རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ཞེས་བྱ་བ་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ཞེས་བྱ་བ་བཞུགས་སོ། །[1]

༄༅། །རྒྱ་གར་སྐད་དུ། ཏྲི་ཛྷྱེ་ཀི་ཧྲི་བྷ་བྷྱ་ཀ་ར་ན་མ། བོད་སྐད་དུ། རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཨོཾ་གྱིས་སྣང་བ་ལམ་དུ་ངེས། །རྡོ་རྗེ་སེམས་ལ་ཕྱག་འཚལ་ནས། །སྦྱངས་པ་རབ་ཏུ་གྱུར་པའི་ལམ། །ཕྱག་རྒྱ་ཆེན་པོའི་བསྒྲུབ་པ་བཤད། །དབང་གིས་སྨིན་བྱས་དམ་ཚིག་ལྡན། །དེ་ལ་རྣལ་འབྱོར་གསུམ་བསྟན་ཏེ། །གཞན་ལ་ནམ་ཡང་མ་ཡིན་ནོ། །བྱིན་གྱིས་བརླབས་ལ་རྟོགས་པ་བསྒོམ། །རང་བཞིན་རྣལ་འབྱོར་གསུམ་དུ་ངེས། །འཆི་བའི་རྟགས་ཉིད་ཤེས་བྱས་ནས། །སྲོག་ནི་ཐིག་ལེར་ངེས་པར་བཞུག །སོ་སོར་བསྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཅེས་བྱ། །མཚན་མོ་གསེང་མེད་ཁྱིམ་དུ་ནི། །ཤིན་དུ་མཉམ་བཞག་བསྒྲུབ་པ་པོས། །བྱེད་པ་ལྔ་ལ་བཅིང་བ་གཉིས། །བླ་མའི་ཞལ་ལ་ཤེས་པར་བྱ། །ཡོད་དང་མེད་པ་ལས་འདས་པ། །དུ་བ་སྨིག་རྒྱུ་སྲིན་མི་ཁྱེར། །མར་མེ་སེམས་ཀྱི་ནམ་མཁར་མཐོང་། །གཞོན་ནུ་མ་ཡི་པྲ་ལས་ནི། །ལྐོག་ཏུ་གྱུར་པའི་རྐུན་མ་མཐོང་། །ཉི་ཚེ་བའི་མིག་གིས་ནི། །བསྒྲུབ་པ་པོའི་སེམས་གནས་མཐོང་། །ཆུ་འཛིན་དང་ནི་བྲལ་བ་ཡི། །ནམ་མཁའ་དྭངས་པར་གྱུར་པ་ལ། །སྔ་དྲོ་ཉི་མ་རྒྱབ་ཕྱོགས་ཏེ། །ཕྱི་དྲོ་ཡང་ནི་དེ་བཞིན་ནོ། །ཉིན་ཕྱེད་མིག་ལ་གནོད་ཕྱིར་ཡང་། །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྐར་མ་ལྷམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་སྔགས་བདག་རིགས་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཇི་སྲིད་ཐིག་ལེའི་ནང་དུ་ནི། །རི་མོ་ནག་པོ་སྐྲ་ཡི་ཚད། །དེ་མཐོང་འོད་གསལ་གོ་འཕང་ནི། །རྣལ་འབྱོར་པ་ཡིས་མཐོང་བར་འགྱུར། །སོ་སོར་སྡུད་པ་སྙོམས་འཇུག་པའི། །སྔགས་རྣམས་ཐམས་ཅད་བྱིན་གྱིས་བརླབ། །ཤེས་པར་རྟོག་དང་དཔྱོད་པ་དང་། །དགའ་དང་བདེ་བ་མི་གཡོ་བ། །བསམ་གཏན་ཡན་ལག་ལྔས་བསྟན་པ། །མངོན་ཤེས་ལྔ་ཐོབ་མི་བདག་ཀྱེ། །བར་མ་དབྱུགས་དབྱུང་མཆོག་ཡིན་ཏེ། །བཤང་ལྕི་དང་ནི་ཟླ་ཉིའོ། །རྩ་བཞི་དང་ནི་ཡན་ལག་ལྡན། །ཡེ་ཤེས་ལྔའི་རང་བཞིན་དབུགས། །འབྱུང་བ་ལྔའི་ངོ་བོ་ཉིད། །སངས་རྒྱས་ལྔའི་བྱིན་གྱིས་བརླབས། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །བདག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་ཡང་དག་འཇུག །ལྟེ་བར་གཏུམ་མོ་སྤར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་སྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་ནས། །ཧཾ་བསྲེགས་པ་ལས་ཟླ་རྒྱུན་འབབ། །དམ་ཚིག་སེམས་དཔའི་སྤྱོད་ཡུལ་ཅན། །སྐུ་མཐོང་ནས་ནི་ཉིན་རེ་ཡིས། །དུས་སུ་སྲོག་གི་རླུང་རྣམས་ཡིན། །རྣལ་འབྱོར་ཐར་པ་འདོད་པ་ཡིས། །བུམ་པའི་སྦྱོར་བས་དགང་བར་བྱ། །ཅི་སྲིད་དུ་ནི་འཁོར་བཞིན་མ། །རང་གི་ལུས་ལ་ཡོངས་བསྐོར་བ། །འོད་ཟེར་འཁོར་ལོ་མཐོང་འགྱུར་ཏེ། །སྔོན་སོང་སྐུ་ལ་རང་གི་ཡིན། །དེ་ནི་ཟླ་དྲུག་རེག་ཡང་བདེ། །ཆུ་ཉི་ལྟ་བུ་རབ་སྣང་བ། །དྲི་མ་མེད་པ་སྣ་ཚོགས་མདོག །རྣམ་པ་ཀུན་ཏུ་རང་གི་སེམས། །རང་གི་སེམས་ཉིད་བདེ་བ་ཉིད། །ཏིང་འཛིན་བདེ་ཆེན་རྣལ་འབྱོར་ལ། །སྤྱན་ལྔ་མངོན་ཤེས་དྲུག་འབྱུང་སྟེ། །ཆུ་སྲིན་ལ་སོགས་ཁྱིམ་རྣམས་སུ། །མ་རིག་ལ་སོགས་ལུགས་བཟློག་པས། །ས་ནི་བཅུ་གཉིས་ཐོབ་འགྱུར་ཏེ། །རྟོག་པ་མེད་པའི་ཆོས་ཅན་ལ། །སྐད་ཅིག་གཅིག་ལ་མངོན་སངས་རྒྱས། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ས་རྣམས་ཡོངས་སུ་རྫོགས་པ་ཡི། །དངོས་པོ་གཉིས་སུ་རབ་བསྟན་ཏེ། །ཡེ་ཤེས་ཡོད་པ་དེ་ན་དེ། །སྐྱོབ་པ་ཡེ་ཤེས་ཅན་དུ་བརྗོད། །དམིགས་པ་མེད་པའི་སྙིང་རྗེ་ཡིས། །སྒྱུ་འཕྲུལ་དྲ་བས་བྱང་ཆུབ་པས། །ཡིད་བཞིན་ནོར་བུ་ལྟ་བུར་ནི། །མཐའ་ཡས་སེམས་ཅན་རེ་བ་བསྐོང་། །སེམས་ཅན་བསྒྲོལ་བའི་བདེ་བ་ཆེ། །འཛག་པའི་འདོད་ཆགས་སེལ་བར་བྱེད། །འགྲོ་དྲུག་སྡུག་བསྔལ་སེལ་བྱེད་པ། །ལམ་མཆོག་ཚོལ་དང་ཕྲད་པར་ཤོག །སྦྱོར་བ་གསུམ་གྱི་སྙིང་པོ་གསལ་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་འཇམ་དཔལ་རྒྱལ་པོ་གྲགས་པར་གདུལ་བྱ་ལ་དགོངས་ནས། སྐྱེ་བ་བཞེས་ནས་མཛད་པ་རྫོགས་སོ། །པཎྜྻི་ཏ་སོ་མ་ན་ཐ་དང་། ལོ་ཙྩ་བ་འབྲོག་ཤེས་རབ་གྲགས་ཀྱིས་སྦྱར་བའོ། །ཞུས་སོ་དགེའོ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net