས་སུ་གྱུར་པ་ཡིན་ནོ། །འདིར་ལོ་ཆེན་བསོད་ནམས་རྒྱ་མཚོ་དང་དྭགས་རམ་པས། འོ་ན་མཐོང་ལམ་དུ་མ་རིག་པ་འགག་པར་བཤད་པས་ན་ལུགས་འབྱུང་དུ་འགགས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རྟེན་འབྲེལ་རེ་རེ་ལ་ལུས་ངག་ཡིད་ཡེ་ཤེས་བཞི་བཞིར་ཡོད་པ་ལས། མཐོང་ལམ་དུ་མ་རིག་པའི་ལུས་ཀྱི་ཆ་དེ་འགག་པ་ཡིན་གྱི། ངག་ལ་སོགས་པ་གསུམ་ལུགས་བཟློག་གི་མཐར་འགག་པ་ཡིན་ནོ། །ཞེས་གསུངས་ཤིང་། དགའ་བ་བཅུ་དྲུག་ནི་ཕྱི་རོལ་དུ་ཟླ་བ་ལ་དཀར་ཕྱོགས་དང་ནག་ཕྱོགས་བཅུ་དྲུག་གི་དག་པས་ཕུང་པོ་ལྔ་ཁམས་ལྔ་དབང་པོ་ལྔ་འགག་པའི་དགའ་བ་བཅོ་ལྔ། བཅུ་དྲུག་པ་ནི་དེ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཆ་རྣམས་འགགས་པའི་དགའ་བ་དང་། སྟོང་ཉིད་བཅུ་དྲུག་ནི་ཕྱི་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡིན་ཅིང་། སྙིང་རྗེ་བཅུ་དྲུག་ནི་སེམས་ཅན་ལ་དམིགས་པ་ལྔ། ཆོས་ལ་དམིགས་པ་ལྔ། དམིགས་པ་མེད་པ་ལྔ། བཅུ་དྲུག་པ་སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོ་རྣམས་ཡིན་ལ་དཀར་ཕྱོགས་ལ་དགའ་བ་དང་སྙིང་རྗེ། ནག་ཕྱོགས་ལ་སྟོང་པ་ཉིད་དང་སྦྱར་བ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། རྩ་རླུང་ནས། འདིར་མ་བརྗོད། ཅེས་གསུངས་ཏེ། འདིར་བཤད་པའི་ལམ་རིམ་འདི་ནི་རྣལ་འབྱོར་ཡན་ལག་དྲུག་ཉམས་སུ་བླངས་པས་ལམ་ལྔ་བགྲོད་པའི་རིམ་པ་སྟེ། དེ་ཡང་སྔར་བཤད་པའི་རྩ་དང་རླུང་དང་ཐིག་ལེ་སྟེ་རྣམ་པ་གསུམ་ནི་གཞི་དུས་ཀྱི་སྐུ་གསུམ་དུ་བཞུགས་པས་སྒྲིབ་པ་དང་བཅས་པའི་ཕྱིར། དེའི་བྱེད་པ་མ་བཅིངས་ན་འཁོར་བར་འཁོར་ལ། བྱེད་པ་བཅིངས་ན་མྱ་ངན་ལས་འདས་པ་འགྲུབ་པར་བྱེད་དོ། །བྱེད་པ་འཆིང་བའི་ཐབས་ཀྱང་། རྩ་དག་པར་བྱེད་པ་སོར་བསམ་རླུང་དག་པར་བྱེད་པ་སྲོག་འཛིན་ཐིག་ལེ་དག་པར་བྱེད་པ་རྗེས་ཏིང་སྟེ་རྡོ་རྗེ་རྣམ་པ་གསུམ་གྱི་ཉམས་ལེན་སྦྱོར་བ་ཡན་ལག་དྲུག་ནི་སློབ་པའི་ལམ་སྟེ། གོང་དུ་རྒྱས་པར་བཤད་པ་ལྟར་རོ། །དེ་མཐར་ཕྱིན་པའི་འབྲས་བུ་ནི་སངས་རྒྱས་ཀྱི་ས་སྟེ། རྩ་འཆིང་བྱེད་སོར་བསམ་གྱིས་མ་དག་པའི་ལུས་ཀྱི་བྱེད་པ་བཅིངས་པ་ལས་སྐུ་རྡོ་རྗེ་མངོན་དུ་འགྱུར་བར་བྱེད། རླུང་འཆིང་བྱེད་སྲོག་འཛིན་གྱིས་མ་དག་པའི་ངག་གི་བྱེད་པ་བཅིངས་པ་ལས་གསུངས་རྡོ་རྗེ་མངོན་ཏུ་འགྱུར་བར་བྱེད། ཐིག་ལེ་འཆིང་བྱེད་རྗེས་ཏིང་གིས་མ་དག་པའི་སེམས་དང་ཡེ་ཤེས་ཀྱི་བྱེད་པ་བཅིངས་པ་ལས་ཐུགས་རྡོ་རྗེ་དང་ཡེ་ཤེས་བསྒྲུབ་པར་བྱེད་པས་སོ། །ཡན་ལག་དྲུག་པོ་འདིར་ས་དང་ལམ་གྱི་རིམ་པ་སོགས་གསུང་རབ་ཀྱི་དོན་མ་ལུས་པ་འདུས་པའི་ཚུལ་དང་ས་ལམ་གྱི་རྣམ་པར་དབྱེ་བ་དཔག་ཏུ་མེད་པ་མདོ་རྒྱུད་བསྟན་བཅོས་རྣམས་ལས་མཐའ་ཡས་པ་གསུངས་ཀྱང་འདིར་མ་བརྗོད་དེ། ཡི་གེ་མང་བར་དོགས་པས་སོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་གསལ་བར་སྣང་བའི་ཚིག་འགྲེལ་ལས། ལམ་གྱི་རིམ་པ་དང་སྦྱར་བའི་དུམ་བུ་སྟེ་ལེའུ་བཅུ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ས་ལམ་གྱི་རིམ་པ་རྣམས་བསྟན་ནས། ཆོས་ཐམས་ཅད་རང་བཞིན་གྱི་སྟོང་པ་ཉིད་སྤྲོས་པ་དང་བྲལ་བའི་དེ་ཁོ་ན་ཉིད་ལས་མ་འདས་པའི་ཕྱིར་སྡུད་པའི་རིམ་པ་འཆད་པ་སྟེ། དེའང་བཤད་ཟིན་པའི་གཞུང་རྣམས་སུ་རྫོགས་པའི་རིམ་པ་ཕྱིན་ཅི་མ་ལོག་པར་བསྟན་པས། དེ་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ལ་འཇུག་པའི་རིམ་པ་དང་མཐུན་པར་མཐར་སྟོང་པ་ཉིད་དུ་སྡུད་པར་འགྱུར་བའི་ཚུལ་རྣམས་གོ་བར་འགྱུར་མོད་ཀྱང་། བྱེ་བྲག་ཏུ་རྩ་རླུང་ཐིག་ལེ་ལས་གྲུབ་པའི་ལུས་ཅན་རྣམས་རྩ་རླུང་སོགས་རྫོགས་མ་ཐག་པ་ནས་འཇིག་པ་ལ་འཇུག་པར་འགྱུར་བས་སྐྱེ་འཇིག་གི་རང་བཞིན་མི་རྟག་པ་སྒྱུ་མ་ལྟ་བུ་ཡིད་ལ་ངེས་པར་བྱ་བའི་ཕྱིར་དུ། འཆི་བའི་ལྟས་ཀྱི་རིམ་པ་སྲོག་གི་དབང་པོ་འགག་པའི་ཚེ་རྩ་རླུང་ཐིག་ལེ་རྣམས་རིམ་གྱིས་ནུས་པ་སྡུད་ཅིང་གཅིག་ལ་གཅིག་ཐིམ་པར་འགྱུར་བའི་ཚུལ་རྒྱུད་སྡེ་ལས་གསུངས་པ་བཞིན་ཤེས་དགོས་པས་དེ་ལྟར་འཆད་པ་ལ་གཉིས། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ནས་ནས། དབང་ཐོབ་ཕྱིར། ཅེས་གསུངས་ཏེ། ལམ་གྱི་རིམ་པ་དང་སྦྱར་བ་བཤད་པ་དེ་ནས་ཐ་མལ་པའི་རྡོ་རྗེའི་ལུས་ལ་རྩ་དང་རླུང་དང་ཐིག་ལེ་རྣམས་སྡུད་པའི་རིམ་པ་འཆི་བའི་ལྟས་རྣམས་རྒྱུད་ལས་ཇི་སྐད་གསུངས་པ་ལྟར་འདིར་གསལ་བར་བཤད་པར་བྱ་སྟེ། འཆི་བ་རྫོགས་རིམ་གྱི་སྦྱང་གཞི་དང་། སྐྱེ་བ་བསྐྱེད་རིམ་གྱི་སྦྱང་གཞི་ཡིན་པས་ན། གོང་གི་རྫོགས་རིམ་བཤད་པ་ཉིད་ཀྱིས་སྡུད་རིམ་རག་པ་འཆད་པར་འགྱུར་ལ། འོན་ཀྱང་སྐྱེས་མ་ཐག་ཏུ་འཆི་ལྟས་ཞུགས་པར་ཤེས་པས་ཡིད་བྱུང་ནས་ཆོས་ཀྱི་འཇུག་པའི་སྒོ་ལ་སྦྱོར་བ་དང་། དུས་མིན་གྱི་འཆི་ལྟས་ཤེས་པས་འཆི་བ་བསླུ་བ་ལ་སོགས་པའི་དགོས་པ་ཡོད་ལ། འཆི་བའི་ངོ་བོ་ནི་ས་གང་དང་གང་གིས་རིག་མཐུན་གྱི་ཕུང་པོ་དོར་ནས་སྲིད་པ་གཞན་དུ་འཕོ་བ་ཡིན་ཏེ། ཚེ་དང་དབང་ཐང་དང་དྲོད་འདོར་བས་ལྡན་མིན་འདུ་བྱེད་ཡིན་ལ་དེ་ཡང་སོ་སོ་སྐྱེ་བོ་ཐ་མལ་པ་རྣམས་ལ་ཡིན་གྱིས་གནས་ལུགས་མངོན་སུམ་དུ་མཐོང་བའི་ཡེ་ཤེས་ཀྱི་རྣལ་འབྱོར་གྲུབ་པ་དང་། དེ་ལས་བསམ་བཞིན་སྐྱེ་བ་བླངས་པ་དང་། རྩ་རླུང་ཐིག་ལེའི་གནད་བཅིངས་པའི་རྣལ་འབྱོར་གྲུབ་པ་རྣམས་དང་། དེར་མ་ཟད་བསམ་གཏན་དང་རིག་སྔགས་དང་བཅུད་ལེན་ལ་སོགས་པའི་འཇིག་རྟེན་པའི་ལམ་ལ་བརྟེན་པའི་ཚེ་གྲུབ་པ་རྣམས་ལ་ནི་ངེས་པ་མེད་དེ་དེ་དག་རླུང་སེམས་ལ་དབང་ཐོབ་པ་ཡིན་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི། རྩ་སྡུད་པའི་རིམ་པ། རླུང་གི་འཆི་ལྟས། ཐིག་ལེ་འགག་པའི་རིམ་པ། ཞར་ལ་གང་དུ་འཕོ་བའི་ངེས་པའོ། །དང་པོ་ལ་གསུམ། རྩ་ཕལ་པ་སྡུད་པའི་ཚུལ། འཁོར་ལོ་བཅོ་བརྒྱད་སྡུད་པའི་རིམ་པ། རྩ་ཉི་ཤུ་རྩ་བཞི་པོ་སྡུད་པའི་ཚུལ་ལོ། །དང་པོ་ནི། ཐ་མལ་ནས། ཉིན་རེ་གཉིས། ཞེས་གསུངས་ཏེ། ཐ་མལ་པའི་རྡོ་རྗེའི་ལུས་འདི་ལ་མངལ་དུ་ཞག་བདུན་ཕྲག་བཞི་སོང་རྗེས་རྩ་རྣམས་ཀྱི་དང་པོ་དབུ་མ་སྐྱེས་པ་ནས་ལོ་གཅིག་གི་བར་དུ་ནི་རྩ་ཁམས་ཐམས་ཅད་སྐྱེད་པར་བྱེད་པ་སྟེ། ཕྱིར་བཙས་ནས་ཟླ་བ་གསུམ་པ་ན་རྩ་ཐམས་ཅད་རྫོགས་པའི་ཕྱིར་རོ། །དེའི་ཕྱི་དེ་ཉིན་ལ་ཟླ་བ་བཞི་པའི་ཞག་དང་པོ་ནས་ཞག་རེ་བཞིན་ཐབས་ཤེས་ཀྱི་རྩ་གཉིས་གཉིས་ཀྱི་ནུས་པ་སྐམས་པར་དུས་འཁོར་དུ་བཤད་པ་ཡིན་པས་ལོ་བརྒྱ་རྫོགས་པ་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྡུད་པར་འགྱུར་བ་ནི་རགས་པའི་རིམ་པ་བརྗོད་པའོ། །ཞིབ་པར་བརྩིས་ན་ལོ་ནི་དགུ་བཅུ་རྩ་དྲུག་དང་ཟླ་བ་ཕྱེད་དང་བཅུ་གཅིག་གི་བར་ལ་ཕྲ་བའི་རྩ་ཀུན་སྡུད་པ་ཡིན་ཏེ། རྩ་ཕྲ་མོ་དྲུག་ཁྲི་དགུ་སྟོང་བདུན་བརྒྱ་དང་ལྔ་བཅུ་སྡུད་པར་འགྱུར་ཞིང་། དེའང་ཉིན་ཞག་རེ་ལ་རྩ་གཉིས་གཉིས་སྡུད་པ་ཡིན་ནོ། །དེའི་ལྷག་མ་རྩ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་ལུས་པ་ནི་ལོ་གསུམ་ཕྱོགས་གསུམ་པོའི་ནང་དུ་སྡུད་ཚུལ་འོག་ནས་འཆད་དོ། །གཉིས་པ་འཁོར་ལོ་བཅོ་བརྒྱད་སྡུད་པའི་རིམ་པ་ལ་གསུམ། ཉིས་སྟོང་ཉིས་བརྒྱ་ལྔ་བཅུའི་སྤྱིའི་དོན་དང་། །འཁོར་ལོ་རྣམས་སྡུད་ཚུལ་རྒྱས་པར་བཤད་པ། དེའི་དོན་བསྡུ་བའོ། །དང་པོ་ནི། དེ་འོག་ནས། ལྔ་བཅུ་དག །ཅེས་གསུངས་ཏེ། རྩ་ཕྲ་མོ་རྣམས་བསྡུས་ཟིན་པ་དེའི་འོག་ལོ་གསུམ་དང་ཕྱོགས་གསུམ་ལ་རྩ་ཆེན་པོ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་སྡུད་དོ། །འདི་ནི་འཁོར་ལོའི་རྩ་དང་རྩ་ཆེན་ཉེར་བཞིའི་སྤྱིའི་དོན་ཏེ། དེ་ཡང་ལས་རླུང་རྒྱུ་བའི་རྩ་ནི་སྤྱི་བོར་བཅུ་བཞི། མགྲིན་པ་ཉེར་བརྒྱད། སྙིང་གར་བརྒྱད། ལྟེ་བར་དྲུག་ཅུ་སྟེ། འཁོར་ལོ་བཞི་ལ་བརྒྱ་དང་བཅུ་ཡར་མར་གྱིས་རོ་རྐྱང་གི་སྣ་བཞི་བསྣན་པས་བརྒྱ་དང་བཅུ་བཞི། ཚིགས་ཆེན་དང་ཚིགས་ཕྲན་གྱི་འཁོར་ལོའི་རྩ་བདུན་བརྒྱ་ཉི་ཤུ། རྩ་ཉི་ཤུ་རྩ་བཞི་པོ་ལ་དྲུག་ཅུ་དྲུག་ཅུ་ཕྱེ་བའི་ཐོག་ནས་དབུ་མའི་ཆ་ཉེར་བཞི་མ་གཏོགས་པའི་རྩ་སྟོང་དང་བཞི་བརྒྱ་བཅུ་དྲུག་རྣམས་བསྡོམས་པས་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་པོ་ལོ་གསུམ་ཕྱོགས་གསུམ་གྱི་ནང་དུ་སྡུད་པའི་ཚུལ་ཡིན་ནོ། །གཉིས་པ་ནི། ཚིགས་ཆེན་ནས། ནང་དུ་འདོར། ཞེས་གསུངས་ཏེ། ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོར་སུམ་བརྒྱ་དྲུག་ཅུའི་གྲངས་སུ་ཡོད་པའི་རྩ་ནི་ཞག་གསུམ་གསུམ་ན་རྩ་རེ་རེ་སྐམས་པར་འགྱུར་ལ་སོར་ཚིགས་ཀྱི་རྩ་སུམ་བརྒྱ་དྲུག་ཅུ་ཡང་དེ་དང་མཉམ་པས་ཉིན་ཞག་གསུམ་གསུམ་ལ་རེ་རེ་སྐམས་པར་འགྱུར་བའི་ཕྱིར་ལོ་གསུམ་གྱི་ནང་སྡུད་ཅིང་། ལྟེ་བའི་རྩ་འདབ་དྲུག་ཅུ་ནི་རྩའི་རྩེ་མོ་དང་དེའང་ཁྱིམ་བཅུ་གཉིས་ལས་གྱེས་པ་རྣམས་ཏེ། དེ་རྣམས་དུས་སྦྱོར་གྱི་རླུང་གི་ནུས་པ་དང་མཚུངས་པར་ལོ་གསུམ་གྱི་ནང་དུ་སྡུད་ལ། སྤྱི་བོའི་ཟླ་རྐང་གི་རྩ་བཅུ་བཞི་པོ་ཕྱོགས་གཅིག་གི་ཞག་པོ་ནི་བཅོ་ལྔའི་ནང་དུ་སྡུད་དེ། །མགྲིན་པའི་རྒྱུ་སྐར་དང་མཚུངས་པའི་རྩ་ཉེར་བརྒྱད་པོ་ཕྱོགས་གཉིས་ཀྱི་ཞག་བསྡོམས་པ་ཟླ་བ་གཅིག་གི་ནང་དུ་སྡུད་དེ་གསང་བའི་འཁོར་ལོའི་རྩ་ཡང་མགྲིན་པ་དང་མཚུངས་པས་ལོགས་སུ་མི་བགྲང་ངོ་། །སྙིང་གའི་རྩ་བརྒྱད་པོ་མགྲིན་གསང་སྡུད་པའི་ཟླ་བ་གཅིག་པུའི་ཞག་བརྒྱད་ཀྱི་ནང་དུ་འདོར་བས་ཞག་བརྒྱད་པོ་ཐུན་མོང་པ་ཡིན་ནོ། །གསུམ་པ་ནི། དེ་ལྟར་ནས། དང་བཅས་ཡིན། ཅེས་གསུངས་ཏེ། དེ་ལྟར་བཤད་པ་ནི་སྤྱི་བོར་རྩ་འདབ་བཅུ་དྲུག་མགྲིན་པར་སོ་གཉིས་སྙིང་གར་བརྒྱད། ལྟེ་བར་བདུན་ཅུ་རྩ་གཉིས། གསང་བར་སོ་གཉིས་ཏེ་འཁོར་ལོ་ལྔའི་རྩ་འདབ་བརྒྱད་དང་དྲུག་ཅུ། གཙུག་ཏོར་གྱི་རྩ་བཞི་དང་བཅས་པའི་དབུ་མའི་ཆ་མ་གཏོགས་པ་འགགས་པའི་རིམ་པ་ཡིན་ནོ། །གསུམ་པ་རྩ་ཉི་ཤུ་རྩ་བཞི་བསྡུད་ཚུལ་ལ་གཉིས། དངོས་དང་། ཐུན་མོང་གི་བསྡུ་བའོ། །དང་པོ་ནི། རྩ་ནི་ནས། སྡུད་པ་ཡིན། ཅེས་གསུངས་ཏེ། མི་ཕྱེད་མ་ལ་སོགས་པའི་རྩ་ནི་ཉི་ཤུ་རྩ་བཞི་པོ་རེ་རེ་ལ་ཡང་རྩ་ཆེན་དྲུག་ཅུ་དྲུག་ཅུ་རེ་ཡོད་དེ། དེ་རྣམས་ལས་དབུ་མའི་ཆ་མ་གཏོགས་པ་ལྟེ་བའི་འཁོར་ལོ་དང་མཚུངས་པར་ལོ་གསུམ་ཕྱོགས་གསུམ་གྱི་ནང་དུ་སྡུད་དགོས་པས། རྩ་ཉི་ཤུ་རྩ་བཞི་ལ་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོས་དབྱེ་བའི་རྩ་བ་དོན་གཉིས་པོ་མ་གཏོགས་གཞན་རྣམས་ལོ་གསུམ་གྱི་ནང་དུ་སྡུད། བདུན་ཅུ་རྩ་གཉིས་པོའི་དཀར་དམར་གྱི་ཆ་ཞེ་བརྒྱད་པོ་ཕྱོགས་གསུམ་གྱི་ནང་དུ་སྡུད་པ་ཡིན་ཅིང་། དབུ་མའི་ཆ་ཉེར་བཞི་པོ་ཞག་གཅིག་ལ་སྡུད་དོ། །གཉིས་པ་ནི། དེ་ལྟར་ནས། ནས་འཕོའོ། །ཞེས་གསུངས་ཏེ། བཤད་མ་ཐག་པ་དེ་ལྟར་དབུ་མའི་ཆ་མ་གཏོགས་པ་འཁོར་ལོའི་རྩ་ཆེན་པོ་ཉེར་བཞི་ལས་ཕྱེ་བ་རྣམས་སྐམས་ཏེ་རླུང་དང་བྱང་སེམས་རྣམས་མི་རྒྱུ་བ་དེ་ནས་ཞག་གཅིག་ནས་འཇིག་རྟེན་ཕྱི་མར་འཕོ་བའོ། །ཞག་གཅིག་པོ་དེར་ནི་དབུ་མའི་ཆར་གྱུར་པའི་རྩ་རྣམས་སུ་མུན་པ་ཆེན་པོའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུས་ཏེ་མཐར་དབུ་མའི་རྩ་སྤྱི་བོར་གཉིས་མགྲིན་པར་བཞི་པོ་ཐབས་ཤེས་སྦྱར་བས་གཉིས་སྙིང་གའི་ཡར་མར་གྱི་རྩ་གཉིས་ལྟེ་བའི་བཞི་ཚངས་བུག་དང་དུང་ཅན་གྱི་རྩ་སྟེ་འཁོར་ལོ་སོ་སོའི་དབུ་མའི་འཕོ་བའི་རྩ་བཅུ་གཉིས་རྩ་ཆེན་ཉེར་བཞིའི་དབུ་མའི་ཆ་སྟེ་རྩ་ཆེན་པོ་སུམ་ཅུ་སོ་དྲུག་ཕྲན་དང་བཅས་པ་ཞག་གཅིག་པོ་དེ་ལ་སྐམ་པར་འགྱུར་རོ། །གཉིས་པ་རླུང་གི་འཆི་ལྟས་ལ་ལྔ། སྤྱིར་རླུང་བཅུ་སྡུད་པའི་རིམ་པ། དབུ་མའི་དུས་དང་དུས་མ་ཡིན་པར་འཆི་ལྟས། གཡས་པ་ཉི་མའི་འཆི་ལྟས། གཡོན་པ་ཟླ་བའི་འཆི་ལྟས། དེ་དག་གི་ངེས་པ་བསྟན་པའོ། །དང་པོ་ནི། རླུང་གི་ནས། ཕྲེང་བར་གསུངས། ཞེས་གསུངས་ཏེ། དེ་ལྟར་རྩའི་སྡུད་རིམ་བཤད་ཟིན་ནས། ད་ནི་རླུང་གི་སྡུད་རིམ་བསྟན་པ་ནི་འདི་ལྟ་སྟེ། རྩ་བ་དང་ཡན་ལག་གི་རླུང་བཅུ་པོ་རྣམས་ལུས་འགྲུབ་ཚུལ་གྱི་སྐབས་སུ་བཤད་པ་ལྟར་ཟླ་བ་རེ་རེ་ལ་རྫོགས་པས་ཟླ་བ་བཅུ་ལོན་པ་ནས་རྫོགས་ཤིང་། ཕྱིར་སྐྱེས་ནས་ཚེ་ལོ་བརྒྱ་ལོན་པའི་དུས་སུ་འཆི་བ་གང་ཡིན་པ་དེའི་རླུང་བཅུའི་ནུས་པ་རྣམས་ལོ་ནི་བཅུ་བཅུར་རིམ་པ་ལྟར་གཅིག་ལ་གཅིག་སྡུད་པ་སྟེ། དེ་ཡང་། སྐྱེས་ནས་ལོ་བཅུ་ལོན་པའི་ཚེ་ནོར་རྒྱལ་གྱི་རླུང་གི་སྟོབས་ལྷ་སྦྱིན་གྱི་རླུང་གི་སྟོབས་དང་གཅིག་ཏུ་འགྱུར་ཞིང་། ལོ་ཉི་ཤུ་པ་ལ་དེ་དག་རྩངས་པའི་རླུང་གི་སྟོབས་སུ་འགྱུར་ལ། ལོ་སུམ་ཅུ་པ་ལ་དེ་དག་རུ་སྦལ་གྱི་རླུང་གི་སྟོབས་སུ་འགྱུར་ཏེ། བཞི་བཅུ་པ་ལ་ཀླུའི་རླུང་དང་སྟོབས་གཅིག་ཏུ་འགྱུར་རོ། །དེ་ལྟར་ཡན་ལག་གི་རླུང་ལྔའི་ནུས་པ་གཅིག་ལ་གཅིག་ཐིམ་པས་མིག་ལ་སོགས་པའི་དབང་པོ་རྣམས་ཉམ་ཞིང་ལུས་ཀྱི་རྩལ་ཡང་ཅུང་ཟད་འཆོར་རོ། །ལྔ་བཅུ་པ་ལ་དེ་དག་ཁྱབ་བྱེད་ཀྱི་རླུང་དང་སྟོབས་གཅིག་ཏུ་འགྱུར་ཏེ། དྲུག་ཅུ་པ་ལ་མཉམ་གནས་དང་སྟོབས་གཅིག་ཏུ་འགྱུར་ཞིང་། བདུན་ཅུ་པ་ལ་གྱེན་རྒྱུ་དང་སྟོབས་གཅིག་ཏུ་འགྱུར་ལ། བརྒྱད་ཅུ་པ་ལ་ཐུར་སེལ་དང་སྟོབས་གཅིག་ཏུ་གྱུར་ནས། དགུ་བཅུ་པ་ལ་རླུང་ཐམས་ཅད་ཀྱི་ནུས་པ་སྲོག་རླུང་གི་སྟོབས་སུ་འགྱུར་རོ། །དེ་ཡང་རླུང་སྔ་མའི་ནུས་པ་ཅུང་ཟད་ཉམས་ནས་ཕྱི་མའི་སྟོབས་འཕེལ་བར་འགྱུ་བའི་དོན་ཡིན་གྱི་སྔ་མའི་ནུས་པ་གཏན་མེད་དུ་འགྱུར་བ་ནི་མ་ཡིན་ནོ། །དེ་ལྟར་རླུང་བཅུའི་སྟོབས་རྣམས་གཅིག་ལ་གཅིག་ཐིམ་པར་འགྱུར་རོ་ཞེས་རྡོ་རྗེ་ཕྲེང་བར་གསུངས་པ་ཡིན་ནོ། །གཉིས་པ་དབུ་མའི་དུས་དང་དུས་མ་ཡིན་པའི་འཆི་ལྟས་ལ་གཉིས། འཕེལ་བའི་རིམ་པ་དང་། ལོ་གསུམ་ཕྱོགས་གསུམ་གྱི་འཆི་ལྟས་དངོས་སོ། །དང་པོ་ལ་བཞི། ཁུངས་སྨོས་པས་བསྟན་པ། རླུང་བཅུ་མ་ཉམས་ཤིང་མཉམ་པའི་དུས། འཆི་ལྟས་འཕེལ་ཚུལ་རྒྱས་བཤད། འཕོ་བའི་ངེས་པ་དངོས་སོ། །དང་པོ་ནི། རྒྱས་པར་སོགས་ཚིགས་རྐང་གཅིག་གསུངས་ཏེ། དབུ་མའི་འཆི་ལྟས་ཀྱི་རིམ་པ་ནི་རྒྱས་པར་དུས་ཀྱི་འཁོར་ལོའི་ནང་ལེ་ལས་འབྱུང་བ་དང་མཐུན་པར་འཆད་དོ། །གཉིས་པ་ནི། སྐྱེས་བུ་ནས། མཉམ་པར་རྒྱུ། ཞེས་གསུངས་ཏེ། ཁམས་དྲུག་ལྡན་གྱི་སྐྱེས་བུ་ཚེ་ལོ་བརྒྱ་པ་གང་ཡིན་པ་དེ་ནི་མངལ་དུ་རྩ་དབུ་མ་སྐྱེས་པ་ནས་བཟུང་སྟེ་ལོ་གཅིག་ལོན་པ་བཙས་ནས་ཟླ་བ་གསུམ་རྫོགས་ཀྱི་བར་དུ་རླུང་བཅུ་པོ་རིམ་གྱིས་རྫོགས་པར་འགྱུར་བས། བཅུ་ཀ་རྫོགས་མ་ཐག་པའི་ཚེ་དུས་སྦྱོར་བཅུ་གཉིས་ཀྱི་རླུང་རྣམས་ཕན་ཚུན་མང་ཉུང་མེད་པར་དུས་སྦྱོར་རེ་ལ་སྟོད་བརྒྱད་བརྒྱ་རེའི་གྲངས་ཀུན་མཉམ་པར་རྒྱུ་སྟེ་ཆད་ལྷག་མེད་དོ། གསུམ་པ་ནི། དེ་ནས་ནས། ཞག་གཅིག་རྒྱུ། ཞེས་གསུངས་ཏེ། ལོ་གཅིག་གི་བགྲོད་པ་གཉིས་སོང་བའི་རྗེས་དེ་ནས་བགྲོད་པ་གསུམ་པའི་ཟླ་བ་དྲུག་པའི་རིང་ཆ་ཤས་རེ་རེ་འཕེལ་བས་ནམ་མཁའི་རླུང་གི་མཚམས་སུ་རླུང་གཅིག་རྒྱུ་བ་འཕེལ་ཏེ་དུས་སྦྱོར་གཞན་རྣམས་དང་མི་མཉམ་པར་སུམ་བརྒྱ་དང་དྲུག་ཅུ་རྩ་གཅིག་རྒྱུ་ཞིང་། བགྲོད་པ་བཞི་པའི་ཟླ་བ་དྲུག་ལ་འཕེལ་འགྲིབ་མེད་དོ། །དེ་ནི་རྩ་དབུ་མ་སྐྱེས་པ་ལ་ལྟོས་པའི་ལོ་གཉིས་པ་ཡིན་ཀྱང་། བཙས་ནས་འཆི་ལྟས་འཕེལ་བ་ལ་ལྟོས་པའི་ལོ་དང་པོ་ཡིན་ནོ། །ལོ་གཉིས་པ་ལ་བགྲོད་པ་ལྔ་པའི་ཟླ་བ་དྲུག་གི་རིང་ལ་ཆ་ཤས་རེ་རེ་འཕེལ་བས་སྣ་གཡས་པར་ས་རླུང་དུ་རྒྱུ་བ་གཅིག་དང་གཡས་ཀྱི་ཐོབ་སྐལ་གཅིག་བཅས་རླུང་གཉིས་རྒྱུ་བ་འཕེལ་ཏེ་སུམ་བརྒྱ་དང་དྲུག་ཅུ་རྩ་གཉིས་རྒྱུ་བ་ཡིན་ལ། བགྲོད་པ་དྲུག་པར་འཕེལ་བ་མེད། དེ་བཞིན་ཏུ་ལོ་གསུམ་པ་བགྲོད་པ་བདུན་པ་ལ་སྣ་གཡོན་ཏུ་མཁའ་རླུང་དུ་དབུགས་གསུམ་འཕེལ། བརྒྱད་པར་འཕེལ་བ་མེད། ལོ་བཞི་པ་བགྲོད་པ་དགུ་པ་ལ་གཡས་སུ་ས་རླུང་དུ་དབུགས་བཞི་འཕེལ། བཅུ་པ་ལ་འཕེལ་བ་མེད། ལོ་ལྔ་པ་བགྲོད་པ་བཅུ་གཅིག་པ་ལ་གཡོན་ཏུ་མཁའ་རླུང་དུ་དབུགས་ལྔ་འཕེལ། བཅུ་གཉིས་པ་ལ་འཕེལ་བ་མེད། ལོ་དྲུག་པ་བགྲོད་པ་བཅུ་གསུམ་པ་ལ་ཟླ་བ་ཕྱེད་དང་གཉིས་ཀྱིས་མ་ཚང་པའི་མཚམས་སུ་སྣ་གཡས་པར་ས་རླུང་དུ་དབུགས་དྲུག་འཕེལ་བས་སུམ་བརྒྱ་དང་དྲུག་ཅུ་རྩ་དྲུག་རྒྱུའོ། །བཅུ་བཞི་པ་ལ་འཕེལ་བ་མེད་ཅིང་མདོར་ན་བགྲོད་པ་ཟུང་རྣམས་ལ་འཕེལ་བ་མེད་ཅིང་ཡ་རྣམས་ལ་འཆི་ལྟས་ཀྱི་རླུང་རེ་རེ་འཕེལ་བས་ཡོན་པོ་འཕེལ་བ་དང་། འདི་མཉམ་པོར་བྱེད་པའི་རླུང་སྦྱོར་ལའང་ཡོན་པོ་སྲོང་བ་ཞེས་གྲགས་པ་ཡིན་ནོ། །དེ་ལྟར་སྣ་གཡས་གཡོན་རེ་མོས་ཀྱི་ལོ་རེ་རེ་ལ་དབུགས་ཀྱི་རྒྱུ་བ་རེ་རེ་འཕེལ་ནས་ཕྱོགས་གསུམ་སྟེ་ཟླ་བ་ཕྱེད་དང་གཉིས་ཀྱིས་མ་ཚང་བའི་ལོ་བདུན་ན་ཆུ་སྲང་གཅིག་འཕེལ་བར་འགྱུར་རོ། །དེ་ནས་ནི་སྣ་གཡོན་པ་དང་སྣ་གཡས་སུ་རེས་མོས་ཀྱིས་རིམ་པ་བཞིན་ཏུ་ལོ་རེ་ལ་ཆུ་སྲང་རེ་རེ་འཕེལ་བར་འགྱུར་བས། ལོ་བརྒྱད་པ་ལ་སྣ་གཡོན་པའི་མཁའ་རླུང་དུ་ཆུ་སྲང་གཉིས་འཕེལ་བས་སུམ་བརྒྱ་དང་དོན་གཉིས་རྒྱུ་ཞིང་། ལོ་དགུ་པ་ལ་གཡས་པའི་ས་རླུང་དུ་ཆུ་སྲང་གསུམ། བཅུ་པ་ལ་གཡོན་པའི་མཁའ་རླུང་དུ་ཆུ་སྲང་བཞི་འཕེལ་བས་སུམ་བརྒྱ་དང་བརྒྱད་ཅུ་རྩ་བཞི་རྒྱུའོ། །དེ་ལྟར་ལོ་དྲུག་ཅུའི་བར་དུ་ལོ་རེ་ལ་ཆུ་སྲང་རེ་རེ་འཕེལ་བས་ལོ་དྲུག་ཅུ་རྩ་བདུན་ལོན་ནས་ནི་ཆུ་ཚོད་གཅིག་འཕེལ་བར་འགྱུར་ཏེ་སྣ་གཡོན་ནས་མཁའ་རླུང་བཞི་བརྒྱ་དང་ཉི་ཤུ་རྒྱུའོ། །དེའི་རྗེས་ནས་བགྲོད་པ་རེ་རེ་བཞིན་ཆུ་ཚོད་རེ་འཕེལ་བས་ལོ་ནི་སུམ་ཅུའི་བར་བགྲོད་པ་རེ་རེ་འཕེལ་བ་ནི་སྣ་གཡོན་དང་གཡས་པར་རིམ་པ་བཞིན་ནམ་མཁའི་རླུང་དང་ས་རླུང་གནས་དེར་རེས་མོས་ཀྱིས་འབྱུང་བ་བསགས་པས་ལོ་དགུ་བཅུ་གོ་དྲུག་དང་ཟླ་བ་ནི་ཕྱེད་དང་བཅུ་གཅིག་ལོན་ནས་སྣ་གཡོན་ཏུ་ནི་ནམ་མཁའི་རླུང་གི་རང་བཞིན་ཞག་གཅིག་ཏུ་འཕེལ་བས་འཆི་ལྟས་ཀྱི་རླུང་རྒྱུ་བར་འགྱུར་རོ། །འདི་ནི་དཀྱིལ་འཁོར་ལྔའི་ནང་ཚན་གྱི་མཁའ་རླུང་ཡིན་གྱི། ནམ་མཁའི་མགོན་པོ་དང་ནོར་བར་མི་བྱའོ། །དེའང་གོ་བདེར་བཀོད་ན། ཐོག་མའི་བགྲོད་པ་བཅུ་བཞི་པ་རྫོགས་ནས་ལོ་རེ་རེ་ལ་བགྲོད་པ་གཉིས་གཉིས་སུ་བྱས་པའི་ལོ་སུམ་ཅུ་ལ་བགྲོད་པ་དྲུག་ཅུར་ཡོད་པའི་བགྲོད་པ་དང་པོ་ལ་སྣ་བུག་གཡོན་ནས་ནམ་མཁའི་རླུང་གི་དཀྱིལ་འཁོར་དུ་དབྱུ་གུ་གཅིག་འཕེལ། བགྲོད་པ་གཉིས་པར་སྣ་བུག་གཡས་སུ་ས་རླུང་གི་དཀྱིལ་འཁོར་དུ་ཆུ་ཚོད་གཉིས་འཕེལ་བ་ལ་སོགས་པའི་རིམ་པས་གཡོན་བགྲོད་ཡ་དང་གཡས་བགྲོད་ཟུང་གི་རིམ་པར་འཕེལ་བ་ལས། བགྲོད་པ་དྲུག་ཅུ་པ་ལ་གཡས་ནས་ཆུ་ཚོད་དྲུག་ཅུ་འཕེལ་ཏེ་འཆི་ལྟས་དེ་ཞག་ཏུ་ལོངས་པ་ཡིན་ལ། དེ་ལྟར་དབུ་མ་བསྐྱེད་ནས་འཆི་ལྟས་ཆུ་སྲང་དུ་ལོངས་པའི་བར་ལ་ལོ་བདུན་ཏུ་ཟླ་བ་ཕྱེད་དང་གཉིས་ཀྱི་ས་མཆོག་པ་དང་། དེ་ཆུ་ཚོད་དུ་ལོངས་པ་ལ་ལོ་དྲུག་ཅུ། དེ་ཞག་ཏུ་ལོངས་པ་ལ་ལོ་སུམ་ཅུ་སྟེ། བསྡམས་པས་ལོ་དགུ་བཅུ་རྩ་དྲུག་དང་ཟླ་བ་ཕྱེད་དང་བཅུ་གཅིག་ལོན་པ་ན་སྣ་བུག་གཡོན་དུ་ནམ་མཁའི་རླུང་གི་དཀྱིལ་འཁོར་ཞག་གཅིག་ཏུ་རྒྱུ་བ་ཡིན་ནོ། །བཞི་པ་འཕོ་བའི་ངེས་པ་དངོས་ནི། དེ་ནས་ནས། ལོ་བརྒྱ་ཡིན། ཅེས་གསུངས་ཏེ། གཡོན་པར་མཁའ་རླུང་ཞག་གཅིག་འཕེལ་བ་དེ་ནས་ལོ་གསུམ་དང་ཕྱོགས་གསུམ་ན་སྲིད་པ་གཞན་ཏུ་འཕོ་བར་འགྱུར་བས་ན། སྔ་མ་དང་བསྡོམས་པས་ལོ་བརྒྱ་ཐམ་པ་རྫོགས་པ་ཡིན་ནོ། །གཉིས་པ་ལོ་གསུམ་ཕྱོགས་གསུམ་གྱི་འཆི་ལྟས་དངོས་ལ་གསུམ་མཚམས་སྦྱར་དང་བཅས་པའི་མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། ད་ནི་ནས། སུམ་ཅུའི་བར། ཅེས་གསུངས་ཏེ། ལོ་གོ་བདུན་ཏུ་ཟླ་བ་ཕྱེད་དང་གཉིས་ཀྱིས་མ་ཚང་བའི་རིང་འཆི་ལྟས་འཕེལ་ཚུལ་བཤད་ནས་ད་ནི་ལོ་གསུམ་ཕྱོགས་གསུམ་གྱི་ནང་དུ་དབུ་མའི་འཆི་ལྟས་འཕེལ་བའི་ངེས་པ་ནི་བཤད་པར་བྱའོ་ཞེས་ཚིག་རྐང་གཉིས་ཀྱི་མཚམས་སྦྱར་ཏེ། ལོ་གསུམ་ཕྱོགས་གསུམ་གྱི་ཟླ་བའི་གྲངས་སུམ་ཅུ་སོ་བདུན་ཕྱེད་བཅས་ཏེ་ཕྱེད་དང་སོ་བརྒྱད་ཡོད་པ་ལས། ཞག་སྟོང་དང་བརྒྱ་ཉི་ཤུ་རྩ་ལྔ་འབྱུང་བ་དེའི་རིང་ལ་འཆི་ལྟས་དངོས་ཞག་གི་འཕེལ་བ་ནི་སུམ་ཅུ་སོ་གསུམ་ཡིན་ཏེ། ཇི་ལྟར་འཕེལ་བའི་ཚུལ་ནི་ཟླ་བ་ཕྱེད་དང་སོ་ལྔའི་རང་ལ་འཆི་ལྟས་ཞག་སུམ་ཅུའི་བར་དུ་རིམ་གྱིས་འཕེལ་བ་ཡིན་པས་ཞག་གི་གྲངས་སོ་བཞི་ཕྱེད་དང་བཅས་པ་ལ་སྣ་གཡས་གཡོན་རེས་མོས་ཀྱིས་འཆི་ལྟས་ཞག་རེ་རེ་འཕེལ་ཞིང་རྒྱུ་བར་འགྱུར་བས་འཆི་ལྟས་ཟླ་བ་གཅིག་སྟེ་ཞག་སུམ་ཅུའི་བར་འཕེལ་བ་ཡིན་ལ། ལྷག་མ་ཟླ་བ་གསུམ་ལ་འཆི་ལྟས་ཞག་གསུམ་འཕེལ་བའི་ཚུལ་ནི་འོག་ཏུ་འཆད་དོ། །གཉིས་པ་ལ་གཉིས། འཆི་ལྟས་འཕེལ་བས་ཁྱིམ་བཅུ་གཉིས་སྟོངས་པའི་ཚུལ་དང་ཁྱིམ་སྟོང་ནས་ཚོར་བ་གསུམ་གྱི་རླུང་ཟད་དེ་འཕོ་བའི་ངེས་པའོ། །དང་པོ་ནི། ལྟེ་བའི་ནས། ཁྱིམ་དྲུག་སྟོངས། ཞེས་གསུངས་ཏེ། དེ་ལྟར་འཆི་ལྟས་ཞག་སུམ་ཅུའི་བར་དུ་འཕེལ་བའི་ཚུལ་དེ་ཉིད་ཁྱིམ་བཅུ་གཉིས་ཀྱི་རྩ་དང་སྦྱར་ནས་ཅུང་ཟད་རྒྱས་པར་བཤད་ན། ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་རྩ་ལས་གྱེས་པའི་རྩེ་མོ་དྲུག་ཅུ་ལས། གཡོན་དུ་ལུག །འཁྲིག །སེང་། སྲང་། གཞུ་བུམ་སྟེ་ཁྱིམ་དྲུག་ལ་ནམ་མཁའི་རླུང་ནས་རིམ་པ་ལྟར་རླུང་མེ་ཆུ་སའི་རིམ་པས་འཆི་ལྟས་འཕེལ་བའི་ཞག་གསུམ་གསུམ་གྱིས་ནི་རྩ་དྲུག་དྲུག་སྐམས་ཤིང་གཅིག་དང་གསུམ་དང་ལྔ་སོགས་མི་མཉམ་པའི་རྒྱུ་བས་འཆི་ལྟས་ཞག་བཅོ་ལྔ་འཕེལ་བས་ཁྱིམ་དྲུག་གི་འཕོ་ཆུང་གི་རྩ་སུམ་ཅུ་སྟོང་པར་འགྱུར་བ་ཡིན་ལ། དེ་བཞིན་ཏུ་གཡས་ནས་གླང་། ཀར། བུ་མོ། སྡིག །སྲིན། ཉ་སྟེ་ཁྱིམ་དྲུག་ལ་ས་རླུང་ནས་ཆུ་མེ་རླུང་ནམ་མཁའ་སྟེ་སྡུད་རིམ་གྱིས་གཉིས་དང་བཞི་དང་དྲུག་ལ་སོགས་པ་མཉམ་པ་རུ་རྒྱུ་བས་འཆི་ལྟས་འཕེལ་བའི་ཞག་དྲུག་རེ་ལ་རྩ་གསུམ་རེ་འགགས་ཅིང་སྐམས་པས་ཞག་བཅོ་ལྔ་འཕེལ་བ་ན་ཁྱིམ་དྲུག་གི་འཕོ་ཆུང་གི་རྩ་སུམ་ཅུ་སྟོང་པར་འགྱུར་བ་ཡིན་ནོ། །ཞེས་པའོ། །སྐབས་འདིར་བློ་རྨོངས་དག་གིས་ཅུང་ཟད་རྟོགས་དཀའ་བས་རང་འགྲེལ་གྱི་དགོངས་པ་མཁས་དབང་ལྷ་ལུང་པས་འཛུབ་ཁྲིད་གནང་བ་ལྟར་འགོད་ན། གང་གི་ཚེ་སྣ་གཡོན་ཏུ་ནམ་མཁའི་རླུང་ཞག་གཅིག་རྒྱུ་བ་དེ་ནས་ལོ་གསུམ་ཕྱོགས་གསུམ་དུ་སྡུད་པའི་འོག་ཚུགས་པ་ཡིན་ལ། འཆི་ལྟས་ཀྱི་ཞག་འཕེལ་རིམ་བཞིན་རླུང་དྲང་པོར་རྒྱུ་བའི་འཚོ་བའི་ཞག་གྲངས་འགྲིབ་པ་ཡིན་པས། ཞག་སོ་གསུམ་ཕྱེད་བཅས་ལ་འཕེལ་འགྲིབ་མེད་པར་མཉམ་པར་རྒྱུ། དེ་ནས་སྣ་གཡས་ས་རླུང་དུ་ཞག་གཉིས་རྒྱུ། དེ་ནས་ཞག་སོ་གཉིས་ཕྱེད་བཅས་ན་གཡོན་དུ་མཁའ་རླུང་ཞག་གསུམ་རྒྱུ། ཡང་སོ་གཅིག་ཕྱེད་བཅས་ན་གཡས་སུ་ས་རླུང་ཞག་གཅིག །ཡང་ཞག་སུམ་ཅུ་ཕྱེད་བཅས་ན་གཡོན་ཏུ་ནམ་མཁའི་རླུང་ཞག་ལྔ་རྒྱུ་སྟེ། དེ་ལྟར་གཡོན་རྒྱུ་སྐྱེད་རིམ་མི་མཉམ་པའི་སྡུད་ཚུལ་ཡིན་པས་འཕོ་བའི་ཉིན་ཞག་ལྔ་ཁ་ལོངས་པ་ན་ལྟེ་བའི་མི་མཉམ་པའི་ཁྱིམ་ལུག་འཁྲིག་སེང་སྲང་གཞུ་བུམ་གྱི་འདབ་མ་དྲུག་ལ་མཁའ་རླུང་རྒྱུ་བ་ཟད་ནས་རྩ་དྲུག་སྐམ། དེ་ནས་ཞག་ཉི་ཤུ་རྩ་དགུ་ཕྱེད་བཅས་ན་གཡས་ཀྱི་ས་རླུང་དུ་ཞག་དྲུག་རྒྱུ་སྟེ། གཡས་རྒྱུ་སྡུད་རིམ་མཉམ་པའི་སྡུད་ཚུལ་ཡིན་པས་འཕོ་བའི་ཉིན་ཞག་དྲུག་ཁ་ལོངས་པ་ན། མཉམ་པའི་ཁྱིམ་གླང་ཀར་བུ་སྡིག་ཆུ་ཉ་དྲུག་གི་འདབ་མ་ལ་ས་རླུང་རྒྱུ་བ་ཟད་ནས་རྩ་དྲུག་སྐམ། དེ་ལྟར་ན་གཡོན་ནས་འཆི་ཞག་ལྔ། གཡས་ནས་གཅིག་སྟེ་ཞག་དྲུག་འཕེལ་བས་འཕོ་ཆུང་གི་རྩ་བཅུ་གཉིས་སྐམ་པ་ཡིན་ནོ། །དེས་འགྲེ་སྟེ། ཉེར་བརྒྱད་ཕྱེད་བཅས་ན་གཡོན་ནས་རླུང་གི་རླུང་ཞག་བདུན་རྒྱུ། ཉེར་བདུན་ཕྱེད་བཅས་ན་གཡས་སུ་ཆུ་རླུང་ཞག་བརྒྱད། ཉེར་དྲུག་ཕྱེད་བཅས་ན་གཡོན་དུ་རླུང་གི་རླུང་ཞག་དགུ། ཉེར་ལྔ་བྱེད་བཅས་ན་གཡས་སུ་ཆུ་རླུང་ཞག་བཅུ། ཉེར་བཞི་ཕྱེད་བཅས་ན་གཡོན་ཏུ་རླུང་གི་རླུང་ཞག་བཅུ་གཅིག་རྒྱུ། དེ་ལྟར་ཆུ་རླུང་ཞག་ལྔ་ཁ་ལོངས་པ་ན། མི་མཉམ་པའི་ཁྱིམ་དྲུག་གི་རླུང་གི་རླུང་རྒྱུ་བ་ཟད་ནས་རྩ་དྲུག་སྐམ། ཡང་ཞག་ཉེར་གསུམ་ཕྱེད་བཅས་ན་གཡས་སུ་ཆུ་རླུང་ཞག་བཅུ་གཉིས་རྒྱུས་སྟེ་མཉམ་ཁྱིམ་དྲུག་གི་ཆུ་རླུང་ཟད་ནས་རྩ་དྲུག་སྐམ། དེ་ལྟ་འཆི་ཞག་བཅུ་གཉིས་འཕེལ་བས་ལྟེ་བའི་རྩ་ཉེར་བཞི་སྟོང་། ཡང་ཞག་ཉེར་གཉིས་ཕྱེད་བཅས་ན་གཡོན་ནས་མེ་རླུང་ཞག་བཅུ་གསུམ། ཉེར་གཅིག་ཕྱེད་བཅས་ན་གཡས་ནས་མེ་རླུང་ཞག་བཅུ་བཞི་རྒྱུ། ཉི་ཤུ་ཕྱེད་བཅས་ན་གཡོན་ནས་མེ་རླུང་ཞག་བཅོ་ལྔ་རྒྱུ། བཅུ་དགུ་ཕྱེད་བཅས་ན་གཡས་ནས་མེ་རླུང་ཞག་བཅུ་དྲུག །བཅོ་བརྒྱད་ཕྱེད་བཅས་ན་གཡོན་ནས་མེ་རླུང་ཞག་བཅུ་བདུན་རྒྱུ་སྟེ། མེ་རླུང་ཞག་ལྔ་ལོངས་པ་ན་མི་མཉམ་པའི་ཁྱིམ་དྲུག་གི་མེའི་རླུང་རྒྱུ་བ་ཟད་ནས་རྩ་དྲུག་སྐམ། ཡང་ཞག་བཅུ་བདུན་ཕྱེད་བཅས་ན་གཡས་ནས་མེ་རླུང་ཞག་བཅོ་བརྒྱད་རྒྱུ་སྟེ་མཉམ་ཁྱིམ་དྲུག་གི་མེ་རླུང་ཟད་ནས་རྩ་དྲུག་སྐམ། དེ་ལྟར་འཆི་ཞག་བཅོ་བརྒྱད་འཕེལ་བས་ལྟེ་བའི་རྩ་སུམ་ཅུ་རྩ་དྲུག་སྟོང་། ཡང་ཞག་བཅུ་དྲུག་ཕྱེད་བཅས་ན་གཡས་ནས་ཆུ་རླུང་ཞག་བཅུ་དགུ། བཅོ་ལྔ་ཕྱེད་བཅས་ན་གཡས་ན་རླུང་གི་རླུང་ཞག་ཉི་ཤུ། བཅུ་བཞི་ཕྱེད་བཅས་ན་གཡོན་ནས་ཆུ་རླུང་ཞག་ཉེར་གཅིག །བཅུ་གསུམ་ཕྱེད་བཅས་ན་གཡས་ནས་རླུང་གི་རླུང་ཞག་ཉེར་གཉིས། བཅུ་གཉིས་ཕྱེད་བཅས་ན་གཡོན་ནས་ཆུ་རླུང་ཞག་ཉེར་གསུམ་རྒྱུ། དེ་ལྟར་ཆུ་རླུང་ཞག་ལྔ་ལོངས་པ་ན་མི་མཉམ་པའི་ཁྱིམ་དྲུག་གི་ཆུ་རླུང་རྒྱུ་བ་ཟད་ནས་རྩ་དྲུག་སྐམ། ཡང་ཞག་བཅུ་གཅིག་ཕྱེད་བཅས་ན་གཡས་ནས་རླུང་གི་རླུང་ཞག་ཉེར་བཞི་རྒྱུས་ཏེ་མཉམ་ཁྱིམ་དྲུག་གི་རླུང་གི་རླུང་ཟད་ནས་རྩ་དྲུག་སྐམ། དེ་ལྟར་འཆི་ཞག་ཉེར་བཞི་འཕེལ་བས་ལྟེ་བའི་རྩ་བཞི་བཅུ་ཞེ་བརྒྱད་སྟོང་ངོ་། །ཡང་ཞག་ཕྱེད་དང་བཅུ་གཅིག་ན་གཡོན་ནས་ས་རླུང་ཞག་ཉེར་ལྔ། ཕྱེད་དང་བཅུ་ན་གཡས་སུ་ནམ་མཁའི་རླུང་ཞག་ཉེར་དྲུག །ཕྱེད་དང་དགུ་ན་གཡོན་ནས་ས་རླུང་ཞག་ཉེར་བདུན། ཕྱེད་དང་བརྒྱད་ན་གཡས་སུ་མཁའ་རླུང་ཞག་ཉེར་བརྒྱད། ཕྱེད་དང་བདུན་ན་གཡོན་ནས་ས་རླུང་ཞག་ཉེར་དགུ་རྒྱུ་སྟེ། ས་རླུང་ཞག་ལྔ་ལོངས་པས་མི་མཉམ་པའི་ཁྱིམ་དྲུག་ཏུ་ས་རླུང་རྒྱུ་བ་ཟད་ནས་རྩ་དྲུག་སྐམ་སྟེ་གཡོན་ཁྱིམ་དྲུག་གི་རྩ་སུམ་ཅུ་འདོར། ཡང་ཞག་ཕྱེད་དང་དྲུག་ན་གཡས་སུ་ནམ་མཁའི་རླུང་ཞག་སུམ་ཅུ་རྒྱུ་སྟེ་མཉམ་ཁྱིམ་དྲུག་གི་མཁའ་རླུང་ཟད་ནས་རྩ་དྲུག་སྐམ་སྟེ་གཡས་ཁྱིམ་དྲུག་གི་རྩ་སུམ་ཅུ་འདོར། དེ་ལྟར་འཆི་ཞག་སུམ་ཅུ་འཕེལ་བས་ལྟེ་བའི་ཕྱི་སྐོར་གྱི་འཕོ་ཆུང་དྲུག་ཅུའི་རྩ་རྣམས་སུ་རླུང་མི་རྒྱུ་བས་ཐམས་ཅད་འགགས་ཤིང་སྟོངས་པ་ཡིན་ནོ། །འདིར་དྭགས་འགྲེལ་དུ་ལྟེ་བའི་གཡོན་ནས་འཆི་ཞག་འཕེལ་བའི་ཚེ་ཟླ་བ་དྲུག་དྲུག་ལ་འཆི་ཞག་ལྔ་ལྔ་འཕེལ་བས་ཟླ་བ་སུམ་ཅུ་ན་འཆི་ཞག་ཉེར་ལྔ་འབྱུང་ལ། ལྟེ་བའི་གཡས་ནས་འཆི་ཞག་འཕེལ་བའི་ཚེ་ཉིན་ཞག་གསུམ་གྱིས་མཆོག་པའི་ཟླ་བ་རེ་ན་འཆི་ཞག་རེ་འཕེལ་བས་ཟླ་བ་ཕྱེད་དང་ལྔ་ན་འཆི་ཞག་ལྔ་འབྱུང་བ་གོང་གི་འཆི་ཞག་ཉེར་ལྔའི་སྟེང་དུ་བསྣན་པས་འཆི་ཞག་སུམ་ཅུ་དང་ཟླ་བ་ཕྱེད་དང་ལྔ་པོ་གོང་གི་ཟླ་བ་སུམ་ཅུའི་སྟེང་དུ་བསྣན་པས་ཟླ་བ་ཕྱེད་དང་སོ་ལྔ་དང་གུང་འགྲིགས་པ་ཡིན་ནོ། །ཞེས་འབྱུང་ངོ་། །གཉིས་པ་ནི། དེ་རྗེས་ནས། འཕོ་བར་བྱེད། ཅེས་གསུངས་ཏེ། དེ་ལྟར་ཟླ་བ་ཕྱེད་དང་བཅས་པའི་སོ་ལྔའི་བར་དུ་འཆི་ལྟས་ཟླ་བ་གཅིག་འཕེལ་བའི་རྗེས་ནས་ཟླ་བ་གསུམ་པོ་ལ་འཕེལ་ཚུལ་ནི། ཟླ་བ་དང་པོ་ལ་གཡོན་ནས་འཆི་ལྟས་ཞག་གཅིག་འཕེལ་ནས་ཉིན་ཞག་སོ་གཅིག་རྒྱུ་བས་བད་ཀན་གྱི་ཁམས་དང་ཟླ་བའི་རླུང་ཐམས་ཅད་ཟད་དེ་གཡོན་གྱི་ལུག་སོགས་མི་མཉམ་པའི་ཁྱིམ་དྲུག་གི་རྩ་སྟོངས་ནས་ཟླ་བའི་བགྲོད་པ་མཐར་ཐུག་པ་ལ་སྙིང་སྟོབས་ཟད་པར་བརྗོད་ལ། དེ་ནས་ཟླ་བ་གཉིས་པ་ལ་གཡས་སུ་འཕོས་ནས་འཆི་ལྟས་ཞག་གཉིས་འཕེལ་ཏེ་ཞག་སོ་གཉིས་རྒྱུ་བས་མཁྲིས་པའི་ཁམས་དང་ཉི་མའི་རླུང་ཐམས་ཅད་ཟད་དེ་གཡས་ཀྱི་གླང་སོགས་མཉམ་པའི་ཁྱིམ་དྲུག་གི་རྩ་སྟོངས་ནས་ཉི་མའི་བགྲོད་པ་མཐར་ཐུག་པ་ལ་རྡུལ་ཟད་པར་བྱེད་ཅེས་བརྗོད་དོ། །དེ་ལྟར་ཟླ་བ་གཉིས་དང་ཞག་གསུམ་གྱིས་རྡུལ་དང་སྙིང་སྟོབས་ཀྱི་ཁམས་ཟད་པས་འཕོ་ཆུང་དྲུག་ཅུའི་རྩ་བར་གྱུར་པའི་རྩ་ཆེན་པོ་གཡས་གཡོན་ནས་དྲུག་དྲུག་སྟེ་འཕོ་ཆེན་ནམ་ཁྱིམ་བཅུ་གཉིས་ཀྱི་རྩ་ཆེན་བཅུ་གཉིས་འགག་པའོ། །དེའི་རྗེས་སུ་ཟླ་བ་གསུམ་པ་ལ་སྣ་བུག་གཉིས་ཀ་ནས་འཆི་ལྟས་ཞག་གསུམ་འཕེལ་ནས་ཞག་སོ་གསུམ་རྒྱུ་བས་རླུང་གི་ཁམས་དང་སྒྲ་གཅན་གྱི་ཁམས་ཀུན་ཟད་པར་བྱེད་ལ། སྤྱི་བོའི་རྩ་བཅུ་བཞི་དང་མགྲིན་པའི་ཉེར་བརྒྱད་དང་སྙིང་གའི་བརྒྱད་དང་གསང་བའི་ཉེར་བརྒྱད་རྣམས་སྐམས་ཤིང་། དེ་ནས་ཕུང་ཁམས་སྐྱེ་མཆེད་རྣམས་ཡུལ་ཡུལ་ཅན་ཇི་ལྟ་བ་བཞིན་སྦྱོར་བ་མེད་པས་མུན་པ་ཆེན་པོའི་རླུང་གི་མིང་ཅན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡེ་ཤེས་ཀྱི་རླུང་རྫོགས་པར་ཟད་པར་བྱེད་པ་ཉིན་ཞག་གཅིག་ཏུ་རྒྱུ་ཞིང་ཕྱི་མར་འཕོ་བར་བྱེད་པས་མུན་པ་ཟད་པ་བརྗོད་དོ། །གསུམ་པ་མཇུག་བསྡུ་བ་ནི། སོ་གཉིས་ནས། ངེས་པ་ཡིན། ཅེས་གསུངས་ཏེ། ལོ་གསུམ་ཕྱོགས་གསུམ་གྱི་ཞག་སྟོང་དང་བརྒྱ་ཉི་ཤུ་རྩ་ལྔ་པོ་ལ། སུམ་ཅུ་སོ་གཉིས་ཕྱེད་བཅས་ཀྱིས་བགོས་པའི་ཐོབ་ནོར་གྱིས་དབུ་མའི་འཆི་ལྟས་དེ་ཉིད་ངེས་པ་ཡིན་ནོ། །ཞེས་རི་མོའི་སྒོ་ནས་གཏན་ལ་འབེབས་པ་སྟེ། དེ་འང་དགོད་བྱེད་ལ་ཕྱེད་ཆ་འགྱུར་བས་དེ་ལྟར་རྟོགས་པའི་ཕྱིར་གཉིས་ཀྱིས་བསྒྱུར་བས་མདའ་རོ་འབྱུང་ལ། ཤོད་མཚུངས་ཀྱི་དོན་ཏུ་བགོ་བྱའང་གཉིས་ཀྱིས་བསྒྱུར་བས་ནམ་མཁའ་དེ་ཉིད་མིག་འབྱུང་ངོ་། །དེ་ལྟར་བསྒྱུར་བའི་བགོ་བྱ་ལ་དགོད་བྱེད་ཀྱིས་བགོས་པས་ཞག་སོ་བཞི་འབྱུང་། ལྷག་མ་བཞི་བཅུ་ཆུ་ཚོད་དྲུག་ཅུས་བསྒྱུར་ནས་མདའ་རོས་བགོས་པས་སོ་དྲུག་འབྱུང་། ལྷག་མ་དྲུག་ཅུ་ཆུ་སྲང་དྲུག་ཅུས་བསྒྱུར་ནས་བགོས་པས་ལྔ་བཅུ་རྩ་ལྔ་འབྱུང་ལྷག་མ་ཉེར་ལྔ་དབུག་དྲུག་གིས་བསྒྱུར་དགོད་བྱས་པས་སོ་གཉིས་འབྱུང་། ལྷག་མ་ཉི་ཤུ་སོ་གཉིས་ཕྱེད་པ་ཆ་བཅས་ཀྱིས་བསྒྱུར་ནས་བགོས་པས་བཅུ་འབྱུང་སྟེ། བསྡོམས་པས་ཞག་སུམ་ཅུ་རྩ་བཞི། ཆུ་ཚོད་སོ་དྲུག ཆུ་སྲང་ལྔ་བཅུ་རྩ་ལྔ། དབུགས་གཉིས། དབུགས་ཀྱི་ཕྱེད་བཅས་སོ་གཉིས་ཆ་བཅུ་ཐོབ་པ་ནི་དབུ་མའི་སྒྲ་གཅན་གྱི་འཆི་ལྟས་ཀྱི་ངེས་པ་སྟེ་སྐལ་པ་ཡིན་ལ་གཡས་གཡོན་ཉི་ཟླའི་རླུང་གཉིས་པོའི་སྐལ་པ་ལ། ལོ་གསུམ་ཕྱོགས་གསུམ་གྱི་ཞག་སྟོང་དང་ཆིག་བརྒྱ་ཉི་ཤུ་རྩ་ལྔ་པོ་ལ། དབུ་མའི་ཞག་སོགས་ཀྱིས་ཕྲི་ཚུལ་གནས་ཕབ་བྱས་ནས། གཉིས་ཀྱི་བགོས་པའི་ཐོབ་ནོར། ཞག་ལྔ་བརྒྱ་དང་ཞེ་ལྔ། ཆུ་ཚོད་བཅུ་གཅིག །སྲང་སོ་གཉིས། དབུགས་གཅིག །དབུགས་ཀྱི་ཕྱེད་བཅུས་སོ་གཉིས་ཆ་ལ་ཉེར་བདུན་རེ་ཡོད་དེ། ལག་ལེན་རྟོགས་སླར་བྱེད་ན། ཞག་དེ་ཉིད་དྲག་པོའི་འོག་ཏུ་དབུ་མའི་ཞག་ནས་ཆ་ཤས་བར་གནས་ལྔ་བཞག །ཞག་སྟེང་མ་ལ་འོག་མས་ཕྲིས་ལྷག་ནས་གཅིག་ཕབ་འོག་ཏུ་མཁའ་རོ་སོང་། དེ་ལ་དབུ་མའི་ཆུ་ཚོད་ཀྱི་ཕྲི་བ་སོགས་བྱས་པས་ཞག་གནས་སོགས་ལ་རིམ་བཞིན། བརྒྱ་དང་དགུ། ཉེར་གསུམ། བཞི། གསུམ། ཉེར་གཉིས་རྣམས་འབྱུང་བ་ཉི་ཟླ་གཉིས་བསྡོམས་པའི་སྐལ་པ་ཡིན་ལ། སོ་སོར་རྟོགས་པའི་ཆེད་དུ་ཞག་གནས་གཉིས་ཀྱིས་བགོས་ནོར་གོང་སྨོས་ལྟར་ལྷག་མེད་དག །ཆུ་ཚོད་བགོས་ལྷག་གཅིག་འབྱུང་བ་ཆུ་སྲང་གིས་བསྒྱུར་ནས་འོག་གི་ཆ་བཅུག་པས་དག །དབུགས་ལྷག་གཅིག་འབྱུང་བ་སོ་གཉིས་ཀྱིས་བསྒྱུར་ནས་ཆ་བཅུག་སྟེ་བགོས་པས་དག་པ་ཡིན་ནོ། །གསུམ་པ་གཡས་པ་ཉི་མའི་འཆི་ལྟས་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དེ་ནས་ནས། འདི་ལྟ་སྟེ། ཞེས་གསུངས་ཏེ། དུས་ཀྱི་འཆི་བ་དབུ་མའི་ལྟས་བཤད་པའི་རྗེས་དེ་ནས་སྔོན་གྱི་ལས་ཀྱི་དབང་གིས་དུས་མ་ཡིན་པར་འཆི་བ་འབྱུང་བས། དེ་ལ་གཉིས་ཡོད་པའི་གཡས་པ་ཉི་མའི་ཁམས་ཟད་པ་ལས་བྱུང་བའི་འཆི་ལྟས་ཀྱི་ངེས་པ་འབྱུང་བའི་ཚུལ་འོག་ནས་འཆད་པ་འདི་ལྟ་སྟེ། ཞེས་སོ། །གཉིས་པ་ལ་གཉིས། འཆི་བ་བསླུ་ནུས་པའི་འཆི་ལྟས་འཕེལ་ཚུལ་དང་། མི་ནུས་པའི་འཆི་ལྟས་འཕེལ་ཚུལ་ལོ། །དང་པོ་ནི། གཡས་སུ་ནས། ཟླ་གཅིག་ཐུབ། ཅེས་གསུངས་ཏེ། ཉི་མའི་འཆི་ལྟས། དེའང་སྣ་གཡས་སུ་འཆི་ལྟས་ཞག་གཅིག་རྒྱུ་བ་ནི་འཆི་བ་མ་བླུས་ན་ལོ་གསུམ་ཕྱོགས་གསུམ་ན་ངེས་པར་འཆི་བའི་ལྟས་ཡིན་པས་མཚམས་ཀྱི་ངེས་པ་བཟུང་བའོ། །དེ་ནས་སྣ་བུག་གཡས་སུ་ཞག་ལྔ་རྒྱུ་ན་ལོ་གསུམ་ཚེ་ཡི་ལྷག་མ་ཡོད་པ་ཡིན་ཏེ། གླང་ཁྱིམ་གྱི་རྩ་ལྔ་འགགས་པའི་རྟགས་སོ། །དེ་ནས་ལོ་གཅིག་གི་བར་དུ་འཆི་ལྟས་རིམ་གྱིས་འཕེལ་ཏེ་གཡས་སུ་ཞག་བཅུ་རྒྱུ་ན་ལོ་གཉིས་ཀྱི་ཚེ་ལྷག་ཡོད་པ་ཡིན་ཏེ། འཁྲིག་ཁྱིམ་གྱི་རྩ་ལྔ་འགགས་པའི་རྟགས་སོ། །ཡང་ལོ་གཅིག་གི་བར་དུ་འཕེལ་ནས་སྣ་གཡས་སུ་ཞག་བཅོ་ལྔ་རྒྱུ་བ་ན་ལོ་གཅིག་ཁོ་ནའི་ཚེ་ཡོད་པ་ཡིན་ཏེ་ཀརྐ་ཊའི་ཁྱིམ་གྱི་རྩ་ལྔ་འགགས་པའི་རྟགས་སོ། །དེ་ནས་ཟླ་བ་རེ་རེ་འཆི་ལྟས་ཞག་རེ་འཕེལ་བས་ཟླ་བ་དྲུག་ན་སྣ་གཡས་སུ་ཞག་ཉི་ཤུ་རྒྱུ་བ་ན་ཚེའི་ལྷག་མ་ཟླ་བ་དྲུག་ཏུ་འཚོ་སྟེ་སེང་གེའི་ཁྱིམ་གྱི་རྩ་ལྔ་སྟོངས་པའི་རྟགས་སོ། །དེ་ནས་ཟླ་བ་གསུམ་གྱི་རིང་ལ་འཆི་ལྟས་ཞག་ལྔ་འཕེལ་བས་སྣ་གཡས་སུ་ཞག་ཉེར་ལྔ་རྒྱུ་བ་ན་ཚེའི་ལྷག་མ་ཟླ་བ་གསུམ་སྟེ་བུ་མོའི་ཁྱིམ་གྱི་རྩ་ལྔ་སྟོངས་པའི་རྟགས་སོ། །དེ་རྣམས་ནི་ལོ་དང་ཟླ་བ་ལ་འཆི་ལྟས་ཀྱི་ཞག་ལྔ་ཚན་དུ་འཕེལ་བའི་རིམ་པ་སྟེ་དེའི་དབང་གིས་ཁྱིམ་ལྔའི་རྩ་ཉེར་ལྔ་སྟོངས་པར་འགྱུར་བ་ཡིན་ནོ། །དེའི་རྗེས་ནས་ཞག་རེ་ལ་འཆི་ལྟས་ཞག་རེ་འཕེལ་བས་ཁྱིམ་རེ་རེ་འདོར་བར་འགྱུར་ཏེ། སྣ་གཡོན་ནས་ཞག་བཞི་གཡས་ནས་ཞག་ཉེར་དྲུག་རྒྱུ་བས་ཟླ་བ་གཉིས་ཀྱི་ཚེའི་ལྷག་མ་ལུས་པ་ཡིན་ཏེ་སྲང་ཁྱིམ་གྱི་རྩ་ལྔ་སྟོངས་པའི་རྟགས་སོ། །དེ་ནས་ཡང་སྣ་གཡོན་ནས་ཞག་གསུམ་གཡས་ནས་ཉེར་བདུན་རྒྱུ་བས་ཚེའི་ལྷག་མ་ཟླ་བ་གཅིག་ཐུབ་སྟེ། སྡིག་ཁྱིམ་གྱི་རྩ་ལྔ་སྟོངས་པའི་རྟགས་སོ། །འདི་ཚུན་ནི་རྣལ་འབྱོར་གྱིས་སྟོབས་ཀྱིས་འཆི་བ་བླུ་བར་ནུས་སོ། གཉིས་པ་འཆི་བ་བླུ་མི་ནུས་པའི་འཆི་ལྟས་འཕེལ་ནས་འཕོ་བར་བསྟན་པ་ནི། ཁྱིམ་བདུན་ནས། འགྲོ་བར་བྱེད། ཅེས་གསུངས་ཏེ། འཆི་ལྟས་འཕེལ་བའི་དབང་གིས་གླང་ནས་ཀྱི་ཁྱིམ་བདུན་པ་སྡིག་ཁྱིམ་འདས་པ་སྟེ། སྟོངས་པ་དེ་ནས་འཆི་བའི་ལྟས་རྒྱས་པ་ཡིན་པས་སུས་ཀྱང་འཆི་བ་བཟློག་པར་མི་ནུས་ལ། དེ་ནས་ཞག་ནི་སུམ་ཅུ་སོ་གསུམ་ན་ངེས་པར་འཆི་བ་ཡིན་པས་ཚེ་ལྷག་ཟླ་གཅིག་ཞག་གསུམ་པོ་ལ་འཆི་ལྟས་འཕེལ་ཚུལ་ནི། ཞག་བཅོ་ལྔའི་རིང་ལ་འཆི་ལྟས་འཕེལ་བས་གཞུ་ཁྱིམ་གྱི་རྩ་ལྔ་སྟོངས་པར་བྱེད་ལ། དེ་ནས་ཞག་བཅུའི་རིང་ལ་ཆུ་སྲིན་གྱི་ཁྱིམ་གྱི་རྩ་ལྔ་དང་། དེ་ནས་ཞག་ལྔའི་རིང་ལ་བུམ་པའི་ཁིམ་གྱི་རྩ་ལྔ་དང་། དེ་ནས་ཞག་གསུམ་གྱི་རིང་ཉ་ཁྱིམ་གྱི་རྩ་ལྔ་སྟོངས་ཏེ། དེ་ལྟར་ཞག་པོ་གསུམ་དུ་གཡས་ནས་རྒྱུ་བས་ཁྱིམ་བཞི་འདོར་བར་བྱེད་ཅིང་ཁྱིམ་བཅུ་གཅིག་པ་དེ་སྟོངས་ནས་ཉི་མའི་སྟོབས་ཟད་པ་ཡིན་ལ། དེའི་འོག་ཏུ་ཟླ་བའི་སྟོབས་ཟད་པར་བྱེད་པའི་རླུང་སྣ་གཡོན་ནས་ཞག་གཉིས་རྒྱུ་བར་བྱེད་དོ། །ཁྱིམ་ནི་བཅུ་གཉིས་པ་ལུག་ཁྱིམ་གྱི་རྩ་ལྔ་ཡང་སྟོངས་ནས་ལྟེ་བའི་རྩ་འདབ་དྲུག་ཅུ་པོར་རླུང་མི་རྒྱུ་བས་དེ་ནས་དབུ་མར་མུན་པ་ཆེན་པོའི་རླུང་ཞག་གཅིག་རྒྱུ་བས་འཁོར་ལོའི་ལྟེ་བ་རྣམས་བཅད་ནས་རྣམ་པར་ཤེས་པ་སྲིད་པ་ཕ་རོལ་ཏུ་འགྲོ་བར་བྱེད་དོ། །བཞི་པ་གཡོན་ན་ཟླ་བའི་འཆི་ལྟས་ལ་གཉིས་མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། གཡོན་གྱི་སོགས་ཚིགས་རྐང་གཅིག་གསུངས་ཏེ། དེ་ནས་འགའ་ཞིག་ལ་དུས་མ་ཡིན་པའི་འཆི་ལྟས་སྣ་གཡོན་གྱི་ཟླ་བའི་སྟོབས་ཉམས་པའི་རྟགས་ཀྱང་ཡོད་པས་དེ་རྣམས་བཤད་པར་བྱའོ། །གཉིས་པ་ནི། གཡོན་ནས་ནས། འཕོ་བ་ཡིན། ཅེས་གསུངས་ཏེ། སྣ་བུག་གཡོན་ནས་འཆི་ལྟས་ཞག་གཅིག་རྒྱུ་བ་ནི་ལོ་གསུམ་ཕྱོགས་གསུམ་གྱི་ནད་དུ་སྲིད་པ་གཞན་ཏུ་ངེས་པར་འཕོ་བའི་རྟགས་ཡིན་ནོ་ཞེས་མཚམས་ཀྱི་ངེས་པ་བཟུང་བ་ནི་རགས་པ་ཙམ་སྟེ། ཞིབ་ཏུ་ན་འདི་ནས་ལོ་གསུམ་ནས་འཕོ་བ་ཡིན་གྱི་ཕྱོགས་ཞག་ཞེ་ལྔའི་ཚེ་ལུས་པ་མེད་ཅེས་བཤད་དོ། །དེ་ནས་ཟླ་བ་དྲུག་པ་ལ་འཕེལ་བའི་ཚུལ། ཟླ་བ་གཉིས་གཉིས་ལ་འཆི་ལྟས་ཞག་རེ་རེ་འཕེལ་བས་ཟླ་བ་དྲུག་སོང་བ་ན་སྣ་གཡོན་ཏུ་ཞག་གསུམ་རྒྱུ་བས་སྤྱི་བོ་དེ་ལ་ནི་ཟླ་བ་སུམ་ཅུའི་ཚེ་ཡི་ལྷག་མ་ཡོད་ཅིང་། ལྟེ་བའི་ཁྱིམ་གཅིག་སྟེ། ལུག་ཁྱིམ་གྱི་རྩ་ལྔ་སྟོངས་པའི་རྟགས་ཡིན་ནོ། །དེའི་རྗེས་ནས་ཟླ་བ་རེ་རེ་བཞིན་ཏུ་ཟླ་བ་རེ་ལ་འཆི་ལྟས་ཀྱི་ཞག་ནི་རེ་རེ་འཕེལ་བར་འགྱུར་པས། ཟླ་བ་གསུམ་གསུམ་གྱིས་ལྟེ་བའི་ཁྱིམ་རེའི་རྩ་ལྔ་ལྔ་འདོར་སྟེ། འཆི་ལྟས་ཞག་གསུམ་རེ་འཕེལ་བ་ན་ཁྱིམ་རེ་སྟོངས་པའི་རྟགས་ཡིན་ནོ། །དེས་ན་སྣ་གཡོན་ཏུ་ཟླ་བའི་འཆི་ལྟས་ཀྱི་རླུང་ཞག་གྲངས་ཇི་ཙམ་འཕེལ་བ་བཞིན་ཏུ་ཚེའི་ལྷག་འཚོ་བའི་ཟླ་བའི་གྲངས་འབྲི་བར་འགྱུར་བ་ཡིན་ཏེ། གཡོན་ནས་འཆི་ལྟས་ཞག་དྲུག་རྒྱུ་བ་ན་ཚེ་ལྷག་ཟླ་བ་ཉེར་བདུན་ཏེ་གླང་ཁྱིམ་གྱི་རྩ་ལྔ་སྐམས་པའི་རྟགས་སོ། །དེ་བཞིན་ཏུ་ཞག་དགུ་རྒྱུ་ན་ཚེ་ལྷག་ཟླ་བ་ཉེར་བཞི་སྟེ་འཁྲིག་ཁྱིམ་སྟོངས་པའོ། །བཅུ་གཉིས་རྒྱུ་ཚེ་ཟླ་བ་ཉེར་གཅིག་དང་སྦལ་ཁྱིམ། བཅོ་ལྔ་རྒྱུ་ན་ཚེ་ཟླ་བ་བཅོ་བརྒྱད་དང་སེང་ཁྱིམ། བཅོ་བརྒྱད་རྒྱུ་ན་ཚེ་ཟླ་བ་བཅོ་ལྔ་དང་བུ་མོ། །ཉེར་གཅིག་རྒྱུ་ན་ཚེ་ཟླ་བ་བཅུ་གཉིས་དང་སྲང་། ཉེར་བཞི་རྒྱུ་ན་ཚེ་ཟླ་བ་དགུ་དང་སྡིག་ཁྱིམ། ཉེར་བདུན་རྒྱུ་ན་ཚེ་ཟླ་བ་དྲུག་དང་གཞུ། ཟླ་བ་གཅིག་རྒྱུ་ན་ཚེ་ཟླ་བ་གསུམ་དང་ཆུ་སྲིན་གྱི་ཁྱིམ་སོགས་གོ་རིམ་བཞིན་སྦྱར་རོ། །དེ་ནས་ཟླ་བ་གསུམ་སོང་བ་གང་གི་ཚེ་སྣ་གཡོན་ནས་འཆི་ལྟས་ཞག་ནི་སུམ་ཅུ་སོ་གསུམ་རྒྱུ་བ་ན་ཟླ་བའི་ནུས་པ་ཐམས་ཅད་ཟད་ནས་ངེས་པར་ཡང་ཞག་ནི་གསུམ་ན་འཆི་བར་འགྱུར་ཏེ། ལྟེ་བའི་ཁྱིམ་ནི་བཅུ་གཅིག་པ་བུམ་པའི་ཁྱིམ་གྱི་རྩ་ལྔ་སྟོངས་པའི་རྟགས་ཡིན་ནོ། །དེའི་རྗེས་ནས་ཞག་གཉིས་ཀྱི་རིང་ལ་ཉི་མའི་ཁམས་ཟད་པར་བྱེད་པའི་རླུང་སྣ་གཡས་ནས་རྒྱུ་བས་བུ་མོའི་ཁྱིམ་གྱི་རྩ་ལྔ་སྟོངས་ནས་དེའི་འོག་ཏུ་དབུ་མར་མུན་པ་ཆེན་པོའི་རླུང་ཞག་གཅིག་རྒྱུས་ནས་རྣམ་པར་ཤེས་པ་སྲིད་པ་གཞན་ཏུ་འཕོ་བ་ཡིན་ནོ། །ཉི་ཟླའི་རླུང་གཉིས་ཀའང་ཞག་རེ་ཟུང་ཙམ་ཡོན་པོར་རྒྱུ་བ་ལ་ནི་ངེས་པ་མེད་དེ་ལྟས་ངན་པ་སྟོན་པ་དང་ནད་ཀྱིས་བྱེད་པ་དག་ལས་ཀྱང་འབྱུང་བར་བཤད་པ་ཡོད་དོ། །ལྔ་པ་དེ་དག་གི་ངེས་པ་བསྟན་པ་ལ་གསུམ། ཉི་ཟླའི་འཆི་ལྟས་སོ་སོར་འབྱུང་བའི་རྒྱུ་མཚན་དང་། དུས་དང་དུས་མ་ཡིན་པའི་འཆི་ལྟས་ངེས་པའི་རྒྱུ་མཚན། གློ་བུར་དུ་རྩ་རླུང་འགག་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་ནས། གཙོ་བོ་ཡིན། ཅེས་གསུངས་ཏེ། དེ་ལྟར་གཡས་གཡོན་གྱི་ཉི་མ་དང་ཟླ་བའི་འཆི་རྟགས་སོ་སོར་འབྱུང་བའི་རྒྱུ་མཚན་ནི། ལྟེ་བའི་མི་མཉམ་པའི་ཁྱིམ་ལུག་ལ་སོགས་པ་མི་མཐུན་པའི་དུས་སྦྱོར་ལ་ཁྱིམ་དེ་ནས་ཐོག་མར་རླུང་རྒྱུ་བ་ན་ཟླ་བའི་འཆི་ལྟས་གཙོ་བོར་གྱུར་པ་ཡིན་ཏེ། གླང་སོགས་མཉམ་པའི་ཁྱིམ་མཐུན་པའི་དུས་སྦྱོར་རྣམས་ལ་ཐོག་མར་རླུང་རྒྱུ་བ་འབྱུང་བ་ན་ཉི་མའི་འཆི་རྟགས་གཙོ་བོར་གྱུར་པ་ཡིན་ནོ། །འདིར་རྩ་འགྲེལ་ཕལ་ཆེར་ལ་མཉམ་མི་མཉམ་གོ་ལྡོག་ཏུ་ཡོད་པ་ནི་ཧོར་སྦར་གྱི་ཡིག་ནོར་རྒྱུན་ཡིན་པས་འདི་རིགས་མང་ལ། དེ་རྣམས་ནོར་འཁྲུལ་ཡིན་པའི་ཚུལ་མཚུར་ཕུ་འཇམ་དབྱངས་ཆེན་པོ་ཡབ་སྲས། རྗེ་ཕྲིན་ལས་ཞབས། རྗེ་བརྒྱད་པ་ཡབ་སྲས་སོགས་ཀྱིས་ལེགས་པར་བཤད་པ་ལྟར་རོ། །གཉིས་པ་ནི། སྔ་མ་ནས། གསུངས་པ་ཡིན། ཅེས་གསུངས་ཏེ། སྔ་མ་རྒྱས་པར་བཤད་པ་ལྟར་ལོ་བརྒྱ་ཕྲག་གཅིག་ཐུབ་པ་ནས། སྐྱེས་ནས་ཞག་གཅིག་ལ་མི་ཐུབ་པའི་བར་གྱི་ཚེ་རིང་ཐུང་ནི་རླུང་རྒྱུ་བའི་རིམ་པས་བྱེད་པར་གསུངས་ཏེ། རྩ་མ་ལུས་པ་ཀུན་ཏུ་རླུང་རྒྱུ་བ་དང་། རྩ་གཞན་གང་དུ་ཡང་རླུང་མི་རྒྱུ་བར་དབུ་མ་རྐྱང་པར་རྒྱུ་བ་དག་གི་ཁྱད་པར་དང་། སྐྱེས་ནས་ལོ་གསུམ་ན་འཆི་བ་ནི་རྩ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་པོ་མ་གཏོགས་པར་རླུང་མི་རྒྱུ་སོགས་ཚེ་རིང་ཐུང་ལ་རྩ་མང་ཉུང་དུ་རླུང་རྒྱུ་བའི་རིམ་པར་གསུངས་པ་ཡིན་པས་དུས་དང་དུས་མ་ཡིན་པའི་འཆི་ལྟས་འདི་དག་འཐད་ཅིང་ངེས་པ་ཡིན་ནོ། །གསུམ་པ་ནི། གང་ཚེ་ནས། བསྟན་པའོ། །ཞེས་གསུངས་ཏེ། དེ་ལྟར་དུས་དང་དུས་མ་ཡིན་པའི་རླུང་གི་འཆི་ལྟས་མེད་ཀྱང་སྔོན་གྱི་ལས་ཀྱི་དབང་གིས་གློ་བུར་དུ་འཆི་བ་ན་རྩ་རླུང་ཇི་ལྟར་འགག་ཅེ་ན། གང་གི་ཚེ་གློ་བུར་དུ་འཆི་བའི་རྐྱེན་དུག་དྲག་པོ་དང་མཚོན་བསྣུན་པ་དང་ནད་དྲག་པོས་རྩ་རླུང་རྣམས་གཅིག་ཆར་དུ་འགགས་ནས་རྒྱུ་དེས་འཆི་བ་ནི་གློ་བུར་དུ་འཆི་བ་ཞེས་བྱ་ལ། དེའི་རྩ་རླུང་ཐིག་ལེ་འགག་ཚུལ་གསུངས་པ་ནི། ཇི་ལྟར་ལྟེ་བའི་འཁོར་ལོ་བཞིན། འཁོར་ལོ་གཞན་ཡང་དེ་བཞིན་ནོ། །ཞེས་པ་ལྟར་ལྟེ་བར་དུས་སྦྱོར་བཅུ་གཉིས་ཀྱི་འབྱུང་བ་ལྔའི་རླུང་དང་ཉི་ཟླ་སྒྲ་གཅན་གྱི་ཁམས་གཅིག་ཆར་དུ་འགག་པ་ཇི་ལྟ་བ་དེ་བཞིན་ཏུ། སྙིང་གར་ཐུན་བརྒྱད་དང་མགྲིན་པར་རྒྱུ་སྐར་དང་སྤྱི་བོར་ཟླ་རྐང་གི་རིམ་པ་རྣམས་ཀྱང་གཅིག་ཆར་དུ་འདོར་བར་བྱེད་ལ། དེའི་རིམ་པས་འཁོར་ལོ་གཞན་ལའང་མཚུངས་ཏེ། འཁོར་ལོ་ལྔ་དང་ཚིགས་ཀྱི་འཁོར་ལོ་སུམ་ཅུ་པོ་ཀུན་ལ་ཡང་འབྱུང་བ་ལྔའི་རླུང་རེ་རེ་ལ་དབྱུ་གུ་བཅུ་གཉིས་ནི་བསྐྱེད་སྡུད་ཀྱི་རིམ་པ་ཡོད་པས། དེ་ལྟར་དཀྱིལ་འཁོར་དྲུག་ཅུ་པོ་ཞག་དྲུག་ཏུ་རྒྱུས་ནས་ཟད་པར་འགྱུར་བ་ཡིན་ནོ། །ཞེས་སོ་སོར་བཤད་ནས་ཐུན་མོང་དུ་བསྡུ་བ་ནི་དེ་ལྟར་ན་རླུང་གི་འཆི་ལྟས་ངེས་པ་དང་བཅས་པ་བསྟན་པའོ། །གསུམ་པ་ཐིག་ལེ་འགག་པའི་རིམ་པ་ལ་གཉིས། ལོ་དགུ་བཅུ་གོ་བདུན་གྱི་སྟོབས་འདོར་བ་དང་། ལོ་གསུམ་གྱི་འཆི་ལྟས་དངོས་སོ། །དང་པོ་ལ་གསུམ། རྟེན་རྩ་རླུང་སོགས་འཕེལ་འགྲིབ་བྱེད་པའི་ཚུལ་དང་། བརྟེན་པ་ཁམས་འཕེལ་འགྲིབ་བྱེད་ཚུལ། དོན་བསྡུ་བའོ། །དང་པོ་ནི། དེ་ནས་ནས། སྔ་མ་བཞིན། ཅེས་གསུངས་ཏེ། བཤད་མ་ཐག་པའི་རྗེས་དེ་ནས་ཐིག་ལེ་འགག་པའི་ཚུལ་ནི་འཆད་དོ་ཞེས་སྤྱིར་བསྟན་ནས་ཐིག་ལེ་དེའི་རྟེན་རྩ་རླུང་འཕེལ་འགྲིབ་ཀྱི་ཚུལ་ནི་ལོ་གཅིག་གི་རིང་ལ་ནང་གི་ཁམས་རྩ་རླུང་བྱང་སེམས་སོགས་ཐམས་ཅད་འཕེལ་ལོ། །དེ་ནས་རླུང་གི་ནུས་པ་ཕྱིར་ཤོར་བས་ཞག་རེ་ལ་དཀར་ནག་གམ་ཐབས་ཤེས་ཀྱི་རྩ་གཉིས་གཉིས་འགྲིབ་པར་སྔ་མ་རྩའི་སྐབས་སུ་བསྟན་པ་བཞིན་ནོ། །གཉིས་པ་ནི། དེ་ནས་ནས། འགྲིབ་པ་སྟེ། ཞེས་གསུངས་ཏེ། རྩ་རྫོགས་པར་སྐྱེས་པ་དེ་ནས་སྐྱེས་པ་ལ་ལོ་བཅུ་དྲུག་གི་བར་དང་བུད་མེད་ལ་ལོ་བཅུ་གཉིས་ཀྱི་བར་དུ་ཐིག་ལེ་འཕེལ་ཏེ་ཡེ་ཤེས་ཀྱི་ཁམས་རྒྱས་པ་ཡིན་ལ། དེའི་རྗེས་སྐྱེས་པ་ལ་ལོ་བཅུ་བདུན་པ་དང་བུད་མེད་ལ་ལོ་བཅུ་གསུམ་པ་ནས་ནི་དཀར་བའི་ཆ་རྣམས་རིམ་གྱིས་འགྲིབ་ཅིང་འདོར་བར་བྱེད་དོ། །དེའི་རྗེས་ནས་དམར་ཆ་ཁྲག་གི་ཁམས་ནི་ལོ་བཅུ་དྲུག་ཏུ་འཕེལ་བ་ཡིན་ཏེ། དེ་ལྟར་ལོ་སུམ་ཅུ་སོ་གཉིས་སོང་ནས་ནི་ཁྲག་གི་ཁམས་དེ་ཡང་འདོར་བར་འགྱུར་རོ། །དེ་བཞིན་ཏུ་རླུང་གི་ཁམས་དང་། མེའི་ཁམས་དང་། ཆུའི་ཁམས་དང་། སའི་ཁམས་ཀྱི་སྟོབས་རྣམས་ཀྱང་སོ་སོར་ལོ་བཅུ་དྲུག་རེ་ནས་འདོར་ཞིང་འགྲིབ་པ་སྟེ་རགས་རྩིས་ལ་ལོ་གོ་དགུ་བ་ལུས་ཀྱི་སྟོབས་ཐམས་ཅད་འདོར་བར་བྱེད་དོ། །གསུམ་པ་དོན་བསྡུ་པ་ནི། རགས་པར་ནས། ཤེས་པར་བྱ། ཞེས་གསུངས་ཏེ། སྨོས་མ་ཐག་པ་ལྟར་རགས་པར་རྩིས་ན་ལོ་དགུ་ཅུ་གོ་བདུན་པ་ན་སྟོབས་ཀུན་དོར་ཏེ་དེ་ནས་ལོ་གསུམ་ན་འཆི་བའི་དུས་སམ་འཆི་བའི་ངེས་པ་ཤེས་པར་བྱའོ། །འདི་ཡང་དབུགས་གྲངས་ཀྱི་ལོ་ཡིན་ཕྱི་རོལ་གྱི་ལོ་ནི་མ་ཡིན་ནོ། །གཉིས་པ་ལོ་གསུམ་གྱི་འཆི་ལྟས་དངོས་བཤད་པ་ནི། ལྟེ་བའི་ནས། ནས་འགྲོ་སྟེ། ཞེས་གསུངས་ཏེ། ངེས་པར་འཆི་བ་ལ་ཐུག་པའི་རྟགས་ནི་ལྟེ་བའི་དཀྱིལ་འཁོར་དྲུག་ཅུ་པོའི་རྩ་གཅིག་གི་འགྱུ་བ་ཆད་པ་དང་སྣ་བུག་གཡས་གཡོན་གང་རུང་གི་ཞག་གཅིག་གི་དུས་སྦྱོར་ཉམས་པ་གཉིས་དུས་མཉམ་ལ་དེའི་རྟགས་སུ་གཅི་བ་སྟེ་དྲི་ཆུ་ངེས་པར་འགྱུར་ནས་སྐྱུར་བར་གྱུར་ན་ཟླ་བ་དྲུག་ན་འཆི་བའི་རྟགས་ཡིན་ལ། དེ་ནས་གསང་གནས་ཀྱི་བར་སྐོར་གྱི་རྩ་སྒྲ་སོགས་དེ་ཙམ་ལྔ་འཛིན་པའི་འདབ་མ་བཅུ་པོ་རིམ་གྱིས་འགག་སྟེ། སྒྲ་འཛིན་པ་གཉིས་འགགས་པས་རྐྱེན་གཞན་མེད་པར་རྣ་བའི་རླུང་སྒྲ་དོར་ན་ཞག་དྲུག་ན་འཆི་བ་སྟེ། རོ་འཛིན་པ་གཉིས་འགགས་པས་ལྕེ་ཡིས་ཁ་ཟས་ཀྱི་རོ་འཛིན་པ་དོར་ན་ཞག་ལྔ་ན་འཆི་བའི་རྟགས་ཡིན་ཅིང་། གཟུགས་འཛིན་པ་གཉིས་འགག་པས། གཟུགས་ཕྱིན་ཅི་ལོག་ཏུ་སྣང་བ་དང་མིག་གི་དབུས་སུ་ཚངས་པའི་རི་མོ་སྔར་མེད་པ་བྱུང་ན་ཞག་བཞིའི་ཚེ་ལས་མེད་ལ། དྲི་འཛིན་པ་གཉིས་འགགས་པས་སྣ་ཞོམ་ཞིང་དྲི་འཛིན་པ་དོར་ན་ཚེའི་ཞབས་ཞག་གསུམ་མོ། །རེག་བྱ་འཛིན་པ་གཉིས་འགགས་པས། ལུས་ཀྱི་རེག་བྱ་མི་འཛིན་པ་དང་དྲོ་བའི་རེག་པའི་རང་བཞིན་དོར་ན་ཞག་གཉིས་ན་འཆི་བ་ཡིན་ཅིང་། དེའི་རྗེས་ནས་ཆོས་ཀྱི་ཁམས་ཁུ་བ་སྟེང་འོག་ཏུ་ཉམས་པ་ཡིས་ནི་ཞག་གཅིག་ནས་ནི་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་འགྱུར་ཏེ། དེའི་ཚེ་ཕ་ལས་ཐོབ་པའི་དཀར་ཆའི་དྭངས་མ་སྤྱི་བོ་ནས་འོག་ཏུ་ལྷུང་བ་སྟེ། མ་ལས་ཐོབ་པའི་དམར་ཆའི་དྭངས་མ་ལྟེ་བ་ནས་གྱེན་དུ་འགྲོ་བ་ཡིན་ཅིང་དཀྱིལ་འཁོར་གྱི་རླུང་རྣམས་ནི་གོ་རིམ་མེད་པར་སྣའི་སྒོ་ནས་ཕྱིར་འགྲོ་སྟེ་ནང་དུ་མི་ལྡོག་ལ། དེའི་ཚེ་སྟེང་འོག་གི་དཀར་དམར་གཉིས་པོ་སྙིང་གར་ཁ་སྦྱར་བའི་དབུས་སུ་ཀུན་གཞི་གནས་པ་ལ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྡུས་པས་གཞིའི་འོད་གསལ་ཆོས་ཀྱི་སྐུ་ཉམས་སུ་མྱོང་ཡང་ཐ་མལ་པས་ངོ་མ་ཤེས་པའི་དབང་གིས་སྲིད་པ་གཞན་ཏུ་འཕོ་བར་བྱེད་དོ། །བཞི་པ་ཞར་ལ་གང་དུ་འཕོ་བའི་ངེས་པ་བར་དོ་འབྱུང་ཚུལ་དང་བཅས་པ་ནི། དེ་ནས་ནས། འབྱུང་བ་ཡིན། ཅེས་གསུངས་ཏེ། དཀར་དམར་རླུང་གསུམ་གྱི་དྭངས་མ་སྙིང་གར་འདུས་པའི་རྗེས་དེ་ནས་རྣམ་པར་ཤེས་པ་ཀུན་གཞི་ནི་སྤྱི་གཙུག་ཚངས་པའི་བུ་ག་ནས་འཕོས་ན་ནི་གཟུགས་མེད་བཞི་པོ་གང་རུང་དུ་སྐྱེ་བར་འགྱུར་ལ། སྨིན་མཚམས་ཀྱི་ཐིག་ལེ་ལས་འཕོས་ན་ནི་ལྷ་མོ་ཆེ་སྟེ་གཟུགས་ཁམས་གནས་རིགས་བཅུ་དྲུག་པོ་གང་རུང་གི་ལྷར་སྐྱེ་ལ། ལྟེ་བ་ནས་འཕོས་ན་ནི་འདོད་པའི་ཁམས་ཀྱི་ལྷ་རིགས་དྲུག་པོ་གང་རུང་དུ་སྐྱེ་ཞིང་། རྒྱུད་ཀྱི་དགོངས་པ་འགའ་ཞིག་ནས་ལྷ་མིན་ཏུ་སྐྱེ་བར་ཡང་གྲངས་སོ། །མིག་ལས་འཕོས་ན་འདོད་པའི་ཁམས་ཀྱི་མེའི་དབང་པོ་སྟེ་རྒྱལ་པོའི་རིགས་སུ་སྐྱེའོ། །སྣའི་བུ་ག་གནས་འཕོས་ན་གནོད་སྦྱིན་གྱི་གནས་བྱང་ཕྱོགས་ལྕང་ལོ་ཅན་དུ་སྐྱེ་བར་འགྱུར་ཏེ། རྣ་བ་ལས་འཕོས་ན་ནི་གྲུབ་པའི་ལྷ་སྟེ་སུམ་ཅུ་རྩ་གསུམ་པའི་ལྷ་རིག་པ་འཛིན་པ་རྣམས་སུ་སྐྱེ་བ་ཡིན་ནོ། །སྲིད་པའི་སྒོ་སྟེ་ཁུ་བའི་ལམ་ལས་འཕོས་ན་ཡི་དྭགས་སུ་སྐྱེ་བར་བཤད་ལ། སྡོམ་འབྱུང་དུ་ཁའི་སྒོ་ལས་ཡི་དྭགས་སུ་གསུངས་པ་ལྟར། གདན་བཞིའི་འགྲེལ་བར་སྲིད་པའི་སྒོ་ཁ་ཡིན་པར་བཤད་པས་གཉིས་ཀར་བཟུང་བར་བྱའོ། །དྲི་ཆུའི་ལམ་ནས་འཕོས་ན་དུད་འགྲོར་སྐྱེ་བར་འགྱུར་ཞིང་། འོག་སྒོ་ལས་འཕོས་ན་ནི་དམྱལ་བ་ཆེན་པོ་བརྒྱད་གང་རུང་དུ་སྐྱེ་བར་འགྱུར་རོ། །འཕོས་མ་ཐག་པའི་རྗེས་དེ་ནས་ཕྱི་མའི་སྐྱེ་བར་ཉིང་མཚམས་སྦྱར་གྱི་བར་དུ་མཚམས་མེད་ཀྱི་ལས་བྱས་པ་དང་གཟུགས་མེད་དུ་སྐྱེ་འགྱུར་མ་གཏོགས་པ་ལ་བར་དོའི་སྣང་བ་འབྱུང་བ་ཡིན་ནོ། །གསུངས་ཏེ་བར་དོའི་ཚུལ་རྒྱས་པ་རྗེ་ཉིད་ཀྱིས་དྲན་པ་ཉེར་བཞག་མདོར་བསྡུས་པ་དང་ཆོས་དྲུག་གི་བར་དོའི་སྐབས་སུ་གསུངས་པ་ལས་ཤེས་པར་བྱའོ། །གསུམ་པ་མཇུག་བསྡུ་བ་ནི། །སྣང་མཆེད་ནས། མྱ་ངན་འདས། ཞེས་གསུངས་ཏེ། དེ་ལྟར་བཤད་པའི་སྡུད་རིམ་དེ་དག་མདོར་བསྡུ་ན་སྣང་མཆེད་ཐོབ་གསུམ་རིམ་པའི་ཚེ་ན་ནི་གཟུགས་སྒྲ་སོགས་རགས་པ་དང་སྣང་བ་ཐིམ་པ་ནི་སྤྲུལ་སྐུ་བསྡུས་པ་དང་། རྟོག་པ་སོགས་ཕྲ་བ་དང་མཆེད་པ་ཐིམ་པ་ནི་ལོངས་སྐུ་བསྡུས་པ་དང་། ཀུན་གཞི་འོད་གསལ་ལ་ཞུགས་ཤིང་ཐོབ་པ་ཐིམ་པ་ནི་ཆོས་སྐུ་ལ་བསྡུས་པ་སྟེ་སྐུ་གསུམ་གྱི་རང་བཞིན་འོད་གསལ་བ་ཉིད་དུ་བསྡུས་པ་ཡིན་ཀྱང་དེ་ངོ་མ་ཤེས་པས་སེམས་འོད་གསལ་བའི་རང་བཞིན་བདེ་གཤེགས་སྙིང་པོ་ལ་སྣང་བ་ཞེས་བྱ་བ་དེ་དང་དེ་ལ་སྒྲིབ་པར་བྱེད་པ་མ་རིག་པའི་མུན་པའི་དོན་སོ་སོར་མ་ཕྱེད་ཅིང་། ཚོགས་དྲུག་ཡུལ་དང་བཅས་པས་བདེན་པར་མེད་པ་སྟོང་པ་དང་། ཀུན་གཞི་ལ་གནས་པའི་ཡིད་འདུ་བྱེད་དང་བཅས་པ་བདེན་པར་མེད་པ་སྟོང་པ་ཆེན་པོ་དང་། རྣམ་པར་ཤེས་པ་ཀུན་གཞི་ཉིད་བདེན་པར་མེད་པ་ཤིན་ཏུ་སྟོང་པ་ཆེན་པོ་རྣམས་ཇི་ལྟ་བ་བཞིན་མ་རྟོགས་པས་སླར་ཡང་འཁོར་བའི་འཁོར་ལོར་འཁྱམས་པ་ཡིན་ལ། དྲི་མ་དེ་ཉིད་ལམ་གྱིས་སྦྱངས་ནས་རིམ་གྱིས་དག་པས་ཡེ་ཤེས་མངོན་ཏུ་འགྱུར་བ་ཡིན་ཏེ། ཤིན་ཏུ་རྣམ་པར་དག་པར་མྱ་ངན་ལས་འདས་པ་མཐར་ཐུག་གི་ཆོས་ཀྱི་སྐུར་འགྱུར་བ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་སྣང་བར་བྱེད་པའི་ཚིག་འགྲེལ་ལས་རྩ་རླུང་ཐིག་ལེ་ཇི་ལྟར་སྡུད་ཅིང་འགག་པར་འགྱུར་བའི་ཚུལ་ལམ་གྱི་རིམ་པ་བསྟན་པའི་དུམ་བུ་སྟེ། ལེའུ་བཅུ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ལྟར་སྐབས་སམ་ལེའུ་བཅུ་གཅིག་གིས་གཞི་ལམ་འབྲས་བུའི་རང་བཞིན་རྒྱས་པར་བཤད་ཟིན་ནས། སྤྱི་དོན་གསུམ་པ་དེ་ཉིད་དོན་བསྡུས་པའི་སྒོ་ནས་སྔགས་ཀྱི་སྡེ་སྣོད་ཀྱི་རྒྱུ་མཚན་རྟོགས་པར་བྱ་བ་དང་། ལུང་གི་དམ་ཆོས་མཐའ་དག་ཀྱང་སྡེ་སྣོད་གསུམ་པོ་གང་རུང་ལས་མ་འདས་པས་ཕྱི་ནང་གི་སྡེ་སྣོད་སོ་སོར་སྦྱར་ཞིང་དེ་ཤེས་པའི་དགོས་པ་སོགས་བཤད་ནས་མཇུག་བསྡུ་བསྔོ་བ་དང་བཅས་པའི་ལེའུ་འདི་ལ་གསུམ། མཇུག་བསྡུ་བའི་སྒོ་ནས་རིག་འཛིན་སྡེ་སྣོད་བཤད་པ་དང་། ཕྲིན་ལས་ལ་བསྔགས་ཤིང་བསྔོ་བ་སྨོན་ལམ་དང་བཅས་པ། རྩོམ་པ་མཐར་ཕྱིན་པའི་ཚུལ་ལོ། །དང་པོ་ལྔ། སྤྱིའི་དོན་བསྡུ་པ། སྡེ་སྣོད་གསུམ་སོ་སོ་དང་སྦྱར་བ། དེ་དག་ཤེས་པའི་དགོས་པ་སྤྱི་དང་ཁྱད་པར། འབྲས་བུའི་རང་བཞིན་བསྡུ་བ། འདི་གང་ལས་རྙེད་པའོ། །དང་པོ་ནི། རྒྱལ་བས་ནས། གསུངས་པ་ལ། ཞེས་གསུངས་ཏེ། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྒྱུད་སྡེ་བཞི་པོ་རྣམས་ཐམས་ཅད་དུ་སེམས་ལས་དོན་གཞན་པ་མེད་ཀྱང་ཕྱི་རོལ་དུ་ཐུན་མོང་བལྟ་བུའི་རྣམ་རིག་ལ་སྣང་བའི་ཕྱི་འཇིག་རྟེན་གྱི་ཁམས་དང་ཕུང་ཁམས་སྐྱེད་མཆེད་ལ་སོགས་པ་གསུངས་པ་དང་། རྡོ་རྗེ་ཐེག་པར་ནང་དུ་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་དང་གཞན་དུ་ཀུན་བརྟགས་པའི་བསྐྱེད་རིམ་གྱི་ལྷ་དང་སྔགས་ལ་སོགས་པ་གསུངས་པ་ཐམས་ཅད་ཀྱང་། དྲི་མ་དང་བཅས་པའི་རྟོག་པ ས་ཇི་སྲིད་སྤགས་ཀྱི་རིང་ལ་སྦྱང་གཞི་དང་། དྲི་མ་མེད་པ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་རྣམས་གཉིས་སུ་གྱུར་པ་ན་འབྲས་བུར་གསུངས་ཏེ། དེ་ཐམས་ཅད་ཀྱང་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་མིང་ཚིག་ཡི་གེ་སོགས་སྤྲོས་པ་དང་བཅས་པ་དང་། དོན་དམ་བདེན་པ་ལ་བརྟེན་ནས་གཟུང་འཛིན་གྱི་སྤྲོས་པ་མེད་པ་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཏུ་གསུངས་པ་ཡིན་ལ། དེ་ལྟར་ཆོས་ཐམས་ཅད་བདེན་གཉིས་ཟུང་འཇུག་ལས་མ་འདས་ཀྱང་རྣམ་པར་རྟོག་པ་དང་བཅས་པའི་སེམས་ཅན་རྣམས་ཀྱི་རྟོགས་སླ་བའི་ཐབས་སུ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་མཚན་མཚོན་གཞི་གསུམ་དང་དེ་རེ་རེ་ལ་ཡང་གསུམ་གསུམ་དུ་དབྱེ་བ་སོགས་མཐའ་ཡས་པ་གསུངས་ཏེ། རྒྱན་ལས། སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ། །ཕན་གདགས་ཕྱིར་ན་མཚན་གཞི་དང་། མཚན་ཉིད་དང་ནི་མཚོན་པ་དག །རབ་ཏུ་དབྱེ་བས་ཡང་དག་བཤད། ཅེས་གསུངས་སོ། །གཉིས་པ་ལ་གསུམ། མངོན་པ། མདོ་སྡེ། འདུལ་བ་དང་སྦྱར་བའོ། །དང་པོ་ལ་གསུམ། ཕྱི་དང་། ནང་གི་མངོན་པ། དེ་དཔེ་དོན་སྦྱར་བཤད་དོན་བསྡུ་དང་བཅས་པའོ། །དང་པོ་ནི། ཕྱི་རོལ་ནས། མངོན་པ་སྟེ། ཞེས་གསུངས་ཏེ། དེའང་སེམས་ཅན་གྱི་རིས་ན་གདུལ་བྱ་ལྟ་བ་ཐ་དད་པར་ལྷུང་བ་དག་དྲང་བའི་ཕྱིར། མཚན་ཉིད་ཐེག་པར་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྣང་བ་འདི་ལ་བདག་དང་ཚངས་པ་ལ་སོགས་པའི་བྱེད་པ་པོ་གཞན་མེད་པར་བསྟན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་བ་རང་གི་སེམས་སྣང་ཙམ་ཡིན་ཏེ། ཕྱི་རོལ་དུ་མ་གྲུབ་ཀྱང་རྟོག་པས་བཏགས་པ་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱིས་བསྡུས་པ། རྟེན་སྣོད་དང་བརྟེན་པ་བཅུད་དང་ཕྲ་བ་སྐད་ཅིག་དང་རྡུལ་ཕྲན་སོགས་དང་རགས་པ་ཤེས་རྒྱུད་དང་རི་རབ་སོགས་དང་བུམ་པ་ཞེས་པ་ལྟ་བུ་མིང་དང་བུམ་པ་མི་རྟག་ཅེས་པ་ལྟ་བུ་ཚིག་དང་དེ་གཉིས་ཀྱི་གཞི་ཨ་ལ་སོགས་པ་ཡི་གེ་དང་ཤར་ལ་སོགས་པའི་ཕྱོགས་དང་འདས་པ་སོགས་དུས་དང་ལ་སོགས་པས་སྤང་གཉེན་དང་སེམས་སེམས་བྱུང་སོགས་མདོ་སྡེ་རྣམས་སུ་རྒྱས་པར་གསུངས་པ་རྣམས་ནི་རྡོ་རྗེ་ཐེག་པ་ལས་ཕྱི་རོལ་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཀྱི་ཆོས་མངོན་པ་སྟེ། དཔེར་ན་ཀུན་ལས་བཏུས་དང་མཛོད་ལ་སོགས་པར་གསུངས་པ་བཞིན་ནོ། །གཉིས་པ་ནི། ཇི་ལྟར་ནས། ངེས་པ་བསྟན། ཅེས་གསུངས་ཏེ། བཤད་མ་ཐག་པ་དེ་ཇི་ལྟར་ཕྱི་རོལ་གྱི་མངོན་པའི་སྐབས་སུ་བཤད་པ་བཞིན་ཏུ་ནང་ན་རྡོ་རྗེའི་ལུས་ལ་གནས་པ་ནི་གསང་སྔགས་ནང་གི་དོན་གྱི་མངོན་པ་ཡིན་ནོ། །བླ་མེད་ཀྱི་རྒྱུད་སྡེ་རྣམས་སུ་ནང་རྡོ་རྗེའི་ལུས་ལ་རྩ་དང་ལུས་ཀྱི་དབྱིབས་ལ་སོགས་པ་རྣམས་འཇིག་རྟེན་གྱི་ཁམས་ཀྱི་རི་མཚོ་གླིང་ལ་སྦྱར་བ་དང་། ནང་གི་རླུང་གིས་ངག་ཏུ་བརྗོད་པ་དང་དུས་ཀྱི་ཚད་དང་ཡི་གེ་ལ་སོགས་པ་བསྐྱེད་པ་དང་། ཐིག་ལེ་ནི་གཟའ་དང་རྒྱུ་སྐར་སོགས་སུ་བཤད་པ་དང་གཤེར་བའི་ཁམས་ཆུ་བོ་དང་དྲོ་བའི་ཁམས་མེ་གསུམ་དུ་བསྟན་པ་སོགས་ཕྱི་ནང་གི་ངེས་པ་ལྟར་ནང་ལ་སྦྱར་བའི་སྐབས་སུ་བསྟན་པ་ལྟ་བུར་གསུངས་པ་རྣམས་ནི་ནང་གི་མངོན་པ་ཡིན་ནོ། །གཉིས་པ་ནི། ཇི་ལྟར་ནས། མངོན་པ་ཡིན། ཅེས་གསུངས་ཏེ། དཔེ་ཇི་ལྟར་ན་མིག་བཙུམ་པས་གཟུགས་ཀྱི་རྣམ་པ་གང་ཡང་མི་མཐོང་བ་དང་། མིག་སྐྱོན་མེད་པ་ཕྱེ་བས་ནི་ཟླ་བ་ལ་སོགས་པ་གཟུགས་ཀྱི་རྣམ་པ་གསལ་བར་སྣང་བར་འགྱུར་བ་དང་། མིག་བཙིར་ནས་བལྟས་ན་ཟླ་བ་ལ་སོགས་པ་གཟུགས་གཅིག་ལས་མེད་ཀྱང་གཉིས་སུ་མཐོང་བ་སྟེ་མིག་བཙིར་བའི་འཁྲུལ་རྒྱུས་གཉིས་སུ་སྣང་བ་སྟེ། དཔེ་གསུམ་པོའི་གོ་རིམ་ལྟར། ཕྱི་ཡི་མངོན་པར་གསུངས་པའི་སྤང་གཉེན་ཙམ་ཤེས་ཀྱང་རྟེན་རྩ་རླུང་བྱང་སེམས་ཀྱི་གནད་འཆིང་མ་ཤེས་པས་ནི་སྲིད་ཞི་དབྱེར་མེད་ལ་དབང་བྱེད་པའི་ཡེ་ཤེས་མངོན་སུམ་དུ་མཐོང་བ་མིན་ལ། རྟེན་རྩ་རླུང་བྱང་སེམས་ཀྱི་གནད་བཅིངས་ན་རྟགས་བཅུ་དང་བདེ་གསལ་མི་རྟོག་པའི་ཡོན་ཏན་སྣང་སྟོང་དབྱེར་མེད་ཀྱི་ལམ་གྱི་ཡེ་ཤེས་མངོན་སུམ་དུ་མཐོང་བར་འགྱུར་བ་དང་། བསྐྱེད་རིམ་ཡན་ལག་དང་བཅས་པའི་དོན་ཡང་སེམས་ལས་ཕྱི་རོལ་ན་དོན་གཞན་ཏུ་གྲུབ་པ་མེད་ཀྱང་གཞན་སྣང་ལ་སྤྲུལ་པ་དུ་མ་སྟོན་པ་ལ་དབང་འབྱོར་བའི་ཕྱིར་རྟོག་པས་ཀུན་བརྟགས་པའི་ལྷ་དང་། དཀྱིལ་འཁོར་གྱི་འཁོར་ལོ་སྟོན་པར་མཛད་པའི་རྒྱུ་མཚན་ཡང་དེ་ཡིན་ལ། དཔེ་དོན་དང་པོས་ཕྱི་ནང་མངོན་པའི་ཁྱད་པར། གཉིས་པས་རྫོགས་རིམ་གྱི་ཁྱད་པར། གསུམ་པས་བསྐྱེད་རིམ་གྱི་མངོན་པའི་ཁྱད་པར་བསྟན་ཏེ། མདོར་ན་མངོན་པའི་སྡེ་སྣོད་ཀྱི་བརྗོད་བྱ་ལྷག་པ་ཤེས་རབ་ཀྱི་བསླབ་པ་མྱུར་བར་འཆར་བའི་ཐབས་མཁས་ལྡན་པ་དང་། ལམ་དང་འབྲས་བུའི་ཡེ་ཤེས་མངོན་སུམ་དུ་རྟོགས་པར་བྱེད་པ་དེའི་ཕྱིར་གསང་སྔགས་ཀྱི་གཞུང་ཐམས་ཅད་ལ་ནི་ནང་གི་དོན་གྱི་མངོན་པ་ཞེས་པའི་སྒྲ་འཇུག་པ་ཡིན་ནོ། །གཉིས་པ་མདོ་སྡེ་དང་སྦྱར་བ་ནི། གཞན་བཤད་ནས། ཕྱིན་པར་བརྗོད། ཅེས་གསུངས་ཏེ། དེ་བཞིན་ཏུ་ཕྱི་རོལ་གྱི་མདོ་སྡེ་ཕར་ཕྱིན་ཐེག་པར་ལྷག་པ་སེམས་ཀྱི་བསླབ་པ་ས་དང་ལམ་གྱི་རིམ་པ་གསུངས་པ་ལྟར། རྒྱུད་སྡེ་རྣམས་སུ་ཡང་གཞན་དཀྱིལ་འཁོར་གྱི་འཁོར་ལོ་བཤད་པའི་ལྷ་བསྒོམ་པ་དང་དཀྱིལ་འཁོར་བསྒྲུབ་པ་ལ་སོགས་པ་ཡང་ནང་གི་གནས་དང་ཉེ་གནས་ལ་སོགས་པའི་ས་བཅུ་དང་ལམ་ལྔ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་དང་གཟུགས་སྔགས་དང་གསང་སྔགས་རིག་སྔགས་དང་བཅས་པ་རྣམས་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། བསྐྱེད་རྫོགས་ཀྱི་ཡན་ལག་ལ་ཟད་པར་དང་ཟིལ་གནོན་དང་ལ་སོགས་པས་སྤྱན་དང་མངོན་ཤེས་སོགས་རང་གཞན་གྱི་དོན་བསྒྲུབ་པའི་ཏིང་ངེ་འཛིན་དང་འབྲེལ་བའི་ཕྱིར་ན་ཟབ་པ་དང་རྒྱ་ཆེ་བ་དུ་མ་སྟོན་བའི་ཕྱིར། རྡོ་རྗེ་ཐེག་པ་ནི་ནང་གི་མདོ་སྡེ་དང་ཕ་རོལ་ཏུ་ཕྱིན་པར་བརྗོད་དོ། །གསུམ་པ་འདུལ་བ་དང་སྦྱར་བ་ནི། ཕྱི་རོལ་ནས། འདུལ་བར་གསུངས། ཞེས་གསུངས་ཏེ། འདུལ་བ་ལའང་ཕྱི་ནང་གཉིས་ལས་ཕྱི་རོལ་གྱི་འདུལ་བ་ནི། ལུང་སྡེ་བཞི་སོགས་ལས་གསུངས་པ་བཞིན་ཏུ་ལུས་ངག་གི་སྤོང་བ་བདུན་འཁོར་བཅས་བསྲུང་ཞིང་སྡོམ་པ་དང་། རང་བཞིན་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་སྤོང་བའི་ཚུལ་ཁྲིམས་དང་ལྡན་པས་ཞི་བ་བསྒྲུབ་པའི་ཐབས་སུ་གྱུར་པའི་འདུལ་བ་ནི་ཕར་ཕྱིན་ཐེག་པའི་འདུལ་བ་ཡིན་ལ། ནང་དུ་རྒྱུད་སྡེ་ལས་གསུངས་པའི་རང་དོན་དང་གཞན་དོན་ལ་མ་རྨོངས་པས་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་ནས་སྡོམ་པའི་ཚུལ་ཁྲིམས་བསྲུང་ཞིང་བསྐྱེད་རྫོགས་ཀྱི་ཐབས་མཁས་པའི་ཁྱད་པར་གྱིས་ཉོན་མོངས་ཐམས་ཅད་ཡེ་ཤེས་སུ་སྒྱུར་བར་བྱེད་པའི་སྒོ་ནས་ཉོན་མོངས་པའི་ཁ་ན་མ་ཐོ་བ་འདུལ་ཞིང་འཁོར་བའི་ཉེས་པ་ནས་སེམས་ཅན་ཐམས་ཅད་སློང་བར་བྱེད་པ་དེའི་ཕྱིར། སྔགས་ཀྱི་ཐེག་པ་ནི་ནང་གི་དོན་གྱི་འདུལ་བ་ལྷག་པའི་ཚུལ་ཁྲིམས་བསླབ་པར་གསུངས་སོ། །དེས་ན་གསང་སྔགས་ཉིད་ལ་སྡེ་སྣོད་གསུམ་ཀ་ཚང་བར་བཞེད་དེ་དེའང་ཆོས་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་མ་འདྲེས་པར་སོ་སོར་བསྟན་པ་དང་ཕྱི་རོལ་གྱི་རྟེན་བརྟེན་པ་ཐམས་ཅད་ནང་ལ་སྦྱར་བ་དང་ཡེ་ཤེས་མངོན་སུམ་དུ་རྟོགས་པར་བྱེད་པའི་ཆ་ནས་མངོན་པ་དང་། ས་ལམ་བྱང་ཕྱོགས་ཟད་པར་ཟིལ་གནོན་སྤྱན་མངོན་ཤེས་ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་རྣམས་ཇི་ལྟ་བ་བཞིན་སྟོན་པའི་ཆ་ནས་མདོ་སྡེ་དང་། ལུས་ངག་ཡིད་གསུམ་ཀའི་མི་མཐུན་ཕྱོགས་ཆ་མཉམ་དུ་བསྲུང་བ་རང་གི་བཅས་པ་ཁྱད་པར་ཅན་ལ་བརྟེན་ནས་ཉོན་མོངས་པ་འདུལ་བའི་ཐབས་སྟོན་པའི་ཆ་ནས་འདུལ་བ་སྟེ། སྡེ་སྣོད་གསུམ་ཐམས་ཅད་དང་མཐུན་པའམ་ལྡན་པས་ན་རིག་པ་འཛིན་པའི་སྡེ་སྣོད་ཅེས་བྱ་བར་གསུངས་སོ། །གསུམ་པ་དེ་དག་ཤེས་པའི་དགོས་པ་སྤྱི་དང་ཁྱད་པར་བ་བསྟན་པ་ནི། འདུལ་མངོན་ནས། མྱུར་ཐོབ་བྱེད། ཅེས་གསུངས་ཏེ། ཐེག་དམན་གྱི་འདུལ་བ་དང་མདོ་སྡེ་མངོན་པ་སྟེ་སྡེ་སྣོད་གསུམ་པོ་ཕྱི་རོལ་གྱི་དོན་སྟོན་པའི་ཚུལ་དུ་ཤེས་པས་ནི་གནས་སྐབས་སུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུ་དགྲ་བཅོམ་ཙམ་ཐོབ་པར་བྱེད་ལ། དེ་ལས་ཆེས་རྨད་དུ་བྱུང་བ་ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་དང་རྒྱུད་སྡེ་འོག་མ་རྣམས་ནས་འབྱུང་བ་དམན་པ་རྣམས་ཀྱིས་རྟོགས་དཀའ་བས་ཟབ་མོའི་དོན་གྱི་མདོ་སྡེ་དང་འདུལ་བ་དང་མངོན་པ་རྣམས་ཤེས་ཤིང་བསླབ་པ་གསུམ་ལ་སྤྱོད་པར་བྱེད་པ་ནི་བྱང་ཆུབ་སེམས་དཔར་འགྱུར་ཏེ་དེའི་འབྲས་བུ་ནི་བླ་ན་མེད་པའི་བྱང་ཆུབ་དུས་རིང་པོས་མངོན་ཏུ་བྱེད་པར་འགྱུར་ཞིང་། དེའི་སྟེང་དུ་ཐབས་མཁས་པའི་ཁྱད་པར་གཞུང་འདིར་གསུངས་པ་ལྟ་བུའི་ནང་གི་དོན་རྒྱས་པར་ཤེས་ཤིང་། སངས་རྒྱས་ཀྱི་སྙིང་པོ་བདེན་གཉིས་ཀྱི་ཚུལ་ཇི་ལྟ་བ་བཞིན་རྟོགས་ནས་གཞི་དང་འབྲས་བུ་ངོ་བོ་གཅིག་པར་རྟོགས་པའི་འབྲས་བུ་རྟོགས་པ་ལམ་དུ་བྱེད་པ་ནི་བླ་ན་མེད་པའི་སངས་རྒྱས་མྱུར་དུ་ཐོབ་པར་བྱེད་པའི་དགོས་པ་དང་ལྡན་པས། རྒྱུ་མཚན་དེའི་ཕྱིར་རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ལས་གསུངས་པའི་ཟབ་མོ་ནང་གི་དོན་གོ་བའི་ཐབས་སུ་ཟབ་དོན་རྣམས་མཚོན་པར་བྱེད་པའི་ཚིག་བསྡུས་ཏེ་བསྟན་བཅོས་འདི་ཉིད་མཛད་པ་ཡིན་ནོ། །བཞི་པ་འབྲས་བུའི་རང་བཞིན་བསྡུ་བ་ལ་གསུམ། གཞི་དུས་སུ་བསྒྲིབས་པའི་ཚུལ། ལམ་དུས་སུ་སྦྱང་བའི་ཚུལ། འབྲས་དུས་སུ་དག་པའི་ཚུལ་ལོ། །དང་པོ་ནི། ཐམས་ཅད་ནས། ནང་དུ་བྱིང་། ཞེས་གསུངས་ཏེ། དབང་མངོན་ཡིད་མངོན་རང་རིག་མངོན་སུམ་རྣམས་ཡང་དག་པའི་རྣལ་འབྱོར་གྱིས་ཟིན་པའི་དུས་ན་ཐམས་ཅད་ཀྱང་རྣལ་འབྱོར་མངོན་སུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་ལ། ཡེ་ཤེས་དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་ནི་ཀུན་གཞི་འོད་གསལ་བ་དེ་ཉིད་རང་ངོ་མ་ཤེས་པས་གཡོས་ཏེ་ཉོན་ཡིད་ལངས་པ་ལས་ང་མ་ཡིན་པ་ལ་ང་དང་བདག་མ་ཡིན་པ་ལ་བདག་ཏུ་བཟུང་བས་སྤང་བྱ་འཁྲུལ་པའི་རྟོག་པ་བཟུང་བ་དང་འཛིན་པ་ཐ་དད་པའི་རྣམ་པ་ཀུན་གྱི་ཤེས་པ་ཡེ་ཤེས་དང་འབྲེལ་དུ་རུང་བས་གློ་བུར་བར་སྐྱེས་ནས་འཕེལ་ཞིང་ངོ་བོ་ལ་བསྒྲིབས་པས་ཉིད་འཁྲུལ་བར་གྱུར་ཏོ། །དེ་ལྟར་ཀུན་གཞིའི་སྟེང་ནས་ཉོན་ཡིད་ཀྱི་འདུ་བྱེད་ཀྱི་ཁམས་གསུམ་མངོན་པར་འདུ་བྱས་པས་དེ་ལ་བརྟེན་ནས་དོན་ལ་ཡོད་པ་ཡང་དག་པའི་གནས་ལུགས་མ་མཐོང་ཞིང་སྨིག་རྒྱུ་ལ་ཆུ་རུ་འཁྲུལ་པ་ལྟར་དེ་མ་ཡིན་ལ་དེར་འཛིན་གྱི་བློས་དོན་ལ་མེད་པ་འཁྲུལ་པའི་སྣང་བ་སྣ་ཚོགས་པ་མཐོང་ནས་རྣམ་པར་རྟོག་པའི་འདམ་དུ་ཡེ་ཤེས་བྱིང་བར་གྱུར་བས་བྱིས་པ་སོ་སོ་སྐྱེ་བོ་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་བྱིང་ཞིང་འཁོར་བ་ཡིན་ནོ། །གཉིས་པ་ནི། ཕྱི་ནང་ནས། བདེན་གཟིགས་པས། ཞེས་གསུངས་ཏེ། ལམ་དུས་ཀྱི་ཡེ་ཤེས་དེ་ནི་ཕྱི་འཇིག་རྟེན་གྱི་ཁམས་ནང་རྡོ་རྗེའི་ལུས་གཞན་དཀྱིལ་འཁོར་གྱི་འཁོར་ལོ་གསུམ་ཀ་དེ་ཁོ་ན་ཉིད་ཡེ་ཤེས་ཕྱག་རྒྱ་ཆེན་པོར་དབྱེར་མེད་དུ་རྟོགས་པས་ན་དོན་ལ་སངས་རྒྱས་ཀྱི་རང་བཞིན་ཡིན་ཏེ། སངས་རྒྱས་ཀྱི་སྐད་དོད་བུདྡྷ་ཞེས་པ། གོ་བ་དང་རྟོགས་པ་ལའང་འཇུག་པས་སོ། དེའང་ཉམས་སུ་ལེན་པ་ན་ཀུན་རྫོབ་ཏུ་གཟུང་འཛིན་གཉིས་སུ་སྣང་བ་སོགས་སྤྲོས་པའི་མཚན་མ་རྣམས་ཆུ་ནང་གི་ཟླ་བ་ལྟ་བུར་དོན་ལ་མེད་བཞིན་ཏུ་རྟོག་པའི་ངོར་ཕྱི་རོལ་གྱི་དོན་ཏུ་སྣང་བ་སེམས་ཀྱི་རང་གདངས་སུ་གཟིགས་ཤིང་། དོན་དམ་བདེན་པའི་ངོ་བོ་སྟོང་ཉིད་བཅོ་བརྒྱད་པོ་ཡུལ་ཡུལ་ཅན་དབྱེར་མེད་པའི་གནས་ཚུལ་གཅིག་ཏུ་བདེན་པར་གཟིགས་པ་སྟེ། བདེན་གཉིས་ཟུང་འཇུག་གི་ཤེས་རབ་ཉམས་སུ་བླངས་པས་སྒྲིབ་པ་མཐའ་དག་སྦྱོང་བར་བྱེད་པ་ཡིན་ནོ། །གསུམ་པ་ནི། ཉོན་མོངས་ནས། ཡེ་ཤེས་གསུངས། ཞེས་གསུངས་ཏེ། དེ་ལྟར་ཟུང་འཇུག་གི་རྣལ་འབྱོར་ཉམས་སུ་བླངས་པས་ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་དང་འཁོར་གསུམ་དུ་རྟོག་པ་སོགས་ཤེས་བྱའི་སྒྲིབ་པ་དང་ཏིང་ངེ་འཛིན་ལ་གེགས་བྱེད་སོགས་སྙོམས་འཇུག་གི་སྒྲིབ་པ་སྟེ་སྒྲིབ་པ་གསུམ་བག་ཆགས་དང་བཅས་པ་དང་བྲལ་ནས་བདེན་གཉིས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་སོ་སོ་རང་གིས་རིག་པའི་ཡེ་ཤེས་དེ་ཉིད་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ཏེ་དེ་ལ་ཡུལ་གྱི་སྒོ་ནས་ཆོས་ཉིད་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་ཆོས་ཅན་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏེ་ཡེ་ཤེས་རྣམ་པ་གཉིས་སུ་གསུངས་སོ། །ལྔ་པ་བསྟན་བཅོས་འདི་གང་ལས་རྙེད་པ་ལ་གསུམ། ཇི་ལྟར་བསྡུས་པའི་ཚུལ། དེའི་ཁུངས་བཀོད་པ། རང་བཟོ་མ་ཡིན་པར་བསྟན་པའོ། །དང་པོ་ནི། དེ་བས་ནས། བསྡུས་པ་ཡིན། ཅེས་གསུངས་ཏེ། བསྟན་བཅོས་འདི་ལྟ་བུ་མཛད་པའི་རྒྱུ་མཚན་དང་དགོས་པ་མཐའ་ཡས་པ་གོང་དུ་བཤད་ཟིན་པ་དེ་ལྟ་བས་ན། གསང་སྔགས་རྡོ་རྗེ་ཐེག་པ་རུ་ཟབ་ཅིང་རྒྱ་ཆེ་བར་གསུངས་པའི་གཞི་ལམ་འབྲས་གསུམ་གྱི་གནས་ལུགས་ཟབ་མོ་རྗེས་འཇུག་སྐལ་ལྡན་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་དུ། དེ་དག་གི་ཚིག་དོན་གྱི་གནས་ཟབ་མོ་གལ་གནད་ཆེ་བ་རྣམས་གཞུང་འདིར་ནི་ཕྱོགས་རེ་ཙམ་བསྡུས་པ་ཡིན་གྱི་རྒྱས་པར་སྤྲོ་ན་མཐའ་ཡས་པར་ཤེས་པར་བྱའོ། །གཉིས་པ་ནི། རྒྱས་པར་ནས། འཇུག་པའི་སྒོ། ཞེས་གསུངས་ཏེ། ཚུལ་འདི་ལྟ་བུ་རྒྱས་པར་བསྟན་པ་དཔག་ཏུ་མེད་ཀྱང་འདིར་ཚིག་མང་དུ་དོགས་པས་ཐོས་པས་མི་ངོམས་པའི་བློ་གྲོས་རྒྱ་ཆེ་བ་དག་གིས་རྒྱུད་སྡེ་མ་ལུས་པ་དང་། རྒྱལ་བའི་སྲས་པོ་རིགས་གསུམ་མགོན་པོ་དང་ཀླུ་སྒྲུབ་ལ་སོགས་པ་རྣམས་ཀྱིས་རྒྱས་པར་བསྟན་པའི་འགྲེལ་པ་རྣམས་ལ་རྣམ་དཔྱོད་དང་ལྡན་པས་ལྟ་བར་གྱིས་ཤིག་ཅེས་ཁུངས་བསྟན་ནས། རྒྱུད་འགྲེལ་དེ་དག་ཚིག་དོན་ཟབ་ཅིང་བརླིང་བས་བློ་གྲོས་དམན་ཅིང་ཐོས་པ་ཉུང་ངུ་ཅན་དག་གིས་རྟོགས་པར་མི་ནུས་པས་དེ་དག་ལྟ་བར་བྱེད་པ་ལ་ཡང་གཞུང་འདི་ལྟ་བུ་དགོས་པས་ཁུངས་སུ་གྱུར་པའི་རྒྱུད་འགྲེལ་དེ་རྣམས་ཀུན་ལ་ཐོས་བསམ་སྒོམ་གསུམ་གྱིས་འཇུག་པའི་སྒོར་བསྟན་བཅོས་འདི་བརྩམས་པ་ཡིན་ནོ། །གསུམ་པ་ནི། ཟབ་མོ་ནས། རྙེད་པ་ཡིན། ཅེས་གསུངས་ཏེ། ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་མཛད་པ་འདི་ལ་ནི་རང་བཟོའི་ཉེས་པ་ཡོད་པ་མ་ཡིན་ཏེ། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་ཀྱི་གནས་ཚུལ་མ་ནོར་བར་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་བདུད་བཞི་ལས་རྒྱལ་བ་ཉིད་ཀྱིས་གསུངས་པའི་མདོ་རྒྱུད་ཁོ་ན་བཞིན་ཏུ་བྲིས་པས་སོ། །དེ་ལྟར་རྒྱལ་བས་གསུངས་པའི་རྒྱུད་སྡེ་རྣམས་མཐའ་དྲུག་དང་ཚུལ་བཞིའི་དབུས་སུ་ཆུད་པས་ཤིན་ཏུ་གོ་དཀའ་བ་མ་ཡིན་ནམ། དེ་ནས་བཤད་མི་རིགས་སོ་སྙམ་ན། དེ་ལྟ་མོད་ཀྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བའི་བདག་པོ་བཀའ་སྡུད་པ་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རིགས་གསུམ་མགོན་པོ་དང་། ས་ར་ཧ་དང་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་མཁས་ཤིང་གྲུབ་པ་ཐོབ་པས་རྡོ་རྗེ་ཐེག་པའི་དེ་ཁོ་ན་ཉིད་གཟིགས་པ་རྣམས་ཀྱི་རྣམ་པར་འགྲེལ་པ་དུ་མ་ལ་རྣམ་དཔྱོད་དང་ལྡན་པས་ཞུགས་པའི་མཐུ་ལ་རབ་ཏུ་བརྟེན་ནས་བློ་གྲོས་ཀྱི་མིག་གིས་མཐོང་ཞིང་རྡོ་རྗེ་ཐེག་པའི་ཟབ་མོ་ནང་གི་དོན་དེ་ཉིད་ཅུང་ཟད་ཙམ་ཡང་ཕྱིན་ཅི་མ་ལོག་པར་ཚིག་གིས་དོན་དངོས་ཤུགས་ཀྱི་ཆ་ལེགས་པར་རྟོགས་ཤིང་དོན་གྱི་གསང་བ་ཇི་བཞིན་ཏུ་རྙེད་པས་སྨྲ་བ་ལ་འཇིགས་པ་མེད་པའི་སྤོབས་པ་ཐོབ་པ་ཡིན་ནོ་ཞེས་གདེངས་དང་ལྡན་པའི་བཀའ་སྩལ་བ་ཡིན་ནོ། །གཉིས་པ་ཕྲིན་ལས་ལ་བསྔགས་ཤིང་བསྔོ་བ་སྨོན་ལམ་དང་བཅས་པ་ལ་གསུམ། བསྟོད་པ། བསྔོ་བ། བཟོད་གསོལ་ལོ། །དང་པོ་ལ་བཞི། སྐུ། གསུང་། ཐུགས། ཕྲིན་ལས་ཀྱི་གསང་བ་ལ་བསྟོད་ཅིང་འདུད་པའོ། །དང་པོ་ནི། རྒྱལ་བ་ནས། ཇི་སྲིད་སྟོན། ཅེས་གསུངས་ཏེ། རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས་སྤངས་རྟོགས་མཐར་ཕྱིན་པར་བྱས་པ་དེ་ནི་བདུད་དང་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བས་རྒྱལ་བ་སྟེ་སྒྲིབ་པ་ཐམས་ཅད་ལས་གྲོལ་བའོ། །དེ་ནི་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་སྐྱེ་འགགས་མེད་པའི་ཞི་བ་ཆེན་པོའི་མཐར་སོན་པ་སྟེ། ཤེས་བྱའི་བུད་ཤིང་སྐམ་པོ་བསྲེགས་པའི་མེ། །ཞི་དེའི་ཚུལ་གྱི་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བའང་མེད་ཅིང་འགགས་པའང་མེད། །སེམས་འགགས་པ་དེ་སྐུ་ཡི་མངོན་སུམ་མཛད། །ཅེས་ཟླ་བས་གསུངས་པ་ལྟར་ཏེ། སེམས་ཀུན་གཞིའི་རྣམ་ཤེས་འགགས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་སྐུ་མངོན་སུམ་མཛད་པ་ནི་ཆོས་དབྱིངས་དྲི་མེད་ངོ་བོ་ཉིད་སྐུ་སྟེ་ནམ་མཁའི་སྐུ་ཅན་ནོ། །དེའི་རྒྱུ་མཐུན་རབ་ཏུ་ཟབ་པས་བསྒྲུབ་པའི་ཆོས་སྐུ་ནི་མེ་ལོང་ལྟ་བུ་སོགས་ཡེ་ཤེས་བཞི་པོའི་རང་བཞིན་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་སྐུའམ་དུས་འཁོར་ལས་ཉི་མའི་སྐུ་ཞེས་གསུངས་ཤིང་། མ་རིག་པའི་མུན་པ་སེལ་ཞིང་ཤེས་བྱ་རབ་འབྱམས་ལ་སྣང་བ་ཐོབ་པར་བྱེད་པས་འདིར་ཡེ་ཤེས་ཉི་མའི་དཀྱིལ་འཁོར་ལས་ཞེས་དཔེ་དང་བཅས་ཏེ་བསྟན་ཏོ། །དེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐའ་ཀླས་པ་ན་ཀུན་ཏུ་གཟུགས་ཀྱི་སྐུ་ཇི་སྙེད་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུ ན་མི་ཆད་པར་སྟོན་པ་ནི་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའོ། །གཉིས་པ་ནི། ལྷ་ཡི་ནས། ཐོས་པར་མཛད། ཅེས་གསུངས་ཏེ། འབད་རྩོལ་དང་བརྟེན་གནས་ཆོས་སྟོན་དགོས་མི་དགོས་ཀྱི་རྣམ་རྟོག་དང་བྲལ་བའི་ལྷའི་རྔ་བོ་ཆེའི་སྒྲ་ལྟ་བུའི་གསུང་གིས་སེམས་ཅན་རྣམས་ཉོན་མོངས་པ་དང་སྡུག་བསྔལ་གནས་ལས་སྐྱོབ་ཅིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགའ་བདེ་ཕུན་སུམ་ཚོགས་པ་འཕེལ་བར་བྱེད་པའི་གསུང་ཆོས་ཀྱི་སྒྲ། ངག་གི་རྣམ་པར་རིག་བྱེད་ཀྱི་འབད་རྩོལ་གྱི་མཚན་མ་མངོན་པར་འདུ་མཛད་པ་མེད་པར་ཡང་ནམ་མཁའི་ཁམས་དང་མཉམ་པར་འབད་པ་མེད་པར་འགྲོ་བ་ཇི་སྙེད་པ་ཀུན་གྱི་ཐོས་པར་མཛད་པ་ནི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའོ། །གསུམ་པ་ནི། ཐུགས་ནི་ནས། རེ་བ་སྐོང་། ཞེས་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དེ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དྲི་མ་ཐམས་ཅད་དང་བྲལ་བ་ལྟར་འདི་བྱའོ་སྙམ་དུ་རྟོག་པ་དང་བྲལ་ཞིང་འབད་རྩོལ་གང་ཡང་མེད་པར་སོ་སོར་རྟོག་པ་དང་བྱ་བ་གྲུབ་པའི་ཡེ་ཤེས་རྣམས་ལྷན་ཅིག་ཏུ། སྤྲོས་པའི་མཚན་མ་ཅུང་ཟད་ཀྱང་ཙམ་མི་མངའ་བ་བཞིན་ཏུ། སྤྲོས་པ་དང་ལྡན་པའི་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་རྣམས་ལ། རང་རང་གི་ཡིད་ལ་ཇི་ལྟར་འདོད་པ་བཞིན་ཏུ་རེ་བ་ཐམས་ཅད་སྐོང་བར་མཛད་པ་ནི་ཐུགས་ཀྱི་གསང་བ་བསམ་གྱི་མི་ཁྱབ་པའོ། །བཞི་པ་ནི། སེམས་ཅན་ནས། ཕྱག་འཚལ་ལོ། །ཞེས་གསུངས་ཏེ། དེ་ལྟ་བུའི་རྒྱལ་བ་དེའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་སེམས་ཅན་གྱི་ཁམས་ཇི་སྙེད་པའི་དོན་མཛད་ཅིང་། ཉོན་མོངས་པ་རྣམས་དང་ལྷན་ཅིག་ཏུ་འཇུག་ཀྱང་། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ལ་ཉོན་མོངས་པ་དེ་དག་གིས་ཅུང་ཟད་ཀྱང་གོས་པ་མེད་པ་སྟེ། དཔེར་ན་ཉི་མའི་འོད་ཟེར་ནི་རིན་པོ་ཆེའི་རི་དང་ས་གཞི་དང་ནགས་ཚལ་དང་མི་གཙང་བའི་ལྗན་ལྗིན་གྱི་ཁྲོད་དང་སེམས་ཅན་སྣ་ཚོགས་ལ་སོགས་པ་ཀུན་ལ་ཞུགས་ཤིང་། སྣང་བ་དང་སྐམས་པ་དང་སྲེག་པའི་བྱ་བ་བྱེད་ཀྱང་རྫས་དེ་དག་གིས་ཉི་མའི་འོད་ཟེར་ལ་གོས་པ་མེད་པ་བཞིན། སངས་རྒྱས་ཀྱི་ཕྲིན་ལས་ཀྱང་གདུལ་བྱ་དག་མ་དག་སྣ་ཚོགས་ཀྱི་ཁམས་ལ་འཇུག་ཏུ་ཟིན་ཀྱང་ཉོན་མོངས་པ་དེ་དག་གིས་སངས་རྒྱས་ཀྱི་ཕྲིན་ལས་ལ་གོས་པར་ནུས་པ་མ་ཡིན་པ་དེའི་ཕྱིར། རང་བྱུང་འགྱུར་མེད་ཀྱི་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱོད་ལ། ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་རྩོམ་པ་པོ་རང་བྱུང་རྡོ་རྗེ་བདག་གིས་ནི་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་དོན་གྱི་ཕྱག་འཚལ་ལོ། །གཉིས་པ་བསྔོ་བ་ནི། ཟབ་མོ་ནས། ཐོབ་པར་ཤོག །ཅེས་གསུངས་ཏེ། མཁྱེན་བརྩེའི་ཡེ་ཤེས་ཆེན་པོས་གསང་སྔགས་རྡོ་རྗེ་ཐེག་པ་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་ཟབ་མོ་ནང་གི་དོན་བསམ་གྱིས་མི་ཁྱབ་པའི་གནས་འདི་ལྟར་བཤད་པ་ནི། ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་རྨད་དུ་བྱུང་བ་ཡིན་པས། དེ་ལྟ་བུའི་དོན་བཤད་པ་ལ་དགེ་བའི་མཐུ་ཡང་ཇི་སྙེད་ཡོད་པ་དེ་ཐམས་ཅད་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཉི་མའི་དཀྱིལ་འཁོར་ལྟ་བུ་དོན་གཉིས་ཀྱི་སྙིང་པོ་ཅན་ཐོབ་པར་ཤོག་ཅིག་ཅེས་དགེ་བ་གཞན་དོན་ཏུ་བསྔོ་བ་ཐབས་ལ་མཁས་པའི་ཁྱད་པར་དང་ལྡན་པའོ། །གསུམ་པ་བཟོད་པར་གསོལ་བ་ནི། ཅུང་ཟད་ནས། བཟོད་པར་མཛོད། ཅེས་གསུངས་ཏེ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་གསང་བ་མཐའ་དག་ལ་ལྐོག་ཏུ་མ་གྱུར་པའི་སྤྱན་མངའ་བ་དཔལ་རང་བྱུང་གི་ཞལ་སྔ་ནས་ལ་ནོངས་པ་ཅུང་ཟད་ཀྱང་མ་མཆིས་པས་བཟོད་པར་གསོལ་རྒྱུ་ག་ལ་ཞིག །དེ་ལྟ་མོད་ཀྱིས་རྗེས་འཇུག་རྣམས་ལ་བླང་དོར་གྱི་གནས་སྟོན་པར་བཞེད་ནས། གཞུང་འདི་ལྟ་བུ་བརྩམས་པ་ལ་མ་རྟོག་ལོག་རྟོག་ཐེ་ཚོམ་སོགས་ཀྱི་ཉེས་པ་མེད་ཀྱང་རྒྱུད་སྡེའི་སྦས་དོན་ཟབ་མོ་གོ་གསལ་དུ་བྲིས་པ་ལ་དམ་ཚིག་དང་ཅུང་ཟད་འགལ་བར་གྱུར་བ་སྲིད་ན་ཆོས་བདག་མཁའ་འགྲོའི་ཚོགས་རྣམས་ཀྱིས་བཟོད་པར་མཛོད་ཅིག་ཅེས་པའི་ཞར་ལས་འཆད་ཉན་བྱེད་པ་རྣམས་ལའང་དམ་ཚིག་ལ་གནས་དགོས་པར་གདམས་སོ། །གསུམ་པ་རྩོམ་པ་མཐར་ཕྱིན་པའི་ཚུལ་ལ་གསུམ། རྫོགས་ཚིག་བསྟན་པ། བརྩམས་པའི་རྒྱུ་མཚན། གནས་དང་དུས་སྨོས་པའོ། །དང་པོ་ནི། ཟབ་མོ་ནང་གི་དོན་ནས། རྫོགས་སོ། ཞེས་གསུངས་ཏེ། རྡོ་རྗེ་ཐེག་པ་བླ་ན་མེད་པ་ཐམས་ཅད་ཀྱི་ཟབ་མོ་ནང་གི་དོན་གསལ་བར་བྱེད་པའི་རྣམ་པར་བཤད་པ་བླ་ན་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོ་ཕྱུང་བ་རབ་ཏུ་བྱེད་པའམ་ལེའུར་བཅད་པའི་དུམ་བུ་བཅུ་གཅིག་པ་འདི་ནི་སྔོན་གྱི་གསང་བའི་མཚན་ལས་དེང་ཡང་རང་བྱུང་རྡོ་རྗེའི་མིང་ཅན་དུ་གྲགས་པ་བདག་ཉིད་ཀྱིས་གསང་སྔགས་བླ་ན་མེད་པའི་རྒྱུད་འགྲེལ་པ་དང་བཅས་པ་ཇི་ལྟ་བ་བཞིན་ཏུ་ནང་གི་དོན་ཕྱིན་ཅི་མ་ལོག་པར་ཤེས་པར་འདོད་པའི་བློ་ལྡན་རྣམས་ཀྱི་དོན་དུ་བསྟན་པའོ། །རྫོགས་སོ་ཞེས་པ་ལྷག་ཆད་མེད་པར་ཡོངས་སུ་རྫོགས་པ་ཚར་བའི་དོན་ནོ། །གཉིས་པ་ནི། མཁས་པར་རློམས་པ་ནས། བསྟན་པ་ཡིན་ནོ། །ཞེས་གསུངས་ཏེ། ཐོས་པ་རྐྱང་པ་ལ་བརྟེན་ནས་མཁས་པར་རློམ་པ་ཕལ་ཆེ་བ་དང་། རྩེ་གཅིག་ཏུ་བསྒོམས་ནས་ཉམས་སུ་མྱོང་བ་ཕྱོགས་རེ་ཙམ་སྐྱེས་པ་དང་མངོན་པར་ཤེས་པ་ཕྲ་མོ་ཙམ་ཤར་བས་གོ་བར་འདོད་པའི་རྣལ་འབྱོར་པ་ཀུན་གྱིས་ཀྱང་གཞུང་འདིར་བཤད་པ་ལ་ལྟོས་ཏེ་ཟབ་དོན་གྱི་ཕྱོགས་རེ་ཙམ་ལས་ཇི་ལྟ་བ་བཞིན་མ་གོ་བ་འདུག་པས། སྟོན་སྒོམ་ཐམས་ཅད་ཀྱིས་ཟབ་གནད་ཕྱིན་ཅི་མ་ལོག་པར་ཤེས་པའི་ཕྱིར་དུ་གཞུང་འདིར་རྒྱུད་འགྲེལ་གྱི་ཟབ་དོན་གལ་གང་ཆེ་ཆེ་རྣམས་བསྡུས་ཏེ་བསྟན་པ་ཡིན་ནོ། །དེའི་ཕྱིར་ཡིད་ཆེས་པར་བྱོས་ཤིག གསུམ་པ་ནི། དཔེན་གནས་ནས། རྒྱན་ཏུ་ཤོག །ཅེས་གསུངས་ཏེ། གཞུང་རྩ་བ་འདི་ནི་འཁོར་ལོ་སྡོམ་པས་བྱིན་གྱིས་བརླབས་པའི་དབེན་གནས་མཚུར་གྱི་བདེ་ཆེན་གླིང་དུ་ཆུ་ཕོ་ཁྱི་ལོ་ཟླ་བ་བདུན་པ་ལ་མཛད་པའོ། །གཞུང་ལུགས་འདི་ཉིད་མཛད་པའི་རྒྱུ་ལས་ཐོག་མ་བར་དང་ཐ་མར་དགེ་བའི་བཀྲ་ཤིས་ཀྱི་དཔལ་རབ་ཏུ་འབར་བས་སངས་རྒྱས་བྱོན་པའི་ཞིང་ཁྱད་པར་འཕགས་པ་ཛམྦུས་མཚན་པའི་གླིང་ན་བསྟན་པ་དང་དེ་འཛིན་གྱི་སྐྱེས་བུ་རྣམས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་འཕྲལ་དང་ཡུན་ཏུ་མཛེས་པར་བྱེད་པའི་རྒྱན་གྱི་མཆོག་ཏུ་འགྱུར་བར་ཤོག་ཅིག་ཅེས་ཤིས་པ་བརྗོད་པ་དང་བཅས་པས་བརྩམས་པ་མཐར་ཕྱིན་པའོ།། །།དེ་ལྟར་རྡོ་རྗེ་ཐེག་པ་སྤྱི་འགྲེལ་གྱི་གཞུང་ལུགས་རྨད་དུ་བྱུང་བ་འདི་ལ་གཙོ་བོར་གྱུར་པ་རང་འགྲེལ་དང་། ཀརྨ་དཀོན་གཞོན། མཚུར་ཕུ་འཇམ་དབྱངས་ཆེན་བོའི་གསུངས་ལ་ལོ་ཆེན་བསོད་ནམས་རྒྱ་མཚོས་ཟིན་བྲིས་སུ་བཏབ་པ་དང་། དེ་ཉིད་ཀྱིས་གནང་བའི་བཤད་སྦྱར། མཁས་གྲུབ་ཆེན་པོ་སོག་དབོན་རིག་པའི་རལ་གྲི་ལ་རང་བྱུང་ཞབས་ཀྱི་ཡེ་ཤེས་ཀྱི་སྐུས་གནང་བ་སྩལ་བའི་འགྲེལ་བཤད། ཀརྨ་ཕྲིན་ལས་པ་དང་པོ་སྦྱོར་ལམ་ཆོས་མཆོག་བརྙེས་པ་དྭགས་པོ་པཎ་ཆེན་གསུམ་པ་ཕྱོགས་ལས་རྣམ་རྒྱལ། དྭགས་རམ་པ་མཁས་གྲུབ་ཆོས་རྒྱལ་བསྟན་པ། ངོ་ཁྲོ་རབ་འབྱམས་པ་གྲུབ་ཆེན་དབང་ཕྱུག་དཔལ་བཟང་། ཞྭ་དམར་ལྔ་པ་རྒྱལ་བ་དཀོན་མཆོག་ཡན་ལག་རྣམས་ཀྱིས་མཛད་པའི་འགྲེལ་པ་རྒྱས་བསྡུས་རྣམས་དང་། ཀུན་གཟིགས་ཆོས་ཀྱི་འབྱུང་གནས་ཀྱི་གསུང་ལོ་ཆེན་ཚེ་དབང་ཀུན་ཁྱབ་ཀྱིས་ཟིན་བྲིས་སུ་བཏབ་པ་རྣམས་དང་། མཁས་དབང་ལྷ་ལུང་པ་ཀརྨ་བསྟན་འཕེལ་ཞབས་ཀྱི་མཆན་ཊཱིཀ་སོགས་འགྲེལ་ཟིན་རྒྱས་བསྡུས་ཅི་རིགས་པར་བཞུགས་པ་ལས། གཞན་འགྲེལ་གྱི་ནང་ནས་རྗེ་བརྒྱད་པས་དྭགས་རམ་པའི་ཊཱིཀ་ལ་བསྔགས་བརྗོད་ཆེ་བར་གྲགས་པས་དེས་མཚོན་གོང་སྨོས་འགྲེལ་ཊཱི་ཀ་གི་ཡིག་ཆ་ཐམས་ཅད་མཇལ་ཞིང་རྟོག་པ་ལས། གཙོ་བོར་མཚུར་འཇམ་ཆེན་པོའི་གསུང་དང་། རྗེ་ཕྲིན་ལས་ཞབས་ཀྱི་ལེགས་བཤད་ཉིད་ཚིག་དོན་གཉིས་ཀས་ཁྱད་པར་འཕགས་པ་མཐོང་ནས་དེ་དག་གི་བཞེད་པ་སྙིང་པོར་ཕྱུང་བ་ཡིན་ནོ།། །།ཟླ་མེད་སྟོན་པ་མཆོག་དེའི་བསྟན་པ་ལ། །འཕགས་པའི་ཡུལ་གྱི་ཤིང་རྟ་མཆོག་གཉིས་བཞིན། །རང་བྱུང་རྡོ་རྗེ་འཛིན་པའི་བརྒྱ་བྱིན་མདུད། །མཁས་གྲུབ་གཞན་དག་ཉེ་དབང་དཔལ་ལ་རེག །དེ་ཡི་གསུང་རབ་རྣམ་པ་ཐམས་ཅད་པ། །ཚིག་གཅིག་ལ་ཡང་རྟོགས་ཚུལ་མཐའ་ཡས་པས། །རྣམ་དཔྱོད་བློ་ཡིས་ཇི་ལྟར་དཔོག་པའི་འགྲེལ། །རྒྱས་དང་བསྡུས་པའི་ཡིག་ཚོགས་བརྒྱུད་མར་བྱུང་། །རྩ་བ་རྡོ་རྗེའི་གསུང་ཉིད་ཟབ་ཅིང་བརླིང་། །འགའ་ཞིག་ཐོས་པས་རྟོགས་པ་ལྟར་སྣང་ཡང་། །མདོ་རྒྱུད་ཤིང་རྟ་ཆེ་རྣམས་དགོངས་གཅིག་ཏུ། །སྦྱོར་བའི་གནད་གསང་རྟོགས་པ་རེས་འགའ་ཙམ། །ཕྱོགས་རེར་ཐོས་པས་ཕྱོགས་རེར་འགྲེལ་ཞིང་འཆད། །རྩ་བ་གཅིག་ལ་འདོད་བཞེད་མི་གཅིག་མང་། །རྒྱལ་གསུང་རང་བློའི་ཉེས་པའི་ཁུངས་སུ་སྦྱོར། །སྙིགས་དུས་མཁས་པའི་བྱ་བས་ཕལ་ཆེར་བསླུ། །བློ་གྲོས་བརཏལ་ཞིང་སྦྱངས་པའི་སྟོབས་ཀྱང་དམན། །དེ་ཉིད་མ་རྟོགས་མུན་སྤྲུལ་བདག་འདྲ་བས། ཟབ་མོའི་ཚིག་དོན་བཀྲོལ་བར་མི་འོས་ཀྱང་། །ལྷག་པའི་བསམ་པ་རྟག་ཏུ་དེ་རྗེས་སྙེགས། །ཚུལ་འདིར་བརྒྱུད་བར་ལྡན་ཅིང་ཅུང་ཟད་སྦྱངས། །ཕྱོགས་ཙམ་གོ་བའི་བློ་མིག་མ་ཟུམ་པས། །འདྲ་མིན་བཤད་པའི་ཚིག་ཚོགས་སྤེལ་ནུས་ཀྱང་། མཆོག་གཟིགས་གོང་མའི་གསུང་བཟང་གཅེས་པས་བསྐྱར། །ཚིག་ཆུས་ཁེངས་ནས་ཟབ་དོན་དབང་ཟ་བ། །རྒྱུད་དང་སེམས་འགྲེལ་རྣམས་སུ་བཀག་པས་ན། །ཆོས་ཀྱི་སྤྱན་ལྡན་མཁས་གྲུབ་ཚད་མའི་རྗེས། །འབྲང་འདི་འཕྲལ་དང་ཡུན་ཏུ་བརླིང་བ་ཡིན། །ལེགས་སྤྱད་ཆུ་རྒྱུན་བྱིས་བློའི་དྲིས་སྙོགས་པ། །རྩ་གསུམ་ཆོས་སྲུང་བཅས་པས་བཟོད་བཞེས་ལ། །འདི་དང་གཏན་ཏུ་མི་སྒྲིབ་འབྲེལ་བཅས་ཀུན། །མཁྱེན་གཉིས་ཡེ་ཤེས་སྣང་བས་འཚོ་མཛད་གསོལ། །ཆོས་ཀུན་སྙིང་པོ་རྡོ་རྗེ་ཐེག་པའི་བཅུད། །གཞུང་འདིའི་བཤད་རྒྱུན་ནམ་ཡང་མི་ནུབ་ཅིང་། །ཇི་བཞིན་རྟོགས་ནས་ཚུལ་བཞིན་སྒོམ་པ་ལས། གྲུབ་མཆོག་བརྙེས་པའི་ཚང་ཆེན་བརྡོལ་གྱུར་ཅིག །བདེན་གཉིས་ཟུང་འཇུག་སྙིང་པོའི་རང་བཞིན་ཐོས་པས་གོ་ཞིང་ཟབ་མོའི་ལྟ་བ་འཁྲུལ་མེད་རྟོགས། །ཕྱི་ནང་གཞན་དང་དེ་ཁོ་ན་ཉིད་བསམ་པས་ངེས་རྙེད་རྩ་རླུང་ཐིག་ལེའི་སྒོམ་པར་འབྱོངས། །གཞི་འབྲས་དབྱེར་མེད་རྡོ་རྗེ་གསུམ་མཆོག་ལྷན་ཅིག་སྐྱེས་སྦྱོར་སྤྱོད་པ་གསུམ་གྱིས་བོགས་དབྱུང་ནས། །དང་པོའི་སངས་རྒྱས་ཆོས་སྐུའི་དབྱིངས་ལས་གཟུགས་སྐུའི་སྤྲིན་ཆེན་མཁའ་ཁྱབ་འཁོར་ལོར་སྤྲོ་བྱེད་ཤོག །ཅེས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རྒྱ་མཚོའི་སྙིང་པོའི་བསྡུས་པ་ཟབ་མོ་ནང་གི་དོན་ཉུང་ངུའི་ཚིག་གིས་རྣམ་པར་འགྲེལ་པ་ཟབ་དོན་སྣང་བྱེད་ཅེས་བྱ་བ་འདི་ནི། རང་ཉིད་ཀྱི་རྩ་བ་རང་འགྲེལ་གཏོང་ཐུན་དང་བཅས་པའི་ཚིག་ལུང་དང་བཤད་རྒྱུན་འབད་རྩོལ་ཆེན་པོས་ཞུས་ཤིང་ཕྱོགས་ཙམ་རྟོགས་རུང་དུ་བྱས་ཤིང་འཆད་སྤེལ་སྐབས་སུ་བསྟན་པ་ལ་དགོངས་ཤིང་ལྷག་བསམ་རླབས་སུ་ཆེ་བའི་སྐྱེས་ཆེན་འགའ་ཞིག་གིས་དངོས་དང་བརྒྱུད་ནས་བསྐུལ་བ་དང་། རང་འགྲེལ་བརླིང་ཆེས་པས་གཏོགས་དཀའ་ཞིང་གཏོང་ཐུན་ལ་གཞུང་གི་འབྲུ་ནོན་མཐར་ཆགས་མ་མཛད་པ་དང་། འགྲེལ་པ་གཞན་རྣམས་ལུང་རྒྱུན་ཙམ་ཡང་མ་ཞུགས་ཤིང་རྒྱས་བསྡུས་བློ་གྲོས་དམན་པ་དག་གི་སྣོད་དུ་མ་འཚམས་པ་དང་། དཔལ་ལྡན་ནཱ་རོ་པ་ཆེན་པོའི་ཆོས་དྲུག་སོགས་ལ་མོས་པ་ལམ་དུ་བྱེད་པ་རྣམས་ཀྱང་འདི་ཙམ་མ་གོ་བའི་ཐབས་མེད་པས་བཤད་རྒྱུན་མ་ཆད་ཙམ་འབྱུང་དུ་རེ་བས་ཚིག་འགྲེལ་ཙམ་བགྱིད་འདུན་ཡིད་ལ་བརྣག་ཀྱང་སྙོམས་ལས་ཀྱིས་འདས་པ། ཕྱིས་སུ་སྒྲུབ་བརྒྱུད་བསྟན་པའི་སྣང་བྱེད་ཆེན་པོ་དབོན་སྤྲུལ་གསུམ་པ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་ཞབས་ཀྱིས་གཞི་གསུམ་གྱི་ཕྱག་ལེན་དང་འབྲེལ་བར་བཤད་བཀའི་རྒྱུན་འཛུག་པར་མཛད་པའི་ཞབས་ཏོག་ཏུ་དམིགས་ནས། ཐམས་ཅད་མཁྱེན་པ་ཀརྨ་པ་ཡབ་སྲས་ཀྱི་བསྟན་པ་ལ་ཞུགས་པའི་སྤོང་བ་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའམ། བློ་གྲོས་མཐའ་ཡས་པའི་སྡེས་ན་ཚོད་སྨིན་པས་ཚིག་ཚོགས་གསར་སྤྲོས་ཆེར་མ་ལྕོགས་པར་གོང་མའི་ལེགས་བཤད་རྣམས་ཀྱི་གནད་སྡེབས་ནས་གོ་སླ་ཚིག་ཉུང་གི་ཚུལ་དུ། མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་དཔལ་སྤུངས་ཡང་ཁྲོད་ཀྱི་སྒྲུབ་སྡེ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་སྐལ་ལྡན་ཀུན་གྱིས་ཟབ་མོ་ནང་གི་དོན་ཕྱིན་ཅི་མ་ལོག་པར་རྟོགས་ནས་སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་དབྱར་མཚོ་ལྟར་འཕེལ་ཞིང་རྒྱས་ལ་ནུབ་པ་མེད་པའི་རྒྱུར་གྱུར་ཅིག །།ཨོཾ་སྭ་སྟི། སྤར་འདི་གསར་བསྐྲུན་ཀརྨའི་ཆོས་སྒར་དུ། །བསྒྲུབས་པའི་དགེ་འདིས་རྒྱལ་བསྟན་འཛིན་པའི་སྡེ། །ཚོགས་གཉིས་བྱེ་རྒྱ་མཚོའི་རབ་ཕྱུག་སྟེ། །བློ་གྲོས་སྣང་བས་ས་གསུམ་དཔལ་འབར་ཞིང་། །མཁའ་མཉམ་མ་རིག་དུཿཁའི་ཚོགས་བཅོམ་ནས། །བླ་མེད་གཏན་བདེའི་རྒྱལ་སར་འགོད་པའི་གསང་། །ཟབ་ཅིང་རྒྱ་ཆེའི་གཏིང་དཔོག་དཀའ་བའི་གནད། །ཐབས་ཀྱི་མཆོག་གྱུར་གཞན་ནུས་གོ་སྐབས་ཅི། །ཆོས་དབྱིངས་རྣམ་རོལ་ཆོས་ཅན་ནང་གི་དོན། །ཁྱབ་བརྡལ་སྤྲོས་པ་རྒྱ་མཚོའི་མཐར་སོན་ཅིང་། །ཤེས་བྱའི་གོ་འབྱེད་སྙིང་དམ་གཙུག་གི་ནོར། གང་ལ་གང་འདུལ་དེར་སྟོན་གདུལ་སྙེད་ཀྱིས། །མི་འཇིགས་དབུགས་འབྱིན་ང་རོའི་སྒྲ་སྒྲོགས་ཞིང་། །ས་གསུམ་ཀུན་ཁྱབ་ཕྱོགས་བཅུའི་མཐར་རྒྱས་ཤོག །།ཅེས་པའི་པར་བྱང་སྨོན་ཚིག་འདི་བཞིན་ཡུལ་འབྲས་མོ་ལྗོངས་ཀྱི་ཆར། དཔལ་རུམ་བཏེགས་ཆོས་ཀྱི་སྒར་ཆེན་དུ། ཀརྨ་པའི་སྐྱེས་རབ་འཛིན་པ་ཁོ་བོ་བཅུ་དྲུག་པས་སྦྱར་བའོ།། །།དགེའོ།། །།
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net