རྒྱལ་སྲས་གཅུང་རིན་པོ་ཆེའི་རྣམ་པར་ཐར་པ་་་།
༼༡ན༡༽༄༅། །རྒྱལ་སྲས་གཅུང་རིན་པོ་ཆེའི་རྣམ་པར་ཐར་པ་སྙན་དངགས་ཀྱི་བུང་བ་རྣམ་པར་རྩེ་བ་ཞེས་བྱ་བ་བཞུགས་སོ། །[1]
༼༡བ༢༽༄༅། །རྒྱལ་སྲས་གཅུང་རིན་པོ་ཆེའི་རྣམ་པར་ཐར་པ་སྙན་དངགས་ཀྱི་བུང་བ་རྣམ་པར་རྩེ་བ་ཞེས་བྱ་བ། དཔལ་ལྡན་བླ་མ་དམ་པ་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ལ་ཕྱག་འཚལ་ལོ། །ངག་གི་དབང་ཕྱུག་ཐོབ་པའི་ཁ་བའི་རིར་བཞུགས་གྲགས་པ་སྙན་པའི་གང་གཱའི་ཆུ་བོ་འབབ་གྱུར་ཅིང་། རྒྱལ་བའི་དམ་ཆོས་གདེངས་ཅན་མིག་གི་འོད་ཟེར་སྔོན་པོ་འཕྲོ་བས་རབ་མཚན་སྙིང་རྗེའི་ཆུ་རླབས་གཡོ། །དཔལ་ཡོན་དམ་པའི་འཇུག་ངོགས་གཙང་མ་རྣམས་ཀྱིས་མཛེས་པའི་མཛད་པའི་ཕ་མཐའ་བལྟ་བར་མི་མངོན་པ། བཟང་པོའི་སྐལ་ལྡན་དད་མོ་མ་ལུས་རོལ་པའི་གཞིར་གྱུར་མགོན་པོ་མ་དྲོས་མཚོ་ལ་ཕྱག་འཚལ་ལོ། །འཁོར་བའི་འབྲོག་དགོན་དུ་ལྷུང་འཇིག་རྟེན་པ། ཕ་རོལ་ལམ་དུ་གདུང་བས་ཉེན་རྣམས་ལ། ཕན་པའི་ཡལ་འདབ་འབྲས་རྫོགས་གྲིབ་ཤིང་ནི། ཁྱོད་དང་མཚུངས་པ་གཞནན་ཡོད་མ་ཡིན། གང་གི་འཛིན་མ་ལེགས་བྱས་ཟིམ་བུའི་ཆར་གྱིས་བྲན་པས་བསྟན་འཛིན་ཆུ་སྐྱེས་འཕྲལ་དུ་འོང་པས་གང་གྱུར་ཅིང་། ཡིད་ཅན་འགྲམ་པའི་སྡུག་བསྔལ་རྡུལ་ཐིགས་བསལ་བས་ངལ་བའི་ཐུབ་བསྟན་རྣ་བའི་ཨུཏྤལ་རྙིང་པའང་གསོས་མཛད་པ། རྒྱ་ཆེན་བསོད་ནམས་ཆུ་གཏེར་མྱུར་འགྲོ་རྣམས་ཀྱི་ཚོར་བ་ལས་འཁྲུངས་དཔལ་ལྡན་བླ་མ་མཆོག་གི་ཆུ་འཛིན་གྱི། རྣམ་ཐར་གློག་འགྱུ་གསེར་མདོག་འོད་ཀྱིས་འགྲོ་ལ་དགེ་བའི་ལམ་དག་ཀུན་ནས་སྟོན་པར་བྱེད་དེ་བསྔགས་པར་བགྱི། ཡ་རབས་རྣམས་ནི་གཞན་གྱི་ཆེད་དུ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོའི་སྒྲུབ་པ་ལ་ཞུགས་༼༢ན༣༽ནས། དམ་པའི་ཡོན་ཏན་འཚོལ་བ་ལ་དོམས་པ་མེད་དོ་ཞེས་ཐོས་ཏེ། དེ་ཡང་མག་དྷ་ལས་རྒྱང་རིང་པོས་བྱང་དུ་ཕྱིན་པའི་ཡུལ་ཁ་བ་ཅན་གྱི་ལྟེ་བ། ནོར་སྦྱིན་གྱི་ཚོགས་ཀྱི་གཙོ་བོ་གང་བ་བཟང་པོའི་ཕོ་བྲང་གསར་གྱི་རི་བོ་དཔལ་གྱི་དུམ་བུས་བརྒྱན་པ་ལྷུན་དང་མཐོ་ཁྱད་ཀྱིས་ནོར་འཛིན་གྱི་དབུས་ན་འཁོར་ལོའི་ལྟེ་བ་ལྟ་བུར་འཕགས་པ། འཆར་ཀའི་འོད་ཀྱིས་རེག་པས་རྩེ་མོ་འཛམ་བུ་ན་དཱིའི་མདོག་ཏུ་སྣང་བ། ཆུ་དང་ལྡན་པའི་སྤྲིན་འབྲུག་གི་སྒྲ་དལ་བུ་དལ་བུར་སྒྲོགས་པ་མགུལ་དུ་འཁྲིགས་པ། དབང་པོའི་གཞུ་དོ་ཤལ་བཞིན་དུ་བཟུང་བ། རི་བོའི་སུལ་སུལ་ནས་སྒྲ་སྙན་པ་སྙན་པར་སྒྲོགས་པའི་འབབ་ཆུ་དང་། བཀོད་མ་དང་། ཆུ་མིག་དང་། ནོར་ལྷས་དང་། ངང་པའི་སྡེས་གང་བའི་མཚོ་ཨིནྡྲ་ནཱི་ལ་བཅག་པའི་འཕྲོ་ལྟར་སྔོ་བ། ནེའུ་གསིང་ནོར་བུ་མཐོན་ཀའི་མེ་ལོང་ཕྱིས་པ་ལྟ་བུས་བརྒྱན་ནས་ཁ་དོག་གི་བྱེ་བྲག་ཐ་དད་དུ་སྟོན་པའི་རི་བོ་ཕྲན་དུ་མ་འཁོར་དུ་བསྐོར་ཏེ་རྒྱུ་སྐར་རྣམས་ཀྱི་བདག་པོ་ལ་འགྲན་པ་བཞིན་དུ་འདུག་གོ། །ཉི་འོད་གསེར་གྱི་ཅོན་པན་རབ་བཅིངས་ན་བུན་རས་བལ་དོ་ཀེར་ཅན། དབང་པོའི་གཞུ་ཡི་དོ་ཤལ་་་་་་་་་ཟླ་བ་ཆུ་ཤེལ་མདངས་འཛིན་ཅིང་། འབབ་ཆུ་རབ་དངས་སྐ་རགས་ཡིད་འོད་ནེའུ་གསིང་གསར་པས་སྨད་དཀྲིས་པ། གང་བ་བཟང་པོའི་རི་བོ་ཡ་མཚན་ཐམས་ཅད་འདུས་པའི་གཟུགས་བརྙན་བཞིན། གངས་རིའི་བུ་མོ་སོས་ཀའི་ཉི་བཞོན་གྱིས། རྩེ་དགས་དུབ་པའི་རྡུལ་རིས་བཀྲུ་བ་ལ། དབྱར་ཀའི་དྲོད་ཀྱིས་སྤྲིན་འཕྲེང་བཞུ་བའི་རྒྱུན། བར་སྣང་ལམ་ལམ་དེ་རུ་ཕབ་པ་བཞིན། རབ་དཀར་ངང་པའི་སྡེ་རྣམས་རོལ་པའི་མཚོ། ཨནྡ་རྙིལ་ལྟར་སྔོ་ཞིང་རབ་དངས་པ། རྒྱུ་སྐར་འཕྲེང་བ་མང་པོས་ལུས་མཛེས་པའི། སྔོ་བསངས་ནམ་མཁའི་བུ་མོའི་རྗེས་སུ་འགྲོ། སྣ་ཚོགས་ནོར་བུའི་མདངས་འདྲས་འཛིན་རྣམས། མི་ཡི་འཇིག་རྟེན་ལུས་ཀྱིས་གབ་བྱས་ནས། །ནམ་མཁའ་འཕགས་ཏེ་སྐབས་གསུམ་རྩེ་འཇོལ། བལྟ་འདོད་མགྲིན་པ་གྱེན་དུ་བཏེག་པ་བཞིན། དེ་ལྟ་བུའི་༼༢བ༤༽རྨུག་འཛིན་གྱི་འདུན་ས་ཆེན་པོའི་མདུན་ན། འཕྲལ་དུ་སྣུམ་པ་ཉིད་དང་། འབྱོར་བ་དང་། བཀྲ་ཤིས་པའི་རྟགས་དུ་མས་ཡུན་དུ་ཤིས་པར་གྱུར་པའི་སྨན་གྱི་ལྗོངས་ཡངས་པ་དང་། ཉམས་བདེ་བ་དང་། རྩྭ་ཇང་སེར་བསིར་བུས་བསྐྱོད་པའི་རི་མོ་ཆུའི་གཉེར་མ་ལྟ་བུ་ནི་འཁྲིགས། མེ་ཏོག་སྣ་ཚོགས་པ་འདབ་མའི་མཆུ་ཕྱེ་ནས་གསེར་གྱི་འཛུམ་སྟོན་པས་ནི་བརྒྱན། གདུང་བའི་ཁྱད་པར་མ་ལུས་པ་སེལ་བའི་རྩ་བ་དང་། ལོ་མ་དང་ཡལ་ག་དང་། སྡོང་བུ་དང་། འབྲས་བུའི་རྣམ་པ་མང་པོའི་སྨན་གྱིས་ནི་གང་། སྦྲང་རྩིས་མྱོས་པའི་བུང་བ་གླུ་ལེན་པ་རྣམས་ལང་ལོང་དུ་འདུ། བྱ་དུས་སུ་མགྲིན་པའི་རྒྱུད་མངས་སྙན་པར་བརྡུང་བ་ནི་མོད། སྤུ་སྡུག་པའི་རི་དྭགས་རྩེ་འཇོལ་མཁས་པས་ནི་གཏམས། རྦ་རླབས་ཀྱི་ལག་པ་བརྐྱང་ནས་ཆུ་ཐིགས་ཀྱི་མུ་ཏིག་འཐོར་བའི་ཆུ་ཀླུང་གི་བུ་མོ་ཡིད་ཆགས་པ་ནི་ཡོད། བྲག་རིའི་དུམ་བུ་བརྩེགས་པའི་བྱ་སྐྱིབས་དབང་པོའི་གཞུ་རེངས་པ་ལྟ་བུ་རྣམས་དཀའ་ཐུབ་པས་ནི་གང་། དགེ་བའི་རྩ་བ་བསྐྲུན་པ་རྣམས་ཀྱི་བསྟི་གནས་སུ་ནི་གྱུར་པ་དེ་ན། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་རླབས་ཀྱི་མཐུ་མཚུངས་པ་མེད་པ་འབའ་ཞིག་བཞུགས་པའི་ཀུན་ནས་གྲུབ་པའི་གཙུག་ལག་ཁང་ཆེན་པོ། དཔལ་ར་ལུང་ཐེལ་ཞེས་བྱ་བ། རྣལ་འབྱོར་གྱི་དབང་ཕྱུག་ས་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་རྡོ་རྗེའི་གདན། ས་ལ་འོག་མིན་གྱི་ཞིང་འཕོས་པ་ལྟ་བུ་འཇིག་རྟེན་གསུམ་གྱིས་མཆོད་པའི་ཡུལ་དུ་གྱུར་པ་དེ་འདུག་པར་གྱུར་ཏོ། སིལ་བུས་བསྐྱོད་པའི་རྩྭ་སྔོའི་རི་མོ་འཁྲིགས་པ་རྦ་རླབས་ཡོལ་བའི་གཉེར་མ་དང་། མེ་ཏོག་མགོ་ལྕོགས་ལྡེམ་པ་དེ་དག་ཆུ་བྱ་ཕན་ཚུན་རྩེ་བའི་རོལ་པ་དང་། ཡུལ་འདབ་འབྲས་ཕྱུག་སྨན་ལྗོན་འདབ་བརྒྱའི་སྡོང་པོ་གསེར་ཅན་དུ་འཁྲུལ་ནས་སུ། བུང་བའི་ན་ཆུད་མྱོས་པ་རྣམས་ནི་པདྨ་ཅན་སེམས་ཅི་ཡང་རབ་གར་བསྒྱུར། མཆུ་ཡི་ཡལ་འདབ་རྣམ་པར་ཕྱེ་ནས་གེ་སར་སོ་ཕྲེང་འཛུམ་པ་སྟོན་པའི་ཆུ་སྐྱེས་ན་ཆུང་བཞིན་མཛེས་ལ། དལ་འགྲོས་གྲོགས་མོས་ཝུ་བའི་ཤེལ་འཕྲང་ཅི་ཡང་ཐོགས་པའི་རྦ་རླབས་ལག་པས་༼༣ན༥༽ཆུ་ཐིགས་རྣ་རྒྱན་འགོད་བྱེད་པའི། དགའ་སྟོན་ལ་སྤྲོ་འདབ་ཆགས་མགྲིན་པའི་རྒྱུད་མངས་བརྡུང་བའི་སྒྲ་བརྙན་གྱིས་ནི་སྦྲང་རྩིའི་བུ་རྣམས་བཀུག་མཐོང་ནས། མཐོན་མཐིང་མིག་འབྲས་ཡ་མཚན་ཕྱོགས་དེར་ལྷུང་བས་ཡིད་འོང་རི་དགས་རྣམས་ནི་མགྲིན་པ་འཁྱོགས་པར་གྱུར་པ་བཞིན། ཆུ་ལྡན་སྤྲིན་གྱི་བླ་བྲེས་ཕུབ་གྱུར་ཅིང་། སྒྲ་བཅས་གློག་གི་ཡོལ་བའི་འཛུམ་ཆགས་པ། རི་བོའི་བྱ་སྐྱིབས་དེ་དག་དཀའ་ཐུབ་པས། གང་བ་མིག་གསུམ་གནས་པའི་གངས་ཅན་བཞིན། རིན་ཆེན་རྩིག་པ་རབ་བརྟན་གཙུག་ལག་ཁང་། ལེགས་བྱས་འོད་ཀྱིས་ཕྱོགས་རྣམས་འགེངས་བྱེད་པ། ལྷུན་པོ་གཟུགས་གཞན་འདྲ་སྟེ་འཇིག་རྟེན་ན། དཔལ་ལྡན་ར་ལུང་ཐེལ་ཞེས་གྲགས་པ་འཛིན། གྲུབ་པ་མང་པོས་བྱང་ཆུབ་བརྙེས་པས་ན། རྡོ་རྗེའི་གདན་དང་འོག་མིན་གང་ཡིན་ཞེས། དཔྱོད་ལྡན་དྲང་པོར་གནས་པའི་ཡིད་རྣམས་ལ། སོམ་ཉིའི་ཀུན་རྟོག་ཅི་ཡང་དེ་ཡིས་སྦྱར། དེ་ན་བཅོམ་ལྡན་འདས་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོས་ཐུགས་རྗེར་མཛད་པའི་སྒྱུ་མས་སྤྲུལ་པའི་སྐུ། དཔལ་ལྡན་འབྲུག་པའི་གདུང་རབ་གཞན་ལ་ཕན་པ་ལྷུར་ལེན་པའི་ཆུས་ཡང་དང་ཡང་དུ་བཅུས་པས་སྐྱེ་བོ་ཐམས་ཅད་ཀྱིས་ངོ་མཚར་བའི་གནས་སུ་གྱུར་པའི་བྱང་ཆུབ་ཀྱི་འབྲས་བུ་དུས་དུས་སུ་སྨིན་པ། གང་གི་སྙན་གྲགས་ཀྱི་དྲི་བསུང་ལ་ཆགས་པའི་གྲུབ་པ་དང་རིག་པ་འཛིན་པའི་བུང་བ་ཡོན་ཏན་གྱི་སྦྲང་རྩིས་ཚིམ་པས་རྒྱ་མཚོའི་མཐས་གཏུགས་པའི་ས་དང་། ས་འོག་དང་། འཐོ་རིས་ཀྱི་འཇིག་རྟེན་ཏིལ་གྱི་གང་བུ་བཞིན་དུ་འཕྱུར་བར་མཛད་པ་ཅི་ཡང་ཞིག་བྱུང་བའི་ནངས་ཀྱི་ཐ་མ་སྲིད་པའི་སྤྱོད་ཚུལ་ལ་ཤིན་ཏུ་ཁྲོས་པའི་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་སྐུ། བདེ་བ་ཆེན་པོའི་རང་བཞིན་གྱི་གར་གྱི་རོ་དགུ་དང་ལྡན་པ། བརྩོན་འགྲུས་དང་སྤྲོ་བ་ཆེན་པོ་རབ་ཏུ་རྒྱས་པའི་མཐུ་སྟོབས་ཀྱི་རྡོ་རྗེས་དུག་གསུམ་གྱི་མགྲིན་སྔོན་གཤེད་དང་ཕྲལ་ཏེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བསམ་གྱིས་མི་༼༣བ༦༽ཁྱབ་པའི་གསང་བའི་བདག་པོ་མཛད་པ། ངག་དབང་ཆོས་ཀྱི་རྒྱལ་པོ་ཞེས་ཉི་ཟླ་ལྟ་བུར་གྲགས་པ་རྡོ་རྗེ་འཆང་ཆེན་པོ་དེ་བྱོན་པར་གྱུར་ཏོ། འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་ཆུ་གཏེར་གྱིས། དཔལ་ལྡན་འབྲུག་པའི་གདུང་རབས་དཔག་བསམ་ཤིང་། དང་པོར་སྤྱན་པས་ཐར་འདོད་སློང་བའི་ཚོགས། གདུང་བའི་ཁྱད་པར་ཀུན་དང་ཕྲལ་བར་གྱུར། ཕྱིས་ནས་ངག་གི་ཡུལ་མིན་ཤེས་རབ་རྫོགས་པའི་དཀྱིལ་འཁོར་རྣམ་རྒྱས་ཇི་ལྟ་ཇི་ལྟར་དབང་ཕྱུག་དམ་པའི་ཡོན་ཏན་འོད་སྟོང་ཀྱང་། ཉིང་རྗེའི་རི་ལ་འཛེགས་པའི་རིམ་བཞིན་ནུས་པའི་ཚ་ཟེར་རྣོན་པོས་དལ་བུ་དལ་བུར་སྲིད་པའི་གངས་རི་བཞུ་བྱེད་ཅིང་། གདུལ་བྱ་འདབ་བརྒྱའི་ཚོགས་རྣམས་ཆོས་ཀྱི་གེ་སར་འཛིན་བཟོད་དེ་འདྲ་དེ་འདྲས་འཇིག་རྟེན་ཉིན་མོར་མཛད་པ་ཡི། བདུད་བཞིའི་མུན་པ་ཀུན་ལས་རྒྱལ་བའི་མགོན་པོ་ཉི་མ་གཉིས་པ་སུ་ཞིག་སུ་ཡིས་རྙེད་མིན་འགྲོ་ལ་སྦྱིན་པར་གྱུར། ཡོངས་འཛིན་དམ་པ་དེའི་བཙུན་མོ་ཁ་ན་མ་ཐོབ་ཅི་ཡང་མེད་པའི་གོ་རྴི་རྵའི་འཁྲི་ཤིང་། དད་པས་དཀོན་མཆོག་མཆོད་པ་ལ་མཁས་པའི་མཱ་ལ་ཡའི་རླུང་གཞོན་གྱིས་འཁྱུད་ནས་རྒྱུ་མེད་པར་བྱམས་པའི་ཐུགས་ཀྱི་བསུང་ཞིམ་པོས་གཞན་གྱི་གདུང་བ་འཕྲོག་པ། ནོར་འཛིན་གྱི་སྟེང་ན་སྒྲོལ་མ་ཉིད་དུ་བསྔགས་པའི་ག་བུར་གྱི་ཐང་ཆུ་དཀར་པོས་འཐུག་པོར་བྱུགས་པ་དེའི་མངལ་གྱི་ཆུ་སྐྱེས་ཀྱིས་བཟུང་བའི་གེ་སར་ཡོངས་སུ་སྨིན་པའི་འབྲས་བུར། མེ་མོ་གླང་གི་ལོ་ས་གའི་ཟླ་བ་ལ་དགེ་མཚན་དུ་མ་དང་བཅས་ཏེ་འཁྲུངས་ཤིང་། སྲས་ཀྱི་ཐ་ཆུང་དུ་གྱུར་པའི་ཕྱིར་གཅུང་རིན་པོ་ཆེ་ཞེས་མཚན་གསོལ་བར་གྱུར་ཏོ། དེ་ཡང་གཞོན་ནས་ཡུན་རིང་པོར་གཞན་གྱི་དགེ་བའི་བཤེས་གཉེན་བྱས་པའི་སྤྱོད་པ་ལ་གོམས་པའི་མཐུ་སད་པའི་གསེར་གྱི་སྙེ་མའི་ཕོན་པོ་ཐོན་ཅིང་། རྒན་རབས་རྐང་དྲུག་པའི་ཡིད་ལ་བབས་པའི་གཏམ་གྱིས་དྲི་བཟང་ཀྱི་ཁང་པར་གྱུར་པ། འཕོངས་པ་དབུགས་འཕྱིན་པའི་བརྩེ་བའི་ཡལ་འདབ་ཀྱིས་འཕྱུར་ཞིང་། ལྷན་ཅིག་སྐྱེས་པའི་ཤེས་རབ་ཀྱི་མེ་ཏོག་རྣམ་དཔྱོད་ཀྱི་གེ་སར་ཅན་ཅི་ཡང་འཁྲིགས་པའི་གྲུབ་པའི་འཛམ་བུའི་འཁྲི་ཤིང་ཉིད་དུ་གྲུབ་པའི་ཕྱིར། ༼༤ན༧༽ཁ་བའི་རི་ངོས་ལ་གནས་བཅས་པའི་སྐྱེ་བོ་རྣམས་དགའ་བའི་གླེང་མོ་ཅི་ཡང་འཕེལ་བའི་རྒྱུ་ཉིད་དུ་གྱུར་ཏོ། སྐྱོན་མེད་དད་ལྡན་བཙུན་མོ་དེ་ཡི་ཡིད། ཕུལ་བྱུང་འགྲོ་ལ་བྱམས་པ་ཇི་ལྟ་བ། འགྲོ་རྣམས་དགའ་བའི་ལྕེ་རྒྱ་ལེགས་བརྐྱང་ནས་སྒྲོལ་མ་ཉིད་དུ་བསྔགས་པ་དེ་ལ་བགྱིད། ཡ་མཚན་གསེར་གྱི་ཕྱེ་མའི་གོས་བཟང་ཕྱོགས་ཀྱི་བུ་མོ་ལ་སྟེར་བའི། དགེ་མཚན་ཉི་མའི་ཕོ་ཉ་ཐོག་མར་བཀྱེ་ནས་གྲུབ་རིགས་ཆུ་གཏེར་དེར། ཕྱིས་ནས་ཟླ་བ་ཁྱེད་འཁྲུངས་རྣམ་སྤྲུལ་བདུད་རྩི་འཐུངས་པ་དགའ་བའི་ཆུའི། གཤེར་བ་ཅི་ཡང་འགྲོ་བའི་ཡིད་ཀྱི་ཀུ་མུ་ཏ་རྣམས་འཛིན་པར་བྱེད། སྔོན་གྱིས་མཛའ་བས་རྣམ་སང་གང་གི་སྤྱོད། གཞོན་ནུ་ཉིད་ནས་ཆེན་པོའི་དད་ཚུལ་གྱིས། འཚོ་བ་གྲགས་པའི་གཞིར་གྱུར་པའི་ངག་གིས། རྒན་པོའི་སྙིང་རྣམས་ཡ་མཚན་རི་མོས་བཀང་། དེ་ནས་ཁྱུ་མཆོག་གི་ལོ། དགུང་ལོ་ལྔ་ལོན་པ་ཆུ་སྟོད་ཅན་གྱི་ཡང་གྱི་དགོངས་དང་པོ་རྒྱལ་དང་ཕུར་བུ་འཛོམ་པའི་ཚེ། དགའ་སྟོན་གྱི་ཆེད་དུ་འོངས་པའི་སྐྱེ་བོ་དང་། རབ་ཏུ་བྱུང་བ་མང་པོ་འདུས་པའི་བཀྲ་ཤིས་པའི་ཁྱམས་ར་མཐོ་རིས་ཀྱི་དཔལ་མ་ལུས་པ་ས་དེར་འོངས་པ་ལྟ་བུའི་བཀོད་པའི་ཁྱད་པར་ཅན་པོས་ཕྱུག་པ། གྲུབ་པ་ཐོབ་པ་བྱེ་བ་སྙེད་ཀྱི་ཟུར་ཕུད་ཀྱིས་རབ་ཏུ་བཏུང་བའི་ནོར་བུའི་རྐང་སྟེགས་ཅན། ཕས་རྒོལ་གྱི་གླང་པོ་ཐམས་ཅད་ཀྱི་ཁེངས་པ་འཕྲོག་པ་ཡང་དག་ཕུལ་གྱི་ང་རོ་མི་བཟང་པ་སྒྲོག་པའི་སེང་གེས་བཏེག་པ། དགེ་ལེགས་ཀྱི་སྣང་བ་དཀར་པོ་ནོར་འཛིན་གྱི་བུ་མོ་ལ་འཛིན་དུ་འཇུག་པའི་རིན་པོ་ཆེའི་ཁྲིར། སྣ་ཚོགས་པའི་གདུལ་བྱ་ལ་བློ་དང་འཚམས་པའི་ཆོས་ཀྱི་དཔལ་གསར་པ་གསར་པ་སྦྱིན་པའི་དབྱུག་གུས་གྲགས་པའི་རྔ་བོ་ཆེ་ཡང་ནས་ཡང་དུ་བརྡུར་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཟོང་མཐའ་ཡས་པས་ཡུན་རིང་མོ་ཞིག་ནས་བསྒྲུབ་བསྒྲུབས་པའི་གནས་ངང་ལོངས་སྤྱོད་གྱི་བདག་པོར་གྱུར་པའི་ཆོས་ཀྱི་རྗེར། གཞོན་ནུ་མཆོད་གཉིས་ལྷན་ཅིག་ཏུ་དབྱང་བསྐུར་བ་དེའི་ཚེ། བྱ་༼༤བ༨༽ཡུལ་ནས་སྤྲུལ་པའི་སྐུ་ཆོས་ཀྱི་གྲགས་པ་དང་། བོད་ཡུལ་གྱི་མིའི་དབང་ཕྱུག་གོང་མ་ཆེན་པོ་དཔོན་བློན་གྱི་ལེགས་སོ་བརྗོད་པའི་སྐྱེས་དང་། གཞན་ཡང་ཆེ་ཕྲན་ཐམས་ཅད་ཀྱིས་རང་རང་གི་འབྱོར་པའི་མཐུ་ཇི་སྙེད་པ་ལས་འོངས་པའི་མཆོད་པའི་སྤྲིན་ཆེན་པོ་སྲིད་པའི་ཕུན་སུམ་ཚོགས་པའི་དངོས་པོ་ཐམས་ཅད་སྣང་བ། འཕགས་པ་ཀུན་ཏུ་བཟང་པོའི་འདུན་ས་ལས་ད་ལྟ་འོངས་པ་ལྟ་བུས་གང་བར་གྱུར་ཏོ། གྲུབ་རིགས་བྱེ་བའི་མགོ་ལ་ཞབས་མཐིལ་དང་། ས་ལ་དགེ་མཚན་ལྷན་ཅིག་འགོད་བྱེད་པའི། ཆོས་ཀྱི་རྗེར་ནི་གཞོན་ནུ་དབང་བསྐུར་ཚེ། ལྷ་རྣམས་དགའ་བའི་མེ་ཏོག་ཅི་ཡང་གཏོར། ཤིས་བརྗོད་ཤིས་པའི་ཚིག་ནི་མང་པོ་ལྷ་ཡི་རྔ་བཞིན་ཐུབ་པའི་སྲས་རྣམས་སྒྲོག་པ་དེར་བྱེད་ཚེ། སྟེང་དུ་སྟེང་གི་འཇིག་རྟེན་པ་རྣམས་རིན་ཆེན་གདུགས་འདྲ་དབང་པོའི་གཞུ་ལ་བགྱིས་ནས་འཛིན་བྱེད་ཅིང་། ཕྱོགས་དང་ཕྱོགས་མཚམས་ཤེལ་གྱི་ཡོལ་བ་འདྲ་བ་མཁའ་ཡི་གླང་པོས་རས་བལ་རྒྱུད་ཀྱིས་བཀྲམ་པ་དང་། ས་གཞིར་ས་སྟེང་གནས་པས་མཐོ་རིས་འཕོས་པ་དང་མཚུངས་དགའ་སྟོན་སྤྲོ་བའི་ཁྱད་པར་དག་གིས་བཀང་། ཡ་མཚན་རྣམ་འཕྲུལ་ཆང་བུམ་དེ། ངོམས་མེད་འཐུངས་པ་བཟི་བ་ཡི། སྐྱེ་བོའི་མིག་འབྲས་རེངས་པ་རྣམས། བཞིན་རས་དག་གིས་བསྐྱོར་བ་བཞིན། དེ་ནས་དགུང་ལོ་བརྒྱད་པ་ལ་རྗེའི་དྲུང་དུ་དབུ་སྐྲ་བཅད། ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་བཏགས། ཡོངས་སུ་རྫོགས་པའི་དགེ་བསྙེན། དབུ་མ་ལུགས་ཀྱི་ཐུགས་བསྐྱེད་བདེ་དགྱེས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་གསན་ཅིང་། བརྟག་པ་གཉིས་པའི་རྒྱུད་ལ་གསན་སྦྱོང་མཛད། སྐྱོགས་ལོ་ཙ་བ་ལ། སྒྲ་ཀ་ལཱ་པ། སྙན་དངགས་མེ་ལོང་། སྡེབས་སྦྱོར་རིན་ཆེན་འབྱུང་གནས། མངོན་བརྗོད་འཆི་མེད་མཛོད་རྣམས་ལ་སྦྱངས་པས་ཡུན་མ་ལོན་པར་མཁྱེན་ཅིང་། རྗེའི་དྲུང་དུ། བཀའ་འགྱུར་རོ་ཅོག་དང་། བཀའ་བརྒྱུད་བཀའ་པོ་ད་ལ་སོགས་པའི་ལུང་། ཕྱག་ན་རྡོ་རྗེ་དང་། ༼༥ན༩༽སྒྲུབ་པའི་ཐབས་རྒྱ་མཚོ་ལ་སོགས་པའི་དབང་རྗེས་གནང་། ཕྱག་རྒྱ་ཆེན་པོ་སྐོར་གསུམ། ལམ་ཟབ་བླ་མ་སྒྲུབ་པ། ནཱ་རོ་ཆོས་དྲུག །གསུང་ངག་རོ་སྙོམས། རིམ་པ་ལྔ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་གསར་རྙིང་། དབྱིབས་རྣལ་འབྱོར་གསུམ། གདན་བཞི་ལ་སོགས་པ། དཔལ་འབྲུག་པ་དང་། རྔོག་པའི་ཟབ་ཆོས་ཀྱི་སྐོར་ཡོངས་སུ་རྫོགས་པ་ནས། བླ་མ་དམ་པ་ཨ་ཝ་དྷཱུ་ཏཱི་པ་ཤེས་རབ་རྒྱ་མཚོའི་ཞབས་ལ། མཻ་ཏྲི་ལུགས་ཀྱི་སྙན་རྒྱུད་ལ་སོགས་པའི་བསྐྱེད་རྫོགས་ཀྱི་གདམས་པ་མང་པོ་དང་། ཉིད་ཀྱི་གཅེན་ལ་སོགས་པ་བླ་མ་འགའ་ཞིག་ཝས་ལུང་དང་མན་ངག་ཅི་རིགས་པར་གསན་ནས། རྒྱ་ཆེ་བའི་ལུང་གིའུ་ཝང་གི་དྲི་རྫོགས་པས་མགྲོན་དུ་གཉེར་བའི་མན་ངག་གི་བུང་བ་ཅི་ཡང་འཁྲིགས་པ་ཐོས་པའི་གཉིས་འཐུང་གི་དབང་པོ་བསམ་པའི་སྒྱུ་རྩལ་ལ་མཁས་པ། རྣམ་དཔྱོད་ཀྱི་ཆང་གིས་མྱོས་པའི་སྣ་ལ་ལེགས་པར་བཤད་པའི་རལ་གྲི་བཅིངས་པས་མི་ཤེས་པའི་དགྲའི་དཔུང་མིང་ཙམ་ལྷག་མར་མཛད་དོ། །ལུང་དང་མན་ངག་ཆོས་ཚུལ་ཆུ་བོ་མ་ལུས་འཐུངས་པས་བསམ་པའི་ལུས་སྟོབས་འཕེལ་གྱུར་པའི། བློ་གྲོས་ཤིན་ཏུ་རྒྱ་ཆེའི་ཁ་ཞེས་བལྟ་བར་མི་མངོན་རྣམ་དཔྱོད་ཟབ་པའི་གློང་འཁྲུགས་པས། མི་ཤེས་རྟ་གདོང་མེ་རིའི་ཁེངས་འཕྲོག་ལེགས་བྱས་རིན་ཆེན་གསར་པ་ཅི་དགར་སྤེལ་བྱེད་པའི། ཀུན་དགའི་གཏམ་ལྡན་ཆུ་གཏེར་ཁྱོད་ནི་སྐལ་བཟང་གདེངས་ཅན་བདག་པོ་རྣམས་ཀྱི་ཉེར་འཚོར་གྱུར། འཁོར་བའི་ཆུ་བོར་རབ་མེད་ལས། འགྲོ་བ་བསྒྲལ་ཞེས་ཁྱོད་ཀྱིས་ནི། ལེགས་བཤད་ཤིང་ཆེན་ཀུན་བསྡུས་ནས། ཐར་པའི་གྲུ་བོ་སྦྱོང་བ་བཞིན། དེ་ནས། དགུང་ལོ་ཉེར་བཞི་པ་ལྕགས་ཕོ་བྱི་བའི་ལོ་རྗེ་བདེ་བར་གཤེགས་ནས་ཟླ་བ་གཅིག་ཏུ་གསང་བའི་ཚུལ་དུ་མཆོད་ཅིང་། སླད་ནས་དགེ་འདུན་ཉིས་བརྒྱ་ཙམ་གྱིས། བླ་མ་དམ་པ་དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོར་བཞེངས་པ། འཁོར་ལོ་བདེ་མཆོག་གི་ལ་སོགས་པའི་བསྒྲུབ་ཅིང་མཆོད་བཟླ་བ་རིལ་པོར་བཙུགས་ནས། དགོངས་པ་༼༥བ༡༠༽རྫོགས་ཐམས་སུ་རིན་ཐང་ཚད་མེད་པས་གནངས་ཆེ་ཞིང་། རྙེད་པར་དཀའ་བས་ཁྱད་པར་དུ་གྱུར་པ། ཡིད་དུ་མཆིས་པ་གཉིས་ཀྱི་སྤུས་གཙང་བའི་ནོར་རྫས་ཀྱི་ཚོགས། རྣམ་ཐོས་ཀྱི་བུའི་གཏེར་ཁ་ཕྱེ་བ་ལྟ་བུ་གང་དང་གང་འདོད་པ་ལ། དེ་དང་དེ་ལྡན་་་་་་་་་་་་་་་་པར་སྟེར་བའི་མཚོར་སྦྱིན་དངོས་གཞི་དཔལ་ར་ལུང་ཐེལ་དུ་དགེ་འདུན་ཉིས་སྟོང་ཙམ་དང་། སྐྱེ་བོའི་ཚོགས་ཆེན་པོ་ལ་བསྒྲུབས་པ་གདན་ས་ཐེལ་དུ་ཚོགས་པ་སྟོང་ལ་ཕྱག་འགྱེད་བཀྲ་ཤིས་ཁ་བཏགས་རེ་དང་། རྒྱའི་རེར་བུ་རེ་དང་། སྤྱི་འབུལ་དང་བཅས་པ། དཔལ་སྟག་ལུང་ཡ་ཐང་དུ། འབུལ་འགྱེད་རྣམ་གཞག་བསྒྲུབ་པར་ཉིད་དཔོན་སློབ་སུམ་བརྒྱ་ཙམ་གྱིས་བྱོན། གཞན་ཡང་དཔལ་འཁོར་བདེ་ཆེན། རོང་བྱམས་ཆེན། གནམ་རྩེ་ལྡེང་། ན་ལནྡ། བཀྲ་ཤིས་མཐོང་སྨོན་ལ་སོགས་པའི་དགེ་འདུན་གྱི་སྡེ་མང་པོར་བསྒྲུབ་པར་མཛད་དོ། །འབྱོར་པའི་རྒྱུ་སྐར་གྱི་དབུས་སུ་སེར་སྣའི་ནག་ནོག་མེད་པས་དཀར་བའི་གཏོང་བས་བདུད་རྩི་ཅི་ཡང་ལ། ཤཱཀྱའི་སྲས་མང་པོའི་ཡིད་ཀྱི་ཀུ་མུ་ཏ་ངོམས་པར་འཐུང་དུ་བཅུག་པས་ཚིམ་པའི་གེ་སར་རྒྱས་པར་བྱས་པ་དང་ལྷན་ཅིག་སྐྱེ་བོའི་ཚོགས་ཀྱི་འདོད་པའི་དབུགས་ལེགས་པར་ཕྱུང་བ། ཡི་རང་བའི་ཆུ་གཏེར་ཐམས་ཅད་ཆེས་ཆེར་འཕེལ་བར་མཛད་པས་ཉིད་ཀྱི་མཆོད་སྦྱིན་ནི་འཇིག་རྟེན་ན་ཟླ་བ་གསར་པ་ཉིད་དུ་འཁྲུངས་པར་གྱུར་ཏོ། སྤྱང་པས་ནོར་ནི་གྲོག་མཁར་ལྟར་མཐོ་ཞིང་། བསགས་པས་མིག་སྨན་བཞིན་དུ་བྲི་མཐོང་བ། དེ་ཡི་ཡིད་ནི་འཕངས་པ་མེད་པ་ལྟར། བང་མཛོད་རྣམས་ཀྱང་ཟད་པ་མེད་པར་གྱུར། ལེགས་བྱས་མཐུ་ཡིས་བསྒྲུབས་པའི་འབིགས་བྱེད་རྡི་བོ་ལ་འཁྱུད་བསོད་ནམས་ཞིང་གི་དཔལ་ཉིད་དུ། མ་ཚང་མེད་པའི་ནོར་གྱི་ཆར་འབེབས་སློང་བའི་ཆུ་སྐྱར་མགྲིན་པ་བཏེགས་ནས་བསྟོད་གྱུར་པ། དམ་པའི་ལུགས་བཟང་མཁའ་ལ་རབ་རྒྱུ་གང་གི་མཆོད་སྦྱིན་ཤཱཀྱའི་སྲས་ཀྱི་ཙ་ཏ་ཀའི། ཡིད་རྣམ་དགའ་བ་རྒྱ་ཆེས་འགོངས་པ་ཆུ་ལྡན་ཆར་སྤྲིན་ཟབ་མོའི་འབྲུག་སྒྲ་ཅན་དུ་གྱུར། ཡུལ་དབུས་སུ་ནོར་བུའི་གླིང་ཞེས་བྱ་བའི་གྲུབ་པ་རྣམས་གྱི་ཕོ་བྲང་༼༦ན༡༡༽དང་། རི་བོ་གྲུ་འཛིན་གྱི་སྤོར་དཔལ་སྤོས་སྐྱའི་གཙུག་ལག་ཁང་ལྕགས་རི་དང་བཅས་པ་སྔར་གྱི་རྙིང་པ་བཤིག་ནས་གསར་དུ་ལེགས་པར་བཟོས་ཤིང་། རྗེའི་སྐུ་རྟེན་དུ། བྲིས་སྐུ་ཐོག་ཚད་མ་དང་། སྐུ་འདྲ་རིན་པོ་ཆེ་གསེར་ཞོ་བརྒྱད་ཅུ་ལས་གྲུབ་པ་དང་། གསུང་རྟེན་དུ་སྐྱ་པོ་ཏ་བཀའ་འགྱུར་རོ་ཅོག །ཐུགས་རྟེན་དུ་ཕྱོགས་ཀྱི་འབུལ་སྡུད་པ་རྣམས་ཀྱང་འཁོར་ནས་དགེ་བྱེད་ཆུ་ཕོ་སྟག་གི་ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་ནས་འགོ་བརྩམས་ཏེ། ཕལ་པོ་དབོན་མོ་ཆེ་བ་ལུ་གུ་སིང་དང་། ཨ་དཔལ་སྲིང་གཉིས་ཀྱིས་གཙོས་པའི་རིག་བྱེད་པ་བཅུ་གཉིས་ཀྱིས། སྐུ་རྒྱུ་ཟངས་ཁལ་སུམ་བརྒྱ་དང་གཉིས། གསེར་ཞོ་དགུ་བརྒྱ་དང་ཉི་ཤུ། དངུལ་ཆུ་བརྒྱ་ཕྲག་ལྔ་བཅུ་རྩ་ལྔ་ལྷག་པའི་རིན་པོ་ཆེའི་མཆོད་རྟེན་བཀྲ་ཤིས་སྒོ་མངས་བརྐྱང་ཁྲུ་བཅོ་ལྔའི་དཔངས་དང་ལྡན་པ། དེའི་ནང་དུ་རྒྱལ་དབང་རིན་པོ་ཆེའི་སྐུ་གསེར་ཞོ་བཅུ་ཕྲག་བཞི་ལས་གྲུབ་པ། བུམ་ནང་དུ་གསེར་ཞོ་སུམ་བརྒྱ་ལས་གྲུབ་པའི་རྗེའི་སྐུ། བང་རིམ་ལ་དངུལ་སྤོ་རེ་བདུན་བརྒྱ་དང་ཉེར་དགུ། ལི་སྤོ་རེ་ལྔ་བརྒྱ་དང་སུམ་ཅུ་ལས་གྲུབ་པའི་རྒྱུད་སྡེ་བཞིའི་ལྷ་ཚོགས་བསྲུང་མ་དང་བཅས་པའི་སྐུ་རྣམས་དང་། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་ཕུན་སུམ་ཚོགས་པ་དག་གིས་སྤྲས་པའི་མཆོད་སྡོང་དམ་པ་དེ་ཉིད་ཡོས་ལོ་ཟླ་བ་བདུན་པའི་ནང་དུ་གྲུབ་པར་བགྱིས་པའི། འཛུགས་སྟོན། བར་སྟོན་ཐོན་སྟོན་ལ་གསེར་རྐྱང་ཞེ་ཉིས་བརྒྱས་གཙོས་པའི་མཐའ་ཡས་པའི་དངོས་པོས་ཡིད་མགུ་བར་མཛད་ཅིང་། གྲོ་བཞིན་ཅན་གྱི་ཟླ་བའི་ཉེར་ལྔ་ལས་ཆོག་བཙུགས་ནས། ཁྲུམས་སྟོད་ཅན་གྱི་རྫོགས་པ་དང་་་་་་་་་་་་་་་་་་་བརྒྱ་ཙམ་གྱིས་རབ་ཏུ་གནས་པ་དགའ་སྟོན་དང་བཅས་ལ་ལེགས་པར་བསྒྲུབས་སོ། །གཞན་ཡང་། ཉིད་ཀྱི་ཡུམ་གཤེགས་པའི་དགོངས་རྫོགས་དང་། ནང་རྟེན་གསེར་ཞོ་བརྒྱ་ལས་རྣམ་པར་རྒྱལ་བའི་མཆོད་རྟེན་རིན་པོ་ཆེའི་ཕྲ་ཚོམ་གྱིས་ཕྱུག་བ་ཞིག་ཀྱང་བསྒྲུབ་པར་མཛད་དོ། །དགེ་བ་ལ་སྤྲོ་པ་དང་ལྡན་པའི་འདབ་གཤོག་རྒྱས་པ་བརྩོན་འགྲུས་ཀྱི་ཤུགས་ཡོངས་སུ་རྫོགས་ཤིང་དཀོན་མཆོག་ལ་སྲི་ཞུའི་རྭ་ཨིནྡྲ་ནཱི་༼༦བ༡༢༽ལ་ལྟར་སྔོ་བ་ཟུང་མགོ་བོར་འཛིན་པ། དཔལ་གྱི་འབྱོར་པའི་མཆུ་སྔོན་པོ་དང་ལྡན་པའི་བཞིན་ལ། དགེ་ལ་ངོམས་ས་མེད་པའི་མིག་འབྲས་སེར་སྐྱ་གཡོ་བ། མཐུ་ནུས་ཀྱི་སྡེར་མོ་རྣོན་པོས་བར་དུ་གཅོད་པའི་གདེངས་ཅན་གྱི་རྒྱུད་ཆད་དུ་བཅུག་པ། གཙུག་ལག་ཁང་དང་། སྐུ་གསུང་ཐུགས་ཀྱི་རྟེན་གསར་དུ་བགྱི་བའི་ལེགས་བྱས་ཀྱི་འོད་ཟེར་རྟ་གདོང་གི་མེ་ལངས་པ་ལྟ་བུས་འཇིག་རྟེན་འགེངས་པ་དང་། རྟག་ཏུ་གཞན་ལ་ཕན་པའི་ནམ་མཁར་བཞུགས་པས་ནམ་མཁའ་ལྡིང་གི་དབང་པོ་ཉིད་དུ་གྱུར་ཏོ། ནོར་བུའི་གླིང་ཞེས་བྱ་བའི་ཁང་བཟང་དང་། དཔལ་ལྡན་སྤོས་སྐྱའི་གཙུག་ལག་ཁང་ཆེན་པོ། ལེགས་བྱས་གསར་པའི་དཔལ་ཡོན་ཅི་ཡང་གིས། བརྒྱ་བྱིན་གྲོང་གི་འགྲན་ཟླར་གྱུར་པ་སྤྲུལ། སྐུ་གསུང་ཐུགས་རྟེན་འབབ་ཆུའི་རྒྱུན། སྤྲོ་བའི་འབྱོར་པའི་རྦ་རླབས་ཀྱིས། རྣམ་མཛེས་དད་པའི་པདྨ་ཅན། དེ་བློའི་རི་ཕུགས་ཡངས་པར་བྱུང་། གཞན་ཡང་གསེར་མདོག་ཉི་མ་བརྒྱ་ལྟར་གསལ་བ་འགྲོ་ལ་སྣང་བྱེད་ཅིང་། ཕྲ་ལྡན་བཟོ་ཁྱད་ཟླ་བ་བརྒྱ་འདྲའི་མཛེས་པའི་འཛུམ་པ་ཆགས་གྱུར་པ། རྟག་ཏུ་མཁའ་ལྡིང་མཆོད་སྡོང་བརྒྱ་བཞིན་ཕུན་ཚོགས་སྤྲོ་བའི་མཐུ་འཛིན་ལ། མཐོ་ཞིང་ལྷུན་དྭགས་རི་དབང་བརྒྱ་མཚུངས་མཆོད་རྟེན་གཉིས་པ་མེད་པའང་བསྒྲུབས། ཡིད་བརྟན་དུ་མེད་པའི་དངོས་པོ་ཡོད་སྲུབས་ཀྱི་སྔགས་ཀྱིས་འཕྲལ་དུ་ཉམས་དགའ་དགའ་བ་ལྟར་བཅོས་པའི་རང་བཞིན་གོ་བ་དང་། ཚེ་མི་རྟག་པ་ཆུའི་ཝུ་བ་རླུང་གསེབ་ཏུ་གནས་པ་དང་འདྲ་བ་ཉིན་མཚན་གྱི་བྱ་བ་བློ་འདྲིད་ལ་མཁས་པས་མཚོར་བར་འཛད་དུ་འཇུག་པ་ཚོར་བ་དང་། འཇིག་རྟེན་གྱི་བྱ་བ་ཆུའི་རི་མོ་ལྟ་བུ་ཟིན་དུ་རེ་ནས་བསྒྲུབ་པ་གཡེང་བའི་གཡོ་ཐབས་སུ་ཤེས་པ་དང་། གཞོན་པའི་ལང་ཚོ་རྒ་བའི་ཆོམ་རྐུན་གྱིས་སྐྲ་དཀར་གྱི་ལྕགས་ཀྱུ་རྩེ་མོར་གནས་པའི་གཉེར་མའི་ཞགས་པས་དམ་པོར་བཅིང་ནས་རྒུད་པའི་དོང་དུ་བསྐྱུར་བའི་ཚུལ་ལ་འཇིགས་པ་དང་། སྲིད་པའི་བཙན་རར་དགེ་བ་ལས་ཕྱིར་ཕྱོགས་པའི་ལས་ཀྱི་ཕོ་ཉ་བས་དབང་མེད་དུ་ཁྲིད་ནས་མི་བཟད་པའི་སྡུག་བསྔལ་ལ་སྦྱར་བ་རྣམས་ལ་ཤིན་ཏུ་བརྩེ་བའི་༼༧ན༡༣༽ཤོག་ལེ་ཚང་མིན་འདུག །
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net