རྣམ་ཤེས་ཡེ་ཤེས་འབྱེད་པའི་བསྟན་བཅོས་བཞུགས།
༄༅། །རྣམ་ཤེས་ཡེ་ཤེས་འབྱེད་པའི་བསྟན་བཅོས་བཞུགས་སོ། །[1]
༄༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐོས་དང་བསམ་ལ་རབ་བརྟེན་ནས། །བསྒོམ་པའི་ཚུལ་ལ་སྦྱོར་བའི་ཕྱིར། །བདག་ཉིད་དབེན་པར་འདུག་པ་ན། །ཚུལ་འདི་སྣང་བ་བརྗོད་པར་བྱ། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །བདག་དང་གཞན་དང་གཉིས་ཀ་དང་། །རྒྱུ་མེད་ལས་ནི་བྱུང་བར་རྟོགས། །བྱེད་པོ་ཕྱྭ་དང་དབང་ཕྱུག་དང་། །ཚངས་དང་ཁྱབ་འཇུག་ཕྱི་རོལ་རྡུལ། །ཕག་ན་མོ་ཡི་རྫས་བདེན་པས། །བདག་དང་འཇིག་རྟེན་བསྐྱེད་ཅེས་སྨྲ། །ཐམས་ཅད་མཁྱེན་པ་ཉག་གཅིག་ནི། །ཁམས་གསུམ་འདི་དག་སེམས་ཙམ་སྟེ། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་སྟེ། །དེ་ཉིད་རང་གི་ངོ་བོས་སྟོང་། །གཅིག་དང་ཐ་དད་རྣམ་བྲལ་བ། །རྫུན་དང་བདེན་པ་རྣམ་སྤངས་ཤིང་། །སྒྱུ་མ་ཆུ་ཟླ་ལ་སོགས་ལྟར། །མཁྱེན་ནས་སེམས་ཅན་རྣམས་ལ་གསུངས། །དེ་ལྟར་འཁྲུལ་དང་མ་འཁྲུལ་པའི། །རྩ་བ་གང་ནས་བྱུང་ཡིན་ཞེས། །མེ་ལོང་ལས་ནི་རང་གཟུགས་དང་། །དུ་བ་ལས་ནི་མེ་བཞིན་དུ། །རྟེན་ཅིང་འབྲེལ་འབྱུང་ཆོས་བསྟན་ནས། །རྟོག་པ་འདིར་ནི་གསལ་བརྗོད་བྱ། །སྒོ་ལྔའི་རྣམ་པར་ཤེས་པ་ནི། །གཟུགས་སྒྲ་དྲི་རོ་རེག་བྱ་ལ། །བླང་དོར་བྱས་པས་ཉོན་མོངས་བསྐྱེད། །ཡུལ་འདི་དག་ནི་གང་ཡིན་ཞེས། །ཤེས་རབ་ལྡན་པས་ལེགས་བརྟགས་ན། །རྣམ་རིག་ཤེས་པ་ལས་གཞན་པའི། །རྡུལ་སོགས་ཕྱི་རོལ་གྲུབ་པ་མེད། །གང་ཚེ་ཡུལ་གྱི་རྫས་འདི་དག །ཤེས་ལས་གཞན་ན་བདག་གཅིག་མིན། །བསྟན་མེད་ཐོགས་པ་མེད་པ་ཡི། །རིག་ལས་བེམ་པོའི་རྫས་མི་སྐྱེ། །དེ་ཕྱིར་དེ་བྱུང་འབྲེལ་པ་མེད། །དེ་འདོད་ཤེས་ལས་ཡུལ་རྣམས་ནི། །སྣང་བར་མི་རིག་འབྲེལ་མེད་ཕྱིར། །དེ་ཕྱིར་ཅི་ལྟར་སྣང་བ་འདི། །ཤེས་ལས་གཞན་པའི་ཡུལ་མེད་དེ། །དེ་བྱུང་རང་རིག་ཉམས་མྱོང་བཞིན། །ཆ་མེད་རྡུལ་དང་ཕྱ་ལེ་བ། །སྣང་བ་སེམས་ཏེ་དེ་ཡི་དོན། །ཕྱི་རོལ་གཞན་དུ་གྲུབ་མེད་ཕྱིར། །ཚངས་སོགས་བྱེད་པོ་མིན་པར་རྟོགས། །ཡིད་དང་ཆོས་ཀྱི་འབྲེལ་པ་ཡང་། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དེ་ཉིད་དེ་ལ་དམིགས་པ་ལ། །ཞེན་པར་ཟད་ཀྱི་དངོས་བདེན་མེད། །དེ་ལྟར་ཚོགས་དྲུག་ཤེས་པ་འདི། །དོན་དང་སེམས་ཅན་སྣང་བ་དང་། །བདག་འཛིན་དང་ནི་རྣམ་རིག་དང་། །སྣང་བའི་རྣམ་པ་གང་བྱུང་བ། །འདི་ཅི་གཞན་གྱིས་བྱས་མིན་ན། །བདག་གིས་བྱེད་པ་འགྱུར་མ་ཡིན། །གཉིས་ཀྱིས་མ་བསྐྱེད་གཉིས་མེད་མིན། །དེ་ཕྱིར་རྒྱལ་བས་གསུངས་པ་ལྟར། །འཁོར་འདས་ཐམས་ཅད་སེམས་ཙམ་སྟེ། །འདི་ཡི་རྒྱུ་རྐྱེན་རྟེན་འབྲེལ་ནི། །ཚོགས་དྲུག་ཡིད་དང་ཀུན་གཞི་ཞེས། །གསུངས་ཏེ་ཚོགས་དྲུག་ཤེས་པ་ནི། །དམིགས་རྐྱེན་ལ་ལྟོས་དེ་དག་ཀྱང་། །གཟུགས་སོགས་ཡུལ་ནི་དྲུག་པོ་ཡིན། །བདག་རྐྱེན་དབང་པོ་དྲུག་པོ་སྟེ། །དེ་ཡང་གཟུགས་ཅན་དྭང་པའོ། །གཉི་ག་སེམས་ལས་བྱུང་བ་ཡིན། །ཡུལ་དང་དབང་པོར་རབ་སྣང་བ། །ཐོག་མེད་ཁམས་ལ་བརྟེན་པ་ཡིན། །དོན་མཐོང་རྣམ་པར་ཤེས་ཡིན་ཀྱང་། །ཁྱད་པར་སེམས་བྱུང་འདུ་བྱེད་ནི། །ཡིད་ཀྱི་རྣམ་ཤེས་ལ་བརྟེན་ཏེ། །དེ་མ་ཐག་དང་ཉོན་ཡིད་གཉིས། །དྲུག་པོ་སྐྱེ་དང་འགག་པ་ཡི། །རྐྱེན་ཕྱིར་དེ་མ་ཐག་པ་ཡིན། །ཚོགས་དྲུག་སྐད་ཅིག་སྐྱེ་འགག་གི །གྲངས་བཞིན་དེ་དང་འབྲེལ་བ་ཡིན། །རྣལ་འབྱོར་ལྡན་པའི་ཡིད་དང་ནི། །རྒྱལ་བའི་བཀའ་ལས་འདི་ཤེས་འགྱུར། །འདི་ཡི་ཆ་ཤས་སེམས་ཉིད་ལ། །ངར་སེམས་ང་རྒྱལ་འཛིན་པ་དང་། །ང་ལ་ཆགས་ཤིང་མ་རིག་བཅས། །འཇིག་ཚོགས་ཐམས་ཅད་བསྐྱེད་པའི་ཕྱིར། །ཉོན་མོངས་ཅན་གྱི་ཡིད་ཅེས་བྱ། །དྲུག་པོ་འགག་མ་ཐག་ཡིད་ནི། །རྣམ་ཤེས་སྐྱེ་བའི་གནས་ཡིན་ཏེ། །ཉོན་ཡིད་ཉོན་མོངས་གནས་སུ་འགྱུར། །བསྐྱེད་དང་སྒྲིབ་པའི་ནུས་པར་ལྡན། །དེ་ཕྱིར་ཡིད་དེ་རྣམ་པ་གཉིས། །ཁྱད་པར་བློ་གྲོས་ལྡན་རྣམས་ལ། །ཀུན་གཞིའི་རྣམ་པར་ཤེས་གསུངས་ཏེ། །འདི་ནི་རྟེན་དང་གནས་དང་ནི། །ལེན་པའི་རྣམ་པར་ཤེས་ཀྱང་གསུངས། །ཚོགས་བདུན་གྱིས་བསྐྱེད་ལས་རྣམས་ཀུན། །མ་འདྲེས་ལུང་དུ་མ་བསྟན་པར། །བསགས་པས་རྣམ་པར་སྨིན་ཅེས་བྱ། །ཆར་ཆུ་རྒྱ་མཚོ་ཇི་བཞིན་ནོ། །ཐམས་ཅད་བསྐྱེད་པར་བྱེད་པས་ན། །ས་བོན་ཀུན་ལྡང་ཀུན་གཞི་སྟེ། །རྒྱུ་ཡི་རྐྱེན་ཞེས་བརྗོད་པ་ཡི། །ཚོགས་བདུན་ལོག་ན་དེ་ལྡོག་ཕྱིར། །རྐྱེན་གྱི་རྣམ་ཤེས་ཞེས་ཀྱང་བྱ། །ཕྱི་དང་ནང་གི་བདག་ཉིད་ན། །ཀུན་གཞིའི་རྣམ་ཤེས་འདི་ཉིད་ནི། །སྤང་བྱ་ཀུན་གྱི་རྩ་བ་སྟེ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བཅོམ་པར་བྱ་བར་གསུངས་པ་ཡིན། །གང་ཚེ་སྒྲིབ་བཅས་ཀུན་གཞི་ལོག །དེ་ཚེ་མེ་ལོང་ཡེ་ཤེས་ཏེ། །ཡེ་ཤེས་ཀུན་སྣང་ང་ཡིར་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་རྟོགས་ཤིང་དེར་ཕྱོགས་མིན། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཉོན་མོངས་ཅན་གྱི་ཡིད་དེ་ནི། །དཔའ་བར་འགྲོ་བས་རབ་བཅོམ་ནས། །མཐོང་བསྒོམ་ཉོན་མོངས་རབ་སྤངས་ནས། །ཉོན་མོངས་མེད་ཅིང་སྲིད་ཞི་མེད། །མཉམ་ཉིད་ཡེ་ཤེས་ཞེས་སུ་བརྗོད། །དེ་མ་ཐག་པའི་ཡིད་དེ་ནི། །དྲུག་པོ་འཛིན་པས་འཛིན་པ་སྟེ། །རྣམ་པར་རྟོག་བྱེད་རྣམ་རྟོག་ཡིན། །དེ་ན་ཡང་དག་ཤེས་རབ་དང་། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །བཅོམ་པས་བཟོད་པ་ཆེ་ཐོབ་ཚེ། །དོན་བཅས་འཛིན་པ་གནས་གྱུར་པས། །ཞིང་ནི་དག་པ་སྟོན་པ་དང་། །དུས་རྣམས་ཀུན་ཏུ་ཡེ་ཤེས་དང་། །ལས་རྣམས་ཀུན་ཏུ་ཐོགས་མེད་པའི། །རྣམ་རྟོག་གནས་ཡོངས་གྱུར་པ་ནི། །སོ་སོར་རྟོག་པའི་ཡེ་ཤེས་ཏེ། །དེ་ལྟར་ཡེ་ཤེས་གཉིས་པོ་འདི། །བསྒོམ་པ་དག་པས་སྲིད་ཞི་ལ། །མི་གནས་ཞི་དང་བྱམས་པ་དང་། །ཐུགས་རྗེར་ལྡན་ཞིང་འཁོར་རྣམས་ལ། །སྣ་ཚོགས་སྐུ་དང་གསུང་སྟོན་མཛད། །ཆོས་ཆེན་དབྱིངས་ཀྱི་དཀྱིལ་འཁོར་འབྱུང་། །ཏིང་འཛིན་གཟུངས་རྣམ་ཀུན་གྱི་གཏེར། །ལོངས་སྤྱོད་རྫོགས་སྐུ་ཞེས་སུ་བརྗོད། །སྒོ་ལྔ་ཡིད་ཀྱི་ཆ་གཅིག་ནི། །ཡང་དག་ཀུན་རྟོག་ལས་སྐྱེས་པ། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཤེས་བཟོད་ལ་སོགས་བཅུ་དྲུག་གིས། །དོན་མཐོང་བདེན་པར་རྟོགས་པ་ལས། །དབང་པོ་ལྔ་རྣམས་གནས་གྱུར་ནི། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ། །དབང་འབྱོར་དེ་ཉིད་མཐར་ཕྱིན་པས། །བྱ་བ་གྲུབ་པའི་ཡེ་ཤེས་ཏེ། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་པའི། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་བསྒྲུབ་པའོ། །འདི་ནི་སྤྲུལ་པའི་སྐུ་ཆེན་པོ། །སེམས་ཡིད་རྣམ་ཤེས་གནས་གྱུར་པའི། །སྐུ་གསུམ་མཛད་པར་བཅས་པ་རྣམས། །ཆོས་དབྱིངས་སྤྲོས་བྲལ་དཀྱིལ་འཁོར་དུ། །རྫོགས་པ་འཁོར་འདས་ཐོག་མེད་ཀུན། །གཅིག་དང་ཐ་དད་བྲལ་བ་རུ། །བཞུགས་པ་ངོ་བོ་ཉིད་སྐུར་བཞེད། །རྒྱལ་བས་གཞུང་གཞན་ཁ་ཅིག་ཏུ། །འདི་ལ་ཆོས་ཀྱི་སྐུ་ཞེས་བསྟན། །དེ་ཚེ་མེ་ལོང་ཡེ་ཤེས་སྐུ། །གཞན་ནི་གཟུགས་སྐུ་གཉིས་ཞེས་བརྗོད། །ཡེ་ཤེས་ལྔ་དང་སྐུ་བཞི་ཡི། །རང་བཞིན་མངོན་གྱུར་སངས་རྒྱས་ཏེ། །སེམས་ཡིད་རྣམ་པར་ཤེས་པ་ཡི། །དྲི་མར་ལྡན་གང་ཀུན་གཞི་ཡིན། །དྲི་མེད་རྒྱལ་བའི་སྙིང་པོར་བརྗོད། །མ་དག་ཀུན་རྟོག་འཇོམས་བྱེད་པ། །དག་པའི་ཀུན་རྟོག་ལས་སྐྱེས་པའི། །འཕགས་པའི་ཤེས་རབ་དབང་པོ་ནི། །འཛིན་པ་ལམ་གྱི་བདེན་པར་གསུངས། །དོན་དམ་ཚུལ་འདི་མ་རྟོགས་པས། །རྨོངས་རྣམས་འཁོར་བའི་རྒྱ་མཚོར་འཁྱམས། །ཐེག་ཆེན་གྲུ་འདི་མ་རྟོགས་པས། །གང་གིས་ཕ་རོལ་ཕྱིན་པར་འགྱུར། །ཀུན་གྱིས་འདི་དོན་རྟོགས་པར་ཤོག །རྣམ་ཤེས་ཡེ་ཤེས་འབྱེད་པའི་བསྟན་བཅོས། ཕག་ལོ་ཟླ་བ་བཅུ་པའི་ཚེས་གཅིག་ལ་རང་བྱུང་རྡོ་རྗེས་བདེ་ཆེན་སྟེང་གི་རི་ཁྲོད་དུ་སྦྱར་བའོ།། །།
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net