རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྐང་བ་དང་། བཤགས་པ་རྗེ་རང་བྱུང་བས་མཛད་པ་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྐང་བ་དང་། བཤགས་པ་རྗེ་རང་བྱུང་བས་མཛད་པ་བཞུགས་སོ། །[1]

༄༅། །ཧཱུཾ་ཆོས་དབྱིངས་བདེ་ཆེན་གཞལ་ཡས་ནས། །དུར་ཁྲོད་བརྒྱད་ཀྱི་གཞལ་ཡས་ནས། །ཉི་ཤུ་རྩ་བཞིའི་གནས་ལ་སོགས། །ཁྱད་པར་ཨོ་རྒྱན་མཁའ་འགྲོའི་ཚོགས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །ཧཱུཾ་ཆོས་དབྱིངས་རྣམས་དག་ངང་ཉིད་ལས། །འགྲོ་བའི་ལས་མཁན་དོན་དུ་ནི། །ཡེ་ཤེས་སྤྲུལ་པ་ཕྱོགས་བཅུར་འགྱེད། །རྗེ་བཙུན་མ་ཡི་ཐུགས་དམ་བསྐང་། །དབང་གི་སྐུ་མདོག་དམར་མོ་སྟེ། །གཟུགས་འཛིན་སྤང་ཕྱིར་གཅེར་བུ་ཉིད། །བཅུ་དྲུག་ཆས་འཛིན་གཞོན་སྒེག་འཛུམ། །བདེ་སྟོང་ལྷན་སྐྱེས་ཐུགས་དམ་བསྐང་། །དོན་དམ་མི་འགྱུར་གཞལ་ཡས་ནས། །ཐུགས་རྗེའི་སྤྱན་གསུམ་དུག་གསུམ་མཁྱེན། །ཁམས་གསུམ་གདུལ་བྱ་ཀུན་ལ་གཟིགས། །སྲིད་གསུམ་འདུལ་མཛད་ཐུགས་དམ་བསྐང་། །སྐུ་དང་ཡེ་ཤེས་དབྱེར་མེད་པས། །ཞེ་སྡང་འདུལ་ཕྱིར་མཆེ་བ་བཞི། །ཅུང་ཟད་གཙིགས་པས་བདུད་བཞི་འཇོམས། །ཞལ་ནས་ཁྲག་འཛག་ཐུགས་དམ་བསྐང་། །སྲིད་པའི་འཆིང་བ་ལས་གྲོལ་ཕྱིར། །དབུ་སྐྲ་སིལ་བུ་ཉིལ་བ་ལས། །སྙན་ཆ་གཙུག་གི་ནོར་བུས་བརྒྱན། །རྒྱན་གྱི་བརྒྱན་པའི་ཐུགསྎ བདེན་གཉིས་ཟུང་འཇུག་ཕྱག་གཡས་ནས། །ཤེས་རབ་གྲི་གུག་འབར་བ་ཡིས། །གདོན་ནད་ཉོན་མོངས་གཟུང་འཛིན་གཅོད། །བདུད་འདུལ་རྒྱལ་མའིྎ གཡོན་པ་ཐོད་པ་བདུད་རྩིས་བཀང་། །ཟག་མེད་བདེ་བའི་རོས་ཚིམ་ཕྱིར། །ཤེས་རབ་ཌ་མ་རུ་སྒྲ་སྒྲོག །ཁ་ཊྶཱཾ་བསྣམས་པའིྎ ཨཱ་ལྀ་ཀཱ་ལྀ་རྣམ་དག་ཕྱིར། །རྒྱ་ཕྱེད་མགོ་ཡི་ཕྲེང་བས་རྒྱན། །དར་གྱི་ཅོད་པན་བར་སྣང་ལྡིང་། །དྲི་མེད་མཁའ་འགྲོའིྎ གདུལ་བྱའི་རིགས་ཅན་ཐ་དད་ལ། །གང་ལ་ཅི་སྟོན་དེ་འདུལ་ཕྱིར། །རུས་པ་དང་ནི་རིན་པོ་ཆེ། །བརྒྱན་ཆ་འཆང་བའིྎ དྲན་པ་ཉེར་བཞག་ངོ་བོ་ཉིད། །རིགས་བཞིའི་མཁའ་འགྲོའི་ཚོགས་དབུས་སུ། །རོལ་པའི་ཁྲོ་མོ་མཚན་དཔེས་བརྒྱན། །མཚན་ལྡན་ཕག་མོའི་ཐུགསྎ ཆོས་ཀྱི་འབྱུང་གནས་གྲུ་གསུམ་ནས། །ཡེ་ཤེས་མེ་དཔུང་འབར་བའི་དབུས། །སྣ་ཚོགས་པདྨ་ཉི་མའི་གདན། །འགྱིང་བག་ཅན་གྱིྎ རིགས་བཞིའི་མཁའ་འགྲོ་སྡེ་བཞི་དང་། །སྤྲུལ་པའི་མཁའ་འགྲོ་དུ་མས་བསྐོར། །བདེ་སྟོང་བསྐྱེད་མཛད་མཁའ་འགྲོ་མ། །ལྷན་སྐྱེས་ཡབ་ཡུམ་ཐུགསྎ སྐུ་གསུང་ཐུགས་ཀྱི་རྒྱུད་འཛིན་མ། །འགྲོ་བའི་དོན་དུ་ཁྱོད་སྒྲུབ་ཕྱིར། །ཅི་བསམ་དངོས་གྲུབ་མ་ལུས་པ། །འདི་ཉིད་བདག་ལ་བརྩལ་དུ་གསོལ། །རྣལ་འབྱོར་མ་ཡི་ཐུགསྎ ཧཱུྃ་སྟོང་གསུམ་སྟོང་གི་འཇིག་རྟེན་ནས། །དབུས་ཕྱོགས་སྟོང་གི་འཇིག་རྟེན་ན། །མཐའ་དང་བྲལ་བའི་ཞིང་ཁམས་ནས། །སངས་རྒྱས་རིགས་ཀྱི་གསང་བའི་ཡུམ། །དཀར་མོ་གར་ཚུལ་རབ་སྒེག་མ། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །དེ་བཞིན་རིགས་ཀྱི་ཌཱ་ཀི་རྣམས། །རིགས་འཛིན་ཕྲིན་ལས་འགྲུབ་པར་མཛོད། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །ཧཱུཾ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཤར་ཕྱོགས་སྟོང་གི་འཇིག་རྟེན་ན། །རྡོ་རྗེ་མཁའ་འགྲོའི་དུར་ཁྲོད་དུ། །རྡོ་རྗེ་རིགས་ཀྱི་གསང་བའི་ཡུམ། །སྔོན་མོ་གར་ཚུལ་རབ་སྒེག་མ། གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །རྡོ་རྗེ་རིགས་ཀྱི་ཌ་ཀི་རྣམས། །རིག་འཛིནྎ བསྐང་ངོ་ྎ ཧཱུྃ་སྟོང་གསུམྎ ལྷོ་ཕྱོགསྎ དཔལ་དང་ལྡན་པའི་ཞིང་ཁམས་ནས། །རིན་ཆེན་རིགསྎ སེར་མོ་གར་ཚུལ་རབ་སྒེག་མ། །གྲི་གུགྎ རིན་ཆེན་རིགསྎ རིག་འཛིནྎ བསྐང་ངོ་ྎ ཧཱུྃ་སྟོང་གསུམ་སྟོང་ྎ ནུབ་ཕྱོགསྎ པདྨ་ཅནྎ པདྨྎ དམར་མོ་གར་ཚུལྎ གྲི་གུགྎ པདྨ་རིགས་ཀྱི་ཌཱ་ཀི་རྣམས། །རིགས་འཛིན་ཕྲིན་ལས་འགྲུབ་པར་མཛོད། །བསྐང་ངོ་ྎ སྟོང་གསུམྎ བྱང་ྎ རྣམ་པར་དག་པའི་གཞལ་ཡས་ན། །ལས་ཀྱི་རིགསྎ ལྗང་མོྎ གྲི་གུག་ཐོདྎ ལས་ཀྱི་རིགས་ཀྱི་ཌཱ་ཀི་མ། །རིག་འཛིནྎ བསྐང་ངོ་ྎ ཧཱུྃ་ཤར་ལྷོ་གཤིན་རྗེའི་བསྟན་་མ་ནི། །སྔོ་སེར་ཕྱེད་གཟུགས་ཁྲོ་གཏུམ་ལྡན། །ཕྱག་ན་ཌ་རུ་དག་བརྡུངས་པས། །ཉི་མ་དང་པོ་མགོ་བོ་འཁོར་བར་མཛད། །བསྐང་ངོ་ཁྱོདྎ ཧཱུྃ་ལྷོ་ནུབ་གཤིན་རྗེའི་འཇིགས་མ་ནི། །དམར་སེར་ཕྱེད་གཟུགས་སྟོབས་ཆེན་་མོ། །ཕྱག་ན་ཐོད་ཁྲག་བསྣམས་པ་ཡིས། །ཉི་མ་གཉིས་པ་ཁྲག་ཏུ་སྐྱུག་བར་མཛད། །བཀང་ངོ་ྎ ཧཱུྃ་ནུབ་བྱང་གཤིན་རྗེའི་མཆེ་བ་ཅན། དམར་ལྗང་ཕྱེད་གཟུགས་སྨྱོ་འབོག་མ། །ཕྱག་ན་ཁ་ཊྶཱཾ་གསོར་བ་ཡིས། །ཉི་མ་གསུམ་པ་རྒྱལ་བར་མཛད། བསྐང་ངོ་ྎ ཧཱུྃ་བྱང་ཤར་གཤིན་རྗེའི་ཕོ་ཉ་མོ། །ལྗང་སྔོན་ཕྱེད་གཟུགས་དམ་ཉམས་བསྒྲལ། ཕྱག་ན་གྲོ་གུག་འབར་བ་འཆར། །ཉི་མ་བཞི་པ་དམ་ཉམས་གསོད་མཛད་མ། །བསྐང་ངོ་ྎ ཧཱུྃ་ཤར་གྱི་སྒོ་བསྲུངས་ཁྭ་གདོང་མ། མཁའ་འགྲོ་མི་བསྲུན་མཐིང་ནག་སྟེ། །རྡོ་རྗེ་ཕྲ་མེན་འབུམ་གྱིས་བསྐོར། །ཕྱག་ན་རྡོ་རྗེ་ཐོད་ཁྲག་བསྣམས། །ཞེ་སྡང་རྣམ་དག་འགྲོ་བ་འདུལ། །བསྐང་ངོ་ྎ ཧཱུྃ་བྱང་གི་སྒོ་བསྲུངས་འུག་གདོང་མ། །ལྗང་མོ་ཞག་གི་ཟོ་རིས་ཅན། །ལས་ཀྱི་མཁའ་འགྲོ་འབུམ་གྱི་བསྐོར། །ཕྱག་ན་རྒྱ་གྲམ་ཐོད་ཁྲག་བསྣམས། །ཕྲག་དོག་རྣམ་དག་མཚར་གཅོད་མཛད། །བཀང་ངོ་ྎ ཧཱུྃ་ནུབ་ཀྱི་སྒོ་བསྲུངས་ཁྱི་གདོང་མ། །དམར་མོ་ཞིང་ཆེན་གཡང་གཞི་རྡེབ། །པདྨ་མཁའ་འགྲོ་འབུམ་གྱི་བསྐོར། །ཕྱག་ན་པདྨ་ཐོད་ཁྲག་བསྣམས། ཁྲིག་ཆགས་རྣམས་དང་བྱང་ཆུབ་བསྒྱུར། །བསྐང་ངོ་ྎ ཧཱུྃ་ལྷོ་ཡི་སྒོ་བསྲུངས་ཕག་གདོང་མ། །གསེར་མདོག་ཐལ་ཆེན་ཚོམ་བུས་རྒྱན། །རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །ཕྱག་ན་རིན་ཆེན་ཐོད་ཁྲག་བསྣམས། །སེར་སྣ་རྣམ་དག་དབུལ་འཕོངས་སེལ། །བསྐང་ངོ་ྎ ཧཱུྃ་དུར་ཁྲོད་རྒྱན་ལྡན་འཇིགས་པའི་གཟུགས། །སྐེ་རགས་གསེར་གྱི་དྲིལ་བུས་བརྒྱན། །སྙན་པའི་སྒྲ་སྒྲོག་སི་ལི་ལི། དབུ་རྒྱན་དར་གྱི་ཅོད་པཎ་ཅན། །རླུང་གི་བསྐྱོད་ཅིང་པུ་རུ་རུ། །རྐང་པ་རྡོ་རྗེའི་འགྲོས་སྟབས་ཅན། །མཁའ་ལ་ཐོག་མེད་སྤུན་སྤུན་འགྲོ། །བསྐང་ངོ་ྎ ཧཱུྃ་ལག་པ་གསེར་གྱི་གདུབ་བུ་ཅན། །སྣ་ཚོགས་གར་བྱེད་ཁྱུག་སེ་ཁྱུག །དེ་ལས་སོགས་པ་མཐའ་ཡས་པ། །རི་རབ་ལྷོ་ཡི་འཛམ་བུ་གླིང་། །སེམས་ཅན་དོན་དུ་བཞུགས་པ་རྣམས། །མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་ཐབས་ཀྱི་འདུལ། །བསྐང་ངོ་ྎ ཧཱུྃ་གནས་དང་ཉེ་བའི་གནས་དང་ནི། །པུ་ལི་ར་མ་ལ་སོགས་པའི། །ཡུལ་ཆེན་ཉི་ཤུ་རྩ་བཞི་ཡིས། །དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས། །བསྐང་ངོ་། ཕོ་བྲང་གཞལ་ཡས་ཕྱི་རོལ་ནས། །དུར་ཁྲོད་ཆེན་པོ་བརྒྱད་དང་ནི། །དེ་ལ་གནས་པའི་ཕྱོགས་སྐྱོང་བརྒྱད། །ཤིང་ཆེན་བརྒྱད་དང་ཞིང་སྐྱོང་བརྒྱད། །བསྐང་ངོ་ྎ མཚོ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །སྤྲིན་ཆེན་བརྒྱད་དང་མཆོད་རྟེན་བརྒྱད། །ནགས་ཚལ་བརྒྱད་དང་རོ་ལངས་བརྒྱད། །མེ་བརྒྱད་རི་བརྒྱད་ལྷ་ཆེན་བརྒྱད། །བསྐང་ངོ་ྎ རྣལ་འབྱོར་བརྒྱད་དང་མཁའ་འགྲོ་བརྒྱད། འབྱུང་པོ་གནོད་སྦྱིན་སྲིན་པོ་བརྒྱད། །ཤ་ཟ་སྲིན་པོ་ལྟོ་ཕྱེ་དང་། །མི་མ་ཡིན་དང་ལུས་སྲུལ་པོ། །བསྐང་ངོ་ྎ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །དམ་ཚིག་ཉམས་ཆག་ཚོགས་ཀྱི་བསྐོང་། །ལྟ་བ་ལོག་པ་གཏོར་མས་བསྐོང་། །བསྲུང་མ་གཡེལ་ན་འཛབ་ཀྱི་བསྐོང་། །བསྐང་ངོ་ྎ འདིར་བྱོན་དམ་བསྐོང་ཕྲིན་ལས་མཛོད། །འདོད་པའི་དངོས་གྲུབ་བདག་ལ་བརྩོལ། །ཧཱུྃ་དཔའ་བོ་དང་ནི་དཔའ་མོ་དང་། །རྡོ་རྗེ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་རྩེ་བར་ཉེར་དགོངས་ནས། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །བདག་ནི་མ་རིག་དབང་གྱུར་པས། །བླང་དང་སྤང་བྱ་མ་ཤེས་པས། །ཉེས་པར་གྱུར་པ་ཅི་མཆིས་པ། །དེ་དག་རྣལ་འབྱོར་མ་ལ་གཤགས། །བདག་ནི་འདོད་ཆགས་དབང་གྱུར་པས། །ཟང་ཟིང་ཕྱིར་ནི་ཉེས་བསགས་པ། །ཕོ་ཉ་ལ་སོགས་ཁྲོས་ལ་སོགས། །དེ་དག་རྣལ་འབྱོར་མ་ལ་བཤགས། །བདག་ནི་ཞེ་སྡང་དབང་གྱུར་པས། །སེམས་ཅན་རྣམས་ལ་ལུས་ངག་ཡིད། །གནོད་པར་གྱུར་པ་ཅི་མཆིས་པ། །དེ་དག་རྣལ་འབྱོར་མ་ལ་བཤགས། །བདག་ནི་གཏི་མུག་དབང་གྱུར་བས། །བླ་མ་རྡོ་རྗེ་སྤུན་རྣམས་ལ། །ལུས་ངག་ཡིད་གསུམ་ཁྲོས་པ་སོགས། །དེ་དག་རྣལ་འབྱོར་མ་ལ་བཤགས། །བདག་ནི་རྨོངས་པའི་དབང་གྱུར་པས། །རྩ་བའི་ལྟུང་བ་བྱུང་བ་དང་། །ཡན་ལག་ཉམས་པར་གྱུར་པ་རྣམས། །དེ་དག་རྣལ་འབྱོར་མ་ལ་བཤགས། །བདག་ནི་ལེ་ལོའི་དབང་གྱུར་པས། །གཉིད་དང་བྱིང་རྨུགས་དབང་སོང་ནས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས། དེ་དག་རྣལ་འབྱོར་མ་ལ་བཤགས། །དེ་ལྟར་བཤགས་པས་ཉེས་དག་ནས། །གནས་སྐབས་ཐུན་མོང་དངོས་གྲུབ་བསྩོལ། །མཐར་ཐུག་མཆོག་གི་དངོས་གྲུབ་ནི། །ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག །ཅེས་བརྗོད་ནས་ཡི་གེ་བརྒྱ་པས་ལྷག་ཆད་ཁ་སྐང་། སྨོན་ལམ་དང་བཀྲ་ཤིས་གང་འགྲུབ་བྱའོ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net