ཡིད་བཞིན་མཛོད་ཀྱི་ལེའུ་བཅོ་བརྒྱད་པའི་ཚིག་འགྲེལ་བཞུགས་སོ།
༄༅། །ལེའུ་བཅོ་བརྒྱད་པའི་ཚིག་འགྲེལ་བཞུགས་སོ། །[1]
༄༅། །ན་མོ་གུ་ར་ཝེ། གཞིའི་ལེའུ་འདིར། བསྒོམ་བྱ་ཐེག་གསུམ་གྱི་རང་འབྲས་ལ་ངེས་པར་འབྱུང་བའི་ལམ་གསུམ་ཡོད་པ་ལས་འདིར་སྔགས་བླ་མེད། དེ་ལའང་བསྐྱེད་རྫོགས་གཉིས་ལས་འདིར་རྫོགས་རིམ་སྟོན་ཅིང་དེ་ནི་རྒྱུད་ཀུན་གྱི་ཟབ་གནད་སྙིང་པོའོ། །བསྒོམ་བྱའི་སྔོན་དུ་གནས་ལུགས་ཤེས་དགོས། དེ་ལ་ཡང་གྲུབ་མཐའི་བློས་བཞག་པའི་རིམ་པ་མང་ན་ཡང༌། འདིར་མདོ་རྒྱུད་ཀུན་གྱི་གནད་མཐུན་ངེས་པའི་སྙིང་པོ་ནི། བདེན་གཉིས་དབྱེར་མེད་པ་ཁོ་ན་ཡིན་ཞིང༌། དེ་ནི་སངས་རྒྱས་རྣམས་ཀྱི་ཐུན་མིན་གྱི་སྤྱོད་ཡུལ་ཡིན་པས་གསང་བ། ཆོས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་མཛོད་ཁང་ཡིན་ནོ། །དེ་གཏན་ལ་དབབ་པ་ལ། དང་པོ་གཞི་བདེན་པ་དབྱེར་མེད་དུ་གཏན་ལ་དབབ། ལམ་འཁོར་འདས་དབྱེར་མེད་ཉམས་སུ་བླང༌། ཐོབ་བྱ་གཞི་འབྲས་དབྱེར་མེད་དུ་ལ་བཟླ་བ་གསུམ་གྱི་དང་པོ། བདེན་པ་དབྱེར་མེད་ཅེས་མིང་དུ་བཏགས་པའི་གནས་ལུགས་དེ་ཡི་རང་བཞིན་ཇི་ལྟ་བུ་ཞེ་ན། གདོད་ནས་འོད་གསལ་བའི་ཡེ་ཤེས་སམ་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་སྟེ། འོད་གསལ་ཞེས་པའི་མིང་གིས་ནི། མུན་པ་དང་བྲལ་བ། སྣང་བ་དང་ལྡན་པ་གཉིས་མཚོན་པ་ལྟར། སྒྲིབ་པས་མ་གོས་པ་དང༌། ཡེ་ཤེས་ཀྱི་མཁྱེན་ཆ་དང་ལྡན་པའི་མིང་སྟེ། དེས་ན་སྒྲིབ་བྲལ་གྱི་ཡེ་ཤེས་ཞེས་བྱའོ། །འདི་ནི་མཁྱེན་ཆ་རིག་པའི་ངོས་ནས་བསྟན། དེ་ཡང་ཐོག་མ་མེད་པའི་དུས་སམ་ཡེ་ནས་མཐའ་གང་དུའང་མི་གནས་པས་ན་རབ་ཏུ་ཞི་བ་སྟེ་སྤྲོས་པ་མེད་པའི་བདག་ཉིད་དམ། རང་བཞིན་ཅན་དུ་བཞུགས་པའོ། །འདིས་ནི་སྟོང་ཆ་བསྟན། རིག་པ་དང་སྟོང་པ་དེ་གཉིས་པོའི་དཔེ་ནི་ཉི་མའི་སྙིང་པོ་འོད་གསལ་བ་དང་ནམ་མཁའ་སྒྲིབ་པ་མེད་པ་ལྟ་བུ་དེ། མཁྱེན་ཆ་ལྷུན་གྱིས་གྲུབ་པ་དང་རང་བཞིན་འདུས་མ་བྱས་པས་སོ། །དེ་ལྟ་བུའི་རིག་སྟོང་ཟུང་དུ་འཇུག་པའི་དབྱིངས་དེ་ནི་ལམ་གྱི་བྱེད་རྩོལ་ལྟ་བུ་ལ་མི་ལྟོས་པར་རང་བཞིན་གྱིས་རྣམ་པར་དག་པ་སྟེ། དེ་ཡང་འདུས་བྱས་འཁོར་བ་དང་འདུས་མ་བྱས་ཕྱོགས་གཅིག་པ་ཞི་བའི་སྐྱོན་གཉིས་ཀས་ཀྱང་མ་རེག་པས་ན་རྣམ་པར་དག་པ་ཆེན་པོའོ། །དེ་ལྟ་བུའི་ངང་ཚུལ་ཅན་དུ་ཡེ་ནས་གནས་པས་ན། ངོ་བོ་ལ་སྣང་སྟོང་སོ་སོར་དབྱེར་མེད་ཅིང་མྱང་འདས་བདེན་པར་བསྒྲུབ་པ་དང༌། འཁོར་བ་བདེན་པ་བསལ་བྱའང་མེད་ཅིང༌། དེའི་དབང་གིས་སྐྱོན་ཕར་འགྲོ་བ་དང་ཡོན་ཏན་ཚུར་འོང་བའང་མེད་དོ། །དེ་ལྟ་ན་ཀུན་རྫོབ་སྒྲ་དང་རྟོག་པའི་འཇུག་པ་དེར་མི་རྒྱུར་བས་ན་ཀུན་རྫོབ་ཀྱི་སྒྲོས་པ་རྣམ་པར་ཆད་པ་སྟེ། འཁོར་འདས་སྣང་སྟོང་སྐྱོན་ཡོན་སོགས་སུ་སྒྲ་རྟོག་གིས་གང་གཞལ་བ་ཐམས་ཅད་དཔྱོད་བཟོད་དུ་མི་འགྲུབ་པའི་ཕྱིར་ཀུན་རྫོབ་པ་ཡིན་ཅིང་དེའི་རྒྱུ་བ་ཐམས་ཅད་ཉེ་བར་ཞི་བའོ། །དེས་ན་འདི་ནི་ཀུན་རྫོབ་དང་འདི་ནི་དོན་དམ་ཞེས་རྣམ་པར་དབྱེ་བའི་སྤྱོད་ཡུལ་ལས་འདས་པས་ན། གྲུབ་མཐའི་བློས་སྐྱེ་བར་སྣང་བ་ཀུན་རྫོབ། སྐྱེ་བ་མེད་པར་གནས་པ་དོན་དམ་མོ་ཞེས་པ་ལྟ་བུར་བཏགས་ཤིང་ཞེན་པའི་བདེན་པ་གཉིས་སུའང་བཞག་པ་མེད་པའི་ཕྱིར་དེ་ལས་འདས་ཏེ་ཡོད་མེད་དུ་འཛིན་པ་ལ་སོགས་པའི་སྤྲོས་ཀུན་ཉེ་བར་ཞི་བ་ཡིན་ཏེ། དེའི་རྒྱུ་མཚན་གནས་ལུགས་ལ་བདེན་པ་གཉིས་སོ་སོར་དབྱེར་མེད་པས་ན་ཀུན་རྫོབ་དུ་ནི་གྲུབ་ཅེས་སམ། དོན་དམ་པར་མ་གྲུབ་ཅེས་སོ་སོར་དབྱེར་མེད་པའི་གནད་ཀྱིས་སོ། །དེའི་མཇུག་བསྡུ་བ་ནི། དེ་ལྟར་ཆོས་ཀྱི་དབྱིངས་ལ་སྣང་བ་དང་སྟོང་པའི་རང་བཞིན་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པས་ན། ཀུན་རྫོབ་དང་དོན་དམ་གྱི་བདེན་པ་དེ་ཡང་དབྱེར་མེད་ཅེས་སུ་སྒྲ་དང་ཚིག་གིས་བརྗོད་པ་ཙམ་མོ། །དབྱིངས་དེ་ལྟ་བུ་ཡིན་དུ་ཟིན་ཀྱང་སྣང་ཚུལ་ལ་བརྟེན་ནས་ཐ་སྙད་ཙམ་གྱི་ཚུལ་གྱིས་སོ་སོར་རབ་ཏུ་དབྱེ་ན། འདི་ལྟར་འཁྲུལ་སྣང་གིས་བསྡུས་པ་གཟུང་འཛིན་གྱི་རྟོག་པའི་དབང་གིས་སྣང་བ་འཁོར་བའི་ཆོས་སུ་གཏོགས་པ་ཐམས་ཅད། བརྟག་ན་མི་བདེན་ཞིང་གཡོ་ཞིང་མི་རྟག་པས་ན་བསླུ་བའི་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། རྟོགས་དཀའ་བས་ཟབ་པ་དང་སྤྲོས་ཀུན་ཉེ་བར་ཞི་བ་དང༌། མཁྱེན་པའི་ཡེ་ཤེས་འོད་གསལ་ཞིང་སྡུག་བསྔལ་མཐའ་དག་སྤངས་པས་ན་མྱ་ངན་ལས་འདས་པ་ཆེན་པོས་བསྡུས་པའི་ཆོས་རྣམས་ནི། རྡུལ་དང་སྐད་ཅིག་མའི་ཆོས་ལས་འདས་པས་ན། འགྱུར་བའི་ཟུག་རྔུ་དང་བྲལ་བ་འགྱུར་བ་མེད་པའི་རང་བཞིན་ཅན་དོན་དམ་པའི་བདེན་པར་འདོད་དོ། །ཀུན་རྫོབ་དོན་དམ་གྱི་འཇོག་ཚུལ་འདི་ལ་སྣང་ཚུལ་དང་གནས་ཚུལ་གྱིས་བཞག་པ་ནི་སྣང་ཆ་དང་སྟོང་ཆ་ལ་འཇོག་པས་དེ་ནི་འཁོར་འདས་གཉིས་ཀར་འདྲ་ཞིང་མཉམ་ལ། འདིར་གནས་ཚུལ་དང་སྣང་ཚུལ་མཐུན་པ་དང་མི་མཐུན་པ་ལ་དོན་དམ་དང་ཀུན་རྫོབ་ཏུ་འཇོག་པའི་ལུགས་ཏེ། དེ་ལྟ་བུའི་སྲོལ་ཆེན་པོ་གཉིས་སུ་གནས་པ་ནི་མདོ་རྣམས་ནའང་མང་དུ་འབྱུང་བ་ཡིན་པས་ཕན་ཚུན་ཤན་ཤོར་བར་མི་བྱ་ལ། ཕྱི་མའི་འཇོག་ཚུལ་འདི་ནི་ཐ་སྙད་དཔྱོད་པའི་ཚད་མས་ཡང་དག་དང་ཡང་དག་མིན་པར་ཕྱེས་ནས་བདེན་གཉིས་འཇོག་ཚུལ་ཡིན་པས། གཞུང་འདིར་ཡང༌། ཐ་སྙན་བདེན་གཉིས་ཚུལ་གྱིས་རབ་དབྱེ་ན། །ཞེས་གསུངས་པ་ལྟར་རྟོགས་པར་བྱ་སྟེ། དོན་དམ་དཔྱོད་བྱེད་ཀྱི་ཚད་མས། མྱང་འདས་དཔྱད་བཟོད་དམ་བདེན་གྲུབ་ཏུ་བསྒྲུབ་པ་མིན་པར་ཤན་ཕྱེད་པ་གལ་ཆེའོ། །དེ་ཡང་གཉིས་སྣང་དང་བཅས་པའི་སྤྱོད་ཡུལ་དུ་མི་བརྟན་གཡོ་བའི་ངང་ཚུལ་ཅན་གྱི་ཀུན་རྫོབ་འདི་ལྟར་སྣང་བ་སྣ་ཚོགས་པ་འདི་ཡང༌། སྒྱུ་མ་ཆུ་ཟླ་སྤྲུལ་པ་གཟུགས་བརྙན་བཞིན་དུ་བརྟགས་ན་རང་བཞིན་དུ་གྲུབ་པ་རྡུལ་ཙམ་མེད་ལ། མེད་ཀྱང་སྣང་ནི་སྣང་བ་གང་ཡིན་པ་འདི་དག་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཤིན་ཏུ་བརྟགས་ན་རགས་པའི་གཞི་དང་ཕྲ་བའི་རྩ་བར་གྱུར་བའི་དངོས་པོ་རྡུལ་ཕྲ་རབ་ཙམ་ཡང་གྲུབ་པ་མེད་པས་ན། ནམ་མཁའ་དང་འདྲ་བར་སྟོང་ཞིང༌། ཆོས་རང་རང་གི་མཚན་ཉིད་ཀྱིས་གྲུབ་པ་རྣམ་པར་ཆད་པས་བརྟག་པར་མི་བཟོད་ཀྱང༌། མ་བརྟགས་མ་དཔྱོད་པར་བག་ཡངས་སམ་ཉམས་དགའ་བ་ཙམ་གྱི་སྤྱོད་ཡུལ་དུ་ནི་རྣམ་པ་སྣ་ཚོགས་པའི་རང་བཞིན་དུ་སྣང་བ་ནི་དཔེར་ན་མེད་བཞིན་སྣང་བ་སྒྱུ་མའི་རྟ་གླང་ལ་སོགས་པ་བཞིན་ནོ། །མེད་བཞིན་དུ་ཡང་སྣང་བའི་རྒྱུ་ཅི་ཞིག་ཡིན་ཅེ་ན། ཐོག་མེད་ནས་གོམས་པའི་བག་ཆགས་གང་ཞིག་འཁྲུལ་པའི་རང་བཞིན་ཅན་གྱི་རྟེན་ཅིང་འབྲེལ་པ་ལས་བྱུང་བ་ཡིན་ཏེ། དཔེ་ཅི་ལྟར་ན་དྷ་དུར་ཟོས་པ་ཡི་གང་ཟག་གི་མིག་ལམ་དུ་གླང་པོ་ལ་སོགས་པ་སྣང་བ་བཞིན་ནོ། །དེ་ལྟར་འཁྲུལ་པའི་སྣང་བ་འདི་དག་རང་བཞིན་གྱིས་ཆོས་བདག་གིས་སྟོང་ཞིང་གང་ཟག་གི་བདག་མེད་པ་དེ་ཉིད། སྣང་བདེ་ཡི་ཡིན་ལུགས་སམ་གནས་ལུགས་ཡིན་པའི་ཕྱིར་སྟོང་པའི་ཆ་དེ་ལ་དོན་དམ་ཞེས་བྱ་ཞིང་དེའི་སྣང་ཆ་ལ་ཀུན་རྫོབ་ཅེས་སུ་བཞག་པ་ཡིན་ཏེ། དེ་ལྟར་སྣང་བའི་དུས་ཉིད་ནས་ཀྱང་སྐྱེ་བ་དང་གནས་པ་སོགས་སུ་གྲུབ་པ་མེད་པས་ན། ཆོས་དེ་དང་དེའི་རང་བཞིན་ནམ་གནས་ལུགས་ནི་སྣང་སྟོང་འདུ་འབྲལ་མེད་པར་གནས་པ་དེ་ཡིན་པའི་ཕྱིར་བདེན་པ་དབྱེར་མེད་པའི་བདག་ཉིད་དོ། །གཉིས་པ་ལམ་འཁོར་འདས་དབྱེར་མེད་ནི། འཁོར་བ་དེ་ཡི་རང་བཞིན་གདོད་ནས་སྐྱེ་བ་མེད་པའི་བདག་ཉིད་རྣམ་པར་དག་པ་སྟོང་པའི་ཆ་དབྱིངས་ཀྱི་དོན་དམ་དང༌། མཁྱེན་ཆ་འོད་གསལ་བའི་དོན་དམ་ཞེས་ཡེ་ཤེས་དང་འབྲས་བུའི་དོན་དམ་བསྟན་པའོ། །དེ་ཡང་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ལ་ལྡོག་ཆས་བྱེད་པ་ལྔ་དང༌། དེ་ལ་བརྟེན་ནས་སྐུ་ལྔ་འབྱུང་བས་ན་འབྲས་བུ་དང་ཡེ་ཤེས་ཀྱི་དོན་དམ་ནི་འོད་གསལ་བ་ཉིད་ལ་འདུས་པ་བཞིན་ནོ། །དེ་ལྟར་ན་སྟོང་པ་དབྱིངས་དང་གསལ་བ་ཡེ་ཤེས་གཉིས་པོ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པས་ན། སྣང་ཚུལ་འཁོར་བ་ལྟར་སྣང་བ་ཉིད་གནས་ཚུལ་ལ་རང་བཞིན་གྱིས་མྱ་ངན་ལས་འདས་པར་གནས་པ་སྟེ་གཤིས་ལ་འཁོར་འདས་གཉིས་སུ་མེད་ཅིང་བདེན་པ་གཉིས་སུ་དབྱེར་མེད་དོ། །དབྱིངས་དོན་དམ་དང་འོད་གསལ་བའི་དོན་དམ་དབྱེར་མེད་དུ་ཆུག་ཀྱང་དྲི་མར་ལྡན་པའི་འཁོར་བ་ཉིད་དྲི་མ་མེད་པའི་མྱང་འདས་སུ་ཅི་ལྟར་རུང་སྙམ་ན། འདི་ལྟར་མ་དག་པའི་བློ་ཅན་རྣམས་ཀྱི་ངོར་སྡུག་ཀུན་གྱིས་བསྡུས་པ་དྲི་མར་ལྡན་པ་འཁོར་བའི་ཆོས་སུ་སྣང་ན་ཡང༌། སྣང་བ་ལྟར་འཁོར་བ་ཉིད་གྲུབ་ན་མྱང་འདས་སུ་མི་རུང་ཡང༌། འཁོར་བ་ཉིད་རིགས་པས་བརྟགས་ན་མ་གྲུབ་པས་ན་དྲི་མར་ལྡན་པས་འཁོར་བའི་རང་བཞིན་ཅུང་ཟད་ཀྱང་མེད་དེ་གདོད་ནས་དག་པ་དབྱིངས་ཀྱི་དོན་དམ་པ་དང༌། གཞི་ཐ་དད་པ་དང་རྣམ་པ་སོ་སོར་དབྱེ་བའི་ཆོས་ཡང་དག་པའི་དོན་ལ་མ་གྲུབ་པས་དོན་དམ་པར་འཁོར་འདས་དབྱེར་མེད་སྲིད་ཞི་མཉམ་པ་ཉིད་དུ་བསྟན་པ་ཡིན་ནོ། །འདི་ལས་གཞན་དུ་གནས་ལུགས་ཡང་དག་པའི་དོན་དུ་ན། འཁོར་འདས་ཐ་དད་དུ་རྟོག་པ་ནི་ལོག་པའི་བློ་ཡིན་ཏེ། དངོས་པོའི་དེ་ཁོ་ན་ཉིད་ཀྱི་དོན་ལ་རབ་ཏུ་རྨོངས་ཞིང་ངེས་དོན་གྱི་མདོ་སྡེའི་དགོངས་པ་ཟབ་མོ་ཁོང་དུ་མ་ཆུད་པ་ཞེས་བྱའོ། །དེ་ལྟར་མ་རྟོགས་བཞིན་དུ་ཐ་སྙད་འཁྲུལ་པའི་སྣང་ཚུལ་ཙམ་དུ་དུའང་འཁོར་འདས་དབྱེར་མེད་ཅེས་ཁ་འབྱམས་ཚིག་གི་ལྟ་བས་དགེ་སྡིག་སྐྱོན་ཡོན་འདྲ་བར་འཛིན་པ་ནི་མི་རུང་སྟེ། འཁྲུལ་པ་ཅན་གྱི་ངོར་ནི་ཇི་ལྟར་སྣང་བ་བཞིན་དུ་རྒྱུ་དང་འབྲས་བུ་བསླུ་མེད་དུ་ཡོད་པའི་ཕྱིར་ན། དགེ་སྡིག་གི་བླང་དོར་ཕྲ་མོ་ཡང་མ་ནོར་བར་ཤེས་པ་གཅེས་སོ། །གསུམ་པ་ཐོབ་བྱ་གཞི་འབྲས་དབྱེར་མེད་ནི། དུས་གསུམ་ཀུན་ཏུ་ཡང་ཆོས་ཉིད་རང་གི་ངང་ཚུལ་ལས་འགྱུར་བ་མེད་པ་གང་ཞིག་འཕགས་པ་རྣམས་ཀྱི་གཟིགས་ངོར་བདེན་པར་གྱུར་པ་དོན་དམ་བདེན་པའི་རང་བཞིན་ནི། རང་བཞིན་གྱིས་འོད་གསལ་བ་བདེ་བར་གཤེགས་པའི་སྙིང་པོ་རྒྱུ་རྐྱེན་ལ་མ་ལྟོས་པར་ཡེ་ནས་གནས་པའམ་ལྷུན་གྱི་གྲུབ་པ་སྟེ། དེའི་ཁྱད་པར་ནི་ཇི་ལྟ་བུ་ཞེ་ན། ངོ་བོ་སྟོང་ཞིང་རང་བཞིན་གསལ་བ། དེ་ཡང་མི་ཤེས་པ་ལས་ལོག་པའི་རིག་པ་་ཡེ་ཤེས་གང་ཞིག་གསལ་སྟོང་དབྱེར་མེད་དུ་ཡུལ་དང་བྲལ་བའི་ཚུལ་གྱིས་རང་བཞིན་གསལ་བའི་རང་བཞིན་ཅན་སྟེ་གསལ་སྟོང་རིག་པ་དེ་གསུམ་དབྱེར་མེད་པའི་ཆོས་ཉིད་དོ། །འདི་ཉིད་ལམ་རྐྱེན་ལ་མ་ལྟོས་པར་འཁོར་འདས་ཐམས་ཅད་ལ་ཁྱབ་པར་བཞུགས་པས་ན་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན་ནོ། །ཅིའི་ཕྱིར་དཀྱིལ་འཁོར་ཡིན་ཞེ་ན་རྒྱུ་རྐྱེན་གྱི་རྩོལ་བས་མ་བསྐྱེད་པར་ཡེ་ནས་ལྷུན་གྱིས་རྫོགས་པའི་བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་ཅན་ཏེ་བཅུད་དང་ལྡན་པའི་ཕྱིར་རོ། །དེའི་ཚུལ་རྒྱས་པར་བཤད་ན། སྒྲིབ་པའི་དྲི་མ་ཀུན་ཡེ་ནས་མི་གནས་པའི་ཚུལ་གྱིས་རྣམ་པར་དག་ཅིང༌། དྲི་མ་དེའི་རྒྱུ་རྣམ་པར་རྟོག་པའི་སྤྲོས་པ་མ་ལུས་པ་དང་བྲལ་བས་ན་མཐའ་འམ་ཕྱོགས་སུ་ལྷུང་བ་ཀུན་དང་བྲལ་བ་ནི་སྤང་བ་ཆེན་པོ་དང༌། དབྱིངས་དེ་ཉིད་ཟབ་མོ་སྐུ་དང་རྣམ་རྟོག་ཞི་བའི་ཡེ་ཤེས་དང་གདོད་ནས་འདུ་འབྲལ་མེད་པའི་རྟོགས་པ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །སྐུ་ལྔ་དང་འདུ་འབྲལ་མེད་ཀྱང་མན་ཤེལ་གྱི་རང་མདངས་རྐྱེན་དང་མ་ཕྲད་པ་ལྟར་སོ་སྐྱེའི་ངོར་མི་སྣང་ཞིང་བློས་བརྟག་དཔྱད་ཀྱིས་ཇི་བཞིན་རྟོག་པར་མི་ནུས་པས་ཟབ་པའོ། །འོད་གསལ་བའི་རང་གདངས་མཁྱེན་ཆ་ཡེ་ཤེས་མ་འགགས་པར་ཡོད་ཀྱང༌། མཐའ་བཞིའི་རྣམ་པར་རྟོག་པའི་གཟེབ་ཏུ་མ་ཚུད་པར་སྤྲོས་པ་ཀུན་རྣམ་པར་ཞི་བའི་ངང་ཚུལ་ཅན་དུ་གནས་པས་ན་ཤིན་ཏུ་རྟོགས་པར་དཀའ་སྟེ། །དེ་ལྟར་བདེ་གཤེགས་སྙིང་པོའི་ཚུལ་ནི་ས་བཅུའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་མཚན་མོའི་གཟུགས་མཐོང་བ་ལྟར་ཡོད་པར་ཤེས་ཀྱི་ཇི་བཞིན་རྟོགས་པར་མི་ནུས་པར་མདོ་ལས་གསུངས་སོ། །དེ་ལྟ་ནའང་བླ་མའི་མན་ངག་སྙིང་པོར་བྱས་ན་སོ་སྐྱེའི་ས་ནའང་ཡིད་ཆེས་ཤིང་དེ་ལ་རྣལ་འབྱོར་དུ་བྱེད་པ་ནི་སྔགས་ཀྱི་ཁྱད་ཆོས་ཏེ་ཚུལ་དེས་སྔགས་ལམ་ཟབ་ཅིང་མྱུར་བར་གྲུབ་པ་ཡིན་ནོ། །འདི་ཉིད་སེམས་ཅན་གྱི་ཁམས་ན་རང་བཞིན་གྱིས་བཞུགས་ཀྱང་མངོན་དུ་མ་གྱུར་བའི་དཔེ་ནི་གཏེར་ལ་སོགས་པ་གསུམ་གྱིས་བསྟན་ཏོ། །དེ་ཉིད་མདོ་རྒྱུད་ཀུན་ནས་མཚན་གྱི་རྣམ་གྲངས་དུ་མས་བསྟན་ཅིང༌། ཆོས་ཀུན་གྱི་སྙིང་པོ་འདི་ཉིད་ཟབ་པའི་མཐར་ཐུག་པ་ཡིན་པས་ཇི་བཞིན་རྟོག་པ་ཉུང་བས་ན། མ་རྟོག་པའི་གོལ་ས་བསལ་ནས་ཚུལ་བཞིན་ངེས་པ་རྙེད་ན་མདོ་རྒྱུད་ཟབ་མོའི་དོན་ལ་ཡིད་ཆེས་ཐོབ་ནས་ལམ་ཡོངས་སུ་རྫོགས་པར་གྱུར་པས་ན། ལེའུ་འདིར་ཚུལ་དེ་ལེགས་པར་གཏན་ལ་ཕབ་པའོ། །དེ་ལྟར་དགའ་རབ་གཉིས་པའི་ལེགས་བཤད་ཆོས། །རིན་ཆེན་མཛོད་ཀྱི་སྙིང་པོར་གང་གྱུར་པ། །ཟབ་མོའི་གནད་ལ་སྟོང་ཐུན་འདི་སྦྱར་བས༌། །ཚེ་འདིར་ཆོས་རྗེའི་གོ་འཕང་རྙེད་གྱུར་ཅིག །ཅེས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་གནས་ལུགས་ལྟ་བའི་སྐབས་འདི་ནི་ཤིན་ཏུ་ཟབ་པས་གོ་དཀའ་བར་མཐོང་ནས་དོན་གཉེར་གཅན་དུ་མའི་ཕྱིར་མི་ཕམ་རྣམ་པར་རྒྱལ་བས་བྲིས་པར་དགེའོ།། ༈ །།གསུང་རྟོན་པ་བཞི་ལྡན་གྱི་ཚུལ་ལ་བསྟོད་པ། གང་ཐུགས་མཁྱེན་པའི་མཁའ་དབྱིངས་གཙང་མ་རུ། །འཇམ་མགོན་ཟླ་བའི་དཀྱིལ་འཁོར་རབ་གསལ་ཞིང༌། །མགྲིན་ལ་འོ་མའི་རྒྱ་མཚོ་ཁྱོན་ཡངས་པར། །དབྱངས་ཅན་ངང་པའི་བུ་མོ་རྣམ་རོལ་བ། བཅུ་པའི་སར་གྱུར་ཆོས་ཀྱི་སྤྲིན་ཆེན་ལ། །དགྱེས་རོལ་དྲི་མེད་འོད་ཟེར་སྟོང་འབར་བའི། །གསུང་རབ་ཡིད་བཞིན་ནོར་བུའི་ཆུ་གཏེར་ནི། །མཁས་གྲུབ་ཀླུ་དབང་བྱེ་བས་བསྔགས་པ་དེར། བསམ་པ་དམན་པ་བདག་ཅག་རིང་ཞིག་ནས། །ཞེན་པས་ཞུགས་ཀྱང་སེམས་པས་དབུལ་མོད་ཀྱི། །གང་གསུང་རྡོ་རྗེའི་བརྡ་བཞིའི་དོན་ཅན་དུ། །ངེས་པའི་ཡིད་ཆེས་ལྷག་པའི་ལྷ་ཡིས་ཕྱིན། །རེ་བས་བསྒྲིམས་ཏེ་བརྩམས་པའི་གཞུང་ལུགས་ཕལ། །ཚིག་ཚུལ་རབ་ཏུ་སྒྲིན་ཅིང་བརྡ་ཡི་སྡེབས། །ལེགས་པར་འགྲིགས་ཀྱང་རིགས་པས་དཔྱད་པ་ན། །དོན་གྱི་གནས་ལ་འགལ་འདུའི་ཉེས་པ་མང༌། །གྲགས་སྙེམས་རེ་བའི་འཇུག་མདུད་ཞིག་པ་ཡི། །མ་བཅོས་ལྷུག་པར་བརྗོད་པ་རྡོ་རྗེའི་གཏམ། །ཚིག་གི་རྗོད་པ་གཙོ་བོར་མ་བྱས་ཕྱིར། །དཔལ་ལྡན་གྲགས་པས་བསྡུས་པའི་རྒྱུད་རྒྱལ་བཞིན། །འདི་ཡིས་བསྟན་བྱའི་དོན་ལ་རྣམ་ཀུན་ཏུ། །འབད་པས་བརྟགས་ཀྱང་ཉེས་པ་ཕྲ་མོའི་ཁུར། །ཆོས་བཞིན་རྒོལ་བའི་གོ་སྐབས་མི་སྲིད་ཕྱིར། །དོན་ལ་ངེས་པ་རྟོན་པའི་བརྡ་དང་ལྡན། །གཞན་གྱིས་བསྟོད་ལ་བསྟོད་ཅིང་རྗེས་སུ་འབྲང། །སྨད་པ་རྣམས་ལ་ཚིག་གིས་གཞར་ཡང་འདེབས། །སྐྱེ་བོ་གྲགས་པ་ཙམ་གྱི་རྗེས་སུ་འབྲངས་ནས། །གཞུང་ལུགས་ཕལ་ཆེན་དེ་དང་དེ་བཞིན་བརྩམས། །འདི་ཡིས་གཞན་དྲིང་མི་འཇོག་རྣམ་དཔྱོད་ཀྱིས། །རྒྱལ་བ་མཆོག་དང་རྒྱལ་སྲས་ཆེ་རྣམས་ཀྱི། །དགོངས་དོན་མ་ནོར་ཚུལ་བཞིན་བཀྲལ་བ་གང༌། །འཕགས་ཡུལ་ཤིང་རྟ་གཉིས་ཀྱི་གཞུང་ལུགས་བཞིན། །ཞེན་ལྟའི་རླུང་གིས་བསྐྱོད་པའི་ཚིག་གི་རྡུལ། །གཞན་སེམས་རྣལ་མར་གནས་པ་དཀྲུགས་བྱེད་པའི། །ཡུལ་ངན་རྣམ་སྤངས་ཞི་བའི་ངང་ཚུལ་གྱིས། །ཆོས་ལ་རྟོན་པ་ཡང་དག་མཚོན་པར་བྱས། རྟོག་དཔྱོད་ལོ་འདབ་འབུམ་ཕྲག་ཉེར་གཡོ་བའི། །དྲང་དོན་དམན་པའི་ཆོས་ཚུལ་ལྗོན་པའི་རྩེར། །རྟོག་གེའི་སྤྲེལ་ཚོགས་གཡོ་བའི་གར་གྱིས་སྙེམས། །སྣ་ཚོགས་དཔྱོད་པའི་རོལ་རྩེད་ཉེ་བར་ངོམས། །མཁྱེན་རབ་མཁའ་ལྡིང་རྒྱལ་པོའི་གཤོག་རླབས་ཀྱིས། །ཐེག་མཆོག་ལྟ་བའི་ནམ་འཕང་ཉེར་གཅོད་པ། །གང་གིས་གསུང་ཀུན་ཕྱལ་ཡངས་ནམ་མཁའི་ཚུལ། །གྲུབ་མཆོག་རྣམས་ཀྱི་རྡོ་རྗེའི་དོ་ཧ་བཞིན། །རྟག་ཏུ་མདོ་དང་སྔགས་ཀྱི་ཟབ་མོའི་དོན། །མཐར་ཐུག་གང་ཡིན་བརྗོད་བྱའི་སྙིང་པོ་རུ། །ལེགས་པར་འདོམས་པས་སྐལ་བཟང་གདུལ་བྱའི་ཚོགས། །ངེས་པའི་དོན་ལ་རྟོན་པར་མཛད་པ་ཉིད། །སེམས་དང་སེམས་བྱུང་རྟོག་པའི་འཕྲོ་འདུ་ཡིས། །དགག་སྒྲུབ་རྩོད་པའི་ནགས་ཁྲོད་འཐུག་པོ་རུ། །རེ་དོགས་འདོར་ལེན་གོམས་པའི་སྟབས་སྟབས་ཀྱིས། །བརྒྱུད་མར་འཕྱན་ཞིང་དུབ་པའི་སྐྱེ་ཚོགས་ལ། །བྱམས་པའི་སྐྱེ་སྟངས་གཅིག་གི་ཁྱབ་མཛད་ནས། །ཕྱི་ཕྱིར་ཐེ་ཚོམ་འཆི་བའི་སྒྲོ་འདོགས་བརྒྱ། །གཅིག་ཆར་གཅོད་བྱེད་ནང་གི་ཤེས་རབ་སྤྱན། །འབྱེད་མཁས་ཆོས་ཀྱི་ཉི་མ་རྒྱལ་བ་བཞིན། །སྤྲོ་བཟང་སྤྲོས་པ་འཕེལ་ཞིང་དོན་སྒྲིབ་ཕྱིར། །སྤྲོས་མེད་མཉམ་པར་བཞག་པའི་ངེས་གསང་གནད། །རྟག་ཏུ་རྗེན་པར་སྟོན་པ་གཙོ་མཛད་པས། །ཡེ་ཤེས་ཉིད་ལ་རྟོན་པ་གསལ་པོར་མཚོན། །དེ་ཕྱིར་ཀུན་མཁྱེན་མཆོག་གི་གསུང་རབ་ལ། །འཕགས་མིན་སྐྱེ་བོས་བརྩམས་པའི་བསྟན་བཅོས་ལས། །ཁྱད་པར་འཕགས་པའི་བརྡ་ཐབས་རྣམ་པ་བཞི། །ལེགས་གནས་ལེགས་པར་བརྟགས་ན་ངེས་པར་མཐོང༌། །དེ་སླད་པདྨའི་མཚོ་ལ་ངང་པ་བཞིན། །གང་ལ་རྟོན་པ་བཞི་དང་ལྡན་པ་ཡི། །སྐལ་བཟང་འདི་དག་འདི་ཡི་ལེགས་བཤད་ལ། །མོས་པའི་བློ་མཆོག་ངང་གིས་རྣམ་པར་འཕེལ། །རང་དོན་སྲེད་པའི་ཀུན་སློང་ཡོད་མེད་ཅིང༌། །གཞན་དོན་སྙིང་རྗེའི་རླན་དང་མི་འབྲལ་བར། །བརྡ་བཞིའི་ལམ་ནས་བརྒྱུས་པ་རྡོ་རྗེའི་ཚིག །བྱིན་རླབས་ཆུ་བོའི་རྒྱུན་ཆེན་སྲིད་མཐར་འཇུག །དེ་ལྟར་དགའ་རབ་གཉིས་པ་ཆོས་ཀྱི་རྗེའི། །དོན་ལ་རྣམ་ངེས་རྡོ་རྗེའི་ཚིག་གི་ཚུལ། །རྟོན་པ་རྣམ་བཞིའི་བརྡ་དང་ངེས་འབྲེལ་བ། །བཅོས་མིན་རིག་པའི་གསང་ནས་དལ་གྱིས་ཤར། །དེ་ཚེ་དེ་བཞིན་ཚད་མས་བསྒྲུབས་ན་ཡང༌། །ངེས་པར་ནུས་པའི་ཡིད་ཆེས་དད་པ་ཡི། །ཤུགས་ཀྱིས་འཕངས་པའི་བཅོས་མིན་ཚིག་གི་རླབས། །མགྲིན་པའི་གནས་སུ་ཕྱུར་བ་བཞིན་དུ་འགྱུར། །འདི་ཡི་བསོད་ནམས་རྡོ་རྗེའི་རླུང་ཤུགས་ཀྱིས། རྟོག་མེ་བདག་ཀྱང་རྟོག་པའི་དྲྭ་བ་ལས། །འདས་ནས་རྟོག་མེད་དཔའ་བོ་ཁྱོད་བཞིན་དུ། །གཉིས་སྣང་འཁྲུལ་པ་ཟིལ་གྱིས་ནོན་གྱུར་ཅིག །ཅེས་པའང་མེ་གླང་ཟླ་བ་དྲུག་པའི་ཚེས་ཉི་ཤུ་ལ་མི་ཕམ་པས་བྲིས་པ་དགེའོ།། །།
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net