རྗེ་བཙུན་ཨ་ཝ་དྷཱུ་ཏཱི་པ་བཙུན་མོ་ཅན་གྱི་རྣམ་པར་ཐར་བ་་་།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༼༡ན༡༽༄༅། །རྗེ་བཙུན་ཨ་ཝ་དྷཱུ་ཏཱི་པ་བཙུན་མོ་ཅན་གྱི་རྣམ་པར་ཐར་བ་དད་པའི་དད་པ་རྣམ་པར་རྩེ་བ་ཞེས་བྱ་བ་བཞུགས་སོ། ། [1]

༼༡བ༢༽༄༅། །བླ་མ་ཆེན་པོ་ཨ་ཝ་དྷཱུ་ཏཱི་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །ཡིད་ཅན་སྙིང་མུན་གཞོམ་པར་ཡང་ཡང་དུ། །གྲགས་པའི་འོད་ཟེར་འབུམ་ཕྲག་སྤྲོ་མཛད་པའི། །ཐུབ་བསྟུན་ཀུ་མུད་བཞད་པའི་གཉེན་གཅིག་པུ། །སྙིང་རྗེའི་ཟླ་བ་མི་ཏྲ་ཛོ་ཀིར་འདུད། །ཇི་སྲིད་བསྟན་པའི་ཉི་མ་ལེགས་བྱས་སྣང་བྱེད་འོད་ཟེར་རྒྱས་པ་འདི་ཡོད་པ། དེ་སྲིད་འཇིག་རྟེན་བདུན་གྱི་འདམ་ལའང་དགེ་བའི་འདབ་བརྒྱ་ཡོངས་སུ་སྨིན་པ་ནི། གྲགས་པའི་གེ་སར་འཛུམ་པའི་སྡོང་བུ་ཅི་ཡང་འཁྲུངས་ལས་ཨ་ཝ་དྷུ་ཏཱི་པའི། ཚར་དུ་དང་ར་བའི་རྣམ་ཐར་གསེར་གྱི་པདྨོའི་འཕྲེང་བ་དེ་རིང་བསྔགས་པར་བགྱི། ཀུན་དགའི་གནས་ཀྱི་འབྱོར་པའི་གདེངས་ཅན་གཙུག །སྤངས་ནས་གྲུབ་པའི་རྒྱལ་མཚན་རྩེར་གཤེགས་པའི། རིན་པོ་ཆེ་གང་ལེགས་བཤད་འདོད་དགུའི་ཆར། འབེབས་ལ་ཕྱོགས་ལས་རྣམ་པར་རྒྱལ་བར་གྱུར། ཤེས་བྱ་མཁྱེན་པའི་ཆུ་བོ་མ་ལུས་འབབ། རབ་ཏུ་བརྩེ་བའི་ཀླུ་དབང་རྣམས་ཀྱིས་བཟུང་། །རྒྱ་ཆེན་ནུས་པའི་ནོར་བུས་ཕྱུག་གྱུར་པའི། །མཚོ་འདི་སྔོན་མེད་ཡ་མཚན་ཆུ་གཏེར་ཡིན། །གང་དེའི་རྣམ་ཐར་གཏིང་མཐའ་མི་མངོན་ཡང་། །དྲན་པའི་གདུང་བ་སེལ་ལ་ཆུ་ཐིགས་ཤིག །བཅུ་བའི་ཚིག་སྐྱོགས་དམ་པའི་སྤྱོད་ཚུལ་གྱི། །བདུད་རྩིར་སྲེད་པའི་སྙིང་གི་སྤྱད་བྱ་བཞིན། །ཁྱད་པར་ཆེན་པོ་དང་ལྡན་པ་རྣམས་ནི་དབང་ཕྱུག་གི་འབྱོར་པ་ཡང་རྩྭ་བཞིན་དུ་དོར་ནས། དམ་པའི་ཆོས་ཀྱི་དགའ་སྟོན་བསྒྲུབ་པ་ལ་ངོམས་པ་མེད་པ་ཡིན་ནོ་ཞེས་གྲགས་སོ། །དེ་ཡང་འདི་ལྟར་ཐོས་ཏེ། ཁ་བ་ཅན་གྱི་ལྷོ་ཕྱོགས་༼༢ན༣༽ཀྱི་རྒྱུད། མཁས་པའི་འབྱུང་གནས་ལྟར་དུ་གྱུར་པ། གཉལ་ཡངས་པ་ཅན་ཞེས་བྱ་བའི་ཡུལ་བདེ་བ་དང་། ལོ་ལེགས་པ་སྐྱེ་བོ་མང་པོས་གང་བའི་གྲོང་ཁྱེར་བརྒྱ་ཕྲག་དུ་མ་ཡོད་པའི་རོང་གི་སའི་ཐིག་ལེར། ཁང་གསར་སྨོན་གྲུབ་རབ་བརྟན་ཞེས་བྱ་བའི་ཁང་བཟང་། དེ་ཡང་། མངོན་པར་མཐོ་བའི་དཔལ་ནི་རྒྱས། ཀུན་དགའི་གཏམ་གྱིས་ནི་འཕྱུར། གླུ་གར་གྱི་འབྱོར་པས་ནི་གང་། འབྲས་བུ་ཅན་གྱི་ལྗོན་པས་མཚར་ད་ནི་་་་་། རྣམ་པ་སྣ་ཚོགས་པའི་ཚལ་གྱིས་ཉམས་དགའ་བར་ནི་བྱས། ས་འཛིན་གྱི་འཕྲེང་བས་ཁོར་ཡུག་ཏུ་ནི་བསྐོར་བ་ལྷའི་སྐྱེད་མོས་ཚལ་ལ་འགྲན་པ་བཞིན་འདུག་གོ། །འདི་སྐད་ཅེས། ཡངས་པ་ཅན་ཞེས་བྱ་བ་གཉལ་གྱི་ཡུལ། ན་ཆུང་ས་གཞིའི་ཐིག་ལེ་ལྟར་གྱུར་པ། བསོད་ནམས་ཟོང་གིས་འབྱོར་པའི་ཕུན་ཚོགས་རྣམས། བསྟན་པས་བརྒྱ་བྱིན་གྲོང་ཁྱེར་སར་གཤེགས་འདྲ། །དེ་རུ་སྐལ་བཟང་དགའ་མའི་བདག་པོ་ནི། །ལོངས་སྤྱོད་ཀྱིས་མྱོས་མི་རྣམས་རྟག་པར་ཡང་། ཀུན་གསལ་བུ་མོའི་ཕང་དུ་རྩེ་དགའ་ཡིས། །རྣམ་འཕྲུལ་ཅི་ཡང་བགྱིས་པས་ཤོང་མ་གྱུར། །དེས་ན་གཞན་གྱི་ཐོད་དང་ཅོད་པན་གྱིས་གདན་དང་ཞབས་ལ་རེག་པ་མཐའ་བཞི་ལས་རྣམ་པར་རྒྱལ་བའི་སའི་དབང་ཕྱུག་བཀྲ་ཤིས་དར་ཞིང་རྒྱས་པ་ལྷའི་ཆབ་སྲིད་སྐྱོང་བའི་གནའ་ཆེན་པོ་ལ་གཏོགས་པ་ལྷ་བཟང་རྣམ་ཐོས་ཀྱི་བུའི་འབྱོར་པ་དང་། ཕུར་བུའི་གློ་གྲོས་གསལ་བར་སྟོན་པའི་མེ་ལོང་བཞིན་དུ་གྱུར་པ་དེའི་ཁྱིམ་ཐབ་བདེ་བ་ལྷ་མོ་བུད་མེད་མཁས་པའི་རང་བཞིན་ཅན་དེའི་ལྷུམས་སུ། རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀི་སྙིང་རྗེའི་གར་གྱིས་རོལ་བཞིན་པས་ཞུགས་པའི་ཚེ། ཡུམ་ལ་གུ་རུ་པདྨའི་གྲུབ་ཆུ་ཡིན་སྙམ་པའི་ཡན་ལག་བརྒྱ་དང་ལྡན་པའི་ཆབ་ནས་དུང་གཡས་སུ་འཁྱིལ་བ་ཁོང་དུ་བཞེས་པ་དང་། ཡབ་ལ་ལག་མཐིལ་གཡས་ལ་ཉི་མ་ཤར་བ་བཏེགས་པས་བར་སྣང་དང་། མནན་པས་ས་གཞི་འོད་ཀྱིས་གང་བ་རྨིས་སོ་ཞེས་གྲག་གོ། །དེ་ནས་ཟླ་བ་རྫོགས་པ་༼༢བ༤༽ས་ཕོ་ཁྱིའི་ལོ་གྲོ་བཞིན་གྱི་ཉ་སྐར་འཛོམ་པའི་ཉིན་མོ་དག་པའི་ལྟས་བཟང་པོ་དང་བཅས་ཏེ་བལྟམས་པར་གྱུར་ཏོ། རྒྱལ་ཕྲན་གཞན་གྱི་ཁེངས་པ་བསྙིལ་བ་ཡི། །དགྲ་ཐབས་ལ་མཁས་ལྷ་བཟང་ཞེས་བྱ་བློན། དུས་ཀྱི་ཉམས་པ་མེད་པའི་གྲགས་པ་དང་། དཔལ་གྱི་འབྱོར་པ་དག་གི་གཏེར་འཛིན་བྱུང་། དེ་ཡི་བཙུན་མོར་ཟླ་བའི་མེ་ལོང་ནི། །གསར་འཁྲུངས་ཁྱིམ་གྱི་འབྱོར་པའི་ཀུ་མུ་ཏ། །རྒྱས་པར་བྱེད་པ་བདེ་བའི་ལྷ་མོ་ཞེས། །འདོད་ལྡན་མིག་ལ་བདུད་རྩི་གཉིས་པ་བཞིན། །རབ་རྒྱས་པདྨ་དག་གི་བུང་བ་དང་། །བདུད་རྩིའི་འོད་ཀྱི་རི་བོང་མཚན་མ་བཞིན། །དེ་ཡི་དཀུར་ཡང་གཞན་ཕན་མཐུ་ལྡན་བུ། །མཁའ་ལྡིང་རིགས་ཀྱི་རྒྱན་དུ་གྱུར་པ་བཟུང་། །དེ་ཡང་ཆགས་ལྡན་སྙིང་ལ་རེ་བ་ཡི། །ཡིད་སྲུབས་ལོངས་སྤྱོད་དར་བའི་གཉེན་ཉིད་དུ། །བཙས་པར་གྱུར་པའི་ངོ་མཚར་དགེ་མཚན་ནི། །རིངས་པའི་ཕོ་ཉ་བཞིན་དུ་དང་པོར་བྱུང་། །གཞོན་ནུ་དེ་ཡང་དད་པ་དང་། །བརྩོན་འགྲུས་དང་། དྲན་པ་དང་ལྡན་ཞིང་དབེན་པ་ལ་དགའ་བ། དཀོན་མཆོག་མཆོད་པ་ལ་བརྩོན་པ། སྡིག་པའི་གོ་སྐབས་མི་འབྱེད་པ། །རང་གི་སྲོག་བས་ཀྱང་གཞན་གྱི་དོན་གཅེས་པར་འཛིན་པ། ཤེས་རབ་དང་སྤོབས་པའི་མཆོག་ཏུ་གྱུར་པ་ཞིག་པས། རྡོ་རྗེའི་ཐོག་བཙན་ཞེས་སྐྱེ་བོས་མིང་དུ་བཏགས་སོ། །རིང་པོར་མ་ཐོགས་པར་སྙན་དངགས་ལ་སོགས་པའི་བསྟན་བཅོས་ལ་བྱང་ཞིང་། སྒྱུ་རྩལ་དང་། འཕོངས་གི་གནས་དང་། བརྟགས་པ་དང་། དཔྱད་དང་། རྩིས་དང་། གཟོ་དང་། ཡི་གེ་དང་། གཏམ་ལ་སོགས་པའི་ཁྱད་པར་ལ་འགྲན་དུ་མེད་པས་མཁས་ཤིང་གསལ་ལ་ཡིད་གཞུངས་པས། ལོ་བཅུ་བཞི་ལོན་པ་ཉིད་ནས་མཐའ་ཡས་པའི་རྒྱལ་ཕྲན་གྱིས་བཏུད་པའི་ནོར་བུའི་ཁྲིར་འཇོགས་པ་དག་པོའི་གཟི་བྱིན་ཉམས་པར་བྱེད་པའི་མཚུངས་པ་མེད་པའི་གཡུལ་ལ་དཔའ་བ་དང་། བཤད་པ་དང་སྒྲུབ་པའི་ཆོས་ཀྱི་རིང་ལུགས་ལ་སྲི་ཞུར་མཛད་པའི་གྲགས་པ་རྒྱ་མཚོའི་མཐར་ཡང་སྤྲོ་བས། ནོར་འཛིན་གྱི་གུ་མོ་ལ་བསྙེངས་པ་མེད་པར་རོལ་པའི་སྤྲུལ་པའི་ས་སྐྱོང་གང་གི་གནངས་ཆེན་མཛད་དེ། སྲིད་ཞུར་འོས་པའི་རྒན་རབས་རྣམས་ལ་ནི་གུས། འཕོངས་༼༣ན༥༽པ་དང་མགོན་མེད་པ་རྣམས་ནི་ཡོངས་སུ་སྐྱོང་། སྐྱེ་བོ་རྣམས་ལ་ནི་སློབ་དཔོན་དང་འདྲ་བར་དམ་པའི་ལུགས་བཟང་པོ་སློབ་པར་བྱེད་པས། རྒྱལ་སྲིད་ཀྱི་ཆུ་གཏེར་ཉིན་རེ་བཞིན་ཆོས་ཆོར་དར་བར་བྱེད་པའི་ཟླ་བ་ཉིད་དུ་གྲགས་སོ། །གང་གི་ཁྱིམ་ནོར་དང་ཡོ་བྱད་ཅི་འདོད་པ་དག་གི་འབྱུང་གནས་སུ་གྱུར་པས། འཕོངས་པ་བཟློག་པའི་དཔག་བསམ་གྱི་ཤིང་ཆེན་པོ་དང་མཚུངས་ཤིང་། ནང་མི་དང་སྣག་གི་གཉེན་རྣམས་ཉིན་མོའི་དབང་ཕྱུག་གིས་བསྐྱངས་པའི་འདབ་བརྒྱའི་ཚལ་བཞིན་དུ་རྒྱས་པར་གྱུར་ཏོ། ད་ནི་དཔལ་ལྡན་མཁས་པ་མཐའ་དག་གི། འདུན་ས་རྣམས་སུ་ཟབ་མོའི་སྨྲ་བ་ཡི། །རྩེ་མོར་བྱོན་པས་སྲི་ཞུའི་གནས་ཅི་ཡང་། ཐོབ་པས་ངག་གི་དབང་ཕྱུག་གཞན་པ་ཡིན། ཁྲི་སྐོར་པདྨ་ཅན་གྱི་དཔལ་རྒྱས་པས། ཕྱོགས་ལས་རྣམ་རྒྱལ་སྙམ་པར་གྲགས་པ་ཡི། བསུང་གིས་སྲིད་གསུམ་ཁྱབ་བྱེད་གནངས་ཆེན་གྱི། དཔྱིད་དུ་བློ་ལྡན་ལང་ཚོ་ཅན་དེ་བྱུང་། གང་གི་ནང་མི་སྣག་གི་གཉེན་རྣམས་ཀྱི། སྤྲིན་འཕྲེང་ཆུ་རིས་གཡོ་ལྡན་ཆེར་དར་བའི། འབྱོར་བའི་གྲུ་ཆར་གྱིས་སྤངས་ས་གཞི་ཡང་། དགེ་བའི་མྱུ་གུ་དག་གིས་གང་བར་གྱུར། དེ་ནས་ཡབ་ཡུམ་གྱིས་རིགས་མཉམ་པ་ལས་བུ་མོ་མཛེས་སྡུག་གི་རི་མོ་རྫོགས་པས་ལྷ་མོ་རྣམས་ཀྱང་ཁེངས་པ་ཐུང་ངུར་བྱེད་པ། ཡིད་སྐྱེས་ཀྱི་རྩེ་དགའི་འཁྲི་ཤིང་དཔལ་མོ་འཛོམ་ཞེས་བྱ་བཙུན་མོར་བླངས་ནས། བག་མའི་དགའ་སྟོན་ཆོས་བཟང་གི་འདུན་སའི་རྩེ་འཇོ་འཕོས་པ་ལྟ་བུར་བགྱིས་ཏེ། རིང་ཞིག་ནས་སྲས་ལྕམ་སྲིང་གཉིས་ཀྱང་བྱུང་ངོ་། །ལག་བཟུང་རེག་པ་གསར་བའི་བདུད་རྩི་ཡིས། དགའ་བའི་ཁྱོ་ཤུག་དེ་དག་བག་མའི་ཚེ། མཛའ་བས་སྙིང་ལ་གོ་སྐབས་ཐོབ་གྱུར་ནས། ཕན་ཚུན་ཡིད་ལ་དང་བས་ཞུགས་པ་བཞིན། བག་མའི་དགའ་སྟོན་ལ་འོངས་མིའི་བུང་བ། ཀུན་དགའི་སྦྲང་རྩི་འཐུངས་པས་མིག་ཟུམ་ཞིང་། ན་ཆུང་ཆུ་སྐྱེས་གསར་འབུས་གདོང་རྣམས་ལ། ལྷག་པར་ཆགས་པའི་མཆུ་དག་རབ་ཏུ་སྦྱོར། གཞོན་ནུའི་མཆུ་ཡི་བིམ་པ་ལས། མཆིལ་མའི་བཏུང་བ་ཐོབ་པ་ཡིས། མྱོས་པ་བཞིན་དུ་དཔལ་མོ་དེའི། བུ་འདོད་གདུང་བཞི་བར་གྱུར། དགུང་ལོ་ཉི་ཤུ་༼༣བ༦༽གསུམ་ལོན་པའི་ཚེ། གཞོན་ནུ་དེ་ནི་རིགས་ཡོངས་སུ་སད་པས་འཁོར་བའི་ཉེས་པ་མི་བཟད་པས་ནི་དངངས། འདོད་པའི་ལོངས་སྤྱོད་ཀྱིས་ནི་སུན། ཟང་ཟིང་གི་འབྱོར་པ་ལ་ནི་རྒྱབ་ཀྱིས་ཕྱོགས། འཆི་བདག་གི་ཡུལ་དུ་གྱུར་པས་ནི་བྲེད། རྒ་བས་ནི་འཇིགས། ན་བ་དང་སྐྱེ་བའི་སྡུག་བསྔལ་གྱིས་ཡིད་སྐྱོབས་ངེས་པར་འབྱུང་བ་ལ་དགའ་བར་གྱུར་ནས། ཁང་བཟང་དང་། ཞིང་དང་། བྲན་དང་། ཕྱུགས་དང་། རིན་པོ་ཆེ་དང་། འབྲས་བུའི་བང་མཛོད་ཇི་སྙེད་པའི་དབང་ཕྱུག་གི་འབྱོར་པ་ཆེན་པོ་རྩྭ་བཞིན་དུ་དོར་ཏེ། ཡུལ་དབུས་ཕྱོགས་སུ་བྲོས་ནས་དབུ་སྐྲ་མཐོན་མཐིང་ཉིད་ཀྱིས་ཨུཏྤ་ལའི་འདབ་མ་ལྟ་བུའི་རལ་གྲིས་བཅད། རིན་པོ་ཆེའི་རྒྱན་དང་། གོས་དང་མཚོན་ཆ་ཐམས་ཅད་དེ་ཉིད་དུ་བོར་བས་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས། ཨ་ཝ་དྷཱུ་ཏཱི་པ་ཞེས་བསྔགས་པའི་ཡུལ་དུ་བྱས་སོ། །དེ་ནས་དཔལ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོ། དགེ་སློང་རིན་ཆེན་རྣམ་རྒྱལ། འགྲོ་མགོན་ཆོས་སྐྱབས་དཔལ་བཟང་ཁུ་དབོན། འབའ་ར་བ་སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན། ཞྭ་དམར་ནག་གི་སྤྲུལ་པའི་སྐུ། འབྲི་སྟག །ས་དགེ་རྙིང་གསུམ་གྱི་ཆོས་རྗེ། མཁས་པ་དང་གྲུབ་པ་ཀུ་ས་ལིའི་ཚུལ་ཅན་ཇི་སྙེད་པ་གཙུག་ཏུ་ཁུར། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་། དེ་དག་གིས་ཇི་སྐད་དུ་བསྟན་པའི་གདམས་པ་ལ་ནན་ཏན་དུ་མཛད་པས། ས་དཀར་རྙིང་གསུམ། བཀའ་གདམས་གསར་རྙིང་གི་མན་ངག་ཐམས་ཅད་ཐུགས་སུ་བྱོན་པས་གདམས་ངག་ཐམས་ཅད་ལ་བདག་པོ་ལྟ་བུར་སྤྱོད་པའི་ཤེས་རབ་ཀྱི་རྒྱ་མཚོར་ཐམས་ཅད་གྲགས་སོ། །འདོད་ཡོན་དུག་སྦྲུལ་ལྟར་མཐོང་དེ་ཡི་ཡིད། སྐྱོ་བས་བསྐུལ་ནས་རབ་བྱུང་བླངས་བྱས་ཏེ། སྔོན་གྱི་རྒྱལ་བའི་ཞབས་མཐིལ་དམར་བ་ཡི། བཀྲ་ཤིས་འཁོར་ལོའི་རི་མོས་གཤེགས་དེར་སོང་། ཡོན་ཏན་གྱིས་གང་ཆོས་ཀྱི་བང་མཛོད་དུ། བཤེས་གཉེན་བརྒྱ་ཕྲག་ལུང་གི་སྒོ་ནས་ཞུགས། དྲན་ཤེས་ཏིང་འཛིན་ཐེམ་སྐས་ལ་འཛེགས་ནས། མཆོག་གི་ས་ལ་ལྟ་བའི་གོ་སྐབས་དབྱེ། ཁྱད་པར་ཐོག་མ་མེད་པ་ཉིད་ནས་དགེ་བའི་བཤེས་གཉེན་དུ་གྱུར་པ་སྤྲུལ་པའི་སྐུ་ཆོས་ཀྱི་གྲགས་པ་ལ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་གསན་པའི་ཚེ། བླ་མ་འཁོར་༼༤ན༧༽ལོ་སྡོམ་པ་ཉིད་དུ་གཟིགས་པའི་སྐད་ཅིག་དེ་ཉིད་ལ། ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་བརྙེས་ཤིང་། བདེ་མཆོག་རྩ་རྒྱུད་ཀྱི་བཤད་པ་དང་། མཻ་ཏྲི་ལུགས་ཀྱི་སྙན་རྒྱུད། དགྱེས་རྡོར་དང་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་ལ་སོགས་པ་དམ་པའི་ཆོས་མཐའ་ཡས་པ་གསན་ཞིང་། ཁྱད་པར་ལྷན་ཅིག་སྐྱེས་སྦྱོར་ཉན་པའི་དུས་སུ་ཉེས་པ་ཐམས་ཅད་འབྱུང་བའི་སྒོ་ནི་སེམས་གཡེངས་པ་དང་། ལེགས་པ་ཐམས་ཅད་ནི་མ་བཅོས་པ་ཉིད་ཀྱིས་སྦྱར་བར་རིག་ནས། མ་དུལ་བའི་སེམས་ཀྱི་གླང་པོ་འདོད་པའི་ཡུལ་ལ་རྒྱུག་པ་སློག་སྟེ་དྲན་པའི་ལྕགས་ཀྱུས་རྣལ་དུ་གནས་པར་གྲུབ་པའི་ཚེ། དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་འདྲིས་པས་འདི་ནི་སེམས་ཀྱི་རྣལ་འབྱོར་པའོ་ཞེས་བརྗོད་པར་བྱས་སོ། །དེ་ནས་ཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་སྐོར་གྱི་ཁྲིད་བསྐྱངས་པ་ན། ཞག་བདུན་གྱིས་གཏུམ་མོའི་དྲོད་རང་འབར་དུ་བྱུང་ཞིང་། རླུང་མལ་དུ་ཚུད་པའི་སྟོབས་ལས་རིགས་དྲུག་གི་གནས་སྦྱོང་ཅི་ཡང་བྱུང་བ་དེ་ཀ་ལྟར་བསྐྱངས་པས་རེ་ཞིག་ན་རྩ་ཆེར་དག་པས་སྲོག་ཐུར་གོང་བུ་གཅིག་ཏུ་འདྲེས་ཏེ་དབུ་མར་ཚུད། ཐོད་བརྒལ་སྒྱུ་མའི་ཉམས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་སངས་རྒྱས་ཀྱི་ཞིང་ཅི་ཡང་གཟིགས་ནས་ཡོན་ཏན་བརྒྱད་ཀྱི་འགོ་རྩོམ་པ་ལ་ཞུགས་པའི་ཚེ། བླ་མ་མཆོག་གི་ཞལ་སྔ་ནས་ཀྱང་། འདི་ནི་ཙཎྜྻ་ལི་པའོ་ཞེས་བསྟོད་ཅིང་། ཡུལ་ཉི་ཤུ་རྩ་བཞིའི་གྱ་བ་ཙ་རི་ཏྲ་རང་བྱུང་གི་ཕོ་བྲང་། མ་དང་མཁའ་འགྲོས་མངོན་སུམ་དུ་བསྟེན་པ། སྐལ་བ་དང་ལྡན་པ་རྣམས་སྤ་བཀོང་ཞིང་། དམན་པ་དག་ཚར་གཅོད་པའི་གནས། ཉམས་རྟོགས་གཅིག་ཏུ་འཆར་བའི་ཞིང་དུ། རྗེ་བཙུན་ཞིབས་ཀྱི་པདྨོ་བསྟེན་བཞིན་པས་ཕེབས་པའི་ཚེ། ཞིང་སྐྱོང་མ་ཐམས་ཅད་ཀྱི་དབང་མོ། བོད་ཡུལ་ལྷན་ཅིག་སྐྱེས་མ་ཞེས་བྱ་བའི་རྡོ་རྗེ་གཡུ་སྒྲོན་མ་གཡོག་དང་བཅས་པས་བཟའ་བཏུང་གྱ་ནོམ་པས་མཆོད་ཅིང་། ལས་ཀྱི་ཕྱག་རྒྱ་མོ་མཛད་པས། ཉི་ཟླའི་ཐིག་ལེ་དབུ་མའི་མས་སྣར་སྒྲ་གཅན་གྱིས་ཟོས་པས་རླུང་སེམས་ཐིག་ལེ་གྱན་དུ་རེངས་ནས་ལྟེ་བ་མན་གྱི་རྩའི་མདུད་པ་བཤིག་གོ། །ཟླ་བཞིན་མར་འཁྱུད་འཛག་མེད་ཀྱི། རྙེད་པའི་རབ་དགའ་༼༤བ༨༽རྒྱས་པ་ནི། འདོད་པའི་བདེ་བ་མ་ལུས་པས། ཆ་ཙམ་དོ་ཟླ་མིན་པར་གྱུར། བླ་མའི་བཀའ་དྲིན་སྙིང་ལ་ཞེན་པ་དེར། ཕུན་ཚོགས་ཡོན་ཏན་མ་ལུས་འོངས་གྱུར་བ། ཟླ་བ་གང་བ་ལྟ་བུའི་པདྨའི་མཚོར། ཡིད་འོངས་དད་པའི་སྡེ་དག་འདུས་པ་བཞིན། དེ་ནས་ཚ་ཟེར་གྱི་གདུལ་བས་གནས་སྔོན་ཞུ་བ་འཁྱིལ་བ་ལྟ་བུའི་མཚོ་ཕོ་བྲང་ཁར། སིནྡུ་རའི་རི་བོ་ཉི་མ་བརྒྱའི་ཞུན་མས་བྱུགས་པ་ལྟ་བུའི་རྡོ་རྗེ་ཕག་མོ་དང་མཇལ་ཏེ་རིགས་ཀྱི་ང་རྒྱལ་གཞོམ་པའི་ཕྱིར་སྤྱོད་པ་ལ་སོང་ཞིག་ཅེས་བསྐུལ་བ་ལྟར་དུ། ལ་བ་ནག་པོ་ཞིག་ནི་སྐུ་ལ་གསོལ། མི་རྐང་གླིང་བུ་གཅིག་ནི་ཕྱག་ན་བསྣམས། ཞིང་གི་ཚལ་པ་ཞིག་ནི་གདན་དུ་བྱས་ཏེ། དུར་ཁྲོད་བས་མཐའ། རོང་རི་འཐུལ་ཞེས་བྱ་བ་ལྷ་མ་སྲིན་དྲེགས་པའི་རྒྱུ་སྲང་ཡོད་པ་དེར་བཞུགས་པས། མི་མ་ཡིན་གྱི་དམག་གིས་བསྐོར་ཏེ། གནམ་ལྕགས་འབེབས་པ་དང་། མེས་བསྲེག་པ་དང་། རིའི་བར་དུ་བཙིར་བ་དང་། སྣ་ཚོགས་པའི་མཚོན་ཆ་འཕངས་པ་ཐམས་ཅད་ནམ་མཁའ་སྟོང་པ་ལ་བྱས་པ་བཞིན་དུ་གྱུར་ནས། དེ་དག་འཇིགས་ནས། འདི་ནི་སྒྱུ་མའི་གར་མཁན་ནོ་ཞེས་བསྒྲགས་སོ། །དེ་ནས་རྗེའི་བཀའ་ཐོད་དུ་བཅིངས་ཏེ། དཔལ་བཀྲ་ཤིས་མཐོང་སྨོན་གྱི་སྒྲུབ་སྡེར་ལོ་གསུམ་གྱི་བཅད་རྒྱ་མཛད་བཞུགས་པའི་ཚེ། ཉིན་གཅིག་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཟ་ཧོར་རྒྱལ་པོའི་ཆས་ཞུགས་པ། བཙུན་མོ་གཉིས་དང་བཅས་པ་བྱོན་ནས། འདོད་པའི་གནས་ལ་བཀའ་དྲིན་དུ་མཛད་ནས། རིང་ཞིག་ལོན་པ་ན་མ་ཅིག་ལབས་ཀྱི་སྒྲོན་མ་བུ་མོ་ལོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་བལྟ་བས་མི་ངོམས་པ་མཐོང་བ་ཙམ་གྱིས་བླ་ན་མེད་པའི་བདེ་བ་སྟེར་བར་མཛད་པ་བྱོན་ཏེ། གཅོད་དང་འཕོ་བའི་ཟབ་གནད་སྩལ་ནས། ཁོ་མོ་ལ་རོལ་དང་སྙིང་གའི་རྩ་མདུད་ངེས་པར་གྲོལ་བར་འགྱུར་ཅེས་གསུང་བ་ཐོས་མ་ཐག །དེ་ཉིད་དུ་སྐུ་ལ་འཁྲིལ་ནས་དགའ་མགུར་སྤྱོད་པའི་མོད་ཉིད་ལ་སྙིང་གའི་རྩ་མདུད་དྭངས་མ་ཁྱབ་པའི་ཟག་པ་མེད་པའི་བདེ་བ་ཆེན་པོ་འོད་གསལ་བའི་རང་བཞིན་སྟོང་པ་ཉིད་ཀྱིས་འཁྱུད་པ་ལ་འབྱམས་པར་གྱུར་ཅིང་། དེ་ནས་རིགས་ལྡན་གྱི་ཕོ་ཉ་མོ་ཡང་ཡང་དུ་མཆོད་པས། བྱང་ཆུབ་ཀྱི་སེམས་ཅིག་ཅར་དུ་ལུས་ཀྱི་བ་སྤུའི་བུ་ག་༼༥ན༩༽ཐམས་ཅད་ཀྱིས་ཕྱིར་འབྱིན་པ་དང་ནང་དུ་སྡུད་པའི་ནུས་པ་བརྙེས་ཤིང་། རྔོ་བ་ལ་ཕྱག་མཛུབ་དིམ་པ་ལ་སོགས་པ་ཕྱི་རོལ་གྱི་སྣང་བ་ལ་གང་བྱ་བྱ་བཏུབ་པ་བྱུང་བའི་ཚེ། རིགས་ལས་འདས་པའི་དངོས་གྲུབ་བརྙེས་པའི་བཙུན་མོ་ཅན་ཞེས་འཇིག་རྟེན་དུ་གྲགས་པར་གྱུར་ཏོ། དེ་ནས་མགྲིན་པའི་བར་དུ་བྱང་ཆུབ་ཀྱི་སེམས་བརྟན་ནས་རྡོ་རྗེའི་གླུའི་མཛོད་བརྡོལ་ཞིང་གང་གི་སྐུ་ནི་འདབ་བརྒྱའི་དབང་པོ་ཁ་བྱེ་བ་ཐག་གི་ཁ་དོག་ལྟར་བཀྲག་མདངས་ཅན་གྱི་གཞོན་ནུའི་ལང་ཚོ་གཟུང་བས་ཐམས་ཅད་ཀྱིས་བསྟོད་པའི་ཡུལ་གཅིག་པུར་གྱུར་པས། ཆོས་ཀྱི་སྒོ་ཕྱེ་སྟེ་སྐལ་བ་དང་ལྡན་པ་རྣམས་རྗེས་སུ་འཛིན་བཞིན་དུ་བཞུགས་སོ། །ནགས་མཐོང་བྲག་སྐྱིབས་ཉམས་དགའ་དེ་དག་ན། དོན་མེད་བྱ་བ་མི་རྩོམ་མུ་ཅོར་དུ། སྨྲ་བ་སྤངས་པ་རབ་ཞིའི་རོ་མྱང་དེའི། དགའ་བ་འཆི་མེད་བུ་ལའང་ཡོད་དམ་ཅི། དེ་ཡི་གྲགས་པ་ཟླ་བའི་འོད་ལྟར་ནི། དཀར་བས་ཕྱོགས་རྣམས་དབང་དུ་བྱས་པའི་ཚེ། ལག་པའི་པདྨ་ཟུམ་པའི་ཅོད་པན་གྱིས། ལྷར་བཅས་འཇིག་རྟེན་མ་ལུས་ཕྱག་འཚལ་བྱེད། འཆི་མེད་གནས་ལ་མངོན་དགྱེས་རིག་འཛིན་རྣམས། སྙིང་སྟོབས་རྫོགས་པའི་ཟླ་བ་དེ་མཐོང་ནས། ལེགས་བཤད་ཀུན་དེའི་ཆུན་པོའི་སྐྱེས་འབུལ་བ། སྒྲུབ་ཁང་རྫིང་བུའི་ངོགས་དེར་འོངས་པ་བཞིན། དེ་ནས་འཇམ་པའི་དབྱངས་ཆོས་ཀྱི་གྲགས་པ་ཞིང་གཞན་དུ་གཤེགས་པར་དགོངས་ཏེ། ཐར་པའི་ལམ་དུ་ཁྲིད་བཞིན་པའི་གདུལ་བྱ་རྣམས་འདི་ཉིད་ལ་གཏད་དེ། ཆོས་ཀྱི་རྒྱལ་སྲིད་འཛིན་པར་མངའ་གསོལ་བ་ལྟར་དུ། སྐལ་པ་བཟང་པོ་བའི་དད་པའི་སྡེ་ལེགས་པར་འདུ་བའི་པདྨ་ཅན་དུ་གྱུར་པའི་རྗེ་བཙུན་འདིས་ཀྱང་སྒྲུབ་སྡེ་མང་དུ་ཕྱག་བྲིས་སུ་མཛད་ཅིང་། འོད་ཟེར་སྟོང་ཕྲག་མང་པོའི་ཁོངས་ན་ཉི་མའི་དཀྱིལ་འཁོར་དྲི་མ་མེད་པ་ལྟ་བུར་དམ་པའི་ཆོས་ཀྱི་དགའ་སྟོན་དོན་དུ་གཉེར་བའི་འཁོར་ཚོགས་བརྒྱ་ཕྲག་དུ་མའི་དབུས་སུ་གསེར་གྱི་པདྨ་ལྟར་མཛེས་པའི་ཕྱག་ཆོས་འཆད་ཀྱི་ཕྱག་རྒྱ་རྣམ་པར་བཀོད་ནས་བཅུ་ཕྲག་གཉིས་ཀྱི་བར་དུ་འགྲོ་བ་རྣམས་ལ་ཡང་དག་པའི་ལམ་གསལ་བར་སྟོན་པའི་སྒྲོན་མ་མཛད་བཞིན་པས་བཞུགས་ཤིང་། གྲུབ་རིགས་ཀྱི་༼༥བ༡༠༽རྒྱ་མཚོར་འཁྲུངས་པའི་ཟླ་བ། འབྲུག་པ་རིན་པོ་ཆེ་མཆེད་དང་། མཁའ་ལྡིང་གི་རིགས་སུ་འཁྲུངས་པས་སྐྱོང་སྐུ་མཆེད་ཀྱི་ཏི་ཤྲིར་བཟུང་ཞིང་། དེའི་བཀའི་བདུད་རྩིས་ཡིད་སིམ་པའི་སྒོམ་ཆེན་བརྒྱ་ཕྲག་མང་པོས་གངས་ཅན་གྱི་རི་སུལ་རྣམས་གང་བར་བྱས་པས། སྒྲུབ་རྒྱུད་ཀྱི་བསྟན་པ་འདི་རྫོགས་ལྡན་གྱི་དུས་བཞིན་དུ་གྱུར་ཏོ། དེ་ནས་ཁོ་བོ་ལའང་མཆོག་གི་གནས་སྟོན་པའི་བཀའ་དྲིན་བླ་ན་མེད་པའི་ཁུར་ལྕི་བདག་ཀྱང་སྦྱིན་པར་མཛད་དེ། དགུང་ལོ་དྲུག་ཅུ་རེ་ལྔ་པ། ཆོ་འཕྲུལ་གྱི་ཟླ་བའི་ཚེས་བཅུ་དགུའི་ཐོ་རངས། རྣམ་སྨིན་གྱི་ལུས་སྐྱེ་དགུའི་བསོད་ནམས་ཀྱི་མྱུ་གུ་བསྐྲུན་པའི་ཞིང་དུ་བཞག་ནས། ཡེ་ཤེས་ཀྱི་སྐུ་མངོན་པར་དགའ་བར་བཅོམ་ལྡན་འདས་མི་འཁྲུགས་པའི་སྲས་སུ་གཤེགས་པར་གྱུར་ཅིང་། སྐུ་གདུང་གི་མཆོད་རྟེན་རྣམ་པར་རྒྱས་པ་ཡིན་ནོ། །ཆོས་ཀྱི་འཁོར་ལོས་སྒྱུར་བའི་ཅོན་པན་མཆོག །དབུ་ལ་འཕོས་པ་གང་དེའི་རིན་ཆེན་ཁྲིར། དྲེགས་ལྡན་བྱེ་བའི་ཟུར་ཕུད་གྱིས་གཏུགས་ཚེ། འཁྲུལ་པའི་དགྲ་སྡེ་ཐམས་ཅད་བརླག་པར་གྱུར། ས་ཆེན་ལེགས་བྱས་པདྨོས་འཁྱུང་གྱུར་པས། ལུས་ཅན་རྐང་དྲུག་ལྡན་པའི་འཕུར་ལྡིང་སྒྲ། རྣམ་གྲོལ་མཁའ་ལ་འཕྱོ་བ་ཇི་སྙེད་ཀྱིས། ལྷ་ཡི་གར་མཁན་རྣམས་ལའང་འགྲན་པ་བཞིན། གང་དེས་ཉེར་བསྐྲུན་རྨད་བྱུང་ངོ་མཚར་གྱི། དགའ་བ་སྦྱིན་མཁས་དག་པའི་བསམ་གཏན་པ། མཉམས་འཆི་མེད་བུ་མོའི་རྩེད་འཇོས་བཞིན། དབོན་བའི་རི་བོར་རོལ་པའང་བགྲང་ལས་འདས། ཐུབ་པ་རྣམས་དང་བྱང་སེམས་གཞན་དག་གིས། བརྩོན་པར་མ་མཛད་ཉིད་ཀྱི་གདུལ་བྱ་ལ། མཆོག་ཏུ་ཕན་པ་མཛད་པས་དུབ་པ་དེ། སླར་ཡང་དག་པའི་ཞིང་དུ་ངལ་བསོར་བྱོན། གང་དེར་དད་ལྡན་རྣ་བའི་བཅུད་ལེན་དུ། དམ་པའི་ཡོན་ཏན་བརྗོད་པའི་གླུ་ཡི་སྒྲ། དགའ་བས་བཏེགས་པའི་མུ་ཅོར་བཞིན་སྒྲོག་པ། དེ་ནི་བློ་གསལ་པདྨ་དཀར་པོ་ཡིན། བླ་མ་ཆེན་པོ་ཨ་ཝ་དྷཱུ་ཏཱི་པ་བཙུན་མོ་ཅན་གྱི་རྣམ་ཐར་དད་པའི་དད་པ་རྣམ་པར་རྩེ་བ་ཞེས་བྱ་བ། སྙན་དངགས་མཁན་པདྨ་དཀར་པོས། བཀྲ་ཤིས་མཐོང་བ་སྨོན་པའི་འཕྲུལ་གྱི་གཙུག་ལག་ཁང་ཆེན་པོའི་གྲུ་འཛིན་དུ་སྦྱར་བ་དར་ཞིང་རྒྱས་པར་གྱུར་ཅིག། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་པུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net