ཟབ་མོ་ནང་དོན་གྱི་རྣམ་བཤད་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་ཕྲེང་བ་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །ཟབ་མོ་ནང་དོན་གྱི་རྣམ་བཤད་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་ཕྲེང་བ་བཞུགས་སོ། །[1]

༄༅། །ཟབ་མོ་ནང་དོན་གྱི་རྣམ་བཤད་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་ཕྲེང་བ་ཞེས་བྱ་བ། སེམས་ཀྱི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཇི་ལྟ་ཇི་སྙེད་ཆོས་རྣམས་ཐམས་ཅད་གསལ་བར་མཁྱེན་ཞིང་སྒྲིབ་མེད་གཟིགས་པའི་ཡེ་ཤེས་སྐུ་མངའ་བས། །འཇིག་རྟེན་ཁམས་དང་རྡོ་རྗེའི་ལུས་ནི་དཀྱིལ་འཁོར་ལྷ་དང་ནམ་ཡང་དབྱེར་མེད་དེ་བཞིན་ཉིད་དུ་སྟོན། །གཉིད་དང་རྨི་ལམ་སད་པ་དང་ནི་སྙོམས་པར་འཇུག་གང་གནས་སྐབས་རྣམ་བཞིའི་འཁྲུལ་པ་སེལ་མཛད་པ། སྲིད་ཞིའི་ཁྱབ་བདག་དཔལ་དང་ལྡན་པའི་བླ་མ་ཞེས་གྲགས་རྒྱལ་བའི་དབང་པོ་དེ་ལ་བདག་ཕྱག་འཚལ། །གཞོམ་དུ་མེད་པའི་ཐིག་ལེ་དེ་ནི་ཨེ་ཝྃ་ལ་སོགས་ཟུང་དུ་འཇུག་པའི་བདག་ཉིད་ཁོ་ན་སྟེ། །ཁུ་བ་རྡུལ་དང་མུན་པ་རྣམས་ནི་རྡོ་རྗེ་གསུམ་དུ་རྣམ་པར་དག་པའི་འབྲས་བུ་སྐུ་གསུམ་ཅན། །གནས་སྐབས་བཞི་ཡི་འཁྲུལ་པ་མཐའ་དག་ཕྱག་རྒྱ་རྣམ་བཞིས་ངེས་པར་བཅིངས་ལས་བཅོམ་ལྡན་སྐུ་བཞི་ཉིད། །ཕུང་ཁམས་རྣམ་དག་མེ་ལོང་ལ་སོགས་ཡེ་ཤེས་ལྔ་ལྡན་རྒྱལ་བ་སྐུ་ལྔའི་བདག་ཉིད་ལ་ཕྱག་འཚལ། །ཆོས་དབྱིངས་ཤེས་བྱ་གཅིག་པུའི་ཉམས་ནི་དུ་མའི་གར་སྒྱུར་སྣང་སྲིད་ཀུན་གྱི་ཁྱབ་བདག་སྒྱུ་མའི་དངོས། ཤེས་རབ་ཕ་རོལ་ཕྱིན་པའི་ཡུམ་ཁྱོད་དབུ་མའི་རང་བཞིན་གཉུག་མའི་ཡིད་ནི་ལྷན་སྐྱེས་བདེ་གཅིག་ཉིད། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མཐར་རྣམ་པ་ཀུན་མཁྱེན་མི་གཡོ་རབ་དགའི་དཔེ་ཡིས་མཚོན་པ་གང་། །སྣ་ཚོགས་ཡུམ་དང་བདག་མེད་མ་སོགས་ལྷ་མོའི་མིང་གིས་བོད་པ་དེ་ལ་གུས་པར་ཕྱག་འཚལ་ནས། །ནང་པའི་མུ་སྟེགས་ཕྱི་རོལ་པར་བཅས་ཕ་རོལ་ཕྱིན་པ་ཕྱོགས་གཅིག་པས་ནི་མྱོང་བར་མ་བྱས་ཤིང་། །བྱ་བ་སྤྱོད་དང་རྣལ་འབྱོར་གྱི་ནི་རྒྱུད་རྣམས་ཀུན་ཏུ་གསངས་པ་གང་དེ་རྡོ་རྗེ་འཆང་གིས་ནི། །བླ་ན་མེད་པའི་རྒྱུད་སྡེ་ལས་ནི་རྒྱས་པར་བསྟན་པའི་ཟབ་གནད་ལུས་སེམས་ནང་གི་བདག་ཉིད་རྣམས། །མཐའ་དྲུག་ཚུལ་བཞིའི་ཕྱག་རྒྱ་བཀྲོལ་ནས་བློ་ལྡན་རྣམས་ལ་ཕན་པར་བསམས་ཏེ་གཞུང་འདི་དབྱེ་བར་བྱ། །རྟོགས་དཀའ་ཟབ་མོའི་དོན་མཚོན་རྡོ་རྗེའི་ཚིག །མངོན་ཤེས་དྲུག་ལྡན་གཅིག་པུའི་ཡུལ་ཡིན་གྱི། །རྒྱལ་བའི་མྱུ་གུ་ལ་ཡང་ལྐོག་གྱུར་ན། །ཚུར་རོལ་མཐོང་བའི་སྤྱོད་ཡུལ་ལྟ་ཅི་སྨོས། །དེ་ལྟ་མོད་ཀྱིས་དུས་མཐར་སྐྱེས་ཤིང་ཤེས་རབ་མིག་ལྡོངས་ཐོས་ལམ་དོར་ཏེ་ལེ་ལོའི་འདམ་དུ་བྱིང་། །བྲྀཏྟ་ཛཱ་ཏིའི་ཚིག་སྦྱོར་ཤེས་པའི་སྨྲ་བ་མི་ལྡན་སྐལ་བ་དམན་པའི་བླུན་པོ་བདག་འདྲ་ཡིས། །འབྱེད་འོས་མིན་ཀྱང་གཞུང་ལུགས་མང་དང་རང་གི་འགྲེལ་བའི་མན་ངག་དང་ནི་རྒྱལ་བའི་དབང་པོ་ཡི། །བཀའ་དྲིན་མཐུ་ལས་གསལ་བར་མཐོང་འདི་རྟོག་གེས་མ་བསླད་ངེས་དོན་བཞིན་དུ་འཆད་པར་རིགས་སམ་སྙམ། །འདི་ནི་བཟང་འགྲོར་འགྲོ་བ་རྣམས་ཀྱི་བགྲོད་གཅིག་ལམ་དང་ལྟ་ངན་མཚོ་ལས་བསྒྲོལ་བའི་གྲུ་ཆེན་ཡིན། །རྣམ་གྲོལ་ཡིད་བཞིན་ནོར་བུ་ལེན་པའི་དེད་དཔོན་དང་ནི་འཛག་བདེའི་འཕྲང་ལས་བསྒྲོལ་བའི་སྐྱབས་ཀྱི་མཆོག །ལས་དང་ཉོན་མོངས་ཚ་གདུང་སིམ་བྱེད་ཐུགས་རྗེའི་ཆར་དང་སེམས་ཉིད་རང་ཞལ་སྟོན་པའི་མེ་ལོང་སྟེ། །དྲི་མེད་རྒྱལ་བའི་སྙིང་པོ་འདི་ལ་དད་པས་འཇུག་པའི་ཐར་འདོད་རྣམས་ནི་མཆོག་གི་སྐལ་ལྡན་ནོ། །འདིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བློ་གྲོས་མཆོག་ཏུ་གྱུར་པ་རྣམས་ལ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར། རྡོ་རྗེ་ཐེག་པ་བླ་ན་མེད་པ་གསུངས་པ་ལས། དེའི་ཟབ་མོ་ནང་གི་དོན་ལུས་ངག་ཡིད་གསུམ་ཀྱི་དེ་ཁོ་ན་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དེ་ནི་མ་འོངས་པའི་དུས་སུ། གདུག་པའི་སློབ་དཔོན་བརྐམ་ཆགས་ཅན་རྣམས་དང་། མཁས་པ་མངོན་པའི་ང་རྒྱལ་ཅན་དག་གིས། གླེགས་བམ་མཐོང་ནས་དབང་བསྐུར་བ་མེད་པར། ཁོ་བོ་ཅག་རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་ཞེས་སྐྱེ་བོ་རྣམས་བརྫུན་གྱིས་བསླུ་ཞིང་། ནོར་གྱིས་དྲེགས་པ་རྣམས་ལ་སྐལ་བ་དང་མི་ལྡན་ཡང་ཆོས་འཚོང་ལ། སྣོད་དུ་གྱུར་ཀྱང་ནོར་མེད་པ་ལ་ཆོས་མི་སྦྱིན་པར་བྱེད་པ་དག་འབྱུང་བར་མཁྱེན་ནས་རྡོ་རྗེའི་ཚིག་གི་ཟ་མ་ཏོག་ཏུ་བཅུག་སྟེ་མཐའ་དྲུག་དང་ཚུལ་བཞིའི་ཕྱག་རྒྱས་བཅིངས་ནས་སྦ་བར་མཛད་དོ། །དེའི་ཕྱིར་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ལ་ཕན་འདོགས་པར་བཞེད་པས། དཔལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པའི་སྐུ་རང་བྱུང་གི་ཞལ་སྔ་ནས། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་གྱི་རྡོ་རྗེའི་ཚིག་མ་ལུས་པ་ཁ་ཕྱེ་ཞིང་མཐའ་དྲུག་ལ་སོགས་པའི་ཕྱག་རྒྱ་དཀྲོལ་ཏེ་ལུས་དང་ངག་དང་སེམས་ཀྱི་ཟབ་མོའི་ནང་གི་དོན་ཉེ་བར་བསྡུས་ཏེ་བསྟན་པ་རང་གི་འགྲེལ་པ་དང་བཅས་པ་མཛད་དོ། །འདི་དག་ལ་འཇུག་པར་རིགས་པའི་རྒྱུ་མཚན་ནི། གཞུང་ཉིད་ལས། ཟབ་མོ་ནང་གི་དོན་བཤད་པ། །འདི་ནི་རང་བཟོ་མ་ཡིན་ཏེ། །ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །རྒྱལ་བས་བསྟན་པ་ཁོ་ན་བྲིས། །གསང་བའི་བདག་པོ་མཁས་རྣམས་ཀྱི། །རྣམ་འགྲེལ་མཐུ་ལ་རབ་བརྟེན་ནས། །རྡོ་རྗེ་ཐེག་པའི་ནང་གི་དོན། །ཕྱིན་ཅི་མ་ལོག་རྙེད་པ་ཡིན། །ཞེས་དང་། རང་གི་འགྲེལ་བ་ལས་ཀྱང་། གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་དང་། མཁས་ཤིང་གྲུབ་པ་རྣམས་ཀྱི་རྣམ་པར་འགྲེལ་པ་དུ་མ་དང་བླ་མ་དམ་པ་ལས་འོངས་པ་ཡང་དག་པའི་བསྟན་བཅོས་འབུམ་ཕྲག་དུ་མ་མཐོང་བའི་ཕྱིར་དང་། ནང་གི་དོན་ཅུང་ཟད་ངེས་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇུག་པའི་རིམ་པ་དགོས་དོན་དང་བཅས་པ་ཡང་། དེ་ཉིད་ལས། སྤྲོ་བ་དང་ནི་རྩོམ་པ་ཆེན་པོས་རྡོ་རྗེའི་ཐེག་ལ་འཇུག་འདོད་གང་། །ལུས་དང་ལོངས་སྤྱོད་ལྟོས་པ་མེད་པར་བླ་མ་ལ་དབུལ་ཟབ་མོའི་དབང་རྣམས་བླང་བར་བྱ། དེ་ཡི་འོག་ཏུ་རྒྱུད་དང་གདམ་ངག་ཉན་ཞིང་བསམས་ཏེ་བསྒོམས་པས་ངེས་པར་འཇུག་པར་བྱ། །རྒྱུད་ཀུན་སྣ་ཚོགས་ཚིག་དང་དོན་ལྡན་དགོངས་པའི་སྐད་རྣམས་དུ་མར་ལྡན། །ཕྱི་ནང་གཞན་དང་ཡེ་ཤེས་རྒྱ་ཆེན་རྣམ་པ་མང་ལྡན་ཕལ་གྱིས་བསྡུ་བར་ནུས་མིན་པ། །བསྡུས་པ་གང་དེ་མཐོང་བར་གྱུར་ན་མུན་ཁུང་གནས་པའི་ནོར་བུའི་སྒྲོམ་ལ་སྣང་བ་ཡི། །སྒྲོན་མེ་དང་ནི་ལྡེ་མིག་ལག་ཏུ་ཕྱིན་པས་ངེས་པར་དོན་ལ་འཇུག་པར་འགྱུར་བ་བཞིན། །བློ་ལྡན་ངེས་པར་བདག་ལ་མོས་དང་ཐེ་ཚོམ་ལྡན་ལའང་ཕན་པར་འགྱུར་སྙམ་གཞུང་འདི་བསྡུས། །ཤེས་གསུངས་པ་ཇི་ལྟ་བ་བཞིན་ཏེ། རྒྱས་པར་ནི་རང་འགྲེལ་ཉིད་བཤད་གཞིར་བྱས་པའི་རྒྱས་འགྲེལ་ཏུ་བརྗོད་པར་བྱ་ཞིང་། འདིར་ནི་རྩ་བའི་ཚིག་དོན་དང་དེ་ལས་འཕྲོས་པའི་དཀའ་གནད་ཀྱི་དོགས་གཅོད་ཅུང་ཟད་ཙམ་བཤད་པར་བྱའོ། །དེ་ལྟ་བས་ན། ཟབ་མོ་ནང་གི་དོན་ཞེས་བྱ་བའི་རྒྱ་ཆེར་བཤད་པ་རང་གི་འགྲེལ་པ་དང་མཐུན་པར་འཆད་པ་ལ་གསུམ་སྟེ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ། གཞུང་དོན་དངོས། མཇུག་བསྡུ་བསྔོ་བ་དང་བཅས་པའོ། །དང་པོ་ལ་བཞི། བླ་མ་ལ། རྣམ་པ་དང་བཅས་པའི་སྐུ་ལ། བདེ་བ་ཆེན་པོའི་སྐུ་ལ་ཕྱག་འཚལ་བ། བཤད་པར་དམ་བཅའ་བའོ། །དང་པོ་ལ་གཉིས། ཡི་གེ་པའི་ངོར་དང་། རྩོམ་པ་པོའི་མཆོད་བརྗོད་དོ། །དང་པོ་ནི། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། གཞི་ལ་སྦྱར་ན། ཕྱག་འཚལ་ལོ་ཞེས་དྲང་། གང་ལ་ན། སྣང་བ་དང་སྟོང་པ་དབྱེར་མི་ཕྱེད་པའི་རྡོ་རྗེ་ལྷན་ཅིག་སྐྱེས་པའི་ཚུལ་དུ་འཆང་བ་སྟེ་རང་བཞིན་གྱིས་འོད་གསལ་བའི་སེམས་ཉིད་དེ་ལའོ། །དེའི་ཡོན་ཏན་གྱི་ཆོས་ནི། འཁོར་འདས་གཉིས་ཀའི་དཔལ་དུ་གྱུར་པའོ། །ཞེས་སམ། ལམ་དང་སྦྱར་ན། གཞི་སྔར་བཞིན། གང་ལ་ན། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྡོ་རྗེ་རང་རིག་པའི་ཚུལ་གྱིས་འཆང་བར་བྱེད་པའི་སེམས་ཉིད་དེ་ལའོ། །དེའི་ཡོན་ཏན་གྱི་ཁྱད་པར་ནི། ཐབས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་ཤེས་རབ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གཉིས་སུ་མེད་པའི་དཔལ་དང་ལྡན་པས་ན་རྡོ་རྗེ་འཆང་སྟེ། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། ཅེས་གསུངས་པའི་ཚུལ་གྱིས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་མི་ཕྱེད་པའི་ཕྱིར་རོ། །དེ་ལྟ་བུའི་གཉིས་མེད་ཀྱི་ཡེ་ཤེས་སོ་སོ་རང་རིག་པའི་ཚུལ་གྱིས་ཡོན་ཏན་དུ་ལྡན་པ་ནི་དཔལ་རྡོ་རྗེ་འཆང་གི་དོན་ཡིན་གྱི། རྫས་ཀྱི་རྡོ་རྗེ་དང་དྲིལ་བུ་ལག་པས་འཛིན་པ་ལྟར། གཟུང་འཛིན་ཐ་དད་དུ་མ་སེམས་ཤིག འབྲས་བུ་ལ་སྦྱར་བ་ཡང་། གཞི་སྔ་མ་ལྟར། གང་ལ་ན། གཞོམ་དུ་མེད་པའི་དོན་དམ་ཆོས་ཀྱི་སྐུ་དང་། གཞན་སྣང་ཀུན་རྫོབ་པ་གཟུགས་ཀྱི་སྐུ་དག་ཉི་མ་དང་འོད་ཀྱི་ཚུལ་ལས་ཐ་དད་དུ་མི་ཕྱེད་པའི་རྡོ་རྗེ་ཟུང་འཇུག་ཏུ་འཆང་བའི་སེམས་ཉིད་དེ་ལའོ། །དེའི་ཡོན་ཏན་ནི། སྲིད་ཞིའི་གནས་ཐམས་ཅད་དུ་བསྟེན་པར་འོས་པའི་དཔལ་དུ་གྱུར་པ་ཉིད་དོ། །དུས་དང་གང་ཟག་དང་ཚུལ་ནི་བསྟན་བཅོས་བརྩོམ་པའི་ཐོག་མར་དཔལ་རང་བྱུང་གི་ཞལ་སྔ་ནས་གུས་པས་ཕྱག་མཛད་པ་དེ་བཞིན་དུ་བདག་ཅག་རྣམས་ཀྱིས་ཀྱང་འཆད་ཉན་ལ་འཇུག་པའི་དང་པོར་ཕྱག་བྱས་ནས་སོ། །དགོས་པ་ནི་བཤད་པ་མཐར་ཕྱིན་པའི་ཆེད་དུའོ། །དེ་ལ་ཤྲཱི་ཞེས་པའི་སྒྲ་ལས་དཔལ་ནི་གཉིས་སུ་མེད་པའམ་བསྟེན་པར་བྱ་བའི་དོན་ཅན་ཏེ། ཧེ་བཛྭ་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཞེས་དང་། སྐད་ཀྱི་བྱིངས་ལས་ཤྲཱི་ཉ་བསྟེན་པ་ལའོ། །ཞེས་གསུངས་སོ། །དེས་ན་སྣང་བ་དང་སྟོང་པའམ་ཐབས་དང་ཤེས་རབ་བམ། སྐུ་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་གྱིས་ན་དཔལ་རྡོ་རྗེ་འཆང་ངམ། དེ་དག་གཉིས་མེད་དུ་བསྟེན་པར་བྱ་བ་ཡིན་པས་ན་དཔལ་རྡོ་རྗེ་འཆང་ངོ་། །དེའི་ཕྱིར་དཔལ་ཞེས་མདོར་བསྟན་ནས་རྡོ་རྗེ་འཆང་གིས་རྒྱས་པར་བཤད་དོ། །ཕྱག་འཚལ་བ་ནི་གསུམ་སྟེ། ལུས་དང་ངག་དང་ཡིད་ཀྱིའོ། །ལུས་ཀྱི་ཕྱག་ལ་ཡང་དཀྱིལ་འཁོར་ལྔ་པ་དང་། བརྐྱང་ཕྱག་དང་། སྒྱིང་པ་ལ་འཁྲིལ་བའི་ཕྱག་སྟེ། ཡན་ལག་གི་གནས་ལྔ་ས་ལ་གཏུགས་པ་དང་། ཡན་ལག་ལྔ་བརྐྱང་བ་དང་། ཡུལ་གྱི་ཞབས་ལ་གཏུགས་པའི་ཕྱག་དང་གསུམ་མོ། །གཉིས་པ་ནི། ངག་གི་སྒོ་ནས་འདུད་པ་སྟེ། ཕྱག་འཚལ་ལོ་ཞེས་བྱ་བ་དང་བསྟོད་ཚིག་བརྗོད་པ་དང་གསོལ་བ་འདེབས་པ་ལ་སོགས་པ་དག་ཀྱང་ངོ་། །གསུམ་པ་ནི་ཡིད་དང་བ་སྟེ། དད་པ་དང་མོས་པ་དང་གུས་པ་ལ་སོགས་པའོ། །མདོར་ན། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་ཇི་སྐད་གསུངས་པའི་ཚུལ་གྱིས། ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་དད་པ་རྣམ་པར་དག་པ་ནི་ཕྱག་འཚལ་བའི་དོན་ཏེ། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གིས་རང་རིག་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་གསུངས་པས་སོ། །གཉིས་པ་ནི། ཐམས་ཅད་མཁྱེན་ཅིང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། ཕྱག་འཚལ་ལོ། །གང་ལ་ན། དཔལ་ལྡན་བླ་མ་དེ་ལའོ། །དེ་ཡོན་ཏན་ཇི་ལྟ་བུ་དང་ལྡན་སྙམ་ན། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་མཁྱེན་པས་རྟོགས་པ་ཕུན་ཚོགས་དང་། ཐམས་ཅད་མཁྱེན་པ་དེ་ཡང་ཆོས་ཐམས་ཅད་མཚན་ཉིད་སྒྲིབ་བྲལ་དུ་མངོན་སུམ་དུ་གཟིགས་པས་སྤངས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་དང་། ཕྱི་འཇིག་རྟེན་གྱི་ཁམས་ནང་རྡོ་རྗེའི་ལུས་གཞན་དཀྱིལ་འཁོར་གྱི་འཁོར་ལོ་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་བདེ་བ་དང་སྟོང་པ་གཉིས་སུ་མེད་པའི་ཡེ་ཤེས་རང་གིས་མངོན་སུམ་དུ་གཟིགས་པ་ལྟར་གདུལ་བྱ་གཞན་ལ་སྟོན་ཅིང་བསྟན་ནས་ཀྱང་དེའི་རྒྱུད་ཀྱི་གཉིད་དང་རྨི་ལམ་དང་སྙོམས་འཇུག་དང་སད་པ་སྟེ་གནས་སྐབས་བཞི་ཡི་འཁྲུལ་པའི་དྲི་མ་སེལ་བར་མཛད་པའི་ཡོན་ཏན་དང་ལྡན་ནོ། །འདིས་ནི། དཔལ་ལྡན་བླ་མ་དེ་ཉིད་རང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པས་ཕྱག་བྱ་བའི་གནས་སུ་བསྟན་པ་སྟེ། དེ་ཡང་རང་གི་དོན་ནི། རྟོགས་པ་དང་སྤངས་པས་རབ་ཏུ་ཕྱེ་བའོ། །དེ་དག་ནི་རྐང་པ་དང་པོའི་ཕྱེད་སྔ་མ་དང་ཕྱེད་ཕྱི་མས་བསྟན་ལ། གཞན་གྱི་དོན་ནི། མཁྱེན་དང་བརྩེ་དང་ནུས་པར་ལྡན། །ཞེས་གསུངས་པ་ལྟར་གསུམ་ལས། རྐང་པ་གཉིས་པ་ཕལ་ཆེ་བ་དང་། སྟོན་ཞེས་པ་དང་། གསུམ་པ་རྣམས་ཀྱིས་སོ། །འདིའི་འགྲེལ་པར། མཁྱེན་ཞེས་པ་ལས་ལོགས་སུ་གཟིགས་ཤེས་སྨོས་པས་གཞན་གྱི་སྒྲ་ཙམ་ལ་བརྟེན་ནས་ཀུན་མཁྱེན་དུ་རློམ་པ་ཚངས་པ་དང་ཁྱབ་འཇུག་སོགས་རྣམ་པར་བཅད་ནས། ཡོངས་གཅོད་ལ་སྒྲིབ་པ་སྤངས་པའི་ཡོན་ཏན་དང་ལྡན་པར་གསུངས་ལ། གཟུང་བ་རང་བཞིན་མེད་པ་དེ་ལྟར་དུ་རྟོགས་ཀྱང་གཞན་ལ་མི་སྟོན་པར་རང་གཅིག་པུར་གནས་པའི་རང་རྒྱལ་གྱི་སྤྱོད་པ་དོར་ནས་ཕྱི་ནང་གཞན་གསུམ་དེ་ཉིད་སྟོན་ཞེས་པས་ནི་བརྩེ་བའི་ཡོན་ཏན་བསྟན་པ་སྟེ། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་། ཞེས་སོགས་ཀྱི་འགྲེལ་ཆེན་དྲི་མ་མེད་པའི་འོད་ལས་ཟློས་པ་སྤོང་བའི་ཚུལ་ཇི་ལྟར་མཛད་པ་བཞིན་དུ་འདིར་ཡང་མཛད་པར་སྣང་ངོ་། །ཁ་ཅིག་ཇི་ལྟ་བ་མཁྱེན་པའི་ཆ་ནས་ཐམས་ཅད་མཁྱེན་པ་དང་། ཇི་སྙེད་པ་མཁྱེན་པའི་ཆ་ནས་ཐམས་ཅད་གཟིགས་པ་ཞེས་འཆད་པ་དག་མཐོང་སྟེ། འགྲེལ་པ་ལས། ཐམས་ཅད་མཁྱེན་པ་ནི་ཤེས་བྱ་ཐམས་ཅད་མཁྱེན་པའོ། །ཐམས་ཅད་གཟིགས་པ་ནི་ཚིག་ཟློས་པ་མ་ཡིན་གྱི། མཚན་ཉིད་སྒྲིབ་པ་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར་ཡིན་ནོ། །ཞེས་གསུངས་པ་ལས་གྱ་ཚོམས་སུ་བརྒལ་བའི་བཤད་པར་སྣང་ངོ་། །ཡང་ལ་ལ་དག གདུལ་བྱའི་སྣང་ཚུལ་རྒྱུ་དང་བཅས་པའི་ཤེས་བྱ་ཇི་སྙེད་པ་ཐམས་ཅད་མཁྱེན་ཅིང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་དམ་གནས་ཚུལ་ཇི་ལྟ་བ་ཐམས་ཅད་སྒྲིབ་པ་མེད་པར་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་མངའ་བས་ཤེས་པར་འབྲུ་གཉེར་ནས། སངས་རྒྱས་ཀྱིས་ཆོས་ཅན་ཇི་སྙེད་པ་རྣམས་མཁྱེན་ཀྱང་མ་གཟིགས་སོ་ཞེས་པ་གཞུང་འདིའི་དོན་དུ་སྨྲ་མོད། ཐམས་ཅད་ནི་མ་གཟིགས་ལ་ཐམས་ཅད་ཀྱི་མཚན་ཉིད་ནི་གཟིགས་སོ་ཞེས་འགལ་བའི་ཚིག་སྨྲས་པ་ལ་སུ་ཞིག་ཡིད་རྟོན་པར་བྱེད། མཁྱེན་པ་ལས་ལོགས་སུ་གཟིགས་པ་ཞེས་སྨོས་པའི་རྣམ་བཅད་དང་ཡོངས་གཅོད་ཀྱི་དགོས་པ་རང་འགྲེལ་དུ་གསུངས་པ་སུན་དབྱུང་བར་མ་བྱེད་ཅིག མཚན་ཉིད་སྒྲིབ་མེད་དུ་གཟིགས་པའི་དཔེར་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟར་ཞེས་ཟེར་བ་ཡང་ངེས་དོན་གྱི་བརྡ་ལ་མ་བྱང་བའི་གཏམ་སྟེ། ཡུལ་ཡུལ་ཅན་སོ་སོར་འདོད་པའི་རྟོག་གེ་པ་ལ་གྲགས་པའི་དཔེ་དེས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་རྟོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་མཚོན་པ་ལྟ་ཅི་ཞིག ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་པའི་ཚུལ་ལ་གོ་བ་གཏིང་ཚུགས་པར་གྱིས་ཤིག ཕྱི་ནང་གཞན་གསུམ་དེ་ཉིད་སྟོན། །ཞེས་པའི་དོན་ལ། ཕྱི་ནང་གཞན་གསུམ་གྱི་དེ་ཁོ་ན་ཉིད་རང་གིས་རྟོགས་པ་ལྟར་མ་ནོར་བར་གཞན་ལ་སྟོན། ཞེས་པ་ཡང་། གླེང་གཞི་ལས་འཕྲོས་པ་བཞི་འགྲོས་ཀྱི་རྣམ་གཞག་བློ་ཡུལ་དུ་མ་ཤར་བའི་ཚིག་སྟེ། གཞུང་ཉིད་དུ་ཕྱི་ནང་གཞན་གསུམ་ལས་ལོགས་སུ་དེ་ཉིད་ཅེས་གསུངས་པ་དང་། འགྲེལ་པར་ཕྱི་འཇིག་རྟེན་གྱི་ཁམས་དང་། ནང་རྡོ་རྗེའི་ལུས་དང་། གཞན་དབང་བསྐུར་བ་དང་བསྐྱེད་པའི་རིམ་པ་དང་། དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་སྣང་བ་དང་སྟོང་པ་དབྱེར་མེད་པ་བདེན་པ་གཉིས་ཀྱི་དོན་མ་ནོར་བར་མཛད། ཅེས་གསལ་པོར་གསུངས་པ་ཉིད་ལ་རྟོག་དཔྱོད་འཇུག་དགོས་སོ། །དེ་ལྟར་ཁྱད་པར་དུ་བྱེད་པའི་ཆོས་ལ་དཔྱད་ནས་ཁྱད་པར་གྱི་གཞི་དཔལ་ལྡན་བླ་མ་ནི། རྒྱུད་ཀྱི་རྒྱལ་པོ་ལས། སངས་རྒྱས་ཞལ་ནི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །ཞེས་གསུངས་པ་ལྟར། སངས་རྒྱས་ཏེ་དུས་ཀྱི་འཁོར་ལོའི་ཞལ་བཞིས་མཚོན་པ་དབང་བཞི་པའི་དོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམས་སྟོབས་ཀྱིས་ཐུགས་སུ་ཆུད་ནས་ཞལ་གྱི་སྒོ་ལས་གདུལ་བྱ་ལ་སྟོན་པ་སྟེ། དེ་ཡང་ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཞེས་པ་ལྟར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་དཔལ་ཡིན་ལ། རང་དེ་དང་ལྡན་པའམ། གདུལ་བྱ་དེ་དང་ལྡན་པར་བྱེད་པས་ན་དཔལ་ལྡན་ནོ། །བླ་མ་ནི། དེའི་གོང་ན་གཞན་མེད་པའི་དོན་གྱིས་ཏེ། ཨུཏྟ་ར་ཞེས་པའི་སྒྲ་ལས་སོ། །གཉིས་པ་རྣམ་པ་དང་བཅས་པའི་སྐུ་ལ་ཕྱག་འཚལ་བ་ནི། བཤད་མ་ཐག་པའི་དཔལ་ལྡན་བླ་མ་དེ་ཉིད་རྣམ་པ་དང་བཅས་པའི་སངས་རྒྱས་ཀྱི་སྐུར་བཞེངས་པའི་ཚུལ་ལ་བསྟོད་པར་བཞེད་པས་ལྷན་སྐྱེས་གཅིག་དངོས་ཞེས་སོགས་ཚིགས་བཅད་གཅིག་གསུངས་ཏེ། ཕྱག་འཚལ་ལོ། །གང་ལ་ན། དཔལ་ལྡན་བླ་མ་དེ་ཉིད་རྣམ་པ་དང་བཅས་པའི་སངས་རྒྱས་ཀྱི་སྐུར་བཞེངས་པ་དེ་ལའོ། །དེ་ཡང་ཇི་ལྟ་བུ་ཞིག་ཅེ་ན། དེ་ཉིད་རྣམ་པ་དང་བཅས་པའི་སྐུར་བཞེངས་པའི་ཚེ། སྐུ་གཅིག་གི་བདག་ཉིད་དང་གཉིས་ཀྱི་བདག་ཉིད་གསུམ་གྱི་བདག་ཉིད་བཞིའི་བདག་ཉིད་ལྔའི་བདག་ཉིད་རིགས་དུ་མར་འགྱུར་བའི་ཚུལ་དང་དྲུག་ལས། དང་པོ་ནི། གཞིའི་དུས་ཀྱི་སེམས་ཉིད་ལྷན་ཅིག་སྐྱེས་པའི་དངོས་པོ་དེ་ཉིད་ལམ་གྱིས་དྲི་མ་སྦྱངས་པ་ལ་བརྟེན་ནས་འབྲས་བུ་གསང་ཆེན་རིགས་གཅིག་གི་སྐུ་མངོན་དུ་གྱུར་བ་དེའོ། །གཉིས་ཀྱི་བདག་ཉིད་ནི། གཞི་སེམས་ཉིད་ལྷན་གཅིག་སྐྱེས་པ་སྣང་སྟོང་ཟུང་འཇུག་དུ་གནས་པ་དེ་ཉིད་ལམ་ཐབས་ཤེས་ཟུང་འཇུག་གིས་སྦྱངས་པས་འབྲས་བུ་སྐུ་གཉིས་ཟུང་འཇུག་མངོན་དུ་གྱུར་པ་དེ་ཡིན་ཞིང་། གསུམ་གྱི་བདག་ཉིད་ནི། གཞི་དུས་ཀྱི་རྩ་སྐུ་རླུང་གསུང་ཐིག་ལེ་ཐུགས་ཏེ་གསུམ་པོ་དེ་ཉིད། ལམ་བསྐྱེད་རྫོགས་དང་ཟུང་འཇུག་གསུམ་གྱིས་སྦྱངས་པས་འབྲས་བུ་སྐུ་གསུམ་མངོན་དུ་གྱུར་པ་དེ་ཡིན་ནོ། །བཞིའི་བདག་ཉིད་ནི། གཞི་དུས་ཀྱི་གཉིད་རྨི་ལམ་སྙོམས་འཇུག་སད་པའི་གནས་སྐབས་བཞི་པོ་དེ་ཉིད་ལམ་གྱི་ཕྱག་རྒྱ་བཞིས་སྦྱངས་པས་འབྲས་བུ་སྐུ་བཞི་པོ་ཉིད་མངོན་དུ་གྱུར་པ་ཡིན་ལ། ལྔའི་བདག་ཉིད་ནི། གཞི་དུས་ཀྱི་ཕུང་པོ་ལྔ་ཁམས་ལྔ་ཉོན་མོངས་ལྔ་སོགས་ལྔ་ཆོས་རྣམས། ལམ་རིགས་ལྔའི་བསྐྱེད་རྫོགས་ཀྱིས་སྦྱངས་པས་འབྲས་བུ་སྐུ་ལྔ་མངོན་དུ་གྱུར་པ་ཡིན་ནོ། །དེ་ཉིད་རིགས་དུ་མར་ཡང་འགྱུར་ཏེ། ཧེ་བཛྭ་ལས། རིགས་ནི་ལྔ་པོ་དེ་དག་ལས། །སྟོང་ཕྲག་དུ་མ་སྐྱེད་པ་ཉིད། །དེ་ཕྱིར་དེ་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །ཅེས་དང་རིགས་གཅིག་ལས་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཀྱི་ཚོགས་ལས་རིགས་ནི་རྣམ་པ་བརྒྱ། །དེ་ཡི་རིགས་ལས་འབུམ་ཕྲག་རིགས་བཅས་དང་། །བྱེ་བའི་རིགས་ལས་གྲངས་ནི་མེད་པར་འགྱུར། །ཞེས་གསུངས་སོ། །དེ་རྣམས་ཀྱང་བདེ་བ་ཆེན་པོ་གཅིག་པུའི་ཉམས་ཀྱི་རྣམ་འགྱུར་ཡིན་ཏེ། ཀུན་སྤྱོད་ལས། གང་ཡང་དྲུག་པའི་སངས་རྒྱས་ཤེས་བྱ་བ། །གཅིག་པུའི་ཉམས་ནི་དུ་མས་གར་མཛད་དོ། །ཞེས་གསུངས་སོ། །གསུམ་འགྲོས་ཀྱི་སྐབས་སུ་ཊཱིཀ་བྱེད་འགའ་ཞིག་གིས། སྙོམས་འཇུག་ལས་སྐྱེས་པའི་བདེ་བ་ཆེན་པོ་ནི་ཆོས་ཀྱི་སྐུ་དང་། རྨི་ལམ་དང་གཉིད་མཐུག་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐ་མལ་གྱི་གནས་སྐབས་ནི་སྤྲུལ་པའི་སྐུ་སྟེ། སྐུ་གསུམ་གྱི་བདག་ཉིད་དང་། ཞེས་གནས་སྐབས་བཞི་དང་སྐུ་གསུམ་སྦྱར་བའི་བཤད་པ་མཛད་མོད། འགྲེལ་པར། དོན་དམ་པ་བདེ་བ་ཆེན་པོ་ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་སྐུ་ཡིན་ལ། ཞེས་པའི་བདེ་བ་ཆེན་པོ་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་མིང་གི་རྣམ་གྲངས་ཡིན་གྱི། སྙོམས་འཇུག་ལས་སྐྱེས་པའི་བདེ་བ་ཆེན་པོ་དང་གནད་མི་གཅིག་ལ། གཉིད་མཐུག་པོ་ལོངས་སྤྱོད་རྫོགས་པའི་སྐུར་འདོད་ན། ཆོས་སྐུ་ཡང་ལོངས་སྐུར་འདོད་དགོས་པས། སྐུ་གསུམ་གྱི་བདག་ཉིད་ཞེས་པ་དང་རང་ཚིག་འགལ་ཞིང་། གཉིད་མཐུག་པོ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྦྱར་བའི་ཁུངས་ཀྱང་མ་མཐོང་ངོ་། །དེས་ན་གནས་སྐབས་བཞི་དང་། སྐུ་གསུམ་སྦྱར་བ་གཞུང་གི་དགོངས་པ་མ་ཡིན་ཏེ། གནས་སྐབས་བཞི་པོ་སྐུ་བཞི་ཉིད་ཅེས། གཞི་འབྲས་གྲངས་མཐུན་པར་གསུངས་པས་སོ། །དེ་ལྟར་རྩ་བའི་ཚིག་དོན་བཤད་ནས་དེ་དག་འགྲེལ་པ་དང་ཡང་སྦྱར་བར་བྱ་སྟེ། གཅིག་གི་བདག་ཉིད་ནི། སེམས་ཅན་ཐམས་ཅད་ལ་ཞེས་པ་ནས་ཡིན་ལ་ཞེས་པའི་བར་གྱིས་གཞིའི་གནས་སྐབས་ཀྱི་མི་ཤིགས་པའི་ཐིག་ལེ་དངོས་སུ་བསྟན་ནས། ལམ་དང་འབྲས་བུའི་གཅིག་ཆོས་ཤུགས་ཀྱིས་འཕངས་ལ། གཉིས་ཀྱི་བདག་ཉིད་ནི། ཐབས་དང་ཤེས་རབ་དང་ཞེས་པས་ལམ་གྱི་གཉིས་ཆོས་དང་། ཀུན་རྫོབ་ནས་གཉིས་སོ་ཞེས་པས། འབྲས་བུའི་གཉིས་ཆོས་དངོས་སུ་བསྟན་ནས། གཞིའི་གཉིས་ཆོས་ཤུགས་ལ་བསྟན་ཞིང་། གསུམ་གྱི་བདག་ཉིད་ནི། དོན་དམ་པ་ནས་སྐུ་འབྱུང་སྟེ་ཞེས་པས། འབྲས་བུའི་གསུམ་ཆོས་དག་བྱ་དང་བཅས་པ་དང་། འདི་ཡང་ནས་ཐུགས་རྡོ་རྗེ་སྟེ་ཞེས་པས་གཞིའི་གསུམ་ཆོས་དང་། འདི་གསུམ་ནས་ཕྱིར་ཞེས་པས་ལམ་གྱི་གསུམ་ཆོས་དངོས་སུ་བསྟན་ཞིང་། སངས་རྒྱས་ཤེས་སོགས་ཀྱིས་དོན་བསྡུས་པའོ། །བཞིའི་བདག་ཉིད་ནི། དྲི་མ་མེད་པ་ནས་གསུངས་པོའི་བར་སྟེ། གཞིའི་དུས་ཀྱི་བཞི་ཆོས་དང་། འབྲས་བུའི་བཞི་ཆོས་དངོས་སུ་བསྟན་ནས། ལམ་གྱི་བཞི་ཆོས་ཤུགས་ལ་འཕངས་སོ། །ལྔའི་བདག་ཉིད་ནི། དེ་ཉིད་ལ་ཞེས་སོགས་ཀྱིས་མདོར་བསྟན་ནས། གཟུགས་ཀྱི་ཕུང་པོ་ནས་དོན་ཡོད་གྲུབ་པ་སྟེ་ཞེས་པས་རྒྱས་པར་བཤད་ཅིང་། གཞིའི་ལྔ་ཆོས་དང་། འབྲས་བུའི་ལྔ་ཆོས་དངོས་སུ་བསྟན་ནས། ལམ་གྱི་ལྔ་ཆོས་ཤུགས་ལ་བསྟན་ནོ། །དེ་ལྟར་ཞེས་སོགས་ཀྱིས་ནི་དེ་ལས་དུ་མར་འགྱུར་པའི་ཚུལ་གསུངས་སོ། །ད་ནི་དེ་དག་གི་མཐའ་བཅད་པར་བྱ་སྟེ། དེ་ཡང་། འཁོར་འདས་ཐམས་ཅད་ཀྱི་རྩ་བའམ་གཞིར་གྱུར་པ་ནི་གདོད་མའི་མི་ཤིགས་པའི་ཐིག་ལེ་ཆེན་པོ་སྟེ། དེ་ནི་གཞུང་ལས། རྒྱུ་ནི་སེམས་ཉིད་ཐོག་མེད་ལ། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཀྱང་། །ཞེས་གསུངས་པ་ལྟར། སེམས་ཅན་ནས་སངས་རྒྱས་ཀྱི་བར་ལ་ཁྱད་པར་མེད་པའི་སེམས་ཀྱི་ངོ་བོ། ཐོག་མ་དང་མཐའ་མ་མེད་ཅིང་། རྟག་ཆད་དང་མཐའ་དབུས་སོགས་ཀྱི་རྒྱར་མ་ཆད་ལ། སྤང་གཉེན་དང་ཞེན་བཟུང་གི་ཕྱོགས་སུ་མ་ལྷུང་བ། མཚན་མ་དང་རྣམ་པར་རྟོག་པས་མ་བསླད་པའི་གཤིས་བབས་མ་བཅོས་པ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་འདི་ཉིད་ཡིན་ནོ། །དེ་ལ་མིང་གི་རྣམ་གྲངས་སུ་ནི། ཐ་མལ་གྱི་ཤེས་པ་དང་། སེམས་སོ་མ་དང་། གཉུག་མའི་ཡིད་དང་། ཕྱག་རྒྱ་ཆེན་པོ་དང་། བདེ་བ་ཆེན་པོ་དང་། ནཱ་ད་དང་། གཞོམ་མེད་ཀྱི་ཧྃ་དང་། མཁའ་ཁྱབ་མཁའི་རྡོ་རྗེ་དང་། དེ་བཞིན་གཤེགས་པའི་སྙིང་པོ་དང་། ཡེ་ཤེས་ཀྱི་རླུང་དང་། ཡེ་ཤེས་ཀྱི་རྩ་དབུ་མ་དང་། གཞོམ་མེད་ཀྱི་ཐིག་ལེ་དང་། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་སོགས་རྣམ་གྲངས་མཐའ་ཡས་པ་གསུངས་སོ། །འདི་ཉིད་ལས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་བ་སྟེ། རྩ་བའི་མི་ཤིགས་པ་ཆེན་པོ་དེ་ཡང་སེམས་ཅན་གྱི་ཁམས་སམ་འབྱུང་བས་དབང་བྱས་པར་གནས་པ་ལས། རང་དང་འདྲེས་པ་ལྟ་བུའི་རླུང་གིས་ཡིད་གཡོས་པའི་འགྱུ་བ་རང་ངོ་མ་ཤེས་པ་ལྷན་ཅིག་སྐྱེས་པའི་མ་རིག་པའི་སྣང་བ་དམར་ཆས་དབང་བྱས་པ་ལས་འཁོར་འདས་ཀྱི་སྣང་བ་ཤར་བ་ལ་གཞན་དུ་རྟོག་ཅིང་། དཀར་ཆས་དབང་བྱས་པ་ལས་བདག་ཏུ་རྟོག་པ་འབྱུང་སྟེ། གཞུང་ལས། དེ་ཉིད་རང་གིས་རང་མ་རིག། འདུ་བྱེད་ཡིད་ཀྱི་གཡོ་བ་ནི། །ཆུ་རླབས་ལྟ་བུར་གཡོས་པ་ལས། །དོན་དང་འཛིན་པ་གཉིས་སྣང་བས། །ཞེས་གསུངས་པ་ཇི་ལྟ་བ་བཞིན་ནོ། །དེའི་ཕྱིར་དཀར་དམར་རླུང་གི་གཡོ་བས་གཉིས་ཆོས་སུ་གྱེས་པ་ལ་གཟུང་འཛིན་ནམ་སྣང་སེམས་སམ་བདག་གཞན་ནམ་ཡུལ་ཡུལ་ཅན་སོགས་སུ་རྟོག་པ་སྟེ། དོན་ལ་གཟུང་བ་དང་སྣང་བ་དང་གཞན་དང་ཡུལ་ལ་སོགས་པ་ལ་གཞན་རྟོག་འཇུག་པ་ཐམས་ཅད་སེམས་དེའི་རང་འོད་དམ་སྣང་ཆ་ཡིན་ལ། འཛིན་པ་དང་སེམས་དང་བདག་དང་ཡུལ་ཅན་དུ་བདག་རྟོག་འཇུག་པ་དེ་ནི་སེམས་དེའི་ངོ་བོའམ་སྟོང་ཆ་ཡིན་པས། སེམས་ཀྱི་གཤིས་སྐྱེ་མེད་དང་གདངས་འགག་མེད་ལ་སོ་སོར་རྟོག་པ་སྟེ། རྗེ་ཟླ་འོད་གཞོན་ནུས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང་སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་ཅེས་གསུངས་པ་བཞིན་ནོ། །དེའི་ཕྱིར་འཁོར་འདས་ཀྱི་རྩ་བ་ནི་སེམས་ཉིད་གཅིག་པུ་ཁོ་ན་སྟེ། མདོ་ལས། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལས་བྱུང་བར་གསུངས་པ་དང་། དཔལ་མདའ་བསྣུན་གྱི་ཞལ་སྔ་ནས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་ཡང་། གནས་ཚུལ་ལ་མར་མེ་དང་མར་མེའི་འོད་བཞིན་དུ་སྣང་སེམས་དབྱེར་མེད་དངོས་པོའི་གཤིས་ལུགས་ལ་གྲུབ་པ་ཡིན་པས་སྣང་བ་སེམས་སུ་བཞེད་པ་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པའི་ཡང་སྙིང་ཡིན་གྱི། རྣམ་པར་རིག་པ་ཙམ་དུ་སྨྲ་བ་རྣམས་ཀྱིས་བཏགས་པའི་གྲུབ་པའི་མཐའ་ནི་མ་ཡིན་ནོ། །དེའི་ཕྱིར་སེམས་ཉིད་རང་གི་སྣང་ཆ་ལ་གཞན་རྟོག་ཞུགས་ནས་ཤེས་རྗོད་ཀྱིས་བསྡུས་པའི་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་བཞག་པ་ཡིན་ཏེ། གཞི་ལ་རྩ་བ་དཀར་དམར་གྱི་དབང་གིས་བདག་གཞན་དུ་རྟོག་པས་གཟུང་འཛིན་གཉིས་དང་རླུང་དང་བཅས་པ་ལས་གསུམ་འགྲོས་སམ། དམར་ཆ་ལས་ཡེ་ཤེས་ཕྱེ་བས་བཞི་འགྲོས་སུ་འབྱུང་བ་ནི་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཨེ་ཝྃ་མ་ཡའི་དགོངས་པ་ཡིན་ནོ། །དེ་ལས་འཁོར་བ་སྣང་བའི་ཚུལ་ཀྱང་། མི་ཤིགས་པའི་ཐིག་ལེ་ལྷན་ཅིག་སྐྱེས་པའི་མ་རིག་པའི་གཡོ་བ་དང་བཅས་པ། དཀར་ཆས་དབང་བྱས་པ་ལས་བདག་ཏུ་རྟོག་པའི་སྣང་བ་གསུམ་གྱི་འཆར་སྒོ་ལས་དཀར་དམར་རླུང་གསུམ་གྱི་ངེས་པ་ཡུལ་དུ་སྣང་བ་ཉིད་ཀྱིས། འདོད་པ་དང་གཟུགས་དང་གཟུགས་མེད་པ་སྟེ་ཁམས་གསུམ་གྱི་སྣང་བ་འབྱུང་ཞིང་། འཆར་སྒོ་བཞི་འགྲོས་སུ་ཕྱེ་ན་དམྱལ་བ་ཡེ་ཤེས་ཀྱི་རང་སྣང་དུ་འཆད་དགོས་སོ། །ལྔ་འགྲོས་ལ་སོགས་པ་འབྱུང་བའི་ཚུལ་ཡང་། མི་ཤིགས་པའི་ཐིག་ལེ་དེ་ཉིད་ཁམས་ལྔའི་བདག་ཉིད་ཅན་ཡིན་པས། དེ་ལས་གཞན་རྟོག་ལ་ཕུང་པོ་ལྔ་ལ་སོགས་པར་སྣང་ཞིང་། བཞི་ཆོས་ཀྱི་ས་ལས་ཡེ་ཤེས་དང་རླུང་ལས་ནམ་མཁའ་ཕྱེ་བས་དྲུག་ཆོས་དང་། ལྔ་ཆོས་ལས་འབྱུང་ཆུང་གི་དབྱེ་བས་ཉི་ཤུ་རྩ་ལྔ་སོགས་དུ་མའི་བར་དུ་འབྱུང་བ་རྣམས་སྤྲོས་པས་ཆོག་གོ །མྱང་འདས་ཀྱི་སྣང་བ་འཆར་བའི་ཚུལ་ནི། གཞུང་ལས། དེ་ཉིད་མ་འགགས་རོལ་པ་ལས། །ངོ་བོ་སྟོང་ལ་རང་བཞིན་གསལ། །རྣམ་པ་འགག་མེད་ཅིར་ཡང་འཆར། །ཞེས་གསུངས་པ་ལྟར། མི་ཤིགས་པའི་ཐིག་ལེ་རང་ངོ་ཤེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་གསུམ་གྱི་འཆར་སྒོ་ལས་དཀར་དམར་རླུང་གསུམ་གྱི་རང་གི་ངོ་བོ་ཡུལ་དུ་སྣང་བ་ཉིད་ཀྱིས། སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུ་སྟེ་སྐུ་གསུམ་གྱི་སྣང་བ་འབྱུང་ཞིང་། འཆར་སྒོ་བཞི་འགྲོས་སུ་ཕྱེ་ན་ངོ་བོ་ཉིད་གྱི་སྐུ་ཡེ་ཤེས་ཀྱི་རང་སྣང་དུ་འདོད་དགོས་སོ། །དེ་ལས་སྐུ་ལྔ་དང་རིགས་དྲུག་དང་རིགས་ཆུང་ཉི་ཤུ་རྩ་ལྔ་དང་དམ་པ་རིགས་བརྒྱ་ལ་སོགས་པ་མཐའ་ཡས་པའི་ཚུལ་ཡང་སྤྲོས་ཏེ་ཤེས་པར་བྱའོ། །ལམ་གྱི་སྣང་བ་འབྱུང་བའི་ཚུལ་ཡང་། མྱ་ངན་ལས་འདས་པའི་ཕྱོགས་སུ་གཏོགས་པ་སྟེ། སྐུ་དེ་དག་ཐོབ་པར་བྱེད་པའི་ལམ་ལ་ཡང་གཉིས་སམ་གསུམ་མམ་བཞི་ལ་སོགས་པར་ཕྱེ་ན་སྨིན་གྲོལ་གྱི་ལམ་ལ་ཡང་། གསུམ་འགྲོས་དང་བཞི་འགྲོས་སོགས་མཐའ་ཡས་པའི་བར་དུ་འགྱུར་རོ། །དེའི་ཕྱིར་གདོད་མའི་མི་ཤིགས་པ་ཆེན་པོ་དེ་ཉིད་འཁོར་འདས་ཐམས་ཅད་ཀྱི་གཞི་ཡིན་ཀྱང་། གཞི་ལམ་འབྲས་བུ་གསུམ་གྱི་ཟླས་ཕྱེ་བའི་གཞི་ནི་མ་ཡིན་ཏེ། གཞི་ལམ་འབྲས་བུ་གསུམ་གང་གི་ཡང་ཕྱོགས་སུ་ལྷུང་བ་མེད་པའི་ཕྱིར་རོ། །དེས་ན་མི་ཤིགས་པའི་ཐིག་ལེ་ཆེན་པོས་འཆར་གཞི་བྱས་པའི་འཁོར་འདས་ཀྱི་འཆར་སྒོ་ནི་བསམ་གྱིས་མི་ཁྱབ་སྟེ། འཁོར་འདས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་དུ་འཆར་ཡང་། འཁོར་འདས་ཀྱིས་བསྡུས་པའི་ཆོས་གང་ཡང་མ་ཡིན་པས་སོ། །གསུམ་པ་ནི། དཔལ་ལྡན་བླ་མ་དེ་ཉིད་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་རོ་མཉམ་པའི་བདེ་བ་ཆེན་པོར་བཞེད་པས། དངོས་གཅིག་ཆོས་ཀུན་ཞེས་སོགས་ཚིགས་བཅད་གཅིག་གསུངས་ཏེ། ཕྱག་འཚལ་ལོ། །གང་ལ་ན། ལྷ་མོ་སྟེ་སྣ་ཚོགས་ཡུམ་དང་རྡོ་རྗེ་ཕག་མོ་སོགས་ཀྱི་སྒྲས་བསྟན་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་དེ་ལའོ། །དེ་ཇི་ལྟ་བུ་ཞེ་ན། བེམས་པོའི་སྟོང་པ་ཉིད་མ་ཡིན་པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟེ། སེམས་ལྷན་ཅིག་སྐྱེས་པའི་དངོས་པོ་གཅིག་ཉིད་ཆོས་ཀུན་ལ་ཁྱབ་བྱེད་དུ་འཇུག་པའི་རང་བཞིན་ཅན་དེ་ཉིད་ཡིན་ལ། དེའི་མིང་གི་རྣམ་གྲངས་ནི། དབུ་མའི་རང་བཞིན་ཞེས་ཀྱང་བྱ། བདེ་བ་ཆེན་པོ་གཅིག་པུའི་སྐུ་ཞེས་ཀྱང་བྱའོ། །དེ་ནམ་གྱི་ཚེ་མངོན་དུ་འགྱུར་སྙམ་ན། སྒོམ་པའི་ལམ་མཐར་ཐུག་པ་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་གིས་སྒྲིབ་པ་མཐའ་དག་བཅོམ་པའི་མཐར་སྐྱེས་པ་མཚན་མ་ཐམས་ཅད་དང་བྲལ་བའི་རང་བཞིན་ཅན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐད་ཅིག་མ་དང་པོ་ནི་མཐར་ཐུག་པ་ཡིན་ལ། དེ་དང་རྗེས་སུ་མཐུན་པ་ནི་ལམ་པའི་སྐབས་སུ་ས་བདུན་པ་གང་གི་མཐར་སྐྱེས་པའི་ས་བརྒྱད་པ་རྣམ་པར་མི་རྟོག་པ་ལ་དབང་ཐོབ་པའི་ཡེ་ཤེས་སོ། །དེ་དང་རྗེས་སུ་མཐུན་པ་ནི་སྦྱོར་ལམ་གང་གི་མཐར་སྐྱེས་པ་མཐོང་བའི་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྣང་བའི་ཏིང་ངེ་འཛིན་ཏོ། །དེ་དག་མཚོན་པར་བྱེད་པ་ནི་དབང་གི་སྟོབས་ལས་བྱུང་བ་དཔེའི་ཡེ་ཤེས་ཏེ། བདེ་བ་དང་སྟོང་པ་གཉིས་སུ་མེད་པ་དུག་གསུམ་གྱི་སེམས་དང་བྲལ་ཞིང་ཡོད་མེད་ལས་འདས་པ་འཛག་པ་མེད་པའི་བདེ་བ་པྲ་རྣམས་ཀྱི་རང་བཞིན་ཅན་ཏེ། དེ་ཡང་། མི་འཇིགས་པའི་ཞལ་ལུང་ལས། ཆོས་སྐུ་རབ་དགའ་མཁའ་འདྲ་བ། །གཉིད་དུས་གླལ་དང་འཁྲིག་ལ་སོགས། །མྱོང་བར་འགྱུར་བ་རབ་གོམས་ན། །ལུས་ཅན་རྣམས་ཀྱི་ཡིད་ནི་སྤོང་། །ཞེས་གསུངས་པ་ལྟར་ངོ་སྤྲོད་པར་བྱའོ། །བདག་གི་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། འདིར་སྒྲིབ་པ་སྤངས་པ་གང་གི་མཐའ་དང་ས་བརྒྱད་པ་དང་མཐོང་སྤང་སྤངས་བ་ལས་ཡེ་ཤེས་སྐྱེ་བར་བཤད་པ་ནི་སྤྱིར་བཏང་བ་ཙམ་ཡིན་གྱི། གཙོ་བོར་དབང་གིས་བྱིན་གྱིས་བརླབས་པ་གང་གི་མཐར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བ་ནི་གཞུང་གི་དགོངས་པ་མཐར་ཐུག་སྟེ། སེམས་ཅན་ཐམས་ཅད་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡོད་ཀྱང་དེ་རྟོགས་པར་འགྱུར་བ་ནི་དབང་གིས་བྱིན་གྱིས་བརླབས་པ་ལ་རག་ལས་པས་སོ། །ཞེས་གསུང་ངོ་། །མཆོད་བརྗོད་ཀྱི་ཚིགས་བཅད་གསུམ་པོའི་སྐབས་འདིར་སྤྲོས་ནས་བཤད་ན། ཕུན་སུམ་ཚོགས་པ་ལྔ་དང་ཨེ་ཝྃ་གཟུགས་སྒྲུབ་དང་སྒྲ་སྒྲུབ་ལ་སོགས་པ་སྐབས་སུ་བབ་སྟེ། བསྟན་བཅོས་འདི་ཉིད་རྒྱུད་སྡེ་མཐའ་དག་གི་དོན་གྱི་འགྲེལ་པ་ཡིན་པའི་ཕྱིར་ན་མཆོད་བརྗོད་ནི་རྒྱུད་ཀྱི་གླེང་གཞིའི་འགྲེལ་པ་ཡིན་པས་སོ། །དེས་ན་ཚིགས་སུ་བཅད་པ་གསུམ་ཀ་བསྟན་བཅོས་ལུས་ཀྱི་རྗོད་བྱ་དང་མཐུན་པའི་མཆོད་བརྗོད་ཡིན་ནོ། །བཞི་པ་ནི། དེ་ལྟར་མཆོད་པར་བརྗོད་ནས་ལས་སུ་བྱ་བ་ནི་ཅི་སྙམ་ན། རྒྱུད་རྣམས་ཀུན་ཞེས་སོགས་ཚིགས་བཅད་ཕྱེད་དང་གཉིས་གསུངས་ཏེ། བཤད་དོ། །གང་ན། བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་རྣམས་ཀུན་ཏུ་གསངས་པའི་ཡང་དག་པའི་དོན་གང་ཡིན་པ་དེ་ཉིད། ཕྱི་རོལ་པའི་ཉན་ཐོས་ཙ་ར་ཀ་ལ་སོགས་པ་དང་། ནང་པའི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་ཞིང་། ཕ་རོལ་ཏུ་ཕྱིན་པ་ཕྱོགས་རེ་ལ་ཞུགས་པ་རྣམས་ལ་རབ་ཏུ་གསང་བ་སྟེ་རང་གསང་དུ་གནས་པའི་ལུས་དང་ངག་དང་སེམས་ནང་གི་བདག་ཉིད་དུ་གྱུར་པ་རྡོ་རྗེ་ཐེག་པ་ལས་གསུངས་པའི་བདེ་བར་གཤེགས་པའི་སྙིང་པོ་དེའོ། །དེ་ལྟར་དུ་གསངས་ན་གང་ལས་ཤེས་སྙམ་ན། རྒྱལ་བས་བླ་ན་མེད་པའི་རྒྱུད་སྡེ་རྣམས་སུ་རྒྱས་པར་ཕྱེ་སྟེ་གསུངས་པ་ལ་བརྟེན་ནས་སོ། །དེས་ཆོག་མོད། ཟློས་ཏེ་བཤད་པས་ཅི་ཞིག་བྱ་སྙམ་ན། ཟློས་བར་མི་འགྱུར་ཏེ། རྒྱུད་སྡེ་རྣམས་སུ་མཐའ་དྲུག་དང་ཚུལ་བཞིས་བཅིངས་ཏེ། དེའི་དབུས་སུ་ཆུད་པའི་ནང་གི་དོན་བདེ་བར་གཤེགས་པའི་སྙིང་པོ་དེ་ནི། རྗོད་བྱེད་རྡོ་རྗེའི་ཚིག་ཤིན་ཏུ་བརླིང་བར་གནས་པས་རྟོགས་དཀའ་བར་གཟིགས་ནས་མཐའ་དྲུག་དང་ཚུལ་བཞིའི་ཕྱག་རྒྱ་དཀྲོལ་ཏེ་གོ་སླ་བར་བཤད་པ་ཡིན་ནོ། །འདིར་འཕྲོས་པའི་དོན་ཅུང་ཟད་ཙམ་བཤད་ན་མཐའ་དྲུག་ཚུལ་བཞི་ནི་དུས་འཁོར་རྩ་རྒྱུད་ལས། དགོངས་པའི་སྐད་དང་དེ་བཞིན་མིན། །ཇི་བཞིན་སྒྲ་དང་དེ་བཞིན་མིན། །དྲང་བའི་དོན་དང་ངེས་དོན་ཏེ། །རྒྱུད་ནི་མཐའ་དྲུག་མཚན་ཉིད་དོ། །ཞེས་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། མཐའ་དྲུག་ཏུ་བཤད་པ་ནི་འདི་ལྟ་སྟེ། དགོངས་པ་བཤད་པ་དང་དགོངས་མིན་བཤད་པ་དང་དྲང་བའི་དོན་དང་ངེས་པའི་དོན་དང་སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་པ་མ་ཡིན་པ་རྣམས་སོ། །ཞེས་དང་། བཤད་པ་བཞི་ནི། ཡི་གེ་དང་སྤྱི་དང་སྦས་པ་དང་མཐར་ཐུག་པའོ། །ཞེས་གསུངས་པ་ལྟར་ཏེ། མཐའ་དྲུག་ནི། དགོངས་པ་ཅན་དང་དགོངས་པ་ཅན་མ་ཡིན་པའི་མཐའ། དྲང་དོན་དང་ངེས་དོན་གྱི་མཐའ། སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་པ་མ་ཡིན་པའི་མཐའ་སྟེ་དྲུག་གོ །དང་པོ་དགོངས་པ་ཅན་ལ་ཡང་གསུམ་སྟེ། དུས་ལ་དགོངས་པ་དང་། དོན་ལ་དགོངས་པ་དང་། བསམ་པ་ལ་དགོངས་པའོ། །དང་པོ་ནི། མ་འོངས་པའི་དུས་ན་འབྱུང་བ་ལ་དགོངས་ནས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཤེས་གསུངས་པ་ལྟ་བུ་དང་། གཉིས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་པྲ་རྣམས་ཀྱི་རང་བཞིན་ལྟ་བུ་ལ་དུས་རྟག་ཏུ་ལོངས་སྤྱོད་དགོས་པར་དགོངས་ནས། སངས་རྒྱས་ཀུན་ལ་ཕྲོགས་ནས་ནི། །ལྷ་མཆོག་ལས་སྐྱེས་བུ་མོ་སྤྱོད། །ཅེས་མ་ཧཱ་མ་ཡ་ལས་གསུངས་པ་ལྟ་བུ་དང་། གསུམ་པ་ནི། སྲོག་ཆེན་པོའི་རླུང་གི་མིང་དུ་བསྟན་པ་བདག་འཛིན་བསོད་དགོས་པ་ལ་དགོངས་ནས། ཧེ་བཛྭ་ལས། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་དགོངས་པ་ཅན་མ་ཡིན་པ་ནི། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་མི་བྱ། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་དྲང་དོན་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་དང་མཆོད་པ་དང་བརྡ་དང་ལག་པའི་ཕྱག་རྒྱ་དང་སྦྱིན་སྲེག་དང་བསྐྱེད་རིམ་དང་ལས་ཚོགས་བསྒྲུབ་པ་ལ་སོགས་པ་ནང་གི་ཚུལ་ལ་འཇུག་པའི་ཐབས་གསུངས་པ་རྣམས་ཏེ། ཧེ་བཛྭ་ལས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཅི་གསུངས་སྦྱིན་སྲེག་བྱས་ནས་ནི། །དཀྱིལ་འཁོར་དམ་པ་བཞེངས་པ་དང་། །སྔ་བར་སྐུ་གཟུགས་སྦྱང་བ་དང་། །སྟ་གོན་ལ་སོགས་བྱས་ནས་ནི། །ཞེས་སོགས་གསུངས་པ་ལྟ་བུའོ། །བཞི་པ་ངེས་དོན་ནི། རྩ་རླུང་བྱང་ཆུབ་ཀྱི་སེམས་བཅིང་བ་དང་། རང་བཞིན་གྱི་འོད་གསལ་བའི་སེམས་ཀྱི་གནས་ལུགས་ཀུན་གཞི་དང་དེ་བཞིན་གཤེགས་པའི་སྙིང་པོ་དང་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བ་སྟོན་པའི་གཞུང་རྣམས་ཏེ། ཧེ་བཛྭ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལ་མ་སྐྱེས་པའོ། །ཞེས་གསུངས་པ་ལྟ་བུའོ། །ལྔ་པ་སྒྲ་ཇི་བཞིན་པ་ནི། དོན་དང་མིང་འཇིག་རྟེན་པའི་བསྟན་བཅོས་ལ་གྲགས་པ་དང་མཐུན་པར་སྟོན་པའི་གཞུང་རྣམས་ཏེ། དཔེ་བརྗོད་ནི་གོ་བར་སླའོ། །དྲུག་པ་སྒྲ་ཇི་བཞིན་པ་མ་ཡིན་པ་ནི། རྩ་བ་དང་ཡན་ལག་གི་རླུང་བཅུའི་མིང་ལ། ཀོ་ཊཱ་ཁྱ། ཀོ་ཊཱ་བཻ། ཀོ། ཀོ་ཊཱ་བཱཻ་། ཀོ་ཊཱ་ར་ག །ཀོ་ལ་ཁྱ། ཀོ་ལ་ཝ། ཀོ་ལ། ཀོ་ལ་བ། ཀོ་ལ་སྟཋ། ཞེས་གསུངས་པ་ལྟ་བུ་འཇིག་རྟེན་པའི་བསྟན་བཅོས་ཀྱི་བརྡ་ལ་མེད་ཅིང་། དེ་བཞིན་གཤེགས་པའི་གསང་བའི་སྐད་ཀྱིས་གསུངས་པ་རྣམས་ཏེ། སྒྲོན་གསལ་ལས། ཀོ་ཊ་ཁྱ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལ་མེད་ཅིང་། །དེ་བཞིན་གཤེགས་པའི་སྒྲར་གྱུར་པ། །འདི་ནི་ཇི་བཞིན་མིན་པར་གྲགས། །ཤེས་གསུངས་པས་སོ། །ཚུལ་བཞི་ནི་ཡི་གེའི་དོན་གྱི་ཚུལ་དང་། སྤྱིའི་དོན་གྱི་ཚུལ་དང་། སྦས་བའི་དོན་གྱི་ཚུལ་དང་། མཐར་ཐུག་གི་དོན་གྱི་ཚུལ་ཏེ། སྒྲོན་གསལ་ལས། ཚིག་གི་དོན་དང་སྤྱི་ཡི་དོན། །སྦས་དང་དེ་བཞིན་མཐར་ཐུག་པའོ། །ཞེས་གསུངས་པ་དང་། དེའི་དཔེ་བརྗོད་ཀྱང་དེ་ཉིད་ལས། །སྒྲ་ཙམ་ལ་ནི་རབ་གཞོལ་བའི། །ཕྱི་རོལ་བསྟན་བཅོས་མཁས་པ་ཡིས། །དེ་ཡི་བཀོད་པ་རབ་བསྟན་པ། །ཡི་གེའི་དོན་ནི་ཡིན་པར་བཤད། །མདོ་སོགས་ལ་ནི་རབ་བཞུད་པའི། །འགྱོད་པ་བཟློག་པར་བྱེད་པ་དང་། །བསྐྱེད་པའི་རིམ་དང་ལྡན་པ་དག །སྤྱི་ཡི་དོན་ནི་ཡིན་པར་བཤད། །འདོད་ཆགས་ཆོས་ནི་རབ་སྟོན་དང་། །ཀུན་རྫོབ་བདེན་པ་རྟོགས་པ་དང་། །ཡེ་ཤེས་གསུམ་པོ་རྣམ་དག་པའི། །སྙིང་པོ་ཡོད་པས་སྦས་པའོ། །འོད་གསལ་བ་ནི་རབ་སྟོན་དང་། །ཟུང་དུ་འཇུག་པར་རྟོགས་པ་སྟེ། །རྣམ་པ་གཉིས་སུ་མཐའ་བཤད་དེ། །མཐའ་ནི་མུར་ཐུག་པ་ཡི་ཚིག །ཅེས་གསུངས་པ་ཇི་ལྟ་བ་བཞིན་ནོ། །ཕྱི་ནང་ཉན་ཐོས་ཤེས་སོགས་ཀྱི་དོན་ལ་ཁ་ཅིག་ན་རེ། འགྲེལ་པར་ཕྱི་རོལ་པའི་ཉན་ཐོས་ཀུན་ཏུ་རྒྱུ་དང་ཙ་ར་ཀ་ཞེས་ཕྱི་རོལ་པ་ལའང་ཉན་ཐོས་ཀྱི་ཐ་སྙད་གསུངས་ཀྱང་། ཕྱི་རོལ་པ་དང་ནང་པའི་ཉན་ཐོས་ཤེས་བཤད་ན་བརྡ་ཆད་དང་མཚུངས་པ་འདྲ་ཞེས་ཟེར་མོད། དེས་ནི་རང་འགྲེལ་གསུང་རབ་ཀྱི་བརྡ་ཆད་དང་མི་མཚུངས་པར་ཟུར་གྱིས་སྨྲས་ཤིང་། དཀོན་བརྩེགས་ལས། དགེ་སློང་ལྔ་བརྒྱ་པོ་འདི་ནི་དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་གསུང་རབ་ལ་མུ་སྟེགས་ཅན་གྱི་ཉན་ཐོས་སུ་གྱུར་ཏེ། ཞེས་དང་། ལུང་ཞུ་བ་ལས། གཅེར་བུ་པ་དང་། གཅེར་བུ་མ་དང་གཅེར་བུ་པའི་ཉན་ཐོས་རྣམས་ལ་ནི་སྒོ་བཅད། ཅེས་སོགས་གསུངས་པ་རྣམས་མ་མཐོང་བར་ཟད་ལ། གཞན་ཡང་། ཉན་ཐོས་ཀྱི་སྐད་དོད་དུ་ཤྲ་བ་ཀ་ཞེས་པ་ཐོས་པ་སྒྲོག་པ་ལ་འཇུག་པས། ཕྱི་པ་ལའང་བསམ་གཏན་ལ་གཙོ་བོར་མི་བྱེད་པར་གདམ་ངག་ཐོས་པ་གཞན་ལ་སྒྲོག་པ་གཙོ་ཆེ་བའི་རིགས་ཅན་ཡོད་པས། དེའི་ཕྱིར་ཕྱི་རོལ་པ་ལ་ཡང་ཉན་ཐོས་ཡོད་དོ། །དེར་མ་ཟད་ཉན་ཐོས་ནི་སློབ་མའི་དོན་དུ་འཆད་པ་མང་བས་ལུགས་འདི་ལ་ཁ་ན་མ་ཐོ་བ་ཅུང་ཟད་ཀྱང་མེད་དོ། །འོ་ན་ལུས་སེམས་ནང་གི་བདག་ཉིད་དེ་གང་ཞེ་ན། འགྲེལ་བ་ལས། རྡོ་རྗེའི་ལུས་དེ་བཞིན་གཤེགས་པའི་སྙིང་པོ་ལས་སྣང་བ་རྒྱུ་མཐུན་པ་རབ་ཏུ་ཟབ་པའི་གཟུགས་ཀྱི་སྐུ་མཚན་དང་དཔེ་བྱད་ཐམས་ཅད་དང་ལྡན་པ་དྲི་མ་མེད་པ་ཉིད་དྲི་མ་དང་བཅས་པའི་ལུས་ལ་གནས་པ་གསུངས་པས་ནི་ལུས་ནང་གི་བདག་ཉིད་དང་། སེམས་དྲི་མ་དང་བཅས་པ་ཉོན་མོངས་པའི་སྦུབས་དུ་མས་བསྒྲིབས་པ་འདི་སངས་རྒྱས་ཀྱི་སྙིང་པོ་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པའི་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པའི་ཆོས་རྣམས་ཀྱི་ཡོན་ཏན་དང་ལྡན་པར་བཞུགས་སོ། །ཞེས་པས་ནི་སེམས་ནང་གི་བདག་ཉིད་གསལ་བར་གསུངས་སོ། །དེ་ལྟར་ན་ངག་ནང་གི་བདག་ཉིད་ཅིའི་ཕྱིར་དངོས་སུ་མ་གསུངས་ཤེ་ན། ལུས་ནང་གི་བདག་ཉིད་ཀྱི་ཞར་ལས་ཤེས་པར་འགྱུར་བས་ཏེ། རྒྱུ་མཐུན་པ་རབ་ཏུ་ཟབ་པའི་གཟུགས་ཀྱི་སྐུ་ལ་གཉིས་ལས། ལོངས་སྤྱོད་རྫོགས་པའི་སྐུ་ནི་རླུང་གི་དེ་ཁོ་ན་ཉིད་ཡིན་པས་སོ། །དེ་ཡང་། རྡོ་རྗེའི་ངག་དེ་བཞིན་གཤེགས་པའི་སྙིང་པོ་ལས་སྣང་བ་རྒྱུ་མཐུན་པ་རབ་ཏུ་ཟབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཐམས་ཅད་དང་ལྡན་པ་དྲི་མ་མེད་པ་ཉིད་དྲི་མ་དང་བཅས་པའི་རླུང་ལ་གནས་པ་དང་། ཞེས་བྱ་བ་དོན་གྱིས་ཐོབ་པའོ། །གཉིས་པ་གཞུང་དོན་དངོས་ལ་གཉིས་ཏེ། ལུས་རྣམ་པར་གཞག་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དགོས་པ་དང་བཅས་པའི་དོན་གྱི་ལུས་རྣམ་པར་གཞག་པ་དང་། དུམ་བུ་བཅུ་གཅིག་གི་ངེས་པ་མདོར་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། གཞུང་གི་དོན་གཉིས་ལས། དང་པོ་ལ། དགོས་འབྲེལ་གྱི་མཐའ་བཅད་པ་དང་། བདེར་གཤེགས་སྙིང་པོའི་མཐའ་བཅད་པ་གཉིས་ལས། དང་པོ་ནི། བསྟན་བཅོས་འཆད་པར་བྱེད་པ་རྣམས་ལ་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་བཤད་ཐབས་ཀྱི་ཡན་ལག་ལྔ་མན་ངག་དུ་གནང་སྟེ། ཇི་སྐད་དུ་རྣམ་བཤད་རིག་པ་ལས། །གང་ཞིག་བདག་ལས་བློ་དམན་ཞིང་། །མདོ་རྣམས་འཆད་འདོད་དེ་དག་ལ། །མན་ངག་ཅུང་ཟད་བྱིན་པར་བྱ། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །རྒལ་ལན་བཅས་ཏེ་བསྙད་པར་བྱ། ཞེས་གསུངས་པས་སོ། །ལྔ་པོ་དེ་ལས་ཀྱང་། ཐོག་མར་བསྟན་པར་བྱ་བ་ནི་དགོས་པའི་དོན་ཏེ། དེ་ཉིད་ལས། མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་པ་པོ་དེ་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །དེས་གྲུབ་དེ་ནི་བསྡུས་དོན་ལ། །བསྡུས་པའི་དོན་ནི་ཚིག་དོན་ཏེ། །གོ་རིམས་རིགས་པ་སྔ་ཕྱི་དང་། །མི་འགལ་བ་ནི་གཉིས་ལགས་སོ། །ཞེས་དགོས་སོགས་གསུམ་རིམ་ཅན་དུ་བསྟན་ནས། གོ་རིམས་དང་མི་འགལ་བར་མཚམས་སྦྱོར་དང་། རིགས་པ་དང་མི་འགལ་བར་བརྒལ་ལན་ནི་སྔ་ཕྱི་ཅི་རིགས་སུ་འཆད་པར་གསུངས་ལ། རྗེ་ཉིད་ཀྱིས་ཀྱང་། རང་འགྲེལ་དུ་བསྟན་བཅོས་འཆད་པར་བྱེད་པ་དག་ནི་ཐོག་མར་དགོས་པའི་དོན་བརྗོད་པར་བྱ་བ་ཡིན་པས། དེ་བརྗོད་པ། ཞེས་གསུངས་པས་སོ། །དགོས་དོན་ལ་ཡང་བཞི་སྟེ།རྗོད་བྱ་དང་། དགོས་པ་དང་། ཉིང་དགོས་དང་། འབྲེལ་བའོ། །དེ་ལྟར་བཞི་དང་མི་ལྡན་ན་རྟོག་ལྡན་བསྟན་བཅོས་ལ་འཇུག་པར་མི་འགྱུར་ཏེ། སྨྱོན་པའི་ཚིག་བཞིན་དུ་རྗོད་བྱ་མེད་པ་དང་། བྱ་རོག་སོ་རྟོག་གི་བསྟན་བཅོས་བཞིན་དུ་དགོས་པ་མེད་པ་དང་། ཀླ་ཀློའི་མ་བག་མར་ལེན་པའི་བསྟན་བཅོས་བཞིན་དུ་ཉིང་དགོས་མེད་པ་དང་། ཀླུའི་རྒྱལ་པོའི་གཙུག་གི་ནོར་བུ་ལེན་པའི་བསྟན་བཅོས་བཞིན་དུ་འབྲེལ་བ་མེད་པས་སོ། །དགོས་སོགས་བཞི་པོ་དེ་ལ་ཡང་རྒྱས་པར་ཕྱེ་ན་དགོས་འབྲེལ་བཞི་གསུམ་བཅུ་གཉིས་ཏེ། ངག་ཙམ་ལ་ཡོད་པ་བཞི་དང་། དགོས་འབྲེལ་གྱི་ངག་ལ་ཡོད་པ་བཞི་དང་། བསྟན་བཅོས་ཀྱི་ལུས་ལ་ཡོད་པའི་བཞིའོ། །དང་པོ་ནི། ངག་དེས་བསྟན་པར་བྱ་བའི་དོན་དེ་ནི་རྗོད་བྱ་ངག་དེ་ལས་དོན་དེ་རྟོགས་པ་ནི་དགོས་པ་ངག་དེ་ལ་བརྟེན་ནས་སྐྱེས་བུའི་དོན་གྲུབ་པ་ནི་ཉིང་དགོས་ཉིང་དགོས་དགོས་པ་དང་དགོས་པ་རྗོད་བྱ་ལ་འབྲེལ་བ་ནི་འབྲེལ་བའོ། །གཉིས་པ་དགོས་འབྲེལ་ངག་ལ་ཡོད་པའི་ཆོས་བཞི་ནི། བསྟན་བཅོས་ལུས་ཀྱི་དགོས་སོགས་བཞི་པོ་ནི་དེའི་རྗོད་བྱ་དང་དགོས་འབྲེལ་ལ་བརྟེན་ནས་བསྟན་བཅོས་ལུས་ལ་དགོས་སོགས་ཆོས་བཞི་ཡོད་པར་རྟོགས་པ་དེའི་དགོས་པ་དང་དེ་ལྟར་རྟོགས་པ་ལ་བརྟེན་ནས་རྟོག་ལྡན་བསྟན་བཅོས་ལ་འཇུག་པ་ནི་ཉིང་དགོས་དང་། འབྲེལ་བ་སྔ་མ་བཞིན་ནོ། །གསུམ་པ་བསྟན་བཅོས་ལུས་ཀྱི་ཆོས་བཞི་ནི། །རྡོ་རྗེ་ཐེག་པའི་བཤད་པར་བྱ་བ་ལུས་ངག་ཡིད་གསུམ་གྱི་དེ་ཁོ་ན་ཉིད་བདེ་བར་གཤེགས་པའི་སྙིང་པོ་གཞི་ལམ་འབྲས་གསུམ་དང་འབྲེལ་བ་ནི་བརྗོད་བྱ་དང་། དེ་ཕྱིན་ཅི་མ་ལོག་པར་རྟོགས་པ་དགོས་པ། དེ་ལས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པ་ནི་ཉིང་དགོས་ཏེ། འབྲེལ་བ་ནི་སྔ་མ་གཉིས་དང་འདྲའོ། །དེ་དག་གཞུང་ལས་བསྟན་པའི་ཚུལ་ཡང་། དྲི་མེད་རྒྱལ་བའི་སྙིང་པོ་ནི། ཞེས་སོགས་རྐང་པ་ཕྱེད་དང་དྲུག་གིས་རྗོད་བྱ་དང་། དེ་དོན་ཞེས་སོགས་རྐང་པ་ཕྱེད་ཀྱིས་དགོས་ཉིང་དགོས་དངོས་སུ་བསྟན་ནས་འབྲེལ་པ་ནི་ཤུགས་ལ་བསྟན་ཏེ། ཇི་སྐད་དུ། འབྲེལ་བ་སྟོན་པར་བྱེད་པའི་སྒྲ། །དངོས་སུ་ཡོད་པ་མ་ཡིན་ཡང་། །འོན་ཀྱང་དེ་ཉིད་རྣམ་དཔྱད་ལས། །དོན་གྱིས་གོ་བར་བསྟན་པ་ཡིན། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་གཞུང་འདིས་དགོས་སོགས་བཞི་བསྟན་པར་མ་ཟད། དོན་གྱི་ལུས་རྣམ་པར་གཞག་པ་ཡང་བསྟན་ཏེ། རྗོད་བྱའི་དོན་དེ་ཉིད་ལ་དོན་གྱི་ལུས་སུ་འདོད་པས་སོ། །རང་འགྲེལ་ལས། དགོས་པ་དང་བཅས་པའི་ངོ་བོ་རྣམ་པར་གཞག་པ་ཞེས་གསུངས་པའི་ངོ་བོ་དང་། རྗོད་བྱའི་དོན་གནད་གཅིག་དུ་མ་གོ་བར་འགའ་ཞིག་གིས་གཞུང་འདི་དགོས་འབྲེལ་འབའ་ཞིག་ལ་སྦྱར་མོད། བདག་གི་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། གཞུང་འདི་ལ་ས་གཅོད་པ་ན། དོན་གྱི་ལུས་རྣམ་པར་གཞག་པ་ཞེས་གསུང་སྟེ། དེ་ཉིད་རང་འགྲེལ་གྱི་དགོངས་པའོ། །དེའི་ཕྱིར་རྗོད་བྱའི་གཙོ་བོ་བདེ་བར་གཤེགས་པའི་སྙིང་པོའི་སྤྱིའི་དོན་ཀྱང་འདི་ཉིད་དུ་སྐབས་སུ་བབ་བོ། །དེ་བས་ན། གཉིས་པ་བདེ་བར་གཤེགས་པའི་སྙིང་པོའི་མཐའ་བཅད་པ་ནི། རྒྱུ་བདེ་བར་གཤེགས་པའི་སྙིང་པོ་ལ་རིགས་ཤེས་བསྟན་བཅོས་ལ་གྲགས་པ་དེ་ནི། གྲུབ་མཐའ་སྨྲ་བའི་འདོད་པ་མི་འདྲ་བ་དུ་མར་གནས་ཏེ། མཛོད་ལས། མ་ཆགས་འཕགས་རིགས་དེ་དག་ལས། །གསུམ་གྱིས་ཚུལ་བསྟན་ཐ་མས་ལས། །ཞེས་གསུངས་པ་ལྟར། བྱེ་བྲག་ཏུ་སྨྲ་བ་དག་སྲིད་པ་དང་སྲིད་པའི་ཡོ་བྱད་ལ་མ་ཆགས་པའི་སེམས་བྱུང་འདོད་པ་ཆུང་ཞིང་ཆོག་ཤེས་པ་ནི་འཕགས་པའི་རིགས་སུ་འདོད་དེ། །དེ་ལ་ཡང་ཆོས་གོས་དང་བསོད་སྙོམས་དང་གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་ཏེ་གསུམ་དང་། སྤོང་བ་དང་སྒོམ་པ་ལ་དགའ་བ་སྟེ་བཞི་ལས། སྔ་མ་གསུམ་གྱིས་ཚུལ་དང་ཕྱི་མས་ལས་བསྟན་པ་སྟེ། ཚུལ་དེ་ལ་གནས་ནས་ལས་དེ་བསྒྲུབས་ན་འཕགས་པའི་ཆོས་མྱུར་དུ་འགྲུབ་པས་སོ། །ཞེས་བཞེད་ལ། མདོ་སྡེ་པ་ནི། འགྲེལ་བཤད་རྒྱལ་པོ་སྲས་ལས། མདོ་སྡེ་པ་དག་གི་རིགས་ཤེས་བྱ་བ་ནི་སེམས་ཀྱི་ས་བོན་ནུས་པ་ཡིན་ཏེ། སོ་སོ་སྐྱེ་བོ་དང་སློབ་པའི་གནས་སྐབས་ན་ཡང་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ས་བོན་ལ་རིགས་ཤེས་བྱའོ། །ཞེས་གསུངས་པ་ལྟར། སེམས་ཀྱི་ས་བོན་ཟག་མེད་ཀྱི་ཡེ་ཤེས་འབྱུང་རུང་གི་ནུས་པ་ལ་བཞེད་ཅིང་། རྣལ་འབྱོར་སྤྱོད་པ་པས་ནི། བྱང་ས་ལས། དེ་ལ་རིགས་གང་ཞེ་ན་མདོར་ན་རྣམ་པ་གཉིས་ཏེ། རང་བཞིན་གྱིས་གནས་པ་དང་ཡང་དག་པར་བསྒྲུབས་པའོ། །དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག་ཏུ་རྒྱུད་དེ་འོངས་པ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །དེ་ལ་ཡང་དག་པར་བསྒྲུབས་པའི་རིགས་ནི་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ། ཞེས་གསུངས་པ་ལྟར། ཐོག་མ་མེད་པ་ནས་སེམས་རྒྱུད་ལ་གནས་པའི་ཟག་མེད་ཀྱི་ཆོས་བསྐྱེད་པར་བྱེད་པའི་ནུས་པ་ཆོས་ཉིད་ཀྱིས་ཐོབ་པ་ལ་བཞེད་དེ། རྒྱ་མཚོ་སྤྲིན་ལས། སྐྱེ་མཆེད་དྲུག་གི་ཁྱད་པར་ནི་ཀུན་གཞིའི་རྣམ་ཤེས་ལ་གནས་པའི་ས་བོན་ཟག་པ་མེད་པའི་ཆོས་བསྐྱེད་པར་བྱེད་པའི་ནུས་པའོ། །ཞེས་གསུངས་པས་སོ། །དབུ་མ་པའི་ལུགས་ལ། དྲི་མ་དང་བཅས་པའི་ཆོས་ཉིད་དེ་བཞིན་ཉིད་རིགས་སུ་འདོད་པ་ལ་ཕལ་ཆེར་མཐུན་ཡང་། ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོས་འཛིན་ལུགས་མི་འདྲ་བ་མང་ཆེས་པས་བོད་ཀྱི་ཡུལ་འདིར་ལྟ་བ་ཐ་དད་པ་སྣ་ཚོགས་པས་གཟིངས་ཏེ། མུ་ཅོར་སྨྲ་བ་དཔག་ཏུ་མེད་པ་ཞིག་སྣང་ངོ་། །རྡོ་རྗེ་ཐེག་པ་ལས་བཤད་པའི་བདེ་བར་གཤེགས་པའི་སྙིང་པོ་ལ་ཡང་། དཔལ་ལྡན་ས་སྐྱ་པའི་རྗེ་བཙུན་གོང་མ་རྣམས་ཀྱིས་དག་ལྗོན་ལ་སོགས་པར། སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ལ་བཤད་ནས། དེ་ལ་ཡོན་ཏན་གྱི་ཆོས་རྣམས་དངོས་སུ་མེད་ཀྱང་རྒྱུའི་ཚུལ་གྱིས་ལྷུན་གྲུབ་ཏུ་ཡོད་པ། རྐྱེན་ཚོགས་གཉིས་སམ་རིམ་གཉིས་ཉམས་སུ་བླངས་པས་འབྲས་བུ་མངོན་དུ་བྱས་པ་ན་རྒྱུ་དེ་དག་གནས་གྱུར་ནས་ཡོན་ཏན་གྱི་ཆོས་རྣམས་ཐོབ་པར་གསུངས་ཤིང་། ཀུན་མཁྱེན་ཆེན་པོ་ཇོ་མོ་ནང་པས་ནི་རང་བཞིན་གནས་རིགས་ཆོས་ཀྱི་སྐུའི་ཡོན་ཏན་སུམ་བཅུ་རྩ་གཉིས་དང་བཅས་པ་སེམས་ཅན་ཐམས་ཅད་ལ་ཡེ་གདོད་མ་ནས་རང་ཆས་སུ་ཡོད་ཅིང་དེ་ཡང་སངས་རྒྱས་དངོས་ཡིན་ལ། རྒྱས་འགྱུར་གྱི་རིགས་ནི་ཐོས་པ་ལ་སོགས་པའི་བག་ཆགས་རྐྱེན་གྱིས་བསྐྱེད་ནས་གསར་དུ་བྱུང་བར་བཞེད་དོ། །བོད་ཀྱི་སློབ་དཔོན་ཆེན་པོ་གསང་བས་བྱིན་གྱིས་ནི། དངས་མ་མི་ཤིགས་པ་ཁྱད་པར་གསུམ་ལྡན་ཞེས་བྱ་བ། ལུས་ངག་ཡིད་གསུམ་གྱི་དངས་མ་ལ་བཤད་ཅིང་། བོད་ལ་ལ་དག་གིས་ནི། སེམས་བདེན་པས་སྟོང་པའི་སྟོང་ཉིད་ཅེས་བྱ་བ་མེད་པར་དགག་པའི་ཕྱོགས་ལ་བཤད་དོ། །དཔལ་རང་བྱུང་གི་ཞལ་སྔ་ནས་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རང་བཞིན་ཆུ་ཟླ་ལྟར་བདེན་བརྫུན་དང་བྲལ་ཞིང་ངོས་བཟུང་དང་མཚན་མ་ལས་འདས་པའི་ཐ་མལ་གྱི་ཤེས་པ་ཉིད་ལ་བདེ་བར་གཤེགས་པའི་སྙིང་པོར་བཞེད་དེ། རྗེ་ཉིད་ཀྱིས་མཛད་པའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཞེས་བྱ་བའི་བསྟན་བཅོས་ལས། ཐམས་ཅད་བདེན་མིན་བརྫུན་མིན་ཏེ། །ཆུ་ཟླ་བཞིན་དུ་མཁས་རྣམས་བཞེད། །ཐ་མལ་ཤེས་པ་དེ་ཉིད་ལ། །ཆོས་དབྱིངས་རྒྱལ་བའི་སྙིང་པོ་ཟེར། །ཞེས་གསུངས་པས་སོ། །དེ་ལ་དབྱིངས་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་དོ། །དེའི་ཕྱིར་ཆོས་ཀྱི་དབྱིངས་ཤེས་པའི་གོ་དོན་ནི། །འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་རང་ངོས་ནས་ཐ་དད་དུ་བདེན་པར་གྲུབ་པ་མེད་པའི་ཕྱིར། འཁོར་འདས་སམ་སྤང་གཉེན་ནམ་གཟུང་འཛིན་ནམ་རྗོད་བྱ་རྗོད་བྱེད་ལ་སོགས་པ་གཉིས་ཆོས་སུ་སྣང་བ་མཐའ་དག་གཉིས་སུ་མེད་པའི་རང་གི་ངོ་བོ་གདོད་མའི་མི་ཤིགས་པའི་ཐིག་ལེ་ཆེན་པོ་དང་རོ་མཉམ་པ་ལ་ཆོས་ཀྱི་དབྱིངས་ཤེས་བྱ་སྟེ། ཆོས་དབྱིངས་བསྟོད་པའི་འགྲེལ་པ་རྗེ་ཉིད་ཀྱིས་མཛད་པ་ལས། ཆོས་ནི་སྤང་བྱ་དང་གཉེན་པོའི་ཚུལ་གཉིས་ཏེ། དེ་ཉིད་ཀྱི་དབྱིངས་ནི་ཐ་དད་དུ་དཔྱད་དུ་མེད་པ་གཟུང་བ་དང་འཛིན་པ་དང་རྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ལ་ཁྱད་པར་མེད་པའི་དེ་བཞིན་ཉིད་ཡིན་ཏེ། དེའི་རང་བཞིན་དུ་གྱུར་པ་ནི་སངས་རྒྱས་ཀྱི་ངོ་བོ་ཡིན་པས། ཤེས་གསུངས་ལ། དེའི་ཁུངས་ཀྱང་ཆོས་ཉིད་རྣམ་འབྱེད་ལས། གཟུང་བ་དང་འཛིན་པ་དང་རྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཁྱད་པར་མེད་པ་ནི་དེ་བཞིན་ཉིད་དེ་ཆོས་ཉིད་ཀྱི་མཚན་ཉིད་དོ། །ཞེས་གསུངས་པ་ལ་རྟེན་པར་སྣང་བས་སོ། །རང་བཞིན་གྱིས་འོད་གསལ་བ་ཞེས་པའི་དོན་ནི། རང་བཞིན་དང་ངོ་བོ་དང་གནས་ཚུལ་ལ་སོགས་པ་རྣམས་ནི་རྣམ་གྲངས་ཡིན་པར་གཞན་དུ་བཤད་ཟིན་ལ། འོད་གསལ་བ་ནི། ངོས་གཟུང་དང་མཚན་མ་ལས་འདས་པའི་རང་འོད་དེ། དེའི་ཕྱིར། གནས་ཚུལ་ལ་ཅིར་ཡང་མ་གྲུབ་པའི་རང་གདངས་མ་འགགས་པའི་རྩལ་སྣ་ཚོགས་པར་ཤར་ཡང་འདི་ཡིན་དང་འདི་མིན་གྱི་སྤྲོས་པ་དང་བྲལ་བ་ནི། དེའི་གོ་དོན་ཡིན་ནོ། །དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རང་བཞིན་ཞེས་པའི་དབྱིངས་ནི་བཤད་ཟིན་ལ། ཡེ་ཤེས་ནི་ཛྙྱཱ་ན་ཞེས་པ། ཡེ་ཤེས་དང་ཤེས་པ་དང་ཁོང་དུ་ཆུད་པ་ལ་འཇུག་པས། སོ་སོ་རང་གིས་རིག་པ་ནི་སྐབས་འདིར་ཡེ་ཤེས་ཀྱི་གོ་དོན་ཡིན་པའི་ཕྱིར། གསལ་བ་དང་སྣང་བ་དང་རིག་པའི་ཆ་ནས་ཡེ་ཤེས་སུ་བརྗོད་དོ། །དེས་ན་ཟབ་གསལ་གཉིས་མེད་དུ་སོ་སོ་རང་རིག་པ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རང་བཞིན་གྱི་གོ་དོན་ཏེ། རྟག་གཉིས་ཀྱི་ཊཱི་ཀ་རྗེ་ཉིད་ཀྱིས་མཛད་པ་ལས། ཡེ་ཤེས་ནི་ཆོས་ཐམས་ཅད་སེམས། སེམས་རང་རིག རང་རིག་བདེ་བ། བདེ་བ་སྤྲོས་པ་དང་བྲལ་བའི་རྒྱས་བཏབ་ན་རྒྱས་བཏབ་གསུམ། དབུགས་དབྱུང་གསུམ། སྐུ་ན་བཞི། དེ་དངོས་པོའི་དེ་ཁོ་ན་རྟོགས་པའི་ཡེ་ཤེས་སོ། །ཞེས་དང་། ཆོས་ཐམས་ཅད་སེམས་ཀྱི་ལུས་སུ་རྟོགས་པའི་དུས་སུ་ཕྱི་རོལ་དོན་གྱི་རྟོག་པ་སྤངས། སེམས་རང་རིག་ཏུ་རྟོགས་པའི་དུས་སུ་དཀར་དམར་གྱི་རྟོག་པ་སྤངས། རང་རིག་བདེ་བར་རྟོགས་པའི་དུས་སུ་སྡུག་བསྔལ་དང་བཏང་སྙོམས་ཀྱི་རྟོག་པ་སྤངས། བདེ་བ་སྤྲོས་བྲལ་དུ་རྟོགས་པའི་དུས་སུ་དངོས་པོ་ལ་མངོན་པར་ཞེན་པའི་རྣམ་རྟོག་སྤངས་པའོ། །ཞེས་གསུངས་པས་སོ། །ཆུ་ཟླ་ལྟར་བདེན་རྫུན་དང་བྲལ་ཞིང་། ངོས་བཟུང་དང་མཚན་མ་ལས་འདས་པའི་དོན་ནི་གོ་བར་སླ་ལ། ཐ་མལ་གྱི་ཤེས་པ་ནི། ཤེས་པ་རང་བཞིན་པ་བཟོ་བཅོས་དང་རྩིས་བཏབ་སོགས་ཀྱིས་མ་བསླད་པའི་ད་ལྟའི་ཤེས་པ་འདི་ཉིད་དེ། སྨན་དཔྱད་ཀྱི་གཞུང་ལས། ཐ་མལ་རྩ་ལ་རྩ་རྒྱུད་གསུམ་དུ་བསྟན། །ཞེས་གསུངས་པ་དང་གནད་གཅིག་གོ །སྙིང་པོ་དེ་ཡང་། རྒྱར་མ་ཆད་ཕྱོགས་སུ་མ་ལྷུང་ཡང་གཉེན་པོའི་ཕྱོགས་དགེ་བ་ཞེས་པའི་སྒྲས་བརྗོད་དུ་རུང་ལ། སེམས་ཅན་ནས་སངས་རྒྱས་ཀྱི་བར་ལ་བཟང་ངན་གྱི་དབྱེ་བ་མེད་ཅིང་ཐ་སྙད་དང་སྨྲ་བརྗོད་ལས་འདས་ཀྱང་ཐོག་མ་མེད་པ་ནས་རྒྱུད་དེ་འོངས་པ། ངོ་བོ་ལ་འགྱུར་བ་མེད་ཅིང་རྒྱུའི་ངོ་བོ་ཉིད་དུ་གནས་ཀྱང་ཡོན་ཏན་གྱི་ཆོས་དུ་མས་ཕྱུག་པ། གཞི་འབྲས་དབྱེ་བ་མེད་ཀྱང་དག་མ་དག་ཅི་རིགས་པར་སྣང་བའོ། །ད་ནི་དེའི་དོན་ཅུང་ཟད་ཙམ་བཤད་པར་བྱ་སྟེ། དབྱིངས་རིག་དབྱེར་མེད་ཀྱི་ངོ་བོ་ལ་ནི་རྟག་ཆད་སོགས་ཀྱི་རྒྱར་ཆད་པ་དང་སྤང་གཉེན་སོགས་ཀྱི་ཕྱོགས་སུ་ལྷུང་བ་མེད་པའི་ཕྱིར། ཀུན་གྱི་ཁྱབ་བདག་ཏུ་གྲུབ་སྟེ། གཞུང་ལས། རྒྱུ་ནི་སེམས་ཉིད་ཐོག་མེད་ལ། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཀྱང་། །ཞེས་གསུངས་པས་སོ། །མི་དགེ་བའི་མཚན་མ་ལས་འདས་པས་དགེ་བར་བརྗོད་ཀྱང་། ལས་ཀྱི་ངོ་བོ་ཉིད་མ་ཡིན་པའི་ཕྱིར། དགེ་བའི་དངོས་པོ་ནི་མ་ཡིན་ལ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་ས་བོན་ཡིན་པའི་ཕྱིར། ཀུན་གཞིའི་རྣམ་པར་ཤེས་པ་དག་པར་བྱེད་པའི་གཉེན་པོར་བརྗོད་ཅིང་། འཇིག་རྟེན་པའི་གནས་སྐབས་ཐམས་ཅད་དུ་ཁྱབ་ཀྱང་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཡིན་པའི་ཕྱིར། འཕགས་པའི་ཆོས་རྟོགས་པར་འགྱུར་བའི་རྒྱུའི་ངོ་བོ་ཉིད་དུ་འདོད་དེ། རང་འགྲེལ་དུ་དྲངས་པའི་ཐེག་བསྡུས་ཀྱི་ལུང་ལས། དེ་ནི་ཆོས་ཀྱི་སྐུའི་ས་བོན་དུ་ལྟ་སྟེ། ཀུན་གཞིའི་རྣམ་ཤེས་ཀྱི་གཉེན་པོ་ཡིན་པས་ཀུན་གཞིའི་རྣམ་ཤེས་ཀྱི་ངོ་བོ་མ་ཡིན་པ་དང་། འཇིག་རྟེན་པ་ཡིན་ཡང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཡིན་པས་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་དུ་གྱུར་པའོ། །ཞེས་སོ། །དེ་དག་ཇི་ལྟ་བ་བཞིན་མངོན་དུ་མ་གྱུར་ཀྱང་དེ་ལ་དམིགས་པ་ཙམ་གྱིས་འཁོར་བ་དོར་ནས་བྱང་ཆུབ་ལ་སྦྱོར་ཏེ། ལུང་དེ་ལས། དེ་ནི་འཇིག་རྟེན་ལས་འདས་པའི་སེམས་མ་བྱུང་དུ་ཟིན་ཀྱང་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དང་ངན་འགྲོ་དང་ཉེས་པ་ཐམས་ཅད་དེངས་པར་བྱེད་པའི་གཉེན་པོ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྲད་པའི་རྗེས་སུ་མཐུན་པའོ། །ཞེས་དང་། རིན་ཆེན་ཕྲེང་བ་ལས། བསོད་ནམས་ཆུང་བ་ཆོས་འདི་ལ། །ཐེ་ཚོམ་ཙམ་ཀྱང་མི་སྐྱེ་སྟེ། །འདི་ལ་ཐེ་ཚོམ་སྐྱེས་པས་ཀྱང་། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་སོ། །སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་སྟོང་པ་ཉིད་ཡིན་པས་གནས་སྐབས་ཐམས་ཅད་དུ་འགྱུར་བ་མེད་པའི་ཕྱིར། གཞི་སེམས་ཅན་གྱི་དེ་ཁོ་ན་ཉིད་དང་ལམ་བྱང་སེམས་ཀྱི་དེ་ཁོ་ན་ཉིད་དང་འབྲས་བུ་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་རྣམས་ལ་བཟང་ངན་ནམ་མཐོ་དམན་ལ་སོགས་ཀྱི་སྒོ་ནས་ཐ་དད་དུ་དབྱེ་བ་མེད་དེ། སྙིང་པོ་བསྟན་པ་ལས། བཟང་དུ་འཕགས་པས་བཏང་པ་མེད། །ངན་དུ་སེམས་ཅན་གྱིས་མ་བཏང་། །ཞེས་སོ། །དེ་ཇི་ལྟ་བ་བཞིན་རྟོགས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཁོ་ནའི་ཡུལ་ཡིན་གྱི་ས་བཅུའི་བྱང་ཆུབ་སེམས་དཔས་ཀྱང་བསམ་གྱིས་མི་ཁྱབ་པའི་ཕྱིར། སྒྲ་རྟོག་ལས་འདས་ཤིང་ཚིག་དང་ཐ་སྙད་དུ་མ་དག་གིས་བརྗོད་ཀྱང་བརྗོད་པར་མི་ནུས་ཏེ། གཞུང་དེ་ལས། ཐ་སྙད་དུ་མས་བརྗོད་མོད་ཀྱང་། །རྗོད་པས་དེ་ཡི་དོན་མི་ཤེས། །ཤེས་སོ། །རང་བཞིན་རྣམ་དག་དེ་ཡི་སྔ་རོལ་ན་དེ་ལས་མ་བྱུང་བའི་སངས་རྒྱས་དང་སེམས་ཅན་འགའ་ཡང་མེད་ལ། བདེན་པའི་རྫས་སུ་གྲུབ་པ་མེད་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། དང་པོར་བྱུང་བའི་དུས་ཀྱི་ཐོག་མ་དང་བདེན་པའི་རྫས་ཀྱི་ཐོག་མ་དག་མེད་དེ། དེ་ལས། དེ་ལ་ཐོག་མེད་ཅེས་བྱ་བ། །དེ་ཡི་སྔོན་ན་མེད་པ་ཉིད། །ཅེས་སོ། །ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་ལ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་རྣམས་སྔར་མེད་གསར་དུ་བྱེད་པ་པོ་གཞན་མེད་ཀྱང་གདོད་མ་ནས་ཡོན་ཏན་ཐམས་ཅད་དང་དབྱེ་བ་མེད་པར་གནས་པ་ཉིད་རང་གི་མཚན་ཉིད་ངོ་བོ་གཞན་དུ་མི་འགྱུར་བར་འཛིན་པའི་ཕྱིར། ཁམས་སམ་རྒྱུའི་དོན་དུ་རྣམ་པར་གཞག་སྟེ། དེ་ལས། ཁམས་ནི་བྱེད་པོ་མེད་ཀྱང་ནི། །རང་མཚན་འཛིན་པས་དེ་སྐད་བརྗོད། །ཅེས་སོ། །སྙིང་པོ་དེའི་གདངས་མ་འགགས་པའི་རྩལ་ལ་འབྲལ་མི་ཤེས་པའི་ཡོན་ཏན་གྱི་ཆོས་བྲལ་བ་དང་རྣམ་པར་སྨིན་པས་བསྡུས་པ་བྱེ་བ་ཕྲག་དྲུག་བཅུ་རྩ་བཞི་དབྱེ་བ་མེད་པའི་ཚུལ་དུ་གནས་ཏེ། དེ་ལས། དེ་ཉིད་མ་འགགས་རོལ་པ་ལས། །ཡོན་ཏན་དྲུག་བཅུ་རྩ་བཞི་པོ། །རགས་པ་ཡིན་ཏེ་རེ་རེ་ཡང་། །བྱེ་བ་ཕྲག་རེར་གསུངས་པ་ཡིན། །ཞེས་སོ། །ཡོན་ཏན་གྱི་ཆོས་དེ་རྣམས་ལ་སངས་རྒྱས་པའི་ཚེ་ན་དྲི་མ་མེད་པའི་ཡོན་ཏན་དང་སེམས་ཅན་གྱི་གནས་སྐབས་སུ་དྲི་མ་དང་བཅས་པའི་ཡོན་ཏན་ཞེས་བྱ་སྟེ། དེ་ལས། དེ་བས་རྩ་རླུང་ཐིག་ལེ་རྣམས། །དག་པ་དག་པའི་གཟུགས་སྐུ་སྟེ། །མ་སྦྱངས་མ་དག་གཟུགས་སྐུའོ། །ཞེས་དང་། རང་གི་འགྲེལ་པ་ལས་ཀྱང་། སེམས་ཅན་གྱི་གནས་སྐབས་སུ་ནི་སྒྲིབ་པ་དང་བཅས་པའོ། །སངས་རྒྱས་ཀྱི་གནས་སྐབས་སུ་ནི་སྒྲིབ་པ་མེད་པའོ། །ཞེས་སོགས་སྟོད་སྨད་རྣམས་སུ་ལན་མང་དུ་གསུངས་སོ། །རང་བཞིན་རྣམ་དག་གི་གཞི་དེ་ཉིད་དྲི་མ་སྦྱོར་བའི་ཐབས་ལ་མཁས་པས་སྦྱངས་པ་ན་མཚན་མ་ལས་གྲོལ་བའི་ཚེ་ཆོས་ཀྱི་སྐུ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་མངོན་དུ་མཛད་པས། ངོས་བཟུང་དང་བྲལ་བ་ནམ་མཁའ་ལྟ་བུའི་སྐུ་ལས་མ་གཡོས་བཞིན་དུ་མཚན་དཔེས་བརྒྱན་པའི་གཟུགས་སྐུས་འགྲོ་དོན་ལྷུན་གྲུབ་ཏུ་མཛད་པ་འབྱུང་བའི་ཕྱིར། དྲི་མའི་ཆ་ཤས་ཙམ་ཡང་མ་དག་པའི་གནས་སྐབས་ལ་སེམས་ཅན་དང་། དྲི་མ་སྦྱོང་པ་ལ་ཞུགས་ཀྱང་མ་ལུས་པ་མ་དག་ལ་ཆ་ཤས་འགའ་ཙམ་དག་པའི་གནས་སྐབས་ལ་བྱང་ཆུབ་སེམས་དཔའ་དང་། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ལ་སངས་རྒྱས་ཤེས་བྱ་སྟེ། དེ་ལས། དེ་ཚེ་ནམ་མཁའི་སྐུ་ཆེན་ལ། །མཚན་གྱི་མེ་ཏོག་རྒྱས་པར་འགྱུར། །མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམས་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པའི་གནས་སྐབས་གསུམ། །ཞེས་སོ། །དེ་ལྟ་བུའི་སངས་རྒྱས་ཀྱི་སྙིང་པོ་དེ་ཡང་མ་རིག་པའི་སྦུབས་སུ་ཆུད་པ་དེའི་ཚེ་ན་རྒྱུའི་ཆ་ནས་རིགས་ཤེས་བརྗོད་པ་དེ་ལ་གཉིས་ཏེ། རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་སོ། །དང་པོ་ནི། སངས་རྒྱས་ཀྱི་ཡོན་ཏན་དྲུག་བཅུ་རྩ་བཞི་དང་དབྱེ་བ་མེད་པའི་སེམས་ཉིད་རང་བཞིན་གྱི་རྣམ་པར་དག་པ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་འོད་གསལ་བའི་བདག་ཉིད་དེའོ། །དེའི་ངོ་བོ་ལ་དབྱེ་བ་མེད་ཀྱང་། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་གསུངས་པ་ལྟར། དྲི་མས་དག་རྒྱུའི་རིགས་དེའི་སྟེང་དུ་རྣམ་པར་དག་པའི་ཆ་ཤས་ཇི་ལྟར་རྟོགས་པའི་རིམ་པས་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟེ། འཕགས་པའི་གང་ཟག་རྣམས་རབ་ཏུ་ཕྱེ་བ་ཡིན་ལ། སེམས་རང་བཞིན་རྣམ་དག་ལ་རྣམ་པར་ཤེས་པའི་དྲི་མས་མ་གོས་ཀྱང་། རྣམ་ཤེས་ཚོགས་བརྒྱད་དུ་རྣམ་པར་གཞག་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་སོ་སོར་ཕྱེ་ནས་བཞག་པའོ། །གཉིས་པ་ནི། སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དང་དབྱེ་བ་མེད་པར་རྣམ་ཤེས་ཚོགས་བརྒྱད་ཀྱི་དྲི་མ་མེད་པའི་རང་གི་ངོ་བོ་ཡེ་ཤེས་བཞིའི་རང་བཞིན་དུ་བཞུགས་པ་དེ་ཡིན་ཏེ། དེ་གཟུགས་སྐུ་གཉིས་རྒྱས་པར་འགྱུར་རྒྱུའི་རིགས་ཡིན་པའི་ཕྱིར། དེའི་དོན་ཡང་། དཀར་པོའི་ཆོས་ཡང་དག་པར་བསླངས་པས་ཚོགས་བརྒྱད་ཀྱི་རང་ངོ་མ་ཤེས་པའི་དྲི་མ་བཅོམ་པ་ལས། ཚོགས་བརྒྱད་ཀ་རང་རིག་ཏུ་གྲོལ་བ་ན་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་བཞིར་གནས་གྱུར་པ་ཞེས་བྱ་བའི་མིང་ཐོབ་ཅིང་དེ་དག་གཞན་སྣང་ལ་གཟུགས་ཀྱི་སྐུར་སྣང་བ་ཡིན་ནོ། །མདོར་ན། རིགས་འདི་གཉིས་ནི་ཟུང་འཇུག་ལས་ཕྱེ་བ་སྟེ། རྗེ་ཟླ་འོད་གཞོན་ནུས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང་སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་ཅེས་གསུངས་པ་ལྟར། དྲི་མ་དང་བཅས་པའི་སེམས་ཉིད་ཀྱི་གཤིས་སྐྱེ་མེད་ནི་རང་བཞིན་གནས་རིགས་དང་གདངས་འགག་མེད་ནི་རྒྱས་འགྱུར་གྱི་རིགས་ཡིན་པས། དེ་ལ་དྲི་བཅས་ཀྱི་སྐུ་གཉིས་ཟུང་འཇུག་ཅེས་བྱ་ཞིང་། དྲི་མ་རྣམ་པར་དག་པའི་སེམས་ཉིད་ཀྱི་གཤིས་སྐྱེ་མེད་ནི་རང་དོན་ཆོས་ཀྱི་སྐུ་དང་གདངས་འགག་མེད་ནི་གཞན་དོན་གཟུགས་ཀྱི་སྐུར་སྣང་བས། དེ་ལ་དྲི་བྲལ་གྱི་སྐུ་གཉིས་ཟུང་འཇུག་ཅེས་བརྗོད་པ་ཡིན་ཏེ། རང་གི་འགྲེལ་པ་ལས། ཡང་རྒྱས་འགྱུར་གྱི་རིགས་དེ་གསར་དུ་བྱུང་པ་སྙམ་དུ་ཁ་ཅིག་སེམས་ན། དེ་ལྟ་མ་ཡིན་ཏེ། རང་བཞིན་དུ་གནས་པའི་རིགས་ཆོས་ཀྱི་དབྱིངས་དེ་ལ། ཀུན་གཞིའི་རྣམ་ཤེས་ལ་སོགས་པ་བརྒྱད་རྣམ་པར་གཞག་པ་དེ་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་བཞག་ཅིང་ཕྱེ་བ་དེ་ལྟར། ཚོགས་བརྒྱད་པོ་དེ་རྣམས་ཀྱི་དྲི་མ་མེད་པའི་རང་གི་ངོ་བོ་ཡེ་ཤེས་བཞིའི་རང་བཞིན་དུ་ཡོད་དེ། དེ་ཡང་ཡང་དག་པའི་ཀུན་ཏུ་རྟོག་པ་སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་པའི་དཀར་པོའི་ཆོས་ཀྱིས། སྔར་གྱི་དྲི་མ་དེ་བཅོམ་པ་ལས་ཚོགས་བརྒྱད་ཀྱི་འཁྲུལ་པ་མེད་པས་གནས་གྱུར་པའི་ཡེ་ཤེས་ཀྱི་མིང་ཐོབ་སྟེ། རྒྱུ་མཚན་དེས་ན། ཆུ་ཁམས་གསེར་དང་ནམ་མཁའ་ལྟར། །དག་པ་བཞིན་ཏུ་རྣམ་དག་འདོད། །ཅེས་དབུས་མཐར་གསུངས་པ་ལྟར། དྲི་མ་མེད་པ་ནི་ཡེ་ཤེས་ཡིན་ལ་དྲི་མ་དང་བཅས་པ་ནི་རྣམ་པར་ཤེས་པ་ཡིན་པར་ལྟའོ། །ཞེས་པ་དང་། རྗེ་རོལ་པའི་རྡོ་རྗེས་ཀྱང་། སྙིང་པོ་དེ་ཡི་འོད་ཟེར་ནི། །རྒྱས་པའི་རིགས་ཤེས་བྱ་བ་ཡོད། །ཅེས་དང་། བཞི་ནི་དྲི་མ་དང་བཅས་པའི། །རང་བཞིན་དང་ནི་རྒྱས་པའི་རིགས། །འདི་གཉིས་འགྲོ་བ་ཀུན་ལ་ནི། །གདོད་ནས་གནས་པར་འདོད་པ་ཡིན། ཞེས་གསུངས་པས་སོ། །ད་ནི་དེ་ལ་རྩོད་པ་སྤང་བ་བརྗོད་པར་བྱ་སྟེ། ཁ་ཅིག་ན་རེ། གསལ་ཞིང་ཡུལ་རིག་པའི་ཆ་ནས་ཤེས་པར་འཇོག་པའི་ཕྱིར་དང་། བེམས་ཤེས་ལྡན་མིན་འདུ་བྱེད་གསུམ་ནི་འདུས་བྱས་ཀྱི་དབྱེ་བའི་ཡ་གྱལ་ཡིན་པའི་ཕྱིར་དང་། ཤེས་པས་ནི་རང་གི་གཞལ་བྱ་འཇལ་བར་བྱེད་པའི་ཕྱིར་ན། ཐ་མལ་གྱི་ཤེས་པ་ནི་བདེ་བར་གཤེགས་པའི་སྙིང་པོ་མ་ཡིན་ཏེ། སྙིང་པོ་དེ་ནི་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པར་བཤད་པས་སོ། །ཞེ་ན། རིག་པ་དང་ཁམས་ཀྱི་གཞི་མཐུན་ཡོད་པར་ལུང་གིས་གྲུབ་སྟེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། རིག་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས། །ཤེས་དང་། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་གསུངས་པས་སོ། །རིག་ཁམས་དེ་ནི་ཐོག་མར་རྒྱུས་མ་བསྐྱེད། བར་དུ་ཅིའི་འང་ངོ་བོར་མ་གྲུབ། ཐ་མར་རྐྱེན་གང་གིས་ཀྱང་མི་འགྱུར་བའི་ཕྱིར། འདུས་མ་བྱས་ཡིན་ཏེ། ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཤེས་གསུངས་པས་སོ། །གཞན་ཡང་། ཁྱེད་དག་སངས་རྒྱས་ཀྱི་ཡེ་ཤེས་འདུས་བྱས་སུ་འདོད་དམ། གསལ་ཞིང་ཡུལ་རིག་པ་མ་ཡིན་པར་འདོད། དང་པོ་ལྟར་ན། ཆོས་ཀྱི་སྐུ་འདུས་བྱས་སུ་ཁས་ལེན་པ། ངེས་དོན་གྱི་བརྡ་ལ་མ་བྱང་པའི་གཏམ་ཡིན་ཞིང་། གཉིས་པ་ལྟར་ན། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྐུར་བ་བཏབ་པར་འགྱུར་རོ། །གཞན་ཡང་། འདུས་བྱས་ཀྱི་དབྱེ་བའི་ཡ་གྱལ་དུ་བེམས་པོ་དང་ཤེས་པ་དང་ལྡན་པ་མ་ཡིན་པའི་འདུ་བྱེད། ཅེས་སྨྲ་བ་ནི། དངོས་པོར་སྨྲ་བའི་གཏམ་གྱི་རྗེས་སུ་འབྲངས་པ་སྟེ། རྡོ་རྗེ་ཐེག་པ་ལ་སོགས་པ་ངེས་དོན་གྱི་གཞུང་ལས་དེ་ལྟར་བཤད་པའི་ཁུངས་སྨྲ་དགོས་ཤིང་། རང་གི་གཞལ་བྱ་འཇལ་བའི་ཕྱིར་ན་འདུས་བྱས་སོ་ཞེས་སྨྲ་བ་ནི་རྟགས་ཆོས་ཀྱི་འབྲེལ་བ་ལ་རྨོངས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་ཀྱང་། དེ་ནི་འདུས་བྱས་སུ་མི་འདོད་དོ། །ལ་ལ་དག་སེམས་རང་བཞིན་འོད་གསལ་དེ་ཉིད་ལ་འདུས་བྱས་རང་བཞིན་གནས་རིགས་ཤེས་བྱ་བའི་ཐ་སྙད་བྱེད་དེ། །རང་བཞིན་དུ་གནས་པ་དང་། རྒྱུ་རྐྱེན་གྱིས་འདུས་བྱས་པ་ནི། འགལ་བ་ཁོ་ན་སྟེ། དེའི་ཕྱིར་སྐྱེ་འགག་དང་བཅས་པའི་རང་བཞིན་གནས་རིགས་ནི་གད་མོའི་གནས་སོ། །ཡང་ཁ་ཅིག་ན་རེ། དབྱིངས་ནི་འདུས་མ་བྱས་ཡིན་ལ། ཡེ་ཤེས་ནི་འདུས་བྱས་ཏེ། དེ་གཉིས་དབྱེར་མེད་པའི་རང་བཞིན་ནི་མི་སྲིད་དོ་ཞེས་ཟེར་རོ། །དེ་ལྟར་ན། གདོད་མའི་ཡེ་ཤེས་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱང་འདུས་བྱས་སུ་འདོད་དམ། ཞེས་དྲི་བར་བྱའོ། །ཡང་ཁ་ཅིག་ན་རེ། སྙིང་པོ་དེ་ལ་ཡོན་ཏན་དྲུག་བཅུ་རྩ་བཞི་གདོད་མ་ནས་ཡོད་ན། སེམས་ཅན་གྱི་རྒྱུད་ལ་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཡོད་པར་འགྱུར་ཞིང་། དེ་ལྟ་ན། སེམས་ཅན་དམྱལ་བ་པའི་རྒྱུད་ཀྱི་སངས་རྒྱས་ཀྱི་ཡེ་ཤེས་དེས། དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་དམ། ཞེས་ཟེར་མོད། དེ་ཉིད་ཀྱི་ཕྱིར། སེམས་ཅན་གྱི་སྐབས་སུ་ནི་དྲི་མ་དང་བཅས་པ་དང་། སངས་རྒྱས་ཀྱི་སྐབས་སུ་ནི་དྲི་མ་མེད་པའོ་ཞེས་ཁྱད་པར་ཕྱེ་ནས་སྨྲས་ཏེ། སེམས་ཅན་གྱི་རྒྱུད་ལ་རྫོགས་པའི་སངས་རྒྱས་དང་དེའི་སྟོབས་ལ་སོགས་པ་ནི་མེད་དོ། །དེ་ལྟ་མོད་ཀྱི་དྲི་མ་དང་བཅས་པའི་སངས་རྒྱས་དང་དེའི་སྟོབས་ལ་སོགས་པ་ནི་ཡོད་དོ། །ཞེས་ཡང་ཡང་སྨྲས་པ་ཉིད་ཀྱིས་ཤེས་པར་འགྱུར་རོ། །ཡང་ཁ་ཅིག་ན་རེ། རང་བཞིན་གནས་རིགས་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པ་ནི་གསུང་རབ་མཐའ་དག་གི་དགོངས་པ་ཡིན་པས་འཐད་མོད་ཀྱི། རྒྱས་འགྱུར་གྱི་རིགས་གསར་དུ་བྱུང་བ་མ་ཡིན་པར་སྨྲས་པ་འདི་ནི་མཉན་པར་བྱ་བ་མ་ཡིན་ནོ། །ཅི་སྟེ་ན། ཡང་དག་བསླངས་པ་མཆོག་ཉིད་དོ། །ཞེས་དགེ་རྩ་གསར་དུ་བསླངས་པ་ལ་དེར་བཤད་པས་སོ། །གཞན་ཡང་རྒྱས་འགྱུར་གྱི་རིགས་ཐོག་མ་མེད་པ་ནས་བརྒྱུད་དེ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་ན། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། ལ་ལ་གཅིག་ཏུ་ཉེས་པར་སྤྱོད་ངེས་ཡོད། །ལ་ལ་དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་པ་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་གསུངས་པ་ཇི་ལྟར་དྲང་། ཞེས་ཟེར་རོ། །དེ་ཉིད་ཀྱིས་ན། ཅུང་ཟད་བཤད་པར་བྱ་སྟེ། སའི་འོག་གི་གཏེར་ལ། དགོས་འདོད་འབྱུང་བའི་ཡོན་ཏན་དང་པོ་ཉིད་ནས་ཡོད་པ་བཞིན་དུ། སེམས་ཉིད་ལ་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་ཡེ་གདོད་མ་ནས་འབྲལ་མི་ཤེས་པར་གནས་པའི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་ནི། རང་བཞིན་གནས་རིགས་ཏེ། དེ་དྲི་མས་རྣམ་པར་དག་པ་ལ། རང་དོན་ཆོས་སྐུ་ཐོབ་པ་ཞེས་བྱ་ཞིང་། ཏ་ལའི་ཤིང་ཐོག་དང་ཨ་འབྲས་ཀྱི་ཤིང་འབྲས་སོ་སོའི་སྦུབས་ཀྱི་ནང་དུ་གནས་པའི་དུས་ནས་ཏ་ལའི་ལོ་མ་དང་ཨ་འབྲས་ཀྱི་སྙིང་པོ་རྒྱས་པར་འགྱུར་རྒྱུའི་རིགས་ཡོད་པ་དེ། ཆུ་ལུད་དྲོད་གཤེར་སོགས་ཀྱིས་རྒྱས་པར་འགྱུར་བ་བཞིན་དུ། སེམས་ཉིད་རང་བཞིན་འོད་གསལ་ཆོས་དབྱིངས་སྟོང་པ་དེ་དང་དབྱེར་མེད་དུ། ཚོགས་བརྒྱད་ཀྱི་ངོ་བོ་ཡེ་ཤེས་བཞིའི་རང་བཞིན་དུ་བཞུགས་པ་ནི། རྒྱས་འགྱུར་གྱི་རིགས་ཏེ། དགེ་རྩ་ཡང་དག་པར་བླངས་པས་དེ་འཕེལ་བ་ལྟར་གྱུར་ནས་འཕྲིན་ལས་རྒྱས་པ་ལ་གཞན་དོན་གཟུགས་སྐུ་གཉིས་ཐོབ་པ་ཞེས་བྱ་སྟེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། །གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་མཆོག་ཉིད་དོ། །རིགས་དེ་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་སྟེ། །དང་པོའི་སྐུ་ནི་དང་པོས་ཏེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཤེས་གསུངས་པས་སོ། །དེས་ན་རང་བཞིན་གནས་རིགས་ཐོག་མ་མེད་པ་ནས་ངོ་བོ་མི་འགྱུར་བར་ཡོད་ཀྱང་། དྲི་མ་སྦྱངས་པས་ཆོས་སྐུ་ཐོབ་པར་འགྱུར་བ་བཞིན་དུ། རྒྱས་འགྱུར་གྱི་རིགས་ཀྱང་ཐོག་མ་མེད་པ་ནས་ཡོད་མོད་ཀྱི། དགེ་རྩ་ཡང་དག་པར་བླངས་པས་ཕྲིན་ལས་ཀྱི་མཆོག་གཟུགས་སྐུ་རྣམ་པ་གཉིས་རྒྱས་པར་འགྱུར་བའི་ཕྱིར། ཡང་དག་བླངས་པ་མཆོག་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །མདོར་ན་དགེ་རྩ་ཡང་དག་པར་བླངས་པས་ཕྲིན་ལས་རྒྱས་པ་ལྟར་འགྱུར་བའི་ཆ་ནས་རྒྱས་འགྱུར་གྱི་རིགས་ཤེས་གསུངས་ཀྱི། དགེ་རྩ་ཡང་དག་པར་བླངས་པ་ཉིད་ནི་རྒྱས་འགྱུར་གྱི་རིགས་མ་ཡིན་ཏེ། རིགས་ཀྱི་སྐད་དོད་དུ། དྷཱ་ཏུ་ཞེས་འབྱུང་བ། རིགས་དང་། ཁམས་དང་། རྒྱུ་དང་། རང་བཞིན་དང་། དབྱིངས་སོགས་ལ་འཇུག་པས། དགེ་རྩ་ཡང་དག་པར་བླངས་པ་དེ་ནི་དབྱིངས་མ་ཡིན་པའི་ཕྱིར། རྒྱས་འགྱུར་གྱི་དབྱིངས་མ་ཡིན་ལ་དགེ་རྩ་ཡང་དག་པར་བླངས་པ་རྒྱས་འགྱུར་གྱི་རིགས་སུ་འདོད་ན། ཡེ་ཤེས་ཀྱི་ཚོགས་བསམ་པའང་རང་བཞིན་གནས་རིགས་སུ་ཐལ་བར་འགྱུར་རོ་ཞེས་བསྒྲེའོ། །དེ་འདོད་ན་ནི། ཁྱོད་ཉིད་ཀྱིས་ཀྱང་རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་ཀྱི་གཞི་མཐུན་པ་ཁས་བླང་པའི་ཕྱིར། འཁོར་གསུམ་ཀ་བཟློག་ཏུ་མེད་དོ། །དཔེ་དགུ་དོན་དགུའི་སྐབས་སུའང་ཤིང་འབྲས་ཀྱི་དཔེར་བསྟན་པ་དེ་ཉིད་རྒྱས་འགྱུར་གྱི་རིགས་ཡིན་ལ། ཇི་ལྟར་ཨ་འབྲས་ལ་སོགས་ཤིང་འབྲས་ལ། །ཡོད་པའི་ས་བོན་མྱུ་གུ་འཇིག་མེད་ཆོས། །ས་རྨོས་ཆུ་སོགས་ལྡན་ལ་ལྗོན་ཤིང་གི །རྒྱལ་པོའི་དངོས་པོར་རིམ་གྱིས་འགྲུབ་པ་ལྟར་། ཞེས་སོགས་ཀྱི། ཏ་ལའི་ས་བོན་དང་རྒྱས་འགྱུར་གྱི་རིགས་དཔེ་དོན་དུ་སྦྱར་ཞིང་། ས་རྨོས་སོགས་ཀྱི་རྒྱས་པར་འགྱུར་བ་དང་དགེ་རྩ་ཡང་དག་པར་བླངས་པས་ཕྲིན་ལས་རྒྱས་པར་འགྱུར་བ། དཔེ་དོན་དུ་སྦྱར་བ་ལའང་རྟོག་དཔྱོད་འཇུག་དགོས་ལ། དོན་འདི་ལ་དགོངས་ནས། ཆོས་དབྱིངས་བསྟོད་པ་ལས། དད་པ་ལ་སོགས་པ་ཁམས་རྒྱས་བྱེད་དུ་གསུངས་ཀྱི། ཁམས་དངོས་སུ་མ་གསུངས་པའི་དགོངས་པ་ཤེས་དགོས་སོ། །མདོ་སྡེ་རྒྱན་ལས་ཀྱང་། རྒྱས་འགྱུར་གྱི་རིགས་ཆད་མི་གསུང་སྟེ། རྣམ་པར་རིག་པའི་གཞུང་མ་ཡིན་པས་སོ། །དེས་ན། གནས་སྐབས་སུ་རྒྱས་འགྱུར་གྱི་རིགས་སད་བྱེད་ཀྱི་རྐྱེན་དང་བྲལ་བ་ལ་དགོངས་ནས། ལ་ལ་ཐར་པ་ཆ་མཐུན་ཞེས་སོགས་དང་། གནས་སྐབས་སུ་རང་བཞིན་གནས་རིགས་སད་བྱེད་ཀྱི་རྐྱེན་དང་མི་ལྡན་པ་ལ་དགོངས་ནས། དཀར་པོ་ཞེས་སོགས་གསུངས་པ་ཡིན་ནོ། །དེས་ན། གཞིའི་སྐབས་སུ་རིགས་དང་འདུས་བྱས་ཀྱི་གཞི་མཐུན་ཁས་ལེན་པ་དང་། འབྲས་བུའི་སྐབས་སུ་སངས་རྒྱས་དང་འདུས་བྱས་ཀྱི་གཞི་མཐུན་ཁས་ལེན་པ་ནི། རྟོག་གེ་ལ་མངོན་པར་ཞེན་པའི་རབ་རིབ་ཀྱིས། ངེས་དོན་ལ་བལྟ་བའི་མིག་ལྡོངས་པ་ལས་གྱུར་པར་ཤེས་པར་བྱའོ། །གཉིས་པ་གཞུང་གི་དོན་ནི། ལུས་སེམས་ནང་གི་བདག་ཉིད་བཤད། ཅེས་པར་བཤད་པར་ཁས་བླངས་པའི་ལུས་སེམས་ནང་གི་བདག་ཉིད་དེ་ནི་ཇི་ལྟ་བུ་ཞེ་ན། དྲི་མེད་ཅེས་སོགས་ཚིགས་སུ་བཅད་པ་ཕྱེད་དང་གཉིས་གསུངས་ཏེ། རྟོགས་པར་བྱ་ཞེས་དྲང་། གང་ན། དྲི་མ་མེད་པའི་རྒྱལ་བའི་སྙིང་པོ་དེའི་དོན་ནོ། །ཇི་ལྟར་རྟོགས་པར་བྱ་སྙམ་ན། ངོ་བོ་དང་མཚན་གཞི་གོ་རིམ་བཞིན་དུ་སྦྱར་ན། སེམས་ཅན་གྱི་བདེ་གཤེགས་སྙིང་པོ་ལ་མ་དག་པའི་བདེ་གཤེགས་སྙིང་པོ་དང་། ལམ་བསྐྱེད་རྫོགས་ལ་གནས་པའི་བདེ་གཤེགས་སྙིང་པོ་ལ་མ་དག་ལ་དག་པའི་བདེ་གཤེགས་སྙིང་པོ་དང་། དེ་བཞིན་གཤེགས་པའི་བདེ་གཤེགས་སྙིང་པོ་ལ་ཤིན་ཏུ་རྣམ་པར་དག་པའི་བདེ་གཤེགས་སྙིང་པོ་ཞེས་གསུངས་པ་ལྟར་རྟོགས་པར་བྱའོ། །གང་ལས་ཇི་ལྟར་གསུངས་ཤེ་ན། རྒྱུད་སྡེ་རྣམས་ལས་གཞི་རྒྱུད་ཐབས་རྒྱུད་འབྲས་རྒྱུད་རྣམས་དང་གནས་སྐབས་གསུམ་པོ་རིམ་པ་བཞིན་དུ་སྦྱར་ནས་གསུངས་སོ། །འདིར་དྲི་མ་མེད་པའི་དོན་ལ། ཁ་ཅིག་རང་བཞིན་དྲི་མེད་ཁོ་ནར་འཆད་མོད། བདག་གི་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། འདིར་དྲི་མ་མེད་པ་ནི་གཉིས་ཏེ། རང་བཞིན་གྱི་དྲི་མ་མེད་པ་དང་། །བློ་བུར་གྱི་དྲི་མ་མེད་པའོ། །དང་པོ་ནི། ངོས་གཟུང་དང་མཚན་མ་ཐམས་ཅད་དང་བྲལ་བ་ཡིན་ལ། གཉིས་པ་ལ། བྲལ་བྱ་བློ་བུར་གྱི་དྲི་མ་ནི། གཟུང་འཛིན་གྱི་རྣམ་པར་རྟོག་པ་སྟེ། དེའི་ཕྱིར་ངོས་གཟུང་དང་མཚན་མ་ཐམས་ཅད་དང་བྲལ་བའི་སེམས་ཉིད་ནི། སྐབས་འདིར། རང་བཞིན་རྣམ་དག་དང་། གཟུང་འཛིན་གྱི་རྣམ་རྟོག་དང་བྲལ་བའི་སེམས་ཉིད་ནི། སྐབས་འདིར་བློ་བུར་རྣམ་དག་གོ །དེས་ན། ཐ་མལ་གྱི་ཤེས་པ་གཞི་དུས་ཀྱི་དག་པ་གཉིས་ལྡན་དུ་ངོ་སྤྲོད་པར་བཞེད་ནས། དྲི་མེད་རྒྱལ་བའི་སྙིང་པོ་ནི། །ཞེས་གསུངས་པ་ཡིན་ནོ། །ཞེས་གསུང་ངོ་། །རྒྱལ་བའི་སྙིང་པོའི་དོན་ལ། ཁ་ཅིག་ན་རེ། སྙིང་པོ་ནི་སྦུབས་ཀྱིས་གཏུམས་པའི་དོན་ཡིན་པས། སེམས་ཅན་གྱི་གནས་སྐབས་ན་བདེ་བར་གཤེགས་པའི་སྙིང་པོ་ཡོད་ཀྱང་། སངས་རྒྱས་པའི་ཚེ་ན་སྒྲིབ་པའི་སྦུབས་མཐའ་དག་ལས་གྲོལ་བའི་ཕྱིར་བདེ་བར་གཤེགས་པའི་སྙིང་པོ་མེད་དོ། །ཞེས་ཟེར་ལ། གཞན་དག་ནི། བདེ་བར་གཤེགས་པའི་སྙིང་པོ་ནི་བདེ་བར་གཤེགས་པ་ཉིད་ཡིན་པའི་ཕྱིར། སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་ཀྱི་སེམས་ཅན་གྱི་རྒྱུད་ལ་ནི་བདེ་གཤེགས་སྙིང་པོ་མེད་དོ། །ཞེས་ཟེར་རོ། །ལུགས་དེ་གཉིས་ཀྱིས་ནི། བདེ་གཤེགས་སྙིང་པོ་ལ་སྐུར་བ་བཏབ་པ་སྟེ། ཅིག་གིས་སངས་རྒྱས་ལ་དང་ཅིག་ཤོས་ཀྱིས་སེམས་ཅན་ལ་བདེ་གཤེགས་སྙིང་པོ་མེད་པར་སྨྲས་པས་སོ། །དཔལ་རང་བྱུང་གི་ཞལ་སྔ་ནས་ནི། དྲི་མ་དང་བཅས་པའི་བདེ་གཤེགས་སྙིང་པོ་དང་། དྲི་མ་མེད་པའི་བདེ་གཤེགས་སྙིང་པོ་ཞེས་བཞེད་པས། སེམས་ཅན་སངས་རྒྱས་གཉིས་ཀ་སྙིང་པོ་ཅན་དུ་བཞེད་དོ། །གསུངས་ཕྱིར་ཞེས་པ་ལ། ཁ་ཅིག རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་པ་ཉིད་ཁུངས་སུ་འདྲེན་མོད། རྒྱལ་བའི་དབང་པོའི་ཞལ་སྔ་ནས། སྨྲ་བ་པོ་དེས་ནི། །ཕ་རོལ་ཕྱིན་པར་རབ་གསང་བ། །ཞེས་པའི་གཞུང་དང་དངོས་སུ་འགལ་བ་ཁས་བླངས་པས། འདིར་གང་ལས་གསུངས་པའི་ཁུངས་ནི། གསང་བ་འདུས་པ་ལས། རྒྱུད་ཅེས་བྱ་བ་འབྲེལ་བའི་དོན། །འབྲེལ་བ་ལ་ཡང་རྣམ་གསུམ་སྟེ། །གཞི་དང་རང་བཞིན་འབྲས་བུ་དང་། །མི་ཕྲོགས་པ་ཡིས་ཕྱེ་བ་ཉིད། །གཞི་དང་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་ཕྲོགས་འབྲས་བུའོ། །གཞི་ནི་ཐབས་ཤེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པ་ལྟར། རྒྱུད་སྡེ་མཐའ་དག་ལས། གནས་སྐབས་གསུམ་དང་རྒྱུད་གསུམ་པོ་སྦྱར་ནས་གསུངས་པ་ཉིད་དཔལ་རང་བྱུང་གིས་ཁུངས་སུ་མཛད་དོ། །ཞེས་གསུང་པ་ནི། ལེགས་པར་བཤད་པ་སྟེ་འདིའི་ཐད་ཀྱི་རང་འགྲེལ་ལས། འདི་ནི་མཆོག་ཏུ་རྟོགས་པར་དཀའ་བའི་རྡོ་རྗེ་ཐེག་པའི་བརྗོད་བྱ་སྟེ། ཞེས་སོགས་ནས། དེ་ལྟར་རྣམ་པ་གསུམ་པོ་འདི་ལ་མིང་གི་ཐ་སྙད་ཀྱི་རྣམ་གྲངས་སུ། གཞི་དང་ལམ་དང་འབྲས་བུ་དང་། གཞི་རྒྱུད་དང་ཐབས་རྒྱུད་དང་འབྲས་བུའི་རྒྱུད་གསུམ་དང་། གཞི་དངོས་པོའི་གནས་ལུགས་དང་ལམ་གྱི་རིམ་པ་དང་འབྲས་བུ་སྐྱེ་བའི་རིམ་པ། ཞེས་བྱ་བ་ལ་སོགས་པ་སྔོན་གྱི་མཁས་གྲུབ་རྣམས་ཀྱིས་གསུངས་སོ། །ཞེས་པའི་དགོངས་པ་དཔྱིས་ཕྱིན་པའོ། །གཉིས་པ། དུམ་བུ་བཅུ་གཅིག་གི་ངེས་པ་མདོར་བསྟན་པ་ནི་གཞི་ལམ་འབྲས་གསུམ་དུ་རྒྱུན་ཆགས་པའི་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད། དོན་ཚན་དུ་ཞིག་གི་སྒོ་ནས་འཆད་ཅེ་ན། ཐོག་མར་ཞེས་སོགས་ཚིགས་སུ་བཅད་པ་གསུམ་གསུངས་ཏེ། དུམ་བུ་རྣམས་ཀྱི་ཐོག་མར་རྒྱུ་རྐྱེན་སྤྱིར་བསྟན་པའི་དུམ་བུ་དང་། དེ་ནས་མངལ་སྐྱེས་ཀྱི་ལུས་ནི་འགྲུབ་པའི་ཚུལ་བསྟན་པའི་དུམ་བུ། ལུས་དེ་ཉིད་ལ་རྩ་གནས་པའི་རྣམ་པར་བཤད་པའི་དུམ་བུ་དང་། རླུང་གི་ནི་ངོ་བོ་དང་གནས་པའི་ས་དང་རྒྱུ་བའི་ཚུལ་བསྟན་པའི་དུམ་བུ། ཐིག་ལེ་ཇི་ལྟར་རྒྱུ་བའི་ཚུལ བསྟན་པའི་དུམ་བུ་དང་། རྣམ་ཤེས་དང་ཡེ་ཤེས་ལ་སོགས་པས་གནས་སྐབས་བཞི་དང་ཕྱག་རྒྱ་བཞི་སོགས་དང་འབྲེལ་བའི་དོན་གཞི་ལམ་འབྲས་བུ་གསུམ་སྟོན་པའི་དུམ་བུ། དེ་དག་ཕྱི་སྣོད་ཀྱི་འཇིག་རྟེན་ལ་སྦྱར་བའི་དུམ་བུ་དང་། ཀུན་བརྟགས་ཀྱི་ལྷ་རྣམས་བསྐྱེད་པའི་རིམ་པ་སྟོན་པའི་དུམ་བུ་གང་ཡིན་པ་དང་། སྦྱང་གཞི་སྦྱོང་བྱེད་ཀྱི་ཆོས་བསྟན་པའི་དུམ་བུ་དང་། ས་དང་ལམ་གྱི་རིམ་པར་བསྟན་པའི་དུམ་བུ་དང་། མཐར་དེ་རྣམས་འཇིག་ཅིང་སྡུད་པའི་ཚུལ་བསྟན་པའི་དུམ་བུ་སྟེ་དུམ་བུའམ་ལེའུ་བཅུ་གཅིག་གི་སྒོ་ནས་འཆད་ཅིང་། དེ་ཡང་། རྒྱལ་བ་རྡོ་རྗེ་འཆང་གིས་རྒྱུད་སྡེ་རྣམས་སུ་བསྟན་པ་ཇི་ལྟ་བ་བཞིན་དུ་བཤད་པར་བྱའོ། །འདིར་ཅུང་ཟད་བཤད་ན། དུམ་བུ་བཅུ་གཅིག་པོ་སོ་སོའི་དོན། གྲངས་ངེས་གོ་རིམ། བསྡུས་དོན་དང་བཞི་ལས། དང་པོ་ནི། ལེའུ་སོ་སོའི་སྐབས་སུ་འཆད་ལ། གཉིས་པ་ནི། ནང་དོན་གྱི་རྗོད་བྱའི་དོན་ལ་དོན་ཚན་བཅུ་གཅིག་པོ་འདིར་གྲངས་ངེས་ཏེ། དེ་ལས་མང་མི་དགོས་ཤིང་ཉུངས་ན་མི་འདུ་བའི་ཕྱིར། གསུམ་པ་ནི། གོ་རིམ་འདི་ལྟར་དུ་ངེས་ཏེ། རྒྱུ་རྐྱེན་གྱི་རྣམ་གཞག་མ་ཤེས་ན་རྒྱུ་མེད་པ་དང་ངོ་བོ་ཉིད་རྒྱུར་འདོད་པ་དང་རིགས་མི་མཐུན་རྒྱུར་འདོད་པ་སོགས་ཕྱི་རོལ་པ་དང་མཚུངས་དོགས་པས་རྒྱུ་རྐྱེན་སྤྱིར་བསྟན་པའི་དུམ་བུ་དེ་དང་པོར་བཤད། དེའི་རྗེས་སུ་ལུས་འགྲུབ་ཚུལ་འཆད་པའི་རྒྱུ་མཚན་ནི། ཀུན་རྫོབ་ལ་རྟེན་ནས་དོན་དམ་ལ་འཇུག་དགོས་པས་བསྐྱེད་རིམ་གྱི་སྦྱང་གཞི་ངོ་ཤེས་པའི་དབང་དུ་བྱས་ནས་གཉིས་པ་དང་། དེའི་རྗེས་སུ་རྩ་འཆད་པའི་རྒྱུ་མཚན་ནི། ལུས་དེ་ཉིད་ཀྱང་རྩ་ལ་བརྟེན་ཞིང་རྩ་ལ་གནད་དུ་བསྣུན་པ་ལ་རྩའི་གནས་ཚུལ་ཤེས་དགོས་པའི་དབང་དུ་བྱས་ནས་གསུམ་པ་དང་། དེའི་རྗེས་སུ་རླུང་འཆད་པའི་རྒྱུ་མཚན་ནི། རྩ་དེ་ཡང་རླུང་གིས་བསྒྲུབས་ཤིང་རླུང་ལ་གནད་དུ་བསྣུན་པ་ལ་རླུང་གི་གནས་ཚུལ་ཤེས་དགོས་པའི་དབང་དུ་བྱས་ལ། དེའི་རྗེས་སུ་ཐིག་ལེ་འཆད་པའི་རྒྱུ་མཚན་ནི། རྩའི་ནང་དུ་ཐིག་ལེ་རྒྱུ་ཞིང་ཐིག་ལེ་ལ་གནད་དུ་བསྣུན་པ་ལ་ཐིག་ལེའི་གནས་ཚུལ་ཤེས་དགོས་པའི་དབང་དུ་བྱས་པ་ཡིན་ལ་དེའི་རྗེས་སུ་དུམ་བུ་དྲུག་པ་འཆད་པའི་རྒྱུ་མཚན་ནི། རྩ་རླུང་ཐིག་ལེ་རྫོགས་པ་ལ་བརྟེན་ནས་གནས་སྐབས་བཞི་པོ་འབྱུང་བའི་དབང་དུ་བྱས་སོ། །དེའི་རྗེས་སུ་བདུན་པ་འཆད་པའི་རྒྱུ་མཚན་ནི། འཁྲུལ་པའི་སྣང་བ་ཐམས་ཅད་ལུས་ལ་བརྟེན་ཅིང་ལུས་དེ་ཡང་སེམས་ཀྱི་སྣང་ཆ་ལས་གྲུབ་པས་དེ་ངོ་ཤེས་དགོས་པའི་དབང་དུ་བྱས་པ་ཡིན་ནོ། །དེའི་རྗེས་སུ་བརྒྱད་པ་འཆད་པའི་རྒྱུ་མཚན་ནི། །འཁྲུལ་པའི་ཆད་པའི་ཐབས་སེམས་འཛིན་པ་དང་ཕྱི་ནང་གི་དོན་ཤེས་པ་དང་གཞན་དོན་གཟུགས་སྐུ་ལ་དབང་འབྱོར་བའི་དགོས་པ་གསུམ་གྱི་དབང་དུ་བྱས་པ་ཡིན་ལ། དེའི་རྗེས་སུ་དགུ་པ་འཆད་པའི་རྒྱུ་མཚན་ནི། འཁྲུལ་པ་འཆིང་བའི་ཐབས་རགས་པ་བསྐྱེད་རིམ་ཙམ་མིན་པར་སྦྱང་གཞིའི་གྲངས་དང་མཉམ་པའི་སྦྱོང་བྱེད་ཀྱང་ཡོད་པའི་དབང་དུ་བྱས་པ་ཡིན་ཞིང་། དེའི་རྗེས་སུ་བཅུ་པ་འཆད་པའི་རྒྱུ་མཚན་ནི། བསྐྱེད་རྫོགས་ཉམས་སུ་བླངས་པ་ལ་བརྟེན་ནས་ལམ་ལྔ་རིམ་གྱིས་རྒྱུད་ལ་སྐྱེ་བའི་དབང་དུ་བྱས་སོ། །དེའི་རྗེས་སུ་བཅུ་གཅིག་པ་འཆད་པའི་རྒྱུ་མཚན་ནི། མཐར་དེ་རྣམས་ཀྱང་ཆོས་རྣམས་ཀྱི་གནས་ཚུལ་དེ་ཁོ་ན་ཉིད་ལས་མ་འདས་པས་སྟོང་པ་ཉིད་ལ་འཇུག་པའི་དབང་དུ་བྱས་པ་ཡིན་ནོ། །བཞི་པ་ནི། བཅུ་གཅིག་པོ་དེ་དག་ཀྱང་བསྡུ་ན། གཞི་ལམ་འབྲས་བུ་གསུམ་ཀ་བརྗོད་བྱར་སྟོན་པ། གཞི་གཙོ་བོར་སྟོན་པ། ལམ་དང་འབྲས་བུ་གཙོ་བོར་སྟོན་པ་དང་གསུམ་དུ་འདུས་པས། དང་པོའི་དབང་དུ་བྱས་ནས། ལེའུ་དང་པོ་དང་དྲུག་པ་གཉིས་གསུངས་ལ། གཉིས་པ་ལ། བརྟེན་པ་སེམས་ཅན་གྱི་དབང་དུ་བྱས་པ་དང་། རྟེན་སྣོད་ཀྱི་དབང་དུ་བྱས་པ་གཉིས། དང་པོ་ལ། ཆགས་ཚུལ། གནས་ཚུལ། འཇིག་ཚུལ་གསུམ་ལས། དང་པོའི་དབང་དུ་བྱས་ནས་དུམ་བུ་གཉིས་པ་དང་། གཉིས་པའི་དབང་དུ་བྱས་ནས་རྩ་རླུང་ཐིག་ལེ་གསུམ་སྟོན་པའི་དུམ་བུ་གསུམ་དང་། གསུམ་པའི་དབང་དུ་བྱས་ནས་དུམ་བུ་བཅུ་གཅིག་པ་གསུངས་སོ། །གཉིས་པ་རྟེན་སྣོད་ཀྱི་དབང་དུ་བྱས་ནས་སྣོད་ལ་སྦྱར་བའི་དུམ་བུ་གསུངས་ལ། གསུམ་པ་ལམ་དང་འབྲས་བུ་གཙོ་བོར་སྟོན་པ་ལ་ཡང་། ལམ་བསྐྱེད་རིམ་གྱི་དབང་དུ་བྱས་པ་དང་། རྫོགས་རིམ་གྱི་དབང་དུ་བྱས་པ་དང་། གཉིས་ཀའི་དབང་དུ་བྱས་པ་དང་གསུམ། དང་པོ་ནི། བསྐྱེད་རིམ་སྟོན་པའི་དུམ་བུ། གཉིས་པ་ནི། སྦྱང་གཞི་སྦྱོང་བྱེད་ཀྱི་དུམ་བུ། གསུམ་པ་ནི། ལམ་རིམ་སྟོན་པར་བྱེད་པའི་དུམ་བུ་དེའོ། །འདི་དག་གི་རྒྱས་པར་བཤད་པ་ནི་དུམ་བུ་སོ་སོའི་གཞུང་གིས་རྣམ་པར་བཤད་པའི་ཕྱིར། དེ་ཉིད་དུ་འཆད་པར་འགྱུར་བས་ཟློས་པར་དོགས་ཏེ། འདིར་ནི་དབང་པོ་རྣོན་པོ་དག་འཇུག་པའི་སྒོ་ཙམ་ཞིག་བསྡུས་ཏེ་བསྟན་པ་ཡིན་ནོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ། དུམ་བུ་བཅུ་གཅིག་ཡོད་པ་ལས། དང་པོ། རྒྱུ་རྐྱེན་སྤྱིར་བསྟན་པའི་དུམ་བུ་ལ། ལེའུའི་གཞུང་དང་། ལེའུའི་མཚན་བསྟན་པ་གཉིས། དང་པོ་ལ་བཞི་སྟེ། དག་མ་དག་གི་སེམས་ཀྱི་ངོ་བོ། ཇི་ལྟར་འཁྲུལ་བའི་ཚུལ། རྒྱུ་རྐྱེན་གྱི་དབྱེ་བ། གནས་སྐབས་གསུམ་གྱི་དབྱེ་བའོ། །དང་པོ་ལ་གཉིས། སེམས་ཀྱི་ངོ་བོ་དང་། སེམས་ཀྱི་རྣམ་པ་བཤད་པའོ། །དང་པོ་ནི། ཐོག་མར་རྒྱུ་རྐྱེན་བསྟན་པ་དང་། ཞེས་གསུངས་པ་ལས་འཕྲོས་ནས། འཁོར་འདས་ཐམས་ཅད་ཀྱི་རྒྱུའམ་གཞི་དེ་ནི་གང་ཞིག་ཡིན། དེ་ལས་འཁོར་འདས་སུ་སྣང་བའི་རྐྱེན་ནི་ཇི་ལྟ་བུ་ཞེ་ན། རྒྱུ་ནི་ཞེས་སོགས་རྐང་པ་གཉིས་གསུངས་ཏེ། འཁོར་འདས་ཐམས་ཅད་ཀྱི་གཞིའམ་རྒྱུ་ནི་སེམས་ཉིད་ཐོག་མ་དང་ཐ་མ་མེད་ལ། གཅིག་དང་ཐ་དད་ཀྱི་སྤྲོས་པ་ལས་གྲོལ་བའི་ཕྱིར་རྒྱར་མ་ཆད་ཅིང་། རྟག་ཆད་སྤང་གཉེན་སོགས་ཀྱི་ཕྱོགས་སུ་ལྷུང་བ་མ་མཆིས་པ་དེ་ཡིན་ནོ། །ཞེས་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་ངོས་འཛིན་པར་མཛད་དེ། འདིའི་ཐད་ཀྱི་རང་འགྲེལ་ལས། འཁོར་འདས་ཐམས་ཅད་ཀྱི་གཞིར་གྱུར་པའི་ཆོས་ཉིད་དེ་བཞིན་ཉིད་ལ་ཀུན་གཞིའི་སྒྲར་གསུངས་ནས་དེའི་ནང་སེལ་དག་པ་དང་བཅས་པ་ལ་ཀུན་གཞིའི་ཡེ་ཤེས་དང་ས་བོན་ཐམས་ཅད་པའི་ཆ་ནས་ཀུན་གཞི་རྣམ་ཤེས་སུ་གསུངས་པས་སོ། །དེ་ཡང་། དག་པ་ལ་སེམས་སུ་བསྟན་པ་ནི། ཞེས་པ་ནས། དག་པ་དང་བཅས་པ་བརྗོད་པ་ཡིན་ནོ། །ཞེས་པའི་བར་གྱིས་ཀུན་གཞི་ཡེ་ཤེས་ངོས་གཟུང་ནས། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དང་། དོ་ཧ་དང་། ཕ་རོལ་ཏུ་ཕྱིན་པའི་ལུང་རྣམས་ཀྱིས་དེ་ལ་ངེས་ཤེས་འདྲེན་པར་མཛད་ཅིང་། མ་དག་པ་ལ་སེམས་སུ་བརྗོད་པ་ནི་ཞེས་པ་ནས་རྒྱ་ཆེར་གསུངས་སོ་ཞེས་པའི་བར་གྱིས། ཀུན་གཞི་རྣམ་ཤེས་ཉིད་རྒྱས་པར་བཤད་ནས། བཀའ་བསྟན་བཅོས་དུ་མའི་ལུང་གིས་དེ་ལ་ངེས་ཤེས་འདྲེན་པར་མཛད་ལ། རྒྱུ་མཚན་འདིས་ན་ཀུན་གཞི་ནི་ཞེས་པ་ནས། རྣམ་པ་ཐམས་ཅད་དུ་སྤངས་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞེས་པའི་བར་གྱིས། ཀུན་གཞིའི་རྣམ་ཤེས་ལས་འཁོར་བ་སྣང་བའི་ཚུལ་དང་ཀུན་གཞིའི་ཡེ་ཤེས་ལས་མྱང་འདས་སྣང་བའི་ཚུལ་སྒྲུབ་བྱེད་དང་བཅས་པ་གསུངས་ནས། དེ་ལ་ངེས་པ་འདྲེན་པའི་ཡན་ལག་ཏུ་ལུང་གི་ཚོགས་རྣམས་ཀྱང་འདྲེན་པར་མཛད་དོ། །ཡང་རྒྱས་འགྱུར་གྱི་རིགས་དེ་ཞེས་པ་ནས། སྐབས་ནས་ཀྱང་སྟོན་པར་བྱེད་དེ་ཞེས་པའི་བར་གྱིས། རྒྱས་འགྱུར་གྱི་རིགས་ལ་འཁྲུལ་པ་སྤངས་ནས་རྣམ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར་ལུང་རིགས་ཀྱིས་བསྒྲུབས་ཤིང་རྒྱས་བཤད་ཁ་འཕང་བ་དང་བཅས་པ་གསུངས་ལ། དེ་ལྟར་དག་པ་དང་ཞེས་པ་ནས། སེམས་ཀྱི་ངོ་བོ་ཉིད་བསྟན་པ་ཡིན་ནོ། །ཞེས་པའི་བར་གྱིས་སེམས་ཉིད་དེའི་ཁྱད་ཆོས་ཐོག་མ་མེད་ཅིང་རྒྱར་མ་ཆད་ལ་ཕྱོགས་སུ་ལྷུང་བ་མ་མཆིས་པའི་གོ་དོན། ལུང་རིགས་དང་སྦྱར་ནས་ལེགས་པར་བཤད་པ་སྟེ། དེའི་ཕྱིར། འཁོར་འདས་ཐམས་ཅད་ཀྱི་གཞིར་གྱུར་པའི་ཆོས་ཉིད་དེ་བཞིན་ཉིད་དེ་ནི། མཆོད་བརྗོད་ཀྱི་སྐབས་སུ་བཤད་པའི་གདོད་མའི་མི་ཤིགས་པའི་ཐིག་ལེ་ཆེན་པོ་དེ་ཉིད་ཡིན་ལ། དེ་ཡིད་འགྱུ་བྱེད་ཀྱི་རླུང་གིས་བསྐྱོད་པ་ལས་གཞན་རྟོག་ཞུགས་ཏེ། གཉིས་ཆོས་སུ་སྣང་བའི་དབང་གིས་ཀུན་གཞིའི་ཡེ་ཤེས་དང་ཀུན་གཞིའི་རྣམ་ཤེས་ཤེས་བྱ་བའི་ཐ་སྙད་བྱས་པའོ། །དེ་ལ་ཀུན་གཞིའི་ཡེ་ཤེས་ནི། གོང་དུ་བཤད་པའི་བདེ་བར་གཤེགས་པའི་སྙིང་པོ་སྟེ། དེ་ཡང་ཤེར་ཕྱིན་དང་རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་དུ་གསུངས་པ་དང་། དོ་ཧ་ལས། ཡིད་བཞིན་ནོར་འདྲའི་སེམས་སུ་གསུངས་ལ། ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་གསུངས་པ་ཡང་དོན་འདི་ཉིད་དོ། །དེ་ལ་ཡེ་ཤེས་སུ་བཤད་དེ། མཚན་བརྗོད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་གསུངས་པས་སོ། །དེ་ཡང་ཀུན་གཞིའི་རྣམ་ཤེས་ལ་ཆུ་དང་འོ་མ་བཞིན་འདྲེས་པའི་ཚུལ་དུ་གནས་པས། ངེས་དོན་ལ་རྨོངས་པ་རྣམས་ཀྱིས་ཀུན་གཞིའི་ཡེ་ཤེས་ངོས་མ་ཟིན་པར། འགའ་ཞིག་གིས། རྣམ་ཤེས་ཚོགས་དྲུག་ཁོ་ནར་སྨྲས་ལ། ཚོགས་བརྒྱད་དུ་འདོད་པ་ཕལ་ཆེ་བས་ཀྱང་། ཀུན་གཞི་ནི་ཀུན་གཞིའི་རྣམ་ཤེས་ཁོ་ནའོ། །སྙམ་དུ་བཟུང་ནས། མུན་སྤྲུལ་གྱི་བསྟན་བཅོས་དུ་མ་དག་བྱས་མོད་ཀྱི། དེ་ནི་ཐེག་བསྡུས་ལས། སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཐོས་པའི་བག་ཆགས་སུ་གྱུར་པ་སྟེ། གནས་གང་ལ་འཇུག་པ་དེ་ལྷན་ཅིག་འབྱུང་བའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་ཆུ་དང་འོ་མ་བཞིན་དུ་འཇུག་ཀྱང་། དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་མ་མཐོང་པར་ཟད་དོ། །ཀུན་གཞིའི་རྣམ་ཤེས་ནི། དིང་སང་མངོན་པ་བ་རྣམས་ལ་ཡོངས་སུ་གྲགས་པ་འདི་ཉིད་དེ། དེའི་རྣམ་པར་གཞག་པ་ནི། རང་འགྲེལ་ཉིད་དུ། ལུང་རིགས་དང་སྦྱར་ནས་རྒྱས་པར་བཤད་པ་ཀླགས་པ་ཙམ་གྱིས་ཤེས་པར་འགྱུར་རོ། །འདིར་སྤྲོས་ནས་བཤད་ན་མཐའ་ཡས་པའི་ཕྱིར་མདོར་བསྡུས་པའོ། །གཉིས་པ་ནི། སེམས་ཉིད་དེ་འཁོར་འདས་ཐམས་ཅད་ཀྱི་གཞི་ཡིན་ན། དེ་ལས་འཁོར་འདས་གཉིས་སོ་སོར་ཇི་ལྟར་སྣང་ཞེ་ན། དེ་ཉིད་ཅེས་སོགས་རྐང་པ་གསུམ་གསུངས་ཏེ། དེ་ལྟ་བུའི་སེམས་ཉིད་དེའི་གདངས་མ་འགགས་པའི་རྣམ་པར་རོལ་པ་སྟེ། སེམས་ཉིད་ཀྱི་ཡེ་ཤེས་ཀྱི་རང་རྩལ་ལས། ངོ་བོ་སྟོང་པ་རང་བཞིན་གསལ་བ་རྣམ་པ་འགག་པ་མེད་པར་འཆར་ལ། འཁོར་བའི་གནས་སྐབས་སུ་ནི། དེ་གསུམ་གྱི་མིང་དུ་སེམས་དང་ཡིད་དང་རྣམ་ཤེས་ཞེས་ཟེར་ཞིང་། མྱ་ངན་ལས་འདས་པའི་སྐབས་སུ་ནི། ཆོས་སྐུ་ལོངས་སྐུ་ཅིར་ཡང་འཆར་བ་སྤྲུལ་པའི་སྐུ་ཞེས་ཟེར་ཏེ། སྡུད་པ་ལས། གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། ཞེས་གསུངས་པའི་དོན་དང་། ལེའུ་ལྔ་པ་ནས། ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། །འགག་མེད་ཐུགས་རྗེ་ཅིར་ཡང་འགྲུབ། །ཞེས་གསུངས་པ་རྣམས་གནད་གཅིག་གོ །འོ་ན་མངོན་པ་མཛོད་ལས། སེམས་དང་ཡིད་དང་རྣམ་ཤེས་རྣམས། །དོན་གཅིག་སེམས་དང་སེམས་བྱུང་རྣམས། །ཤེས་སེམས་ཡིད་རྣམ་ཤེས་གསུམ་མིང་གི་རྣམ་གྲངས་སུ་བཤད་པ་དང་འགལ་ལོ་ཞེ་ན། ལུང་དེ་ནི་བྱེ་བྲག་ཏུ་སྨྲ་བའི་ལོག་པར་བཤད་པ་སྟེ། ཐེག་བསྡུས་ལས། ཁ་ཅིག་འདི་སྙམ་དུ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་ནི་དོན་གཅིག་པ་ཁོ་ན་ཏེ། འདིར་ཚིག་འབྲུ་ཐ་དད་དོ་སྙམ་དུ་སེམས་པ་དེ་ཡང་མི་འཐད་དོ། །ཡིད་དང་རྣམ་པར་ཤེས་པ་གཉིས་དོན་ཐ་དད་པར་དམིགས་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཀྱང་ཐ་དད་པར་འགྱུར་རོ། །ཞེས་གསུངས་པས་སོ། །དེས་ན་སེམས་ནི་ཀུན་གཞིའི་རྣམ་ཤེས་དང་། ཡིད་ནི་བདུན་ཡིད་དང་རྣམ་པར་ཤེས་པ་ནི་འཇུག་ཤེས་དྲུག་ལ་དགོངས་པའོ། །བཤད་མ་ཐག་པའི་གཞུང་ཚིག་ལྔ་པོ་འདི་འཆད་པ་ན། འགྲེལ་བྱེད་འགའ་ཞིག་གིས། རང་གི་འགྲེལ་པ་ལས་གྱ་ཚོམས་སུ་རྒལ་ཏེ། ཚིག་རྐང་པ་དང་པོ་གསུམ་གྱིས་དག་པའི་སེམས་ཀྱི་ངོ་བོ་དང་། དེ་ནས་གཅིག་གིས་མ་དག་པའི་སེམས་ཀྱི་ངོ་བོ་དང་། དེ་ནས་གཅིག་གིས་མ་དག་པའི་སེམས་ཀྱི་རྣམ་པ་སྨོས་སོ་ཞེས་བྱ་བའི་ཚུལ་གྱིས་ས་བཅད་ནས། རྐང་པ་བཞི་པ་ལ་འབྲུ་གཉེར་བ་ན། སེམས་ཀྱི་ངོ་བོ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ན་གང་དུ་ཡང་མི་རྙེད་པས་སྟོང་པ་ཉིད་དོ་ཞེས་ཀླུ་སྒྲུབ་ཀྱི་ལུང་གིས་བསྒྲུབས་ནས། མ་དག་པ་སེམས་ཀྱི་རང་བཞིན་དེ་ཉིད་དག་པའི་སེམས་ཀྱི་ངོ་བོ་འོད་གསལ་བ་ཉིད་དུ་གནས་པར། བརྒྱད་སྟོང་པའི་ལུང་གིས་བསྒྲུབས་པ་དང་། ལྔ་པ་ལ་འབྲུ་གཉེར་བ་ན། སེམས་ལ་གཟུགས་སྒྲ་སོགས་སྣ་ཚོགས་སུ་སྣང་བའི་རྣམ་པ་ནི་འབད་མེད་ལྷུན་གྲུབ་ཏུ་རྩལ་འགག་པ་མེད་པར་ཅིར་ཡང་འཆར་བའོ། །ཞེས་ཟེར་མོད། དེ་ནི་གཞི་འབྲས་ངོ་བོ་གཅིག་ཏུ་ངོ་མ་འཕྲོད་པའི་ལོག་པར་རྟོག་པ་སྟེ། གཞིའི་དུས་སུ་བདེ་གཤེགས་སྙིང་པོའི་གཤིས་སྐྱེ་མེད་ཆོས་ཀྱི་སྐུར་བཞུགས་པ་དེའི་གདངས་མ་འགགས་པའི་རང་རྩལ་ལས། འོད་གསལ་བའི་ཆ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྣང་བ་སྣ་ཚོགས་པ་སྤྲུལ་པའི་སྐུར་ངོ་མ་འཕྲོད་པའི་བབ་ཅོལ་ཡིན་པས་སོ། །དེས་ན་རང་འགྲེལ་ཉིད་ལ་ཡིད་ཆེས་པའི་ངེས་པ་གཏིང་ཚུགས་པར་བྱས་ནས། དཔལ་རང་བྱུང་གི་གསུང་ཚད་མར་གཟུང་ན་ངོ་སྤྲོད་ཀྱི་གནས་ལ་མ་རྨོངས་པའི་ངེས་ཤེས་སྐྱེ་བར་འགྱུར་བས་རྣམ་རྟོག་གི་སྤྲོ་བསྡུས་ལུང་ཚད་མ་སུན་དབྱུང་བར་མི་བྱའོ། །གཉིས་པ་ཇི་ལྟར་འཁྲུལ་པའི་ཚུལ་ལ་གཉིས། ཀུན་གཞི་དང་དེ་ལ་བརྟེན་པའི་ཡིད་ཉོན་མོངས་པ་ཅན་དང་བཅས་པ་དང་། ཚོགས་དྲུག་དང་ཕུང་པོ་ལྔའི་རིམ་པ་བསྟན་པའོ། །དང་པོ་ནི། བཤད་མ་ཐག་པའི་སེམས་ཡིད་རྣམ་ཤེས་གསུམ་ལས་འཁོར་བའི་ཆོས་སྣང་བ་དེ་ཡང་ཕན་ཚུན་གཅིག་གིས་གཅིག་གཡོས་པ་ལས་བྱུང་བ་སྟེ། དེ་ཐམས་ཅད་ཀྱི་རྩ་བ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཉིད་དོ་ཞེས་འཁོར་བར་འཁྲུལ་བའི་གཞི་རྩ་ངོས་འཛིན་པར་བཞེད་པས། དེ་ཉིད་ཅེས་སོགས་རྐང་པ་གསུམ་གསུངས་ཏེ། རང་བཞིན་གྱིས་དག་པའི་སེམས་སྐྱེ་མེད་དེ་ཉིད་མ་འགགས་པའི་རོལ་པ་ལས་རང་གི་ངོ་བོ་ལ་ཡུལ་ཡུལ་ཅན་ལྟར་སྣང་བའི་དབང་གིས་རང་མ་རིག་ཅིང་། སེམས་ཡུལ་ལ་འདུ་བྱེད་པ་བདུན་པ་ཡིད་ཀྱི་གཡོ་བ་ནི་ཆུ་རླབས་ལྟ་བུར་གཡོས་པ་ལ་བརྟེན་ཏེ་ཉོན་མོངས་པ་ཅན་དུ་བྱེད་པས་ན་རྐྱེན་དེས་འཁྲུལ་ནས་ཡང་དག་མིན་རྟོག་ལ་འཁོར་བར་སྣང་བ་ཡིན་ནོ། །འདིར་གང་མ་རིག་ན། སེམས་ཉིད་སངས་རྒྱས་ཀྱི་སྙིང་པོ་དེ་ཉིད་དེ། དེ་ཡང་། སེམས་ཉིད་རང་བཞིན་གྱིས་དག་པའི་རང་གི་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཅིར་ཡང་འཆར་བ་སྤྲུལ་སྐུ་སྟེ། དེ་ལྟར་སྐུ་གསུམ་གྱི་རོལ་པར་བཞུགས་པ་དེ་ཉིད་མ་རིག གང་གིས་མ་རིག་ན། སེམས་ཉིད་རང་གིས་ཏེ། སེམས་རང་གི་ངོ་བོ་ཅིར་ཡང་མ་གྲུབ་པ་ལ་དེའི་ཟུང་འཇུག་གི་ཆ་གཤིས་སྐྱེ་མེད་ལ་བདག་དང་གདངས་འགག་མེད་ལ་གཞན་དུ་རྟོག་པས་ཡུལ་ཡུལ་ཅན་ལྟར་སྣང་བའི་འགག་པ་མེད་པའི་རྩལ་གྱིས་མ་རིག ཚུལ་ཇི་ལྟར་མ་རིག་ན། སེམས་ཡུལ་ལ་འདུ་བྱེད་བ་བདུན་པ་ཡིད་ཀྱིས་ཀུན་གཞི་གཡོ་བ་ནི་ཆུ་དང་རླབས་ལྟ་བུར་གཡོས་པས་ཉོན་ཡིད་བསྐྱེད་ནས་ཡང་དག་མིན་རྟོག་ལ་འཁོར་བ་སྣང་བའི་ཚུལ་གྱིས་ཏེ། དེ་ཡང་། སེམས་ཉིད་མ་བཅོས་པ་ཐ་མལ་གྱི་ཤེས་པ་ངོས་བཟུང་དང་བྲལ་བ་དེ་ཉིད་སེམས་ཅན་དང་འབྲེལ་བ་ན་རྟེན་འབྱུང་བས་དབང་བྱས་ཏེ་ཡིད་འགྱུ་བྱེད་ཀྱི་རླུང་གིས་བསྐྱོད་པ་ལས་བདུན་ཡིད་ལངས་ནས་བདག་གཞན་དུ་རྟོག་པ་ན། སེམས་ཉིད་ཀྱི་གཤིས་སྐྱེ་མེད་ལ་དམིགས་ཏེ་ང་དང་བདག་ཏུ་བཟུང་བས་ཉོན་མོངས་པ་ཅན་གྱི་ཡིད་བསྐྱེད་ཅིང་ཀུན་གཞི་དང་ཕན་ཚུན་གཅིག་གིས་གཅིག་བསྐྱོད་ནས་ཆུ་རླབས་ལྟ་བུར་གཡོས་ཏེ་ཡང་འདུ་བྱེད་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། དེ་ལས་འཁོར་བའི་ཆོས་རང་བཞིན་གྱིས་མེད་བཞིན་ཏུ་བདེན་བདེན་ལྟར་སྣང་བ་འདི་གྲུབ་པས་ན་ཚུལ་དེ་ལྟར་དུ་མ་རིག་གོ །དེས་ན་འདིར་སེམས་ཉིད་ཀྱི་གསལ་བའི་ཆ་ལ་བདུན་པ་ཡིད་ཀྱི་སྒྲར་སྨོས་ནས་རང་ངོ་མ་ཤེས་པའི་ཆ་ལ་མ་རིག་པར་གསུངས་པས་ལྷན་ཅིག་སྐྱེས་པའི་མ་རིག་པ་ངོས་བཟུང་བ་ཡིན་ནོ། །དེའི་ཕྱིར་བདུན་ཡིད་གཡོས་པས་རྣམ་པར་དཀར་བའི་ལས་འདུ་བྱེད་པ་ནི་ཡང་དག་པའི་ཀུན་ཏུ་རྟོག་པ་སྟེ། དེའི་རང་གི་ངོ་བོ་དྲི་མ་མེད་པར་གནས་པ་ཉིད་དྲི་མ་མེད་པའི་ཡིད་དོ། །གཞུང་འགའ་ཞིག་ལས་ཟག་པ་མེད་པའི་སེམས་རྒྱུད་ཅེས་གསུངས་པ་ཡང་འདི་ལ་དགོངས་པ་སྟེ། འདི་ནི་བདེ་བར་གཤེགས་པའི་སྙིང་པོའི་བྱེ་བྲག་རྒྱས་འགྱུར་གྱི་རིགས་སུ་འདུ་བས་གཞིའི་དུས་ཀྱི་མཉམ་ཉིད་ཡེ་ཤེས་ཡིན་པའི་ཕྱིར། བདུན་ཡིད་ཀྱི་དག་པ་དང་བཅས་པའི་ཡེ་ཤེས་སོ། །དེ་ནི་ལེའུ་དྲུག་པར་ཉོན་ཡིད་དང་དྲུག་པ་ཡིད་ཀྱི་ཁ་ནང་ལྟའི་ཆ་མཉམ་ཉིད་ཡེ་ཤེས་སུ་བཤད་པ་དང་དོན་གཅིག་ཏུ་ཤེས་པར་བྱའོ། །དེས་ན་འདིར་བཤད་པའི་སེམས་ཡུལ་ལ་འདུ་བྱེད་པའི་བདུན་ཡིད་ནི་ཉོན་མོངས་པ་ཅན་གྱི་ཡིད་དང་དྲི་མ་མེད་པའི་ཡིད་སོ་སོར་མ་ཕྱེ་བའི་ཡིད་ལ་བཞེད་པ་སྟེ། འོག་ཏུ་འཆད་པར་འགྱུར་བའི་རྣམ་ཤེས་ཚོགས་དྲུག་གི་དེ་མ་ཐག་རྐྱེན་གྱི་ཡིད་དེའོ། །དེའི་ཕྱིར་འདིའི་མིང་གི་རྣམ་གྲངས་སུ་དེ་མ་ཐག་ཡིད་ཅེས་རང་འགྲེལ་ལས་ཡང་ཡང་དུ་གསུངས་ཤིང་། བདག་གི་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་འདིར་ཡང་ཀུན་གཞི་ལ་བཤད་པ་ལྟར། དེ་མ་ཐག་པའི་ཆ་ནས་བདུན་ཡིད་དང་ཉོན་མོངས་པ་བཞིས་འཁྱུད་པའི་ཆ་ནས་ཉོན་ཡིད་དང་དཀར་པོའི་ཆོས་ཀྱིས་འཁྱུད་པའི་ཆ་ནས་དྲི་མ་མེད་པའི་ཡིད་དུ་བཞག་པ་སོགས་ཆ་ཤས་གསུམ་ཡོད་པར་བཞེད་དོ། །དེང་སང་གངས་ཅན་གྱི་ལྗོངས་ཀྱི་ཆོས་མངོན་པ་བ་ཕལ་ཆེ་བས་རྣམ་ཤེས་ཚོགས་བརྒྱད་ཀྱི་ཡ་གྱལ་དུ་ཉོན་ཡིད་ཁོ་ན་བགྲངས་ནས་དེ་མ་ཐག་ཡིད་ལ་བདུན་ཡིད་དུ་འཇོག་པའི་རྣམ་གཞག་ཟུར་ཙམ་ཡང་མ་མཛད་ཅིང་དེ་རྣམས་དང་མཐུན་པར་འདི་ཉིད་ཀྱི་ཊཱིཀ་བྱེད་འགའ་ཞིག་གིས་ཀྱང་རང་འགྲེལ་གྱི་བཤད་པ་མིག་མ་ཉམས་པ་ཁ་ཕྱེ་བ་ལྟ་བུ་འདི་ལ་ཅུང་ཟད་ཀྱང་མ་དཔྱད་པར་གཞན་གྱི་རྗེས་སུ་ཚམ་ཚོམ་མེད་པར་འཇུག་པའི་ཚིག་གི་ཚོགས་ཤིན་ཏུ་མང་བར་སྨྲས་མོད་ཀྱི། དཔལ་རང་བྱུང་གི་ཞལ་སྔ་ནས་རྣམ་ཤེས་ཚོགས་བརྒྱད་ཀྱི་ཡ་གྱལ་བདུན་པ་ནི་དེ་མ་ཐག་ཡིད་དང་དེའི་རང་གི་ངོ་བོ་མ་རིག་པར་བདག་ཏུ་རྟོག་པས་ཁམས་གསུམ་དུ་འཁོར་བའི་འཁྲུལ་པ་ཐམས་ཅད་ཀྱི་རྩ་བ་བྱེད་པའི་ཆ་ནས་ཉོན་ཡིད་དུ་བཞེད་དེ། འགྲེལ་པར་ཚིག་རྐང་གསུམ་པོ་འདི་ལ་འབྲུ་གཉེར་པའི་འཇུག་ཐོགས་སུ་འདི་ནི་ཡིད་ཅེས་བཤད་དེ་ཞེས་བདུན་ཡིད་སྤྱིར་བསྟན་པ་དེའི་ཤེས་བྱེད་དུ་སུམ་བཅུ་པའི་ལུང་བཀོད་ནས། དེ་ལ་འབྲུ་གཉེར་བ་ན་རྐང་པ་དང་པོས་དེ་མ་ཐག་ཡིད་བསྟན་པར་བཤད་དེ་དེའི་སྒྲུབ་བྱེད་དུ་རྣམ་ངེས་ཀྱི་ལུང་དྲངས་ཤིང་། གཉིས་པ་ཞེས་པ་ནས་བྱེད་པ་ཡིན་ནོ་ཞེས་པའི་བར་གྱིས་ལྷག་མ་ཚིགས་བཅད་གཅིག་པོས་ཉོན་ཡིད་གསུངས་པར་བསྟན་ལ། འདི་གཉིས་ཀ་ཞེས་པ་ནས་བརྗོད་དོ་ཞེས་པའི་བར་གྱིས་དེ་མ་ཐག་ཡིད་དང་ཉོན་ཡིད་ཀྱི་ཁྱད་པར་དཔེ་དང་བཅས་པ་བསྟན་ནས་འདི་ལ་ཞེས་པ་ནས་ཡིན་ནོ་ཞེས་པའི་བར་གྱིས་དེ་མ་ཐག་ཡིད་ལ་ལོག་རྟོག་བསལ་ཞིང་དེའི་ཤེས་བྱེད་དུ་ཐེག་བསྡུས་ཀྱི་ལུང་དྲངས་པའི་གནས་དང་ཞེས་པ་ཡན་གྱིས་དེ་མ་ཐག་ཡིད་དང་དེ་ནས་གནས་སོ་ཞེས་པའི་བར་གྱིས་ཉོན་ཡིད་རྒྱས་པར་བཤད་ནས་རྣམ་པར་ཤེས་པ་ཞེས་སོགས་ཀྱིས་གཉིས་ཀའི་དོན་བསྡུས་ལ་ཉོན་མོངས་པ་ཅན་ནི་ཞེས་པ་ནས་འགྱུར་རོ་ཞེས་པའི་བར་གྱིས་ལུང་དང་མཐུན་པར་རིགས་པས་བསྒྲུབས་ཤིང་། གཞན་ཡང་ཞེས་པ་ནས་དེ་ཡང་མི་འཐད་དོ་ཞེས་པའི་བར་གྱིས་དེ་མ་ཐག་ཡིད་དྲུག་པ་ཡིད་ཀྱི་ཆ་ཤས་སུ་འདོད་པ་བཀག་ནས། འོ་ན་ཞེས་པ་ནས་ལེགས་སོ་ཞེས་པའི་བར་གྱིས་དེ་མ་ཐག་ཡིད་ལ་གཉིས་སུ་ཕྱེ་བའི་ཉོན་ཡིད་དང་དྲི་མ་མེད་པའི་ཡིད་ཀྱི་ཁྱད་པར་དང་། དེ་གཉིས་ཀྱང་ནས་གསུངས་སོའི་བར་གྱིས་ཉོན་ཡིད་གནས་མ་གྱུར་བར་དུ་དེ་གཉིས་ཆུ་དང་འོ་མ་ལྟར་འདྲེས་པར་གསུངས་ལ། དེའི་ཤེས་བྱེད་དུ་ཐེག་བསྡུས་ཀྱི་ལུང་དྲངས་ཤིང་། གཞན་ཡང་ནས་བརྗོད་དེ་ཞེས་པའི་བར་གྱིས་དྲུག་ཡིད་ལས་ལོགས་སུ་དེ་མ་ཐག་ཡིད་བདུན་པར་བསྟན་ནས་དེའི་ཤེས་བྱེད་དུ་ཕུང་པོ་ལྔའི་རབ་བྱེད་ཀྱི་ལུང་འདྲེན་པར་མཛད་པ་སྟེ། དེས་ན་འགྲེལ་པ་ཉིད་ཀླགས་པ་ཙམ་གྱིས་དོན་འདི་དག་ཕྱིན་ཅི་མ་ལོག་པར་ཤེས་པར་འགྱུར་རོ། །སོག་འགྲེལ་ལས་རང་འགྲེལ་གྱི་དངོས་བསྟན་ཕལ་ཆེ་བ་དང་བསྟུན་ནས་དེ་མ་ཐག་ཡིད་དང་དྲི་མ་མེད་པའི་ཡིད་གནད་གཅིག་པ་ལྟར་གསུངས་ཀྱང་འགྲེལ་པར་སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་པའི་དཀར་པོའི་ཆོས་ཀྱིས་འཁྱུད་པར་གྱུར་བ་ན་དྲི་མ་མེད་པའི་ཡིད་དུ་འཇོག་པ་ལེགས་སོ་ཞེས་གསུངས་པས་དེ་མ་ཐག་ཡིད་ལ་དེ་ལྟར་མ་ངེས་པའི་ཕྱིར་རྒྱལ་བའི་དབང་པོའི་བཞེད་པ་ཉིད་ལེགས་པར་བཤད་པ་ཡིན་པར་ངེས་སོ། །གཉིས་པ་ཚོགས་དྲུག་དང་ཕུང་པོ་ལྔའི་རིམ་པ་བསྟན་པ་ལ་གཉིས། ཚོགས་དྲུག་ཡུལ་ལ་འཁྲུལ་པའི་ཚུལ་དང་། ཕུང་པོ་ལྔའི་རིམ་པ་བཤད་པའོ། །དང་པོ་ནི། དེ་ལྟར་ཀུན་གཞི་དང་བདུན་ཡིད་ཆུ་རླབས་ལྟར་གཡོས་པ་ལས་འཁྲུལ་པའི་སྣང་བ་འབྱུང་པའི་ཚུལ་དེ་ཡང་ཇི་ལྟ་བུ་ཞེ་ན། དོན་དང་ཞེས་སོགས་ཚིགས་བཅད་གཅིག་གསུངས་ཏེ། གཞིའི་འོད་གསལ་གདོད་མའི་མི་ཤིགས་པའི་ཐིག་ལེ་ཆེན་པོ་དེ་ཉིད་འགྱུ་བྱེད་ཀྱི་རླུང་གིས་བསྐྱོད་ནས་སེམས་ཡིད་ཆུ་རླབས་ལྟར་གཡོས་པ་ལས། བཟུང་བྱའི་དོན་དང་འཛིན་བྱེད་ཀྱི་འཛིན་པ་གཉིས་ཐ་དད་པ་མེད་བཞིན་དུ་གཉིས་སུ་སྣང་བས། སེམས་རང་གིས་སེམས་རང་ཉིད་ལ་ཆེད་དུ་གཏད་ཅིང་བདག་གཞན་ཏུ་བཟུང་བས་སྣང་བ་མཆེད་པ་ལས་ཉེ་བར་ཐོབ་པ་བྱུང་ནས་ཡིད་དེ་ཉིད་ཕྱིར་འགྱུས་པའི་སྣང་ཆ་ལས་ཕྱི་རོལ་གྱི་ཡུལ་ལ་དོན་དུ་བཟུང་བའི་རྣམ་ཤེས་ཚོགས་དྲུག་པོ་བྱུང་པས་དེ་ལྟར་དུ་འཁྲུལ་ལོ། །འདིར་གང་འཁྲུལ་ན་ཡུལ་སྣང་ལ་ཞེན་པའི་སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཚོགས་དྲུག་གི་རྣམ་ཤེས་འཁྲུལ། གང་ལ་འཁྲུལ་ན་ཡུལ་སྣ་ཚོགས་སུ་སྣང་བ་དེ་ལ་འཁྲུལ། ཚུལ་ཇི་ལྟར་འཁྲུལ་ན་རང་ཉིད་ལ་གཉིས་འཛིན་ཞུགས་པའི་རང་འཚང་མ་རིག་པར་རང་ཉིད་བཟུང་བྱའི་དོན་གཞན་དུ་རྟོག་པའི་ཚུལ་གྱིས་འཁྲུལ། རྒྱུ་རྐྱེན་ཅི་ལས་འཁྲུལ་ན་ཡིད་གཡོས་པ་ལས་ཏེ། དེ་ཡང་། བཤད་མ་ཐག་པའི་ཚུལ་གྱིས་སེམས་ཡིད་ཕན་ཚུན་དུ་གཡོས་པ་ལས་ཟུང་འཇུག་ལ་རྨོངས་ནས། སྣང་བའི་ཆ་ལ་བཟུང་བྱའི་དོན་ཡུལ་དྲུག་དང་སྟོང་བའི་ཆ་ལ་འཛིན་པར་བྱེད་པའི་སེམས་རྣམ་ཤེས་དྲུག་ཏུ་ཞེན་ཏེ། རང་ཉིད་ལས་གཞན་པའི་བཟུང་བྱ་མེད་ཀྱང་འཛིན་བྱེད་རང་ཉིད་ཀྱིས་རང་ཉིད་ལ་ཆེད་དུ་གཏད་ནས་གཞན་དུ་རྟོག་ཅིང་བཟུང་བས་གཉིས་སྣང་ཞུགས་པ་ནི་སྣང་སྟོང་གཉིས་མེད་ལ་གཉིས་སུ་རྟོག་པའི་འཁྲུལ་བ་སྟེ། དེ་དང་རྗེས་སུ་འབྲེལ་པའི་ཡུལ་དབང་རྣམ་ཤེས་གསུམ་ཚོགས་པའི་རྟེན་འབྲེལ་ལས་གཟུགས་སོགས་སྣང་བའི་ཤེས་པ་སྐྱེས་ལ། དེ་ལས་གཟུགས་སོགས་ཡུལ་གྱི་སྣང་བ་མཆེད་པར་འགྱུར་བས། དེ་ལ་རྟོག་པའི་ཡིད་དང་འབྲེལ་ནས་གཟུགས་སོགས་ཀྱི་དོན་མཐོང་བར་བྱེད་པས་སྣང་བ་ཐོབ་པ་ཞེས་བྱ་སྟེ། རྒྱུ་མཚན་དེས་ན་ཡིད་དེ་རང་ཉིད་ལ་ཕྱི་རོལ་གྱི་དོན་ཏུ་འཁྲུལ་ནས་འཁྲུལ་རྟོག་སྣ་ཚོགས་པ་འགྱུར་བའི་སྣང་ཆ་ལས་གཟུགས་སོགས་ཡུལ་དྲུག་ལ་ཕྱི་དོན་དུ་བཟུང་བས་ན་དེར་འཛིན་པའི་རྣམ་ཤེས་བྱུང་སྟེ། རྒྱུ་རྐྱེན་སྣ་ཚོགས་པ་དེ་ལ་འཁྲུལ་ལོ། །དེས་ན་སྣང་མཆེད་ཐོབ་གསུམ་འོད་གསལ་དུ་ཐིམ་པ་ལས་ཆོས་ཀྱི་སྐུ་མངོན་དུ་འགྱུར་བ་དང་། གཞིའི་འོད་གསལ་ལས་སྣང་མཆེད་ཐོབ་གསུམ་རིམ་པར་ལངས་པས་འཁོར་བའི་འཁྲུལ་སྣང་འཆར་བའི་ཚུལ་ནི་རྡོ་རྗེ་ཐེག་པའི་ཟབ་མོའི་གནད་དེ། དེའི་ཕྱིར་སྐབས་འདིར་ཚད་མ་སོགས་ཀྱི་ལུང་དྲངས་པ་ཡང་ཕྱོགས་མཐུན་པ་ཙམ་མོ། །དེ་ལྟར་ན་འབྲས་བུའི་འོད་གསལ་ལས་ཀྱང་སྣང་མཆེད་ཐོབ་གསུམ་རིམ་པར་ལངས་ཏེ་འཁོར་བའི་འཁྲུལ་སྣང་འབྱུང་པར་མི་འགྱུར་རམ་ཞེ་ན། དེ་ནི་ཐ་ཆད་པའི་ལོག་པར་རྟོག་པ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དྲི་མ་བག་ཆགས་དང་བཅས་པ་ཟད་པར་སྤངས་པའི་ཕྱིར། དོན་འདི་ལ་དགོངས་ནས་སྙིང་པོ་བསྟན་པ་ལས། ཕྱིར་ཡང་ལྡོག་པར་མི་འགྱུར་ཏེ། །ཡིན་ལ་ཡིན་པར་མངོན་གྱུར་ཕྱིར། །དྲི་མ་ལྡང་བ་གཏན་མེད་དེ། །ཐ་དད་ཀུན་རྟོག་བྲལ་བའི་ཕྱིར། །ཞེས་གསུངས་སོ། །དེ་ལྟར་བཤད་པའི་ཚོགས་དྲུག་འཁྲུལ་པར་སྐྱེ་བའི་ཚུལ་འདི་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་འབྱུང་བའི་ནང་གི་ནུས་པའི་ཆ་ནས་བཤད་པ་སྟེ། དེའི་ཕྱིར་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་གྱི་རྟེན་འབྲེལ་ཞེས་འགྲེལ་པར་གསུངས་སོ། །ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་གྱི་རྟེན་འབྲེལ་ལ་བརྟེན་ནས་སྡུག་པར་རྣམ་པར་འབྱེད་པ་བདེ་འགྲོའི་རྟེན་འབྲེལ་དང་མི་སྡུག་པར་རྣམ་པར་འབྱེད་པ་ངན་འགྲོའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་འབྱུང་སྟེ། དེ་ཡང་། མ་རིག་པས་ཀུན་ནས་བསླང་སྟེ་ཟག་བཅས་ཀྱི་ལས་འདུ་བྱེད་པ་ནི་ཆུ་དང་རླབས་ལྟར་གཡོས་པའི་དབང་གིས་ཡིན་ལ། འདུ་བྱེད་དེའི་རྐྱེན་གྱིས་གཟུགས་སོགས་ཡུལ་དྲུག་ལ་དོན་ཏུ་མཐོང་པའི་རྣམ་པར་ཤེས་པ་འབྱུང་བས་ན། རྩ་བ་མ་རིག་པའི་རྐྱེན་ཁོ་ན་ལ་རག་ལས་པའི་ཕྱིར། རྣམ་པར་ཤེས་པའི་སྣང་བ་ཐམས་ཅད་ནི་འཁྲུལ་པའི་སྣང་བ་འབའ་ཞིག་ཡིན་ནོ། །གཉིས་པ་ནི། བླང་དོར་ཞེས་སོགས་ཚིགས་བཅད་གཅིག་གསུངས་ཏེ། བཤད་མ་ཐག་པའི་རྣམ་ཤེས་བྱུང་ཞེས་པ་དང་སྦྲེལ་ནས་བཤད་པར་བྱ་བ་ཡིན་པས། དེ་ལྟར་བག་ཆགས་ཀྱི་སྣང་བ་རྟས་པ་ལས་འཁྲུལ་སྣང་རགས་པར་གྲུབ་པའི་ཐོག་མ་ནི་རྣམ་པར་ཤེས་པ་སྟེ། དེའི་ཕྱིར་སྐབས་འདིར་ཕུང་པོ་ལྔའི་དང་པོར་རྣམ་ཤེས་ཀྱི་ཕུང་པོ་བསྟན་ནོ། །རྣམ་ཤེས་དེ་ལ་ཡུལ་ཡིད་དུ་འོང་མི་འོང་བར་མར་སྣང་བའི་དབང་གིས་དེ་གསུམ་ལ་བླང་དོར་དང་བཏང་སྙོམས་སུ་རྟོག་པར་བྱེད་པས་ཚོར་བའི་ཚོགས་གསུམ་སྐྱེ་བའི་ཕྱིར། དེ་ནས་ཚོར་བའི་ཕུང་པོ་དང་། དེས་ཡུལ་དེ་ལ་མཚན་མར་འཛིན་པ་ལ་བརྟེན་ནས་འདུ་ཤེས་ཀྱི་ཕུང་པོ་གྲུབ་པས་དེ་ནས་འདུ་ཤེས་དང་། དེ་ལྟར་ཡུལ་ཡིད་དུ་འོང་མི་འོང་སྣ་ཚོགས་ལ་སྤུ་རིས་སོ་སོར་ཕྱེ་ནས་སྣང་བ་སྣ་ཚོགས་པ་མངོན་པར་འདུ་བྱས་པས་ཡུལ་སྣང་མི་འདྲ་བ་རང་ལས་གཞན་དུ་བཏགས་པ་དེ་སྣང་བའི་སེམས་བྱུང་གི་ཚོགས་རྣམས་གྲུབ་པའི་ཕྱིར་དེ་ནས་འདུ་བྱེད་དང་། འདུ་བྱེད་དེས་ཡུལ་གཞན་དུ་བཏགས་པའི་བག་ཆགས་བརྟན་པར་བྱས་ནས་གཟུགས་ཀྱི་ངོ་བོ་དང་མཚན་མ་ལ་སོགས་ལ་མངོན་པར་ཞེན་པས་གཟུགས་ཀྱི་ཕུང་པོ་གྲུབ་པས་ན་དེ་ནི་ཕུང་པོ་རྣམས་ཀྱི་རྗེས་མར་བསྟན་པ་ཡིན་ནོ། །རིམ་པ་འདི་ནི་སྐྱེ་བའི་རིམ་པ་སྟེ་རྒྱུ་འབྲས་དོན་གྱི་གོ་རིམ་ཞེས་བྱ་བ་ཡིན་ལ། ཆོས་མངོན་པ་ལས་གཟུགས་དང་པོར་སྨོས་པའི་གོ་རིམ་ནི་བཤད་པའི་དབང་དུ་བྱས་པ་སྟེ། མཛོད་ལས། རིམ་ནི་རགས་དང་ཀུན་ཉོན་མོངས། །ཤེས་རགས་ཕྲ་དང་ཀུན་ནས་ཉོན་མོངས་པར་བྱེད་པའི་རིམ་པས་གསུངས་པའི་ཕྱིར་རོ། །དེ་ལྟར་འཁོར་བའི་ཆོས་ཐམས་ཅད་འཁྲུལ་པར་བསྟན་པའི་དོན་ནི་དེ་ཉིད་ཀྱི་རང་ངོ་མ་རྟོགས་པས་འཁྲུལ་པ་སྟེ། རྨི་ལམ་ལ་རྨི་ལམ་དུ་མ་ཤེས་པ་དང་། སྒྱུ་མ་ལ་སྒྱུ་མར་མ་ཤེས་པས་འཁྲུལ་པ་བཞིན་ནོ། །ཇི་སྐད་དུ་བྱང་ཆུབ་སེམས་འགྲེལ་ལས། །མ་རིག་ནས་བརྩམས་རྒ་ཤིའི་བར། །མཐར་ཐུག་ཡན་ལག་བཅུ་གཉིས་ཀྱི། །རྟེན་ནས་འབྱུང་བའི་བྱ་བ་ནི། །ཁོ་བོས་རྨི་ལམ་སྒྱུ་འདྲར་འདོད། །ཡན་ལག་བཅུ་གཉིས་འཁོར་ལོ་འདི། །སྲིད་པའི་ལམ་དུ་འཁོར་བ་སྟེ། །དེ་ལས་གཞན་པའི་སེམས་ཅན་གང་། །ལས་འབྲས་སྤྱད་པར་འདོད་པ་མེད། །ཅེས་ཇི་ལྟ་བའི་ཕྱོགས་ནས་གསུངས་སོ། །གསུམ་པ་རྒྱུ་རྐྱེན་གྱི་དབྱེ་བ་བསྟན་པ་ལ་གཉིས། རྒྱུ་དྲུག་ཏུ་བསྟན་པ་དང་། རྐྱེན་བཞིར་བསྟན་པའོ། །དང་པོ་ནི། ཁམས་ལྔ་ཞེས་སོགས་ཚིགས་བཅད་ཕྱེད་དེ། ས་ཆུ་མེ་རླུང་ནམ་མཁའི་ཁམས་ཏེ་ལྔ་དང་རྣམ་པར་ཤེས་པའི་ཁམས་དང་དྲུག་ནི་ཕྱི་ནང་དང་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་ནོ་ཞེས་རྣམ་པར་རྟོག་པ་དང་བཅས་པ་རྣམས་ཀྱི་ངོར་ཐ་སྙད་དུ་བྱས་པ་སྟེ། རྟོག་པ་དང་བྲལ་བ་ལ་ནི་རྒྱུ་འབྲས་ཀྱི་སྤྲོས་པ་ཉེ་བར་ཞི་བ་ཁོ་ནའོ། །འགྲེལ་པར་ཐེག་པ་སྤྱིའི་སྐད་ལ་ཞེས་སོགས་གསུངས་པའི་དོན་ལ་ཁ་ཅིག་ན་རེ། རྡོ་རྗེ་ཐེག་པ་སྤྱིའི་སྐད་ལ་ཞེས་འདོན་དགོས་ཀྱིས། མཚན་ཉིད་ཐེག་པ་སོགས་ཐེག་པ་སྤྱིའི་སྐད་ལ་ནི་མ་ཡིན་ཏེ། མཛོད་ལས། འདུས་མ་བྱས་ལ་དེ་དག་མེད། །ཅེས་འདུས་མ་བྱས་ལ་རྒྱུ་རྐྱེན་གྱི་རྣམ་གཞག་མེད་པར་བཤད་ལ། ནམ་མཁའི་ཁམས་ནི་འདུས་མ་བྱས་ཡིན་པས་སོ། །ཞེས་སྨྲ་བ་པོ་དེས་ནི་འདུས་མ་བྱས་ལ་སྐྱེད་བྱ་བསྐྱེད་བྱེད་ཀྱི་རྒྱུ་འབྲས་དེ་དག་མེད་ཅེས་པའི་དོན་ཁོང་དུ་མ་ཆུད་པ་སྟེ། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་གསུངས་པ་དང་འགལ་བར་འགྱུར་བས་སོ། །དེས་ན་ནམ་མཁའ་ནི་འདུས་བྱས་ཐམས་ཅད་སྐྱེ་བ་ལ་གེགས་མི་བྱེད་པས་འདུས་བྱས་ཀྱི་བྱེད་རྒྱུར་མཛོད་ལས་ཀྱང་བཤད་ལ། ཐེག་པ་ཆེན་པོའི་གཞུང་ལས་ནི། རིགས་ཀྱི་དོན་རྒྱུའི་དོན་ཏུ་བཤད་པ་དང་འགོག་བདེན་འབྲས་བུར་བཤད་པ་སོགས་འདུས་མ་བྱས་ལ་རྒྱུ་འབྲས་ཀྱི་རྣམ་གཞག་མཛད་པ་མང་དག་ཡོད་དོ། །འདིར་རྒྱལ་བའི་དབང་པོའི་ཞལ་སྔ་ནས་ནི། ཁམས་དྲུག་པོ་དེ་ཉིད་རྡོ་རྗེའི་ལུས་འགྲུབ་པའི་རྒྱུའི་གཙོ་བོ་ཡིན་པར་རྟོག་པས་ཐ་སྙད་བྱས་པར་བཞེད་དེ། དེའི་ཕྱིར་མཛོད་ལས། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། །སྐལ་མཉམ་མཚུངས་པར་ལྡན་པ་དང་། །ཀུན་ཏུ་འགྲོ་དང་རྣམ་སྨིན་ཏེ། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་གསུངས་པའི་རྒྱུ་དྲུག་དང་འདིར་བསྟན་པའི་རྒྱུ་དྲུག་ནི་དོན་མི་ཅིག་གོ །གཉིས་པ་ལ་བཞི་སྟེ། རྒྱུའི་རྐྱེན། བདག་རྐྱེན། དམིགས་རྐྱེན། དེ་མ་ཐག་པའི་རྐྱེན་ནོ། །དང་པོ་ནི། དེ་ཡི་སོགས་རྐང་པ་གཉིས་ཏེ། འཁོར་འདས་ཐ་དད་པར་འཁྲུལ་པ་དེ་ཡི་བག་ཆགས་སམ་ས་བོན་ཀུན་གཞི་ལ་བསགས་པ་དེ་ནི་འཁྲུལ་སྣང་དེའི་རྒྱུའི་རྐྱེན་ཞེས་བྱ་བ་ཡིན་ཏེ། འགྲེལ་པར་ས་བོན་ཐམས་ཅད་པའི་ཀུན་གཞི་མེད་ན་སེམས་ཅན་གྱི་རྒྱུ་གཞན་མ་དམིགས་པའི་ཕྱིར་ཞེས་རིགས་པས་བསྒྲུབས་ནས་ཀུན་གཞིའི་རྣམ་པར་ཤེས་པ་དེ་སྒྱུ་མ་དང་ཞེས་སོགས་ཐེག་བསྡུས་ཀྱི་ལུང་གིས་ཀྱང་བསྒྲུབ་པར་མཛད་པས་སོ། །གཉིས་པ་ནི། བདག་རྐྱེན་སོགས་རྐང་པ་གཉིས་ཏེ། སྒོ་ལྔའི་རྣམ་ཤེས་ཀྱི་བདག་པོའི་རྐྱེན་ནི་ཡུལ་དང་རྣམ་ཤེས་ཀྱི་བར་དུ་སྣང་བའི་མིག་དབང་ལ་སོགས་པ་དབང་པོ་གཟུགས་ཅན་པ་ལྔ་དང་ཡིད་ཀྱི་རྣམ་པར་ཤེས་པའི་བདག་རྐྱེན་ནི་ཤེས་པར་གྱུར་པའི་དབང་པོ་ཡིན་ནོ་ཞེས་གཞུང་ཕྲལ་ནས་བཤད་པར་བྱའི། དབང་ཤེས་ཀྱིས་དབང་ཤེས་ཀྱི་བདག་རྐྱེན་བྱེད་པར་བཤད་དུ་མི་རུང་སྟེ། མིག་སོགས་དབང་པོ་ལྔ་ནི་གཟུགས་ཅན་དངས་པར་སྣང་བའི་ཕྱིར་རོ། །དེ་ཡང་འབྱུང་བཞི་རྒྱུར་བྱས་པས་རྡུལ་དུ་གྲུབ་ཅིང་རྣམ་ཤེས་དང་འབྲེལ་བས་ཡུལ་གསལ་བར་སྣང་བའི་ཕྱིར་གཟུགས་ཅན་དངས་པ་ཞེས་བྱའོ། །འདི་ནི་ཐུན་མོང་བའི་དབང་དུ་བྱས་ཀྱི། ཐེག་བསྡུས་སུ་ཀུན་གཞིའི་གཟུང་བའི་ཆ་དབང་པོར་སྣང་བར་གསུངས་ཤིང་། དམིགས་བརྟག་ཏུ་ནང་གི་ས་བོན་ནམ་ནུས་པར་བཤད་ལ། དབུ་མ་ལས་རྟེན་འབྲེལ་གྱི་ཆོས་ཉིད་དུ་གསུངས་སོ། །དེ་དག་ཐམས་ཅད་ཀྱང་དོན་ལ་འགལ་བ་མེད་དེ། རྡོ་རྗེ་ཐེག་པར་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་གསུངས་པའི་ཕྱིར་རོ། །ཡིད་ཀྱི་དབང་པོ་ནི་ཡིད་ཀྱི་སྐྱེ་མཆེད་དེ། ཡིད་ཀྱི་རྣམ་ཤེས་སྐྱེ་བའི་སྒོ་བྱེད་པའི་ནུས་པ་ཉིད་ལ་དེར་བཤད་པའི་ཕྱིར། དེ་ནི་འོག་ནས་འཆད་པར་འགྱུར་བའི་དེ་མ་ཐག་ཡིད་དང་གནད་གཅིག་གོ །གསུམ་པ་ནི། དམིགས་པའི་སོགས་རྐང་པ་གཉིས་ཏེ། ཚོགས་དྲུག་པོ་དེའི་དམིགས་པའི་རྐྱེན་ནི་གཟུགས་དང་། ལ་སོགས་པ་སྒྲ་དང་དྲི་རོ་རེག་བྱ་ཆོས་ཏེ་རྣམ་ཤེས་རང་རང་གི་ཡུལ་དུ་སྣང་བའི་རིག་པར་བྱ་བ་རྣམས་ཡིན་ལ། གཞན་གཉིས་ཀྱི་དམིགས་པའི་རྐྱེན་ཀྱང་དོན་གྱིས་ཐོབ་པས་ཀུན་བཞིའི་དམིགས་པའི་རྐྱེན་ནི་གནས་སྣོད་ཀྱི་འཇིག་རྟེན་དང་ལུས་སུ་སྣང་བ་དབང་པོ་ལྔ་ལ་སོགས་པ་ཡིན་པར་བཤད་ཅིང་། ཉོན་ཡིད་ཀྱི་དམིགས་པ་ནི་ཀུན་གཞི་ཉིད་དོ། །བཞི་པ་ནི། དེ་མ་ཐག་སོགས་རྐང་པ་གསུམ་སྟེ། དྲུག་པ་ཡིད་དང་བཅས་པའི་ཚོགས་དྲུག་གི་དེ་མ་ཐག་པའི་རྐྱེན་ཞེས་པ་ནི་ཚོགས་དྲུག་སྔ་མ་གང་དང་གང་འགགས་པ་ན་དེ་མ་ཐག་ཏུ་རྣམ་ཤེས་ཕྱི་མ་སྐྱེ་བའི་ནུས་པ་ཀུན་གཞིའི་བག་ཆགས་མཐུ་ཅན་ཡིད་ཀྱི་ཁམས་དང་གཅིག་ཏུ་བཤད་པའི་རྣམ་པར་ཤེས་པ་དེ་ཉིད་ཕྱི་མ་ཕྱི་མའི་དེ་མ་ཐག་རྐྱེན་ཡིན་ཏེ། རང་འགགས་ནས་རིག་པ་གཞན་གྱིས་བར་མ་ཆོད་དུ་ཚོགས་དྲུག་ཕྱི་མ་བསྐྱེད་པར་བྱེད་པའི་རྐྱེན་ཡིན་པས་སོ། །དེས་ན་ཤེས་པ་རང་ཉིད་སྐྱེ་བའི་ནུས་པ་ཀུན་གཞིའི་སྟེང་ན་ཡོད་པའི་ཡིད་དེ་ཉིད་དེ་མ་ཐག་རྐྱེན་དུ་བཞེད་དེ། འགྲེལ་པ་ལས། འདིར་ནི་དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་པ་ལྟར་ཚོགས་དྲུག་པོ་འགགས་པ་ན་ཡིད་ཀྱི་ཁམས་དང་གཅིག་ཏུ་བཤད་པའི་རྣམ་པར་ཤེས་པས་ཀུན་གཞི་ལ་ཁྱེར་ཞིང་ཡང་དེ་མ་ཐག་ཏུ་ས་བོན་ཐམས་ཅད་པ་ལས་ཆུ་ལས་རླབས་ཀྱི་རྐྱེན་བཞིན་ཏུ་ཀུན་གཞི་ལ་གནས་པའི་ཡིད་གཡོས་ཤིང་འབྱུང་བས་དེ་མ་ཐག་པའི་ཡིད་སྔར་བཤད་པ་ལྟར་འབྱུང་སྟེ་ཞེས་དང་། དེ་མ་ཐག་པ་ཀུན་གཞི་ལ་གནས་པའི་ཡིད་ཀྱི་བྱེ་བྲག་ཏུ་འདོད་པ་ཡིན་ནོ་ཞེས་གསུངས་པས་སོ། །གང་གང་འགགས་པ་དེ་མ་ཐག །ཅེས་པའི་དོན་ནི་ཚོགས་དྲུག་སྔ་མ་འགགས་པ་ཉིད་ཕྱི་མའི་དེ་མ་ཐག་པར་མི་བཞེད་ཀྱང་ཚོགས་དྲུག་སྐད་ཅིག་སྔ་མ་འགགས་པའི་ཚེ་དེ་མ་ཐག་ཏུ་སྐད་ཅིག་གཉིས་པའི་རྐྱེན་ཉེ་བར་སྦྱོར་བའི་ཆ་ནས་དེ་མ་ཐག་རྐྱེན་ཏུ་བཤད་དེ། རང་འགྲེལ་ཏུ་བྱེ་སྨྲས་ཚོགས་དྲུག་འགགས་མ་ཐག་པ་ཉིད་དེ་མ་ཐག་པར་འདོད་པ་ནི་འགགས་པ་རྒྱུར་མི་རུང་བའི་རིགས་པས་བཀག་ལ། གང་གང་འགགས་པ་ནི་ཚོགས་དྲུག་པོའི་སྔ་མ་འགགས་པའི་ཚེ་དེ་མ་ཐག་ཏུ་ཡང་ཕྱི་མའི་རྐྱེན་ཉེ་བར་སྦྱོར་བས་དེ་མ་ཐག་པ་ཡིན་ནོ། །དེས་ན་གང་གང་སྐྱེ་བ་དེ་མ་ཐག །ཅེས་བཤད་ཀྱང་འགལ་བ་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཀུན་གཞིའི་སྟེང་གི་བག་ཆགས་མཐུ་ཅན་ཉིད་དེ་མ་ཐག་པར་གྲུབ་སྟེ། བཤད་མ་ཐག་པའི་རྐྱེན་ཉེ་བར་སྦྱོར་བ་ཉིད་ཀུན་གཞི་ས་བོན་ཐམས་ཅད་པ་ཡིན་པའི་ཕྱིར་རོ། །འདི་ནི་རང་འགྲེལ་གྱི་དགོངས་པ་དཔྱིས་ཕྱིན་པའོ། །བཞི་པ་གནས་སྐབས་གསུམ་གྱི་དབྱེ་བ་བཤད་པ་ལ་གསུམ། མ་དག་པའི་གནས་སྐབས། གཉིས་ལྡན་གྱི་གནས་སྐབས། ཤིན་ཏུ་རྣམ་དག་གི་གནས་སྐབས་སོ། །དང་པོ་ལ་གསུམ། སྤྱིར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། དེ་ལྟར་སོགས་རྐང་པ་གཉིས་ཏེ། བཤད་པ་དེ་ལྟར་རྒྱུ་དྲུག་དང་རྐྱེན་བཞིས་བསྐྱེད་ནས། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་བཟློག་དུ་སྐྱེས་པ་ལ་བརྟེན་ནས་འཁོར་བའི་ཆོས་ཀུན་སྣང་བར་འགྱུར་ལ། རྒྱུ་དྲུག་དང་རྐྱེན་བཞི་རྣམ་པར་དག་སྟེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རང་བཞིན་རྟོགས་ཤིང་ལུགས་འབྱུང་བཟློག་ཏུ་འགགས་པ་ལས་མྱང་འདས་ཀྱི་ཆོས་ཀུན་སྣང་བར་འགྱུར་རོ། །འགྲེལ་པར་འཁོར་བའི་རྟེན་འབྲེལ་ལུགས་འབྱུང་དང་མྱང་འདས་ཀྱི་རྟེན་འབྲེལ་ལུགས་བཟློག་ཏུ་རྟོག་པར་བཤད་པ་ནི་ཕན་ཚུན་མཚོན་པ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་བའི་བར་ནི་འཁོར་བའི་རྟེན་འབྲེལ་ལུགས་འབྱུང་དང་། རྒ་ཤི་སྐྱེ་བ་ལས་བྱུང་བ་ནས་འདུ་བྱེད་མ་རིག་པ་ལས་བྱུང་བའི་བར་ནི་འཁོར་བའི་རྟེན་འབྲེལ་ལུགས་བཟློག་ཡིན་ལ། མ་རིག་པ་འགགས་པས་འདུ་བྱེད་འགག་པ་ནས་སྐྱེ་བ་འགགས་པས་རྒ་ཤི་འགག་པའི་བར་ནི་རྣམ་བྱང་གི་རྟེན་འབྲེལ་ལུགས་འབྱུང་དང་། གང་འགགས་པས་རྒ་ཤི་འགག་སྐྱེ་བ་འགགས་པས་རྒ་ཤི་འགག་པ་ནས་གང་འགགས་པས་འདུ་བྱེད་འགག་མ་རིག་པ་འགགས་པས་འདུ་བྱེད་འགག་པའི་བར་མྱང་འདས་ཀྱི་རྟེན་འབྲེལ་ལུགས་བཟློག་ཡིན་པས་སོ། །དེ་ལྟར་ན་གཞུང་འདི་གནས་སྐབས་གསུམ་ཀའི་སྤྱིར་བསྟན་དུ་སྦྱར་བར་རིགས་པ་མ་ཡིན་ནམ། ཅིའི་ཕྱིར་མ་དག་པའི་གནས་སྐབས་ལ་སྦྱར་ཞེ་ན། མྱང་འདས་འབྱུང་བའི་རིམ་པ་བསྟན་པའི་ཆ་ནས་གསུམ་ཀ་ལ་སྦྱར་བར་རུང་ཙམ་སྣང་ནའང་། འགྲེལ་པར་མ་དག་པའི་གནས་སྐབས་ལ་སྦྱོར་བའི་དོན་ནི། འཁོར་འདས་ཐ་དད་པར་སྣང་བ་ནི་ཇི་སྲིད་གཉིས་སྣང་གི་འཁྲུལ་པ་དང་མ་བྲལ་བ་དེ་སྲིད་དུ་ཡིན་གྱི། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་དེའི་ཚེ་ན་འཁོར་འདས་ཀྱི་ཆོས་ཐ་དད་དུ་སྣང་བའི་སྤྲོས་པས་དབེན་ནོ། །ཞེས་དགོངས་པ་ཡིན་ནོ། །གཉིས་པ་ལ་གསུམ། སྲིད་པ་འགྲུབ་ཚུལ་ཐུན་མོང་དུ་བསྟན་པ། ཁམས་གསུམ་གྱི་འདུ་ཤེས་ཀྱི་ཁྱད་པར། ཁམས་གསུམ་གྱི་རྒྱུ་འབྲས་སྦྱར་ནས་བཤད་པའོ། །དང་པོ་ནི། རྟེན་འབྲེལ་བཅུ་གཉིས་ལས་ཁམས་གསུམ་དུ་འཁྲུལ་པའི་འཁོར་བ་འབྱུང་ན་དེའི་རིམ་པ་ཇི་ལྟ་བུ་ཞེ་ན། དེའི་ལན་གདབ་པར་བཞེད་པས། སྲེད་ལེན་སོགས་རྐང་བ་གཅིག་སྟེ། འགྲེལ་པའི་དགོངས་པས། མ་རིག་འདུ་བྱེད་རྣམ་པར་ཤེས། །མིང་གཟུགས་སྐྱེ་མཆེད་རེག་དང་ཚོར། །སྲེད་ལེན་མཚམས་སྦྱར་སྲིད་པ་འགྲུབ། །སྐྱེ་དང་འགྱུར་ལས་རྒ་ཤིའོ། །ཞེས་ཁ་བཀང་ནས་བཤད་པར་བྱ་སྟེ། རང་ཡུལ་ལ་རྨོངས་ནས་ལས་ཀྱི་ཀུན་སློང་བྱེད་པའི་མ་རིག་པ་དང་། དེས་ཀུན་ནས་བསླང་པའི་དགེ་བ་དང་མི་དགེ་བ་ཟག་བཅས་ཡང་སྲིད་པ་འདུ་བྱེད་པ་དང་། དེའི་བག་ཆགས་ཀྱིས་བསྒོས་པའི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། འདི་གསུམ་ལ་འཕེན་བྱེད་ཀྱི་ཡན་ལག་གསུམ་ཞེས་བྱ་ཞིང་། དེ་ལས་ཡང་སྲིད་ཕྱི་མ་གྲུབ་མ་ཐག་པའི་མིང་བཞིའམ་གཟུགས་ཀྱིས་བསྡུས་པ་མིང་གཟུགས་དང་། དེ་ལས་དབང་པོ་དྲུག་གྲུབ་པ་སྐྱེ་མཆེད་དང་། དེ་ལས་གསུམ་འདུས་ནས་ཡུལ་ཡོངས་སུ་གཅོད་པའི་རེག་པ་དང་། དེ་ལས་ཡིད་དུ་འོང་མི་འོང་བར་མ་སིམ་གདུང་ཅི་རིགས་པར་ཉམས་སུ་མྱོང་བ་ཚོར་བ་སྟེ། དེ་བཞི་ལ་ནི། འཕངས་པའི་ཡན་ལག་བཞི་ཞེས་བྱ་ལ། དེ་ལྟ་བུའི་ཡུལ་ལ་ཕྲད་པ་དང་བྲལ་བར་ཆགས་ཤིང་སྲེད་པ་དང་། ཆགས་ཡུལ་ཐོབ་པར་འདོད་ཅིང་དོན་དུ་གཉེར་བས་ཚོར་བའི་རྒྱུ་འཚོལ་བར་འདུན་པ་ལེན་པ་དང་། དེ་གཉིས་ཀྱིས་མཚམས་སྦྱར་བ་ལས་ཡང་སྲིད་པ་འགྲུབ་བྱེད་ཀྱི་ལས་མཐུ་ཅན་ནི་སྲིད་པ་སྟེ། དེ་གསུམ་ལ་འགྲུབ་བྱེད་ཀྱི་ཡན་ལག་གསུམ་ཞེས་བྱའོ། །དེ་ལྟར་འཕེན་བྱེད་དང་འགྲུབ་བྱེད་ཀྱིས་བསྒྲུབས་པ་ཡང་སྲིད་ཕྱི་མར་ཉིང་མཚམས་སྦྱར་མ་ཐག་པའི་སྐྱེ་བ་དང་། དེའི་ཕུང་པོའི་རྒྱུན་འགྱུར་ཞིང་འཇིག་པ་རྒ་ཤི་སྟེ། འདི་གཉིས་ལ་གྲུབ་པའི་ཡན་ལག་ཅེས་ཟེར་རོ། །འདི་དག་ཀྱང་དུས་ཀྱི་འཁོར་ལོའི་དགོངས་པ་དང་བསྟུན་ནས་ཅུང་ཟད་བཤད་ན། མཆོག་ཏུ་མི་འགྱུར་བའི་གཏི་མུག་ཆེན་པོ་ནི་རིག་པ་ཡེ་ཤེས་ཏེ་དེའི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པ་སེམས་ཅན་རྣམས་འཁོར་བར་འཁོར་ཞིང་སྐྱེ་བ་དང་། འཆི་བའི་རྒྱུར་གྱུར་པ་འགྱུར་བའི་སྐད་ཅིག་མའོ། །དེ་ནི་དུག་གསུམ་གྱི་ཆ་ལས་གྱུར་པས་ན་ཐོག་མ་མེད་པའི་འདོད་ཆགས་ཀྱི་བག་ཆགས་ལས་འདོད་ཆགས་ལ་རབ་ཏུ་འཇུག་སྟེ་འདོད་ཆགས་དེ་དག་ཀྱང་རྣམ་པར་འགྱུར་བའོ། །དེ་འགྱུར་བ་ལས་ཆགས་པ་དང་བྲལ་ནས་མངོན་པར་མི་དགའ་བའི་བསམ་པར་འགྱུར་ཏེ་ཞེ་སྡང་ངོ་། །ཞེ་སྡང་དེ་དག་ཀྱང་འགྱུར་བས། དེ་རྣམ་པར་གྱུར་པ་ལས་ཆགས་སྡང་གཉིས་ཀ་ལོག་ནས་གཏི་མུག་པ་ཙམ་དུ་གནས་པའི་ཕྱིར། ཞེ་སྡང་གི་བདག་ཉིད་ནི་བརྒྱལ་བ་སྟེ་གཏི་མུག་གོ །དེ་ལྟ་བུའི་ཆགས་སྡང་རྨོངས་གསུམ་གྱི་བདག་ཉིད་ལ་མ་རིག་པར་གསུངས་པས། འཕོ་བའི་བག་ཆགས་འཁོར་བའི་རྩ་བར་གསུངས་པ་དང་གནད་གཅིག་གོ །དེས་ན་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་འགལ་ཟླ་ནི་རང་ངོ་མ་ཤེས་པའི་ཕྱིར་མ་རིག་པ་སྟེ། དེའི་རྩ་བ་ཅན་གྱི་ཡུལ་ལ་རྨོངས་ནས་ཟག་པ་དང་བཅས་པའི་ལས་ཀྱི་ཀུན་སློང་དེ་ནི་འདིར་མ་རིག་པའི་རྟེན་འབྲེལ་ལོ། །དེས་ཀུན་ནས་བསླང་སྟེ་ཟག་བཅས་ཀྱི་ལས་དགེ་བའམ་མི་དགེ་བ་མངོན་པར་འདུ་བྱེད་པས་ན་ཡང་སྲིད་པ་འཕེན་པར་བྱེད་པའི་ལས་ཟག་པ་དང་བཅས་པ་དེ་ནི་འདིར་འདུ་བྱེད་དོ། །འདུ་བྱེད་ཀྱི་རྐྱེན་དེས་མངལ་དུ་ཉིང་མཚམས་སྦྱོར་ཞིང་ཡུལ་དྲུག་པོ་སོ་སོར་རྣམ་པར་རིག་ཅིང་དོན་དུ་སྣང་བའི་རྐྱེན་བྱེད་པ་ནི་རྣམ་པར་ཤེས་པ་སྟེ་ལས་ཀྱི་བག་ཆགས་བསྒོས་པའི་ཀུན་གཞི་ནི་རྣམ་ཤེས་ཀྱི་རྟེན་འབྲེལ་ལོ། །དེ་གསུམ་ལ་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་དང་པོ་ཆུང་ངུའི་གནས་སྐབས་ཀྱི་ལུས་ངག་ཡིད་གསུམ་སྟེ་ཡེ་ཤེས་རྡོ་རྗེའོ། །དེས་འཕངས་པ་ལས་ཡང་སྲིད་པ་ཕྱི་མ་གྲུབ་མ་ཐག་པའི་ཁམས་དྲུག་གི་བདག་ཉིད་ཀྱི་མིང་གཞིའམ་གཟུགས་ཀྱི་ཕུང་པོ་དང་བཅས་པའི་ཕུང་པོ་ལྔ་ནི་མིང་དང་གཟུགས་སོ། །དེ་དག་འཕེལ་ཏེ་དབང་པོ་དྲུག་གྲུབ་ཅིང་རྣམ་པར་ཤེས་པ་ཚོགས་དྲུག་གི་བདག་རྐྱེན་རྫོགས་པ་ནི་སྐྱེ་མཆེད་དྲུག་དང་། དེ་ལས་ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་ཡོངས་སུ་གཅོད་པ་ནི་རེག་པའོ། །དེ་གསུམ་ཀྱང་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་གསུམ་འབྲིང་པོའི་གནས་སྐབས་ཀྱི་ལུས་ངག་ཡིད་གསུམ་སྟེ་སྐུ་རྡོ་རྗེའོ། །དེ་ལས་ཡུལ་ཉམས་སུ་མྱོང་བར་བྱེད་དེ། ཡིད་དུ་འོང་མི་འོང་བར་མ་གསུམ་ལ་སིམ་པ་དང་གདུང་བ་དང་བར་མར་ཉམས་སུ་མྱོང་བ་ནི་ཚོར་བ་གསུམ་མོ། །ཚོར་བ་དེ་གསུམ་ལ་བླང་དོར་དུ་ཆགས་ཤིང་སྲིད་པའི་དབང་གིས་བདེ་བ་དང་ཕྲད་པར་སྲེད་ལ་སྡུག་བསྔལ་དང་བྲལ་བར་སྲེད་པའི་ཆགས་པ་ནི་སྲེད་པའོ། །སྲེད་པ་དེའི་རྐྱེན་གྱིས་ཆགས་ཡུལ་ཐོབ་པར་འདོད་ཅིང་དོན་དུ་གཉེར་བས་ཚོར་བ་གསུམ་གྱི་རྒྱུ་འཚོལ་བ་ལ་འདུན་པའི་འདོད་ཆགས་ནི་ཉེ་བར་ལེན་པའོ། །དེ་གསུམ་ཀྱང་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་གསུམ་ཆེན་པོའི་གནས་སྐབས་ཀྱི་ལུས་ངག་ཡིད་གསུམ་སྟེ་གསུང་རྡོ་རྗེའོ། །སྲེད་ལེན་དེ་གཉིས་ཀྱིས་གསོས་བཏབ་ཅིང་མཚམས་སྦྱར་བ་ལས་ཡང་སྲིད་ཕྱི་མའི་སྐྱེ་བ་འགྲུབ་བྱེད་ཀྱི་ལས་ནུས་པ་མཐུ་ཅན་ནི་སྲིད་པ་དང་། ལས་དེས་མཚམས་སྦྱར་ནས་ཕྱི་མའི་མིང་གཟུགས་གསར་དུ་གྲུབ་མ་ཐག་པ་ནི་སྐྱེ་བ་དང་སྐྱེ་སྲིད་དུ་མཚམས་སྦྱར་བའི་རྣམ་སྨིན་གྱི་ཕུང་པོའི་རྒྱུན་གཞན་ནས་གཞན་དུ་འགྱུར་ཞིང་འཇིག་པའམ་རྒྱུན་ཆད་པའི་ཆ་ལས་རྒ་ཤི་སྟེ། དེ་ལྟར་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་གསུམ་ཆེན་པོའི་ཆེན་པོའི་གནས་སྐབས་ཀྱི་ལུས་ངག་ཡིད་གསུམ་སྟེ་ཐུགས་རྡོ་རྗེའོ། །དེ་ལྟར་ཡན་ལག་བཅུ་གཉིས་སུ་ཕྱེ་བ་དེ་ནི་དུས་སྦྱོར་བཅུ་གཉིས་དང་། བཅུ་གཉིས་པོ་རྡོ་རྗེ་བཞིར་བསྡུས་པ་དེ་དག་བཞི་པོ་རེ་རེའང་གསུམ་གསུམ་གྱི་བདག་ཉིད་མངལ་དང་སྒོ་དང་ཕྱི་རོལ་གྱི་དབྱེ་བས་གནས་ཏེ། འདི་ལྟར་མི་རྣམས་ཀྱིས་མངལ་བཟུང་བའི་ཟླ་བ་ནི་མ་རིག་པའི་རྟེན་འབྲེལ་དང་ཆུ་སྲིན་ཏེ་མངལ་ལོ། །ཟླ་བ་གཉིས་པ་ནི་འདུ་བྱེད་ཀྱི་རྟེན་འབྲེལ་དང་བུམ་པ་སྟེ་སྒོའོ། །གསུམ་པ་ནི་རྣམ་ཤེས་ཀྱི་རྟེན་འབྲེལ་དང་ཉ་སྟེ་ཕྱི་རོལ་ལོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་སྦྱར་ནས་ཤེས་པར་བྱའོ། །མདོར་ན། རྡོ་རྗེ་སྙིང་འགྲེལ་ལས། ཤེས་ནས་སླར་ཡང་སྲིད་འགྲོ་སྟེ། །དེ་ལས་མ་གཏོགས་གཞན་མེད་དོ། །ཇི་ལྟར་མཁན་པོའི་རིག་པར་འགྱུར། །མར་མེ་ལས་ནི་མར་མེ་བཞིན། །ཞེས་གསུངས་པ་ལྟར། ཡན་ལག་བཅུ་གཉིས་པོ་རྒྱུན་མི་འཆད་པར་འཁོར་བའི་དཔེ། མར་མེ་མཁན་པོའི་རིག་པ་ལས་རིག་པ་དང་མར་མེ་ལས་མར་མེ་བཞིན་དུ་སྲིད་པའི་གནས་རྣམས་སུ་སྐྱེ་འགག་རྒྱུན་མི་འཆད་པས་འཁོར་བར་འགྱུར་རོ། །ཡན་ལག་བཅུ་གཉིས་ཀྱི་བསྡུ་བ་གཞན་ཡང་། མཛོད་ལས། ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་བདུན། ཞེས་གསུངས་པ་ལྟར། མ་རིག་པ་དང་སྲེད་ལེན་ནི་ཉོན་མོངས་པ་ཡིན་ལ། །འདུ་བྱེད་དང་སྲིད་པ་ནི་ལས་སོ། །ལྷག་མ་བདུན་ནི་གཞིའོ། །འདིར་སྤྲོས་ནས་བཤད་ན་མཐའ་ཡས་ཀྱང་། མ་སྤྲོས་ཏེ། གཞན་དུ་བཤད་པར་བྱའོ། །གཉིས་པ་ནི། རྟེན་འབྲེལ་བཅུ་གཉིས་བར་མ་ཆད་དུ་འཁོར་བའི་སྲིད་པ་དེ་ཡང་རྣམ་པ་གསུམ་ཡིན་པས། དེའི་ཁྱད་པར་བསྟན་པའི་ཕྱིར། གཟུགས་མེད་སོགས་རྐང་པ་གསུམ་གསུངས་ཏེ། ཁམས་གསུམ་གྱི་སྲིད་པ་དང་དེའི་འདུ་ཤེས་ཀྱི་ཁྱད་པར་རིམ་པ་བཞིན་སྦྱར་ནས་བཤད་ན། གཟུགས་མེད་པའི་སྲིད་པ་བཞི་ནི་ཡུལ་ལ་མཚན་མར་འཛིན་པ་ཆུང་ངུ་སྟེ། འདོད་གཟུགས་ཀྱི་སྣང་བ་དང་ཐོགས་པ་བཀག་པའི་ཕྱིར། གཟུགས་ཁམས་ཀྱི་སྲིད་པ་བཅུ་དྲུག་ནི་ཡུལ་ལ་མཚན་མར་འཛིན་པ་འབྲིང་པོ་སྟེ། འདོད་པ་ལ་འདོད་ཆགས་དང་བྲལ་ཞིང་བསམ་གཏན་བཞིའི་ཏིང་ངེ་འཛིན་གྱི་མཐུས་བསྐྱེད་པའི་གཟུགས་སྣང་དང་བཅས་པའི་ཕྱིར། འདོད་པའི་ཁམས་ཀྱི་སྲིད་པ་བཅུ་གཅིག་ནི་ཡུལ་ལ་མཚན་མར་འཛིན་པ་ཆེན་པོ་དང་ལྡན་པ་ཡིན་ཏེ། །འདོད་པའི་ཡོན་ཏན་ལ་ཆགས་ཤིང་རྟོག་པ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །དེ་ལྟ་ན། ཀུན་ལས་བཏུས་ལས། འདུ་ཤེས་ནི་རྣམ་པ་གསུམ་སྟེ། རྒྱ་ཆུང་ངུའི་འདུ་ཤེས་དང་རྒྱ་ཆེན་པོའི་འདུ་ཤེས་དང་ཚད་མེད་པའི་འདུ་ཤེས་སོ། །ཞེས་གསུངས་པ་དང་ཅིའི་ཕྱིར་མི་འགལ། འདུ་ཤེས་ནི་མཚན་མར་འཛིན་པ་ཡིན་ལ། འདོད་པར་ཡུལ་ལ་མཚན་འཛིན་ཆེན་པོར་འདོད་ཀྱང་རྒྱ་ཆུང་ངུའི་འདུ་ཤེས་སུ་བཤད་ཅིང་། གཟུགས་མེད་དུ་མཚན་འཛིན་ཆུང་ངུར་འདོད་ཀྱང་ཚད་མེད་པའི་འདུ་ཤེས་སུ་བཤད་པས་སོ། །ཟེར་ན་སྐྱོན་མེད་དེ་ཀུན་ལས་བཏུས་ཀྱི་ལུང་དེ་ནི། ཡིད་གཙོ་ཆེ་ཆུང་གི་དབང་དུ་མཛད་པས་སོ། །དེ་ཡང་གཟུགས་མེད་ན་ཀུན་གཞི་ཉོན་ཡིད་དྲུག་ཡིད་གསུམ་ལས་མེད་ལ། གཟུགས་ཁམས་ན། བསམ་གཏན་གྱི་མཐུས་འདོད་པའི་ཤེས་པ་ལས་རྒྱ་ཆེ་བ་ལ་འཇུག་ཅིང་། འདོད་པ་ན་ནི་དེ་དག་ལས་ཤེས་རབ་ཀྱི་སྣང་བ་རྒྱ་ཆུང་བའི་དབང་དུ་མཛད་པ་ཡིན་ནོ། །གསུམ་པ་ནི། ཐམས་ཅད་སོགས་ཚིགས་བཅད་གཅིག་རྐང་པ་དང་བཅས་པ་གསུངས་ཏེ། བཤད་མ་ཐག་པའི་སྲིད་པ་དེ་དག་ཐམས་ཅད་ཀྱང་སེམས་ཀྱི་གནས་ལུགས་མ་རྟོགས་པས་མ་རིག་པའི་རྐྱེན་གྱིས་ཡུལ་ལ་བླང་དོར་དུ་རྟོག་པའི་ཚུལ་བཞིན་མ་ཡིན་པ་ཁམས་གསུམ་གྱི་འདུ་བྱེད་རྣམ་པ་གསུམ་བསྐྱེད་ནས་དེ་ཡིས་འཕངས་པ་སྟེ། དེ་ཡང་འདོད་པའི་དགེ་བ་ཆུང་འབྲིང་ཆེན་པོ་གསུམ་འདུ་བྱེད་པའི་རྐྱེན་ལས་ནི། འབྲས་བུ་སྐྱེ་བ་ཉོན་མོངས་ཅན་བདེ་བ་དང་བཅས་པ་མི་དང་ལྷ་མིན་འདོད་ལྷ་དྲུག་སྟེ་འདོད་པའི་བདེ་འགྲོ་བརྒྱད་དང་། མི་དགེ་བ་ཆུང་འབྲིང་ཆེ་གསུམ་འདུ་བྱེད་པའི་རྐྱེན་ལས་འབྲས་བུ་སྐྱེ་བ་ཉོན་མོངས་ཅན་སྡུག་བསྔལ་དང་བཅས་པ་དུད་འགྲོ་དང་ཡི་དྭགས་དམྱལ་བ་སྟེ་ངན་སོང་གསུམ་དང་། འདོད་པའི་དགེ་མི་དགེ་གང་དུ་ཡང་ལུང་དུ་མ་བསྟན་པ་མི་གཡོ་བའི་ལས་འདུ་བྱེད་པའི་རྐྱེན་ལས་ནི་འབྲས་བུ་སྐྱེ་བ་ཉོན་མོངས་ཅན་སྙོམས་འཇུག་དང་བཅས་པ་ཁམས་གོང་མ་གཉིས་སུ་སྐྱེ་བར་འགྱུར་བས་སོ། །འདིར་ཊཱིཀ་བྱེད་ཁ་ཅིག་ན་རེ། གྲུབ་མཐའ་སྤྱི་ལུགས་ལ། རྣམ་སྨིན་རྒྱུ་ནི་མི་དགེ་དང་། །དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་པ་ལྟར། རྣམ་སྨིན་གྱི་རྒྱུ་ལ་དགེ་མི་དགེ་ཟག་བཅས་གཉིས་སུ་ངེས། ཤེས་ཟེར་རོ། །དེ་ནི་བྱེ་བྲག་ཏུ་སྨྲ་བ་ཁོ་ནའི་འདོད་པ་བཀོད་ནས། གྲུབ་མཐའ་སྨྲ་བ་སྤྱིའི་ལུགས་སུ་ཁས་བླངས་པས་ནོངས་ཏེ། ཐེག་པ་ཆེན་པོའི་གཞུང་ལས་དེར་མི་འདོད་པས་སོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སྦྱོར་བ་བཞི་རྣམ་སྨིན་གྱི་རྒྱུ་དང་འབྲས་བུ་ཆོས་སྐུ་རྣམ་སྨིན་གྱི་འབྲས་བུར་གསུངས་པས། ས་བཅུའི་གནས་སྐབས་ཀྱི་སྦྱོར་བ་དང་པོ་གསུམ་དང་སྐད་ཅིག་མའི་སྦྱོར་བ་ཟག་བཅས་སུ་ཁས་ལེན་ནམ་ཅི། གཞན་ཡང་། རྣམ་སྨིན་ལུང་དུ་མ་བསྟན་ཆོས། ཤེས་གསུངས་པའང་གྲུབ་མཐའ་སྤྱི་ལུགས་སུ་དོན་གྱིས་ཁས་བླངས་པས། ཡེ་ཤེས་ཆོས་སྐུ་ལུང་མ་བསྟན་དུ་ཁས་ལེན་ནམ། དེས་ན། བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ངན་པ། ཐེག་པ་སྤྱིའི་ལུགས་སུ་སྨྲ་བ་པོ་ཁྱོད་ཀྱིས་ནི། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་པ་ལ་ངེས་པའི་ཤེས་པ་མ་སྐྱེས་པར་ཟད་དོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟ་བུའི་ཁམས་གསུམ་པོ་ཐམས་ཅད་ཀྱང་ཆོས་ཅན། སེམས་ཉིད་དྲི་མས་མ་དག་པའི་གནས་སྐབས་ཡིན་ཏེ། ཉོན་མོངས་པ་ཅན་གྱི་ཡིད་དང་མ་བྲལ་བའི་འཆིང་བ་ཀུན་ལྡན་ཡིན་པས་སོ། །ཞེས་ཚིག་རྐང་གཅིག་གསུངས་སོ། །གཉིས་པ་གཉིས་ལྡན་གྱི་གནས་སྐབས་ནི། དྲི་མ་ཞེས་སོགས་རྐང་པ་གསུམ་སྟེ། དྲི་མ་དེ་ཉིད་སེམས་དང་འབྲལ་རུང་གི་བློ་བུར་བར་ཤེས་ནས་སྦྱོར་བྱེད་ཀྱི་ཐབས་བསྐྱེད་རྫོགས་དང་བཅས་པས་སྦྱོང་བའི་གནས་སྐབས་ལ་ལམ་པ་ཞེས་བྱ་བར་རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པ་ཡིན་ནོ། །འདིར་བློ་བུར་བའི་དོན་ནི་སེམས་དང་འབྲལ་དུ་རུང་བ་ལ་བྱའི། སྔར་མེད་གསར་དུ་བྱུང་བ་ལ་བློ་བུར་བའི་དོན་དུ་མི་བཟུང་སྟེ། ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་ཉིད་བློ་བུར་བ་ཡིན་ཀྱང་ཡེ་གདོད་མ་ནས་སེམས་དང་ལྷན་ཅིག་ཏུ་སྐྱེས་པས་སོ། །གསུམ་པ་ཤིན་ཏུ་རྣམ་དག་གི་གནས་སྐབས་ནི། དྲི་མེད་ཞེས་སོགས་རྐང་པ་གཉིས་ཏེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་དྲི་མ་མེད་པ་དེ་ཉིད་བློ་བུར་གྱི་དྲི་མ་མཐའ་དག་རྣམ་པར་དག་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་སྟེ། སྒྲིབ་པ་གསུམ་པོ་མ་ལུས་པར་སངས་ཤིང་རྣམ་སྨིན་རྒྱས་པས་སོ། །རྒྱུ་མཚན་དེའི་ཕྱིར་ན་འགྲོ་བ་སེམས་ཅན་ཀུན་ལ་དྲི་མ་དང་བཅས་པའི་སངས་རྒྱས་ཉིད་ཅེས་བྱ་སྟེ། ཀྱཻ་རྡོ་རྗེ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་བློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་སོ། །ཞེས་དང་། མདོ་ལས་ཀྱང་། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། ཅེས་གསུངས་པས་སོ། །ཊཱིཀ་བྱེད་འགའ་ཞིག་གིས། དྲི་མ་མེད་པར་རྣམ་པར་དག་པ་ན་ཞེས་འབྲུ་གཉེར་མོད་ཀྱིས། དྲི་མེད་ཅེས་པས་རང་བཞིན་རྣམ་དག་དང་། དག་པ་ཞེས་པས་བློ་བུར་རྣམ་དག་བསྟན་པར་འཆད་དགོས་ཏེ། །ལུས་རྣམ་གཞག་ཏུ། དྲི་མེད་རྒྱལ་བའི་སྙིང་པོ་ནི། ཞེས་སོགས་གསུངས་པ་དང་དགོངས་པ་གཅིག་པས་སོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་འཕྲེང་བ་ཞེས་བྱ་བ་ལས། མདོར་བསྟན་པ་དང་རྒྱུ་རྐྱེན་སྤྱིར་བསྟན་པའི་དུམ་བུ་སྟེ། ལེའུ་དང་པོའི་བཤད་པའོ།། །།དེ་ལྟར་ལེའུ་དང་པོས་སེམས་ཀྱི་ཆ་ལ་སྣང་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་བཤད་ནས། ད་ནི་འཁོར་བའི་ལུས་འགྲུབ་ཚུལ་བརྗོད་པར་བྱ་སྟེ། སཾ་པཱུ་ཊིའི་རྒྱུད་ཕྱི་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་ཉིད་ཀྱི་རིམ་པ་ཡིས། །ལུས་ཀྱི་དེ་ཉིད་མི་ཤེས་ན། །དེ་དག་ཐམས་ཅད་འབྲས་བུ་མེད། །ཅེས་གསུངས་པས་རྡོ་རྗེ་ལུས་ཀྱི་གནས་ལུགས་ཤེས་པ་ནི་ཐམས་ཅད་དུ་གལ་ཆེ་སྟེ། སྔགས་ཀྱི་ཐེག་པར་ཐབས་ཀྱི་ཁྱད་པར་བསྟན་དགོས་པས། བརྟེན་པ་སེམས་བཅིང་བ་ལ་རྟེན་ལུས་བཅིང་བ་གནད་དུ་ཆེ་བའི་ཕྱིར་དང་། སྦྱོང་བྱེད་བསྐྱེད་རིམ་ཉམས་སུ་ལེན་པ་ལ། སྦྱང་གཞི་ལུས་ཀྱི་གནས་ཚུལ་ཤེས་དགོས་པའི་ཕྱིར་ན། དེ་དག་ཀྱང་དང་པོར་གྲུབ་པའི་ཚུལ་ཤེས་པ་ལ་རག་ལས་པས་སོ། །དེའི་ཚུལ་ཡང་གཞུང་རྩ་བ་ལས། ཀུན་གཞི་སྲོག་རླུང་དང་བཅས་པ། །ཁམས་གསུམ་སྐྱེ་བར་སྦྱོར་བ་ན། །ཞེས་དང་། དེའི་འགྲེལ་པར། ཀུན་གཞི་ལུང་དུ་མ་བསྟན་པ་དེ་འཁྲིད་པར་བྱེད་པ་ནི། ཡིད་གཡོ་བ་དང་བཅས་པ་ཡིན་པས། ཤེས་གསུངས་པའི་དོན་ནི། སྔར་བཤད་པའི་མི་ཤིགས་པའི་ཐིག་ལེ་ཆེན་པོ་དེའི་རང་འོད་འབྱུང་བ་བཞིའི་དངས་མ་དང་འཁོར་བ་ཇི་སྲིད་པར་མི་ཕྱེད་པ་དེ་ཉིད་རང་གི་སྣང་ཆ་ལ་གཞན་རྟོག་འཇུག་པ་ཉིད་ལས། འཁོར་བར་སྐྱེ་བ་ལ་སོགས་པའི་སྣང་བ་འབྱུང་སྟེ། དེ་ཡང་། ཁུ་རྡུལ་གྱི་དབྱེ་བས་གཟུང་འཛིན་གཉིས་དང་རླུང་དང་བཅས་པས་གསུམ་འགྲོས་དང་རྡུལ་ལས་ཡེ་ཤེས་ཕྱེ་བས་བཞི་འགྲོས་སོགས་རྒྱུད་སྡེའི་བཤད་ཚོད་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང་གནད་གཅིག་པས་རྩ་བའི་མི་ཤིགས་པ་ཆེན་པོ་རང་ངོ་མ་ཤེས་པས་གཡོ་བ་ཁུ་བ་འཛིན་པའི་ཆོས་ཀྱིས་དབང་བྱས་པའི་བདག་ཏུ་རྟོག་པའི་རྩ་བ་ཅན་གྱི་སྣང་གསུམ་གྱི་འཆར་སྒོ་ལ་གཤིས་སྐྱེ་མེད་ཀྱི་རང་བཞིན་རླུང་གི་ངེས་པ་ཡུལ་དུ་སྣང་བ་ཉིད་ཀྱིས། གཟུགས་མེད་ཁམས་ཀྱི་སྣང་བ་དང་། གདངས་འགག་མེད་ཀྱི་རང་བཞིན་རྡུལ་གྱི་ངེས་པ་ཡུལ་དུ་སྣང་བ་ཉིད་ཀྱིས་གཟུགས་ཁམས་དང་། རྩལ་སྣ་ཚོགས་པའི་རང་བཞིན་ཁུ་བའི་ངེས་པ་ཡུལ་དུ་སྣང་བ་ཉིད་ཀྱིས་འདོད་ཁམས་ཀྱི་སྣང་བ་བྱུང་ཞིང་། དེ་ལྟ་བུའི་སྣང་བ་ལ་བདག་ཏུ་བཟུང་བས་ཁམས་གསུམ་གྱི་སྐྱེ་བ་གྲུབ་ལ། དེ་ཡང་། ས་ཤས་ཆེ་བའི་དབང་ལས་རྫུས་སྐྱེས་དང་ཆུ་ཤས་ཆེ་བའི་དབང་ལས་དྲོད་གཤེར་སྐྱེས་དང་མེ་ཤས་ཆེ་བའི་དབང་ལས་མངལ་སྐྱེས་དང་རླུང་ཤས་ཆེ་བའི་དབང་ལས་སྒོང་སྐྱེས་ཏེ་སྐྱེ་གནས་རྣམ་པ་བཞི་བྱུང་ངོ་། །དེའི་ཕྱིར། སྦྱོང་བྱེད་བསྐྱེད་པའི་རིམ་པ་ལའང་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་སོགས་ལྷ་བསྐྱེད་ཚུལ་བཞི་དང་ཆོ་ག་རྣམ་པ་བཞི་དང་བསྙེན་སྒྲུབ་ཡན་ལག་བཞི་ལ་སོགས་པ་འབྱུང་བ་ཡིན་ནོ། །དེ་ལས་ཀྱང་མངལ་སྐྱེས་ཀྱི་མིའི་ལུས་འགྲུབ་ཚུལ་ལ་སྦྱར་ནས་བཤད་པར་བྱའོ། །དེ་ལ་ལྔ་སྟེ། དངོས་པོ་དང་དངོས་མེད་གཉིས་ལ་བརྟེན་ནས་ལུས་འགྲུབ་པའི་ཚུལ། རྡུལ་མུན་སྙིང་སྟོབས་གསུམ་ལས་འགྲུབ་ཚུལ་ནང་ལུས་ཀྱི་མཛོད་དྲུག་ལ་བརྟེན་ནས་འགྲུབ་ཚུལ། ཁྱབ་འཇུག་གི་འཇུག་པ་བཅུ་ལས་འགྲུབ་ཚུལ། རྣམ་ཤེས་ལ་བརྟེན་པའི་ཚུལ་ལོ། །དང་པོ་ནི། ཕ་མའི་ཁུ་ཁྲག་དངོས་པོ་དང་བར་དོའི་མི་ཤིགས་པ་དངོས་མེད་འདྲེས་པ་ལས་མངལ་ཆགས་པར་གསུངས་ཏེ། སཾ་པཱུ་ཊི་ལས། རྡོ་རྗེ་པདྨ་མཉམ་སྦྱོར་བས། །དངོས་དང་དངོས་མེད་རོ་གཅིག་འགྱུར། །ཞེས་གསུངས་པས་སོ། །གཉིས་པ་ཡང་། སཾ་པཱུ་ཊི་ལས། སྙིང་སྟོབས་ཁུ་བ་རྡུལ་ངག་བཅས། །མུན་པ་སེམས་ཀྱི་རང་བཞིན་ལས། །སྙིང་སྟོབས་ཁུ་བ་དྲི་ཆེན་རྡུལ། །མུན་པ་བསྐྱེད་པར་བྱེད་པ་ཉིད། ཅེས་གསུངས་སོ། །དེ་ཡང་གནས་ཚུལ་ལ་ལུས་ངག་རྟེན་དང་སེམས་བརྟེན་པ་ཡིན་ཀྱང་སྐྱེ་བའི་ཚེ་ཕན་ཚུན་ལྟོས་པའི་ཚུལ་དུ་སྐྱེ་སྟེ། ཕྱག་ཐིག་ལས། འབྱུང་བ་ཆེན་པོ་བཞི་པོ་ནི། །སྲོག་གི་རྟེན་དུ་ཤེས་པར་བྱ། །ཡང་ན་སྲོག་ནི་དེ་རྣམས་རྟེན། །ལེགས་དགྱེས་དབང་མོ་ཤེས་པར་བྱ། །ཞེས་གསུངས་པས་སོ། །དེ་ལྟ་བས་ན་འཆི་བ་འོད་གསལ་གྱི་ཚེ་རྣམ་པར་རྟོག་པའི་རྒྱུ་བ་ཅུང་ཟད་ཀྱང་མེད་མོད། དེ་ལས་བདུན་ཡིད་གཡོས་ཏེ་གཉིས་སྣང་ཞུགས་ནས་ཀུན་གཞི་ལ་དམིགས་པས་བར་དོ་སྒྱུ་མའི་ལུས་སུ་གྲུབ་ཅིང་། བར་སྲིད་ཀྱིས་བསྡུས་པའི་མི་ཤིགས་པའི་ཐིག་ལེའམ་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་ཕ་མའི་རྐྱེན་དང་ཕྲད་པར་ཉེ་བ་ན་ཁུ་རྡུལ་རླུང་གསུམ་གྱི་རྐྱེན་ཅན་ཉིད་པས་རླུང་གི་ཆ་ནས་གཡོ་བ་དང་ཁུ་བའི་ཆ་ནས་བདག་ཏུ་རྟོག་པ་དང་། རྡུལ་གྱི་ཆ་ནས་གཞན་དུ་རྟོག་པའི་རང་བཞིན་ཅན་ཡིན་ནོ། །དེའི་ཕྱིར་རྡུལ་གྱི་དབང་ལས་གང་དུ་སྐྱེ་འགྱུར་གྱི་ཕ་མ་ཕྲད་པ་མཐོང་བ་ན། རླུང་གི་དབང་ལས་ཤིན་ཏུ་མྱུར་བར་འོངས་ནས། ཁུ་བའི་དབང་ལས་ཕའི་ཁའམ་བཤང་སྒོ་གང་རུང་ནས་ཞུགས་ཏེ། རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་རབ་དུ་བསྐུལ་ཞིང་དབུ་མའི་ལམ་ནས་མའི་མཁར་བབ་སྟེ། ཕ་མའི་ཨཱ་ལྀ་ཀཱ་ལྀ་ཞུ་བའི་དགའ་བ་དང་འགྲོགས་ནས་ཁུ་ཁྲག་གི་དབུས་སུ་ཞུགས་པ་ན། བརྒྱལ་ཉེར་ཐོབ་ཀྱི་མཚན་ཉིད་ཅན་གྱི་བདེ་བར་རོ་ཅིག་པ་ལས། རིམ་གྱིས་ནུར་ནུར་པོ་ལ་སོགས་པར་འགྱུར་ཏེ། དཔལ་སྡོམ་པ་འབྱུང་བ་ལས། སྲིད་པ་བར་དོའི་སེམས་ཅན་ནི། །འགྲོན་པོའི་བགྲོད་པ་ཇི་བཞིན་དུ། །འདི་ལྟར་ལས་ཀྱི་ཞགས་པ་ཡིས། །འགྲོ་བ་དྲུག་ཏུ་རབ་ཏུ་སྐྱེ། །ཕ་མའི་ཀུན་ཏུ་སྦྱོར་སོགས་ནི། །སྲིད་པའི་སྐྱེ་བོས་མཐོང་གྱུར་ནས། །རྟ་ལ་ཞོན་བཞིན་རྣམ་ཤེས་ནི། །རླུང་གི་བཞོན་པ་ཞོན་ནས་སུ། །སྐད་ཅིག་ཐང་ཅིག་ཉིད་ལ་ནི། །ཤིན་ཏུ་མྱུར་བར་འོངས་གྱུར་ནས། །ཤིན་ཏུ་དགའ་དང་བཅས་སྟོབས་ཀྱིས། །ཁ་ཡི་ལམ་ནས་འཇུག་པར་འགྱུར། །རྩ་ནི་སྟོང་ཕྲག་བདུན་བཅུ་གཉིས། །རབ་བསྐུལ་དེ་ཡི་སྐད་ཅིག་ལ། །ཨཱ་ལྀ་ཀཱ་ལྀ་ཞུ་བྱས་པས། །མཆོག་ཏུ་དགའ་བ་ཡང་དག་ཐོབ། །ཁུ་བ་ཁྲག་དེའི་དབུས་སུ་ནི། །ཐིག་ལེའི་གཟུགས་སུ་ཡང་དག་གནས། །དང་པོའི་རྣམ་པ་ནུར་ནུར་པོ། །ཞེས་སོགས་གསུངས་པས་སོ། །གསུམ་ཆོས་གཞན་དང་བཞི་འགྲོས་ལས་ལུས་འགྲུབ་པའི་ཚུལ་ཡང་། རྡོ་རྗེ་སྙིང་འགྲེལ་ལས། རང་ལས་མ་ཡིན་གཞན་ལས་མིན། །གཉིས་ཀ་ལས་མིན་རྒྱུ་མེད་མིན། །གང་ཞིག་སྐྱེ་བར་སྣང་བ་ཡི། །དངོས་དེ་གང་མེད་གང་ནའང་མེད། །ཕ་དང་མ་ཡི་ཁུ་ཁྲག་དག །དེ་བཞིན་སྲོག་དང་ཐུར་སེལ་ནི། །ཐུགས་ཀྱི་རྡོ་རྗེ་རབ་ལྡན་ཏེ། །ལུས་ཀྱི་བསྐྱེད་པར་བྱེད་པའི་རྒྱུ། །འོད་དཔག་མེད་དང་རིན་ཆེན་འཛིན། །སྲོག་དང་ཐུར་སེལ་གོ་རིམས་བཞིན། །བདེ་བ་ཐུགས་ཀྱི་རྡོ་རྗེ་ཡི། །སྐུ་གསུང་ཐུགས་སུ་ཆགས་པ་ཡིས། །ཁུ་བ་ལས་སྐྱེས་ཟླ་བ་ཡིན། །ཁྲག་ལས་སྐྱེས་པ་ཉི་མ་སྟེ། །སྲོག་ལས་སྐྱེས་པ་སྒྲ་གཅན་འཛིན། །དུས་མེ་ལས་ཀྱང་ཐུར་སེལ་ལོ། །ཞེས་གསུངས་པས། ལས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་ལས་མངལ་དུ་ཞུགས་པའི་ཕ་མའི་ཁུ་ཁྲག་དང་རླུང་གི་ངོ་བོ་ཀུན་གཞི་བག་ཆགས་དང་བཅས་པ་བདེ་བ་ཆེན་པོས་བྱིན་གྱིས་བརླབས་པ་ལས་རིམ་གྱིས་འཕེལ་ཞིང་ལུས་འགྲུབ་པ་ཡིན་ལ། ལྔ་ཆོས་ལས་ལུས་འགྲུབ་པའི་ཚུལ་ནི་མངོན་བྱང་ལྔས་བསྐྱེད་ཀྱི་སྦྱང་གཞི་ངོས་བཟུང་བ་ཉིད་ཀྱིས་ཤེས་པར་ནུས་སོ། །དེ་ནི་ཞར་ལས་འོངས་པའི་དོན་ནོ། །གསུམ་པ་ནི། རྒྱུད་ཀྱི་རྒྱལ་པོ་ལས། ཁུ་བ་ལས་ནི་རྐང་དང་རུས་པ་རྒྱུས་པར་འགྱུར་ཏེ་རྡུལ་ལས་པགས་པ་ཁྲག་དང་ཤ་ཉིད་དོ། །ཞེས་གསུངས་པ་ལྟར། ཁུ་ཁྲག་ལ་རྣམ་པར་ཤེས་པས་བདག་ཏུ་བཟུང་བ་ཉིད་རྐྱེན་གྱིས་འཕེལ་བ་ལས་ནང་གི་མཛོད་དྲུག་སོགས་སུ་འགྱུར་བ་སྟེ། དེ་ཡང་ཁུ་བ་ལས་རྩ་དེ་ལས་རུས་པ་དེ་ལས་རྐང་བསྐྱེད་དོ། །དེ་ལྟར་ཁུ་བ་ལས་བྱུང་བ་གསུམ་དང་། རྡུལ་ལས་ཁྲག་དེ་ལས་ཤ་དེ་ལས་པགས་པ་བསྐྱེད་དོ། །དེ་ལྟར་རྡུལ་ལས་བྱུང་བ་གསུམ་སྟེ། དེ་ལྟ་བུའི་མཛོད་དྲུག་ནི་ཁམས་དྲུག་གི་རང་བཞིན་ཅན་ཡིན་པས་ཕན་ཚུན་ལྟོས་ཤིང་བརྟེན་ནས་རིམ་གྱིས་འཕེལ་བས་ལུས་ཀྱི་ཁམས་རྫོགས་པར་འགྲུབ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། །རྩ་རྣམས་ཁུ་བ་ལས་སྐྱེས་ཡིན། །ཁུ་བ་ལས་ནི་རུས་པ་འབྱུང་། །ཁྲག་རྡུལ་ལས་ནི་ཁྲག་འབྱུང་ཞིང་། །ཤ་ལས་པགས་པ་སྐྱེ་འགྱུར་ཞིང་། །རྒྱུས་པ་ལས་ནི་རྐང་འབྱུང་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པས་སོ། །བཞི་པ་ནི། ཁྱབ་འཇུག་གི་རྗེས་སུ་འབྲང་བ་རྣམས་ན་རེ། ཉ་དང་རུས་སྦལ་ཕག་རྒོད་དང་། །མི་ཡི་སེང་གེ་མིའུ་ཐུང་དང་། །རཱ་མ་གཉིས་དང་ནག་པོ་དང་། །སངས་རྒྱས་རིགས་ལྡན་དང་ནི་བཅུ། ཞེས་པ་དེ་དག་ཁྱབ་འཇུག་གིས་བྱས་པར་སྨྲ་བ་རྣམས་རྗེས་སུ་བཟུང་བའི་ཆེད་དུ་དུས་ཀྱི་འཁོར་ལོ་ལས་གསུངས་པ་སྟེ། རྒྱས་པར་གཞུང་དོན་དུ་འཆད་པས་འདིར་མ་སྤྲོས་སོ། །ལྔ་པ་ནི་རྣམ་ཤེས་ཉིད་རྐྱེན་དང་ཕྲད་པས་ལུས་སུ་སྣང་བར་གསུངས་ཏེ། ཕྱག་ཐིག་ལས། རྣམ་ཤེས་ལས་ནི་རླུང་སྐྱེའོ། །དེ་ལས་མེ་ནི་སྐྱེ་བར་འགྱུར། དེ་ལས་ཆུ་ནི་སྐྱེ་འགྱུར་ཏེ། །དེ་ལས་ས་ནི་སྐྱེ་བའོ། །དེ་རྣམས་ཀུན་ལས་ཕུང་པོ་འབྱུང་། །དེ་ལས་སྐྱེ་མཆེད་འབྱུང་བར་འགྱུར། ཞེས་གསུངས་སོ། །ད་ནི་ལུས་རྩ་རླུང་སོགས་དང་བཅས་པ་འཕེལ་བའི་ཚུལ་བཤད་པར་བྱ་སྟེ། རྩ་མ་ཆགས་པའི་གནས་སྐབས་ཀྱི་ཞག་བདུན་ཕྲག་བཞིར་ནི། མའི་མངལ་ན་གནས་པའི་རླུང་མི་འདྲ་བ་བཞིས་བསྐྱེད་ཅིང་སྤེལ་ལ། རྩ་ཆགས་ནས་རྩ་རླུང་སོགས་ཀྱིས་འཕེལ་བའི་ཚུལ་ཡང་། མི་ཤིགས་པའི་ཐིག་ལེ་ཁུ་རྡུལ་གྱི་བདག་ཉིད་དཀར་དམར་གྱི་རྐྱེན་ཅན་དེ་ཡང་ཁམས་ལྔའི་རང་བཞིན་ཅན་ཡིན་པས། རྩ་བའི་རླུང་ལྔར་ལྡང་བའི་རིམ་པས་དེའི་རྟེན་རྩ་རྣམས་རིམ་བཞིན་ཆགས་པར་འགྱུར་ལ། རྩ་བའི་རླུང་ལྔ་ལས་ཡན་ལག་གི་རླུང་ལྔ་འཕྲོས་ནས་སྐྱེ་མཆེད་དང་དོན་ལྔ་སོགས་འགྲུབ་པར་འགྱུར་ཞིང་། དེ་ནས་བྱེད་པའི་མཚན་ཉིད་ཅན་གྱི་ལས་དབང་རྣམས་འགྲུབ། ཟླ་བ་བརྒྱད་པ་ནས་དྲི་མ་འདོར་བ་སོགས་ཀྱང་འབྱུང་ངོ་། །ཟླ་བ་རྫོགས་ནས་མངལ་སྦུབས་དབྲལ་ཏེ་ཕྱིར་འབྱུང་ཞིང་། ཕྱི་རོལ་དུ་རྩ་ཆགས་པའི་ཟླ་བ་ལྷག་མ་གསུམ་དང་བཅུ་གཉིས་ཚང་བ་ན་སྤྲུལ་པའི་སྐུར་གྲུབ་པ་སོགས་གཞུང་ཉིད་ན་གསལ་ལོ། །གནས་སྐབས་དེ་རྣམས་སུ་རྩ་གྲུབ་པའི་ཚུལ་ནི། མི་ཤིགས་པའི་ཐིག་ལེ་ཁུ་རྡུལ་རླུང་གསུམ་གྱི་བདག་ཉིད་ཅན་ཡིན་པས། རླུང་གི་དབང་ལས་མུན་ཅན་དབུ་མ་དང་ཁུ་བའི་དབང་ལས་འཛིན་པའི་ཆོས་བསྐྱེད་པ་རྐྱང་མ་དང་རྡུལ་གྱི་དབང་ལས་གཟུང་བའི་ཆོས་བསྐྱེད་པ་རོ་མ་སྟེ་གཙོ་མོ་གསུམ་གྲུབ་ཅིང་བཞིར་འབྱེད་ན་དབུ་མ་ལ་ཆ་གཉིས་སུ་ཕྱེ་བའི་མར་སྣ་དུང་ཅན་མ་ས་ཁམས་ཀྱི་རང་བཞིན་ཅན་ཏེ་བཞིའོ། །དེ་ལས་འཁོར་ལོ་ཆགས་པ་ན་ཁམས་བཞིའི་ངེས་པས་ལྟེ་སྙིང་མགྲིན་སྤྱིའི་འཁོར་ལོ་བཞི་དང་། ཁམས་བཞིའི་ནང་ཚན་ས་ལས་ཡེ་ཤེས་དང་རླུང་ལས་ནམ་མཁའ་ཕྱེ་བས་གསང་གཙུག་གི་འཁོར་ལོ་གཉིས་ཏེ། དེ་ལྟར་ན་དྲུག་དང་། དེ་ལས་ཀྱང་རྩའི་གཙོ་མོ་ཉེར་བཞི་དང་བདུན་བཅུ་རྩ་གཉིས་དང་བདུན་ཁྲི་ཉི་སྟོང་དང་ཕྲ་མོ་བྱེ་བ་ཕྲག་ཕྱེད་དང་བཞི་ཆགས་པར་འགྱུར་བ་སོགས་ལེའུ་གསུམ་པའི་གཞུང་ཉིད་ན་གསལ་ཞིང་། རྩ་དེ་རྣམས་གནས་ལ་སོགས་པར་འགྱུར་བའི་ཚུལ་ལ། འཁོར་ལོ་དྲུག་གི་དབང་ལས་མི་ཤིགས་པའི་ཐིག་ལེ་དྲུག་དང་། དྲུག་པོ་དེ་དག་ཀྱང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཡིན་པས་བཅུ་གཉིས་ཏེ། དོན་གྱི་དབང་འདི་ལས་ནི་འཁོར་ལོ་རེ་རེར་གནས་ལ་སོགས་པ་གཉིས་གཉིས་ཏེ་ས་བཅུ་གཉིས་སུ་བཞག་པ་ཡིན་ཞིང་། དེ་ལ་ཐབས་ཤེས་གཉིས་སུ་དབྱེ་བས་ནང་གི་ཡུལ་ཉེར་བཞི་དང་། རྩ་བའི་མི་ཤིགས་པ་དྲུག་པོའང་ཁམས་དྲུག་གི་བདག་ཉིད་ཅན་ཡིན་པས་ནང་གི་གནས་སུམ་བཅུ་སོ་དྲུག་དང་། གཅིག་སྤྱི་ཁྱབ་སྟེ་ནང་གི་ཡུལ་ཆེན་སུམ་བཅུ་སོ་བདུན་དུ་འགྱུར་ལ། འདི་ཉིད་ཀྱི་རིགས་པས་ཡུལ་བདུན་བཅུ་དོན་གཉིས་ཀྱང་སོ་དྲུག་པོ་ལ་ཐབས་ཤེས་སུ་ཕྱེ་བ་ལས་གྱུར་བར་རྟོགས་སླ་བ་ཉིད་དོ། །མི་ཤིགས་པ་ལས་འགྲོ་འོང་དང་འབྱུང་འཇུག་གི་མཚན་ཉིད་ཅན་གྱི་རླུང་དུ་གྱུར་པའི་ཚུལ་ཡང་། མི་ཤིགས་པ་ཆ་ཤས་ཀུན་ཚང་དེ་ཉིད་གཡོ་བའི་ཆ་ནས་རླུང་དུ་བརྗོད་པ་དེ་དག་ལས་དང་ཡེ་ཤེས་འདྲེས་པར་གནས་པ་ཉིད་ལ། མུན་པའི་དབང་ལས་སྒྲ་གཅན་གྱི་རླུང་དང་རྡུལ་གྱི་དབང་ལས་ཉི་མའི་རླུང་དང་སྙིང་སྟོབས་ཀྱི་དབང་ལས་ཟླ་བའི་རླུང་དུ་བཤད་པས། ཟླ་ཉི་སྒྲ་གཅན་གྱི་རླུང་གསུམ་ཞེས་བྱ་ལ། དེ་ཡང་འབྱུང་བ་ལྔའི་རང་བཞིན་ཅན་ཡིན་པས། རྩ་བའི་རླུང་ལྔ་དང་། དེས་འབྱུང་གྱུར་གྱི་ཆོས་ལྔ་བསྐྱེད་པ་ལས་གྱུར་པ་ཡན་ལག་གི་རླུང་ལྔ་སྟེ། རླུང་བཅུ་རགས་པར་གྲུབ་པ་ན། འབྱུང་འཇུག་གི་མཚན་ཉིད་ཅན་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཕྱི་ནང་དུ་འགྲོ་འོང་བྱེད་བས། སྐྱེས་བུ་ཚེ་ལོ་བརྒྱ་པ་དབང་པོ་བརྒྱ་པ་ཞེས་འབྱུང་བ་ལྟར་ན། ཚེ་གཅིག་གི་རླུང་བསྡོམས་པས་དབུགས་དུང་ཕྱུར་ཕྲག་བདུན་དང་། བྱེ་བ་བདུན། ས་ཡ་བདུན། འབུམ་ཕྲག་དྲུག་རྣམས་ཕྱི་ནང་དུ་འགྲོ་འོང་བྱེད་ཅིང་། ཕྱིར་རྒྱུས་ནས་ཡེ་ཤེས་ཀྱི་སྟོབས་ཟད་པར་བྱེད་པས། ཕྱིར་འགྲོ་བ་འཕེལ་བས་འཆི་ལྟས་དང་། ནང་དུ་ཟིན་པས་ཡེ་ཤེས་འཕེལ་ཏེ་འཆི་མེད་འགྲུབ་པ་སོགས་ལེའུ་བཞི་པའི་གཞུང་ཉིད་ན་གསལ་ཞིང་། མི་ཤིགས་པ་ལས་ཐིག་ལེ་དཀར་དམར་དབབ་བཟློག་སོགས་ཀྱི་བྱེད་ལས་དང་ལྡན་པར་གྱུར་པའི་ཚུལ་ཡང་། གདོད་མའི་མི་ཤིགས་པའི་ཐིག་ལེ་དེ་ཉིད་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ཡིན་པ་ལ། དེ་ཡང་རྣམ་ཤེས་ཀྱི་དངས་མ་དང་ཡེ་ཤེས་ཀྱི་དངས་མ་ཆུ་དང་འོ་མ་ལྟར་འདྲེས་པའི་དབང་ལས། རྣམ་པར་ཤེས་པས་རང་ངོ་མ་ཤེས་ཤིང་རྨོངས་ནས་བདག་ཏུ་གཟུང་བ་ལས་གཞན་སྣང་ཀྱང་ཤར་ཏེ། གཉིས་འཛིན་གྱི་མ་རིག་པ་འཕེལ་བས་འཁྲུལ་པ་མ་རིག་པའི་ཐིག་ལེར་གྲུབ་ཅིང་། དེ་ཡང་ཁུ་བའི་དབང་ལས་དཀར་ཆ་དང་རྡུལ་གྱི་དབང་ལས་དམར་ཆ་དང་རླུང་གི་དབང་ལས་སྒྲ་གཅན་གྱི་ཁམས་སུ་བརྗོད་ལ། དེ་གསུམ་ལ་གཉིས་སྣང་ཞུགས་ཏེ་བདག་གཞན་དུ་རྟོག་པ་ལས། དཀར་ཆའི་དངས་མ་བདེ་བ་ཆེན་པོའི་གནས་དང་དམར་ཆའི་དངས་མ་སྤྲུལ་པའི་གནས་དང་སྒྲ་གཅན་གྱི་དངས་མ་ཆོས་ཀྱི་འཁོར་ལོའི་གནས་སུ་འཕེལ་ཞིང་འགྲིབ་བོ། །དེ་ལས་སྙིགས་མའི་ཁམས་རྣམས་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་སུ་འབབ་ཅིང་ཟད་པར་བྱེད་ལ། རྣལ་འབྱོར་གྱི་སྟོབས་ཀྱིས་ནི་འཛིན་པ་དང་བཟློག་པ་དང་དགྲམ་པ་ལ་མཁས་པར་བྱས་པས། སྒྲ་གཅན་གྱི་ཁམས་ལས་བྲལ་བའི་ཡོན་ཏན་དང་ཟླ་ཉིའི་ཁམས་ལས་རྣམ་སྨིན་གྱི་ཡོན་ཏན་སྟེ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ཡེ་ཤེས་ཀྱི་སྐུར་འགྱུར་བ་ཡིན་ནོ། །མི་ཤིགས་པ་ལས་ཚོགས་བརྒྱད་སོགས་སུ་གྱུར་པའི་ཚུལ་ཡང་མི་ཤིགས་པ་དེ་ཉིད་རྣམ་ཤེས་དང་ཡེ་ཤེས་དབྱེར་མི་ཕྱེད་པ་ཉིད་པས་བདག་གཞན་དུ་རྟོག་པའི་དབང་གིས་དེ་ལྟར་གྱུར་པ་སྟེ། མུན་ཅན་གྱི་དབང་ལས་སེམས་ཀུན་གཞི་དང་རྐྱང་མས་ཉོན་ཡིད་ཀུན་གཞི་ལ་རྟག་ཏུ་རྟོག་པའི་མཚན་ཉིད་ཅན་དང་རོ་མས་ཚོགས་དྲུག་གཟུང་བའི་རང་སྣང་ཅན་དུ་བསྐྱེད་ནས། གཉིས་སྣང་གི་དབང་ལས་འདུ་བྱེད་ཀྱི་ཚོགས་ལྔ་བཅུ་རྩ་གཅིག་ཀྱང་གྲུབ་སྟེ། དེ་ལས་འཁོར་བའི་འཁྲུལ་སྣང་མཐའ་ཡས་པ་ལས་ཀྱང་མཐའ་ཡས་པའི་བར་དུ་འཕེལ་བར་གྱུར་ཏོ། །དེ་ལྟར་གཞི་དུས་ཀྱི་འཁྲུལ་སྣང་སྣ་ཚོགས་པ་དེ་ཉིད་ལམ་གྱིས་སྦྱངས་པ་ལས། གཞི་ཉིད་འབྲས་བུར་འགྱུར་བའི་དོན་གྱིས་ན་གཞི་འབྲས་དབྱེར་མེད་པ་ཞེས་བྱ་བ་ནི། བཀའ་རྒྱུད་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་ལེགས་པར་བཤད་པ་སྟེ། གཞི་ལ་ལམ་དང་ལམ་ལ་འབྲས་བུ་གནས་པའི་ཚུལ་ཡང་མདོ་ཙམ་བཤད་པར་བྱ་སྟེ། ཀྱཻ་རྡོ་རྗེ་ལས། ཟླ་བ་བཅུ་ཡང་ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཞེས་གསུངས་པ་ལྟར་མངལ་དུ་ས་བཅུ་རྫོགས་པའི་ཚུལ་ཡང་། སེམས་ཁུ་ཁྲག་གི་དབུས་སུ་ཞུགས་པ་ལས་དཀར་དམར་སེམས་གསུམ་རོ་གཅིག་ཏུ་གནས་པ་ཉིད་ཀྱིས་ན། དཀར་ཆ་གནས་པའི་ཕྱིར་གནས་དང་ཉེ་བའི་གནས་ཏེ་ས་དང་པོ་དང་གཉིས་པའོ། །ཟླ་བ་གཉིས་པ་སོགས་ནས་རྩ་བ་དང་ཡན་ལག་གི་རླུང་ལྔའི་གྲུབ་རིམ་གྱིས་རྩ་རྣམས་ཆགས་ཤིང་སྐྱེ་མཆེད་རྣམས་གྲུབ་པ་ན། ཁམས་ལ་ལོངས་སྤྱོད་པའི་དོན་གྱིས་ཞིང་དང་ཉེ་བའི་ཞིང་སྟེ་ས་གསུམ་པ་དང་བཞི་པའོ། །དེའི་འོག་ཏུ་དོན་ལྔ་གྲུབ་པ་འདྲེས་པའམ་སྦས་པའི་དོན་གྱིས་ན་ཚནྡྷོ་དང་ཉེ་བའི་ཚནྡྷོ་ཧ་སྟེ་ས་ལྔ་པ་དང་དྲུག་པའོ། །བྱེད་པའི་མཚན་ཉིད་ཅན་གྱི་ལས་དབང་གྲུབ་པའི་ཚེ་དངས་སྙིགས་ཀྱི་ཁམས་འདུ་བའི་དོན་གྱིས་ན་འདུ་བ་དང་ཉེ་བའི་འདུ་བ་སྟེ་ས་བདུན་པ་དང་བརྒྱད་པའོ། །ཟླ་བ་བརྒྱད་པ་སོགས་ནས། དྲི་མ་འདོར་བའི་དོན་གྱིས་ན་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དེ་ས་དགུ་པ་དང་བཅུ་པའོ། །མངལ་སྦུབས་དབྲལ་ཏེ་ཕྱིར་བྱུང་ཞིང་བཙས་ནས་ཟླ་བ་གསུམ་གྱི་རིང་ལ་རྩ་རྫོགས་པར་ཆགས་པ་ནི་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་དེ་ས་བཅུ་གཅིག་པ་དང་བཅུ་གཉིས་པའོ། །དེ་ལྟ་བུའི་ས་ལམ་ལ་རང་དོན་དུ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་ནས་གཞན་སྣང་དུ་གཟུགས་ཀྱི་སྐུའི་བཀོད་པས་མཐའ་ཡས་པའི་གདུལ་བྱའི་དོན་འབད་མེད་དུ་མཛད་པ་ཅན་གྱི་འབྲས་བུ་གནས་པའི་ཚུལ་ནི་གཞུང་ཉིད་ལས། དྲི་མེད་དག་པ་སངས་རྒྱས་ཏེ། །དེ་ཕྱིར་འགྲོ་ཀུན་སངས་རྒྱས་ཉིད། །ཅེས་པའི་འགྲེལ་པར་བརྟག་གཉིས་ཀྱི་ལུང་དྲངས་པ་ལས་ཀྱང་། འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་རོ། །ངེས་པའི་དོན་དུ་ནི། རྩ་རླུང་ཐིག་ལེ་ལ་སོགས་པ་འདི་དག་ཀྱང་གནས་ལུགས་ཀྱི་རང་འོད་ཁམས་ལྔར་འཆར་བའི་ངེས་པས་ཁམས་དང་ཤེས་པ་དབྱེར་མི་ཕྱེད་པར་འདྲེས་པ་ཉིད་ལ་ཆ་ཤས་སོ་སོ་ནས་བརྗོད་པ་སྟེ། གདོད་མའི་མི་ཤིགས་པའི་ཐིག་ལེ་ཆེན་པོ་ཞེས་པའི་གོ་དོན་ཀྱང་ཐོག་མའི་མཐའ་མེད་པའི་དོན་གྱིས་ན་གདོད་མ་དང་མི་ཕྱེད་པའི་དོན་གྱིས་ན་མི་ཤིགས་པ་དང་སྣང་བ་དུ་མ་ཁྱབ་པར་གདལ་བའི་དོན་གྱིས་ན་ཐིག་ལེ་དང་ཆོས་ཐམས་ཅད་ལ་མ་ཁྱབ་པ་མེད་པའི་དོན་གྱིས་ན་ཆེན་པོ་སྟེ། དེ་ལྟར་མི་ཤིགས་པའི་ཐིག་ལེ་ཆེན་པོ་དེ་ཉིད་ལ། རྟེན་བྱེད་པའི་ཆ་ནས་རྩ་དང་བརྟེན་པ་ཡོན་ཏན་གྱི་ཆ་ནས་ཐིག་ལེ་དང་གཡོ་བའི་ཆ་ནས་རླུང་དང་རྒྱུའམ་ཁམས་ཀྱི་ཆ་ནས་ཡི་གེ་དང་འཆར་སྒོའི་ངོས་ནས་སྣང་བ་གསུམ་གྱི་ཤེས་པ་དང་ཡུལ་ལ་བདག་པོར་གྱུར་པའི་ཆ་ནས་དབང་པོ་དང་། ཆོས་ཐམས་ཅད་ཀྱི་བག་ཆགས་སྤུངས་པའི་ཆ་ནས་ཕུང་པོ་དང་བྱེད་པ་པོ་གཞན་མེད་ལ་རང་གི་མཚན་ཉིད་འཛིན་པའི་ཆ་ནས་ཁམས་དང་ཕྱི་ནང་གི་ཆོས་མཐའ་དག་སྐྱེ་ཞིང་མཆེད་པར་བྱེད་པའི་ཆ་ནས་སྐྱེ་མཆེད་དང་། སྣང་བ་སྣ་ཚོགས་པའི་ཆ་ནས་ཡུལ་དང་སྣ་ཚོགས་སུ་སྣང་ཡང་སྣང་མཁན་ཉིད་ལས་གཞན་མ་གྲུབ་པའི་ཆ་ནས་ཡུལ་ཅན་དང་། གཉིས་སུ་སྣང་བའི་ཆ་ནས་འཁོར་བ་དང་དོན་ལ་གཉིས་སུ་མེད་པའི་ཆ་ནས་མྱ་ངན་ལས་འདས་པ་དང་། གཞི་ཐོག་ན་འབྲས་བུ་ལྷུན་གྱིས་གྲུབ་པ་ཉིད་མངོན་དུ་བྱེད་པའི་ཐབས་ཀྱི་ཆ་ནས་ས་ལམ་དང་། འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་རྫོགས་པའི་ཆ་ནས་སྐུ་དང་ཡེ་ཤེས་ལ་སོགས་པའི་རྣམ་གཞག་དང་། རེ་རེ་ལའང་ཆ་ཤས་མཐའ་དག་རྫོགས་པར་ཚང་བའི་ཆ་ནས་ཐམས་ཅད་ཀྱང་ཕྱོགས་རེ་རེ་ཙམ་བརྗོད་པ་སྟེ། མདོར་ན། གཤིས་སྐྱེ་མེད་ཀྱི་ཆ་ནས་རླུང་དང་གདངས་འགག་མེད་ཀྱི་ཆ་ནས་རྩ་དང་རྩལ་སྣ་ཚོགས་ཀྱི་ཆ་ནས་ཐིག་ལེ་སྟེ། གཤིས་གདངས་རྩལ་གསུམ་གྱི་ཆ་ལ་རླུང་ཁུ་རྡུལ་གསུམ་མམ། དེ་གསུམ་ལ་རྡུལ་མུན་སྙིང་སྟོབས་སམ། ལྷའི་གཙོ་བོ་གསུམ་དང་དུག་གསུམ་མམ་ཁམས་གསུམ་ལ་སོགས་པ་འཁོར་བའི་ཆོས་དང་། བདེ་གསལ་མི་རྟོག་པ་སོགས་ཉམས་དང་གསལ་སྟོང་འཛིན་མེད་སོགས་རྟོགས་པ་སྟེ་ལམ་དང་། རྡོ་རྗེ་གསུམ་དང་སྐུ་གསུམ་སོགས་འབྲས་བུར་བརྗོད་དོ། །ངེས་པའི་དོན་གྱི་གནད་འདི་མ་གོ་བས། རྩ་ཆུ་རྒྱུས་པ་སྦུབས་ཅན་དང་རླུང་ཕྱི་ནང་དུ་འགྲོ་འོང་བྱེད་པའི་དབུགས་དང་ཐིག་ལེ་ཁུ་བ་དཀར་དམར་དུ་འདོད་པ་དག་གིས་ནི། ངེས་དོན་གྱི་ཕྱོགས་ཙམ་དུའང་མ་ཕྱིན་པ་སྟེ། ལོག་པར་རྟོག་པའི་བློ་ཅན་དེས་རྩ་དབུ་མ་ལུས་ཀྱི་དབུས་སུ་བསྒོམས་ནས་རླུང་བཟུང་བས་སྒྱུ་མ་ཕུས་བཏབ་པ་ལྟར་གང་བའི་ནང་དུ་ཐིག་ལེ་འབར་འཛག་གི་རྣམ་པར་དབབ་ཟློག་བྱས་པས་གཟུང་འཛིན་དངས་ནས་ཡེ་ཤེས་འཆར་བར་མི་འགྱུར་རོ། །དེའི་ཕྱིར་མ་བཅོས་པའི་རང་བབས་གསལ་ལ་མི་རྟོག་པ་ཉིད་ཉམས་སུ་བླངས་པས་གཟུང་འཛིན་དབུ་མར་གྲོལ་ནས་ཆོས་ཀྱི་སྐུ་མཁའ་ཁྱབ་ཀྱི་ཡེ་ཤེས་མངོན་དུ་བྱེད་པའི་མན་ངག་གི་གསང་། ཟབ་མོ་རྡོ་རྗེ་ཐེག་པའི་ཉེ་ལམ་སྙིང་པོར་གྱུར་པ་དེ་ཉིད། མཚན་ཉིད་དང་ལྡན་པའི་བླ་མ་མཆོག་གི་དྲིན་ལས་ཤེས་པར་བྱོས་ཤིག་ཅེས་སྐལ་བ་དང་ལྡན་པ་རྣམས་ལ་ལྷག་པར་ཡང་བརྩེ་བ་ཆེན་པོས་རྗེས་སུ་གདམས་པ་ཡིན་ནོ། །དེ་ལྟར་སྤྱིའི་དོན་ཅུང་ཟད་བརྗོད་ནས་ད་ནི་གཞུང་གི་དོན་བཤད་པར་བྱ་སྟེ། དེ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་གསུམ་སྟེ། བསྟན། བཤད་། བསྡུ་བའོ། །དང་པོ་ནི། ལུས་ནི་སོགས་རྐང་པ་གསུམ་སྟེ། འཁོར་བའི་ལུས་འདི་ནི་གྲུབ་པའི་ཚུལ་དེ་བཤད་ན། ཀུན་གཞི་སྲོག་ཆེན་པོའི་རླུང་དང་བཅས་པ་དེས། ཁམས་གསུམ་དུ་སྐྱེ་བར་སྦྱོར་བ་ལ་བརྟེན་ནས་ལུས་འགྲུབ་པ་ཡིན་ལ། ན་ཞེས་པ་འོག་མ་འདྲེན་པའི་ཚིག་གོ །གཉིས་པ་རྒྱས་བཤད་ལ་གཉིས་ཏེ། ཁམས་གསུམ་གྱི་སྐྱེ་བ་ལེན་ཚུལ་སྤྱིར་བསྟན་པ་དང་། མིའི་སྐྱེ་བ་ལེན་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། གཟུགས་མེད་ཁམས་པའི་སྐྱེ་བ་ལེན་ཚུལ། གཟུགས་ཁམས་པའི་སྐྱེ་བ་ལེན་ཚུལ། འདོད་ཁམས་པའི་སྐྱེ་བ་ལེན་ཚུལ་ལོ། །དང་པོ་ནི། འདུ་བྱེད་སོགས་ཚིགས་བཅད་གཅིག་སྟེ། སེམས་ཡུལ་ལ་འདུ་བྱེད་པ་འཕེན་འགྲུབ་ཀྱི་ལས་དང་བཅས་པའི་ཀུན་གཞིའི་རྣམ་ཤེས་ཀྱིས་ནམ་མཁའ་མཐའ་ཡས་དང་རྣམ་ཤེས་མཐའ་ཡས་ལ་སོགས་པའི་ཏིང་ངེ་འཛིན་བཞི་པོ་གང་ཡང་རུང་བ་ཡུལ་དུ་བྱས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་ལྷ་དེར་སྐྱེ་བ་ནི་གཟུགས་མེད་ཁམས་པ་ཞེས་བྱ་བ་ཡིན་ལ། དེ་ཡང་བག་ཆགས་དང་བཅས་པའི་ཡིད་ཀྱི་ལུས་ཅན་ཏེ། དེར་སྐྱེས་བའི་སོ་སྐྱེ་རྣམས་ནི་ཉོན་ཡིད་དང་བཅས་པའི་ཡིད་ཀྱི་ལུས་ཅན་ནོ། །འདིར་རང་འགྲེལ་ལས། སེམས་བག་ཆགས་དང་ཞེས་པ་ནས་ལུས་ཡིན་ནོ། །ཞེས་གསུངས་པའི་དོན་ལ། བདག་གི་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། རྩ་བར་ཡིད་ལུས་སོ། །ཞེས་གསུངས་པ་ནི་ཡིད་དང་རྗེས་སུ་མཐུན་པའི་ལུས་ཅན་ཡིན་པ་ལ་དགོངས་ཀྱི། བེམས་ཤེས་ལྡན་མིན་གསུམ་གྱི་ཟླས་ཕྱེ་བའི་ཤེས་པའི་ལུས་ཅན་ཁོ་ནར་མ་ངེས་ཏེ། བག་ཆགས་ཀྱི་ལུས་ཅན་དུ་གསུངས་པའི་ཕྱིར། དེས་ན་ཐེག་པ་ཐུན་མོང་པ་ཕ་རོལ་ཏུ་ཕྱིན་པ་ལས་བཤད་པའི་རྡུལ་ཕྲན་བསགས་པའི་ལུས་མེད་ཀྱང་རྡོ་རྗེ་ཐེག་པ་ལས་བཤད་པའི་རྡུལ་ཕྲན་བསགས་པའི་ལུས་ནི་ཡོད་ལ། བསྟན་དུ་ཡོད་པ་མིག་ཤེས་ལ་སྣང་བའི་གཟུགས་མེད་ཀྱང་བསྟན་མེད་ཐོགས་མེད་ཀྱི་གཟུགས་མི་སྣང་བའི་མཚན་ཉིད་ཅན་ནི་ངེས་པར་ཡང་ཡོད་དེ། །འབྱུང་བ་ཆེན་པོས་བསྡུས་པ་རགས་པའི་ལུས་མེད་ཀྱང་། ཏིང་ངེ་འཛིན་གྱི་འབྱུང་ཆུང་གིས་བསྡུས་པ་ཕྲ་བའི་ལུས་ཡོད་པའི་ཕྱིར་རོ། །དེ་ཡང་སྲིད་རྩེ་ནས་ནམ་མཁའ་མཐའ་ཡས་ཀྱི་བར་ལ་རིམ་པ་བཞིན་དུ་ཟད་པར་ནམ་མཁའི་རླུང་མེ་ཆུ་ས་བཞི་ལས། གཅིག་དང་གཉིས་དང་གསུམ་དང་བཞི་ཆར་གྱི་ལུས་ཡོད་ལ། ལུས་ཙམ་དུ་མ་ཟད། ཏིང་ངེ་འཛིན་གྱི་འབྱུང་ཆུང་གིས་བསྡུས་པའི་དབང་པོ་གཟུགས་ཅན་པའང་ཡོད་དོ། །དེ་ལྟ་མོད་ཀྱིས་དབང་པོ་གཟུགས་ཅན་པ་དེ་རྣམས་ཀྱིས་གཟུགས་ལ་བལྟ་བ་སོགས་སྒོ་ལྔའི་རྣམ་ཤེས་ཀྱི་རྟེན་མི་བྱེད་པ་ནི་གཟུགས་མེད་ཀྱི་ཏིང་ངེ་འཛིན་གྱི་མཐུ་ལས་ཡིན་ནོ། །དེའི་ཕྱིར་གཟུགས་མེད་ཅེས་པའི་སྒྲས་བརྗོད་པའི་དོན་ནི། དམན་པ་ལ་དགག་སྒྲ་སྦྱར་བ་སྟེ། ལྷའི་བུ་མོ་རྐེད་པ་ཕྲ་བ་ལ། ལྷ་མོ་རྐེད་མེད་མ་ཞེས་བརྗོད་པ་བཞིན་ནོ། །ཞེས་གསུང་སྟེ། རྡོ་རྗེ་ཐེག་པའི་ཟབ་མོའི་ངེས་གསང་མངོན་སུམ་དུ་མཁྱེན་པའི་ལེགས་བཤད་དོ། །གཉིས་པ་ལ་གཉིས། དངོས་དང་། ཞར་ལ་ཁམས་གོང་མ་གཉིས་ཀྱི་འཛག་པ་བཤད་པའོ། །དང་པོ་ནི། བསམ་གཏན་སོགས་རྐང་པ་གསུམ་སྟེ། གོང་དུ་སྨོས་པའི་འདུ་བྱེད་སོགས་གསལ་བྱེད་དུ་སྦྱར་ནས། སེམས་ཡུལ་ལ་འདུ་བྱེད་པ་དང་བཅས་པའི་རྣམ་ཤེས་ཀྱིས་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ཟག་བཅས་བཞི་པོ་གང་རུང་ཡུལ་དུ་བྱས་པ་ལ་བརྟེན་ནས། ཁམས་གོང་མ་གང་དུ་སྐྱེས་པ་དེ་ནི་གཟུགས་ཁམས་པ་ཞེས་བྱ་བ་ཡིན་ཏེ། དེ་ནི་འདོད་པ་ལས་གྱེན་དུ་བསྐྱོད་པ་འདོད་སྲེད་ནི་རགས་པ་བཅོམ་པ་ཀུན་རྫོགས་པའི་ལུས་གོས་དང་བཅས་ཤིང་རྫུས་ཏེ་སྐྱེ་བ་ཡིན་ནོ། །དེ་ཡང་ཁམས་གོང་མ་དེ་གཉིས་སུ་སྐྱེ་བའི་རྒྱུ་འདུ་བྱེད་ནི་གཉིས་ཏེ། འཕེན་པར་བྱེད་པའི་ལས་དང་འགྲུབ་པར་བྱེད་པའི་ལས་མངོན་པར་འདུ་བྱེད་པའོ། །དེ་ནི་སོ་སོའི་ཉེར་བསྡོགས་དང་དངོས་གཞིའི་སྙོམས་འཇུག་སྟེ། དེ་དག་ཀྱང་ཕྲ་རགས་ཀྱི་དབང་ལས་སོ་སོར་གཉིས་གཉིས་སོ། །དེ་ཡང་གནས་ཀྱི་དབང་ལས་སོ་སོར་བཞི་བཞི་སྟེ་བརྒྱད་དོ། །དེ་ལས་ཀྱང་བསམ་གཏན་བཞི་ལ་སོ་སོར་གསུམ་གསུམ་སྟེ་བཅུ་གཉིས་ལས་བསམ་གཏན་དང་པོའི་ཉེར་བསྡོགས་དང་དངོས་གཞི་ཆུང་དུ་བསྒོམས་པས་ནི་ཚངས་རིས་སུ་སྐྱེ་ལ། འབྲིང་གིས་ཚངས་པ་མདུན་ན་འདོན་དང་། ཆེན་པོས་ཚངས་ཆེན་དུ་སྐྱེའོ། །དེ་བཞིན་དུ་གཉིས་པའི་ཆུང་འབྲིང་ཆེན་པོས་ནི་འོད་ཆུང་དང་ཚད་མེད་འོད་དང་འོད་གསལ་དུ་སྐྱེ་ཞིང་། གསུམ་པས་ནི་དགེ་ཆུང་དང་ཚད་མེད་དགེ་དགེ་རྒྱས་སུ་སྐྱེ་ལ། བཞི་པས་ནི། སྤྲིན་མེད་བསོད་ནམས་སྐྱེས་འབྲས་བུ་ཆེར་སྐྱེ་བའོ། །གཟུགས་ཁམས་ཀྱི་གནས་བཅུ་དྲུག་ཡོད་པས་ལྷག་མ་གཞན་བཞི་ནི། གཙང་མའི་གནས་བཞི་ཡིན་ལ། དེར་སྐྱེ་བའི་རྒྱུ་འདུ་བྱེད་ནི་བཞི་པའི་ཏིང་ངེ་འཛིན་དེ་ཉིད་ཤེས་རབ་དང་འབྲེལ་བ་སྟེ། ཆོས་མངོན་པ་ལས། བསམ་གཏན་སྤེལ་མ་བསྒོམས་པས་གནས་གཙང་ལྔར་སྐྱེ་བར་གསུངས་པ་དང་ཆ་འདྲའོ། །ཕ་རོལ་དུ་ཕྱིན་པ་ལས་གནས་རིགས་བཅུ་བདུན་དུ་གསུངས་ཤིང་། འགའ་ཞིག་བཅོ་བརྒྱད་དུ་འདོད་པར་བྱེད་ཀྱང་། འདུ་ཤེས་མེད་པའི་ལྷ་ཚེ་རིང་པོར་སྐྱེ་བའི་རྒྱུ་ནི་འཇིག་རྟེན་པའི་བསམ་གཏན་གསུམ་པ་ལས་འདུ་ཤེས་དང་ཚོར་བ་འགོག་པ་ལ་མྱང་འདས་སུ་འཛིན་པའི་དབང་གིས་འདུ་ཤེས་མེད་པ་པའི་སྙོམས་འཇུག་བསྒོམས་པ་ལས་ཏེ། དེའི་གནས་ནི་འབྲས་བུ་ཆེའི་ལྷ་དང་གྲོང་དང་དགོན་པའི་ཚུལ་དུ་གནས་པར་བཤད་པས། གནས་གཞན་ལོགས་སུ་མི་བགྲང་ལ། ཤིན་ཏུ་མཐོ་དང་གྱ་ནོམ་སྣང་ནི་དོན་གཅིག་ལ་མིང་སོ་སོར་བརྗོད་པ་ཙམ་དུ་འདོད་པས་འདིར་ནི་གཟུགས་ཁམས་གནས་རིགས་བཅུ་དྲུག་ཏུ་བཞེད་པ་ཡིན་ནོ། །དེ་ལྟར་གཟུགས་དང་གཟུགས་མེད་དུ་སྐྱེ་བ་རྣམས་རྟེན་འབྱུང་བ་ལྔའི་ཁམས་གང་གི་དབང་གིས་སྐྱེ་ཞེ་ན་གནས་གཞན་ཉི་ཤུ་པོ་ཐམས་ཅད་ལ་སེམས་ཀྱི་ཟག་པ་དང་ལུས་ཀྱི་འཛག་པ་ཡང་ཡོད་པས། དེའི་ཕྱིར་ན། གཉིས་པ་ནི། ནམ་མཁའ་སོགས་རྐང་པས་དམན་པའི་ཚིགས་བཅད་གཉིས་ཏེ། གཞན་དག་ན་རེ། ཁམས་གོང་མ་གཉིས་སུ་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པ་མི་འཐད་པར་ཐལ། མཆོག་ཏུ་མི་འགྱུར་བའི་མདོར་བསྡུས་ཆེན་པོ་ལས་ཁུ་བ་ལྟུང་བ་འཁོར་བའི་རྩ་བར་བཤད་ཅིང་། གོང་མ་གཉིས་ན་དེ་མེད་པའི་ཕྱིར་ཏེ། གཟུགས་མེད་ཁམས་ན་གཟུགས་མེད་ཅིང་། གཟུགས་ཁམས་ན་ཕོ་མོའི་དབང་པོ་དང་རྩའི་འཁོར་ལོ་སོགས་མེད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། འདོད་པ་ལས་གནས་གཞན་གཟུགས་ཁམས་གནས་རིགས་བཅུ་དྲུག་གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ་ཉི་ཤུར་གང་དུ་སྐྱེས་པའི་རྒྱུ་ནི་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་འབྱུང་ཆུང་དུ་རྣམ་པར་ཕྱེ་བའི་ལུས་སེམས་ཀྱི་འཛག་པ་ཡོད་པའི་ཕྱིར། ཇི་ལྟར་ཡོད་ཅེ་ན། གནས་གཞན་ཉི་ཤུར་སྐྱེ་བ་དེ་ཡི་རྒྱུ་འཛག་པ་ཉི་ཤུ་ནི་གནས་ཉི་ཤུ་དག་གོ་རིམས་བཞིན་དུ་སྦྱར་ན། ཁམས་ཅིག་སྟེ་ཟད་པར་ནམ་མཁའི་ཏིང་ངེ་འཛིན་གྱི་རླུང་མེ་ཆུ་སའི་འཛག་པ་བཞི་དང་ལྡན་པས་གཟུགས་མེད་ཀྱི་གནས་བཞིར་སྐྱེ་བ་ཡིན་ལ། དེའི་ཐོག་ཏུ་ཟད་པར་རླུང་གི་ཏིང་ངེ་འཛིན་གྱི་རླུང་མེ་ཆུ་སའི་འཛག་པ་དང་བཞི་ཡོད་པས་འཕགས་པའི་གནས་བཞིར་སྐྱེ། དེའི་ཐོག་ཏུ་ཟད་པར་མེའི་ཏིང་ངེ་འཛིན་གྱི་རླུང་མེ་ཆུ་སའི་འཛག་པ་དང་བཞི་ཡོད་པས་འབྲས་བུ་ཆེ་ནས་དགེ་རྒྱས་ཀྱི་བར་དུ་སྐྱེ། དེའི་ཐོག་ཏུ་ཟད་པར་ཆུའི་ཏིང་ངེ་འཛིན་གྱི་རླུང་མེ་ཆུ་སའི་འཛག་པ་དང་བཞི་ཡོད་པས་ཚད་མེད་དགེ་ནས་ཚད་མེད་འོད་ཀྱི་བར་དུ་སྐྱེ། དེའི་ཐོག་ཏུ་ཟད་པར་ལྔ་པ་སའི་ཏིང་ངེ་འཛིན་གྱི་རླུང་མེ་ཆུ་སའི་འཛག་པ་དང་བཞི་ཡོད་པས་འོད་ཆུང་ནས་ཚངས་རིགས་ཀྱི་བར་དུ་སྐྱེ་བ་ཡིན་ལ། རྒྱུ་མཚན་དེའི་ཕྱིར་ན། འཛག་པ་གཅིག་ཡོད་པས་སྲིད་རྩེར་སྐྱེ་བ་ནས་འཛག་པ་ཉི་ཤུ་དང་ལྡན་པའི་དབང་གིས་ཚངས་རིགས་སུ་སྐྱེ་བའི་བར་དུ་སྟེ་འཛག་པ་ཉི་ཤུ་པོ་དང་། གནས་གཞན་ཉི་ཤུ་པོ་རེ་རེ་བཞིན་སྦྱར་བའི་ཚུལ་ཞིབ་དུ་ཤེས་པར་བྱའོ། །འཛག་པ་དེ་རྣམས་ཀྱི་རྒྱུ་མ་རིག་པའི་རྟེན་འབྲེལ་ནས་འབྲས་བུ་སྐྱེ་བའི་རྟེན་འབྲེལ་དང་བཅས་པའི་བར་རྣམས། རྗེ་ཉིད་ཀྱིས་མཛད་པའི་དྲན་པ་ཉེར་བཞག་མདོར་བསྡུས་པའི་བསྟན་བཅོས་སུ་རྒྱས་པར་བསྟན་ཡོད་པས་དེར་ལྟོས་ཤིག་ཅེས་ཞལ་འཕངས་པ་ཡིན་ནོ། །ཊཱིཀ་བྱེད་ཁ་ཅིག་དྲན་པ་ཉེར་བཞག་གི་མདོ་ལ་ཞལ་འཕངས་པར་འཆད་པ་ནི་མ་བརྟགས་པ་སྟེ། འགྲེལ་པ་ལས། དྲན་པ་ཉེ་བར་བཞག་པའི་བསྟན་བཅོས་བསྡུས་པར་དེར་སྐྱེ་བའི་ཚུལ་ཞིབ་ཏུ་བཤད་པ་ནི་མདོ་དང་སྦྱར་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང་། དྲན་པ་ཉེར་བཞག་གི་མདོ་རྒྱལ་བློན་གྱི་དུས་སུ་བསྒྱུར་བ་དེར་ནི་སུམ་བཅུ་རྩ་གསུམ་མན་ལས་མ་འགྱུར་ཞིང་། དུས་ཕྱིས་པ་ཚབ་ཀྱིས་འགྱུར་ཆད་བསབས་པ་དེར་ཡང་། འཐབ་བྲལ་མན་ལས་རྒྱ་དཔེ་མ་རྙེད་པས། འདོད་ལྷ་ལྷག་མ་གསུམ་དང་ཁམས་གོང་མ་རྣམས་མངོན་པའི་གཞུང་གཞན་མང་པོ་ནས། རྗེ་ཉིད་ཀྱིས་བསྡུས་པའི་ཚུལ་ལ་བློ་ཁ་མ་ཕྱོགས་ཤིང་། མདོ་དེ་ཉིད་མ་མཐོང་པར་ཟད་པས་སོ། །ཁམས་གོང་མ་གཉིས་སུ་སྐྱེ་བའི་རྒྱུ། ལུས་སེམས་ཀྱི་འཛག་པར་བཤད་པའི་འཛག་པ་དེའི་ངོས་འཛིན་ལ། རྒྱལ་བའི་དབང་པོའི་ཞལ་སྔ་ནས་འདི་གསུང་སྟེ། དོ་ཧ་ལས། ཀྱེ་ཧོ་བཞིན་བཟང་སྙིམ་པ་ཆུས་བཀང་བ། །འཛག་པ་བཞིན་དུ་ཉམས་པ་མ་ཚོར་རོ། །ཞེས་གསུངས་པ་ལྟར། གང་ནས་འཛག གང་འཛག ཇི་ལྟར་འཛག་པ་གསུམ་ལས། དང་པོ་ནི། ལུས་སེམས་ཀྱི་གཤིས་ལུགས་མ་བཅོས་པ་དེ་ནས་འཛག །གཉིས་པ་ནི། འབྱུང་ཆུང་གི་རྣམ་པར་དབྱེ་བ་འདི་དང་འདི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་འཛག གསུམ་པ་ནི། འཁོར་བ་བསྐྱེད་ཅིང་འཕེལ་བའི་ཚུལ་དུ་འཛག་གོ །དེ་ཡང་ལུས་ཀྱི་འཛག་པ་ནི་ཁམས་བྱང་ཆུབ་ཀྱི་སེམས་ལྟུང་བ་ལ་བྱ་ཞིང་། སེམས་ཀྱི་འཛག་པ་ནི་རང་བབས་སུ་གནས་པ་ལས་སྐད་ཅིག་མའི་འགྱུར་བས་གཞན་དང་གཞན་དུ་བྱེད་ཅིང་རང་གི་ངོ་བོ་སྒྲིབ་པ་ལ་བྱ་སྟེ། དེའི་ཕྱིར་གཟུགས་མེད་ཁམས་པ་ལ་ལུས་ཀྱི་འཛག་པ་ཡོད་པར་བཤད་པ་ཡང་། ཁམས་དེ་ན་འབྱུང་ཆུང་གི་དབང་དུ་བྱས་པའི་བྱང་ཆུབ་ཀྱི་སེམས་འཛག་པ་ཡོད་པའི་དོན་ཡིན། ཞེས་གསུང་སྟེ་ཤིན་ཏུ་ལེགས་སོ། །གསུམ་པ། འདོད་ཁམས་ཀྱི་སྐྱེ་བ་ལེན་ཚུལ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། རྡོ་རྗེ་ཐེག་པའི་རྟེན་གྱི་གང་ཟག་ངོས་བཟུང་པའོ། །དང་པོ་ནི། འདོད་ཁམས་སོགས་རྐང་པ་ཕྱེད་དང་གསུམ་སྟེ། འདོད་ཁམས་ཀྱི་འགྲོ་བ་རིགས་དྲུག་ཕྲ་བ་སྲིན་བུ་ནས་རགས་པ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བར་ཐམས་ཅད་ཀྱང་། ས་ཆུ་མེ་རླུང་ནམ་མཁའ་བདེ་བ་ཡེ་ཤེས་ཀྱི་ཁམས་ཏེ་ཕྲ་བའི་ཁམས་དྲུག་དང་ལྡན་ཞིང་། སྐྱེ་གནས་བཞི་པོ་གང་རུང་དང་ལྡན་པ་ཡིན་ནོ། །འདིར་བཤད་པའི་བདེ་བ་ཡེ་ཤེས་ཀྱི་ཁམས་དང་ལྡན་པ་ནི་ཁུ་བ་ལྟུང་བའི་བདེ་བ་ཡོད་པ་ལ་བཤད་ཅིང་། སྐྱེ་གནས་བཞིར་ལྡན་ཞེས་པ་ནི། འགྲོ་བ་རིགས་དྲུག་པོ་ལ་སྐྱེ་གནས་བཞི་ཚང་བའི་དོན་ཡིན་གྱི། རིགས་དྲུག་པོ་རེ་རེ་ལ་སྐྱེ་གནས་བཞི་ཀ་ལྡན་པར་བཞེད་པ་ནི་མ་ཡིན་ནོ། །སྐྱེ་གནས་བཞི་ནི། མངལ་སྒོང་དྲོད་གཤེར་རྫུས་ཏེ་སྐྱེ་བ་དང་བཞི་ཡིན་ལ། རིགས་དྲུག་པོ་ཐམས་ཅད་སྐྱེ་གནས་བཞི་པོ་ཅི་རིགས་པ་དང་ལྡན་པའི་ཚུལ་ཡང་། མཛོད་ལས། མི་དང་དུད་འགྲོ་རྣམ་པ་བཞི། །དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མ་རྫུས་ཏེ་སྐྱེ། །ཡི་དྭགས་མངལ་ནས་སྐྱེ་བའང་ཡིན། །ཞེས་གསུངས་པ་ལྟར། མི་མངལ་སྐྱེས་ནི། དིང་སང་གི་མི་ཕལ་ཆེ་བ་ཡིན་ལ། སྒོང་སྐྱེས་ནི་ལུང་ལས། གནས་བརྟན་བྲག་དང་ཉེ་བའི་བྲག བྱ་ཁྲུང་ཁྲུང་གི་སྒོ་ང་ལས་སྐྱེས་པར་གསུངས་པ་ལྟ་བུའོ། །དྲོད་གཤེར་སྐྱེས་ནི། རྒྱལ་པོ་ང་ལས་ནུས་ཡབ་ཀྱི་སྤྱི་བོ་ལས་སྐྱེས་པ་སོགས་དང་། ཨ་མྲ་སྐྱོང་མ། ཤིང་ཨ་མྲའི་ཡལ་ག་ལས་སྐྱེས་བར་གསུངས་པ་ལྟ་བུའོ། །རྫུས་སྐྱེས་ནི་བསྐལ་པ་དང་པོའི་མི་རྣམས་དང་། ཨཱརྻ་དེ་ཝ་དང་པདྨ་འབྱུང་གནས་ལ་སོགས་པ་ལྟ་བུའོ། །དུད་འགྲོའི་སྐྱེ་གནས་བཞི་ཡང་། མངལ་སྐྱེས་ནི་རྟ་བོང་སོགས་དུད་འགྲོ་ཕལ་ཆེ་བ་དང་། སྒོང་སྐྱེས་ནི་བྱ་ལ་སོགས་པ་དང་། དྲོད་གཤེར་སྐྱེས་ནི་དབྱར་དུས་ཀྱི་འབུ་སྲིན་ཕལ་ཆེ་བ་དང་། རྫུས་སྐྱེས་ནི་རྐྱང་ནུལ་བྱི་དོར་དང་ལྡན་པའི་གནས་སུ་འབུ་སྲིན་ལ་སོགས་འབྱུང་བ་ལྟ་བུའོ། །དམྱལ་བ་སོགས་གསུམ་རྫུས་སྐྱེས་སུ་གསུངས་པའི་ལྷའི་ཁོངས་སུ་ལྷ་མ་ཡིན་ཀྱང་འདུ་བས། རྫུས་སྐྱེས་ཁོ་ནའི་འགྲོ་བ་ནི་གསུམ་ཡིན་ལ། ཡི་དྭགས་མངལ་ནས་སྐྱེ་བ་དང་། འང་གི་སྒྲས་རྫུས་སྐྱེས་ཀྱང་འཕངས་པ་སྟེ། སྐྱེ་གནས་གཉིས་པོ་ཅི་རིགས་པ་ལས་སྐྱེ་བར་ཡིད་ཆེས་པའི་རྟགས་ཀྱིས་དྲངས་པའི་རྗེས་སུ་དཔག་པས་ཤེས་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། རྡོ་རྗེ་ཐེག་པའི་རྟེན་དུ་དམན་པ་དང་། མཆོག་གོ །དང་པོ་ནི། འགྲོ་བ་དྲུག་ཀ་ཁམས་དྲུག་ལྡན་ཡིན་ཀྱང་འཛམ་བུའི་གླིང་དུ་སྐྱེས་པའི་མི་རྣམས་ལ། ཁམས་བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་སྐྱེ་བ་དང་། གླིང་གསུམ་ལས་གཞན་དུ་སྐྱེས་པ་རྣམས་སོ་ཐར་སྡོམ་པའི་རྟེན་དུ་མི་རུང་བའི་ཕྱིར། གཞན་དག་ཅེས་སོགས་རྐང་པ་ཕྱེད་མ་ལོངས་པའི་ཚིགས་བཅད་གཅིག་སྟེ། གླིང་གསུམ་དུ་སྐྱེས་པ་ལས་གཞན་དག་རྣམས་ཀྱི་ནང་ཚན་ངན་སོང་གསུམ་དུ་སྐྱེས་པ་ནི་རྡོ་རྗེ་ཐེག་པའི་རྟེན་དུ་དམན་ཏེ། མི་ཁོམ་པའི་གནས་སུ་སྐྱེས་པས་སོ། །གཞན་ཡང་ལྷ་དང་ལྷ་མ་ཡིན་བྱང་གི་སྒྲ་མི་སྙན་པ་རྣམས་ཀྱང་དེའི་རྟེན་དུ་དམན་ཏེ། ཚེ་སྔ་མ་དགེ་བ་བྱས་པའི་འབྲས་བུ་བདེ་བ་ལ་ཚེ་འདིར་ལོངས་སྤྱོད་པ་ཡིན་གྱི་ཚེ་འདིར་རྒྱུ་དགེ་བ་བྱེད་པ་དང་གཉེན་པོ་དམན་པས་སོ། །དེ་ཡང་ངན་སོང་གསུམ་དུ་དགེ་བའི་སེམས་སྐྱེ་བ་དཀོན་ལ་མི་དགེ་བའི་འབྲས་བུ་སྡུག་བསྔལ་འབའ་ཞིག་ལ་སྤྱོད་ཅིང་ངོ་ཚ་དང་ཁྲེལ་མེད་པས་མི་ཁོམ་པར་གསུངས་ལ། ལྷ་སོགས་གསུམ་ནི་བསོད་ནམས་ཀྱི་འབྲས་བུ་ལ་སྤྱོད་ཀྱང་དེའི་བདེ་བས་སེམས་རྣམ་པར་གཡེངས་ཏེ་གཉེན་པོ་སྐྱེ་བའི་རྒྱུ་དམན་པའི་ཕྱིར། སངས་རྒྱས་རྣམས་དེར་མཛད་པ་བཅུ་གཉིས་ཀྱི་ཚུལ་མི་སྟོན་པ་སོགས་རྡོ་རྗེ་ཐེག་པའི་སྐལ་བ་དམན་པར་གསུངས་སོ། །གཉིས་པ་རྡོ་རྗེ་ཐེག་པའི་རྟེན་མཆོག་ནི། གླིང་གསུམ་སོགས་རྐང་པ་གསུམ་སྟེ། ཤར་ལྷོ་ནུབ་སྟེ་གླིང་གསུམ་དུ་སྐྱེས་པའི་ཁམས་དྲུག་དང་ལྡན་པའི་མི་ནི། རྡོ་རྗེ་ཐེག་པ་དང་སོ་སོ་ཐར་པའི་རྟེན་གྱི་གང་ཟག་མཆོག་ཡིན་ལ། དེ་ལས་ཀྱང་འཛམ་བུའི་གླིང་དུ་ལེགས་པར་སྐྱེས་པ་ནི་རྡོ་རྗེ་ཐེག་པའི་རྟེན་གྱི་གང་ཟག་ཡང་རབ་ཡིན་ཏེ། ཚེ་འདིར་བྱས་པའི་ལས་ཀྱི་འབྲས་བུ་ཚེ་འདི་ཉིད་ལ་སྨིན་པས་ལས་ཀྱི་ས་པར་རབ་ཏུ་གྲགས་པས་ན། ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བའི་གདམས་ངག་གི་སྣོད་ལྡན་ཡིན་པའི་ཕྱིར་རོ། །ཚིག་གསུམ་པོ་འདི་ནི་སྡོམ་པ་འབྱུང་བའི་རྒྱུད་ལས་ཕྱུང་ངོ་། །གཉིས་པ་མིའི་སྐྱེ་བ་ལེན་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གཉིས། བསྐལ་པ་དང་པོའི་སྐྱེ་བ་ལེན་ཚུལ་དང་། མངལ་སྐྱེས་ཀྱི་སྐྱེ་བ་ལེན་ཚུལ་ལོ། །དང་པོ་ལ་གཉིས། རྫོགས་ལྡན་གྱི་དུས་དང་། གསུམ་ལྡན་ལ་སོགས་པ་ཇི་ལྟར་བྱུང་པའོ། །དང་པོ་ནི། རྡོ་རྗེའི་ཐེག་པའི་ལམ་གྱིས་སྦྱང་བར་བྱ་བ་ནི་སྣོད་བཅུད་དུ་འཛིན་པའི་རྣམ་པར་རྟོག་པ་ཡིན་ལ། དེའི་སྦྱང་གཞི་ཤེས་པའི་ཆེད་དུ་ཡུལ་འདིར་སོགས་ཚིག་རྐང་གཉིས་ཏེ། དང་པོར་ཆགས་པའི་ཚེ་ན་ཐུན་མོང་བ་ལྟ་བུའི་རྣམ་རིག་ལ་ཚངས་པ་ཆེན་པོ་དང་མཐུན་པར་བསྐལ་ཆུང་གཅིག་གམ་བར་བསྐལ་ཉི་ཤུར་སྣོད་ཀྱི་འཇིག་རྟེན་མས་ནས་ཆགས་ཤིང་། དེའི་འོག་ཏུ་བཅུད་ཀྱི་སེམས་ཅན་ཡས་ནས་ཆགས་པའི་ཚེ། ཡུལ་འདིར་མིའི་སྐྱེ་བ་འགྲུབ་པའི་ཚུལ་ནི་བསྐལ་པ་དང་པོའི་མི་རྣམས་རྫུས་ཏེ་སྐྱེ་བ། རང་གི་འོད་མཐའ་ཡས་པས་འཚོ་ཞིང་ལུས་དང་ཚེ་དཔག་ཏུ་མེད་ལ་དགའ་བའི་ཟླ་དང་ལྡན་པ་སོགས་གཟུགས་ཁམས་པ་ཇི་ལྟ་བ་བཞིན་ཡིན་ལ། དགེ་བ་བཅུའི་སྟོབས་རྫོགས་པའི་ཕྱིར་རྫོགས་ལྡན་ཞེས་བྱའོ། །གཉིས་པ་ནི། དེ་ནས་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། རྫོགས་ལྡན་དེ་ནས་སའི་བཅུད་བདུད་རྩི་ས་མོ་ཞག་དང་མྱུ་གུའི་ཚལ་དང་འབྲས་ས་ལུ་མ་བཏབ་པར་སྐྱེ་བ་སོགས་ལ་རིམ་གྱིས་སྲེད་པའི་དབང་གིས་དེ་རྣམས་ཀྱི་དྲི་དང་རོ་ལ་ཆགས་པ་ལས་དྲི་རོ་ཡུལ་དུ་སྣང་བའི་རྣམ་ཤེས་ལ་བླང་དོར་བྱས་ཤིང་། ཁམས་ཟས་ལ་ལོངས་སྤྱོད་པས་ལུས་ཀྱི་ཁམས་ནི་རགས་པར་སྣང་ཞིང་ཟག་པ་བྱུང་པས་ཕོ་དང་མོའི་དབང་པོའང་དོད། རང་འོད་ཉམས་པ་ན་ཁམས་དཀར་དམར་གྱི་དབང་ལས་ཉི་མ་དང་ཟླ་བ་འོད་གསལ་བར་ཆར་ཞིང་ནུབ་པས་སྣང་བ་དང་མུན་པའི་ཁྱད་པར་དང་། ང་ནི་ཚེ་རིང་ཞིང་བཟང་ལ་ཁྱོད་ནི་ངན་ནོ་ཞེས་རྩོད་པས་བདེ་བ་ལེན་ཅིང་སྡུག་བསྔལ་འདོར་བར་འདོད་པའི་སྲེད་པ་ཇེ་རགས་སུ་རྟས་པར་གྱུར་ཏོ། །འདི་དང་རྗེས་སུ་མཐུན་པར་ཆོས་མངོན་པ་མཛོད་ལས་ཀྱང་། སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། །དེ་ནས་རིམ་གྱིས་རོ་ལ་ཆགས། །ལེ་ལོས་བསོག་འཇོག་བྱས་ནས་ནི། །འཛིན་བཅས་རྣམས་ཀྱིས་ཞིང་དཔོན་བཏབས། ཤེས་སོགས་གསུངས་སོ། །གཉིས་པ་མངལ་སྐྱེས་ཀྱི་སྐྱེ་བ་ལེན་ཚུལ་ལ་གསུམ་ཁམས་དྲུག་གི་རྒྱུ་རྐྱེན་རྟེན་ནས་འབྱུང་བའི་རིམ་པ་དང་བཅས་པ་དང་། མངལ་དུ་ཇི་ལྟར་འཇུག་པའི་ཚུལ། སྐྱེ་བའི་རིམ་པ་བསྟན་པའོ། །དང་པོ་ལ་གསུམ། ཁམས་དྲུག་གི་རྒྱུ །ཁམས་ཀྱི་རང་བཞིན། ཁམས་ཀྱི་རྒྱུ་སེམས་ཀྱི་རྟེན་འབྲེལ་བཤད་པའོ། །དང་པོ་ནི། དེ་ནས་སོགས་རྐང་པས་དམན་པའི་ཚིགས་བཅད་གཉིས་ཏེ། གསུམ་ལྡན་སོགས་བྱུང་བ་དེ་ནས་མངལ་སྐྱེས་ཀྱི་ལུས་སུ་གྲུབ་པ་ན་མངལ་སྐྱེས་ཀྱི་ལུས་འདི་ལ་ནི་རུས་པ་སོགས་དྭངས་སྙིགས་ཀྱི་ཁམས་ཀྱི་ཚོགས་སུམ་བཅུ་སོ་དྲུག་པོ་མ་ལུས་པར་རོ་དྲུག་གི་གཟའ་བཏུང་ཟོས་པ་ལས་འབྱུང་སྟེ། ལུས་ཀྱི་འབྱུང་བ་ས་ཆུ་མེ་རླུང་བཞི་རྟས་ཤིང་འགྲུབ་པའི་རྐྱེན་བྱེད་ལ་རོ་དྲུག་པོ་དེ་ནི་འབྱུང་བ་ལྔ་ལས་གྲུབ་སྟེ། དེ་ཡང་ཁ་བ་རླུང་ཚ་བ་མེ་མངར་བ་ཆུ་ལན་ཚ་སའི་ཁམས་ཡིན་ལ། སྐ་བ་ནམ་མཁའ་དང་སྐྱུར་བ་ཡེ་ཤེས་ཀྱི་ཁམས་ཏེ། དེ་ལྟར་ན་འབྱུང་བཞིའི་མཚན་ཉིད་ཅན་གྱི་ཁ་བ་སོགས་བཞི་པོ་སྐ་བ་དང་སྐྱུར་བ་ནམ་མཁའ་དང་བདེ་བ་ཡེ་ཤེས་ཀྱི་ཁམས་ཐབས་དང་ཤེས་རབ་ཟུང་འཇུག་ཏུ་སྦྱོར་བ་ལ་བརྟེན་ནས་རྡོ་རྗེའི་ལུས་བརྟན་པར་བསྐྱེད་ཅིང་འགྲུབ་པར་བྱེད་དེ། རྒྱུད་ཀྱི་རྒྱལ་པོ་ལས། ལུས་འདི་ལ་ནི་ཁམས་ཀྱི་ཚོགས་སུ་མཐའ་དག་རོ་དྲུག་ཟོས་ཤིང་མཐུངས་པ་དག་ལས་འགྱུར་བ་སྟེ། རོ་དྲུག་རྣམས་ཀྱང་འབྱུང་བ་ལས་ཏེ་རབ་གསལ་ངེས་པར་འབྱུང་བའི་ཚོགས་ཀྱང་ནམ་མཁའི་ཁམས་ལས་སོ། །སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་ལ་རོ་མཉམ་འགྱུར་མེད་རྟག་པར་ཡང་ནི་འགྱུར་བ་སྟེ། ཞེས་གསུངས་པས་སོ། །གཉིས་པ་ནི། པད་མར་སོགས་རྐང་པ་དང་བཅས་པའི་ཚིགས་བཅད་གཅིག་སྟེ། མའི་པད་མར་ཆུད་པའི་ས་བོན་ནི་ཁུ་ཁྲག་དང་རྣམ་ཤེས་འདྲེས་པ་ལ་བརྗོད་དེ། ཕ་མའི་ཁམས་རྐྱང་པས་མངལ་མི་འཛིན་པའི་ཕྱིར་རོ། །མངལ་འཛིན་པའི་ཁམས་ནི་བཞིའམ་ལྔར་ཇི་ལྟར་ངེས་ཤེ་ན། དེའི་རྒྱུ་མཚན་ནི་བྱེད་ལས་ཀྱི་དབང་གིས་ཏེ། ས་ཁམས་ཀྱི་རང་བཞིན་གྱིས་རྣམ་པར་ཤེས་པ་མངལ་དུ་འཛིན་པར་བྱེད་ལ། ཆུ་ཁམས་ཀྱི་རང་བཞིན་གྱིས་ཆེར་བསྐྱེད་པ་དང་མེ་ཁམས་ཀྱི་རང་བཞིན་གྱིས་སྨིན་པར་བྱེད་ཅིང་རླུང་གི་ཁམས་ཀྱིས་འཕེལ་བར་བྱེད་ལ། ནམ་མཁའི་ཁམས་ཀྱིས་གོ་སྐབས་སོ་སོར་འབྱེད་པར་བྱེད་པ་ཡིན་པས་འབྲས་བུའི་གཟུགས་འབྱུང་གྱུར་གྱི་ལུས་སྣང་བར་བྱེད་དོ། །བྱེད་ལས་དེ་དང་ལྡན་པའི་ཁམས་དེ་ནི་ལྔ་ཚན་གསུམ་སྟེ། ལྷན་ཅིག་སྐྱེས་པའི་ཁམས་ལྔ་ནི་མི་ཤིགས་པའི་ཐིག་ལེ་ཆེན་པོ་ཁམས་ལྔའི་བདག་ཉིད་དུ་གདོད་མ་ནས་བཞུགས་པ་དེ་ཉིད་ཡིན་པས། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ལས་ཀུན་འགྲོའི་མཚན་ཉིད་ཅན་གྱི་སེམས་བྱུང་ལྔ་གསུངས་པ་དང་། སྔ་འགྱུར་ལས་སེམས་འོད་ལྔའི་ངོ་བོར་བཞུགས་པ་ཉིད་རྒྱལ་བ་རིགས་ལྔར་གསུངས་པ་དང་། རྒྱུད་སྡེ་ཕལ་ཆེ་བའི་དགོངས་པར་རླུང་འོད་ཟེར་ལྔ་ལྡན་ཞེས་འབྱུང་བ་དང་། རྗེ་ཉིད་ཀྱིས་དྭངས་མ་ལྔ་འདུས་ཀྱི་ཡེ་ཤེས་འཐད་པར་གསུངས་པ་རྣམས་དོན་འདི་ལ་དགོངས་པ་ཡིན་ལ། མངལ་གྱི་ཁམས་ལྔ་ནི། ཁུ་ཁྲག་ཕྱིར་མི་ལྟུང་བར་བརྟེན་པ་སྲ་བའི་ཆ་ལ་ས་དང་རླན་པ་ཆུ་ཁྲག་མེ་གཡོ་བ་རླུང་བུག་པ་ནི་ནམ་མཁའོ། །མངལ་ན་གནས་པ་དེའི་ཁམས་ལྔ་ནི། མངལ་གྱི་ཁམས་ལྔ་པོ་དེ་དང་ཆ་འདྲ་སྟེ། མངལ་ན་གནས་པ་དེ་ཉིད་ཁུ་ཁྲག་སེམས་གསུམ་འདྲེས་པ་ཡིན་པས་སོ། །གསུམ་པ་ནི། དེ་ཉིད་སོགས་ཚིགས་བཅད་ཕྱེད་དང་གསུམ་སྟེ། མངལ་དུ་གནས་པ་དེ་ཉིད་བསྐྱེད་པར་བྱེད་པ་ཡང་། ཀྱཻ་རྡོ་རྗེའི་བརྟག་པ་དང་པོ་ལས། ཕའི་བོ་ལ་དང་མའི་ཀ་ཀོ་ལ་སྦྱོར་བའི་རེག་པ་ལ་བརྟེན་པ་སྲ་བའི་ཆ་ལ་ང་བདག་ཏུ་བཟུང་བས་སྲ་བའི་བག་ཆགས་ཉིད་ཀྱིས་ལུས་ཀྱི་སའི་ཁམས་ནི་དེ་ལ་བརྟེན་ནས་རྟས་ཤིང་སྐྱེ་བར་འགྱུར་ལ། དེའི་བྱང་སེམས་ཁུ་བའི་རང་བཞིན་ལ་ང་བདག་ཏུ་བཟུང་བས་ལུས་ཀྱི་ཆུའི་ཁམས་ནི་འབྱུང་བ་སྟེ། དེ་གཉིས་ཀྱི་བསྐྱོད་པའི་ཆ་ལ་ང་བདག་ཏུ་བཟུང་བས་ནི་ཁྲག་འཕེལ་ནས་དྲོད་སྐྱེ་བས་མེའི་ཁམས་སྐྱེ་སྟེ། དེ་གཉིས་ཀྱི་གཡོ་བ་ལ་ང་བདག་ཏུ་བཟུང་བས་རླུང་གི་ཁམས་འབྱུང་ཞེས་རབ་ཏུ་གྲགས་ལ། དེ་གཉིས་ཀྱི་བདེ་བ་ལ་ང་བདག་ཏུ་བཟུང་བས་ནམ་མཁའི་ཁམས་ཉིད་འབྱུང་བས་དེ་ལྟར་ལྔ་པོ་དེས་རྣམ་པར་ཤེས་པ་བསྐོར་ནས་འཕེལ་བར་བྱེད་པས་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་པ་སོགས་རྟེན་ཅིང་འབྲེལ་པར་འབྱུང་བའི་དབང་ལས། ལུས་སེམས་ཀྱི་ཚོགས་པ་གྲུབ་པ་ནི་སེམས་ཀྱི་རྟེན་འབྲེལ་ལོ། །འདིའི་རྒྱས་པར་བཤད་པ་ནི་བརྟག་པ་ཕྱི་མ་ལས། འབོ་ལ་ཀ་ཀོ་ལ་སྦྱོར་བས། །རེག་པ་སྲ་བ་བག་ཆགས་ཉིད། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུ་ཡི་རང་བཞིན་ནོ། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་འབྱུང་འགྱུར་རོ། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་འབྱུང་འགྱུར་གང་། པད་མར་གང་ཞིག་སེམས་རྒྱུ་བ། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་འབྱུང་བ་ཉིད། །བདེ་བའི་འདོད་ཆགས་ཁྲག་ཏུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་སེར་སྣ་རྡོ་རྗེར་བཤད། །སེར་སྣ་ནམ་མཁའ་ལས་བྱུང་ཉིད། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །ཞེས་སོགས་གསུངས་སོ། །གཉིས་པ་མངལ་དུ་ཇི་ལྟར་འཇུག་པའི་ཚུལ་ལ་གཉིས། དང་པོར་ཇི་ལྟར་འཇུག་པའི་ཚུལ་དང་། ཞུགས་མ་ཐག་ཇི་ལྟར་འགྱུར་བའི་ཚུལ་ལོ། །དང་པོ་ནི། རྒྱུ་ནི་སོགས་ཚིགས་བཅད་གཉིས་ཏེ། མངལ་དུ་འཇུག་པའི་རྒྱུའི་གཙོ་བོ་ནི་བར་དོའི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། བག་ཆགས་སྣ་ཚོགས་པ་ཅན་ཉོན་མོངས་པ་ཅན་གྱི་ཡིད་དང་བཅས་པ་ཡིན་ཞིང་། དེ་ཡང་རླུང་གི་ངོ་བོ་ཉིད་ཡིན་པས། གཟུགས་གཞན་ཕ་མ་སྦྱོར་བ་ཐག་རིང་པོ་ནས་མཐོང་ལ་རྒྱུ་རྐྱེན་གྱི་ཁྱད་པར་དང་མངལ་བཟང་ངན་གྱི་དོན་ནི་ངེས་པར་མི་ཤེས་ཤིང་སྲོག་ཆེན་པོའི་རླུང་ཙམ་གཅིག་པུ་གཙོ་བོར་གྱུར་པས་རྨོངས་པའི་རང་བཞིན་ཡིན་ལ། དེ་ལྟ་བུའི་སེམས་ཡུལ་ལ་འདུ་བྱེད་པའི། ཉོན་ཡིད་སྔ་མའི་བག་ཆགས་དང་བཅས་པ་དེས་ཀུན་གཞིའི་རྣམ་ཤེས་འདྲེན་ཞིང་མངལ་དུ་བཀུག་ནས་ནི་ཀུན་གཞིའི་སྟེང་ན་བག་ཆགས་སྣ་ཚོགས་ཡོད་པ་རྣམས་ལས་མངལ་དུ་འཇུག་པའི་བག་ཆགས་ལ་རྣམ་པར་སྤྱོད་ཅིང་། བག་ཆགས་དེ་ཉིད་ཀྱིས་མངལ་དུ་རྣམ་པར་ཤེས་པ་བཟུང་ནས་གོང་དུ་བཤད་པའི་ཁམས་ལྔའི་བྱེད་ལས་ཀྱིས་ཁུ་ཁྲག་རྣམ་ཤེས་གསུམ་འདྲེས་ཤིང་གཞན་ནས་གཞན་དུ་འགྱུར་བར་བྱེད་པ་ཡིན་ནོ། །དེ་ཡང་། བར་དོའི་མི་ཤིགས་པ་འབྱུང་བ་ལྔའི་བདག་ཉིད་ཅན་དེ་ནི་རླུང་གི་ངོ་བོ་ཉིད་ཡིན་པས་ཕྲ་བའི་རླུང་འོད་ཟེར་ལྔ་ལྡན་ཞེས་ཀྱང་བྱ་སྟེ། མངལ་སྐྱེས་ཕལ་ཆེར་ནི་མངལ་དུ་འཇུག་པ་ལ་ཕྱོགས་པ་ན། ས་རླུང་གི་དབང་ལས་ཁུར་ཆེན་པོས་དུབ་པ་དང་སའི་འོག་ཏུ་བྱིང་བ་ལ་སོགས་པའི་སྣང་བ་དང་། ཆུ་ལས་ཆར་རླུང་དྲག་པོས་བདས་པ་དང་། མེ་ལས་ཉི་ཚན་དང་མེར་བསྲེགས་པ་དང་། རླུང་ལས་བྱ་སྒྲོ་བཞིན་དུ་རླུང་གིས་ཁྱེར་བ་དང་། ནམ་མཁའ་ལས་གནམ་དམུས་པ་ལ་སོགས་པའི་རྐྱེན་གྱིས་ཉམས་ཐག་པར་བྱས་པ་ན་སྐྱབས་བཙལ་བའི་སྣང་བ་འབྱུང་སྟེ་ཉིང་མཚམས་སྦྱོར་བར་བྱེད་པས། ལས་བཟང་དུ་བསགས་པ་སྐྱེ་གནས་མཐོན་པོར་འཇུག་པ་རྣམས་ལ་ནི་གཞལ་མེད་ཁང་དུ་འཇུག་པ་དང་ཁྲི་ལ་འཛེག་པ་སོགས་སུ་སྣང་ཞིང་། འབྲིང་ལ་ནི། རྩྭའི་སྤྱིལ་བུ་དང་ལོ་མའི་སྤྱིལ་བུ་སོགས་སུ་འཇུག་པར་སྣང་ལ། ལས་ངན་པ་བསགས་པས་སྐྱེ་གནས་དམན་པར་འཇུག་པ་རྣམས་ལ་ནི་རྩིག་སེབ་དང་སེར་ཁ་དང་སའི་དོང་དང་དུག་པོའི་ནང་དུ་འཇུག་པ་ལ་སོགས་པར་སྣང་ངོ་། །གཞན་ཡང་བར་དོའི་དྲི་ཟས་ཕ་མ་མཐོང་བ་ན། གང་ཕོར་སྐྱེ་བ་ནི་མ་ལ་ཆགས་ཤིང་ཕ་ལ་སྡང་། མོར་སྐྱེ་བ་ནི་ཕ་ལ་ཆགས་ཤིང་མ་ལ་སྡང་པའི་ཆགས་སྡང་གི་ཤེས་པས་ཉིང་མཚམས་སྦྱོར་ཞིང་། ཕ་མའི་ཁུ་ཁྲག་ལ་འདི་ནི་ང་ཡིའོ་སྙམ་དུ་འཛིན་པས་མངལ་དུ་འཇུག་ཅིང་གནས་པར་གསུངས་པ་བཞིན་ཤེས་པར་བྱས་ནས། རྡོ་རྗེ་ཐེག་པའི་བསེབ་ལམ་སྐྱེ་བ་སྤྲུལ་སྐུའི་ཉེ་ལམ་ཕྱིན་ཅི་མ་ལོག་པར་ཉམས་སུ་བླང་པ་ལ་འབད་པར་བྱའོ། །གཉིས་པ་ནི། དེ་ཚེ་སོགས་ཚིགས་བཅད་གཅིག་སྟེ། མངལ་དུ་ཞུགས་མ་ཐག་པ་དེའི་ཚེ་ཕ་མའི་ཁུ་ཁྲག་དང་བར་དོའི་རྣམ་ཤེས་ཆགས་པ་ཆེན་པོའི་མེས་ཞུ་ཞིང་ཐིགས་པ་ལས་གཅིག་ཏུ་འདྲེས་ཤིང་དབྱེར་མི་ཕྱེད་པ་རུ་ནི་གྱུར་པ་དང་ཀུན་གཞིའི་རྣམ་པར་ཤེས་པ་རྒྱུ་བག་ཆགས་དང་བཅས་པ་ཙམ་ལས་ཡིད་དང་རྣམ་པར་ཤེས་པ་གཞན་མི་གསལ་བར་བརྒྱལ་བར་འགྱུར་ཏེ། དཔེ་ཇི་ལྟར་ན་ཆང་གིས་ར་རོས་ཏེ་མྱོས་པ་བཞིན་དུ་གནས་པ་ཡིན་ནོ། །འདིའི་ཐད་ཀྱི་འགྲེལ་པར། དང་མགོན་གྱི་སྦྱང་གཞིར་གསུངས་པ་ལས་འཕྲོས་པའི་དོན་ནི་འོག་ཏུ་འཆད་ལ། མངལ་དུ་འཇུག་པ་ལ་རིགས་བཞི་གསུངས་པ་ནི་བཀླགས་པ་ཉིད་ཀྱིས་གོ་བར་ནུས་སོ། །གཞན་ཡང་དཀར་ཆ་དང་ཞེས་སོགས་གསུངས་པའི་དོན་ནི། བསྐྱེད་རིམ་སྦྱང་གཞི་དང་སྦྱར་བ་སྟེ། རྫུས་སྐྱེས་སྦྱོང་བའི་ཕྱིར་དུ་ལྷ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་དང་། དྲོར་གཤེར་སྐྱེས་སྦྱོང་བའི་ཕྱིར་དུ་ས་བོན་ཉིད་ལས་ལྷ་བསྐྱེད་པ་དང་། ཁུ་ཁྲག་རྣམ་ཤེས་གསུམ་ལས་སྐྱེ་བ་སྦྱོང་བའི་ཕྱིར་དུ་ས་བོན་ཕྱག་མཚན་སྐུ་ཡོངས་སུ་རྫོགས་པ་སྟེ། ཆོ་ག་ཡན་ལག་གསུམ་ལས་བསྐྱེད་པ་དང་། དེ་གསུམ་འདྲེས་པ་དང་བཞི་ལས་སྐྱེ་བ་སྦྱོང་བའི་ཕྱིར། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་རྡོ་རྗེ་རྣམ་པ་བཞི་ལས་བསྐྱེད་པ་དང་། དེ་བཞི་ལུས་རྫོགས་པ་དང་ལྔ་ལས་སྐྱེ་བ་སྦྱོང་བའི་ཕྱིར། མངོན་བྱང་ལྔས་བསྐྱེད་པའི་ཚུལ། ཀྱཻ་རྡོ་རྗེ་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱིས་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་ཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་གར་གསུངས་པ་ཡི། །རྣམ་པ་ལྔ་པོ་སྒོམ་པ་ཉིད། །ཅེས་གསུངས་པ་དང་། དུས་ཀྱི་འཁོར་ལོའི་སྒྲུབ་ལེ་ལས་ཀྱང་རྒྱ་ཆེར་གསུངས་སོ། །གསུམ་པ་སྐྱེ་བའི་རིམ་པ་བསྟན་པ་ལ་གསུམ། སྲོག་ཆེན་པོའི་རླུང་ཇི་ལྟར་འབྱུང་བ། ཟླ་བ་བཅུར་ཇི་ལྟར་འཕེལ་བའི་རིམ་པ་རྒྱས་པར་བཤད་པ། རྩ་རླུང་ཐིག་ལེ་རྫོགས་ཤིང་སྐྱེ་བའི་ཚུལ་ལོ། །དང་པོ་ནི། ཉོན་མོངས་སོགས་རྐང་པ་གཉིས་ཏེ། མངལ་དུ་ཞུགས་མ་ཐག་ནས་ཉོན་མོངས་པ་ཅན་གྱི་ཡིད་དམ་སྲོག་ཆེན་པོའི་རླུང་དེ་ཉིད་སྐད་ཅིག་མ་ཉིད་ལ་ཡང་ཇེ་རགས་ཇེ་རགས་སུ་ཡང་དག་པར་འགྲོ་བས་འོ་མ་ལས་ཞོར་འགྱུར་བ་ལྟར་ནུར་ནུར་པོ་དེ་ཉིད་འདྲེས་སྡུད་བརྡབས་མི་རུལ་བར་བྱེད་ཅིང་བསྐྱེད་དེ། གནས་སྐབས་གཞན་ནས་གཞན་དུ་བྱེད་དོ། །ཇི་ལྟར་ཆང་རོས་མྱོས་པ་བཞིན། །ཞེས་པའི་འགྲེལ་པར། འདི་ནི་གསང་བ་འདུས་པར་དང་པོའི་མགོན་པོ་ཞེས་བྱ་བར་གསུངས་ལ། ཞེས་དང་། འདིའི་ཐད་གྱི་འགྲེལ་པར། འདི་ནི་གསང་བ་འདུས་པར། དང་པོའི་མགོན་པོ་དེ་ཉིད་ཞེ་སྡང་རྡོ་རྗེ་ཞལ་གསུམ་པར་གྱུར་ཏེ་ཞེས་གསུངས་པའི་དོན་དང་། ཞེས་འབྱུང་ཞིང་། རྗེ་རང་བྱུང་པའི་གསང་འདུས་ཀྱི་མངོན་རྟོགས་ལས། དང་མགོན་མངལ་ན་གནས་པ་སྦྱོང་བྱེད་དུ་བཤད་པ་ལྟར་སྣང་བས། དེ་གཉིས་འགལ་ལོ་ཞེ་ན། དེའི་ལན་ལ། རྒྱལ་བའི་དབང་པོའི་ཞལ་སྔ་ནས། མངོན་རྟོགས་སུ་མདོར་བྱས་ཀྱི་ཚིག་རིགས་ལས་གསལ་བར་མ་གསུངས་པས་བར་སྲིད་སྦྱོང་བྱེད་ལ་འབྲུ་གཉེར་དུ་མི་རུང་བ་མི་སྣང་ལ། འགྲེལ་པ་འདིར་ཡང་། བསྐྱེད་དེ་གནས་སྐབས་གཞན་དུ་བྱེད་པས་འདི་ནི་གསང་བ་འདུས་པར་དང་པོའི་མགོན་པོ་དེ་ཉིད་ཅེས་སོགས་གསུངས་པས། གནས་སྐབས་གཞན་དུ་བྱེད་ཅེས་པའི་དོན་ནི། མངལ་ན་གནས་པ་ལས་གནས་སྐབས་གཞན་སྐྱེས་པའི་ཚེ། དང་པོའི་མགོན་པོ་དེ་ཉིད་ཞེ་སྡང་རྡོ་རྗེར་གྱུར་པར་འབྲུ་གཉེར་དུ་རུང་བས། བར་སྲིད་ནས་མངལ་དུ་གནས་པའི་བར་ནི། དང་པོའི་མགོན་པོས་སྦྱོང་ལ། ཕྱིར་སྐྱེས་ནས་སྤྲུལ་སྐུ་རྡོར་སེམས་ཀྱིས་སྦྱོང་བར་བཤད་པས། རྗེ་རང་བྱུང་པའི་གཞུང་འགྲེལ་རྣམས་དགོངས་པ་གཅིག་པར་བསྒྲུབ་ནུས་སོ། །དེ་ལྟ་མོད་ཀྱི་མདོ་བསྲེ་དང་རྣམ་གཞག་རིམ་པར། དང་མགོན་བར་སྲིད་སྦྱོང་བྱེད་དུ་གསལ་བར་གསུངས་ཤིང་། ཨ་བྷ་ཡཱ་ཀ་ར་དང་། ཤཱནྟི་པས། དང་མགོན་མངལ་གནས་སྦྱོང་བྱེད་དུ་དངོས་སུ་བཤད་པ་དག་གང་ཞིག་བདེན་ཞིང་། གཞན་དག་རྫུན་ཞེ་ན། མཐའ་ཅིག་ཏུ་ཐག་བཅད་པར་མི་ནུས་ཏེ། བསམ་གྱིས་མི་ཁྱབ་པའི་ཕྱིར་དང་། ལུགས་གཉིས་ཀ་གསུང་བ་པོ་ནི། པཎྜྻི་ཏ་མཁས་ཤིང་དངོས་གྲུབ་ཀྱིས་བརྒྱན་ལ། ཚད་མའི་སྐྱེས་བུ་ལྟར་གྱུར་པས་སོ། །དེའི་ཕྱིར་དཔལ་རང་བྱུང་གི་ཞལ་སྔ་ནས། དེ་གཉིས་ཀའི་དགོངས་པ་དང་མཐུན་པར་མཛད་པ་ཡིན་ནོ། །གཉིས་པ་ལ་གཉིས། རྩ་མ་ཆགས་པའི་གནས་སྐབས་དང་། རྩ་ཆགས་ནས་རླུང་བཅུས་ཇི་ལྟར་འཕེལ་བའི་ཚུལ་ལོ། །དང་པོ་ནི། ཟླ་བའི་རིམ་པས་བརྗོད་ན། ཟླ་བ་དང་པོའི་དབང་དུ་བྱས་ནས། ནུར་ནུར་སོགས་རྐང་པ་གསུམ་སྟེ། ཞག་བདུན་ཕྲག་བཞིའི་བར་དུ་ལས་ཀྱི་རླུང་བཞིས་མངལ་དུ་གནས་པ་དེ་ཉིད་དཀྲུགས་ནས་སྙིགས་མ་གཏོར་ཞིང་དྭངས་མ་སྡུད་པར་བྱེད་པ་ཡིན་ལ། དེ་ཡང་བདུན་ཕྲག་དང་པོ་ལ་སྲོག་རླུང་གིས་དཀྲུགས་ཤིང་བསྡུས་པས་ནུར་ནུར་པོར་འགྱུར་ཞིང་། གཉིས་པ་ལ་ཀུན་ནས་སྡུད་པ་ཞེས་བྱ་བའི་རླུང་གིས་དཀྲུགས་ཤིང་བསྡུས་པས་མེར་མེར་པོར་འགྱུར་ལ། གསུམ་པ་ལ་མཛོད་ཀ་ཞེས་བྱ་བའི་རླུང་གིས་དཀྲུགས་ཤིང་བསྡུས་པས་ལྟར་ལྟར་པོར་གྱུར་ནས། བཞི་པ་ལ་རབ་ཏུ་འབྱེད་པ་ཞེས་བྱ་བའི་རླུང་གིས་དཀྲུགས་ཤིང་བསྡུས་པས་གོར་གོར་པོར་འགྱུར་བ་ཡིན་ཏེ། སྡོམ་པ་འབྱུང་བ་ལས་ཀྱང་། དང་པོའི་རྣམ་པ་ནུར་ནུར་པོ། །མེར་མེར་པོ་ནི་གཉིས་པ་ཡིན། །ལྟར་ལྟར་པོར་སྐྱེས་གསུམ་པ་སྟེ། །དེ་བཞིན་བཞི་པ་གོར་གོར་པོ། །ཤ་ཡི་རྣམ་པ་ལྟ་བུར་འགྱུར། །ཞེས་གསུངས་སོ། །གཉིས་པ་ལ་གཉིས། རྩ་བའི་རླུང་ལྔས་འཕེལ་བའི་ཚུལ་དང་། ཡན་ལག་གི་རླུང་ལྔས་འཕེལ་བའི་ཚུལ་ལོ། །དང་པོ་ལ་ལྔ། སྲོག་རླུང་གིས། ཐུར་སེལ་གྱིས། གྱེན་རྒྱུས། ཁྱབ་བྱེད་ཀྱིས། མཉམ་གནས་ཀྱིས་འཕེལ་ཚུལ་ལོ། །དང་པོ་ནི། མཁྲང་འགྱུར་སོགས་ཚིགས་བཅད་ཕྱེད་དང་གསུམ་སྟེ། དེ་ལྟར་བདུན་ཕྲག་བཞི་འདས་ནས་བདུན་ཕྲག་ལྔ་པ་ལ་ཡང་དག་པར་སྡུད་པ་ཞེས་བྱ་བའི་རླུང་གིས་གཏོར་ཞིང་བསྡུས་པས་མཁྲང་འགྱུར་དུ་འགྱུར་ལ། མཁྲང་འགྱུར་གྱི་ཞག་ནི་དང་པོ་མངལ་གྱི་ཞག་ཉེར་དགུ་པ་ནས་མངལ་ན་གནས་པ་རང་ཉིད་ཀྱི་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་དང་ལྡན་པའི་རྩ་དབུ་མ་སྲོག་ཆེན་པོའི་རླུང་དང་བཅས་པ་ཆགས་ཤིང་རྩེ་མོ་གཅིག་མའི་རྩ་རོ་མ་དང་འབྲེལ་ལོ། །རང་འགྲེལ་ལས། སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ཀྱི་སྲོག་རྩ་ཆགས་པར་འགྱུར་ཏེ་ཞེས་ཀྱང་འབྱུང་ངོ་། །དེ་ལྟར་སྲོག་རླུང་གི་རྟེན་རྩ་དབུ་མ་ཆགས་པ་དེ་ནས་ཟླ་བ་གཉིས་པར་སླེབ་པ་ནས་ཞག་རེ་ལ་རྩ་ཉི་བརྒྱ་རེ་ཆགས་པར་འགྱུར་བའི་དང་པོར་དབུ་མ་སྲོག་རླུང་དང་བཅས་པ་དེས་བསྐྱེད་ནས་སྙིང་གའི་འཁོར་ལོ་རྩ་བ་དང་ཡན་ལག་གི་རླུང་ལྔ་ལྔ་སྟེ་རླུང་བཅུའི་རྟེན་དུ་གྱུར་པ་དང་། ལྟེ་བའི་འཁོར་ལོ་དུས་སྦྱོར་ལ་སོགས་པ་དབྱུག་གུ་དྲུག་བཅུ་རྩ་བཞིའི་རྟེན་དུ་གྱུར་པ་ཤིན་ཏུ་ཕྲ་བ་སྐྲའི་ཚད་ཙམ་ཆགས་སོ། །འདིའི་ཐད་ཀྱི་རང་འགྲེལ་ལས། འགྲེལ་ཆེན་རྩ་མི་འགྱུར་དྲངས་པ་ནི་ཅུང་ཟད་གོ་དཀའ་བ་ཙམ་སྣང་ལ། ཤོང་འགྱུར་ལས་ནི། འདིར་མངལ་དུ་ཟླ་བ་གཅིག་གི་བར་དུ་ཁྲག་དང་ས་བོན་བདུད་རྩི་ལྔའི་རོར་གྱུར་པ་རབ་ཏུ་སྐྱེའོ། །ཕྱི་ནས་ས་བོན་མྱུ་གུ་ཞེས་པ་ནི་དེ་ནས་ཟླ་བའི་མཇུག་ཏུ་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུར་གྱུར་པ་སྙིང་གའི་གོ་སྐབས་སུ་རྣམ་པ་བཅུའི་རྩ་སྲོག་ལ་སོགས་པའི་རླུང་རྣམས་ཀྱི་རྟེན་དུ་འགྱུར་ཞིང་དེ་དག་ཀྱང་ཤིན་ཏུ་ཕྲ་བ་སྟེ་སྐྲའི་ཚད་དོ། །ལྟེ་བ་ལ་སྟེ་ལྟེ་བའི་ཕྱོགས་སུ་བརྒྱད་པ་བརྒྱད་དབྱུག་གུ་དྲུག་བཅུ་རྩ་བཞི་རྒྱུ་བར་འགྱུར་རོ། །ཞེས་གསུངས་སོ། །ཉའི་རྣམ་པ་ལྟ་བུར་འགྱུར་བས། ཁྱབ་འཇུག་གི་འཇུག་པ་བཅུ་དང་སྦྱར་བ་ན་ཉའི་གནས་སྐབས་ཀྱི་འཇུག་པ་ཡིན་ནོ། །འཕེལ་བར་བྱེད་པ་ནི་ལྟེ་བའི་རྩ་གཅིག་མའི་རྩ་རོ་མ་དང་འབྲེལ་བས་མའི་རླུང་ཁྲག་གི་ནུས་པས་འཕེལ་ཞིང་རྒྱས་པར་བྱེད་པར་འགྱུར་ལ། དབུ་མ་ཆགས་པ་དེ་ནས་ཟླ་བ་གཉིས་པ་འཁོར་ལོ་གཉིས་ཀྱི་རྩ་ཕྲ་མོ་ཆགས་པ་ནས་བཟུང་སྟེ་ཟླ་བ་བཅུ་གཉིས་ཀྱི་རིང་ཞག་རེ་ལ་རྩ་ཉིས་བརྒྱ་རེ་ཆགས་པར་འགྱུར་རོ། །ཉའི་རྣམ་པ་ལྟ་བུར་འགྱུར། ཞེས་པའི་སྔ་འགྲེལ་དུ། འདི་ནི་སེམས་ཀྱི་རྡོ་རྗེ་འཆང་ལ་ལུས་གྲུབ་པ་ན་ཁྱབ་འཇུག་ཏུ་གསུངས་པས་དེའི་གནས་སྐབས་བཅུའི་དང་པོ་ཉ་ལྟ་བུ་ཞེས་གསུངས་ཏེ། ཞེས་པ་ལས་འཕྲོས་པའི་དོན་ཡང་བཤད་པར་བྱ་སྟེ། ཁྱབ་འཇུག་གི་གནས་སྐབས་བཅུ་ནི་གང་ཞིག་ཡིན། དེ་མངལ་ལ་སོགས་པའི་གནས་སྐབས་དང་སྦྱར་བའི་ཚུལ་ནི་ཇི་ལྟ་བུ། དེའི་ཤེས་པར་བྱེད་པ་ནི་གང་ཞེ་ན། དང་པོའི་ལན་ནི་རྒྱུད་ཀྱི་རྒྱལ་པོ་ལས། ཉ་དང་རུས་སྦལ་ཕག་པར་འགྱུར་ཏེ་མི་ཡི་སེང་གེ་མིའུ་ཐུང་རཱ་མ་རཱ་མ་དག་དང་ནི། ནག་པོ་སངས་རྒྱས་མི་དབང་རྣམ་བཅུར་འགྱུར་ཏེ། ཞེས་སོགས་གསུངས་པའི་དོན་ཏེ། དེ་ཡང་འཛམ་བུའི་གླིང་དུ་རྒྱ་མཚོ་ལུད་ནས་རིག་བྱེད་བཞི་ཆུར་སོང་བ་ལ། ཁྱབ་འཇུག་གིས་ཉར་སྦྲུལ་ཏེ་བླངས་པ་དང་། འཇིག་རྟེན་གྱི་ཁམས་འདི་ས་འོག་ཏུ་བྱིང་བ་ལ། རུས་སྦལ་དུ་བྱས་ཏེ་བཏེག་པ་དང་། རི་རབ་ལ་སྲུབ་ཤིང་བྱས་ཏེ་རྒྱ་མཚོ་བསྲུབས་པའི་ཚེ་ཕག་རྒོད་དུ་བྱས་ཏེ་བཏེག་པ་དང་། འགྲོ་སྐྱོང་སེང་གེ་ལ་དབང་ཕྱུག་ཆེན་པོས་མི་དང་མི་མ་ཡིན་པ་གང་གིས་ཀྱང་མི་སོད་པའི་དངོས་གྲུབ་བྱིན་པ་ན། ཁྱབ་འཇུག་གིས་ལུས་པོ་མི་ལ་མགོ་བོ་སེང་གེ་སྡེར་མོ་བྱར་བྱས་ཏེ་སྦར་མོས་བསད་པ་དང་། མིའུ་ཐུང་དུ་བྱས་ཏེ་ཞང་པོ་སྟོབས་ལྡན་ལ་ས་གོམ་པ་གང་བསླངས་པ་ལས། ལུས་ཆེན་པོར་སྤྲུལ་ནས་གོམ་པ་བཀོད་པས་ས་གསུམ་ཤོར་བ་དང་། ཛ་མ་ཨགྣེའི་བུ་རཱ་མར་སྤྲུལ་ནས་མཚོན་རྣོན་པོ་ཐོགས་ཏེ་རྒྱལ་པོ་སྐྱབས་སེང་གེ་བུ་སྲིད་སྒྲུབ་ཀྱི་ལག་པ་སྟོང་བཅད་པ་དང་། རྒྱལ་པོ་ཤིང་རྟ་བཅུ་པའི་བུ་རཱ་མ་ཎའི་ཆུང་མ་ལྷ་མོ་སི་ཏ་སྲིན་པོས་ཁྱེར་བ་ལ། སྤྲེའུ་ཧ་ནུ་མནྟས་གྲོགས་བྱས་ཏེ་སྲིན་པོའི་རྒྱལ་པོ་དེ་ཤ་གྲྀ་བའི་མགོ་དབུ་མ་མདའ་སྟེའུ་ཁས་བཅད་དེ་བསད་པ་དང་། བྲམ་ཟེ་ནག་པོ་ཞེས་པར་བྱས་ཏེ་ཚོང་ལ་སོགས་པའི་བྱ་བ་ཐམས་ཅད་བྱས་ཤིང་མི་རྣམས་ལ་ཡང་བསླབས་པ་དང་། སངས་རྒྱས་བཅོམ་ལྡན་འདས་སུ་སྤྲུལ་ཏེ་ཆོས་བསྟན་ནས་འགྲོ་བའི་དོན་བྱས་པ་དང་། རིགས་ལྡན་གྲགས་པ་ཞེས་པའི་མི་དབང་དུ་སྤྲུལ་ནས་རིགས་བཞི་པོ་རྡོ་རྗེའི་རིགས་སུ་གཅིག་ཏུ་བྱས་པ་སྟེ། དེ་ལྟར་ན་བཅུའོ། །དེ་དག་ནི་གདུག་པའི་དྲང་སྲོང་རྣམས་ཀྱིས་བྱིས་པ་རྣམས་བསླུ་བའི་དོན་དུ་བརྫུན་གྱི་བཀོད་པ་བྱས་པར་འགྲེལ་ཆེན་ལས་གསུངས་པས་རྒྱས་པར་མ་སྤྲོས་སོ། །གཉིས་པ་ནི། མངལ་གྱི་ཟླ་བ་དང་པོ་ནི་ངལ་སོ་བའི་གནས་སྐབས་ཏེ་བཅུ་པོ་ལ་མ་གཏོགས་སོ། །ཟླ་བ་གཉིས་པ་ནི་ཉའི་གནས་སྐབས་ཏེ། ཉ་དང་འདྲ་བར་ཡན་ལག་མེད་ཅིང་འཇོང་མོར་གནས་པས་སོ། །ཟླ་བ་གསུམ་པ་འདས་ནས་ཟླ་བ་གཅིག་གི་བར་དུ་རུས་སྦས་གྱི་གནས་སྐབས་ཏེ། ཡན་ལག་ལྔ་མཉམ་པར་དོད་པས་སོ། །ཟླ་བ་ལྔ་པ་ནས་བརྒྱད་པའི་བར་ནི་ཕག་རྒོད་ཀྱི་གནས་སྐབས་ཏེ། སྐྱེ་མཆེད་བཅུ་གཉིས་བྱུང་ཞིང་མངལ་གྱི་མི་གཙང་བ་ཟ་བས་སོ། །མངལ་ནས་ཕྱིར་བཙའ་བའི་ཚེ་ནི་མིའི་སེང་གེའི་གནས་སྐབས་ཏེ། ལག་པ་གཉིས་ཀྱི་སྦར་མོས་མའི་སྐྱེ་གནས་དབྲལ་བས་སོ། །བྱིས་པ་སོ་མ་སྐྱེས་ཀྱི་བར་ནི་མིའུ་ཐུང་སྟེ། བོངས་ཐུང་ཞིང་གེལ་བས་སོ། །ལོ་གཅིག་ནས་སོ་སྐྱེས་ཏེ་སུམ་བཅུ་རྩ་གཉིས་རྫོགས་པ་ལོ་བརྒྱད་པའི་བར་ནི་དགྲ་སྟ་རཱ་མ་ཎའི་གནས་སྐབས་ཏེ་གཅོད་བྱེད་ཀྱི་མཚོན་རྣོན་པོ་དང་བཅས་པས་སོ། །སོ་ཐོན་པ་ནས་ལོ་བཅུ་དྲུག་གི་བར་ནི་རྒྱལ་བུ་རཱ་མ་ཎའི་གནས་སྐབས་ཏེ། བུད་མེད་ལ་མི་རེག་པས་སོ། །དེ་ནས་སྐྲ་དཀར་མ་སྐྱེས་ཀྱི་བར་ནི་ནག་པོའི་གནས་སྐབས་ཏེ། འཇིག་རྟེན་གྱི་རྣམ་གཞག་རྣམས་བསལ་པོར་བྱེད་པས་སོ། །རྒས་ཤིང་སྐྲ་དཀར་སྐྱེས་པ་ནས་མ་ཤིའི་བར་ནི་སངས་རྒྱས་ཀྱི་གནས་སྐབས་ཏེ། སེམས་ཞི་ཞིང་ལུས་དཀའ་ཐུབ་ངེས་པར་བྱེད་པས་སོ། །དེ་ནས་འཆི་བའི་དུས་ནི་རིགས་ལྡན་གྱི་གནས་སྐབས་ཏེ། འབྱུང་བ་ཐམས་ཅད་སེམས་ལ་འདུས་ནས་ལུས་ལས་ཐོན་པས་སོ། །གསུམ་པ་ནི། དྲི་མ་མེད་པའི་འོད་ལས། ཐུགས་རྡོ་རྗེ་འཛིན་པ་ཁྱབ་འཇུག་གི་གནས་སྐབས་བཅུ་གསུངས་ཏེ། འདིར་གསང་བའི་པདྨར་ཁྲག་གི་ནང་དུ་གང་ཚེ་ལྷུང་བའི་བྱང་ཆུབ་ས་བོན་ཞེས་པ་ནི་ཁུ་བ་སྟེ་སྲོག་དང་བཅས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་བཅས་པ་དག་གང་གི་ཚེ་གསང་བའི་པདྨར་ལྷུང་བ་དེའི་ཚེ་གནས་སྐབས་བཅུའི་མཚན་ཉིད་དུ་འགྱུར་རོ། །དེ་རྣམས་ལས་མངལ་གྱི་ནང་དུ་ཉ་དང་རུས་སྦལ་དང་ཕག་གི་གནས་སྐབས་གསུམ་དུ་འགྱུར་རོ། །དེ་བཞིན་དུ་བཙའ་བའི་དུས་སུ་གཅིག་སྟེ་མིའི་སེང་གེའི་གནས་སྐབས་སོ། །བྱིས་པའི་དུས་དག་ཏུ་ཡང་རྣམ་པ་གཉིས་ཏེ་སོ་སྐྱེ་བའི་བར་ནི་མིའུ་ཐུང་གི་གནས་སྐབས་སོ། །སོ་སྐྱེས་ནས་སོ་ལྷུང་བའི་བར་ནི་དགྲ་སྟ་རཱ་མའི་གནས་སྐབས་སོ། །གཞོན་ནུ་ལང་ཚོ་དག་ལ་གཞན་ཞེས་པ་ནི་སོ་ལྷུང་བ་ནས་ལོ་བཅུ་དྲུག་གི་བར་དུ་རྒྱས་པ་དང་པོ་རཱ་མའི་གནས་སྐབས་སོ། །དེ་བཞིན་དུ་ལོ་བཅུ་དྲུག་ནས་སྐྲ་དཀར་སྐྱེས་པའི་བར་ནི་རྒྱས་པ་གཞན་ནག་པོའི་གནས་སྐབས་སོ། །སྐྲ་དཀར་སྐྱེས་པ་ནས་འཆི་བའི་ཉིན་ཞག་གི་བར་ནི་སངས་རྒྱས་ཀྱི་གནས་སྐབས་སོ། །འཆི་བའི་ཉིན་ཞག་ལ་འབྱུང་བ་ཐམས་ཅད་ཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱི་ཕྱིར་ལུས་ལ་རིགས་ལྡན་གྱི་གནས་སྐབས་སུ་འགྱུར་ཏེ། ཞེས་གསུངས་སོ། །གཉིས་པ་ནི། སྲོག་ལ་སོགས་རྐང་པ་གཅིག་སྟེ། ཟླ་བ་གཉིས་པའི་སྐབས་སུ་སྲོག་རླུང་ལས་ཐུར་སེལ་གྱི་རླུང་ས་ཁམས་དང་ཡེ་ཤེས་ཀྱི་རང་བཞིན་འོག་ཏུ་འཕྲོས་པ་ལ་བརྟེན་ནས་གསང་བའི་འཁོར་ལོའི་རྩ་སུམ་བཅུ་སོ་གཉིས་ཀྱི་གཞིར་གྱུར་པ་ཤིན་ཏུ་ཕྲ་བ་ཆགས་ཤིང་ལུས་ཀྱི་སྨད་རྣམས་གྲུབ་པ་ཡིན་ནོ། །འདིར་དྲངས་པ་ཡང་རྩ་མིའི་འགྱུར་ཅུང་ཟད་མི་བདེ་བར་སྣང་བས། ཤོང་འགྱུར་ལས་མ་གསུངས་ཀྱང་ཁྱིམ་གྱི་འཕོ་བ་བཅུ་གཉིས་ཀྱི་དབང་གིས་དྲུག་བཅུ་རྩ་བཞི་པོ་རྣམས་ཀྱི་རྟེན་དུ་འགྱུར་བའི་རྩ་ཤིན་ཏུ་ཕྲ་བ་བཅུ་གཉིས་སུ་འགྱུར་ཏེ། དེ་བཞིན་དུ་ལྟེ་བའི་རྩ་ལྔར་བརྗོད་པ་དེ་དག་ཐམས་ཅད་ནི་ཤིན་ཏུ་ཕྲ་བའོ། །རྐང་ལག་གདོང་གི་གནས་ཀྱི་རྒྱུའི་སླད་དུ་གྱེན་དུ་བསྐྱོད་པར་བྱེད་པ་སྟེ་རྐང་ལག་གདོང་གི་གནས་རྣམས་སུ་བསྐྱོད་པའི་མཐུ་དེ་ལས་ཟླ་བ་གཉིས་པ་རྫོགས་པར་འགྱུར་བའི་རྗེས་ལ་འདིར་ནི་རྐང་ལག་གདོང་གིས་མཚོན་པ་ཅུང་ཟད་དོ། །འདིར་དང་པོ་ཉའི་གནས་སྐབས་ཀྱི་ཉིན་ཞག་འདས་པར་གྱུར་པ་ན། རུས་སྦལ་གྱི་གནས་སྐབས་ལ་གདོང་དང་རྐང་པ་དང་ལག་པའི་གནས་རྣམས་སུ་འབུར་པོ་ལྔར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་ནི། རུ་སྦལ་སོགས་རྐང་པ་གསུམ་སྟེ། ཟླ་བ་གསུམ་པར་ཕྱིན་པའི་གནས་སྐབས་སུ་སྲོག་རླུང་ལས་གྱེན་རྒྱུའི་རླུང་མེ་ཁམས་ཀྱི་རང་བཞིན་སྟེང་དུ་འཕྲོས་པས་ལུས་ཀྱི་སྟོད་རྣམས་བསྒྲུབ་པར་བྱེད་ཅིང་རུས་སྦལ་གྱི་རྣམ་པ་ལྟ་བུར་བྱེད་ཅེས་པ་རུས་སྦལ་གྱི་འཇུག་པ་ལ་མངོན་དུ་ཕྱོགས་པ་ཡིན་ནོ་ཞེས་པའམ་ཡང་ན་རྐང་པ་གཅིག་པོ་འདི་ཚིག་འོག་མ་གཉིས་དང་སྦྱར་ནས་འཆད་དགོས་ཏེ། གཞུང་འདིར་བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ཚིག་རིགས་ཇི་ལྟ་བ་བཞིན་མཛད་པས། འགྱུར་གྱི་དབང་ལས་དུས་འཁོར་དང་ཅུང་ཟད་མ་མཐུན་ཀྱང་གོ་རིམ་ནི་དུས་འཁོར་དུ་གསུངས་པ་བཞིན་ཡིན་ཏེ། རླུང་གསུམ་པོས་སྦྲུལ་ལྟ་བུ་རྫོགས་པ་ཡིན་གྱི་རུས་སྦལ་གྱི་གནས་སྐབས་དེའི་འོག་ཏུ་འབྱུང་བར་ངེས་པས་སོ། །བཞི་པ་ནི། བཞི་བར་སོགས་དང་རུས་སྦལ་སོགས་སྦྱར་བས་རྐང་པ་གསུམ་སྟེ། ཟླ་བ་བཞི་པར་ཕྱིན་པའི་གནས་སྐབས་སུ་སྲོག་རླུང་ལས་ཁྱབ་བྱེད་གྱི་རླུང་ཆུ་ཁམས་ཀྱི་རང་བཞིན་ཕྱིར་འཕྲོས་པའི་དབང་གིས་ནི་ཡན་ལག་གི་རྩ་ཕྲ་མོ་རྣམས་སྣང་བར་བྱེད་ཅིང་རྐང་ལག་དང་མགྲིན་པ་མཉམ་པར་འབུར་པོ་ལྔ་དོད་པར་འགྱུར་བས་རུས་སྦལ་གྱི་རྣམ་པ་ལྟ་བུར་བྱེད་དོ། །དེའི་ཕྱིར་རུས་སྦལ་གྱི་འཇུག་པའི་གནས་སྐབས་ཡིན་ནོ། །བདེ་ཆེན་གྱི་འཁོར་ལོའི་རྩ་བཅུ་དྲུག་དང་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་སོ་གཉིས་ཀྱི་གཞིར་གྱུར་པའི་རྩ་རྣམས་ཀྱང་ཆགས་ཏེ་ཤིན་ཏུ་ཕྲ་བ་སྐྲའི་ཚད་ཙམ་མོ། །ལྔ་པ་ནི་ལྔ་པར་སོགས་རྐང་པས་དམན་པའི་ཚིགས་བཅད་གཉིས་ཏེ། ཟླ་བ་ལྔ་པར་ཕྱིན་པའི་གནས་སྐབས་སུ་སྲོག་རླུང་ལས་མཉམ་གནས་ཀྱི་རླུང་རླུང་ཁམས་ཀྱི་རང་བཞིན་ལུས་ཀྱི་ནང་དུ་འཕྲོས་པ་ལ་བརྟེན་ནས་གློ་སྙིང་སོགས་ནང་རོལ་དང་ནང་གི་གནས་རྣམས་གཞན་ནས་གཞན་དུ་བསྒྲུབ་པར་བྱེད་ཅིང་ཕག་པའི་དངོས་པོ་ལྟར་ཤ་དང་རུས་པ་བསྟེན་ལ་ལུས་ཀྱི་སྨད་རྒྱས་པར་གྱུར་པས་ཤ་གཟུགས་ཀྱང་དེ་དང་འདྲ་བའི་ཕྱིར་ཕག་རྒོད་སེང་གེའི་གནས་སྐབས་ཀྱི་འཇུག་པ་ཡིན་ནོ། །འདིར་རྩ་བའི་རླུང་ལྔ་ནུས་པ་རྫོགས་ཏེ་མཉམ་གནས་དང་ཁྱབ་བྱེད་ཀྱི་རླུང་གཉིས་ཀྱི་སྟོབས་རྫོགས་པས་འདི་དང་ཟླ་བ་དྲུག་པ་ནས་ཚོར་བའི་སྡུག་བསྔལ་ཤེས་པའི་ཕྱིར་མངལ་དུ་གནས་པ་དེའི་ལུས་ནི་འགུལ་བ་དང་འདར་བར་འགྱུར་ལ། དེའི་དུས་སུ་རུས་པའི་ཚིགས་ཀྱི་དུམ་བུ་ནི་སུམ་བརྒྱ་དང་དྲུག་བཅུ་པོ་ཡང་ཆགས་པར་འགྱུར་རོ། །དེ་ཡང་གང་ཞེ་ན། དགའ་བོ་མངལ་གནས་ཀྱི་མདོ་ལས། མགོ་ཐོད་རུས་པ་དགུ་འདུས་ཤིང་། །འགྲམ་པའི་རུས་པ་གཉིས་འབྲེལ་ཏེ། །སོ་ནི་སུམ་བཅུ་རྩ་གཉིས་ལྡན། །དེ་ཡི་རྩ་བའང་དེ་བཞིན་ནོ། །སྣ་རྩ་གཉའ་བའི་རུས་པ་དང་། རྐན་དང་སྣ་ཡི་རུས་པ་དང་། །བྲང་དང་མིད་པའི་རུས་པ་ནི། །བསྡུས་ན་རུས་པ་ཉི་ཤུ་ཡོད། །མིག་ལ་རུས་པ་བཞི་ཡོད་དེ། །ཕྲག་པ་བྱིན་པ་ཟུང་གཉིས་ཡོད། །ལག་པ་གཉིས་དང་སོར་མོ་རྣམས། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལྟག་རྒྱབ་རུས་པ་བརྒྱད་ཡོད་དེ། །སྒལ་ཚིགས་ལ་ནི་སུམ་བཅུ་གཉིས། །འདི་དག་ཀུན་ལ་རྩ་ཡོད་པས། །འདི་ཡི་གྲངས་ནི་ཆ་བཞིར་འགྱུར། །རྩིབ་ལོགས་གཡས་པའི་རུས་པ་ནི། །ཕན་ཚུན་འབྲེལ་པ་བཅུ་གསུམ་ཡོད། །རྩིབ་ལོགས་གཡོན་འབྲེལ་སྐྱེ་བ་ཡི། །རུས་པ་དག་ནི་བཅུ་གསུམ་ཡོད། །རུས་པའི་ལུ་གུ་བརྒྱུད་འདི་དག །གསུམ་གསུམ་དག་ནི་ཕན་ཚུན་འབྲེལ། །གཉིས་གཉིས་དག་ནི་ཚིགས་ལྡན་ཏེ། །ལྷག་མ་གཞན་ནི་འབྲེལ་པ་མེད། །གཡས་གཡོན་བརླ་ནི་གཉིས་པོ་ལ། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལུས་ནང་འབྲེལ་བའི་རུས་པ་ནི། །བསྡོམས་ན་སུམ་བརྒྱ་དྲུག་བཅུ་ཡོད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ཡན་ལག་གི་རླུང་ལྔས་ཇི་ལྟར་འཕེལ་བའི་ཚུལ་ལ་གཉིས། མཚམས་སྦྱར་བ་དང་། དོན་དངོས་སོ། །དང་པོ་ནི། བཤད་མ་ཐག་པ་དེ་ལྟར་ན་ཟླ་བ་གསུམ་པ་ཕན་ཆད་དུ་སྲོག་ཐུར་གྱེན་རྒྱུའི་རླུང་གི་སྟོབས་བསྐྱེད་པས། རྣམ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་རྫོགས་ལ། །བཞི་པ་དང་ལྔ་པར་ཁྱབ་བྱེད་དང་མེ་མཉམ་གྱི་རླུང་གི་སྟོབས་བསྐྱེད་པས་འདུ་ཤེས་དང་ཚོར་བའི་ཕུང་པོ་རྫོགས་ཤིང་ཟླ་བ་དྲུག་པར་འགྲོ་བ་ན་གཟུགས་ཀྱི་ཕུང་པོ་ཡང་རྫོགས་ཏེ། རྩ་བའི་རླུང་ལྔའི་ནུས་པས་ཕུང་པོ་ལྔ་རྫོགས་པ་དེ་ནས་ཡན་ལག་གི་རླུང་ལྔའི་སྟོབས་ཀྱིས་དབང་པོ་སོགས་འཕེལ་བའི་ཚུལ་འཆད་དོ་ཞེས། རྐང་པ་གཅིག་གསུངས་སོ། །འདིར་འགྲེལ་པ་ལས། ཕུང་པོ་ལྔ་དང་ཁམས་ལྔའི་ལྷ་རྫོགས་པའི་དོན་ཡིན་ཞེས་གསུངས་པ་ནི། གཞི་འབྲས་དབྱེར་མེད་ཀྱི་དབང་དུ་མཛད་པ་སྟེ། དེའི་ཕུང་པོ་ལྔ་གྲུབ་ཙམ་ནས་དེ་བཞིན་གཤེགས་པ་ལྔ་དང་། ཁམས་ལྔ་གྲུབ་ཙམ་ནས་གཤེགས་མ་ལྔའི་རང་བཞིན་དུ་གྲུབ་པའི་དོན་ཡིན་ཞེས། རྒྱལ་བའི་དབང་པོ་གསུང་ངོ་། །གཉིས་པ་ལ་ལྔ་ལས། དང་པོ་ཀླུའི་རླུང་གིས་འཕེལ་བའི་ཚུལ་ནི། ཟླ་བ་སོགས་རྐང་པ་གསུམ་སྟེ། མངལ་ན་གནས་པ་དེ་ཉིད་ཟླ་བ་དྲུག་པར་ཕྱིན་པ་ན་ཡེ་ཤེས་ཀྱི་རང་བཞིན་ཀླུའི་རླུང་གི་སྟོབས་བསྐྱེད་པ་ལ་བརྟེན་ནས་ས་ཁམས་ཀྱི་རང་བཞིན་མིག་གཉིས་གཏི་མུག་རྡོ་རྗེའི་ངོ་བོར་བསྐྱེད་པར་བྱེད་དེ། དེ་ནི་ཡེ་ཤེས་དང་ས་ཐབས་ཤེས་ཀྱི་དབང་ལས་སོ། །གཉིས་པ་རུས་སྦལ་གྱི་རླུང་གིས་འཕེལ་བའི་ཚུལ་ནི། དེ་ལས་སོགས་རྐང་པ་གཉིས་ཏེ། དེ་ལས་ཟླ་བ་བདུན་པར་ཕྱིན་པ་ན་རླུང་ཁམས་ཀྱི་རང་བཞིན་རུས་སྦལ་གྱི་རླུང་སྤྲོས་པ་བ་བརྟེན་ནས་ཆུ་ཁམས་ཀྱི་རང་བཞིན་རྣ་བ་ཞེ་སྡང་རྡོ་རྗེའི་ངོ་བོར་བསྐྱེད་ནས་བུག་པ་ཡང་དོད་པར་བྱེད་དོ། །དེ་ནི་ཆུ་རླུང་ཐབས་ཤེས་སོ། །གསུམ་པ་རྩངས་པའི་རླུང་གིས་འཕེལ་བའི་ཚུལ་ནི། བརྒྱད་པར་སོགས་རྐང་པ་གཉིས་ཏེ། ཟླ་བ་བརྒྱད་པར་ཕྱིན་པ་དེའི་ཚེ་མེ་ཁམས་ཀྱི་རང་བཞིན་རྩངས་པའི་རླུང་སྤྲོས་པས་རླུང་ཁམས་ཀྱི་རང་བཞིན་སྣ་བུག་སེར་སྣ་རྡོ་རྗེའི་ངོ་བོར་བསྐྱེད་པར་བྱེད་དོ། །དེ་ནི་མེ་རླུང་ཐབས་ཤེས་སོ། །བཞི་པ་ལྷ་སྦྱིན་གྱི་རླུང་གིས་འཕེལ་བའི་ཚུལ་ནི། དགུ་པར་སོགས་རྐང་པ་གཉིས་ཏེ། ཟླ་བ་དགུ་པར་ཕྱིན་པ་ན་ཆུ་ཁམས་ཀྱི་རང་བཞིན་ལྷ་སྦྱིན་གྱི་རླུང་སྤྲོ་བ་འབྱུང་སྟེ། དེས་མེ་ཁམས་ཀྱི་རང་བཞིན་རོ་འཛིན་པ་ཅན་གྱི་ལྕེ་འདོད་ཆགས་རྡོ་རྗེའི་ངོ་བོར་བསྐྱེད་པར་བྱེད་དོ། །དེ་ནི་མེ་ཆུ་ཐབས་ཤེས་སོ། །ལྔ་པ་ནོར་རྒྱལ་གྱི་རླུང་གིས་འཕེལ་བའི་ཚུལ་ནི། བཅུ་པར་སོགས་རྐང་པ་གཉིས་ཏེ། ཟླ་བ་བཅུ་པར་ཕྱིན་པ་ན་ས་ཁམས་ཀྱི་རང་བཞིན་ནོར་ལས་རྒྱལ་གྱི་རླུང་སྟོབས་བསྐྱེད་ཅིང་སྤྲོས་ནས་རླུང་ཁམས་ཀྱི་རང་བཞིན་ལུས་ཀྱི་དབང་པོ་ཕྲག་དོག་རྡོ་རྗེའི་ངོ་བོར་སྐྱེད་དོ། །འདི་ནི་ས་རླུང་ཐབས་ཤེས་སོ། །ཀྱཻ་རྡོ་རྗེ་ལས་ཀྱང་། མིག་ལ་གཏི་མུག་རྡོ་རྗེ་མ། །ཞེས་པ་ནས་ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཞེས་པའི་བར་གསུངས་སོ། །འདིར་གསང་འདུས་ཇི་ལྟ་བ་བཞིན་མཛད་པས། མིག་སོགས་ལྔའི་ཁམས་དུས་འཁོར་དང་མ་མཐུན་ཀྱང་སྐྱོན་མེད་དེ། ས་ལྟ་བུ་གཅིག་ལའང་འབྱུང་བ་ལྔ་ཚང་བས་གཙོ་བོར་གང་འཆད་ཀྱི་ལྡོག་ཆ་མི་འདྲ་བ་ཙམ་ལ་དགོངས་ཤིང་། དུས་འཁོར་ལས་མིག་མེའི་རང་བཞིན་ཡིན་པ་སོགས་ལ་དགོངས་པས་སོ། །དེས་ན། དུས་འཁོར་ལས་མིག་མེ་ཁམས་དང་། དེ་བཞིན་དུ་རྣ་བ་ཡེ་ཤེས་དང་སྣ་རླུང་དང་ལྕེ་ཆུ་དང་ལུས་ས་ཁམས་སུ་གསུངས་པས། མེ་ཆུ་དང་ནམ་ཡེ་དང་ས་རླུང་དང་ཡང་མེ་ཆུ་དང་ས་རླུང་རྣམས་ལུས་དང་བསམ་པའི་ཐབས་ཤེས་ཀྱི་དབང་ལས། དབང་པོ་འདི་རྣམས་ཀྱིས་ཡུལ་འཛིན་པ་ཡང་མིག་གིས་ཆུ་ལས་སྐྱེས་པའི་གཟུགས་དང་རྣ་བས་ནམ་མཁའ་ལས་སྐྱེས་པའི་སྒྲ་དང་སྣས་ས་ལས་སྐྱེས་པའི་དྲི་དང་ལྕེས་མེ་ལས་སྐྱེས་པའི་རོ་དང་ལུས་ཀྱིས་རླུང་ལས་སྐྱེས་པའི་རེག་བྱ་འཛིན་ཏོ། །དེ་ལྟར་ན་རླུང་བཅུ་པོ་ཟླ་བ་རེ་རེར་བསྐྱེད་ཅིང་འཕེལ་བས་ཟླ་བ་བཅུ་པ་ན་རླུང་བཅུའི་ནུས་པ་ཡང་རྫོགས་སོ། །དེ་ལས་ལོག་སྟེ་ནུས་པ་སྡུད་པ་ཡང་། རྡོ་རྗེ་འཕྲེང་བ་ལས་ལོ་བཅུ་བཅུར་གསུངས་པ་ནི་སྐྱེས་བུ་ཚེ་ལོ་བརྒྱ་པའི་དབང་དུ་བྱས་སོ། །གསུམ་པ་རྩ་རླུང་ཐིག་ལེ་རྫོགས་ཤིང་སྐྱེ་བའི་ཚུལ་ལ་གཉིས། རྩ་རླུང་ཐིག་ལེ་སོགས་རྫོགས་པའི་ཚུལ་དང་། སྐྱེ་བའི་ཚུལ་ལོ། །དང་པོ་ནི་དེ་ལྟར་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་སྟེ། བཤད་པ་དེ་ལྟར་ན་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་རྫོགས་ཤིང་། ཞག་རེ་ལ་རྩ་ཉིས་བརྒྱ་ཆགས་པ་བསྡོམས་ན་ཟླ་བ་རེ་ལ་རྩ་དྲུག་སྟོང་རེ་ཆགས་པར་འགྱུར་བས་མངལ་དུ་ཟླ་བ་དགུའི་རིང་ལ་རྩ་སྟོང་ཕྲག་ལྔ་བཅུ་རྩ་བཞི་ཆགས་ཏེ། ཕྱིར་སྐྱེས་ནས་ཀྱང་ཟླ་བ་གསུམ་དུ་རྩ་ཆགས་པས་ཟླ་བ་བཅུ་གཉིས་ཚང་བ་ན་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཡོངས་སུ་རྫོགས་པར་གྲུབ་ཅིང་། ཟླ་བ་བརྒྱད་པ་མན་དུ་ལྕེ་མ་སྐྱེས་པས་མའི་རྩ་རོ་མས་བསྐྱེད་ལ། ཟླ་བ་དགུ་པ་ནས་ནི་ལྕེ་གྲུབ་པས་མངལ་གྱི་མི་གཙང་བ་ཟས་སུ་ཟ་ཞིང་། དེ་ཟོས་པ་དེ་ནས་ནང་གི་སྙིགས་མའི་ཁམས་དྲི་ཆུ་སོགས་ཀྱང་འབྱུང་ངོ་། །རླུང་གི་ངོ་བོ་ལུས་སེམས་ཀྱི་ཚོར་བ་ཡིས་བཀྲེས་པ་དང་སྐོམ་པར་ཤེས་པས་སྡུག་བསྔལ་དྲག་པོས་ལུས་དང་སེམས་གདུང་བར་ཉམས་སུ་མྱོང་བར་འགྱུར་རོ། །གཉིས་པ་ནི། དེ་ཚེ་སོགས་རྐང་པ་གསུམ་སྟེ། དེ་ཕན་ཆད་དུ་ནི་འདུག་གནས་ལ་སོགས་པའི་སྣང་བ་གཞན་འབྱུང་ལ། ཟླ་བ་དགུ་པ་ནས་མི་གདུག་པ་དང་སྡུག་བསྔལ་བ་དང་མི་གཙང་བ་དང་དྲི་ང་བ་དང་མུན་པ་དང་དོག་པ་ལ་སོགས་པའི་འདུ་ཤེས་འབྱུང་བས་སྐྱེ་བར་འདོད་པ་དེའི་ཚེ། མངལ་ནས་ཕྱིར་འབྱིན་པའི་རླུང་གིས་ནི་མགོ་ཞབས་བསྒྱུར་ནས་མངལ་གྱི་སྒོར་སྐྱེ་བར་བྱེད་པ་ཡིན་ལ། དེ་ཡང་འབྱིན་པའི་རླུང་ནུས་པ་ཆེ་ཆུང་གིས་སྐྱེ་དཀའ་སླ་བྱེད་པར་བཞེད་དོ། །འདིར་ནི་རྒྱུད་སྡེ་ཟབ་མོ་ལས་འབྱུང་བ་བཞིན་དུ་ལུས་ཉིད་ལས་གྲུབ་པའི་ནང་གི་རྩ་རླུང་ཐིག་ལེ་སོགས་ཀྱིས་འཕེལ་བའི་ཚུལ་རྣམས་གསུངས་པ་ཡིན་ལ། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ལས་ནི་ལུས་ཀྱི་ཕྱི་རོལ་མའི་མངལ་ན་གནས་པའི་རླུང་མི་འདྲ་བ་དུ་མས་ཞག་བདུན་ཕྲག་སུམ་བཅུ་སོ་བརྒྱད་ཀྱི་རིང་ལ་མངལ་དུ་འཕེལ་ཞིང་བསྐྱེད་ལ། སྐྱེས་ནས་ཞག་བདུན་ན་སྲིན་བུའི་རིགས་བརྒྱད་ཁྲི་ཡང་འགྲུབ་པར་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་གསུངས་པའི་མདོ་འགྲེལ་པར་དྲངས་པ་དེ་ཉིད་ཀླགས་པ་ཙམ་གྱིས་ཤེས་པར་འགྱུར་བས་སོ། །དེ་ལྟར་མངལ་དུ་ལུས་རྫོགས་ནས་མངལ་སྦུབས་དབྲལ་ཏེ་ཕྱིར་སྐྱེ་བ་དེ་ནི་མིའི་སེང་གེའི་གནས་སྐབས་ཀྱི་འཇུག་པ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་སྐྱེས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི་རྩ་དང་རླུང་དང་ཐིག་ལེ་སོགས་ལས་གྲུབ་པ་ཡིན་ཞིང་རྩ་རླུང་ཐིག་ལེ་དེ་དག་ཀྱང་དྲི་མ་དང་བཅས་པའི་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་ལས་བྱུང་སྟེ། རྒྱུ་མཚན་དེའི་ཕྱིར་ན། སྲིད་པར་སྐྱེ་བ་ཉིད་དྲི་མ་དང་བཅས་པའི་མཆོག་གི་སྤྲུལ་པའི་སྐུར་གསུངས་ཏེ། ཀྱཻ་རྡོ་རྗེ་ལས། མངལ་གྱི་ཁྲུ་མ་ཆོས་གོས་ཉིད། །དེ་བཞིན་མ་ནི་མཁན་པོ་སྟེ། །མགོ་བོར་ཐལ་མོ་སྦྱར་བ་ཕྱག །འགྲོ་བའི་བྱ་བ་ཁྲིམས་ཀྱི་གནས། །སྔགས་ཀྱི་ཟླས་པ་ཨ་དང་ཧཾ། །སྐྱེ་གནས་འཁོར་ལོའི་རྣམ་པ་ཨ། །བདེ་ཆེན་གྱི་ནི་རྣམ་པ་ཧཾ། །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །སྔགས་དོན་སྐྱེས་པའི་དགེ་སློང་ཉིད། །འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བ་བཅུ་ཡང་ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཞེས་དང་། རྡོ་རྗེ་ཕྲེང་བ་ལས་ཀྱང་། འཕོ་བ་བཅུ་ནི་ས་བཅུ་སྟེ། །རིམ་པ་ཡིས་ནི་རྣམ་པར་ཤེས། །མ་ནི་ཤེས་རབ་ཕ་རོལ་ཕྱིན། །བྷ་ག་ཕྱག་རྒྱ་ཆེན་པོར་བརྗོད། །བྱིས་པ་ཡང་དག་རྫོགས་སངས་རྒྱས། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །མགོ་བོའི་སྐྲ་ནི་བྲགས་པ་དང་། །ཁྲུ་མའི་ཆོས་གོས་དམར་པོ་བགོས། །དཔལ་དང་ལྡན་པ་ཐལ་མོ་སྦྱར། །སྤྱི་བོ་ས་ལ་གཏུགས་པ་ཕྱག །མཚན་ནི་སུམ་བཅུ་རྩ་གཉིས་འཆང་། །དཔེ་བྱད་བཟང་པོ་བརྒྱད་བཅུས་བརྒྱན། །ཡེ་ཤེས་ཆེན་པོ་ལེགས་པར་སད། །འདུ་བྱེད་ཐོབ་པ་གྲོལ་དང་བཅས། །དཔའ་བོ་ཆེན་པོ་རྣམ་རྟོག་མེད། །སྐྱེ་མཆེད་ཤ་ནི་འཇིབ་པར་བྱེད། །བདུད་རྩི་ལྔ་ནི་ཡེ་ཤེས་ཆེ། །རྟག་ཏུ་བདུད་རྩི་ལྔ་མྱང་བྱེད། །དངོས་པོ་ཐམས་ཅད་རྣམ་སྤངས་ལ། །རྣལ་འབྱོར་སེང་གེ་བཞིན་དུ་སྤྱོད། །འདི་ཉིད་མཆོག་ཏུ་གསང་བ་སྟེ། །གང་དུ་ཡང་ནི་མ་གསུངས་སོ། །ཞེས་གསུངས་སོ། །འདིའི་ཐད་ཀྱི་རང་འགྲེལ་ལས། འདིར་སྔགས་ཀྱི་ཐེག་པ་ཞེས་སོགས་ཀྱིས་སྐྱེ་བ་སྤྲུལ་སྐུར་གསུངས་པའི་དོན་སྐྱེ་སྲིད་ཀྱི་ཕུང་ཁམས་རྫོགས་པ་ཉིད་དྲི་བཅས་གཟུགས་སྐུ་ཡིན་པ་ལ་བཤད་ནས། དྲི་མ་མེད་པར་ཞེས་སོགས་ཀྱི་ལུང་དོན་སྔ་འགྲེལ་གྱི་ཚུལ་དུ་བཤད་ལ། དེ་དག་གི་ཤེས་བྱེད་དུ་བརྟག་གཉིས་ཀྱི་ལུང་བཀོད་ཅིང་། རྡོ་རྗེ་ཕྲེང་བ་དང་འགྲེལ་ཆེན་གྱི་ལུང་ཁུངས་སྨོས་ནས་འདི་ལྟར་མན་གྱིས་རྒྱས་འགྱུར་གྱི་རིགས་ལས་རྫོགས་སངས་ཀྱི་སྤྲུལ་སྐུ་འཕྲོ་བའི་ཤེས་བྱེད་དུ་རྒྱུད་བླ་མའི་ལུང་དང་སྦྱར་བ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་དོན་གྱི་རྣམ་བཤད་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་ཕྲེང་བ་ཞེས་བྱ་བ་ལས། མངལ་དུ་ལུས་འགྲུབ་པའི་ཚུལ་བསྟན་པའི་དུམ་བུ་སྟེ་ལེའུ་གཉིས་པའི་བཤད་པའོ།། །།དེ་ལྟར་ལེའུ་གཉིས་པས་སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུའི་བདག་ཉིད་དུ་ལུས་གྲུབ་པའི་ཚུལ་བསྟན་ནས་དེའི་འོག་ཏུ་རྩ་རྣམས་ཀྱི་རྣམ་པར་གཞག་པ་བཤད་པར་བྱ་སྟེ། བཤད་མ་ཐག་པའི་ལུས་དེ་ཡང་རྩ་རླུང་ཐིག་ལེ་གསུམ་ལས་གྲུབ་ཅིང་། རྩ་ལམ་དུ་སློང་བ་ལ་རྩའི་རྣམ་གཞག་ཤེས་དགོས་པའི་ཕྱིར་དང་། ལུས་དེ་ལ་རྩ་ཇི་ལྟར་གནས་པ་མ་ཤེས་ན་རླུང་དང་ཐིག་ལེའི་གནས་མི་ཤེས་པའི་ཕྱིར་དང་། སྐུ་རྡོ་རྗེའི་ཁམས་སམ་རིགས་རྟོགས་པ་ནི་རྩའི་དེ་ཁོ་ན་ཉིད་ཤེས་པ་ལ་རག་ལས་པའི་ཕྱིར་རོ། །དེ་ལ་མི་ཤིགས་པའི་ཐིག་ལེ་ཆེན་པོ་ལས་རགས་པའི་རྩ་རྣམས་སུ་གྲུབ་པའི་ཚུལ་ནི་བཤད་ཟིན་ལ། མངལ་དུ་རྩ་ཆགས་པའི་རིམ་པ་ཡང་སྲོག་རླུང་གི་རྟེན་དུ་རྩ་རྣམས་ཀྱི་དང་པོར་དབུ་མ་ཆགས་ཤིང་། དེ་ལ་ཉོན་ཡིད་ཀྱིས་བདག་ཏུ་རྟོག་ཅིང་ཚོགས་དྲུག་གིས་གཞན་དུ་རྟོག་པའི་དབང་ལས་རོ་རྐྱང་དུ་སྣང་བ་སྟེ་རྩའི་གཙོ་མོ་གསུམ་ནི་སྣང་ཚུལ་གྱི་དབང་གིས་སོ་སོར་ཕྱེ་བ་ཙམ་ཡིན་པས་དུས་གཅིག་ཏུ་ཆགས་པ་ཡིན་ལ། དེ་གསུམ་ནང་གཅིག་དུ་འདུས་པའི་ས་ནས་འཁོར་ལོའི་རྩ་འདབ་དུའང་གྱེས་པས་གཙོ་མོ་གསུམ་ཆགས་པའི་རྗེས་ནས་རྩ་འཁོར་ལོ་བཞིའི་རྩ་འདབ་བརྒྱ་ཉི་ཤུའམ་འཁོར་ལོ་དྲུག་གི་རྩ་འདབ་བརྒྱ་དང་ལྔ་བཅུ་རྩ་དྲུག་རིམ་པར་ཆགས་ལ། དེ་ནས་ཡན་ལག་གི་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཆགས་ཏེ། དེའི་འོག་ཏུ་བ་སྤུའི་བུ་ག་དང་འབྲེལ་བའི་རྩ་ཕྲ་མོ་བྱེ་བ་ཕྲག་ཕྱེད་དང་བཞི་ཡང་གྲུབ་བོ། །རྩ་དེ་དག་ཀྱང་ཡི་གེའི་རང་བཞིན་ཅན་ཡིན་པས་རྩ་ཡི་གེར་ཆགས་པའི་ཚུལ་ཡང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་གསུངས་པ་ལྟར་ཐོག་མར་ལྟེ་བའི་ཨ་མགོ་གྱེན་བསྟན་དུ་ཆགས་ཤིང་། ཐབས་ཤེས་ཀྱི་རྟེན་འབྲེལ་ལས་སྤྱི་བོར་ཧཾ་ཐུར་བསྟན་དུ་ཆགས་པ་དེའི་དབང་གིས་ཕྱི་རོལ་དུ་ཨེ་ཝཾ་ཐབས་ཤེས་ཀྱི་རང་བཞིན་དུ་གྲུབ་བོ། །དེ་ནས་སྙིང་གའི་བྷྲུཾ་ཨཾ་ཛྭིཾ་ཁཾ་ཧཱུཾ་ཞེས་པ་ཉོན་མོངས་པ་ལྔ་དང་བདུད་རྩི་ལྔའི་རྟེན་གྲུབ་ཅིང་། དེ་ནས་ར་ཀྵྼ་ལ་སོགས་པའི་ཡི་གེ་བཅུ་དྲུག་དང་། དེ་ནས་ཡུལ་ཉི་ཤུ་རྩ་བཞིའི་ཡི་གེ་ཉི་ཤུ་རྩ་བཞི་ཡང་ཆགས། དེ་ནས་ཡི་གེ་བརྒྱ་ཉི་ཤུ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་བར་གྲུབ་པ་རྣམས་ཀྱི་ནང་དུ་རླུང་རྒྱུས་པས་ངག་ཡི་གེའི་སྒྲ་དང་ལྡན་པར་གྲུབ་པ་ཡིན་ནོ། །རྩ་སོ་སོའི་རྣམ་པར་གཞག་པ་ལ་སོགས་པ་ནི་གཞུང་ཉིད་ཀྱིས་འཆད་པར་འགྱུར་བས། དེ་ལ་གཉིས། ལེའུའི་གཞུང་བཤད་པ་དང་། ལེའུའི་མཚན་ནོ། །དང་པོ་ལ་གསུམ། བསྟན་བཤད། བསྡུ་བའོ། །དང་པོ་ནི། དེ་ནས་སོགས་རྐང་པ་དང་བཅས་པའི་ཚིགས་བཅད་གཅིག་སྟེ། བཤད་པར་བྱའོ། །གང་ན་ལུས་དེ་ལ་རྩ་རྣམས་གནས་པའི་ཚུལ་ལོ། །སྐབས་གང་དུ་ན། ལུས་འགྲུབ་ཚུལ་བཤད་པ་དེ་ནས་ཏེ་དེའི་འོག་ཏུའོ། །ཚུལ་ཇི་ལྟར་ན། རྩ་དབུ་མ་ལུང་དང་སྦྱར་ཞིང་རོ་རྐྱང་ཡང་ལུང་དང་བཅས་ལ་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་དང་སུམ་བཅུ་སོ་གཉིས་དང་སུམ་བཅུ་སོ་བདུན་གྱི་ངེས་པ་དང་རྩའི་འཁོར་ལོ་བཞི་དང་དྲུག་དང་བཅོ་བརྒྱད་དང་། ཚིགས་ཕྲན་གྱི་འཁོར་ལོ་ནད་བསྐྱེད་པའི་རྩ་དང་བཅས་པ་དང་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་རྒྱས་བཤད་རྡོ་རྗེ་འཕྲེང་བ་དང་སྦྱར་བ་དང་དེ་ལས་ཕྲ་བའི་རྩ་བྱེ་བ་ཕྲག་ཕྱེད་དང་བཞི་བ་སྤུའི་མཐར་ཐུག་པར་ཁྱབ་པའི་ཚུལ་དང་འང་ཞེས་པས་རྩ་རྣམས་ཁམས་གང་གིས་བསྐྱེད་པ་སོགས་བསྟན་པའི་ཚུལ་གྱིས་སོ། །གཉིས་པ་ལ་དྲུག །རྩ་དབུ་མ་བཤད་པ། རོ་རྐྱང་གཉིས། རྩའི་གཙོ་མོ་རྣམས། རྩའི་འཁོར་ལོ་ནད་བསྐྱེད་པ་དང་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་རྒྱས་བཤད། རྩ་ཕྲ་མོ་དང་ཁམས་གང་གིས་བསྐྱེད་བཤད་པའོ། །དང་པོ་ལ་གསུམ།བཤད་པ་དངོས་དང་། དེ་ཤེས་བྱེད་ཀྱི་ལུང་དང་སྦྱར་བ། མཇུག་བསྡུ་བའོ། །དང་པོ་ནི། ཐོག་མར་སོགས་རྐང་པ་དང་བཅས་པའི་ཚིགས་བཅད་གསུམ་སྟེ། ཐོག་མར་རྡོ་རྗེའི་ལུས་བསྐྱེད་པའི་གཞིར་གྱུར་པ་རྩ་དབུ་མ་དེ་འཆད་དོ། །འདི་ལ་འདོད་པ་མི་འདྲ་བ་དུ་མ་ཡོད་ཀྱང་རྒྱུད་འགྲེལ་དཔང་པོར་བྱས་ནས་བཤད་ན་ལུས་གྲུབ་ཚུལ་གྱི་སྐབས་སུ་བཤད་པའི་དབུ་མ་སྲོག་རླུང་དང་བཅས་པ་དེ་ནི་གཙུག་ཏོར་ནས་གསང་གནས་ཀྱི་འཁོར་ལོའི་བར་འཁོར་ལོ་དྲུག་གི་དབུས་ན་ནི་གནས་ཤིང་འཁོར་ལོ་དྲུག་པོའི་བར་ཐག་རང་གི་སོར་བཅུ་གཉིས་ཕྱེད་དང་བཅས་པ་སྟེ་སོར་ཕྱེད་དང་བཅུ་གསུམ་རེ་ཡོད་ལ་དེའི་མར་སྣ་གསང་བའི་གནས་དང་ཡར་སྣ་སྤྱི་གཙུག་གི་བར་དུ་འབྲེལ་བ། ཡར་སྣར་ཧཾ་གི་རང་བཞིན་མགོ་མཐུར་དུ་བལྟ་བའི་དབྱིབས་ཅན་ཕ་ལས་ཐོབ་པའི་དཀར་ཆའི་དྭངས་མ་ཡུངས་ཀར་རྩམ་གྱིས་བཀག་པའི་ཚུལ་དང་མར་སྣ་ལྟེ་བའི་འོག་ཏུ་མ་ལས་ཐོབ་པའི་ཐིག་ལེ་དམར་ཆའི་དྭངས་མ་ཁྲག་གི་རང་བཞིན་ཏེ་ཨ་ཐུང་གི་དབྱིབས་སུ་བརྗོད་ལ། ཨ་ཧཾ་དེ་གཉིས་ཀྱི་བར་ན་ཀུན་གཞིའི་རྟེན་སྲོག་ཆེན་པོའི་རླུང་གིས་གང་ནས་གནས་པ་སྟེ་ཁ་དོག་མེད་པའི་ཁ་དོག་ཅན་ནམ་མཁའ་དང་འདྲ་བ་ཡིན་ནོ། །དེ་ལྟར་ན་ཀྱཻ་རྡོ་རྗེ་ལས། ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་འདར་མར་རབ་གྲགས། །ཤེས་གསུངས་པ་དང་འགལ་ལོ་སྙམ་ན། སྐྱོན་མེད་དེ་ལྟེ་འོག་སོར་བཞི་མན་ཆད་ཀྱི་དབུ་མའི་མར་སྣ་དེ་ལ་རྩ་དུང་ཅན་མ་ཞེས་ཟེར་ཞིང་རྩ་གཞན་ཐམས་ཅད་ཀྱི་དཀར་ཆའི་དྭངས་མ་མཐའ་དག་དེར་འདུས་ཏེ་འབབ་པས་བདེ་བ་བསྐྱེད་པར་བྱེད་པ་ཡིན་པ་ལ་དགོངས་པས་སོ། །གཉིས་པ་ནི། འདི་ནི་སོགས་ཚིགས་བཅད་གཉིས་ཏེ། རྩ་དབུ་མའི་གནས་ཚུལ་འདི་ནི་བདེ་མཆོག་སྡོམ་པ་འབྱུང་བ་དང་སཾ་པཱུ་ཊི་དང་ནག་པོ་པའི་དཔྱིད་ཐིག་རྣམས་ནས་འདི་སྐད་གསུང་སྟེ་སྙིང་གའི་རྩ་ཆུ་སྐྱེས་ཀྱི་འདབ་མ་འདྲ་བའི་དབུས་སུ་སོན་པ་ཆུ་ཤིང་དང་སྙེ་མའི་མེ་ཏོག་ལྟར་ནང་སྟོང་པ་ཡར་སྣར་ཧཾ་ནི་མཐུར་དུ་འཕྱང་ཞིང་མགོ་འོག་ཏུ་བལྟ་ལ་མར་སྣ་ཨ་ཐུང་ཏིལ་གྱི་མར་མེ་ལྟ་བུས་བརྒྱན་པ་དེའི་འོག་ཏུ་རྩ་ཐམས་ཅད་ནས་བྱང་ཆུབ་ཀྱི་སེམས་མཉམ་པར་འབབ་པའི་རྩ་འདི་ལ་ཨ་ཝ་དྷུ་ཏིར་ཤེས་པར་བྱ་སྟེ། དེ་ལས་ལྷན་ཅིག་སྐྱེས་པའི་དགའ་བ་སྟེར་བར་བྱེད་པའོ་ཞེས་གསུངས་པའི་དོན་ནོ། །གསུམ་པ་ནི་མདོར་བསྡུ་ན་ལུས་ཅན་གྱི་སྲོག་རྩ་དང་དབྱེར་མི་ཕྱེད་པར་གནས་པ་ཡིན་ནོ། །འདིར་ཅུང་ཟད་བཤད་ན། ཁ་ཅིག་གནས་ཚོད་ཀྱི་རྩ་དབུ་མ་དང་། སྒོམ་པའི་དབུ་མ་གཉིས་ལས། གནས་ཚོད་ཀྱི་དབུ་མ་ནི་གཞུང་ལས་ཇི་ལྟར་བཤད་པ་འདི་ཁོ་ན་ལྟར་གནས་ཀྱང་ད་ལྟ་ཤ་ཁྲག་སོགས་ཀྱིས་བསྒྲིབས་ཤིང་ཤི་བའི་ཚེ་ཡལ་ནས་འགྲོ་བས་མིག་ཤེས་ཀྱི་ཡུལ་དུ་མ་གྱུར་ལ། སྒོམ་པའི་དབུ་མ་ནི། ཇི་ལྟར་གནས་པ་བཞིན། སྒོམས་ན་མདུད་པ་གྲོལ་བར་མི་འགྱུར་བས་ལུས་ཀྱི་སྟོང་རའི་དབུས་སུ་དབུ་མ་གཅིག་པོ་བསྒོམ་པ་ཁང་སྟོང་ལ་ཀ་བ་གཅིག་བཙུགས་པ་ལྟ་བུ་དང་། གཅིག་པོ་དེ་ལ་འཁོར་ལོ་གཅིག་གམ་གཉིས་སམ་བཞི་གདུགས་གདུགས་འདེགས་ཀྱི་ཚུལ་དུ་སྒོམ་པ་དང་རོ་བརྐྱང་གཉིས་ཀྱང་དབུ་མ་ལ་མ་རེག་པར་འཁོར་ལོའི་རྩ་རྣམས་ཀྱི་མཐའ་བརྟེན་ནས་དྲང་པོར་སྒོམ་པ་ལ་སོགས་པ་ནི་གང་ཟག་གི་བློའི་རིམ་པ་དང་སྦྱར་བ་མན་ངག་གི་ཟབ་ཁྱད་དུ་འདོད་པ་དང་། ལ་ལས་གཞུངས་པ་ཉིད་དབུ་མར་འདོད་པ་དང་། གཞན་དག་གཞུངས་པའི་དབུས་ན་རྩ་དབུ་མ་རྟ་རྔ་ཙམ་ཡོད་པར་འདོད་པ་དང་། འགའ་ཞིག་རྩ་དབུ་མ་དོན་ལ་མེད་པར་འདོད་པ་དག་ཡོད་ཀྱང་རྒྱུད་ལས་དངོས་སུ་གསུངས་པ་ཇི་ལྟ་བ་བཞིན་བཤད་པར་བྱའོ། །དེ་ཡང་གཞུང་ཉིད་དུ་སྨོས་པ་བཞིན་ལུས་ཀྱི་དབུས་ཀྱི་ཆ་ན་གནས་ཤིང་གཟུང་བ་དང་འཛིན་པ་གཉིས་སུ་མེད་པས་ཐབས་དང་ཤེས་རབ་དབྱེར་མི་ཕྱེད་པ། རྩའི་འཁོར་ལོ་དྲུག་གིས་བརྒྱན་ཞིང་སྤྱི་བོའི་དབུས་ན་ཧཾ་དང་ལྟེ་འོག་གི་རྩ་གསུམ་འདུས་མདོར། ཨ་ཤད་ཀྱིས་ཀྱང་མཛེས་པ། སྟོད་དུ་ནི་ཚངས་པའི་བུ་ག་དང་ཁྲོ་བོ་རྣམས་ཀྱི་སྤྱན་དབུས་མ་མཚོན་ལ། སྨད་དུ་ནི་སྐྱེས་པའི་རྡོ་རྗེ་ནོར་བུ་རྩེ་མོ་དང་བུད་མེད་ཀྱི་པདྨའི་ཟེའུ་འབྲུ་ལ་གནས་སོ། །ལྟེ་བ་ཡན་ཆད་རླུང་གིས་གང་ཞིང་ལྟེ་འོག་གི་རྩ་གསུམ་འདུས་མདོ་མན་ཆད་ཤེས་རབ་མའི་རང་བཞིན་ཟླ་བ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བས། དུས་འཁོར་ལས། སྟེང་སྒྲ་གཅན་འོག་དུས་མེ་ཞེས་མགོ་མཇུག་ཏུ་བཤད་ལ། བྱེད་ལས་ནི་མར་སྣས་བྱང་ཆུབ་ཀྱི་སེམས་འབབ་ཅིང་ལྷན་ཅིག་སྐྱེས་པའི་དགའ་བ་སྟེར་བར་བྱེད་པས་ཀུན་འདར་མར་གྲགས་ཤིང་སྟེང་དུ་ནི་ཨ་ཧཾ་གི་བར་ན་སྒྲ་གཅན་གྱི་རླུང་ངམ་ལུས་བར་གྱི་སྲོག་རླུང་གནས་པས་དོན་ལ་ལས་དང་ཡེ་ཤེས་ཀྱི་རླུང་ཐམས་ཅད་རྩ་དབུ་མ་དེ་ལ་བརྟེན་པའི་ཕྱིར་ལུས་ཅན་གནས་པར་བྱེད་པའི་སྲོག་རྩ་ཡིན་ནོ། །འོ་ན་ཡེ་ཤེས་ཐིག་ལེ་ལས། སྲོག་གི་དབྱིག་པའི་དབུས་ན་གནས། །ཕྲ་བའི་ཕྲ་བ་ཡང་དག་བྱུང་། །སུམ་བཅུ་རྩ་གཉིས་མདུད་དང་ལྡན། །དེ་ནི་ཕྱི་རོལ་ནང་དུ་མིན། །ཞེས་གསུངས་ཤིང་། ཙན་དན་གོར་ཤི་ཤ་ལ་སྦྲུལ་གནས་པ་ལྟར་སྲོག་རྩ་ལ་དབུ་མ་བརྟེན་པར་བཤད་པ་དང་ཇི་ལྟར་མི་འགལ་ཞེ་ན། སྲོག་གི་དབྱིག་པའི་དབུས་ན་གནས་ཤིང་ཕྱི་རོལ་དང་ནང་གང་དུའང་གནས་པ་མིན་པར་གསུངས་པ་ཁོ་ནས་ཀྱང་དེ་གཉིས་དབྱེར་མི་ཕྱེད་པའི་ཚུལ་དུ་གནས་པར་གྲུབ་ལ། ཙན་དན་གོར་ཤི་ཤ་གང་དུ་ཡོད་པ་དེར་སྤྲུལ་ཡོད་པ་ལྟར། སྲོག་རྩ་ཡོད་པ་དེར་དབུ་མ་ཡོད་པ་དཔེ་དོན་དུ་སྦྱོར་བ་ཡིན་གྱི། ཙན་དན་གོར་ཤི་ཤ་ལ་སྦྲུལ་འཁྲིལ་བ་བཞིན་དུ་སྲོག་རྩ་ལ་དབུ་མ་འཁྲིལ་བའི་ཚུལ་དུ་གནས་པ་དཔེ་དོན་དུ་སྦྱོར་བ་མ་ཡིན་པས། ཁོ་བོ་ཅག་ལ་ནི་ཁ་ན་མ་ཐོ་བ་ཅུང་ཟད་ཀྱང་མེད་དོ། །དེས་ན། ཡེ་ཤེས་ཐམས་ཅད་ཀྱི་རྩ་བ་ཀུན་གཞི་ཡེ་ཤེས་དང་། རྣམ་ཤེས་ཐམས་ཅད་ཀྱི་རྩ་བ་ཀུན་གཞིའི་རྣམ་ཤེས་ཡིན་པས། དེ་གཉིས་ཐ་མི་དད་པ་ཐ་མལ་གྱི་ཤེས་པ་ལ་སངས་རྒྱས་ཀྱི་རྒྱུ་བྱེད་པའི་ཆ་ནས་བདེ་གཤེགས་སྙིང་པོར་འབོད་པ་བཞིན་དུ། ཡེ་ཤེས་ཀྱི་རྩ་ཐམས་ཅད་ཀྱི་རྩ་བ་དབུ་མ་དང་། འཁོར་བའི་རྩ་ཐམས་ཅད་ཀྱི་རྩ་བ་སྲོག་རྩ་ཡིན་པས་དེ་གཉིས་མི་ཕྱེད་པ་སྒྲ་གཅན་གྱི་རྩ་ལ་སྲོག་བརྟེན་པའི་ཆ་ནས་སྲོག་རྩ་ཞེས་འབོད་པ་རིགས་ཏེ། ཡེ་ཤེས་ཀྱི་རླུང་ཐམས་ཅད་ཀྱི་རྩ་བ་མི་ཤིགས་པའི་རླུང་དང་། ལས་རླུང་ཐམས་ཅད་ཀྱི་རྩ་བ་སྲོག་ཆེན་པོའི་རླུང་ཡིན་པས། དེ་གཉིས་ཆུ་དང་འོ་མ་ལྟར་འདྲེས་པ་སྒྲ་གཅན་གྱི་རླུང་ལ་ཡང་སྲོག་འཛིན་པའི་ཆ་ནས་སྲོག་རླུང་ཞེས་འབོད་པ་འཐད་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། རྩ་དབུ་མར་རླུང་ཞུགས་པས་ཡེ་ཤེས་འཕེལ་བར་འགྱུར་བའི་གནད་ཀས་རྣལ་འབྱོར་པ་རྣམས་དེར་རླུང་འཇུག་པའི་ཕྱིར་འབད་རྩོལ་བྱེད་ལ། སྲོག་པ་རྩར་རླུང་ཞུགས་ན་སྲོག་རླུང་གི་ནད་འབྱུང་བས་དེར་རླུང་མི་འཇུག་པའི་ཆེད་དུ་གེགས་སེལ་བ་ལ་མཁས་པར་བྱེད་ན། རྩ་དེ་གཉིས་མི་ཕྱེད་པར་སུ་ཞིག་འདོད་ཅེས་ཟེར་རོ། །དེ་ནི་ཆ་མེད་པར་སྨྲ་བ་ལ་རིངས་པ་སྟེ། སྲོག་གི་རླུང་སྲོག་རྩ་ལས་གནས་གཞན་དུ་ལོག་ན། སྲོག་རླུང་གི་ནད་ཅེས་པ། བརྒྱལ་བ་དང་སྨྱོ་བ་དང་འཆི་བར་གསུངས་ཀྱི། སྲོག་རྩར་རླུང་ཞུགས་པ་ལས་ནད་དེ་དག་བསྐྱེད་པའི་བཤད་པ་རྒྱུད་འགྲེལ་ཁུངས་ཐུབ་ན་མེད་དོ། །དེའི་ཕྱིར་དཔལ་རང་བྱུང་གི་ཞལ་སྔ་ནས། ཚད་ལྡན་དབུ་མ་སྲོག་རླུང་བཅས། །བསྐྱེད་ནས་ཞེས་པའི་སྔ་འགྲེལ་དུ། སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ཀྱི་སྲོག་རྩ་ཆགས་པར་འགྱུར་རོ་ཞེས་དང་། འདི་ཉིད་དུའང་། སྔར་ལུས་གྲུབ་པའི་སྐབས་སུ་བཤད་པའི་སྲོག་རླུང་གི་རྟེན་རྩ་དབུ་མ་སྟེ་ཞེས་དང་། ཀུན་གཞིའི་རྣམ་ཤེས་ཀྱི་རྟེན་སྲོག་ཆེན་པོའི་རླུང་གིས་གང་ནས་གནས་པ་ཞེས་དང་། མདོར་ན་ལུས་ཅན་སྲོག་རྩ་ཡིན། །ཞེས་གསུངས་པའི་དོན་ནི། །གཞི་དུས་སུ་རྩ་དབུ་མ་དང་སྲོག་རྩ་མི་ཕྱེད་པ་དེ་ལ་གནད་དུ་བསྣུན་པའི་ལམ་སྒོམས་པས་འབྲས་དུས་སུ་རྩ་ཐམས་ཅད་རྣམ་པར་དག་ནས་དབུ་མ་འབབ་ཞིག་ཏུ་འགྱུར་བ་ངེས་དོན་གྱི་ཆོས་སྐད་ཀྱི་སྲོག་དང་སྙིང་ལྟ་བུ་ཡིན་པ་གདུལ་བྱའི་བློ་ཡུལ་དུ་འཆར་བའི་ཐབས་སུ་རྩ་དབུ་མ་བཤད་གཞིར་ནམ་མཛད་པ་ན་སྲོག་རྩ་ཞེས་པའི་མིང་གིས་གསུངས་པ་ཡིན་ནོ། །འདིའི་མིང་གི་རྣམ་གྲངས་ནི་རང་འགྲེལ་ཇི་ལྟ་བ་བཞིན་ཤེས་པར་བྱའོ། །ངེས་པའི་དོན་དུ་ནི་རྩ་དབུ་མ་དང་ཡེ་ཤེས་ཀྱི་རླུང་དང་མི་འགྱུར་བའི་ཐིག་ལེ་དང་གཉུག་མའི་སེམས་རྣམས་དོན་གཅིག་པ་སྟེ། དེའི་ཕྱིར་གདོད་མའི་མི་ཤིགས་པའི་ཐིག་ལེ་ཆེན་པོ་ཉིད་ཀྱི་གདངས་འགག་མེད་ཀྱི་ཆ་ལ་མུན་པའི་དབང་ལས་རྩ་དབུ་མར་སྣང་བ་ཡིན་ནོ། །དེས་ན་མི་ཤིགས་པ་དེའི་རླུང་གི་ཆ་ཤས་གཡོ་བའི་དབང་གིས་རང་ངོ་མ་ཤེས་པ་ལས་གཉིས་སྣང་ཞུགས་ཏེ་རྡུལ་སྟོབས་ཀྱི་དབང་ལས་རོ་རྐྱང་དུ་སྣང་ཞིང་དེ་ལས་གཟུང་འཛིན་དང་། དབུ་མ་ལས་གཉིས་མེད་ཀྱི་ཡེ་ཤེས་འཆར་སྟེ། དེ་བས་ན་སེམས་ཉིད་གཟུང་འཛིན་དང་བྲལ་བ་དེའི་ཚེ། རྩ་རྣམ་པར་དག་སྟེ་དབུ་མ། རླུང་རྣམ་པར་དག་སྟེ་ཡེ་ཤེས་ཀྱི་རླུང་། ཐིག་ལེ་རྣམ་པར་དག་སྟེ་བདེ་བ་ཆེན་པོར་འཆར་བ་ཡིན་ནོ། །གནད་འདི་མ་གོ་བར་རོ་རྐྱང་གི་རླུང་གཡས་གཡོན་ནས་རྒྱུ་བ་དེ་ཉིད་ལུས་ཀྱི་དབུས་སུ་རྩ་དབུ་མ་དྲང་པོར་གནས་པའི་ནང་དུ་སེལ་མཆུ་ལ་སྦུད་པ་བུས་པ་ལྟར་འགྲོ་རྒྱུ་ཡོད་པར་འདོད་པ་དག་གིས་ནི། གནད་འཆིང་བར་མི་ནུས་ཤིང་རྩ་སྤྲུལ་པའི་སྐུར་གསུངས་པའི་ངེས་དོན་གྱི་གསང་མ་རྟོགས་པ་སྟེ། སེམས་ཀྱི་གཟུང་འཛིན་དྭངས་པ་རང་སྣང་དང་བཅས་པ་ལས་ལོགས་སུ་དྭངས་མའི་རྩ་རླུང་ཐིག་ལེ་བཞག་ཏུ་མེད་པས་སོ། །དེ་བས་ན་མི་རྟོག་རྒྱ་ཡན་དུ་འཆིང་བ་དང་། དབང་པོ་ཡུལ་ལ་ཐུག་ཕྲད་ཀྱི་སྟེངས་སུ་གང་ཤར་བཟོ་མེད་རྗེན་པར་སྐྱོང་བ་ཁོ་ན་གནད་དུ་ཆེ་སྟེ། དེ་ལས་གཞན་པའི་གནད་འཆིང་ཚུལ་མཐའ་དག་གཟུང་འཛིན་གྱི་དབང་དུ་གྱུར་པ་ཤ་སྟག་ཡིན་པས་དབུ་མར་འཆིང་མི་ནུས་པའི་ཕྱིར་རོ། །འགྲེལ་པར་དྭངས་མ་ལྔ་འདུས་ཀྱི་ཡེ་ཤེས་དོགས་གཅོད་དང་བཅས་པ་དང་། རྩ་དབུ་མའི་མིང་གི་རྣམ་གྲངས་གསུངས་པ་རྣམས་ནི་བཀླགས་པས་ཆོག་གོ །གཉིས་པ་རོ་རྐྱང་གཉིས་བཤད་པ་ལ་གཉིས། དངོས་དང་། དེ་ཤེས་བྱེད་ཀྱི་ལུང་དང་སྦྱར་བའོ། །དང་པོ་ནི། གཡས་གཡོན་སོགས་ཚིགས་བཅད་ཕྱེད་དང་བཞི་སྟེ། གཡས་རོ་མ་དང་གཡོན་རྐྱང་མ་གཉིས་པོ་དེ་ནི་ལྟེ་བའི་འོག་སོར་བཞིའི་ཐད་ནས་གྱེས་ཤིང་ལྟེ་བར་འདུས་པ་ནས་གྱེས་ཏེ་མཁལ་མར་རྩ་ཆེན་པོ་ལ་འབྲེལ་ལ་དེ་ནས་སླར་ཡང་སྙིང་གར་གཡས་ཀྱི་སེར་སྐྱ་དང་གཡོན་གྱི་ཨི་ཊ་ལ་འབྲེལ་བར་ཅུང་ཟད་འདུས་ཤིང་དེ་ཡང་མཆན་འོག་གི་རྩ་ཆེན་པོ་སྙིང་རྩ་རྡུལ་འདུལ་བརྒྱུད་ནས་མགྲིན་པར་འདུས་ཏེ། རྩེའུ་ཆུང་དུ་གྱུར་ནས་ནི་རྣ་བའི་འོག་ནས་ཕུག་ཅིང་ལྗོན་ཤིང་གི་རྩ་ཞེས་པ་ཀླད་པ་ལ་སོང་སྟེ། སྤྱི་བོར་ཚངས་བུག་དང་འབྲེལ་བས་དབང་པོའི་སྒོ་ཐམས་ཅད་དུ་ཁྱབ་ཅིང་། བྱེ་བྲག་དུ་སྣ་བུག་གཉིས་སུ་ཡར་སྣ་གཉིས་འབྱུང་ངོ་། །འོག་ཏུ་རྩ་གསུམ་འདུས་མདོ་ནས་གྱེས་ཏེ་བུད་མེད་ཀྱི་མངལ་ཁྲག་དང་སྐྱེས་བུད་མེད་གཉིས་ཀའི་དྲི་ཆེན་འབྱིན་སྡོམ་གྱི་ལས་ནི་གཡས་པ་རོ་མའི་མར་སྣས་བྱེད་ཅིང་། སྐྱེས་བུད་མེད་གཉིས་ཀའི་དྲི་ཆུའི་འབྱིན་སྡོམ་གྱི་ལས་གཡོན་ནས་རྐྱང་མའི་མར་སྣས་བྱེད་ལ་དབུ་མའི་མར་སྣས་བྱང་སེམས་འབབ་པར་བཤད་པ་ཡིན་ཏེ། ཀྱཻ་རྡོ་རྗེ་ལས། རྐྱང་མ་མི་སྐྱོང་འབབ་པ་སྟེ། །རོ་མ་དེ་བཞིན་ཁྲག་འབབ་ཅིང་། །ཞེས་སོགས་གསུངས་པས་སོ། །རོ་རྐྱང་གི་ལྟེ་བའི་སྟེང་ཡན་ཆད་དུ་ཉི་ཟླའི་རླུང་རྒྱུ་བ་ཡིན་ཏེ། ལྟེ་བར་རྩ་གསུམ་པོ་ནང་གཅིག་ཏུ་གྱུར་པ་ལས་ནི་རྩ་དྲུག་བཅུ་རྩ་བཞི་འམ། བདུན་བཅུ་རྩ་གཉིས་སུ་གྱེས་ཤིང་རླུང་རྒྱུ་བས། ཕྱི་ནང་ཐམས་ཅད་དུ་རླུང་ཀུན་གསོ་ཞིང་བསྐྱེད་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། འདི་ནི་སོགས་རྐང་པས་དམན་པའི་ཚིགས་བཅད་གསུམ་སྟེ། རྩ་གསུམ་གྱི་གནས་ཚུལ་འདི་ནི་དང་པོའི་སངས་རྒྱས་དུས་འཁོར་རྩ་རྒྱུད་ལས། རྩའི་གཙོ་མོ་གསུམ་པོ་དེ་ནི་ཐུར་དུ་རྩེ་མོ་གསུམ་ཡོད་པ་སྟེ་དེ་བཞིན་དུ་གྱེན་དུའང་རྩེ་མོ་གསུམ་མོ། །གྱེན་གྱི་རྩེ་མོ་གསུམ་ནས་ཅི་རྒྱུ་ཞེ་ན་དབུས་ན་གནས་པའི་རྩེ་མོ་དབུས་མའི་ཡར་སྣ་ནས་སྒྲ་གཅན་གྱི་རླུང་ནམ་མཁའི་རང་བཞིན་དུ་རྒྱུ་ལ། གཡས་པ་རོ་མའི་ཡར་སྣའི་རྩེ་མོ་ནས་ཉི་མའི་རླུང་མེའི་རང་བཞིན་དུ་རྒྱུ་ཞིང་། གཡོན་པ་རྐྱང་མའི་ཡར་སྣའི་རྩེ་མོ་ནས་ཟླ་བའི་རླུང་ཆུའི་རང་བཞིན་དུ་རྒྱུ་བ་ཡིན་ནོ། །འོག་གི་མར་སྣ་གསུམ་ནས་ཅི་རྒྱུ་ཞེ་ན་གཡས་རོ་མའི་མར་སྣ་ནས་བཤང་བ་དང་། གཡོན་རྐྱང་མའི་མར་སྣ་ནས་གཅི་བ་དང་། དབུས་དབུ་མའི་མར་སྣ་ནས་ཁུ་བ་རྒྱུ་ལ། རྩ་དེ་གསུམ་ནི་འདུས་ཤིང་གྱེས་པ་ལྕགས་སྒྲོག་བཅིངས་པ་ལྟ་བུའི་ཚུལ་དུ་ཡོད་དོ། །མཐུར་གྱི་རྩེ་མོ་གསུམ་པོ་ལས་སྲིད་པར་སྐྱེ་བའི་རྒྱུ་ཁུ་བ་འཛག་པ་དང་བཤང་གཅི་གཉིས་ཏེ། ཐུར་སེལ་གྱི་ལམ་གསུམ་ཉིད་ཡིན་ནོ། །ཞེས་སམ། སྲོག་དང་ཐུར་སེལ་ལམ་གསུམ་ཉིད། ཅེས་པ་ལྟར་ན་རྩ་གསུམ་པོ་དེའི་ལྟེ་བ་ཡན་ཉི་ཟླ་སྒྲ་གཅན་གྱི་སྲོག་གསུམ་གྱི་ལམ་དང་། ལྟེ་འོག་མན་བཤང་གཅི་ཁུ་བ་ཐུར་སེལ་གསུམ་གྱི་ལམ་ཡིན་ཞེས་བཤད་ན་འཐད་པས་འགྱུར་ཕྱི་མ་འདི་དག་པ་ཡིན་ཞེས་རྒྱལ་བའི་དབང་པོ་གསུང་ངོ་། །གསུམ་པ་རྩའི་གཙོ་མོ་བཤད་པ་ལ་གསུམ་སྟེ། སྤྱིར་བསྟན་པ་རྩ་ཉེར་བཞི་པོ་ངོས་བཟུང་བ། སྦས་པའི་རྩ་ལྔ་བཤད་པའོ། །དང་པོ་ནི། འདི་ལས་སོགས་རྐང་པ་དྲུག་སྟེ། རྩའི་གཙོ་མོ་གསུམ་པོ་འདི་ལས་གྱེས་པའི་ཡུལ་ཉི་ཤུ་རྩ་བཞིའི་རྩ་ཆེན་པོ་ཉི་ཤུ་རྩ་བཞི་ཡོད་དེ་དེ་ནི་ཐུགས་གསུང་སྐུའི་འཁོར་ལོའི་རྣལ་འབྱོར་མའི་རང་བཞིན་ཡིན་ལ། དེའི་ཐོག་ཏུ་སྙིང་ག་ཡི་ཡན་ལག་གི་རླུང་ནི་བརྟེན་པའི་རྩ་ལྔ་དང་། རྩའི་གཙོ་མོ་གསུམ་མནན་པ་དང་བཅས་པས་རྩ་སུམ་བཅུ་རྩ་གཉིས་གསུངས་ཏེ། དེ་ཡང་འདིར། སྃ་པཱུ་ཊིའི་རྒྱུད་ཇི་ལྟ་བ་བཞིན་མཛད་པས་ལུས་ཀྱི་སྟོད་སྨད་བར་གསུམ་ཅི་རིགས་པ་ན་གནས་པའི་ཚུལ་རྒྱས་བཤད་དུ་གསལ་བར་འབྱུང་ལ། དུས་འཁོར་རྒྱུད་འགྲེལ་ལས་རྩ་སོ་གཉིས་པོ་འདི་གསང་གནས་ན་ཡོད་པར་བཤད་ཀྱང་འགལ་བ་ནི་མ་ཡིན་ཏེ། །གསང་གནས་ཀྱི་རྩ་དེ་རྣམས་ལས་ཡལ་གའི་ཚུལ་དུ་གྱེས་པའི་རྩའི་རྩེ་མོ་སྤྱི་བོ་ལ་སོགས་པ་ལུས་ཀྱི་གནས་ཆེན་པོ་སོ་གཉིས་པོའི་གནས་དེ་དང་དེར་སོན་ནས་ཁམས་སོ་གཉིས་པོ་འབབ་པས་སོ། །སོ་གཉིས་པོ་དེ་ལས་བཅུ་དྲུག་པའི་ཆ་ལ་དཀར་ནག་གཉིས་ལས། དབུ་མའི་མར་སྣ་དུང་ཅན་མར་བདེ་བ་འཕེལ་བས་དཀར་ཕྱོགས་དང་མཐུན་ལ་བདུད་བྲལ་མས་དཀར་ཆ་གྱེན་ལ་འདྲེན་པས་ནག་ཕྱོགས་དང་མཐུན་པའི་དབང་གིས་དེ་གཉིས་དོར་བའི་ལྷག་མ་རྩ་སུམ་བཅུ་པོ་ནི་ཚེས་བཅོ་ལྔ་ལ་དཀར་ནག་གི་ཆ་གཉིས་སུ་ཕྱེ་བའི་དག་པ་བདག་མེད་མ་ལྷ་མོ་བཅོ་ལྔའི་རང་བཞིན་ཡིན་ཞིང་སུམ་བཅུ་རྩ་གཉིས་ཀྱི་ཐོག་ཏུ་རྩ་བ་ཡི་རླུང་ལྔ་བརྟེན་པའི་རྩ་ལྔ་དང་བཅས་པས་སུམ་བཅུ་རྩ་བདུན་ནི་རྩའི་གཙོ་མོ་སོ་བདུན་ཡིན་ཞེས་འཆད་དགོས་པས། རླུང་རྟེན་རྩར་བཅས་སུམ་བཅུ་དྲུག །ཅེས་པའི་གཞུང་ཚིག་ཡི་གེ་པས་བྲིས་ནོར་དུ་ཤེས་པར་བྱའོ། །འདིའི་ཐད་ཀྱི་འགྲེལ་པར་རྩ་བའི་རླུང་རྒྱུ་བའི་རྩ་འདབ་ལྔའི་ངོས་འཛིན་དང་རྩ་བ་དང་ཡན་ལག་གི་རླུང་རྒྱུ་བའི་རྩ་འདབ་བཅུའི་མིང་དུས་འཁོར་བསྡུས་རྒྱུད་ཀྱི་ལུང་དང་སྦྱར་ཞིང་རྡོ་རྗེ་འཕྲེང་བའི་ལུང་སྦྱོར་འོག་ཏུ་ཁ་འཕངས་ཏེ། རྩ་སུམ་བཅུ་སོ་བདུན་པོ་རིགས་སོ་བདུན་དང་ལྷ་སོ་བདུན་དང་བྱང་ཕྱོགས་སོ་བདུན་དང་སྦྱར་བའི་བཤད་པ་མཛད་མོད་ཀྱི། སྤྱིར་བསྟན་པ་འདིའི་དོན་ནི་རྒྱས་པར་བཤད་པ་ཉིད་ཀྱི་འཆད་པར་འགྱུར་བས་ཟློས་པའི་ཉེས་པར་འགྱུར་དུ་དོགས་ནས་འདིར་མ་སྤྲོས་སོ། །གཉིས་པ་རྩ་ཉི་ཤུ་རྩ་བཞི་པོ་ངོས་བཟུང་བ་ལ། ནཱ་རོ་འགྲེལ་ཆེན་དུ། རོ་རྐྱང་ལས་སྐྱེས་པ་བཅོ་ལྔ་བཅོ་ལྔའི་སྦྱར་བཤད་གསུངས་ཀྱང་འདིར་བདེ་མཆོག་གི་རྒྱུད་རྣམས་དང་། ཁྱད་པར་དུ་སམ་པཱུ་ཊི་བཞིར་གཞག་ན་བསྟོད་ན་གནས་པའི་རྩ་བཅུ་བཞི་རྐྱང་མས་བསྐྱེད་པ་དང་། སྨད་ཀྱི་བཅུ་རོ་མས་བསྐྱེད་པར་བཤད་པས། རྩ་བ་དང་ཡན་ལག་གི་རླུང་བརྟེན་པའི་རྩ་བཅུ་དབུ་མས་བསྐྱེད་པར་ལེགས་ཏེ། རྩ་སུམ་བཅུ་སོ་བཞི་པོ་གཙོ་མོ་གསུམ་གྱི་སྡེ་ཚན་དུ་བཅད་པའི་བཤད་པ་རྡོ་རྗེ་འཕྲེང་བར་འབྱུང་བས་སོ། །དེ་ལྟར་ན་རྩ་ཉི་ཤུ་རྩ་བཞི་པོའི་མིང་ཀྱཻ་རྡོར་ལས་གསུངས་པ་དེ་ཉིད་ལུས་ཀྱི་གནས་གང་ན་ཡོད་པའི་ཚུལ་བཤད་པར་བྱ་སྟེ། དེ་ལ་གསུམ། རྐྱང་མ་ལས་སྐྱེས་པའི་རྩ་བཅུ་བཞི་དང་། རོ་མ་ལས་སྐྱེས་པ་བཅུ་བཤད། དོན་བསྡུ་བའོ། །དང་པོ་ནི། འདི་ཡི་སོགས་རྐང་པ་དང་བཅས་པའི་ཚིགས་བཅད་བཞི་སྟེ། རྩ་གསུམ་པོ་འདི་ཡི་གཡོན་པ་རྐྱང་མའི་ཆར་སྐྱེས་པ་བཅུ་བཞི་ནི། རྩ་མི་ཕྱེད་མ་ནི་རྡོ་རྗེ་གསུམ་མི་ཕྱེད་པས་ན་མི་ཕྱེད་མ་སྟེ་ལུས་ཀྱི་ཚོགས་མར་གནས་པའི་རྩ། རྩ་ཕྲ་གཟུགས་མ་ནི་རྣམ་རྟོག་ཕྲ་མོར་བྱེད་པས་སམ་ཤིན་ཏུ་ཕྲ་བར་སྐྱེས་པས་སམ་སྐྲ་རྩེ་ལ་སོགས་པའི་དབྱེ་བས་བེམས་པོ་བསྡུས་པས་ན་ཕྲ་གཟུགས་མ་ཏེ་ལུས་ཀྱི་སྤྱི་གཙུག་དུ་འབྲེལ་བའི་རྩ། བརྩེ་བ་མའམ་མཛེས་མ་ནི་དགའ་བར་བྱེད་པས་སམ་ཡིད་དུ་འོང་བས་དེ་སྐད་བྱ་སྟེ་ལུས་ཀྱི་རྣ་བ་གཡས་པ་ན་གནས་པའི་རྩ། གཡོན་པ་མ་ནི་གཡོན་ཕྱོགས་སུ་བརྟེན་པས་ན་དེ་སྐད་བྱ་སྟེ་ལུས་ཀྱི་རྟག་པའི་རྩའོ། །ཐུང་ངུ་ཞེས་བྱ་བ་ནི་ཟླུམ་པོ་ཉིད་ཀྱིས་ན་ཐུང་དུ་མ་སྟེ་ལུས་ཀྱི་རྣ་བ་གཡོན་པ་ལ་གནས་པའི་རྩ། རུ་སྦལ་སྐྱེས་མ་ནི་རུས་སྦལ་གྱི་གཟུགས་འདྲ་བས་ན་དེ་སྐད་བྱ་སྟེ་ལུས་ཀྱི་སྨིན་མའི་དབུས་ན་གནས་པའི་རྩ། སྒོམ་པ་མ་ནི་སྲིད་པ་བསྒོམ་པས་ན། སྒོམ་པ་མོ་སྟེ་ལུས་ཀྱི་མིག་གི་ཕྱི་རོལ་དུ་གནས་པའི་རྩ། དབང་མ་ནི་དབང་བསྐུར་སྦྱིན་པར་བྱེད་པས་ན་དབང་བསྐུར་མ་སྟེ་ལུས་ཀྱི་ཕྲག་པ་གཉིས་ཀྱི་རྩ། སྐྱོན་མ་ནི་ཉོན་མོངས་པ་སུན་འབྱིན་པར་བྱེད་པས་ན་སྐྱོན་མའམ་མཚན་མོ་ཅན་ཏེ་ལུས་ཀྱི་མཆན་ཁུང་གཉིས་ཀྱི་རྩ་ཡིན། འཇུག་མ་ཞེས་བྱ་ནི་ལུས་སྐྱོང་བར་བྱེད་པས་ན་འཇུག་མ་འམ་བཤང་ཆེན་མ་སྟེ་ལུས་ཀྱི་ནུ་མའི་རྩ། མ་མོ་ཞེས་བྱ་བ་ནི་བསྐྱེད་པར་བྱེད་པས་ན་མ་མོ་སྟེ་ལུས་ཀྱི་ལྟེ་བའི་རྩ་ཡིན་ཏེ། མཚན་མོ་ཞེས་བྱ་བ་ནི་ཐམས་ཅད་དུ་འོངས་པས་ན་མཚན་མོ་སྟེ་ལུས་ཀྱི་སྣ་རྩེར་ཟུག་པའི་རྩ། བསིལ་སྦྱིན་མ་ནི་ཞི་བས་ན་བསིལ་སྟེར་མ་སྟེ་ལུས་ཀྱི་ཁའི་མཐའ་སྐོར་ལ་གནས་པའི་རྩ། ཚ་བ་མ་ནི་དྲོ་བར་བྱེད་པས་ན་ཚ་བ་མའམ་དྲོད་མ་སྟེ་ལུས་ཀྱི་མགྲིན་པའི་དབུས་ན་གནས་པའི་རྩའོ། །འདི་རྣམས་ཤེས་རབ་ཀྱི་རང་བཞིན་ཟླ་བའི་ཁམས་འབབ་པར་བྱེད་པ་སྟེ་དེ་དག་ཀུན་རྐྱང་མ་ལ་བརྟེན་པ་ཡིན་ནོ། །གཉིས་པ་ནི། རོ་མ་སོགས་རྐང་པས་དམན་པའི་ཚིགས་བཅད་གསུམ་སྟེ། རོ་མ་ལ་བརྟེན་པ་ཐབས་ཀྱི་ཆ་ཤས་སུ་གྱུར་པའི་རྩ་བཅུ་ནི། གཞོལ་མ་ཞེས་བྱ་བ་ནི་ཟླ་བ་ལྟ་བུས་ན་མཚན་མའམ་གཞོལ་མ་སྟེ་ལུས་ཀྱི་བྲང་གི་གཞུང་དུ་གནས་པའི་རྩ། རངས་མ་ནི་མུན་པ་ཆེན་པོ་ལྟ་བུས་ན་ནག་མོའམ་རངས་མ་སྟེ་ལུས་ཀྱི་ལྒངས་པར་འབྲེལ་བའི་རྩ་ཡིན་ཏེ། ཤིན་ཏུ་གཟུགས་ཅན་མ་ནི་བེམས་པོ་བསྡུས་པས་ན་གཟུགས་ཅན་མ་སྟེ་ལུས་ཀྱི་མཚན་མར་གནས་པའི་རྩ། སྤྱི་མ་ནི་མཉམ་པའི་དངོས་པོས་ན་སྤྱི་མ་སྟེ་ལུས་ཀྱི་འོག་སྒོ་དང་འབྲེལ་བའི་རྩ། རྒྱུ་སྦྱིན་མ་ནི་རྒྱུ་ཐམས་ཅད་སྟེར་བས་ན་རྒྱུ་སྦྱིན་མ་སྟེ་ལུས་ཀྱི་བརླའི་རྩ་ཆེན་པོ་ཡིན། སྦྱོར་བྲལ་མ་ནི་སྦྱོར་བ་ཐམས་ཅད་མེད་པས་ན་སྦྱོར་བྲལ་མ་སྟེ་ལུས་ཀྱི་བྱིན་པར་གནས་པའི་རྩ། སྡུ་གུ་ཞེས་བྱ་བ་ནི་དགའ་བ་བསྡུས་པས་ན་དགའ་བྱེད་མའམ་སྡུ་གུ་མ་སྟེ་ལུས་ཀྱི་རྐང་པའི་སོར་མོ་དང་འབྲེལ་བའི་རྩ། གྲུབ་མ་ནི་དངོས་གྲུབ་སྦྱིན་པས་ན་གྲུབ་མ་སྟེ་ལུས་ཀྱི་རྐང་པའི་བོལ་གོང་གི་རྩ་ཡིན། འཚེད་མ་ནི་ཉོན་མོངས་སྲེག་པས་ན་ཚེད་མ་སྟེ་ལུས་ཀྱི་རྐང་པའི་ཐེ་བོའི་སྤུ་འཁྱིལ་བའི་རྩ། ཡིད་བཟངས་མ་ནི་ཤེས་རབ་ཀྱི་ལྷ་མོ་ཡིན་པས་ན་ཡིད་བཟངས་མ་སྟེ་ལུས་ཀྱི་པུས་མོའི་གཉན་གོང་ན་གནས་པའི་རྩའོ། །གསུམ་པ་ནི། དེ་ལྟར་ན་རོ་རྐྱང་ལ་བརྟེན་པའི་རྩ་ཉི་ཤུ་རྩ་བཞི་པོ་དེ་ནི་ཕྱི་རོལ་གྱི་ཡུལ་ཉི་ཤུ་རྩ་བཞིའི་རང་བཞིན་ཡིན་པས་རྡོ་རྗེའི་ལུས་ཀྱི་ནང་གི་གནས་སུ་འདོད་པ་ཡིན་ནོ། །ཞེས་རྐང་པ་གཅིག་གསུངས་སོ། །རྩ་ཉེར་བཞི་པོ་འདི་རྣམས་སུ་ཁམས་ཉེར་བཞི་འབབ་པ་དང་ཕྱི་རོལ་གྱི་ཡུལ་ཉེར་བཞིར་དཔའ་བོ་ཉེར་བཞི་དང་དཔའ་མོ་ཉེར་བཞི་གནས་པའི་ཚུལ་གྱི་སྦྱར་བཤད་ཀྱང་འདིར་སྐབས་སུ་བབ་མོད་ཀྱི། འོག་ཏུ་ཐིག་ལེའི་དུམ་བུར། སམ་པཱུ་ཊིའི་རྒྱུད་ཇི་ལྟ་བ་བཞིན་གསུངས་པ་ཉིད་བཤད་པས་བཤད་པར་འགྱུར་བའི་ཕྱིར། འདིར་ཟློས་པར་དོགས་ནས་མ་སྤྲོས་སོ། །གསུམ་པ་སྦས་པ་རྩ་ལྔ་ནི། སུམ་སྐོར་སོགས་རྐང་པ་དང་བཅས་པའི་ཚིགས་བཅད་གཉིས་ཏེ། རྩ་སུམ་སྐོར་མ་ནི་རྣམ་པ་གསུམ་གྱིས་འཇུག་པས་ན་སུམ་སྐོར་མ་སྟེ་སྙིང་གའི་དབུས་ནས། མིག་ལ་འབྲེལ་ཏེ་རླུང་རྒྱུ་ཞིང་གཟུགས་འབབ་པ་དང་། འདོད་མ་ནི་འདོད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པས་འདོད་མ་སྟེ་སྙིང་གའི་དབུས་ནས་རྣ་བ་ལ་འབྲེལ་ཏེ་རླུང་རྒྱུ་ཞིང་སྒྲ་འབབ་པ་དང་། ཁྱིམ་མ་ནི་ཁྱིམ་གྱི་བདག་མོ་ཡིན་པས་ན་ཁྱིམ་མ་སྟེ་སྙིང་གའི་དབུས་ནས་སྣ་ལ་འབྲེལ་ཏེ་རླུང་རྒྱུ་ཞིང་དྲི་འབབ་པར་བྱེད་ལ། གཏུམ་མོ་ཞེས་བྱ་བའི་རྩ་ནི་གཏུམ་པའི་ལས་བྱེད་པས་ན་གཏུམ་མོ་སྟེ་སྙིང་གའི་དབུས་ནས་ལྕེ་ལ་འབྲེལ་ཏེ་རླུང་རྒྱུ་ཞིང་རོ་འབབ་པར་བྱེད་ལ། བདུད་བྲལ་མ་ནི་བདུད་འཇོམས་པར་བྱེད་པས་ན་བདུད་བྲལ་ཏེ་སྙིང་གའི་དབུས་ནས་རྩེ་མོ་གཅིག་ལྕེའུ་ཆུང་གི་དབུས་སུ་ཟུག་ནས་ཁམས་དཀར་ཆ་གྱེན་ལ་འབབ་པར་བྱེད་ཅིང་། རྩེ་མོ་གཞན་ལུས་ཀྱི་སྟོད་སྨད་ཐམས་ཅད་དུ་ཁྱབ་ནས་བྱེད་ལས་ཕྱོགས་གཅིག་གིས་རེག་བྱ་འབབ་པར་བྱེད་དོ། །སྦས་པའི་རྩ་ལྔ་འཆད་པའི་སྐབས་འདིར་ནི་ལུས་ཀྱི་སྙིང་གའི་དབུས་སུ་སྦས་པའི་རྩ་ལྔ་པོ་ནི་ཡང་དག་པར་གནས་པར་གསུངས་པ་ལས། སྲོག་ཆེན་པོའི་རླུང་རྒྱུ་བའི་གནས་ནི་ཨ་བ་དྷཱུ་ཏཱིའི་ཡར་སྣ་ཡིན་ཏེ། དེ་ལས་གཞན་ནི་རྩ་བའི་རླུང་བཞི་རྒྱུ་བའི་གནས་ཡིན་ལ་དེ་ཡང་ཐུར་སེལ་གྱི་རླུང་གི་གནས་ཨ་བ་དྷཱུ་ཏཱིའི་མར་སྣ་དང་། གྱེན་རྒྱུའི་གནས་གླང་པོ་ཆེའི་ལྕེ་དང་། ཁྱབ་བྱེད་ཀྱི་གནས་སེར་སྐྱ་དང་། མེ་མཉམ་གྱི་གནས་སྣར་མའི་རྩ་རྣམས་ཡིན་ནོ། །འདིར་སྦས་པ་རྩ་ལྔ་ངོས་འཛིན་པ་ལ། བཤད་པའི་རྣམ་གྲངས་བཀོད་པ། རང་གི་ལུགས་བཞག་པ། དེ་དང་མཁས་གྲུབ་གཞན་དག་ཀྱང་མཐུན་པར་བསྟན་པ་དང་གསུམ་ལས། དང་པོ་ནི། འདིའི་ཐད་ཀྱི་རང་འགྲེལ་ལས། དེ་ནས་སྦས་པ་རྩ་ལྔ་བཤད་པ་ནི། ཚིགས་སུ་བཅད་པ་གཉིས་དང་རྐང་པ་གཅིག་སྟེ། སུམ་སྐོར་མ་ནི་མིག་གི་དབུས་སུ་འབྲེལ་ཅིང་ཞེས་སོགས་རྐང་པ་དང་པོ་ལྔ་ལ་འབྲུ་གཉེར་ནས། དེ་ལས་གཞན་ཡང་། འདིར་ནི་ནས་རླུང་རྒྱུའི་གནས་ཞེས་བྱ་བའི་དོན་ནི་གོང་དུ་བསྟན་ཏོ། །ཞེས་ཅུང་ཟད་མི་གསལ་བའི་ཚུལ་དུ་གསུངས་ལ། ཐིག་ལེའི་དུམ་བུར་དྭངས་མ་བཅུ་གཉིས་རྒྱུ་ཚུལ་གྱི་སྐབས་སུ་ཁ་སྦྱོར་ཐིག་ལེའི་ལུང་དྲངས་ནས། འདིར་ནི་ལུས་ཀྱི་སྙིང་དབུས་སུ། །རྩ་ལྔ་པོ་ནི་ཡང་དག་གནས། །ཤེས་པ་ལ་བཤད་པ་མཛད་པ་ན། བྱེ་བྲག་དུ་སྙིང་གའི་ལྔ་སྨོས་པ་ནི། སུམ་སྐོར་མ་དང་འདོད་མ་དང་ཁྱིམ་མ་དང་གཏུམ་མོ་དང་བདུད་བྲལ་མ་དང་ལྔ་ཡིན་ནོ། །ཞེས་གསུངས་ལ། སོག་འགྲེལ་ལས། གསུམ་པ་སྦས་པའི་རྩ་ཞེས་པའི་དོན་ཉི་ཤུ་རྩ་བཞི་པོས་ཤ་དང་རུས་པ་ལ་སོགས་པ་བསྐྱེད་ཅིང་། ལྔ་པོ་དེས་མིག་ཤེས་ལ་སོགས་པ་ལྔ་བསྐྱེད་པས་ན་སྦས་པའི་རྩ་ཞེས་བཤད་ཅེས་སོ། །ཁ་ཅིག་ན་རེ། རྩ་ལྔ་པོ་དེ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་དུ་སྦས་པས་ན་དེ་ཞེས་བྱའོ། །བརྟག་གཉིས་ལས་བདེ་མཆོག་ཏུ་སྦས་པའི་རྩ་ལྔ་སྦས་ཤེས་བཤད་ཅིང་། རྩ་ལྔ་པོའི་མིང་མ་བཤད་ཅིང་བརྟག་གཉིས་སུ་མིང་རྣམས་བཤད་པས་རྩའི་མིང་དེ་བདེ་མཆོག་ཏུ་སྦས་པས་ན་སྦས་པའི་རྩར་བཞག་གོ །དེ་དག་ལ་ངེས་ཏིག་ཡོང་སྙམ་པ་མི་འདུག་གསུང་སྒྲོས་ལས་རྩ་བའི་རྩ་ལྔ་སྦས་པའི་རྩ་ཡིན། ཡན་ལག་གི་རྩ་སྦས་པའི་རྩར་བཤད་པ་དགོངས་པ་ཅན་ཡིན་གསུང་། ཞེས་དང་། ངོ་ཁྲོ་འགྲེལ་ཆེན་ལས། ཡན་ལག་གི་རླུང་རྒྱུ་བའི་རྩ་རྣམས་ཀྱི་མིང་ནི་རྒྱུད་སོ་སོ་ནས་འཁོར་ལོའི་རྩ་འདབ་རྣམས་ཀྱི་བསེབ་ཏུ་སྦས་ཏེ་བཤད་པ་དང་། བརྟག་གཉིས་ལས་དེ་དག་གི་མིང་གསལ་བར་བཤད་པས་ན། སྦས་པའི་རྩ་ཞེས་བྱ་སྟེ། དེ་ཡང་གསང་འདུས་ལས་ནི། རིན་ཆེན་ཅོད་པན་ལ་སོགས་པའི་མིང་དང་། དུས་འཁོར་ལས་ནི་ཨ་ལཾ་པུ་ཥ་དང་ཀུ་ཧེ་ལ་སོགས་པའི་མིང་དང་། བདེ་མཆོག་ལ་སོགས་པའི་རྒྱུད་ལ་ལར་གནས་ལ་སོགས་པའི་མིང་གིས་བསྟན་པས་ན། སྦས་པ་ཞེས་བརྗོད་པ་ཡིན་ནོ། །ཞེས་དང་། ཕྱིས་ཀྱི་འགྲེལ་བཤད་འགའ་ཞིག་ལས། སུམ་སྐོར་མ་ལ་སོགས་པའི་རྩ་བཅུ་ཀ་སྦས་པའི་རྩ་ལྔར་འདོད་ཅིང་། དེ་ཡང་། ཡན་ལག་གི་རླུང་རྒྱུ་བའི་རྩ་ལྔ་པོ་ཡོན་ཏན་གྱི་སྒོ་ནས་སྦས་པའི་རྩ་ལྔར་བཞག་ལ། རྩ་བའི་རླུང་རྒྱུ་བའི་རྩ་ལྔ་པོ་ཁམས་ཀྱི་སྒོ་ནས་སྦས་པའི་རྩར་བཞག་པ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་བཤད་དོ། །དེ་ལྟར་འགྲེལ་པ་འགྲེལ་བཤད་དང་བཅས་པ་བཞིའི་བཤད་ཚུལ་ལས། འདིའི་ཐད་ཀྱི་རང་འགྲེལ་དུ། སྦས་པ་རྩ་ལྔ་པོ་འཆང་པའི་གཞུང་ལ་འབྲུ་མ་གཉེར་བར། གོང་དུ་ཞལ་འཕངས་པ་ནི། སྤྱིར་བསྟན་པའི་སྐབས་སུ་ལུང་སྦྱོར་དང་བཅས་ཏེ་རྒྱས་པར་གསུངས་པ་ལ་དགོངས་པས། རྩ་བའི་རླུང་རྒྱུ་བའི་རྩ་ཁོ་ན་སྦས་པ་རྩ་ལྔར་བཞེད་པ་ཡིན་ལ། ཐིག་ལེའི་དུམ་བུའི་སྐབས་སུ། འདིར་ནི་ལུས་ཀྱི་སྙིང་དབུས་སུ། །ཞེས་གསུངས་པ་དང་། སྐབས་འདིར། འདིར་ནི་ལུས་ཀྱི་སྙིང་དབུས་སུ། །ཞེས་གསུངས་པ་གནད་མི་ཅིག་སྟེ། སྦས་པ་རྩ་ལྔ་འཆད་པའི་སྐབས་འདིར་ནི་ཞེས་པ་དང་། དྭངས་མ་རྒྱུ་ཚུལ་འཆད་པའི་སྐབས་འདིར་ནི་ཞེས་འབྲུ་གཉེར་ལུགས་ཐ་དད་དུ་དགོས་པས་སོ། །དེའི་ཕྱིར་ལེའུ་བཞི་པའི་འགྲེལ་ཚིག་སྐབས་འདིར་དྲངས་པ་ནི། དོགས་པ་སེལ་བའི་ཕྱིར་ཡིན་གྱི། །སྦས་པ་རྩ་ལྔ་ངོས་འཛིན་པའི་ཤེས་བྱེད་དུ་ནི་མ་ཡིན་ནོ། །སོག་འགྲེལ་ལས། གཞན་ལུགས་ན་ཡམས་གསུམ་བཀོད་པ་རྣམས་ཀྱིས་ནི། སྦས་པ་ཞེས་པའི་སྒྲ་དོན་ཁོ་ན་བཤད་ཀྱི། རྩ་ལྔ་པོ་དེ་ཇི་ལྟ་བ་བཞིན་ངོས་འཛིན་པར་མ་མཛད་པས། ཚིག་ཙམ་གྱི་བཤད་པར་བས་མོད། གཞུང་འདི་ལ་སྤྱི་དོན་མཛད་པའི་མཁས་གྲུབ་ཆེན་པོ་དག་གིས་ན་ཡམས་དང་པོ་དེ་འཐད་པའི་ཕྱོགས་སུ་དགོངས་ནས། སུམ་སྐོར་མ་ལ་སོགས་པ་ལྔ་པོ་འདིར་མིག་ཤེས་སོགས་སྒོ་ལྔའི་རྣམ་ཤེས་རྒྱུ་བས། བྱ་བ་སྦས་པའི་ཕྱིར། སྦས་པའི་རྩ་དང་། གཞན་རྣམས་སུ་ཐིག་ལེ་རྒྱུ་བའི་ཕྱིར་སྦས་པའི་རྩ་མ་ཡིན་པར་གསུངས་པ་ནི། ཐིག་ལེའི་དུམ་བུའི་འགྲེལ་ཚིག་དྲངས་མ་ཐག་པ་དེས་སྦས་པ་རྩ་ལྔ་བཤད་པར་དགོངས་མོད་ཀྱི། དེ་ནི་རང་འགྲེལ་གྱི་དགོངས་པ་ལ་མ་ཞུགས་པའི་ཚུལ་བཤད་མ་ཐག་པ་ལྟར་ཡིན་ལ། གསུང་སྒྲོས་ལས་ཤེས་པ། རྗེ་དེ་བཞིན་གཤེགས་པའི་གསུང་སྒྲོས་ཡིན་པར་གོར་མ་ཆག་གོ །ངོ་ཁྲོ་འགྲེལ་ཆེན་གྱི་བཤད་པ་དེ་ཡང་། སྤྱི་དོན་མཛད་པ་པོའི་རྗེས་སུ་འབྲངས་ནས། བཤད་པའི་གཙོ་བོ་ནི་སྦས་པ་ཞེས་པའི་ཚིག་ཁོ་ན་ལ་འཆེལ་བར་སྣང་ཞིང་། དེ་བཞིན་གཤེགས་པའི་གསུང་སྒྲོས་ལ་ངེས་པ་མ་སྐྱེས་པར། བླ་མ་ལ་ལའི་བཞེད་པ་ལ་ཞེས་གཞན་ལུགས་སུ་འཁྲུལ་པར་སྣང་ངོ་། །འགྲེལ་བཤད་ཕྱི་མས་གཞན་ལ་མ་ལྟོས་པའི་རྣམ་གཞག་གསར་པ་བྱས་པ་ནི། རང་ཚིག་འགལ་བ་སྟེ། སྦས་པ་རྩ་ལྔ་ལ་རྩ་བཅུ་བཤད་པས་སོ། །གཉིས་པ་ནི། བདག་གི་བླ་མ་རྒྱལ་བའི་དབང་པོའི་ཞལ་སྔ་ནས། རྗེ་དེ་བཞིན་གཤེགས་པའི་གསུང་སྒྲོས་འདི་ཉིད་དཔལ་རང་བྱུང་གི་གསུང་རྒྱུན་སྙན་ནས་སྙན་དུ་བརྒྱུད་པ་སྟེ། དེའི་ཕྱིར་རྩ་བའི་རླུང་ལྔ་རྒྱུ་བའི་རྩ་ལྔ་ཁོ་ན་སྦས་པའི་རྩ་ལྔ་ཡིན་ལ། སྦས་པ་ཞེས་པའི་དོན་ནི། བདེ་དགྱེས་གཉིས་ཀར་སྦས་ནས། དུས་འཁོར་དུ་གསལ་བར་གསུངས་པ་དང་། བྱ་བ་སྦས་པ་གཉིས་ཀའི་སྒོ་ནས་སྦས་པར་བཤད་ལ། ཀྱཻ་རྡོར་དུ། རྩའི་གཙོ་མོ་སུམ་བཅུ་རྩ་བདུན་ཞེས་བཤད་ཀྱང་། རྩ་བའི་རླུང་རྒྱུ་བའི་རྩ་འདབ་ལྔ་པོ་འདིའི་ངོས་འཛིན་གསལ་པོར་མ་མཛད་པས། ཀྱཻ་རྡོར་དུའང་སྦས་པའི་ཚུལ་དུ་གསུངས་ཏེ། ཀྱཻ་རྡོར་གྱི་འགྲེལ་པ་མང་པོར་སྦས་པ་རྩ་ལྔ་ཞེས་འབྱུང་བས་སོ། །འདིར་སུམ་སྐོར་མ་ནས་རྩ་བའི་རླུང་རྒྱུའི་གནས། ཤེས་པའི་བར་རྩ་འདབ་བཅུ་ཀ་བསྡོམས་པ་ལ། སྦས་པའི་རྩ་ལྔ་བཤད་པ་ནི། ཞེས་མི་གསལ་བའི་ཚུལ་དུ་ས་བཅད་པ་དང་། འོག་ཏུ་བྱེ་བྲག་ཅེས་སོགས་གསུངས་པ་ནི། དགོངས་པ་ཅན་ཡིན་ཞེས་གསུང་ངོ་། །གསུམ་པ་ནི། དཔལ་ལྡན་ས་སྐྱ་པའི་བདག་མེད་བསྟོད་འགྲེལ་ལས། སྦས་པའི་རྩ་ལྔ་ནི་གནས་སྙིང་ག་ན་གནས་ཏེ། ཡང་དག་པར་སྦྱོར་བ་ལས། ལུས་ཅན་སྙིང་གི་ནང་དུ་ནི། །རྩ་རྣམ་ལྔ་ནི་རྣམ་པར་གནས། །ཤེས་བཤད་པའི་ཕྱིར་རོ། །བདུད་བྲལ་མ་དང་བཅས་པ་ནི་དེ་དག་གི་རྒྱབ་ཀྱི་ཆ་ལ་བརྟེན་ནོ། །ཞེས་གསུངས་པ་དང་། རྒྱལ་བ་ཡང་དགོན་པས་རྡོ་རྗེ་ལུས་ཀྱི་སྦས་བཤད་དུ། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ན། རྩ་གསུམ་གྱི་མདུད་པ་ཧཱུཾ་གི་གཟུགས་སུ་ཡོད། བདེ་ཆེན་དང་ལོངས་སྤྱོད་ཀྱི་རྩ་རྣམས་ཉུང་བར་བསྡོམ་ཞིང་བསྐོར་ནས་ཡོད་པའི་ནང་། རྩ་འདབ་བཞི་ལ་ཕྱོགས་བཞིར་བྷྲུྃ་ཨྃ་ཛྭིཾ་ཁཾ་བཞི་རྩའི་མདུད་པའི་གཟུགས་སུ་ཡོད། དབུས་ཀྱི་ཧཱུྃ་དང་ལྔ་དུག་ལྔའི་ས་བོན་ཡིན་ནོ། །འདི་ལ་སྦས་པའི་རྩ་ལྔ་ཞེས་བྱ་སྟེ། རྣམ་པར་དག་པའི་རིགས་ལྔའོ། །ཞེས་གསུངས་པ་དང་། རྒྱལ་བའི་དབང་པོའི་བཞེད་པ་མཐུན་ཏེ། བདག་མེད་བསྟོད འགྲེལ་ལས། འདུད་བྲལ་མ་དང་བཅས་པ་ནི་སྦས་པ་རྩ་ལྔའི་རྒྱབ་ལ་བརྟེན་པར་བཤད་པས། དེ་དངོས་མ་ཡིན་པར་གསལ་ཞིང་། སྦས་བཤད་ལས། ཡུམ་བཞིའི་ས་བོན་མ་བགྲངས་ལ། །རིགས་བཞིའི་ས་བོན་བགྲངས་པས་སོ། །དེ་ལྟར་ན་སྤྱིར་བསྟན་པའི་སྐབས་ཀྱི་རང་འགྲེལ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། འགྲེལ་པར། སྲོག་ཐུར་རྒྱུ་བའི་རྩ་དབུ་མའི་ཡར་མར་གྱི་རྩེ་ལ་བཤད་པ་ནི། རྩ་རེ་རེའི་ནང་དུའང་རྩ་བ་དང་ཡན་ལག་གི་རླུང་ཐམས་ཅད་རྒྱུ་མོད་ཀྱི། བཤད་པའི་ཚེ་ན། དུས་འཁོར་ལས། སྟེང་འོག་ཤར་ལྷོ་མེ་རྣམས་ལ་རྩ་བའི་རླུང་དང་། གཞན་འདབ་མ་ལྔ་ལ་ཡན་ལག་གི་རླུང་རྒྱུ་བར་བཤད་ཅིང་། སཾ་པཱུ་ཊིར། ཕྱོགས་བཞིའི་རྩ་འདབ་ལ་ཡན་ལག་གི་རླུང་དང་། མཚམས་རྩར་རྩ་བའི་རླུང་རྒྱུ་བར་བཤད་པ་སོགས་ལྡོག་པ་མི་འདྲ་བ་ཙམ་ལ་དགོངས་པ་ཡིན་ནོ། །བཞི་པ་རྩའི་འཁོར་ལོ་བཤད་པ་ལ་གཉིས། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ནས་སོགས་རྐང་པ་གཉིས་ཏེ། རྩའི་གཙོ་མོ་རྣམས་བཤད་པའི་རྗེས་དེ་ནས་འཁོར་ལོའི་རྩ་རྣམས་འཆད་དོ། །དེ་ཡང་ལྟེ་སྙིང་མགྲིན་སྤྱིའི་འཁོར་ལོ་བཞི་དང་། དེའི་སྟེང་དུ་གསང་གཙུག་གི་འཁོར་ལོ་བསྣན་པས་དྲུག་དང་། ཚིགས་ཆེན་གྱི་འཁོར་ལོ་བཅུ་གཉིས་བསྣན་པས་བཅོ་བརྒྱད་དང་། ལ་སོགས་པས་ཚིགས་ཕྲན་གྱི་འཁོར་ལོ་དྲུག་བཅུ་སྟེ། རྩའི་འཁོར་ལོ་རྣམས་ཀྱི་དབྱེ་བ་ནི་རྒྱུད་འགྲེལ་ཇི་ལྟ་བ་བཞིན་འོག་ནས་འཆད་པར་འགྱུར་རོ། །འདིར་རྩའི་འཁོར་ལོ་ཞེས་གསུངས་པའི་སྒྲ་དོན་ནི། རྩ་འདབ་ཀྱི་དབྱིབས་འཁོར་ལོ་ལྟ་བུར་ཡོད་པས་སམ་གནད་བཅིངས་ནས་དེ་ལ་གནད་དུ་བསྣུན་པས་གནས་སྐབས་བཞིའི་འཁྲུལ་པ་གཅོད་པས། འཁོར་ལོས་མི་མཐུན་ཕྱོགས་གཅོད་པ་དང་བྱེད་ལས་ཆོས་མཚུངས་པའི་དོན་གྱིས་འཁོར་ལོ་ཞེས་བརྗོད་པ་ཡིན་ལ། དབྱེ་ན་གླེང་གཞིའི་སྐབས་སུ་བཤད་པའི་བཞི་ཆོས་རྣམས་དང་མཐུན་པར་བདེ་དགྱེས་ཀྱི་ཕྱོགས་ལས་རྩ་བའི་འཁོར་ལོ་བཞི་ལ་རྩ་འདབ་བརྒྱ་ཉི་ཤུར་གསུངས་ཏེ། སྃ་པཱུ་ཊི་ལས། འཁོར་ལོ་བཞི་ཡི་རབ་དབྱེ་བས། །བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྷག །ཅེས་གསུངས་པ་བཞིན་ནོ། །དེ་ཡང་ལྟེ་བ་ན་རྩ་འདབ་དྲུག་བཅུ་རྩ་བཞི། དུས་སྦྱོར་གྱི་རླུང་གི་གནད་བཅིངས་ན། སད་པའི་གནས་སྐབས་སྤྲུལ་པའི་སྐུའི་དགོངས་པར་འཆར་བར་བྱེད་པ་དང་། སྙིང་ག་ན་རྩ་འདབ་བརྒྱད་ཐུན་ཆེན་པོ་བརྒྱད་དག་པ་གནད་བཅིངས་ན་གཉིད་མཐུག་གི་གནས་སྐབས་འོད་གསལ་ཆོས་ཀྱི་སྐུའི་དགོངས་པར་འཆར་བར་བྱེད་པ་དང་། མགྲིན་པ་ན་རྩ་འདབ་བཅུ་དྲུག་འཕོ་བ་བཅུ་དྲུག་དག་པ་གནད་བཅིངས་ན་རྨི་ལམ་གྱི་གནས་སྐབས་ལོངས་སྐུའི་དགོངས་པར་འཆར་བར་བྱེད་པ་དང་། སྤྱི་བོ་ན་རྩ་འདབ་སུམ་བཅུ་སོ་གཉིས་ཆུ་ཚོད་དག་པ་ཐིག་ལེའི་གནད་བཅིངས་ན་ཆགས་པའི་གནས་སྐབས་ཡེ་ཤེས་ཀྱི་སྐུའི་དགོངས་པར་འཆར་བར་བྱེད་པ་རྣམས་སུ་གསུངས་ལ། གསང་འདུས་ལས་འཁོར་ལོ་བཞི་པོ་འདི་ཁོ་ན་ལྟར་ལ། གཙུག་ཏོར་རླུང་ཁམས་ཀྱི་འཁོར་ལོ་རྩ་འདབ་དྲུག་དང་གཙུག་ཏོར་གྱི་མགྲིན་པ་མེ་ཁམས་ཀྱི་འཁོར་ལོ་རྩ་འདབ་གསུམ་དང་བཅས་པས་རྩ་འཁོར་ལོ་དྲུག་དུ་གསུངས་པ་དགོངས་པ་ཅན་ཡིན་ལ། དུས་འཁོར་ལས་ལྟེ་སྙིང་གི་རྩ་འདབ་སྔར་བཞིན་ལ་མགྲིན་པར་རྩ་འདབ་སུམ་བཅུ་སོ་གཉིས་སུ་རྒྱུ་སྐར་གྱི་ལོངས་སྤྱོད་དང་མཚུངས་པའི་རླུང་རྒྱུ་བ་དང་སྤྱི་བོར་རྩ་འདབ་བཅུ་དྲུག་དུ་ཟླ་རྐང་གི་ལོངས་སྤྱོད་དང་མཚུངས་པའི་རླུང་རྒྱུ་བར་གསུངས་ཤིང་། འཁོར་ལོ་བཞི་པོ་དེའི་སྟེང་དུ་གླེང་གཞིའི་དྲུག་ཆོས་རྣམས་དང་མཐུན་པར་རླུང་ལས་ནམ་མཁའ་དང་ས་ལས་ཡེ་ཤེས་ཕྱེ་བས་གཙུག་ཏོར་གྱི་འཁོར་ལོ་ནམ་མཁའི་ཁམས་རྩ་འདབ་བཞི་དང་གསང་གནས་ཀྱི་འཁོར་ལོ་ཡེ་ཤེས་ཀྱི་ཁམས་རྩ་འདབ་སོ་གཉིས་ཏེ། ཁམས་དྲུག་དང་ལྡན་པའི་རྩ་འཁོར་ལོ་དྲུག་བསྡོམས་པས་རྩ་འདབ་བརྒྱ་དང་ལྔ་བཅུ་རྩ་དྲུག་ཡོད་པར་བཤད་དོ། །འཁོར་ལོ་བཞིའི་རྩ་འདབ་ཀྱི་གྱེས་ཚུལ་ཀྱང་རྔོག་པའི་བཤད་སྲོལ་ལ་འཁོར་ལོ་རེ་ལ་དབུ་མ་ནས་རྩ་འདབ་བརྒྱད་བརྒྱད་གྱེས་པས་རྩ་འདབ་སུམ་བཅུ་སོ་གཉིས་ཡིན་ལ་དེ་ལ་ཀྱོག་གི་བྱེ་བྲག་གིས་བརྒྱ་ཉི་ཤུར་འབྱེད་པས་ལྟེ་བའི་རྩ་བརྒྱད་པོ་རེ་རེ་ལ་ཀྱོག་བརྒྱད་བརྒྱད་ཡོད་པས་ཀྱོག་འཚམས་རེ་རྩ་འདབ་རེ་རེར་བགྲངས་པས་ལྟེ་བར་དྲུག་བཅུ་རྩ་བཞི་དང་། སྙིང་གའི་བརྒྱད་པོ་ལ་ཀྱོག་མེད་པས་སྙིང་གར་བརྒྱད་དང་། མགྲིན་པའི་བརྒྱད་པོ་ལ་ཀྱོག་གཉིས་གཉིས་ཡོད་པས་མགྲིན་པར་བཅུ་དྲུག་དང་། སྤྱི་བོའི་བརྒྱད་པོ་ལ་ཀྱོག་བཞི་བཞི་ཡོད་པས་སྤྱི་བོར་སོ་གཉིས་གསུངས་པར་བཞེད་ཀྱང་། དཔལ་རང་བྱུང་གི་བཞེད་པ་ལ། གྲངས་ཇི་ལྟར་བཤད་པ་བཞིན་དུ་རྩ་རེ་རེ་ཡིན་ཏེ། སེམས་འགྲེལ་གསུམ་ཀ་ལས་དེ་ལྟར་རྒྱ་ཆེར་བསྟན་པའི་ཕྱིར་ཞེས་བཞེད་དོ། །གཉིས་པ་ལ་གསུམ་རྩ་བའི་འཁོར་ལོ་བཞི་བཤད་པ། དྲུག་བཤད་པ། ཚིགས་ཀྱི་འཁོར་ལོ་བཤད་པའོ། །དང་པོ་ལ་ལྔ། ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོའི་འཁོར་ལོ་བཤད་པ། ཐུན་མོང་གི་དོན་བསྡུ་བའོ། །དང་པོ་ལ་གསུམ། སྤྱིར་བསྟན་པ། རྩ་འདབ་ཀྱི་མིང་རྡོ་རྗེ་ཕྲེང་བའི་ལུང་དང་སྦྱར་བ། མཇུག་བསྡུ་བའོ། །དང་པོ་ནི། ལྟེ་བ་སོགས་རྐང་པ་དྲུག་སྟེ། ལུས་ཀྱི་ལྟེ་བའི་ཐད་ན་གནས་ཤིང་། ལུས་བསྐྱེད་ཅིང་སྤྲུལ་པ་དང་། རྩའི་དབྱིབས་འཁོར་ལོ་ལྟ་བུར་ཡོད་པས་སམ། རྩ་དེ་ལ་གནད་དུ་བསྣུན་པས་སད་པའི་གནས་སྐབས་སྤྲུལ་པའི་སྐུའི་དགོངས་པར་འཆར་ཞིང་། སྤང་བྱ་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པས་འཁོར་ལོ་སྟེ་དེ་ནི་དབུ་མ་ལས་གྱེས་པའི་རྩ་བའི་རྩ་འདབ་བཞི་ལ། གསུམ་ཚན་དུ་གྱེས་པའི་འཕོ་བ་ཆེན་པོ་བཅུ་གཉིས་ལ་འཕོ་ཆུང་གི་རིམ་པ་ཡིས་ལྔ་ཚན་དུ་གྱེས་པས་དྲུག་བཅུ་སྟེ་དེ་རྣམས་ནི་གཡས་རོ་མ་དང་གཡོན་རྐྱང་མའི་འཕོ་བ་བརྟེན་ཅིང་། རྩ་བའི་རྩ་འདབ་བཞི་པོ་དབུ་མའི་འཕོ་བ་བརྟེན་པ་ཡིན་ནོ། །གཉིས་པ་ལ་གཉིས། རྩ་བའི་འདབ་མ་བཞིའི་མིང་ལུང་དང་སྦྱར་བ་དང་། རྩེ་མོའི་འདབ་མ་དྲུག་བཅུའི་མིང་ལུང་དང་སྦྱར་བའོ། །དང་པོ་ནི། མིང་ནི་སོགས་རྐང་པ་གསུམ་སྟེ། ལྟེ་བའི་རྩ་འདབ་དྲུག་བཅུ་རྩ་བཞི་ལས་རྩ་བའི་རྩ་འདབ་བཞིའི་མིང་ནི་རྒྱུད་རྡོ་རྗེ་ཕྲེང་བ་ལས་ཡང་དག་ཤུགས་དང་ཤིན་ཏུ་ཤུགས་དང་ཤིན་ཏུ་བཟང་དང་བཟང་པོར་འགྲོ་བ་ཞེས་གསུངས་པ་ནི་རོ་རྐྱང་ལས་དབུ་མར་འཇུག་པའི་རྩ་བཞི་ཡིན་ལ། གཉིས་པ་ནི། སྟོབས་ཆེན་ལ་སོགས་རྐང་པ་གསུམ་དང་བཅས་པའི་ཚིགས་བཅད་དྲུག་སྟེ། དེ་ལ་འཕོ་ཆེན་བཅུ་གཉིས་ཀྱི་བསྡོམས་ནི། ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་སྡིག་པ། །གཞུ་དང་ཆུ་སྲིན་བུམ་པ་ཉ། །ཞེས་པ་ལྟར་བཅུ་གཉིས་ཡོད་པ་ལས། དང་པོ་ལུག་གི་དུས་སྦྱོར་གྱི་འཕོ་བ་བརྟེན་པའི་རྩ་འདབ་ལྔའི་མིང་ནི། ཡང་དག་པའི་སྟོབས་དང་ལྡན་པས་སྟོབས་ཆེན་དང་ནི། མི་ཟད་ཆེ་བ་དང་མཛེས་ཆེན་དང་མདུན་དུ་སྐྱེས་པ་ཆེ་བ་དང་བརྒྱགས་པའི་རྟགས་དང་ལྔ་ཡིན་ནོ། །གཉིས་པ་གླང་གི་དུས་སྦྱོར་གྱི་རྩའི་མིང་ནི། བརྒྱགས་པའི་ཆ་དང་བརྒྱགས་པའི་ཆུ་དང་། བརྒྱགས་སྨྱོ་བྱེད་དང་། བརྒྱགས་པ་དང་བརྒྱགས་པའི་རྒྱུ་མཐུན་དང་ལྔ་ཡིན་ནོ། །འཁྲིག་པའི་དུས་སྦྱོར་གྱི་རྩའི་མིང་ནི། བརྒྱགས་པའི་རླན་དང་བརྒྱགས་པ་འཆང་བ་དང་རྩུབ་པ་དང་ཁ་ཆུ་དང་གླང་པོ་སྟེ་ལྔ་ཡིན་ནོ། །ཀརྐ་ཊའི་དུས་སྦྱོར་གྱི་རྩའི་མིང་ནི། དབུགས་མི་བདེ་བ་དང་གཡའ་ཁ་འགྲོ་དང་འདབ་ཆགས་ཡན་ལག་དང་ཁྲ་ཡི་གདོང་པ་དང་ཟ་ཕོད་དང་ལྔ་ཡིན་ནོ། །སེང་གེའི་དུ་སྦྱོར་གྱི་རྩའི་མིང་ནི། མི་ཟད་པ་དང་སྒྲ་སྒྲོག་དང་དྲི་ལྡན་དང་བརྡེག་པ་དང་བརཏལ་པ་དང་ལྔ་ཡིན་ནོ། །བུ་མོའི་དུས་སྦྱོར་གྱི་རྩའི་མིང་ནི། དབྱངས་དང་དབྱངས་སྐྱེས་དང་ནི། སྤྲིན་བ་དང་ཆུ་བ་མཐོ་བ་དང་རྒྱ་ལྟར་སྔོ་བ་དང་ལྔ་ཡིན་ནོ། །སྲང་གི་དུས་སྦྱོར་གྱི་རྩའི་མིང་ནི། ཡུད་ཙམ་གཙོ་བོ་དང་། ཡུད་ཙམ་སྐྱེས་དང་། རྒྱབ་ཏུ་ཁ་བལྟས་པ་དང་དབྱུག་པ་དང་དབྱུག་སྙོམས་དང་ནི་ལྔ་ཡིན་ནོ། །སྡིག་པའི་དུ་སྦྱོར་གྱི་རྩའི་མིང་ནི། རྙིང་པ་དང་ཚིགས་ཀྱི་ལྷ་དང་ཚིགས་ཀྱི་ཚིག་དང་ཚིགས་ཀྱི་ཚད་དང་བརཏལ་བ་དང་ལྔ་ཡིན་ནོ། །གཞུའི་དུས་སྦྱོར་གྱི་རྩའི་མིང་ནི། ཚིགས་ཀྱི་གནས་དང་ཚིགས་ཀྱི་གདོང་དང་ཚིགས་འོད་དང་ཚིགས་ཀྱི་ལུ་གུ་རྒྱུད་དང་དུལ་བྱེད་དང་ལྔ་ཡིན་ནོ། །ཆུ་སྲིན་གྱི་དུས་སྦྱོར་གྱི་རྩའི་མིང་ནི། དུལ་འགྲོ་དང་གཟི་བརྗིད་དང་དྲི་མེད་དུལ་བ་དང་སྙེམས་མ་དང་ཆུན་འཕྱང་ལྟོ་དང་ལྔ་ཡིན་ནོ། །བུམ་པའི་དུས་སྦྱོར་གྱི་རྩའི་མིང་ནི། ཆགས་པ་ཆགས་དང་ཆུན་འཕྱང་དང་ཆུན་འཕྱང་ཕྱེད་པ་དང་སྦྲང་བུ་ཕྲུ་གུ་དང་ཕྲུག་གུ་སྟེར་བ་དང་ལྔ་ཡིན་ནོ། །ཉའི་དུས་སྦྱོར་གྱི་རྩའི་མིང་ནི་འགྲོ་བ་དང་ལོ་མ་དང་ལོ་མའི་མགྲིན་པ་དང་རབ་མཆོག་མ་དང་རབ་གསལ་ཏེ་ལྔ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་ན་ལྟེ་བའི་རྩའི་འཁོར་ལོ་དེ་ལ་རྩེ་མོ་དྲུག་བཅུ་རྩ་བའི་རྩ་འདབ་བཞི་དང་དྲུག་བཅུ་རྩ་བཞི་ཡིན་ནོ་ཞེས་རྐང་པ་གཅིག་གོ །གཉིས་པ་སྙིང་གའི་འཁོར་ལོ་བཤད་པ་ལ། སྔར་ལྟར་གསུམ་ལས། དང་པོ་སྤྱིར་བསྟན་པ་ནི། སྙིང་གའི་ཐད་ན་གནས་ཤིང་ཡིད་ཆོས་ལ་གཏད་པའི་གནས་དང་རྩའི་དབྱིབས་འཁོར་ལོ་ལྟ་བུར་ཡོད་པས་སམ། དེ་ལ་གནད་དུ་བསྣུན་པས་གཉིད་མཐུག་གི་གནས་སྐབས་འོད་གསལ་ཆོས་ཀྱི་སྐུའི་དགོངས་པར་འཆར་ཞིང་སྤང་བྱ་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པས་སྙིང་ག་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ཡིན་ལ། རྩ་འདབ་བརྒྱད་ཡོད་པ་དེའི་མིང་ནི་འོག་ནས་འཆད་དོ། །ཞེས་རྐང་པ་གཅིག་གསུངས་སོ། །གཉིས་པ་རྩ་འདབ་ཀྱི་མིང་རྡོ་རྗེ་ཕྲེང་བའི་ལུང་དང་སྦྱར་བ་ནི། རིན་ཆེན་ཞེས་སོགས་ཚིགས་བཅད་གཅིག་སྟེ། རྩ་འདབ་བརྒྱད་པོ་དེའི་མིང་ནི་རིན་ཆེན་འབྱུང་ལྡན་གྱི་རིགས་ཡིན་པས་རིན་ཆེན་ཅོད་པན་དང་འོད་དཔག་མེད་ཀྱི་རིགས་ཡིན་པས་པདྨ་ཆེན་པོ་དང་རྡོ་རྗེའི་རིགས་ཡིན་པས་རྡོ་རྗེ་ཆེན་པོ་དང་ལས་ཀྱི་རིགས་ཡིན་པས་སྟོབས་པོ་ཆེ་དང་དེ་དག་གི་དབང་བྱེད་པའི་དོན་གྱིས་ཐབས་དང་ཤེས་རབ་ཀྱི་ཆ་གཟུགས་འཛིན་པས་གཟུགས་ཀྱི་སྣང་བ་མཐོང་བའི་ཕྱིར་མགོན་པོ་ཆེན་པོ་དང་སྒྲ་འཛིན་པས་སྒྲ་ཆེན་པོ་དང་དྲི་ལ་ཉེ་བར་དགའ་བས་ཉེར་དགའ་ཆེན་པོ་དང་རོ་འཛིན་པས་རོ་དེས་མྱོས་པའི་ཕྱིར་མྱོས་པ་ཆེ་བ་རྣམས་སུ་རྡོ་རྗེ་འཕྲེང་བ་ལས་གསུངས་ལ། དུས་འཁོར་ལས། དམར་སེར་ཕྲ་མོ་དག་ཀྱང་ཨི་ཌ་ལ་སོགས་རྣམ་གསུམ་ལམ་གནས་སྣར་མ་དང་ནི་ལག་ལྡན་ལྕེ། དྲུག་པ་རྒྱལ་དང་རི་ཡང་རྒྱལ་བ་ནོར་དང་དགུ་པ་ཨ་ལྃ་པུ་ཥ་དཔལ་ལྡན་ཀུ་ཧཱ་འོ། །ཕྱོགས་ཀྱི་གྲངས་ནི་དུང་ཅན་མ་གང་མི་ཡི་བདག་པོ་བྱང་ཆུབ་ས་བོན་བདེ་བའི་མཐར་ཟག་བྱེད། ཅེས་རྩའི་མིང་མུ་སྟེགས་པའི་མིང་དང་མཐུན་པར་གསུངས་པ་ལས་དམར་སེར་དང་ཨི་ཌ་དང་སྣར་མ་དང་ལག་ལྡན་ལྕེ་དང་རྒྱལ་དང་རྒྱལ་བ་དང་ཨ་ལྃ་པུ་ཥ་དང་ཀུ་ཧཱ་རྣམས་རྩ་འདབ་བརྒྱད་པོའི་མིང་ཡིན་ལ་ཕྲ་མོ་འམ་ཕྲ་གཟུགས་མ་ནི་ཤེས་རབ་མའི་རང་བཞིན་ཡིན་པས་ན་ཡིད་བཟངས་མ་དང་དོན་གཅིག་པས་སྒྲ་གཅན་གྱི་ལམ་དུ་བཤད་པའི་ཕྱིར། དབུ་མའི་ཡར་སྣའི་མིང་ཡིན་ལ། དུང་ཅན་མ་ནི་དབུ་མའི་མར་སྣའི་མིང་ཡིན་པས་སྙིང་གའི་རྩ་བཅུ་ཀའི་མིང་གསུངས་པ་སྟེ། ཕྱོགས་ཀྱི་གྲངས་ཞེས་གསུངས་པས་སོ། །རང་འགྲེལ་དུ་རྩ་འདབ་བརྒྱད་ཀྱི་ནང་ཚན་དུ་ཕྲ་མོ་བགྲངས་པ་ནི་ཡི་གེ་པའི་བྲིས་ནོར་ཏེ། རྩ་མིའི་འགྱུར་དུ་ལུག་ཞེས་གསུངས་པ་དང་། ཤོང་འགྱུར་དུ་ཨི་ཌ་ཞེས་གསུངས་པ་འགྱུར་ཁྱད་ཙམ་ལས་དོན་ལ་ཅིག་ཅིང་། ཨི་ཌ་ནི་སྙིང་གའི་རྩ་འདབ་རྐྱང་མ་དང་འབྲེལ་བ་དེའི་མིང་དང་། དམར་སེར་ནི་རོ་མ་དང་འབྲེལ་བ་དེའི་མིང་དང་། ཕྲ་མོ་ནི་དབུ་མའི་མིང་ཡིན་ཏེ། འགྲེལ་ཆེན་ལས། རྣམ་གསུམ་ལམ་གནས་ཤེས་པ་ལ། ཟླ་བའི་ལམ་དུ་གནས་པ་ནི་ཨི་ཌའོ། །ཉི་མའི་ལམ་དུ་གནས་པ་ནི་དམར་སེར་རོ། །སྒྲ་གཅན་གྱི་ལམ་དུ་གནས་པ་ནི་ཤིན་ཏུ་ཡིད་བཟང་མའོ། །ཞེས་གསུངས་པས་སོ། །གསུམ་པ་དོན་བསྡུ་བ་ནི། རྩ་འདབ་བརྒྱད་པོ་ཡར་མར་གྱི་རྩེ་མོ་གཉིས་དང་བཅས་པ་འདི་རྣམས་ཀྱི་འཁོར་ལོའི་ཆ་ཤས་ཀྱིས་ལུས་ཀྱི་སྟོད་སྨད་ཀུན་ཏུ་ཁྱབ་པ་ཡིན་ནོ་ཞེས་རྐང་པ་གཅིག་གསུངས་སོ། །གསུམ་པ་མགྲིན་པའི་འཁོར་ལོ་བཤད་པ་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་སྤྱིར་བསྟན་པ་ནི། ལུས་ཀྱི་མགྲིན་པ་ན་གནས་ནས་ཟས་སྐོམ་ལ་ལོངས་སྤྱོད་ཅིང་རྩའི་དབྱིབས་འཁོར་ལོ་ལྟ་བུར་ཡོད་པས་སམ། དེ་ལ་གནད་དུ་བསྣུན་པས་རྨི་ལམ་གྱི་གནས་སྐབས་ལོངས་སྤྱོད་རྫོགས་པའི་སྐུར་འཆར་ཞིང་སྤང་བྱ་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པའི་དོན་གྱིས་ན་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཞེས་བྱའོ། །དེ་ལ་རྩ་འདབ་བཅུ་དྲུག་ཡོད་པའི་མིང་ནི་འོག་ཏུ་འཆད་དོ་ཞེས་རྐང་པ་གཅིག་གོ །གཉིས་པ་རྩ་འདབ་ཀྱི་མིང་རྡོ་རྗེ་ཕྲེང་བ་དང་སྦྱར་བ་ནི། ལོངས་སྤྱོད་སོགས་རྐང་པ་ཕྱེད་དང་གཉིས་ཀྱིས་དམན་པའི་ཚིགས་བཅད་གཉིས་ཏེ། མགྲིན་པའི་རྩ་འདབ་རྣམས་ཀྱི་མིང་ནི་ཟས་སྐོམ་ལ་ལོངས་སྤྱོད་པ་དང་ཤིན་ཏུ་ལོངས་སྤྱོད་པ་དང་བདེ་བ་སྟེར་བ་དང་གསང་བ་དང་ཉི་འགྲོ་དང་གསལ་བ་དང་སྐལ་བ་དང་སྒོམ་པ་དང་ནི་ཐལ་བའི་གདོང་དང་བཟའ་སྟེར་ཟ་བ་དང་བཀྲེས་པ་དང་བཅུད་ལེན་པ་དང་རོས་ནི་བསྐུར་བ་དང་རོ་འཇིག་པ་དང་རོ་དང་ནི་ཁྲུང་ཁྲུང་ཞེས་བྱ་བ་བཅུ་དྲུག་གསུངས་པ་ནི་ཐབས་ཤེས་ཟུང་འཇུག་དུ་བསྡོམས་པ་ཡིན་ལ། དུས་འཁོར་ལས་ཐབས་ཤེས་སོ་སོར་ཕྱེ་ནས་མགྲིན་པར་ལས་རླུང་རྒྱུ་བའི་རྩ་ཉེར་བརྒྱད་ཡེ་ཤེས་ཀྱི་ཆ་རྒྱུ་བ་བཞི་དང་སོ་གཉིས་སུ་བཤད་དོ། །གསུམ་པ་དོན་བསྡུ་བ་ནི། གོང་དུ་བཤད་པའི་རྩའི་འཁོར་ལོ་དེ་ནི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་གནས་སོ། །ཞེས་རྐང་པ་གཅིག་མ་ལོངས་ཙམ་གསུངས་སོ། །བཞི་པ་སྤྱི་བོའི་འཁོར་ལོ་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་སྤྱིར་བསྟན་པ་ནི། སྤྱི་བོར་གནས་ཤིང་བདེ་བ་ཆེན་པོ་ཐིག་ལེ་བརྟེན་ལ་དབྱིབས་འཁོར་ལོ་འདྲ་བས་སམ། དེ་ལ་གནད་དུ་བསྣུན་པས་སྙོམས་འཇུག་གི་གནས་སྐབས་བདེ་བ་ཆེན་པོའི་སྐུའི་དགོངས་པར་འཆར་ཞིང་། སྤང་བྱ་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པས་འཁོར་ལོ་ཞེས་བྱའོ། །ན་ཞེས་པ་ལྷག་མ་འདྲེན་པའི་ཚིག་གོ །དེ་ཡང་གནས་པའི་ཚེ་ན་སྤྱི་བོར་རྩ་གསུམ་འདུས་པའི་ཐད་ནས་འཁོར་ལོའི་འདབ་མ་ཕྱོགས་མཚམས་སུ་གྱེས་པ་ན་ནང་རིམ་བཅུ་དྲུག་དང་ཕྱི་རིམ་བཅུ་དྲུག་སྟེ་སུམ་བཅུ་སོ་གཉིས་ལས། ནང་མ་བཅུ་དྲུག་དུ་ཐིག་ལེ་དང་། ཕྱི་མ་བཅུ་དྲུག་དུ་ཁྲག་རྒྱུ་བས་ཐབས་ཤེས་ཀྱི་རང་བཞིན་དུ་གནས་སོ། །གཉིས་པ་རྩ་འདབ་ཀྱི་མིང་རྡོ་རྗེ་འཕྲེང་བ་དང་སྦྱར་བ་ནི། རིམ་རིགས་སོགས་རྐང་པ་དང་བཅས་པའི་ཚིགས་བཅད་གསུམ་སྟེ། སྤྱི་བོའི་རྩ་འདབ་སོ་གཉིས་ལས། ནང་མ་བཅུ་དྲུག་གི་མིང་ནི་རིམ་རིགས་དང་ནི་འདོད་པ་ཅན་དང་འདོད་ཅན་མ་དང་སྲོག་གི་ལུས་དང་ཟླ་ཐུང་དང་ཟླ་སྟེར་དང་མཛེས་པ་དང་ནི་འདོད་ཅན་དང་། མི་སྨྲ་བ་དང་ཀུ་ཤ་དང་ཤི་བ་སྤོང་བ་དང་དག་པ་དང་མེ་དང་མེ་རོ་དང་ནེ་ཙོ་དང་བཅོ་ལྔ་ནི་ཟླ་བ་འཕེལ་བའི་ཆ་ཡིན་ལ། གང་བ་ནི་བཅུ་དྲུག་པ་དབུ་མའི་ཆ་ཡིན་ནོ། །ཕྱི་རིམ་བཅུ་དྲུག་གི་མིང་ནི། ཉི་ལྡན་དང་རོ་ལྡན་དང་ཀོས་རིང་དང་འཆང་སྟེར་དང་བདུད་རྩི་དང་དུང་ཅན་དང་ནི་དུང་གི་རྣ་བ་དང་དུང་གི་མིག་དང་དུང་གི་སྣ་དང་བརྒྱགས་པ་དང་དབང་རྒྱགས་དང་སྐམ་པ་དང་བརྒྱགས་པས་རྒྱལ་དང་ངོ་མཚར་བརྒྱགས་དང་སྙོམས་པ་དང་བཅོ་ལྔ་ནི་ཟླ་བ་འགྲིབ་པའི་ཆ་བཅོ་ལྔ་ཡིན་ལ། ཚིགས་ཀྱི་རྟེན་ནི་བཅུ་དྲུག་པའི་ཆ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ནི། གསང་བདེ་སོགས་སུ་སྤྱི་བོའི་འཁོར་ལོ་ལ་རྩ་འདབ་སུམ་བཅུ་རྩ་གཉིས་ཤེས་ནི་བཤད་དེ། དེའི་ཕྱིར་གཞུང་འདིར་རྡོ་རྗེ་ཕྲེང་བ་ལས་ཇི་ལྟར་གསུངས་པ་བཞིན་སྤྱི་བོའི་རྩ་འདབ་སོ་གཉིས་སུ་བཤད་པ་ནི་ཐབས་ཤེས་སོ་སོར་ཕྱེ་བ་ཡིན་ལ། དུས་ཀྱི་འཁོར་ལོ་ལས་སྤྱི་བོར་རྩ་འདབ་བཅུ་དྲུག་ཏུ་གསུངས་པ་ནི་ཐབས་ཤེས་དབྱེར་མེད་གཅིག་ཏུ་བསྡོམས་པ་ཟུང་འཇུག་གི་དབང་དུ་བྱས་པ་སྟེ། དེའི་རྣམ་པར་གཞག་པ་ནི་རླུང་རྒྱུ་རིམ་གྱི་སྐབས་སུ་འཆད་པར་འགྱུར་ལ། ཡང་ན་སྤྱི་བོར་རྩ་འདབ་སུམ་བཅུ་སོ་གཉིས་བཤད་པ་ཡང་དུས་འཁོར་དང་སྦྱར་དུ་རུང་སྟེ། དེ་ལས་སྤྱི་བོར་ཟླ་རྐང་དང་མཚུངས་པའི་རླུང་རྒྱུ་བར་བཤད་ཅིང་ཟླ་རྐང་བཅུ་བཞི་མཚམས་གཉིས་དང་བཅས་པའི་བཅུ་དྲུག་ལ་ལུགས་འབྱུང་ཟློག་ཏུ་སྤྱད་པ་ན་སོ་གཉིས་འབྱུང་བས་སོ། །དེའི་ཚེ་ན་སྟོང་པ་རྒྱུ་བའི་རྩ་ནི་དཔྲལ་བར་གཉིས་དང་ལྟག་པར་གཉིས་ཏེ་བཞི་ཡིན་ནོ། །ལྔ་པ་ཐུན་མོང་གི་དོན་བསྡུ་ནི། བཤད་པ་དེ་ལྟར་ན་འཁོར་ལོའི་རྩ་འདབ་རྣམས་དྲིལ་བས་བརྒྱ་དང་ཉི་ཤུ་ནི་རྩ་རྣམས་ཀྱི་གཙོ་བོ་ཡིན་ཞེས་བྱ་བར་ནི་རྒྱུད་ལས་བཤད་པ་ཡིན་ནོ་ཞེས་རྐང་པ་གཉིས་གསུངས་སོ། །གཉིས་པ་འཁོར་ལོ་དྲུག་བཤད་པ་ལ་གཉིས། རྡོ་རྗེ་ཕྲེང་བ་ལས་གསུངས་ཚུལ་དང་། རྒྱུད་ཕན་ཚུན་གྱི་དགོངས་པ་བཤད་པའོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང་། རྩ་འདབ་ཀྱི་མིང་ལུང་དང་སྦྱར་བའོ། །དང་པོ་ནི། གཙུག་ཏོར་སོགས་རྐང་པ་གཉིས་ཏེ། རྒྱུད་འདིའི་ལུགས་ཀྱི་རྩ་འཁོར་ལོ་དྲུག་ནི་གོང་དུ་བཤད་པའི་འཁོར་ལོ་བཞི་པོ་དེའི་ཐོག་ཏུ་གཙུག་ཏོར་རླུང་ཁམས་ཀྱི་འཁོར་ལོ་རྩ་འདབ་དྲུག་པ་ཅིག་དང་གཙུག་ཏོར་གྱི་མགྲིན་པ་མེ་ཁམས་ཀྱི་འཁོར་ལོ་རྩ་འདབ་གསུམ་པ་ཅིག་སྟེ་འཁོར་ལོ་དྲུག་དུ་བཞེད་པ་ཡིན་པས། སྨིན་མཚམས་ན་གནས་པའི་གཙུག་ཏོར་གྱི་འཁོར་ལོ་དང་དེའི་མགྲིན་པའི་འཁོར་ལོའི་སྒྲས་གསུངས་པ་འཁོར་ལོ་གཉིས་ལ་རྩའི་འདབ་མ་ནི་དགུ་ཡོད་དེ། གཙུག་ཏོར་གྱི་འཁོར་ལོའི་སྒྲས་གསུངས་པ་རླུང་གི་ཁམས་ཀྱི་འདབ་མ་དྲུག་དང་། གཙུག་ཏོར་གྱི་མགྲིན་པའི་འཁོར་ལོའི་སྒྲས་གསུངས་པ་མེ་ཁམས་ཀྱི་འདབ་མ་གསུམ་ཡོད་པས་སོ། །འདིའི་ཐད་ཀྱི་རང་འགྲེལ་ལས། སྨིན་མའི་དབུས་ན་རླུང་རྣམ་པར་དག་པའི་རྩ་ལྔ་དང་ཞེས་གསུངས་པ་ནི་ཡི་གེ་པའི་བྲིས་ནོར་རོ། །གཉིས་པ་ལ་གཉིས། གཙུག་ཏོར་གྱི་འཁོར་ལོའི་རྩ་འདབ་ཀྱི་མིང་དང་། གཙུག་ཏོར་གྱི་མགྲིན་པའི་འཁོར་ལོའི་རྩ་འདབ་ཀྱི་མིང་ངོ་། །དང་པོ་ནི། སྨིན་མའི་སོགས་རྐང་པ་གསུམ་སྟེ། སྨིན་མའི་དབུས་ན་གནས་པའི་གཙུག་ཏོར་རླུང་ཁམས་ཀྱི་འཁོར་ལོའི་འདབ་མ་དྲུག་པོ་དེའི་མིང་ནི། བྱེ་བ་དང་འཁྱིལ་པ་དང་མི་ཟད་པ་དང་མིང་བཟང་དང་བརྟན་པ་དང་མཚན་ཉིད་ཅན་ཞེས་བྱའོ། །གཉིས་པ་ནི། འཛིན་པ་སོགས་རྐང་པ་གཉིས་ཏེ། གཙུག་ཏོར་གྱི་མགྲིན་པ་མེའི་ཁམས་དང་ལྡན་པའི་རྩ་འདབ་མ་གསུམ་པོ་དེའི་མིང་ནི། འཛིན་པ་དང་རྟོག་མེད་དང་གང་བ་ཞེས་བྱའོ། །གཉིས་པ་རྒྱུད་ཕན་ཚུན་གྱི་དགོངས་པ་བཤད་པ་ལ་གཉིས། རྒྱུད་ཕན་ཚུན་དགོངས་པ་མཐུན་པར་བསྟན་པ་དང་། དགོངས་གཞི་གཞན་བཤད་པའོ། །དང་པོ་ནི། དུས་ཀྱི་སོགས་ཚིགས་བཅད་གཅིག་སྟེ་བཤད་མ་ཐག་པ་འདི་དང་དགོངས་པ་མཐུན་པར་དུས་ཀྱི་འཁོར་ལོར་གང་དུ་གསུངས་པའི་ཚུལ་ནི་གསང་བའི་ནོར་བུ་ལ་རྩ་བཞི་དང་དེའི་རྩ་བ་ན་བཤང་གཅི་ཁུ་བ་འཕེན་འཛིན་བྱེད་པའི་རྩ་གསུམ་སྟེ། རྩ་འདི་བདུན་གསང་བའི་གནས་སུ་ཡོད་པར་གསུངས་ཤིང་དབུ་མ་ལ་རླུང་དང་ཁུ་བ་འཛིན་པའི་ཆ་ཐ་དད་དུ་ཕྱེ་བའི་གཉིས་ཏེ་རྩ་དགུ་པོ་འདི་ལོགས་སུ་གསུངས་པས། གོང་དུ་འཁོར་ལོ་གཉིས་ལ་རྩ་འདབ་དགུ་བཤད་པ་དང་དུས་འཁོར་མཐུན་ཞིང་དེ་རྣམས་ཀྱི་རྩ་བ་ནས་གསང་གནས་ཀྱི་འཁོར་ལོའི་རྩ་འདབ་སུམ་བཅུ་སོ་གཉིས་སྤྱི་བོའི་འཁོར་ལོ་དང་གྲངས་མཚུངས་པར་འདོད་པ་ཡིན་ནོ། །འདིའི་འགྲེལ་པར་དུས་འཁོར་ལས་ཞེས་པ་ནས་གསུངས་ལ་ཞེས་པས་རྐང་པ་དང་པོ་གཉིས་ཀྱི་ཚིག་དོན་དང་འདི་རྣམས་ནས་བཤད་དོ་ཞེས་པས་ཕྱི་མ་གཉིས་ཀྱི་ཚིག་དོན་བཤད་ལ། དེས་ན་ནས་འགྱུར་ལ་ཞེས་པས་ཕན་ཚུན་དགོངས་པ་མཐུན་པར་བསྒྲུབས་སོ། །སྐབས་འདིར་དོགས་པའི་གནས་འདི་ཡོད་དེ། འདུས་པ་ལས་སྨིན་དབུས་སུ་གསུངས་པ་དུས་འཁོར་ལས་གསང་གནས་སུ་གསུངས་པར་བཤད་པས་རྒྱུད་ཕན་ཚུན་དགོངས་པ་གཅིག་པར་མི་འགྲུབ་སྟེ། གསང་གནས་དང་སྨིན་དབུས་འགལ་ཁྱབ་ཏུ་འབྲེལ་བས་སོ་སྙམ་པའོ། །དོགས་པ་དེ་གཅོད་པ་ན་ཊཱི་ཀ་སྔ་མ་གཉིས་མཐུན་པར་ནོར་བུ་སྤྱི་བོར་ཐོན་པ་ལས་གཙུག་ཏོར་དུ་འགྱུར་བས་གསང་བའི་རྡོ་རྗེ་ལ་ཡོད་པའི་རྩ་དེ་ཉིད་གཙུག་ཏོར་གྱི་འཁོར་ལོར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་མདོ་ལས་འདོམས་ཀྱི་སྦ་བ་གླང་པོའི་རྒྱལ་པོ་ལྟར་ནུབ་པར་གསུངས་པ་དང་འགལ་ཞིང་འཁོར་སྒྱུར་ལ་ཡང་གཙུག་ཏོར་དང་སྦ་བ་སྦུབས་ནུབ་སོགས་མཚན་བཟངས་རྣམས་མངའ་ན་བུ་སྟོང་བསྐྱེད་པའི་ས་བོན་ཇི་ལྟར་འཇོག་སྨྲ་དགོས་སོ། །ཞེས་བདག་གི་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་གསུང་ངོ་། །ལ་ལ་དག་འདུས་པ་ལས་གསུངས་པའི་རྩ་དགུ་པོ་སྨིན་དབུས་ན་ཡོད་ཀྱང་། དུས་འཁོར་ལས་འཁོར་ལོ་ལ་མི་གཏོགས་པའི་རྩ་དགུ་གསང་གནས་སུ་ཡོད་པར་གསུངས་པས། དེ་གཉིས་གྲངས་མཐུན་པའི་ཕྱིར་འདུས་པའི་ལུང་དེ་དགོངས་པ་ཅན་དུ་འཆད་ནུས་པ་ཡིན་ནོ་སྙམ་ན། གསང་གནས་ཀྱི་དགུ་ཁོ་ན་སྨོས་པས་ཅི་ཞིག་བྱ་འཁོར་ལོ་ལ་མི་གཏོགས་པའི་རྩ་ཕྲན་སྟོང་ཕྲག་བདུན་བཅུ་རྩ་གཉིས་དང་རྩ་ཕྲ་མོ་བྱེ་བ་ཕྲག་ཕྱེད་དང་བཞི་ཡོད་པ་མ་ཡིན་ནམ། དེས་ན་རང་འགྲེལ་གྱི་དགོངས་པ་ནི་འདི་ཡིན་ཏེ། ངེས་པ འི་དོན་དུ་ནི་རྩའི་དྭངས་མས་ཆོས་ཐམས་ཅད་ལ་ཁྱབ་པས་གསང་གནས་ཀྱི་རྩ་དང་སྨིན་མཚམས་ཀྱི་རྩ་འགལ་ཁྱབ་དུ་མི་བཞེད་མོད། ཐ་སྙད་རྣམ་པར་འཇོག་པའི་ཚེ་ནའང་རྡོ་རྗེ་འཕྲེང་བ་ལས་ཡར་གྱི་རྩེ་དགུ་ལ་དགོངས་ནས་སྨིན་མཚམས་སུ་ཡོད་པར་གསུངས་ལ། དུས་འཁོར་ལས་མར་གྱི་རྩེ་དགུ་ལ་དགོངས་ནས་གསང་གནས་སུ་གསུངས་པས་རྒྱུད་ཕན་ཚུན་འགལ་བ་མེད་ཅིང་རྩ་དགུ་པོ་འདི་འཁོར་ལོ་ལ་མི་གཏོགས་པར་བཤད་པས་གཙུག་ཏོར་གྱི་འཁོར་ལོ་དང་གཙུག་ཏོར་གྱི་མགྲིན་པའི་འཁོར་ལོར་གསུངས་པ་དགོངས་པ་ཅན་དུ་འཆད་ནུས་སོ། །གཉིས་པ་ནི། དེ་དག་སོགས་རྐང་པ་གསུམ་སྟེ། ཡང་ན་རྒྱུད་ཐམས་ཅད་དགོངས་པ་ཅན་ཡིན་པར་སེམས་འགྲེལ་རྣམས་སུ་བཤད་པས་བྱེ་བ་འཁྱིལ་པ་མི་ཟད་པ་མིང་བཟངས་བསྟན་དང་མཚན་ཉིད་ཅན་ཏེ་དྲུག་ནི་རྩ་འཁོར་ལོ་དྲུག་པོ་དེ་དག་གི་དབུས་ན་གནས་པའི་རྩ་དྲུག་ལ་དགོངས་ནས་གསུངས་ཏེ། སྨིན་དབུས་བྱེ་བ། སྤྱི་བོར་འཁྱིལ་བ། མགྲིན་དབུས་མི་ཟད་པ། སྙིང་དབུས་མིང་བཟངས་ལྟེ་དབུས་བསྟན་པ་གསང་བར་མཚན་ཉིད་ཅན་ཏེ། དུས་འཁོར་ལས་སྟོང་པ་དྲུག་གི་རྩ་ཞེས་གསུངས་པ་ལ་དགོངས་པ་ཡིན་ནོ། །སྟོང་པ་དྲུག་གི་རྩ་འདི་རྣམས་གསུང་གི་དཀྱིལ་འཁོར་གྱི་སྒོ་བཞིའི་དག་པར་ཡང་གསུངས་ཏེ། འཁོར་ལོ་རྣམས་ནི་སྲོག་ལ་སོགས་པའི་ཡུལ་ཡིན་པའི་ཕྱིར། སོག་འགྲེལ་ལས་འཁོར་ལོ་དྲུག་གི་བར་ཐག་རང་སོར་ཕྱེད་དང་བཅུ་གསུམ་ཡོད་པར་བཤད་པའི་དབུས་རྣམས་སྟོང་པ་དྲུག་གི་རྩར་མཛད་པ་ནི་དགོངས་པ་མིན་ཏེ། རང་འགྲེལ་ལས་སྨིན་དབུས་བྱ་བ་ཞེས་སོགས་དང་དྲུག་པོ་ནི་འཁོར་ལོའི་དབུས་རྣམས་སུ་འགྱུར་ཏེ། ཞེས་འཁོར་ལོའི་དབུས་རྣམས་ལ་བཤད་པའི་ཕྱིར་དང་། འཁོར་ལོ་དྲུག་གི་དབུས་ན་བར་ཐག་རང་སོར་ཕྱེད་བཅས་བཅུ་གསུམ་པ་ལྔ་ལས་མེད་པས་ཅིག་མ་ཚང་བར་འགྱུར་བའི་ཕྱིར་རོ། །འགྲེལ་པར་འདིའི་ཤེས་བྱེད་དུ་དུས་འཁོར་འགྲེལ་ཆེན་ལས། རིགས་གསུམ་གྱི་རྩ་དང་རིགས་དྲུག་གི་རྩ་དང་རིགས་སུམ་བཅུ་སོ་དྲུག་གི་རྩ་ལ་སོགས་པ་གསུངས་པའི་འགྲེལ་ཚིག་རྣམས་ལུང་དུ་འདྲེན་པའི་དོན་ནི། རྒྱུད་སྡེ་སོ་སོ་ནས་བཤད་ཚུལ་མི་འདྲ་བ་བསམ་གྱིས་མི་ཁྱབ་པའི་ཕྱིར་ན་འདུས་པར་སྨིན་དབུས་སུ་གསུངས་པའི་རྩ་དྲུག་པོ་འཁོར་ལོ་དྲུག་གི་དབུས་ཀྱི་རྩ་དྲུག་ལ་དགོངས་པར་འཆད་རིགས་པའི་རྒྱུ་མཚན་དུ་རིགས་གསུམ་ནས་རིགས་སུམ་བཅུ་སོ་དྲུག་ལ་སོགས་པའི་བར་དུ་གསུངས་པའི་རྩ་རྣམས་ཀྱང་འཁོར་ལོ་དྲུག་གི་རྩ་ལ་གསུངས་པས་དགོངས་པ་ཅན་དུ་འཆད་ཚུལ་མཐའ་ཡས་པ་ཤེས་དགོས་སོ། །ཞེས་དགོངས་པ་ཡིན་ལ་རྒྱས་པར་ནི་འགྲེལ་བཤད་དུ་བྲི་བར་བྱའོ། །གསུམ་པ་ཚིགས་ཀྱི་འཁོར་ལོ་བཤད་པ་ལ་གསུམ་སྟེ། ལག་པ་གཡས་པའི་ཚིགས་ཆེན་གྱི་འཁོར་ལོ་གསུམ་བཤད་པ། ཚིགས་ཕྲན་གྱི་འཁོར་ལོ་བཅོ་ལྔ་བཤད་པ། ལག་པ་གཡོན་པ་སོགས་དེ་དང་འདྲ་བར་བསྟན་པའོ། །དང་པོ་ནི། ལག་པ་སོགས་རྐང་པ་གསུམ་སྟེ། རྐང་ལག་གི་ཚིགས་ཆེན་བཅུ་གཉིས་ལས་ལག་པ་གཡས་པའི་འཁྲིག་མ་གྲུ་མོ་ཕྲག་པ་སྟེ་ཚིགས་གསུམ་ལ་རླུང་གི་ཁམས་ཀྱིས་བསྐྱེད་པའི་རྩ་འཁོར་ལོ་གསུམ་ཡོད་ལ་འཁོར་ལོ་རེ་རེ་ལ་རྩ་འདབ་ནི་སུམ་བཅུ་སུམ་བཅུ་གནས་པ་བསྡོམས་པས་དགུ་བཅུ་ཡོད་དོ། །གཉིས་པ་ནི་སོར་མོའི་སོགས་རྐང་པ་གསུམ་སྟེ། ལག་པ་གཡས་པའི་སོར་མོའི་ཚིགས་བཅོ་ལྔ་པོ་ནི་རེ་རེ་ལ་རྩ་འདབ་ནི་དྲུག་དྲུག་དུ་ཡོད་པའི་འཁོར་ལོར་འགྱུར་ཏེ། འཁོར་ལོ་བཅོ་ལྔ་པོ་བསྡོམས་པས་རྩ་འདབ་ཀྱི་གྲངས་ནི་གོང་དང་མཚུངས་པར་དགུ་བཅུ་ཡོད་པའོ། །གསུམ་པ་ལ་གཉིས། ཚིགས་ཆེན་གྱི་འཁོར་ལོ་དང་། ཚིགས་འཕྲན་གྱི་འཁོར་ལོའོ། །དང་པོ་ནི། དེ་བཞིན་སོགས་རྐང་པ་དང་བཅས་པའི་ཚིགས་བཅད་གཅིག་སྟེ། ལག་པ་གཡས་པ་དེ་བཞིན་དུ་ལག་པ་གཡོན་པའི་ཚིགས་ཆེན་གསུམ་ལ་མེ་ཡི་ཁམས་ཀྱི་འཁོར་ལོ་གསུམ་དང་། རྐང་པ་གཡས་པའི་དཔྱི་པུས་མོ་བོལ་ཏེ་ཚིགས་ཆེན་གསུམ་ལ་ཆུ་ཁམས་ཀྱི་འཁོར་ལོ་གསུམ་སྟེ། སྔ་མ་རྐང་གཡས་བཞིན་དུ་རྐང་པ་གཡོན་པའི་ཚིགས་ཆེན་གསུམ་ལ་ས་ཁམས་ཀྱི་འཁོར་ལོ་ཡོད་པས། དེ་ལྟར་ན་ཚིགས་ཆེན་གྱི་རྩའི་འཁོར་ལོ་བཅུ་གཉིས་ལ་རྩ་འདབ་སུམ་བཅུ་རེ་ཡོད་པ་བསྡོམས་པས་རྩའི་འདབ་མ་ནི་སུམ་བརྒྱ་དང་དྲུག་བཅུའོ། །དེ་སྐད་དུ་ཡང་དུས་འཁོར་འགྲེལ་ཆེན་ལས། འདིར་ལུས་ལ་ཚིགས་ཀྱི་དབྱེ་བའི་གྲངས་སུམ་བརྒྱ་དྲུག་བཅུ་སྟེ། ཚིགས་ཀྱི་དབྱེ་བ་དེ་དག་གིས་རྩའི་འཁོར་ལོའི་དབྱེ་བ་སུམ་བརྒྱ་དྲུག་བཅུར་འགྱུར་ཞིང་། སྲོག་ལ་སོགས་པའི་རླུང་གི་བྱ་བའི་དབྱེ་བ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི། ལག་པ་གཡོན་པ་དང་རྐང་པའི་སོར་མོའི་ཚིགས་བཞི་བཅུ་ཞེ་ལྔ་ལའང་རྩ་འདབ་དྲུག་དྲུག་ཡོད་པས་ཚིགས་ཕྲན་གྱི་འཁོར་ལོ་དྲུག་བཅུ་པོ་བསྡོམས་ན་རྩའི་གྲངས་ཚིགས་ཆེན་དེ་དང་མཉམ་པར་སུམ་བརྒྱ་དང་དྲུག་བཅུ་ཡོད་ཅེས་རྐང་པ་གཅིག་གསུངས་སོ། །དེས་ན་ཕྱི་རོལ་ཏུ་ཟླ་བ་བཅུ་གཉིས་ཀྱི་ཞག་སུམ་བརྒྱ་དྲུག་བཅུ་ནང་དུ་རྩ་སུམ་བརྒྱ་དྲུག་བཅུ། གཞན་དུ་སྐུའི་དཀྱིལ་འཁོར་གྱི་ལྷ་སུམ་བརྒྱ་དྲུག་བཅུ། དབྱངས་གསལ་གྱི་ཡི་གེ་སུམ་བརྒྱ་དྲུག་བཅུ་སོགས་ཀྱི་དག་པ་ཡིན་པས། རླུང་དང་བྱང་ཆུབ་ཀྱི་སེམས་ཀྱང་དེ་ཉིད་ཀྱི་གྲངས་དང་མཐུན་པར་བཤད་པས་ཆོག་གོ །ལྔ་པ་ནད་བསྐྱེད་པ་དང་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་རྒྱས་བཤད་ལ་གཉིས། ནད་བསྐྱེད་པའི་རྩ་དང་། སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་དབྱེ་བའོ། །དང་པོ་ལ་གཉིས། བཤད་པ་དངོས་དང་། དོགས་གཅོད་དོ། །དང་པོ་ནི། ནད་ནི་སོགས་ཚིགས་བཅད་ཕྱེད་དང་གསུམ་སྟེ། ལུས་ལ་ནད་ནི་བསྐྱེད་པར་བྱེད་པའི་རྩ་དུ་ཞིག་ཅེ་ན་གཙུག་ཏོར་འཁོར་ལོའི་ཕྱི་རོལ་གྱི་རྩ་བཞི་དཔྲལ་བ་སྟེ་སྤྱི་བོའི་འཁོར་ལོའི་རྩ་ཕྱི་རོལ་གྱི་རྩ་བཅུ་དྲུག་སྟེ་རྩ་ཉི་ཤུས་བད་ཀན་གྱི་ནད་བསྐྱེད་པར་བྱེད་པས་བད་ཀན་ནི་ཆུའི་རང་བཞིན་ཡིན་པའི་ཕྱིར་སྟོད་ན་གནས་ཀྱང་སྨད་དུ་ལྟུང་བས་རྐེད་པ་སོགས་སུ་ན་བར་བྱེད་དོ། །མགྲིན་པར་རྩ་ནི་སུམ་བཅུ་རྩ་གཉིས་དང་སྙིང་གའི་བརྒྱད་དེ་རྩ་བཞི་བཅུ་པོ་རྣམས་ནི་མཁྲིས་པའི་ནད་བསྐྱེད་པས་མཁྲིས་པ་ནི་བར་ན་གནས་ཀྱང་ཉི་མར་ལྡན་པས་བསྲེག་པའི་གྲོགས་དང་ཟླ་བར་ལྡན་པས་བསིལ་བའི་གྲོགས་བྱེད་པའི་ཕྱིར་སྟོད་སྨད་ཀུན་ཏུ་ན་བར་བྱེད། ལྟེ་བའི་རྩ་དྲུག་བཅུ་རྩ་བཞི་དང་གསང་བ་ལ་རིམ་པ་གཉིས་ཡོད་པའི་ཕྱི་རོལ་གྱི་རྩ་བཅུ་དྲུག་སྟེ་བརྒྱད་བཅུས་རླུང་གི་ཁམས་འཁྲུགས་པའི་ནད་བསྐྱེད་པས། རླུང་ནི་སྨད་ན་གནས་ཀྱང་རླུང་གི་རང་བཞིན་ཡིན་པའི་ཕྱིར་སྟོད་དུ་ནད་བསྐྱེད་པར་བྱེད་དོ། །གསང་བའི་ནང་རིམ་གྱི་རྩ་བཅུ་དྲུག་གིས་འདུས་པའི་ནད་བསྐྱེད་པས། འདུས་པའི་གནས་སྨད་ན་ཡོད་ཀྱང་ཉེས་པ་གསུམ་ཀ་འདུས་ཤིང་རྩའི་རྩེ་མོས་ཁྱབ་པའི་ཕྱིར་སྟོད་སྨད་བར་གསུམ་ཅི་རིགས་པར་ནད་བསྐྱེད་པར་བྱེད་དོ། །དེ་ལྟར་ན་ནད་བསྐྱེད་པའི་རྩ་འདབ་བརྒྱ་དང་ལྔ་བཅུ་རྩ་དྲུག་ཡོད་དོ། །འདི་ནི་རྒྱུད་ཀྱི་རྒྱལ་པོ་ལས། གཙུག་ཏོར་ལ་ནི་ཆུ་གཏེར་དཔྲལ་བར་རྒྱ་མཚོས་བསྣུན་པའི་དུས་རྣམས་བད་ཀན་ཁམས་ནི་རབ་འཁྲུག་པའོ། །མགྲིན་བར་སོ་དང་སྙིང་གའི་ཆུ་སྐྱེས་དག་ལ་མིག་གིས་བསྒྱུར་བའི་དུས་རྣམས་མཁྲིས་པའི་ཁམས་རབ་འཁྲུག །ལྟེ་བ་གསང་བ་དག་ལ་ཆུ་གཏེར་དྲུག་བཅུ་མི་བདག་དག་ཀྱང་དེ་བཞིན་རླུང་གི་ཁམས་རབ་འཁྲུག །གསང་བར་གཞན་ནི་ཕྱོགས་དང་དྲུག་ཀྱང་རབ་ཏུ་གསལ་བྱས་ངེས་པར་འདུས་པ་དག་ཀྱང་འགོག །ཞེས་གསུངས་པ་ཇི་ལྟ་བ་བཞིན་ནོ། །གཉིས་པ་ནི། འདི་རྣམས་སོགས་རྐང་པ་གཉིས་ཏེ། ནད་བསྐྱེད་པའི་རྩ་འདི་རྣམས་ནི་འཁོར་ལོ་དྲུག་གི་རྩ་འདབ་བརྒྱ་ལྔ་བཅུ་རྩ་དྲུག་པོའི་ཕྱི་རིམ་ནས་ཁམས་རྒྱུ་བའི་རྩ་འདབ་གཞན་ཡིན་པར་དཔལ་རང་བྱུང་གི་ཞལ་སྔ་ནས་བཞེད་པ་སྟེ། དུས་འཁོར་བ་གཞན་དག་དང་གེགས་སེལ་མཁན་པོ་འགའ་ཞིག་ནད་བསྐྱེད་པའི་རྩ་དེ་ནི་འཁོར་ལོའི་རྩ་འདབ་ཉིད་དུ་འདོད་པ་ཡང་ཡོད་མོད། འཁོར་ལོ་ཉིད་ལ་གནད་དུ་བསྣུན་པས་ནི་ཡེ་ཤེས་འཕེལ་ནས་གེགས་བསྐྱེད་པར་མི་བྱེད་ཅིང་ཕྱི་རིམ་གྱི་ནད་བསྐྱེད་པའི་རྩ་དང་འཁོར་ལོའི་ཁྱད་པར་མ་ཤེས་པའི་ཕྱིར་ན་དཔལ་རང་བྱུང་གི་བཞེད་པ་ཉིད་ལེགས་སོ། །གཉིས་པ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་དབྱེ་བ་ལ། བསྟན། བཤད་གཉིས། དང་པོ་ནི། རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་རྣམ་དབྱེ་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་པ་བཞིན་འཆད་དོ་ཞེས་རྐང་པ་གཉིས་གསུངས་སོ། །གཉིས་པ་ལ་གཉིས། ཁམས་རང་གི་ངོ་བོའི་སྒོ་ནས་དབྱེ་བ་དང་། བྱེད་ལས་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། སྟོང་ཕྲག་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། རྒྱུད་རྡོ་རྗེ་ཕྲེང་བ་ལས་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་ཟླ་བའི་རླུང་དང་དཀར་ཆ་འབབ་པས་རྐྱང་མའི་རིགས་དང་སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་ཉི་མའི་རླུང་དང་དམར་ཆ་འབབ་པས་རོ་མའི་རིགས་དང་སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་རླུང་ཁོ་ན་རྒྱུ་བས་སྒྲ་གཅན་གྱི་རང་བཞིན་དབུ་མའི་རིགས་སུ་བརྗོད་དེ། ཇི་སྐད་དུ་རྒྱུད་དེ་ལས་སྟོང་ཕྲག་ཉི་ཤུ་རྩ་བཞིར་ནི། རྩ་ནི་རྟག་ཏུ་རྨད་བྱུང་བ། །བྱང་ཆུབ་སེམས་ནི་འབབ་པར་ཤེས། །བདེ་བ་ཐམས་ཅད་རབ་ཏུ་འཕེལ། །རྟག་ཏུ་རྨད་དུ་བྱུང་བའི་རྩ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཁྲག་འབབ་པར་ནི་ཤེས་པར་བྱ། །ཉི་མ་འཕོ་བའི་བདག་ཉིད་ཅན། །རྟག་ཏུ་རྨད་དུ་བྱུང་བའི་རྩ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་བར་ནི་ཤེས་པར་བྱ། །ཞེས་གསུངས་པས་སོ། །གཉིས་པ་ནི། དེ་ཡང་སོགས་ཚིགས་བཅད་གཉིས་ཏེ། དེ་ལྟར་རིགས་གསུམ་དུ་ཕྱེ་ནས་བཤད་པའི་སྟོང་ཕྲག་བདུན་བཅུ་རྩ་གཉིས་པོ་དེ་ཡང་དབྱེ་གཞི་ནི་ལུས་ལ་གནས་པས་ན་ལུས་ཀྱི་གནས་སུ་བཤད་པའི་གནས་ཉི་ཤུ་རྩ་བཞིའི་རྩ་མི་ཕྱེད་མ་ནས་ཡིད་བཟངས་མའི་བར་རྩ་ནི་ཉི་ཤུ་རྩ་བཞི་པོ་དེ་དག་ཡིན་ལ། དེ་ཡང་ཐིམ་པ་ཞེས་བྱ་བ་ལུས་ཀྱི་གནས་སུ་ལས་བྱས་ཟིན་པ་དང་། ལོངས་སྤྱོད་པ་ནི་བྱེད་བཞིན་པ་དང་། བདག་པོ་ནི་བྱེད་པར་འགྱུར་བ་སྟེ་དེ་གསུམ་གྱི་དབྱེ་བས་ཉི་ཤུ་རྩ་བཞི་པ་ཕྲག་གསུམ་སྟེ་བདུན་བཅུ་རྩ་གཉིས་སུ་འགྱུར་བ་ནི་གཙོ་བོ་ཡིན་ཞིང་། དེ་རེ་རེ་ལ་ཡང་རྩ་ཕྲན་གྱི་འཁོར་ནི་སྟོང་སྟོང་ཡོད་པས་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཡིན་ལ། གཙོ་འཁོར་དེ་ཡང་དཔེར་ན་སྡོང་པོ་གཅིག་ལས་ནི་ཡལ་ག་ལོ་འདབ་སྟོང་སོགས་སུ་གྱེས་པ་ཇི་ལྟ་བ་བཞིན་ཏེ། རྒྱུད་དེ་ཉིད་ལས། རྒྱ་མཚོ་ཆེན་པོའི་རྒྱུད་ལས་ནི། །ལུས་ཀྱི་གནས་ནི་དབྱེ་བ་ཡིས། །དེ་ཉིད་ཉི་ཤུ་རྩ་བཞིར་བརྗོད། །ཐིམ་དང་ལོངས་སྤྱོད་བདག་པོ་ཉིད། །གྲངས་ནི་བདུན་བཅུ་རྩ་གཉིས་བརྗོད། །རེ་རེའང་འཁོར་ནི་སྟོང་སྟོང་ངོ་། །ཞེས་གསུངས་པས་སོ། །ཐིམ་ལོངས་སྤྱོད་བདག་པོའི་དོན་ནི་འདི་ཉིད་ཀྱི་ལེའུ་ལྔ་པ་ནས། དེ་ལྟར་ཁམས་ནི་ཉི་ཤུ་བཞི། །ཐིམ་པ་སྙིགས་མར་འགྱུར་བ་སྟེ། །ལོངས་སྤྱོད་དྭངས་མ་དཀར་ཆ་ཡིན། །བདག་པོ་རྩ་བ་རླུང་ཁྲག་འདྲེས། །རེ་རེའང་སྟོང་ཕྲག་གསུམ་གསུམ་སྟེ། །རླུང་དང་དཀར་དམར་གསུམ་བདག་ཉིད། །ཅེས་གསུངས་ཤིང་། ཡང་ན་ལོངས་སྤྱད་ཟིན་པས་ཐིམ་པ་སྤྱོད་བཞིན་པས་ལོངས་སྤྱོད་སྤྱོད་འགྱུར་བདག་པོའོ། །ཡང་ན་འདས་ད་ལྟར་མ་འོངས་པ་གསུམ་གྱི་ཆ་ནས་དེ་གསུམ་དུ་བཞག་ཅེས་རྒྱལ་བའི་དབང་པོ་གསུང་ངོ་། །དྲུག་པ་རྩ་ཕྲ་མོ་དང་ཁམས་གང་གིས་བསྐྱེད་བསྟན་པ་ལ་གཉིས། རྩ་ཕྲ་མོ་བཤད་པ་དང་། ཁམས་གང་གིས་བསྐྱེད་པའོ། །དང་པོ་ནི། དེ་བས་སོགས་རྐང་པ་གསུམ་སྟེ། རྣལ་འབྱོར་མའི་རྒྱུད་བདུན་བཅུ་དོན་གཉིས་ཀྱི་དག་སྦྱོར་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་པོ་དེ་བས་ཕྲ་བའི་རྩ་གཞན་ཡང་ཡོད་དོ། །དེ་རྣམས་ཀྱང་གང་ཞེ་ན་དགའ་བོ་མངལ་གནས་ཀྱི་མདོ་ལས། དགའ་བོ་གཞན་ཡང་ཞག་བདུན་ཕྲག་བཅོ་ལྔ་པ་ལ་ནི། ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་ཀྱི་དོན་བསྡུས་ཏེ། དེར་གནས་ལུས་ཀྱི་ཕྱོགས་བཞི་ལ། །རྩ་ལྔ་ཡན་ལག་བཞི་བཅུ་སྟེ། །རེ་རེའང་ཡན་ལག་བརྒྱ་བརྒྱའོ། །ཀུན་ལ་རྩ་ནི་བརྒྱད་ཁྲི་གནས། །དེར་གནས་སྲིན་བུ་བརྒྱད་ཁྲི་དང་། །མི་གཙང་རྫས་ནི་དུ་མས་གང་། །ཞེས་རང་འགྲེལ་དུ་གསུངས་ཤིང་། །དུས་འཁོར་ལས་པགས་པར་སོན་པའི་རྩ་ཕྲ་མོ་བྱེ་བ་ཕྲག་ནི་ཕྱེད་དང་བཞིས་བ་སྤུ་བསྐྱེད་པར་བྱེད་པར་གསུངས་པ་ཡིན་ལ། རྡོ་རྗེ་སྙིང་འགྲེལ་ལས་ཀྱང་། བ་སྤུའི་བུ་གའི་གྲངས་སྙེད་ཀྱི། །རྩ་རྣམས་བྱེ་བ་ཕྱེད་དང་བཞི། ཞེས་སོ། །གཉིས་པ་ནི། འདི་རྣམས་སོགས་རྐང་པ་དང་བཅས་པའི་ཚིགས་བཅད་གཉིས་ཏེ། རྩ་འདི་རྣམས་ཀྱི་ཁམས་ཀྱི་རིམ་པ་ནི་ལྟེ་བ་ནི་སའི་ཁམས་སྙིང་ག་ནི་རླུང་གི་ཁམས་ཡིན་པས་ས་རླུང་ཐབས་ཤེས་དང་། མགྲིན་པ་ནི་མེའི་ཁམས་སྤྱི་བོ་ནི་ཆུའི་ཁམས་ཡིན་པས་མེ་ཆུ་ཐབས་ཤེས་དང་། གཙུག་ཏོར་ནི་ནམ་མཁའ་གསང་བ་ནི་ཡེ་ཤེས་བདེ་བའི་རིགས་སུ་གསུངས་པས་ནམ་ཡེ་ཐབས་ཤེས་ཏེ་གཉིས་གཉིས་ཐབས་ཤེས་སུ་གསུངས་པའི་དོན་གྱིས་ན་སྒོམ་པའི་ཚེ་འཁོར་ལོ་རྣམས་གདུགས་གདུགས་འདེགས་ཀྱི་ཚུལ་དུ་སྒོམ་པ་ནི་མན་ངག་གི་གནད་དམ་པའོ། །འགྲེལ་པར་འདི་ནི་སོགས་གསུངས་པའི་དོན་ནི་ཐབས་ཤེས་ཀྱི་སྦྱོར་ཚུལ་འདི་ནི་ཁྱབ་བྱ་རྩ་འཁོར་ལོ་བཞི་དང་ཁམས་བཞི་ལ། ཁྱབ་བྱེད་ནམ་མཁའ་དང་ཡེ་ཤེས་ཀྱིས་ཁྱབ་པའི་ཕྱིར། ཁྱབ་བྱ་ཁྱབ་བྱེད་ཀྱི་ཐབས་ཤེས་ཡིན་ལ། ཐབས་ཤེས་ཀྱི་འགྱུར་ཚུལ་གཞན་ཡང་། ལྟེ་བ་དང་གསང་བ་ཐབས་ཤེས་སུ་སྦྱོར་བའི་ཚེ་གསང་བ་ཡེ་ཤེས་ཀྱི་ཁམས་པར་བྱེད་ན་ལྟེ་བ་རླུང་ཁམས་སུ་བྱས་པའམ། ལྟེ་བ་ས་ཁམས་སུ་བྱེད་ན་གསང་བའི་སུམ་མདོ་རླུང་དུ་བྱས་པས་ས་རླུང་ཐབས་ཤེས་སུ་འགྱུར་ལ། མགྲིན་སྙིང་ཐབས་ཤེས་སུ་སྦྱོར་བ་ན། མགྲིན་པ་མེ་དང་། སྙིང་ག་རླུང་དུ་བྱས་པས་མེ་རླུང་ཐབས་ཤེས་དང་། སྤྱི་བོ་དང་གཙུག་ཏོར་ཐབས་ཤེས་སུ་སྦྱོར་བའི་ཚེ། སྤྱི་བོ་རླུང་ཁམས་སུ་བྱས་པ་ན། གཙུག་ཏོར་ཡེ་ཤེས་སུ་འགྱུར་བས། ཡེ་རླུང་ཐབས་ཤེས་ཏེ། ཐབས་ཤེས་ཀྱི་སྦྱོར་ཚུལ་འདི་ནི། ཁྱབ་བྱེད་ནམ་ཡི་ཤེས་ཀྱིས། ཁྱབ་བྱ་འབྱུང་བ་བཞི་ལ་ཁྱབ་པས་ཁྱབ་བྱེད་དང་ཁྱབ་བྱའི་ཐབས་ཤེས་ཡིན་ལ། རྩ་བའི་འཁོར་ལོ་བཞི་ལ་ཐབས་ཤེས་ཆ་གཉིས་དང་། འཁོར་ལོ་དྲུག་ལ་གཙུག་ཏོར། སྤྱི་བོ་སྙིང་ག་རྣམས་ཕའི་རིགས་དང་མགྲིན་ལྟེ་གསང་གསུམ་མའི་རིགས་ཡིན་པས། ཆུ་རླུང་ནམ་མཁའ་ཡབ་ཀྱི་སྐུ་གསུང་ཐུགས། །ས་མེ་ཡེ་ཤེས་ཡུམ་གྱི་སྐུ་གསུང་ཐུགས། །ཤེས་བཤད་པ་ལྟར་ཁྱབ་བྱ་འབྱུང་བ་གཞི་དང་ཁྱབ་བྱེད་ནམ་ཡེ་གཉིས་ཐབས་ཤེས་སུ་སྦྱར་བའི་ཐབས་ཤེས་ཆ་གཅིག་དང་འཁོར་ལོ་བཞིའི་ཐབས་ཤེས་ཆ་གཅིག་དང་ཕ་མའི་ཐབས་ཤེས་ཆ་གཅིག་སྟེ་ཐབས་ཤེས་གསུམ་དུ་གསུངས་སོ། །མདོར་ན་ནམ་ཡེ་ཤེས་རབ་ཏུ་བྱས་ན། འབྱུང་གཞི་ཐབས་སུ་འགྱུར་ཞིང་། ནང་མཚན་དུ་ས་རླུང་དང་མེ་ཆུའི་ཐབས་ཤེས་ཀྱི་དབང་ལས། ཕན་ཚུན་དགྲ་གྲོགས་སུ་ཡང་འགྱུར་རོ། །དེ་བཞིན་དུ་བ་སྤུའི་མཐར་ཐུག་པར་ཁྱབ་པའི་རྩ་རྣམས་ཀྱང་། ཁམས་དྲུག་གིས་ནི་རིམ་པར་བསྐྱེད་པ་སྟེ། སངས་རྒྱས་པའི་ཚེ་བ་སྤུའི་བུ་ག་རྣམས་རིན་པོ་ཆེ་ཟུར་དྲུག་པའི་རྣམ་པར་སྣང་བའི་རྒྱུའི་ཁམས་སོ། །ཐབས་ཤེས་གསུམ་དུ་གསུངས་པ་དེའི་ཕྱིར་རྩ་ཐམས་ཅད་ཀྱང་གཡས་རོ་མ། གཡོན་རྐྱང་མ། དབུས་དབུ་མ་སྟེ། དེ་གསུམ་གྱི་དབྱེ་བས་སྐུ་གསུམ་ཐུགས་ཀྱི་རིགས་ཀྱི་རྩ་གསུམ་གསུམ་དུ་འགྱུར་བ་ཡིན་ནོ། །མདོར་ན་དབུ་མ་ནས་བ་སྤུའི་མཐར་ཐུག་པའི་བར་གྱི་རྩ་ཐམས་ཅད་ཁམས་དྲུག་དང་ལྔ་དང་། བཞི་དང་གསུམ་དང་གཉིས་ཀྱི་བདག་ཉིད་དུ་ཤེས་པར་བྱའོ། །དེ་སྐད་དུ་ཡང་རྒྱུད་ཀྱི་རྒྱལ་པོ་ལས། གཙུག་ཏོར་སྟོང་པའི་ཁམས་ལ་འགྱུར་ཏེ་ལྷ་དང་མི་རྣམས་ཀྱི་ནི་ཡེ་ཤེས་ཁམས་ལ་གསང་བའོ། །སྙིང་གའི་པདྨ་རླུང་གི་ཁམས་ལ་རབ་གསལ་རྩེ་མོ་ཅན་ལ་མགྲིན་པའི་འཁོར་ལོར་གསལ་བར་རོ་ཆུ་ལ་སྨིན་མའི་དབུས་ཀྱི་པདྨའོ་ནོར་གྱི་ནོར་གྱི་འདབ་ལྡན་ལྟེ་བའི་པདྨ་ས་ལའོ། །རྐང་པ་ལག་པ་ལག་པའི་ཚིགས་དྲུག་ས་དང་ཆུ་དང་སྲེག་ཟ་རླུང་རྣམས་དག་ལ་གསུམ་གྱི་གྲངས། ས་སོགས་ཁམས་ལྔ་རྣམས་ལ་རྣམ་གསུམ་ཡོན་ཏན་དབང་གིས་འབྱུང་བ་རྐང་པ་ལག་པ་དག་གིས་ནི། མཐེ་བོང་ལ་སོགས་སོར་མོ་བཅུ་ནི་གསུམ་གྱིས་བསྒྱུར་བའི་ཚིགས་ཀྱི་གཟུགས་དང་ལྡན་པ་མཐའ་དག་སྟེ། དེ་རྣམས་སེན་མོའི་མཐར་ཐུག་ཡང་དག་གཟུང་བྱ་སླར་ཡང་བསོད་ནམས་དེ་ཉིད་རབ་ཏུ་དབྱེ་བས་སོ། །གཞན་གང་སྤུ་ཡི་མཐར་ནི་ལུས་མཆོག་ལ་འགྱུར་དེ་དང་དེ་ནི་དེ་བཞིན་དུ་ཡང་ཁམས་ལའོ། །ཞེས་ཤོང་འགྱུར་དུ་འབྱུང་ཞིང་། འགྲེལ་པར་དྲངས་པ་ནི་རྩ་མིའི་འགྱུར་ཡིན་པས་ཅུང་ཟད་གྱོང་བར་སྣང་ངོ་། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་སོགས་རྐང་པ་གཉིས་ཏེ། བཤད་པ་དེ་ལྟར་ན། རྩའི་གནས་ལུགས་དང་མཚན་ཉིད་ཤེས་པ་ལ་བརྟེན་ནས་ལུས་ནི་རིལ་པོ་དང་གཅིག་མ་ཡིན་པ་སོགས་ཀྱི་གནས་ལུགས་ཤེས་པར་འགྱུར་ཞིང་། ཀུན་རྫོབ་ཏུ་ལུས་ཀྱི་མཚན་ཉིད་ཀྱང་ཤེས་པར་འགྱུར་ཏེ། རྟག་གཅིག་རང་དབང་ཅན་གྱི་བདག་ལ་སོགས་པ་བདེན་དངོས་ཀྱི་སྟོང་པ་རྩ་ཐམས་ཅད་ཀྱི་རྣམ་པར་སྣང་བ་འདི་ཉིད་དྲི་མ་དང་བཅས་པའི་སྤྲུལ་པའི་སྐུར་རྟོགས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལེའུའི་མཚན་ནི། །ཟབ་མོ་ནང་དོན་པའི་རྣམ་བཤད་སྙིང་པོ་གསལ་བར་བྱེད་པ་ཉིན་བྱེད་འོད་ཀྱི་ཕྲེང་བ་ཞེས་བྱ་བ་ལས། ལུས་ཀྱི་རྩ་བསྟན་པའི་དུམ་བུ་སྟེ། ལེའུ་གསུམ་གྱི་བཤད་པའོ།། ༈ །།དེ་ལྟར་ལེའུ་གསུམ་པས་རྩ་སྤྲུལ་པའི་སྐུའི་བདག་ཉིད་ལེགས་པར་བཤད་ནས་ད་ནི་རླུང་གི་དེ་ཁོ་ན་ཉིད་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་བཤད་པར་བྱ་སྟེ། རྩ་དེ་ཡང་རླུང་གིས་བསྒྲུབས་ཤིང་རྩའི་ནང་དུ་རླུང་རྒྱུ་བའི་ཕྱིར་དང་། རླུང་ལ་གནད་དུ་བསྣུན་པ་ལ་རླུང་གི་རྣམ་པར་གཞག་པ་རྣམས་ཕྱིན་ཅི་མ་ལོག་པར་ཤེས་དགོས་པས་རྩ་བཤད་པའི་དེ་མ་ཐག་ཏུ་རླུང་གི་དུམ་བུ་འཆད་པར་འབྲེལ་ལ། རྩ་དེ་ཉིད་རླུང་གིས་བསྒྲུབས་པའི་ཚུལ་ནི་ལེའུ་གཉིས་བར་བསྟན་ཟིན་ཅིང་དེར་རླུང་རྒྱུ་བའི་ཚུལ་ནི་བཤད་ཟིན་འཆད་པར་འགྱུར་བ་ལས་ཤེས་པར་བྱའོ། །རླུང་ལ་གནད་དུ་བསྣུན་དགོས་པར་ནི། རྡོ་རྗེ་ཕྲེང་བ་ལས། རྣལ་འབྱོར་པས་ནི་རླུང་བསྒོམས་ན། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། རྒྱུད་སྡེ་དུ་མ་ལས་འབྱུང་ཞིང་། འདི་ཉིད་དུའང་། རླུང་གི་སྦྱོར་ཤེས་ཕ་རོལ་འགྲོ་ཞེས་སོགས་གསུངས་ལ། མ་བསྣུན་པའི་ཉེས་དམིགས་ཀྱང་། རྡོ་རྗེ་ཕྲེང་བར། རླུང་གི་མཚན་ཉིད་མི་ཤེས་པས། །འཇིག་རྟེན་གསུམ་ནི་རྣམ་པར་འཁོར། ཞེས་དང་། སྡོམ་པ་འབྱུང་བ་ལས། རླུང་གི་རྣལ་འབྱོར་མི་ཤེས་དང་། །ཤེས་ཀྱང་བསྒོམ་པར་མི་བྱེད་པ། །དེ་ནི་སྡུག་བསྔལ་སྣ་ཚོགས་ཀྱིས། །ཉེར་འཚེ་འཁོར་བའི་སྲིན་བུར་འགྱུར། ཞེས་གསུངས་སོ། །དེ་ལ་རླུང་ཐམས་ཅད་ཀྱི་རྩ་བ་ནི་བརྟན་གཡོ་མཐའ་དག་ལ་ཁྱད་པར་མེད་པར་ཁྱབ་པའི་བདེ་བར་གཤེགས་པའི་སྙིང་པོ་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་ཡིད་ལ། དེ་ཡང་རྡོ་རྗེ་ཕྲེང་བ་ལས། རྣམ་རྟོག་མེད་པའི་རླུང་ཆེན་པོ། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །དངོས་པོ་ཀུན་གྱི་རང་བཞིན་བདག །སྒོམ་དང་སྒོམ་མིན་གོ་འཕང་བྲལ། །རྣལ་འབྱོར་ཆེན་པོའི་ཡེ་ཤེས་ཆེ། །གནས་པ་མེད་ཅིང་དྲི་མ་མེད། །ཕྲ་བའི་ཆ་ཀུན་དབུས་ན་གནས། །ཐིག་ལེ་ནཱ་ད་རྣམ་པར་སྤངས། །ཀུན་ལ་ཁྱབ་ཅིང་ཞི་བ་དང་། །བདག་བྱིན་བརླབ་པའི་མཚན་ཉིད་གཅིག །མཚན་གཞི་མཚན་ཉིད་རྣམས་ལས་གྲོལ། །ཞེས་གསུངས་པ་ལྟར་སྔར་བཤད་པའི་གདོད་མའི་མི་ཤིགས་པའི་ཐིག་ལེ་ཆེན་པོ་ཡོན་ཏན་ཀུན་དང་ལྡན་པ་དེ་ཉིད་ཡིན་ལ། དེ་ལ་གཡོ་བའི་ཆ་ནས་རླུང་དང་། འོད་གསལ་བའི་ཆ་ནས་སེམས་དང་རིག་ཅིང་ཁོང་དུ་ཆུད་པའི་ཆ་ནས་ཡེ་ཤེས་དང་སྣང་སྲིད་ཐམས་ཅད་ལ་ཁྱབ་པར་གདལ་བའི་ཆ་ནས་ཐིག་ལེ་དང་ངོས་བཟུང་ཐམས་ཅད་དང་བྲལ་བའི་ཆ་ནས་སྟོང་པ་ཉིད་དང་བརྗོད་པ་ཐམས་ཅད་ཀྱི་རྒྱུའི་ཆ་ནས་ཨ་ཡིག་དང་སྣང་སྲིད་མ་ལུས་པ་ལ་ཁྱབ་པའི་ཆ་ནས་ཀུན་གྱི་ཁྱབ་བདག་ཅེས་སོགས་མིང་གི་རྣམ་གྲངས་དུ་མས་བརྗོད་ཀྱང་། བརྗོད་པ་ཀུན་ལས་འདས་པ་སྟེ། སེམས་ཉིད་ངལ་སོ་ལས། གང་ཤར་ཐམས་ཅད་དེ་ཡིན་ཀྱང་། །དེ་ནི་གང་དུའང་མ་ཤར་རོ། །ཞེས་གསུངས་པ་ཇི་ལྟ་བ་བཞིན་ནོ། །དོན་འདི་ལ་དགོངས་ནས་མཁས་གྲུབ་གོང་མ་རྣམས་ཀྱིས་རླུང་སེམས་གཉིས་མེད་ཏུ་གསུངས་པ་ཡིན་ལ། འགའ་ཞིག་ཕྲ་བའི་རླུང་སེམས་གཉིས་མེད་ཞེས་སྨྲ་དགོས་ཀྱི་དམིགས་བསལ་མེད་པར་རླུང་སེམས་གཉིས་མེད་དུ་སྨྲ་བ་ནི། རྩིང་གེ་སྟེ། བེམས་ཤེས་དབྱེར་མེད་དུ་ཁས་སླངས་པར་འགྱུར་བས་སོ། །ཞེས་ཟེར་མོད། དེ་ནི་རླུང་གི་གནས་ཚུལ་ལ་ཕྱིན་ཅི་ལོག་དུ་རྟོག་པའི་རྟོག་གེ་ལ་མངོན་པར་ཞེན་པའི་རབ་རིབ་ཀྱིས་ངེས་དོན་ལ་བལྟ་བའི་མིག་ལྡོངས་པ་ལས་གྱུར་པར་ཤེས་པར་བྱ་སྟེ། གཞུང་ལས། སེམས་ཉིད་གསལ་ལ་མི་རྟོག་པ། །ངོ་བོ་ཡེ་ཤེས་རླུང་ཆེན་པོ། །ཞེས་སོགས་གསུངས་པའི་གསང་མ་རྟོགས་པ་ཡིན་ནོ། །བཤད་མ་ཐག་པའི་རླུང་གི་རང་བཞིན་རྒྱུ་བ་མེད་ཅིང་འཕོ་བ་དང་བྲལ་བ་འོད་གསལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དེ་ཡང་ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་ལས་རང་ངོ་མ་ཤེས་པས་གཡོས་ཏེ། གཟུང་འཛིན་དུ་སྣང་བ་ཅུང་ཟད་ཅུང་ཟད་ཇེ་རགས་ཇེ་རགས་སུ་གྱུར་ཏེ། ཡང་ཞིང་གཡོ་བའི་མཚན་ཉིད་ཅན་ཕྱི་ནང་དུ་རྒྱུ་བའི་རླུང་དུ་གྲུབ་པ་སྟེ། རྡོ་རྗེ་འཕྲེང་བ་ལས། ཉོན་མོངས་ཅན་ཡིད་སྲོག་རླུང་ཉིད། །སྐ་ཅིག་ལ་ཡང་ཡང་དག་འགྲོ་ཞེས་གསུངས་པ་དེ་དང་རྗེས་སུ་མཐུན་ཅིང་། སྙིང་གི་པད་སྦུབས་ནམ་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། །སྟེང་དང་འོག་ལ་རྟེན་ནས་ནི། །སྲོག་དང་ཐུར་སེལ་རླུང་ཆེན་གནས། །ཤེས་གསུངས་པ་ལྟར། གཞིའི་ཡེ་ཤེས་ལས་རླུང་རགས་པར་གྲུབ་པ་ཡིན་ནོ། །དེ་ཡང་རིམ་ལྔ་ལས། ལྔ་ཡི་བདག་ཉིད་བཅུ་མིང་ཅན། །ཞེས་འབྱུང་བ་བཞིན་དུ། རྡོ་རྗེ་འཕྲེང་བ་ལས། དེ་ལ་རླུང་གི་འོད་ཟེར་མཆོག །གསལ་བ་ཆེན་པོའི་ཁ་དོག་ལྔ། །དེ་བཞིན་གཤེགས་པ་ལྔ་རང་བཞིན། །ཕུང་པོ་ལྔ་ཡི་རང་ངོ་བོ། །དེ་ནི་ཡེ་ཤེས་ལྔ་དག་པ། །རླུང་ལྔ་རུ་ནི་རྒྱུ་བར་བྱེད། ཅེས་དང་། སྲོག་དང་ཐུར་སེལ་གྱེན་རྒྱུ་དང་། །ཁྱབ་བྱེད་དང་ནི་མཉམ་གནས་ཉིད། །རྩེ་མོ་ལྔ་ལས་རྒྱུན་དུ་ནི། །རྩ་ལྔ་ལ་ནི་ཡང་དག་བརྟེན། ཞེས་དང་། རྩ་ནི་ལྔ་ལས་རྒྱུ་བའི་རླུང་། །ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། ཞེས་གསུངས་པ་ལྟར། རྩ་བ་དང་ཡན་ལག་གི་རླུང་འབྱུང་གནས་འཇུག་པ་ལ་སོགས་པར་སྣང་བ་ནི་འཁོར་བའི་ཆོས་འཁྲུལ་བའི་རང་བཞིན་ཀུན་རྫོབ་ཏུ་རྣམ་པར་གཞག་པ་སྟེ། དེ་དག་ལེགས་པར་སྦྱངས་པ་ལས་སྐུ་དང་ཡེ་ཤེས་སོགས་སུ་རྣམ་པར་དག་པ་ནི་འབྲས་བུའི་རླུང་སེམས་གཉིས་མེད་ཡིན་པས་ཆོས་ཀྱི་དབྱིངས་ཀྱི་འགག་པ་མེད་པའི་རང་གདངས་ཉིད་ལ་ལོངས་སྤྱོད་རྫོགས་པའི་སྐུར་བཞེད་པ་ཡིན་ལ། དེའི་ཚུལ་རྣམས་གནས་ཚོད་དང་མཐུན་པར་བཤད་པར་བྱའོ། །དེ་ལ་གཉིས། ལེའུ་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། བསྟན། བཤད། སྡུ་བའོ། །དང་པོ་ནི། དེ་ནས་སོགས་རྐང་པ་ལྔ་ཏེ། བཤད་པར་བྱའོ། །གང་ན་རླུང་གི་ངོ་བོ་ལ་སོགས་པ་རྣམས་སོ། །སྐབས་གང་དུ་ན། རྩའི་ལེའུ་བཤད་པའི་རྗེས་དེ་ནས་ལེའུ་བཞི་པ་འདིར་འཆད་དོ། །ཚུལ་ཇི་ལྟར་ན། རླུང་གི་ངོ་བོ་ཡི་གེ་གང་ཡིན་པ་དང་གང་དུ་གནས་པའི་གནས་དང་རྩ་བ་དང་ཡན་ལག་གི་རླུང་གི་བྱེད་ལས་དང་། ཕྱི་ནང་དུ་རྒྱུ་བའི་ཚུལ་དང་སྟོབས་དང་སྟོབས་མེད་ཀྱི་རིམ་པ་གཟའ་རྣམས་ལ་སྦྱར་བ་དང་རླུང་གི་འཇུག་ས་དང་རླུང་བཟུང་བའི་ཐབས་དང་རླུང་གི་སྐྱོན་དང་ཡོན་ཏན་དང་འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་བསྟན་པའི་ཚུལ་གྱིས་ཏེ། དེ་དག་ཏུ་རླུང་གི་རྣམ་གཞག་ཇི་སྙེད་པ་ཐམས་ཅད་ཚང་བའི་ཕྱིར། དེ་རྣམས་རིམ་པ་བཞིན་དུ་བཤད་པར་བྱའོ། །ཞེས་ལེའུ་བཞི་པའི་བརྗོད་བྱའི་དོན་མ་ལུས་པ་བསྡོམས་ནས་སྤྱིར་བསྟན་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ། བསྐྱེད་བྱ་སྐྱེད་བྱེད་ཀྱི་ངོ་བོ། །གནས་བྱེད་ལས་དང་བཅས་པ། ཕྱི་ནང་དུ་རྒྱུ་བའི་རིམ་པ་བྱེད་ལས་དང་བཅས་པ། འཇུག་སྒོ་ཕན་ཡོན་དང་བཅས་པ། འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་བཤད་པའོ། །དང་པོ་ལ་གཉིས། བསྟན་པ་དང་བཤད་པའོ། །དང་པོ་ནི། རླུང་ནི་སོགས་རྐང་པ་གཉིས་ཏེ། འཁོར་འདས་ཐམས་ཅད་ཀྱི་གཞིར་གྱུར་པའི་རླུང་ནི་གདོད་མའི་མི་ཤིགས་པ་ཆེན་པོ་སྟེ། དེ་ཡང་རླུང་དུ་བརྗོད་པ་ན་སྲོག་ཏེ་ཨ་ཐུང་གི་རང་བཞིན་དུ་གནས་པས་བརྗོད་པ་ངག་རྣམས་ཀྱང་འདི་ལས་འབྱུང་ཞིང་། དབུགས་དང་། ཆུ་སྲང་དང་དབྱུག་གུ་དང་དུས་སྦྱོར་ལ་སོགས་པ་ཡང་འདི་ལས་འབྱུང་བ་སྟེ། དབྱངས་དང་གསལ་བྱེད་སོགས་ཡི་གེ་ཐམས་ཅད་ཀྱང་འདི་ལས་སྐྱེས་པས་ན་བརྗོད་དུ་མེད་ཀྱང་བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པ་སྟེ། མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །རྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། ཅེས་གསུངས་ཏེ། ཡི་གེའི་དབང་དུ་བྱས་ན་དབྱངས་གསལ་ཐམས་ཅད་ཀྱི་རྩ་བ་ཨ་ཡིན་པ་དང་རླུང་གི་དབང་དུ་བྱས་ན་རླུང་བཅུ་པོ་ཐམས་ཅད་ཀྱི་རྩ་བ་སྲོག་རླུང་ཨའི་རྣམ་པ་ཅན་ཡིན་པ་དང་། ཡེ་ཤེས་ཀྱི་དབང་དུ་བྱས་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དེ་ཉིད་ལ་ཨ་ཞེས་བྱ་བར་བརྗོད་པས་ན་ཆོས་ཐམས་ཅད་ཀྱི་རྩ་བའམ་གཞིར་གྱུར་པའི་རླུང་ནི་སྲོག་ཅེས་བྱ་བའི་ཨ་དེ་ཉིད་ཡིན་པས། དེ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་བ་ཡིན་ནོ། །ཞེས་བྱ་བ་ནི་གཞུང་འདིའི་དགོངས་པ་དཔྱིས་ཕྱིན་པའོ། །གཉིས་པ་ལ་གསུམ། རྩ་བའི་རླུང་ལྔའི་ངོ་བོ། ཡན་ལག་གི་རླུང་ལྔའི་ངོ་བོ། །བསྐྱེད་བྱ་སྐྱེད་བྱེད་ཀྱི་ཚུལ་ལོ། །དང་པོ་ནི་ཐོག་མར་སོགས་རྐང་པས་དམན་པའི་ཚིགས་བཅད་གཉིས་ཏེ། རྡོ་རྗེའི་ལུས་འདི་ཆགས་པའི་ཚེ་རླུང་བཅུའི་ནང་ནས་ཐོག་མར་གྲུབ་པ་སྲོག་ཆེན་པོའི་རླུང་དེ་ནི། དཀར་དམར་གྱི་དབུས་སུ་སོན་པའི་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་པ་ཡིན་ཅིང་། ཡི་གེ་ལྔ་ལས་དབྱིབས་ཨ་ཐུང་གི་རྣམ་པ་ཅན་ཁམས་ལྔ་ལས་ནམ་མཁའི་ཁམས་ཀྱི་རང་བཞིན་ཡིན་ལ། དེ་ལས་འཕྲོས་པ་ཐུར་སེལ་གྱི་རླུང་ནི་ཁམས་ལྔ་ལས་ས་ཁམས་དང་ཡི་གེ་ལྔ་ལས་ལི་ཡིག་གི་རྣམ་པ་ཅན་ཡིན་ཏེ། གྱེན་རྒྱུའི་རླུང་ནི་ཁམས་ལྔ་ལས་མེའི་ཁམས་དང་། ཡི་གེ་ལྔ་ལས་རཾ་ཡིག་གི་རྣམ་པ་ཅན་ཡིན་ནོ། །མེ་དང་མཉམ་པར་གནས་པའི་རླུང་ནི་ཁམས་ལྔ་ལས་རླུང་ཁམས་དང་ཡི་གེ་ལྔ་ལས་ཨི་ཡིག་ཅེས་བརྗོད་ལ། ཁྱབ་བྱེད་ཀྱི་རླུང་ནི་ཁམས་ལྔ་ལས་ཆུ་ཁམས་པ་སྟེ་ཡི་གེ་ལྔ་ལས་ཨུ་རུ་འགྱུར་རོ། །འདི་ནི་དུས་འཁོར་ལས། ཐུར་སེལ་ཡེ་ཤེས་ཁམས་ལ་རྣམ་གསུམ་ཞེས་སོགས་ཚིག་རྐང་གཉིས་གསུངས་པ་ལྟར་མཛད་ལ། རྡོ་རྗེ་ཕྲེང་བ་ལས། སྲོག་གི་རླུང་ནི་སྙིང་གར་གནས། །མི་སྐྱོད་བྱེ་བྲག་རིགས་ལས་སྐྱེས། །འདོམས་ན་གནས་པའི་ཐུར་སེལ་ནི། །རིན་ཆེན་འབྱུང་ལྡན་བྱེ་བྲག་སྐྱེས། །སྟེང་དུ་རྒྱུ་བ་ལྐོག་མར་གནས། །འོད་དཔག་མེད་ཀྱི་རང་བཞིན་ནོ། །མཉམ་གནས་ལྟེ་བའི་པདྨར་གནས། །དོན་ཡོད་གྲུབ་པའི་རང་བཞིན་ནོ། །ཁྱབ་བྱེད་ཡན་ལག་ཀུན་ལ་གནས། །རྣམ་པར་སྣང་མཛད་ངོ་བོའོ། །ཞེས་སྲོག་རླུང་ཆུ་ཁམས་དང་། །ཁྱབ་བྱེད་ནམ་མཁའི་ཁམས་སུ་བཤད་པ་ནི། །སྐབས་འགའ་ཞིག་ཏུ་ཁམས་ཆ་ཤས་ཆེ་ཆུང་དུ་གྱུར་བ་ལ་དགོངས་ནས་གསུངས་པ་ཡིན་གྱི་དུས་ཀྱི་འཁོར་ལོའི་དགོངས་པ་བྱང་ཆུབ་སེམས་དཔའི་འགྲེལ་པས་བཀྲལ་བ་རྣམས་དང་མི་མཐུན་པ་མ་ཡིན་ནོ། །ཞེས་རྒྱལ་བའི་དབང་པོ་གསུང་ངོ་། །ཏི་ཕུ་བས་རྡོ་རྗེའི་སྒོ་ལས། གྱེན་རྒྱུ་ཆུ་ཁམས་དང་མེ་མཉམ་མེ་ཁམས་ཁྱབ་བྱེད་རླུང་ཁམས་སུ་བཤད་པ་དང་མི་འགལ་ཏེ། དེ་ནི་ཁ་ནས་རྒྱུ་བའི་རླུང་ཆུ་ཡིན་པ་དང་མཉམ་གནས་ཀྱིས་ཕོ་བར་ཟས་སྐོམ་བསྲེག་པ་དང་ཁྱབ་བྱེད་ལུས་ཐམས་ཅད་ལ་ཁྱབ་པའི་བྱེད་ལས་ཙམ་ལ་དགོངས་ཏེ་གསུངས་པ་ཡིན་ནོ། །གཉིས་པ་ཡན་ལག་གི་རླུང་ལྔའི་ངོ་བོ་ནི། དེ་ནས་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། རྩ་བའི་རླུང་བཤད་པའི་རྗེས་དེ་ནས་ཡན་ལག་གི་རླུང་ལྔའི་ཁམས་དང་ངོ་བོ་ནི། ཀླུའི་རླུང་ནི་ས་ཁམས་ཀྱིས་བསྐྱེད་པས་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར། ནམ་མཁའི་ཡི་གེ་ཨཱ་རིང་པོའོ། །རུ་སྦལ་གྱི་རླུང་ནི་རླུང་ཁམས་ཏེ་ཡི་གེ་ཨེ་རུ་འགྱུར་ལ། རྩངས་པའི་རླུང་ནི་མེ་ཁམས་ཏེ་ཡི་གེ་ཨཱར་ཉིད་ཡིན་ཅིང་། ལྷ་སྦྱིན་གྱི་རླུང་ནི་ཆུ་ཁམས་དང་། ཡི་གེ་ཨོ་རུ་འགྱུར་ལ། ནོར་ལས་རྒྱལ་གྱི་རླུང་ནི་ས་ཁམས་དང་ཡི་གེ་ཨཱལ་གྱི་རྣམ་པ་ཅན་ཡིན་ཏེ། འདི་ཡང་དུས་འཁོར་ལས། དེ་ལ་ཀླུ་སྟེ་དེ་ནས་རུ་སྦལ་རྩངས་པ་དང་ཞེས་སོགས་རྐང་པ་གཉིས་གསུངས་པ་ཇི་ལྟ་བ་བཞིན་ཡིན་ནོ། །གསུམ་པ་བསྐྱེད་བསྡུད་ཀྱི་ཚུལ་ལ་གཉིས་ཏེ། དངོས་དང་། དེ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ལུང་དང་སྦྱར་བའོ། །དང་པོ་ནི། ཐོག་མར་སོགས་རྐང་པ་གསུམ་སྟེ། མངལ་དུ་རྡོ་རྗེའི་ལུས་ཆགས་པ་ནས་ཟླ་བ་བཅུའི་བར་ལ་རླུང་བཅུ་པོ་འཕེལ་ཞིང་བསྐྱེད་ནས་ལོ་བརྒྱའི་རིང་ལ་ནུས་པ་རྣམས་རིམ་པས་བསྡུད་པར་འགྱུར་བ་ཡིན་ལ། དེ་ཡང་མངལ་དུ་ཆགས་དུས་རླུང་རྣམས་ཀྱི་ཐོག་མར་སྲོག་རླུང་ཨའི་རྣམ་པ་ཅན་དེ་གྲུབ་ཅིང་། དེ་ནས་ཟླ་བ་གཉིས་པ་ནས་སྲོག་ལས་ཐུར་སེལ་འཕྲོས་ནས་ནི། ཞེས་སོགས་ལྟར་ཟླ་བ་རེ་རེ་ལ་རླུང་བཅུ་པོ་རིམ་གྱིས་ནུས་པའི་སྟོབས་བསྐྱེད་ནས་ད་ལྟ་ལུས་གནས་པ་དང་བསྐྱོད་པ་དང་ངག་སྨྲ་རྗོད་དང་བཤང་གཅི་འབྱིན་སྡོམ་ལ་སོགས་པའི་ལས་ཀུན་བྱེད་ལ། མཐར་བསྡུད་པ་ན་སྐྱེས་བུ་ཚེ་ལོ་བརྒྱ་བའི་དབང་དུ་བྱས་ནས་ལོ་ནི་བཅུ་བཅུ་ལ་རླུང་རེ་རེའི་ནུས་པ་སྡུད་པར་འགྱུར་ཏེ། དེ་ཡང་སྐྱེས་ནས་ལོ་བཅུ་ན་ནོར་ལས་རྒྱལ་གྱི་རླུང་གི་ནུས་པ་ལྷ་སྦྱིན་གྱི་རླུང་ལ་བསྡུས་ནས་དེ་གཉིས་པོ་སྟོབས་གཅིག་ཏུ་བྱེད། དེ་བཞིན་དུ་རླུང་བཅུའི་ནུས་པ་རིམ་གྱིས་བསྡུས་ནས་ལོ་བརྒྱ་ན་རླུང་ཐམས་ཅད་སྲོག་གི་རླུང་དང་ནུས་པ་གཅིག་ཏུ་བསྡུས་ཏེ་འཆི་བ་ལ་མངོན་དུ་ཕྱོགས་པ་ན་ཞག་གཅིག་དུ་སྲོག་ཆེན་པོའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུས་ནས་རྣམ་པར་ཤེས་པ་འཕོ་བར་འགྱུར་བ་ལ་སོགས་པའི་ཚུལ་རྣམས་རྒྱས་པར་འོག་ནས་བསྡུད་རིམ་གྱི་སྐབས་སུ་འཆད་པར་འགྱུར་ཞིང་། རྡོ་རྗེ་ཕྲེང་བ་ལས་ཀྱང་། །ཐོག་མར་ལོ་བཅུ་ལོན་པ་ནི། །རྒྱགས་པ་མྱོས་པའི་རླུང་སྐྱེས་ནས། །གཞུ་ལས་རྒྱལ་བའི་རླུང་ཟོས་ཏེ། །རིམ་གྱིས་སྒྲ་གཅན་ཟླ་བ་བཞིན། །དེ་རྗེས་ལོ་བཅུར་ཕྱིན་པ་ན། །རྒྱགས་ཆུ་རླུང་ནི་ཡང་དག་སྐྱེ། །ལྷ་སྦྱིན་ཞེས་བྱའི་རླུང་ནི་ཟ། །རླུང་གི་རིམ་པ་ལྔ་པ་བཞིན། །གཞན་ཡང་ལོ་བཅུར་ཕྱིན་པ་ན། །རྒྱགས་པའི་ཆུ་རླུང་སྐྱེ་བར་འགྱུར། །རྩངས་པ་ཞེས་བྱའི་རླུང་ནི་ཟ། །དེ་ནས་གཞན་ཡང་ལོ་བཅུར་ཕྱིན། །ལོ་ལས་སྐྱེས་པའི་རིམ་པ་ཡིས། །བཏང་གཟུང་རླུང་ནི་ཆེན་པོ་ཡིས། །རུ་སྦལ་རླུང་ནི་ཟ་བར་བྱེད། །ཀླུ་ཡི་རླུང་དང་བཏང་གཟུང་རླུང་། །སྟོབས་དང་གཟི་བརྗིད་མཚུངས་པའི་ཕྱིར། །དུས་གཞན་ལོ་བཅུར་ཕྱིན་པ་ན། །གནོད་པར་བྱེད་པར་མི་ནུས་ཏེ། །སྟོབས་དང་ནུས་པ་མཚུངས་པའི་ཕྱིར། །གང་གིས་གང་ལའང་གནོད་པ་ནི། །བྱེད་པ་ཉིད་དུ་མི་ནུས་སོ། །བཅུ་པ་གཞན་དུ་ཕྱིན་པ་ཡི། །ལོ་ལ་བཏང་གཟུང་སྟོབས་ཆེན་ཐོབ། །ཀླུ་ཡི་རླུང་ནི་རིམ་གྱིས་ཟ། །དེ་ནས་བཅུ་པ་གཞན་ཕྱིན་ན། །ཁྲག་དང་ཤ་ནི་རྣམ་པར་འཕེལ། །རྒྱགས་ཤིང་མྱོས་པའི་རིམ་པ་ཡིས། །བཏང་གཟུང་རླུང་ནི་ཟ་བར་བྱེད། །སྟོབས་ལྡན་ལོ་བཅུར་ཕྱིན་པ་ན། །མྱོས་པ་བཅུ་རླུང་ཀུན་ནས་ནི། །ཚིལ་དང་ཁུ་ཆུ་རྣམ་པར་འཕེལ། །དེ་ཡིས་བཏང་གཟུང་རླུང་ཟ་བྱེད། །ཁྲུང་ཁྲུང་གི་ནི་སྒྲ་ཡང་སྒྲོག །དེ་ནས་བཅུ་པ་གཞན་ཕྱིན་པའི། །ལོ་ལ་བཏང་གཟུང་རླུང་སྟོབས་བསྐྱེད། །མྱོས་པའི་དུས་རླུང་ཟ་བར་བྱེད། །མེ་དང་རླུང་ནི་འཕེལ་བར་བྱེད། །མྱོས་པའི་དུས་རླུང་ཟ་བར་བྱེད། །བཏང་བཟུང་རླུང་ཉིད་རྣམ་འགྱུར་ནས། །ལོངས་སྤྱོད་ཆེན་པོ་འཕེལ་འགྱུར་ནས། །དེ་ནས་ལོ་བཅུ་གཞན་ལོན་ནས། །རང་གི་ལུས་རྒྱས་ལྕི་བར་འགྱུར། །ཆུ་དང་མེ་ནི་འདྲེས་པ་ན། །ལྡོག་པའི་རིམ་གྱིས་འགྲིབ་པར་འགྱུར། །དེ་ནས་བརྒྱ་བཅུ་གཞན་དུ་ཕྱིན། །ཆུ་ཤིང་འབྲས་བུ་བཞིན་དུ་ནི། །རྩ་བ་དང་བཅས་མེད་པར་འགྱུར། །ལས་ཀྱི་རྣམ་སྨིན་ཟད་པ་ཡིས། །དེ་ལྟར་རིམ་པ་བཅུ་པ་ཡི། །ཟླ་བ་དང་ནི་ཉིན་ཞག་གཞན། །ཚེ་ནི་མྱུར་དུ་བྱས་ནས་འཆི། །སྲོག་ཟད་པར་ནི་ཤེས་པར་བྱ། །ཞེས་ཀྱང་གསུངས་སོ། །གཉིས་པ་ནི། འདི་ནི་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། རླུང་བསྐྱེད་བསྡུད་ཀྱི་ཚུལ་འདི་ནི་ཕུང་པོ་ལྔ་དང་རླུང་སྦྱར་ནས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། ཡང་དག་པའི་མཐའ་ཟབ་པ། འགག་པ་མེད་པ། སྐྱེ་བ་མེད་པ། དེའི་རྐྱེན་གྱིས་མ་རིག་པ་སྟེ། །མ་རིག་པ་ཞེས་བྱ་བ་དང་། །སྣང་བ་ཉེ་བར་ཐོབ་པ་དང་། །སྟོང་པ་ཆེན་པོ་ཡང་ཟབ་པ་སྟེ། འོན་ཀྱང་སྣང་བ་དང་བཅས་པར་བརྗོད་པར་བྱའོ། །མ་རིག་པའི་རྐྱེན་གྱིས་སེམས་ལས་བྱུང་བ་སྟེ། །དེ་ནི་སྣང་བ་མཆེད་པ་དང་། །ཤིན་ཏུ་སྟོང་པ་ཞེས་གསུངས་སོ། །སེམས་ལས་བྱུང་བའི་རྐྱེན་གྱིས་སེམས་ཏེ། །དེ་ནི་སྣང་བ་དང་སྟོང་པའོ། །སེམས་དང་སེམས་ལས་བྱུང་བ་དང་མ་རིག་པའི་བདག་ཉིད་བདག་མེད་པའོ། །གསུམ་པོ་དེ་འོད་གསལ་བ་ལས་བྱུང་བས་རྡོ་རྗེའི་ངོ་བོ་ཞེས་གསུངས་པའི་དོན་ནི་འདི་ཡིན་ཏེ། །སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ནི་ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་ཡང་སྟོང་པ་ཆེན་པོ་ཞེས་བྱ་བ་ཡིན་ནོ། །དེ་ལས་མུན་པའི་སྣང་བ་ཞེས་པ་ཀུན་གཞིའི་རྣམ་ཤེས་ཉོན་ཡིད་དང་བཅས་པ་ནི་ནམ་མཁའི་རླུང་དང་། མུན་པའི་སྣང་བ་དེ་ལས་མཆེད་པ་ཉོན་མོངས་པ་ཅན་གྱི་ཡིད་འདུ་བྱེད་པ་དང་བཅས་ཏེ་ལངས་པ་ནི་གཡོ་བའི་མཚན་ཉིད་ཡིན་པས་རླུང་གི་རླུང་དང་། མཆེད་པ་དེ་ལས་ཉེར་ཐོབ་ཚོགས་དྲུག་འཁོར་བཅས་འབྱུང་བས་ཚོར་བ་ནི་རྒྱུད་བསྲེག་པར་བྱེད་པས་མེའི་རླུང་དང་། འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་ཅིང་བསྡུད་པར་བྱེད་པས་ཆུའི་རླུང་དང་། གཟུགས་ནི་སྲ་བ་དང་བརྟན་པ་ལ་སོགས་པ་ཡིན་པས་སའི་རླུང་སྟེ། དེ་ལྟར་ན་ཁམས་ལྔ་དང་ཕུང་པོ་ལྔ་པོ་རིམ་པས་ཕུང་པོ་ལྔ་བསྐྱེད་བྱ་དང་ཁམས་ལྔ་སྐྱེད་བྱེད་དུ་གསུངས་སོ། །འདིར་རྒྱལ་བའི་དབང་པོའི་ཞལ་སྔ་ནས། གཞིའི་འོད་གསལ་ལས་སྣང་མཆེད་ཐོབ་གསུམ་རིམ་པར་ལངས་པའི་ཚུལ་འདི་ཉིད་རྟོགས་པར་སླ་བའི་ཕྱིར་གཉིད་ཀྱི་འོད་གསལ་དང་སྦྱར་ནས་འདི་སྐད་གསུང་སྟེ། གཉིད་མཐུག་གི་དུས་སུ་ཤེས་པ་ཐམས་ཅད་ཀུན་གཞི་ལ་བསྡུས་ཏེ་སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་ངང་མི་གཡོ་བ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ལས་རྟོག་པའི་དྲི་མ་ཅུང་ཟད་ཀྱང་མི་གསལ་བས་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་ལ་ཡེ་ཤེས་ཀྱི་རླུང་ཞེས་བྱ་སྟེ། གཡོ་བའི་རླུང་གི་ངོ་བོར་མེད་ཀྱང་ནང་གི་བརྟན་པའི་རླུང་གི་ཁམས་ལ་དེ་སྐད་བརྗོད་པ་ཡིན་ལ། དེ་ནི་སྟོང་པ་ཆེན་པོ་རྗེས་སུ་མཐུན་པའོ། །འོད་གསལ་གྱི་ངང་དེ་ལས་མུན་པའི་སྣང་བ་འབྱུང་སྟེ། འོད་གསལ་གྱི་གནས་སྐབས་དེ་ཉིད་ཅུང་ཟད་རགས་སུ་སོང་ནས་གཉིད་སྲབ་མོའི་དུས་སུ་ཀུན་གཞི་ཉོན་མོངས་པ་ཅན་གྱི་ཡིད་དང་བཅས་པ་གཡོས་ནས་རང་ངོ་མ་ཤེས་པ་ནི། ནམ་མཁའི་རླུང་གི་ངོ་བོ་ཉིད་དུ་འབྱུང་ངོ་། །སྣང་བ་དེ་ལས་མཆེད་པ་འབྱུང་སྟེ། མུན་པའི་སྣང་བ་དེ་ཉིད་ཇེ་རགས་སུ་སོང་ནས་ཀུན་གཞི་ལས་ཡིད་འདུ་བྱེད་དང་བཅས་ཏེ་ལངས་པ་རྨི་ལམ་གྱི་དུས་སུ་འདུ་བྱེད་ནི་གཡོ་བའི་མཚན་ཉིད་འཛིན་པས་རླུང་གི་རླུང་ཉིད་དུ་འབྱུང་ངོ་། །མཆེད་པ་དེ་ལས་ཉེར་ཐོབ་འབྱུང་སྟེ། འདུ་བྱེད་དེ་ཉིད་ཇེ་རགས་སུ་སོང་ནས་གཉིད་སད་པའི་དུས་སུ་ཚོར་འདུ་སོགས་མེ་ཆུ་ས་གསུམ་གྱི་མཚན་ཉིད་འཛིན་པའི་ཤེས་པ་རྣམས་ནི་སོ་སོར་དེ་དང་དེའི་རླུང་གི་ངོ་བོ་ཉིད་དུ་འབྱུང་སྟེ། མདོར་ན། སྣང་མཆེད་ཐོབ་གསུམ་གྱི་རིམ་པས་རླུང་དེ་རྣམས་ཀྱང་གཅིག་ལས་གཅིག་འབྱུང་བས་སམ། རླུང་དེ་རྣམས་ལ་ཕུང་པོ་ལྔ་སོ་སོར་སྣང་བས་བསྐྱེད་བྱ་སྐྱེད་བྱེད་ཞེས་བྱའོ། །དེ་ལྟར་ལམ་གྱི་འོད་གསལ་ལས་ལྡང་བའི་རིམ་པ་འདི་ཉིད་ལ་གནད་དུ་བསྣུན་ནས་ངོ་འཕྲོད་ན། གཞིའི་འོད་གསལ་ལས་ལྡང་བའི་ཚུལ་ཀྱང་མངོན་སུམ་གྱི་སྤྱོད་ཡུལ་དུ་འགྱུར་ཏེ། ཆོས་ཉིད་དེ་བཞིན་ཉིད་ལས་འཁོར་བར་འཁྲུལ་བའི་ཚུལ་ནི་དེ་འདྲའོ། །ཞེས་གསུང་པ་ནི་ངོ་སྤྲོད་ཀྱི་གནད་ལ་མངའ་བརྙེས་པའི་ལེགས་བཤད་དོ། །གཉིས་པ་གནས་བྱེད་ལས་དང་བཅས་པ་བཤད་པ་ལ། བསྟན། བཤད། བསྡུ་གསུམ་ལས། དང་པོ་ནི། དེ་ལྟར་ཟླ་བ་བཅུར་བསྐྱེད་ནས་ད་ལྟ་ལུས་ཀྱི་སྟོད་སྨད་ཅི་རིགས་པར་གནས་ཤིང་བྱེད་ལས་མ་ལུས་པ་བྱེད་པའི་ཚུལ་རྒྱས་པར་འོག་ནས་འཆད་དོ། །ཞེས་རྐང་པ་གཅིག་གསུངས་སོ། །གཉིས་པ་རྒྱས་བཤད་ལ་གཉིས། རྩ་བའི་རླུང་ལྔའི་གནས་བྱེད་ལས་དང་བཅས་པ་དང་། ཡན་ལག་གི་རླུང་ལྔའི་གནས་བྱེད་ལས་དང་བཅས་པའོ། །དང་པོ་ལ་ལྔ། སྲོག་རླུང་གི། ཐུར་སེལ་གྱི། མེ་མཉམ་གྱི། གྱེན་རྒྱུའི། ཁྱབ་བྱེད་ཀྱི་རླུང་གི་གནས་བྱེད་ལས་དང་བཅས་པའོ། །དང་པོ་ནི། སྤྱིར་ནི་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་སྟེ། རླུང་བཅུ་པོ་ཐམས་ཅད་ཀྱི་རྩ་བ་སྲོག་ཆེན་པོའི་རླུང་དེ་ནི། སྤྱིར་བསྟན་ཙམ་དུ་ནི་བ་སྤུའི་མཐར་ཐུག་པའི་ལུས་ཀྱི་སྟོང་སྨད་རྣམས་ཀུན་ལ་ཁྱབ་པར་གནས་ཀྱང་། གཙོ་བོར་ནི་ལུས་ཀྱི་དབུས་སུ་རྩ་དབུ་མ་ལ་གནས་ཤིང་ཀུན་གཞི་དང་རྟེན་བརྟེན་པར་འབྲེལ་བར་བྱེད་ལ། རྒྱུ་བའི་ཚུལ་ནི་ཆ་ཤས་དུས་སྦྱོར་གྱི་རླུང་ལ་འདྲེས་པའི་ཚུལ་དུ་རྒྱུ་ཞིང་། གཙོ་བོར་ནི་འཆི་བའི་ཚེ་རྒྱུ་ཏེ། འདུས་པ་ལས། ནམ་མཁའི་མགོན་པོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་ཞེས་བྱ་བའི་རླུང་དེ་ནི་འཆི་བའི་ཚེ་ན་དབུ་མ་ནས་ཕྱི་རོལ་དུ་ཡང་དག་པར་རྒྱུའོ། །ཞེས་གསུངས་པ་ལྟར། དུས་འཁོར་ལས་ཀྱང་། འཆི་བའི་ཚེ་ཞག་གཅིག་དུ་མུན་པ་ཆེན་པོའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་རྒྱ་རྒྱུ་སྟེ་དེ་ནས་རྣམ་པར་ཤེས་པ་གཞན་དུ་འཕོ་ཞེས་གསུངས་པས་སོ། །རྒྱལ་བའི་དབང་པོའི་ཞལ་སྔ་ནས། འདིར་བཤད་པའི་ནམ་མཁའི་མགོན་པོ་ནི་འཆད་པར་འགྱུར་བའི་རྣམ་སྣང་མགོན་པོ་དང་དོན་གཅིག་པས་དུས་འཁོར་དང་མཐུན་པར། སྲོག་རླུང་ནམ་མཁའི་ཁམས་སུ་བཤད་པ་ལྟར་འབྲུ་གཉེར་དུ་རུང་བར་སྣང་ནའང་འདུས་པའི་རང་སྐད་ལ་སྲོག་རླུང་ཆུ་ཁམས་དང་། ཁྱབ་བྱེད་ནམ་མཁའི་ཁམས་སུ་མཛད་པས་ནམ་མཁའི་མགོན་པོ་དང་ནམ་མཁའི་རླུང་ཐ་དད་པར་བཤད་ན་འཆད་བདེ་ཞིང་། སྲོག་རླུང་ཟད་པས་འཆི་བར་འགྱུར་གྱི་ཁྱབ་བྱེད་ཀྱི་རླུང་ཟད་པ་ཙམ་གྱིས་འཆི་བར་མི་བྱེད་པས་འཆི་བའི་ཚེ་ནམ་མཁའི་མགོན་པོ་རྒྱུ་བར་འཆད་དགོས་ལ། སྲོག་རླུང་ལ་ནམ་མཁའི་མགོན་པོར་གསུངས་པ་ནི་རྩ་བའི་རླུང་ལྔ་དང་འབྱུང་བ་ལྔ་དང་ཁམས་ལྔ་དང་ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ་དང་རིགས་ལྔ་དང་ཡེ་ཤེས་ལྔ་ལ་སོགས་པའི་སྦྱར་བཤད་དང་འབྱུང་ཆེན་གྱི་དཀྱིལ་འཁོར་གྱི་དབང་དུ་བྱས་པ་སྟེ། རྒྱས་པར་ཁམས་ཀུན་ལས་ནི་ཡང་དག་འབྱུང་། ཞེས་སོགས་སུ་འཆད་པར་འགྱུར་ལ། ཁ་ཅིག་འདུས་པའི་བཞེད་པས། ནམ་མཁའི་རླུང་རྒྱུ་བའི་དུས་འཆི་ཁ་ཁོ་ནར་འདོད་པ་ནི་གཞུང་འདི་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་དབང་གིས་ཡིན་ནོ་ཞེས་གསུང་ངོ་། །ད་ལྟ་ལུས་འཚོ་བའི་སྐབས་སུ་ནི་རླུང་འདིའི་བྱེད་ལས་བདག་ཏུ་འཛིན་པ་དང་རྣམ་པར་རྟོག་པའི་དྲན་པ་ཐམས་ཅད་བསྐྱེད་པར་བྱེད་དེ་རླུང་འདི་ཉིད་ཉོན་མོངས་པ་ཅན་གྱི་ཡིད་ལ་བརྗོད་པའི་ཕྱིར། གལ་ཏེ་རླུང་འདི་དབུ་མ་ལས་གནས་གཞན་དུ་ལོག་ན་ནི་རྒྱལ་བ་དང་སྨྱོ་བ་དང་འཆི་བ་བསྐྱེད་པར་བྱེད་དོ། །ལས་ཀྱི་རླུང་འདི་དང་ཡེ་ཤེས་ཀྱི་རླུང་གསལ་ལ་མི་རྟོག་པ་འདྲེས་པའི་ཚུལ་དུ་གནས་ལ། རླུང་འདིའི་ཁ་དོག་ནི་ཁ་དོག་མེད་པའི་ཁ་དོག་ཅན་ནམ་མཁའ་ལྟ་བུར་རྒྱུད་འགྲེལ་ལས་བཤད་དོ། །འདི་ནི་དུས་ཀྱི་འཁོར་ལོའི་བཞེད་པ་ལྟར་གསུངས་ཀྱི། རྡོ་རྗེ་ཕྲེང་བ་ལས་ནི། དབང་པོའི་སྒོ་ནས་རྒྱུན་དུ་འགྲོ་ལ། སེམས་ཀྱི་རྩོལ་བ་རིང་དུ་བྱེད་ཅིང་རྒྱས་པར་བྱེད་པས་སྲོག་གི་རྩོལ་བ་སྟེ་དབུགས་འབྱུང་འཇུག་སོགས་བྱེད་པར་བཤད་དེ། དབང་པོའི་སྒོ་ཡི་རྒྱུན་ལས་ནི། །སྲོག་དང་རྩོལ་བ་རྒྱུན་འདི་དང་། དུས་ཀུན་དུ་ནི་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པར་བཤད། །ཅེས་གསུངས་པས་སོ། །གཉིས་པ་ནི། ཐུར་སེལ་སོགས་ཚིགས་བཅད་གཅིག་སྟེ། ཐུར་སེལ་གྱི་རླུང་ནི་ལྟེ་བའི་འོག་ཏུ་རྩ་གསུམ་འདུས་མདོ་ནས་འོག་ཏུ་འགྲོ་ཞིང་གཙོ་བོར་དུང་ཅན་མའི་ནང་དུ་གནས་ལ་ངོ་བོ་ནི་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་ཁམས་པ་ཡིན་ནོ། །བྱེད་ལས་ནི་བཤང་གཅི་ཁུ་ཁྲག་སོགས་དྭངས་སྙིགས་ཀྱི་འབྱིན་སྡོམ་བྱེད་ཅིང་གལ་ཏེ་གནས་གཞན་དུ་ལོག་ན་དྲི་ཆུ་འགགས་པ་སོགས་སྨད་ཀྱི་ནད་ཕལ་ཆེ་བ་བསྐྱེད་པར་བྱེད་དོ། །ཕྲེང་བ་ལས་ཀྱང་། སྲོག་དང་རླུང་དང་ཕྱི་ས་དང་། །དེ་བཞིན་དུ་ནི་ཁུ་བ་སོགས། །འོག་འདྲེན་འདི་ནི་ཐུར་སེལ་རླུང་། །རྟག་ཏུ་རྣལ་འབྱོར་པས་ཤེས་བྱ། །ཞེས་གསུངས་སོ། །གསུམ་པ་ནི། མེ་མཉམ་སོགས་ཚིགས་བཅད་གཅིག་སྟེ། འདིར་ཧོར་པར་ལ་སོགས་པའི་གཞུང་མ་དག་པ་ཕལ་ཆེ་བར། གྱེན་རྒྱུ་མདུན་ཕྱོགས་རྩ་ལས་བྱུང་། །ཞེས་པ་དང་། མེ་མཉམ་མེ་མཚམས་རྩ་ལས་བྱུང་། །ཞེས་སོགས་བྲིས་ནས་འགྲེལ་ཚིག་ཀྱང་དེ་དང་མཐུན་པར་མ་དག་པ་ཉིད་དུ་བྲིས་སྣང་བ་ལ། མཁས་པ་རྣམས་ཀྱང་མགོ་རྨོངས་ཏེ་རྟོག་དཔྱོད་དང་ཚམ་ཚོམ་མེད་པར་གཞུང་ཚིག་ཀླག་པ་ཙམ་ལ་གཙོ་བོར་བྱེད་པ་ནི་མ་རྟགས་པ་སྟེ། བདག་གི་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། འདིའི་ཐད་ཀྱི་རྩ་འགྲེལ་གཉིས་ཀ་ཡི་གེ་ཉམས་པའི་བྲིས་ནོར་དུ་བཞེད་དོ། །དེ་ཡང་འཆད་ཚུལ་འདི་གང་ལ་བརྟེན་པའི་ཁུངས་ནི་རང་འགྲེལ་དུ་པདྨ་དཀར་པོའི་འགྲེལ་ཚིག་དྲངས་ཤིང་། འགྲེལ་ཆེན་དེར་ནི། མཉམ་པ་ཤར་གྱི་འདབ་མ་ལ་སྣར་མའི་རྩ་ལ་ལྷག་པའི་ལྷའོ། །གྱེན་རྒྱུ་མེའི་འདབ་མ་ལ་གླང་པོ་ཆེའི་ལྕེའི་རྩའོ། །ཞེས་གསུངས་པ་དང་། རྗེ་ཉིད་ཀྱིས་ལྷན་ཅིག་སྐྱེས་པ་དེ་ཁོ་ན་ཉིད་ཀྱི་སྣང་བར་ཡང་། མཉམ་གནས་ཤར་དུ་རྒྱུ་བས་མེ་མཉམ་ཡིན། །ཞེས་དང་། མེ་མཚམས་ནས་ནི་གྱེན་རྒྱུ་མགྲིན་པར་རོ། །ཞེས་སོགས་གསུངས་པས། མེ་མཉམ་མདུན་ཕྱོགས་རྩ་ལས་བྱུང་། །ཞེས་པ་དང་། གྱེན་རྒྱུ་མེ་མཚམས་རྩ་ལས་བྱུང་། ཞེས་རྣམ་པར་དག་པ་ཉིད་དུ་སྟོན་ནས་བཤད་པར་བྱའོ། །ཞེས་གསུངས་ངོ་། །དེས་ན་མེ་དང་མཉམ་པར་གནས་པའི་རླུང་ནི་སྙིང་གའི་མདུན་ཕྱོགས་ཀྱི་རྩ་སྣར་མ་ལས་བྱུང་ནས་རྩའི་རྩེ་མོ་ཅིག་ཕོ་བར་ཟུག་པ་ལ་བརྟེན་ཏེ་བྱེད་ལས་ནི་ཟས་སྐོམ་བཞུ་བ་དང་དྭངས་སྙིགས་འབྱེད་པ་དང་དྭངས་མ་རྣམས་ལུས་ཀྱི་རྩ་གནས་ཀུན་དུ་ཁྱེར་ནས་ལུས་གསོས་ཏེ་ལུས་ཀྱི་སྟོབས་བསྐྱེད་ལ་སྙིགས་མ་འདོར་བར་བྱེད་དོ། །གལ་ཏེ་གནས་གཞན་དུ་ལོག་པར་གྱུར་ན་ཁོང་པ་སྦོས་པ་དང་འཁྲོག་པ་དང་འཁྲུ་བ་ལ་སོགས་པའི་སྒོ་ནས་མ་རུངས་པར་བྱེད་དོ། །ཕྲེང་བ་ལས་ནི། རྒོད་དང་ཟ་དང་འདག་པ་དང་། །ཀུན་དུ་འཐུང་དང་འཇིབ་པ་དང་། །གང་ཞིག་རྟག་དུ་མཉམ་གནས་པ། །མཉམ་དུ་གནས་པ་ཞེས་བྱར་བརྗོད། །ཅེས་གསུངས་སོ། །བཞི་པ་ནི། གྱེན་རྒྱུ་སོགས་ཚིགས་བཅད་གཅིག་སྟེ། གྱེན་རྒྱུའི་རླུང་ནི་སྙིང་གའི་མེ་མཚམས་ཏེ་ནུ་མ་གཡས་པའི་ཐད་ཀྱི་རྩ་འདབ་གླང་ཆེན་ལྕེ་ལས་བྱུང་ཞིང་མགྲིན་པའི་གནས་སུ་བྱེད་ལས་ཀུན་བྱེད་ལ། བྱེད་ལས་ཀྱི་གཙོ་བོ་ནི་དང་སྨྲ་བ་དང་ངག་གི་གླུ་དང་ངག་གི་ཟློས་གར་ལ་སོགས་པ་རྣམས་ཡིན་ཞིང་། རླུང་དེ་གནས་གཞན་དུ་ལོག་ན་མགོ་འཁོར་བ་ལ་སོགས་པ་རོ་སྟོད་ཀྱི་ནད་ཕལ་ཆེ་བ་བསྐྱེད་དོ། །ཞེས་འཆད་དགོས་ལ། ལུས་ཀྱི་གར་ལ་སོགས་པ་ནི་ཁྱབ་བྱེད་ཀྱི་བྱེད་ལས་ཡིན་པས། འདིར་ཡང་། ལུས་ངག་གླུ་གར་སོགས་རྣམས་ཡིན། །ཞེས་མ་དག་པ་མི་འདོན་པར། ལས་ངག་གླུ་གར་སོགས་རྣམས་ཡིན། ཞེས་རྣམ་པར་དག་པ་ཉིད་དུ་ཐོན་ཞིག་ཅེས་རྒྱལ་བའི་དབང་པོ་གསུང་ནའང་། རྒྱུད་ཀྱི་རྒྱལ་པོ་ལས། ལུས་ལ་གྱེན་རྒྱུས་གཡོ་བར་བྱེད་དེ་ཁ་དང་ལག་པ་རྐང་པ་རྣམས་ཀྱིས་གླུ་དང་ཟློས་གར་བྱེད། ཅེས་དང་། དེའི་འགྲེལ་པར། ལག་པ་རྐང་པ་རྣམས་ཀྱིས་ཟློས་གར་དང་འགྲོ་བ་ལ་སོགས་པ་བྱེད་དོ། །ཞེས་གསུངས་པས། ལུས་ངག་གླུ་གར་ཞེས་པ་དང་དགོངས་པ་མཐུན་ནམ་བསམ་མོ། །རྡོ་རྗེ་ཕྲེང་བ་ལས། འདིའི་བྱེད་ལས། དབུགས་ཁ་སྣ་སོགས་ནས་ཕྱིར་འགྲོ་བ་དང་ནང་དུ་བསྡུད་ཅིང་ཟས་སྐོམ་ཟ་རླུང་བཅུ་པོ་ཐམས་ཅད་འབབ་པར་བྱེད་པར་བཤད་དེ། གྱེན་དུ་འགྲོ་ཞིང་བསྡུད་པ་དང་། །བཟའ་དང་མྱང་བ་ལ་སོགས་པ། །ཤེས་ནས་ལྷན་ཅིག་སྦྱོར་བ་དག །གྱེན་རྒྱུའི་ལས་སུ་ཤེས་པར་བྱ། ཞེས་གསུངས་པས་སོ། །ལྔ་པ་ནི། ཁྱབ་བྱེད་སོགས་ཚིགས་བཅད་གཅིག་སྟེ། ཁྱབ་བྱེད་ཀྱི་རླུང་ནི་སྙིང་གའི་གཡས་ཕྱོགས་ཀྱི་རྩའི་འདབ་མ་རོ་མ་དང་འབྲེལ་བ་རྩ་སེར་སྐྱའི་ནང་ནས་རྒྱུ་ཞིང་ལུས་ཀྱི་ཚིགས་ཀུན་ལ་ཁྱབ་པར་གནས་ལ་བྱེད་ལས་ནི་ལུས་ཀྱི་སྟོབས་བརྐྱང་བསྐུམ་དང་འདེགས་འཇོག་ལ་སོགས་པ་མཐུ་ལྡན་དུ་བྱེད་ཅིང་དེ་གནས་གཞན་དུ་ལོག་པས་ཡན་ལག་ཞ་བ་དང་རེངས་པ་དང་གུམ་པ་ལ་སོགས་པའི་ནད་ཀུན་བསྐྱེད་བར་བྱེད་དོ། །འདི་ཡང་རྡོ་རྗེ་ཕྲེང་བ་ལས། ཁྱབ་དང་འཛིན་པ་ཉིད་དང་ནི། །དེ་བཞིན་འགྲོ་དང་ལྡོག་པ་སོགས། །ཚིགས་ཀུན་དུ་ནི་ཁྱབ་པའི་ཕྱིར། །ཁྱབ་བྱེད་ཅེས་ནི་བྱ་བར་བཤད། །ཅེས་གསུངས་སོ། །བཤད་ཟིན་པའི་རླུང་ལྔ་པོ་འདི་ལ། དུས་འཁོར་དང་མཐུན་པར་རྡོ་རྗེའི་སྒོ་ལས་ཀྱང་། སྲོག་འཛིན་རླུང་ནི་སྙིང་ལ་གནས། །ལས་ནི་བདག་འཛིན་དྲན་པ་བསྐྱེད། །ལོག་ན་འདར་དང་སྨྱོ་སོགས་འབྱུང་། །མེ་དང་མཉམ་པ་ཕོ་བར་གནས། །ཁ་ཟས་འཇུ་ཞིང་དྭངས་སྙིགས་འབྱེད། །ལོག་ན་སྤོ་ཞིང་འཁྲོག་དང་འཁྲུ། །ཐུར་དུ་སེལ་བ་གསང་བར་གནས། །སྒོ་གཉིས་སྡོམ་དང་འཕེན་པར་བྱེད། །ལོག་ན་དྲི་ཆུ་སྡོམ་དང་འཆོར། །གྱེན་དུ་རྒྱུ་བ་མགྲིན་པར་གནས། །སྨྲ་རྗོད་ལས་ཀུན་བྱེད་པར་འགྱུར། །ལོག་ན་མགྲིན་པ་སྐྲངས་སོགས་འབྱུང་། །ཁྱབ་བྱེད་ལུས་ཀྱི་ཚིགས་ལ་གནས། །ལས་ནི་ཡན་ལག་བསྒུལ་བསྐྱོད་བྱེད། །ལོག་ན་ཚིགས་བཞི་ན་བར་འགྱུར། །ཞེས་འབྱུང་ངོ་། །གཉིས་པ་ཡན་ལག་གི་རླུང་ལྔའི་གནས་བྱེད་ལས་དང་བཅས་པ་ནི། །བདེན་བྲལ་སོགས་ཚིགས་བཅད་གཉིས་རྐང་པ་དང་བཅས་པས། དུས་འཁོར་ཇི་ལྟ་བ་བཞིན་གསུངས་ལ། འདུས་པ་ལས་ཀྱང་། ཀླུ་ལ་སོགས་པའི་མིང་གིས་གསུངས་སོ། །རྒྱུད་གཞན་ལས་ནི། རྒྱུ་བ་དང་རབ་ཏུ་རྒྱུ་བ་སོགས་སུ་གསུངས་པ་དང་མིང་མཐུན་པར་རྡོ་རྗེའི་སྒོ་ལས། རྒྱུ་བས་མིག་གིས་གཟུགས་མཐོང་བྱེད། རབ་ཏུ་རྒྱུ་བ་སྣ་བས་སྒྲ། ཤིན་ཏུ་རྒྱུ་བ་སྣ་ཡིས་དྲི། །མངོན་པར་རྒྱུ་བ་ལྕེ་ཡིས་རོ། །ཡང་དག་རྒྱུ་བ་པགས་པ་ཡིས། །རེག་བྱ་ཉམས་སུ་མྱོང་བར་བྱེད། །འདི་རྣམས་གནས་སུ་ལོག་གྱུར་ན། །ཡུལ་ལྔའི་སྣང་བ་སྣ་ཚོགས་འབྱུང་། །ཞེས་རང་བཞིན་པ་དང་ལོག་པའི་བྱེད་ལས་གཉིས་གཉིས་གསུངས་པའི་ཞར་ལས་སོ་སོའི་གནས་ཀྱང་ཤེས་པར་ནུས་སོ། །ཚིག་དོན་ནི། ཀླུའི་རླུང་ལ་སོགས་པ་ཡན་ལག་གི་རླུང་ལྔ་དང་དེའི་གནས་རྩ་འདབ་རིམ་པ་ལྟར་སྦྱར་ན་ཀླུའི་རླུང་དེ་ནི་སྙིང་གའི་བདེན་བྲལ་གྱི་ཕྱོགས་ཏེ་སོགས་པ་གཡས་པའི་ཐད་ཀྱི་རྩ་འདབ་རྒྱལ་ཞེས་པ་ལ་རྒྱུས་ནས་རྩའི་རྩེ་མོ་གཅིག་མིག་ལ་ཟུག་སྟེ་བྱེད་ལས་གཟུགས་འཛིན་པ་དང་ལུས་སྒེག་པ་སོགས་བྱེད། རུ་སྦལ་གྱི་རླུང་ནི་སྙིང་གའི་རྒྱབ་ཕྱོགས་ཀྱི་འདབ་མ་རྩ་རྒྱལ་བ་ལ་རྒྱུས་ནས་རྩེ་མོ་གཅིག་རྣ་བར་ཟུག་སྟེ་བྱེད་ལས་སྒྲ་འཛིན་པ་དང་རྐང་ལག་བསྐྱོད་པ་སོགས་བྱེད། རྩངས་པའི་རླུང་ནི་སྙིང་གའི་རླུང་མཚམས་ཏེ་སོགས་པ་གཡོན་པའི་ཐད་ཀྱི་རྩ་འདབ་ཨ་ལཾ་བུ་ཥ་ལ་རྒྱུས་ནས་རྩེ་མོ་གཅིག་སྣ་ལ་ཟུག་སྟེ་བྱེད་ལས་དྲི་འཛིན་པ་དང་ཁྲོ་བ་དང་འཁྲུག་པ་སོགས་བྱེད། ལྷ་སྦྱིན་གྱི་རླུང་ནི་སྙིང་གའི་གཡོན་ཕྱོགས་ཀྱི་རྩ་ཨི་ཊ་སྟེ་ལུག་ཞེས་པ་ལ་རྒྱུས་ནས་རྩེ་མོ་གཅིག་ལྕེ་ལ་ཟུག་སྟེ་བྱེད་ལས་རོ་འཛིན་པ་དང་གླལ་བ་སོགས་བྱེད། ནོར་ལས་རྒྱལ་གྱི་རླུང་ནི་སྙིང་གའི་དབང་ལྡན་ཏེ་ནུ་མ་གཡོན་པའི་ཐད་ཀྱི་རྩ་ཀུ་ཧཱ་ལ་རྒྱུས་ནས་རྩའི་རྩེ་མོ་ལྕེའུ་ཆུང་གི་དབུས་དང་བ་སྤུའི་བུ་ག་ཐམས་ཅད་དུ་ཟུག་སྟེ་བྱེད་ལས་ཕྱོགས་གཅིག་གིས་ཁམས་དཀར་ཆ་གྱེན་ལ་འདྲེན་པ་དང་ཕྱོགས་གཅིག་གིས་རེག་བྱ་འཇམ་རྩུབ་སོགས་འཛིན་ཅིང་ཕྱོགས་གཅིག་ལུས་འདི་ཉིད་ལ་ཤི་ནས་མ་འཐོར་གྱི་བར་དུ་གནས་པ་སྟེ་ལུས་ཀྱི་སྲ་བའི་ཁམས་མི་འདོར་བར་བྱེད་དོ། །ལ་ལ་དག་ཤི་ནས་མ་འཐོར་གྱི་བར་དུ་ནོར་ལས་རྒྱལ་གྱི་རླུང་ཡོད་ན། ཤི་བའི་འོག་ཏུ་ཡང་དབུགས་འགྱུ་བ་ཡོད་པར་འདོད་དགོས་པས། དབུགས་ཀྱི་འགྱུ་བ་ཆད་པ་ལ་ཤི་བར་འདོད་པ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི། དུས་ཀྱི་འཁོར་ལོ་རྩ་མི་འགྱུར་ལས། ཤི་བའི་ལུས་ལ་མི་འདོར་རོ། །ཞེས་པ་དང་། འགྱུར་ལ་ལ་ནས་ཤི་བའི་ལུས་ལའང་ཞག་གཅིག་གི་བར་མི་གཏོང་ཞེས་འབྱུང་ལ། ཤོང་འགྱུར་ལས། ལུས་ནི་ལྔ་པ་ཉིད་དུ་གྱུར་པ་ནོར་ལས་རྒྱལ་བའི་རླུང་གིས་གཏོར་བར་མི་བྱེད་དོ། །ཞེས་གསུངས་ཤིང་། དཔལ་རང་བྱུང་གི་ཞལ་སྔ་ནས། དོན་ལ་ལུས་ཀྱི་སྲ་བའི་ཁམས་ཀྱི་རྡུལ་ཕྲ་རབ་མ་འཐོར་གྱི་བར་ལ་ཡོད་པར་རིགས་ཏེ་ཁམས་གཅིག་ལ་ཡང་ཁམས་ལྔ་ལྡན་དུ་བཤད་པའི་དོན་ཏོ། །ཞེས་གསུངས་པ་རྣམས་ཀྱི་དགོངས་པ་ནི་ཤི་ནས་མ་འཐོར་གྱི་བར་ལ་ནོར་ལས་རྒྱལ་གྱི་རླུང་གི་བྱེད་ལས་ཀྱི་ཕྱོགས་གཅིག་བསྡུད་པར་བྱེད་པ་ཡོད་དེ་ཁམས་གཅིག་ལ་ཡང་ཁམས་ལྔ་ལྡན་དུ་བཤད་པའི་ཕྱིར། ཞེས་བཞེད་པ་ཡིན་ནོ། །དེ་ལྟར་རྩ་བ་དང་ཡན་ལག་གི་རླུང་རྣམས་སྙིང་གའི་རྩ་འདབ་སོ་སོ་ལས་རྒྱུ་བའི་ཤེས་བྱེད་རང་འགྲེལ་དུ་དྲངས་པ་ནི་རྩ་མིའི་འགྱུར་ཡིན་ལ། འགྲེལ་ཆེན་ཤོང་འགྱུར་ལས། དེ་ལ་སྲོག་ནི་སྟེང་དུ་འབབ་པའོ། །ཐུར་སེལ་ནི་ལྟེ་བའི་འོག་ཏུ་འབབ་པའོ། །མཉམ་གནས་ནི་ཤར་གྱི་འདབ་མའི་རྩ་སྣར་མ་ལ་ལྷག་པའི་ལྷའོ། །གྱེན་རྒྱུ་ནི་མེའི་འདབ་མར་རྩ་ལག་ལྡན་གྱི་ལྕེའོ། །ཁྱབ་བྱེད་ནི་ལྷོའི་འདབ་མར་རྩ་དམར་སེར་ལའོ། །ཀླུ་ནི་བདེན་བྲལ་གྱི་འདབ་མར་རྩ་རྒྱལ་ལའོ། །རུ་སྦལ་ནི་ཆུའི་འདབ་མར་རྩ་རྒྱལ་བ་ལའོ། །རྩངས་པ་ནི་རླུང་གི་འདབ་མར་རྩ་ཨ་ལཾ་བུ་ཥའོ། །ལྷ་སྦྱིན་ནི་བྱང་གི་འདབ་མར་རྩ་ཨི་ཊ་ལའོ། །ནོར་ལས་རྒྱལ་ནི་དབང་ལྡན་གྱི་འདབ་མར་རྩ་ཀུ་ཧཱ་ལའོ། །སྲོག་ནི་རྩ་ཤིན་ཏུ་ཡིད་བཟངས་མ་ལའོ། །ཐུར་སེལ་ནི་ཕྱོགས་ཀྱི་གྲངས་དུང་ཅན་མ་གང་གིས་བྱང་ཆུབ་ཀྱི་སེམས་ཟགས་པར་བྱེད་པ་དེ་ལ་ལྷག་པའི་ལྷའོ། །ཞེས་གསུངས་པ་ལས་འཕྲོས་པའི་དོགས་གཅོད་མདོ་ཙམ་རྩའི་དུམ་བུར་བཤད་པ་ལྟར་ཤེས་པར་བྱའོ། །གསུམ་པ་དོན་བསྡུ་བ་ནི། ད་ལྟ་སོགས་རྐང་པ་གཉིས་ཏེ། རླུང་བཅུ་པོ་འདི་རྣམས་ནི་ད་ལྟ་ཉིན་མཚན་གྱི་ཐུན་ཆེན་པོ་བརྒྱད་ཀྱི་རང་བཞིན་ཏེ་རླུང་རྒྱུ་ཚུལ་དང་གྲངས་ལ་བརྟེན་ནས་གཙོ་བོར་ཐུན་དང་དུས་སྦྱོར་ལ་སོགས་བསྟན་པ་ཡིན་ནོ། །གསུམ་པ་ཕྱི་ནང་དུ་རྒྱུ་བའི་རིམ་པ་བྱེད་ལས་དང་བཅས་པ་བཤད་པ་ལ་བཞི། ནང་དུ་རྒྱུ་བ་དང་། ཕྱིར་རྒྱུ་ཚུལ་དང་། ཇི་ལྟར་རྒྱུ་བའི་རིམ་པ་ཁ་དོག་དང་སྟོབས་དང་ཡོན་ཏན་བཤད་པ་དང་། རྒྱུད་ཕན་ཚུན་དགོངས་པ་མི་འགལ་བར་བསྟན་པའོ། །དང་པོ་ལ་གཉིས། བཤད་པ་དང་། བསྡུ་བའོ། །དང་པོ་ལ་ལྔ། རྩ་འཁོར་ལོ་བཞིར་རྒྱུ་ཚུལ་དང་། སྤྱིའི་ཁམས་བཤད་པ། ཚིགས་ཀྱི་འཁོར་ལོར་རྒྱུ་བའི་ཚུལ། རྩ་ཐམས་ཅད་ཀྱི་རྒྱུ་ལུགས། ཞར་ལ་འགག་པའི་ངེས་པ་བསྟན་པའོ། །དང་པོ་ལ་བཞི། སྙིང་གའི་འཁོར་ལོ་དང་། སྤྱི་བོ། མགྲིན་པ། ལྟེ་བའི་འཁོར་ལོར་རྒྱུ་ཚུལ་ལོ། །དང་པོ་ནི། རྒྱུ་ཚུལ་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། རླུང་དེ་ཉིད་རྒྱུ་བའི་ཚུལ་ནི་ཕྱིར་རྒྱུ་བ་དང་། ནང་དུ་རྒྱུ་བའི་ཚུལ་གཉིས་ཡིན་ཏེ་ཞེས་སྤྱིར་བསྟན་ནས། བྱེ་བྲག་ཏུ་སྙིང་གའི་འཁོར་ལོར་རྒྱུ་ཚུལ་ནི་སྲོག་ཆེན་པོའི་རླུང་སྒྲ་གཅན་གྱི་ཁམས་ཀྱི་རང་བཞིན་དེ་ནི་དང་པོར་མངལ་དུ་ཆགས་པ་ནས་འཆི་བ་ལ་ཐུག་པའི་བར་དུ་དབུ་མར་རྒྱལ་པོ་ལྟ་བུར་གནས་ཤིང་། དེ་ལས་འཕྲོས་པའི་རྩ་བ་དང་ཡན་ལག་གི་རླུང་གཞན་རྣམས་ཀྱིས་ལུས་ཀྱི་སྟོད་སྨད་དང་ཕྱི་ནང་ཐམས་ཅད་དུ་བློན་པོ་ལྟར་ལས་ཀུན་བྱེད་པ་ཡིན་ལ། དེ་ཡང་སྙིང་གའི་འཁོར་ལོར་རྩ་བ་དང་ཡན་ལག་གི་རླུང་ལ་སོ་སོར་འབྱུང་བ་བཞིའི་དབྱེ་བས་བཞི་བཞི་སྟེ། བརྒྱད་དུ་ཕྱེ་ནས་སྙིང་གའི་ཕྱོགས་བཞི་དང་མཚམས་བཞིའི་རྩ་ལ་རླུང་བརྒྱད་པོ་དེ་ཉིད་རྒྱུ་བ་ཡིན་ཞིང་། ཇི་ལྟར་སྙིང་གའི་འཁོར་ལོར་རླུང་སྡེ་ཚན་བརྒྱད་དུ་རྒྱུ་བ་དེ་བཞིན་དུ་ལྟེ་བ་ལ་སོགས་པའི་འཁོར་ལོ་གཞན་རྣམས་སུ་ཡང་སྡེ་ཚན་བརྒྱད་བརྒྱད་དེ་ཞེ་བརྒྱད་རྒྱུ་བར་ཤེས་པར་བྱའོ། །ཡང་ན་སྙིང་གའི་དབུ་མའི་ཡར་སྣ་ལ་སྲོག་དང་མར་སྣ་ལ་ཐུར་སེལ་འདབ་མ་བརྒྱད་ལ་རྩ་བའི་རླུང་གཞན་གསུམ་དང་ཡན་ལག་གི་རླུང་ལྔ་རྒྱུ་པར་གོང་དུ་བཤད་པ་དེ་བཞིན་དུ་འཁོར་ལོ་གཞན་ལྔ་པོ་ལ་ཡང་དབུ་མའི་སྟོང་སྨད་ལ་སྲོག་ཐུར་དང་འདབ་མ་རྣམས་ལ་རླུང་གཞན་བརྒྱད་དེ་འཁོར་ལོ་རེ་རེར་རླུང་བཅུ་བཅུ་རྒྱུ་བ་དེས་ན་རྩ་འཁོར་ལོ་དྲུག་ལ་རླུང་སྡེ་ཚན་དྲུག་བཅུ་ཐམ་པ་རྒྱུ་བ་ཡིན་ལ། དེ་ལས་ཀྱང་བྱེ་བྲག་ཏུ་རྩ་མང་ཉུང་དང་བསྟུན་ན་རྩ་མང་སར་རླུང་ཀྱང་མང་ལ་རྩ་ཉུང་སར་རླུང་ཀྱང་ཉུང་རླུང་ཕྱི་ནང་དུ་རྒྱུ་བའི་སྦྱོར་བ་མང་ཉུང་དང་བསྟུན་ན་རྩའི་མང་ཉུང་ལ་མ་ལྟོས་པར་རླུང་མང་ཉུང་སྣ་ཚོགས་སུ་འགྱུར་བའི་ཚུལ་རྒྱུད་འགྲེལ་དུ་མ་ལས་གསུངས་སོ། །འདི་ནི་རང་འགྲེལ་གྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡིན་ནོ། །གཉིས་པ་སྤྱི་བོའི་འཁོར་ལོ་ལ་གསུམ། སྤྱིར་བསྟན་པ། དུས་འཁོར་བའི་ལུགས། བདེ་དགྱེས་སོགས་ཀྱི་ལུགས་སོ། །དང་པོ་ནི། སྤྱི་བོའི་སོགས་ཚིག་རྐང་གསུམ་སྟེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་ཏུ་རླུང་རྒྱུ་བའི་ཚུལ་ནི། བདེ་དགྱེས་སོགས་སུ་སྤྱི་བོར་རྩ་འདབ་སུམ་བཅུ་རྩ་གཉིས་གསུངས་པ་ཐབས་ཤེས་ཟུང་འཇུག་ཏུ་སྦྱར་བའམ་ཡང་ན་ལུས་ལ་གནས་པའི་དུས་སུ་ཕྱི་རོལ་གྱི་རྩ་འདབ་བཅུ་དྲུག་ཏུ་ཁྲག་གཙོ་བོར་རྒྱུ་ལ་ནང་གི་རྩ་འདབ་བཅུ་དྲུག་ཏུ་ཟླ་བའི་རྐང་པའི་འཕེལ་འགྲིབ་དང་མཚུངས་པའི་རླུང་དང་བྱང་ཆུབ་ཀྱི་སེམས་ཡོན་ཏན་ལྔ་ལྡན་ལ་སོགས་པར་རྒྱུ་བས་རྒྱུ་མཚན་དེའི་ཕྱིར་ན། དུས་འཁོར་ལས་སྤྱི་བོར་རྩ་འདབ་བཅུ་དྲུག་ཏུ་བཤད་དོ། །གཉིས་པ་ནི། གཉིས་ནི་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། དུས་འཁོར་ལས་སྤྱི་བོའི་འཁོར་ལོ་ལ་རྩ་འདབ་བཅུ་དྲུག་ཏུ་བཤད་ན། རྩ་དེ་དག་ཏུ་ཟླ་རྐང་དང་མཚུངས་པའི་རླུང་རྒྱུ་བའི་ཚུལ་ཇི་ལྟ་བུ་ཞེ་ན། ཟླ་རྐང་ལ་སྔ་རྐང་གནས་བདུན་ཕྱི་རྐང་གནས་བདུན་སྟེ་བཅུ་བཞིའི་སྟེང་དུ་རྐང་མཚམས་དང་རྐང་པ་རྫོགས་མཚམས་ཀྱི་སྟོང་པ་གཉིས་བསྣན་པས་བཅུ་དྲུག་ཡོད་པའི་དག་པས། དཔྲལ་བའི་དབུས་ཀྱི་རྩ་གཅིག་དང་ལྟག་ཁུང་གི་དབུས་ཀྱི་གཅིག་སྟེ་གཉིས་སུ་ནི་སྟོང་བའི་རང་བཞིན་ཡེ་ཤེས་ཀྱི་ཆ་རྒྱུ་བ་ཡིན་ལ་གཉིས་པོ་ལས་གཞན་དག་རྩ་བཅུ་བཞི་ལ་གཡས་སྐོར་དུ་བཤད་ན་རིམ་པ་ལྟར་གཡས་ཀྱི་རྩ་འདབ་དང་པོ་གསུམ་ལ་གཟུགས་སྒྲ་དྲི་རོ་རེག་བྱའི་ཡོན་ཏན་ལྔ་དང་ལྡན་པར་རྒྱུ། དེ་ནས་གཅིག་ལ་དྲི་མ་གཏོགས་པའི་ཡོན་ཏན་བཞི་དང་ལྡན་པར་རྒྱུ། དེ་ནས་གཅིག་ལ་གཟུགས་དྲི་མ་གཏོགས་པའི་ཡོན་ཏན་གསུམ་དང་ལྡན་པར་རྒྱུ། དེ་ནས་གཅིག་ལ་སྒྲ་རེག་གི་ཡོན་ཏན་གཉིས་དང་ལྡན་པར་རྒྱུ། དེ་ནས་གཅིག་ལ་སྒྲའི་ཡོན་ཏན་གཅིག་པུ་དང་ལྡན་པར་རྒྱུ་བ་ནི་ཟླ་བའི་སྔ་རྐང་དང་མཐུན་ལ། རྩ་བརྒྱད་པ་ལྟག་ཁུང་གི་རྩ་ལ་ཡོན་ཏན་གང་ཡང་མེད་པས་སྟོང་པ་ནི་རྐང་མཚམས་སོ། །དེ་ནས་ཕྱི་མའི་རྩ་བདུན་རིམ་པ་བཞིན་དུ་སྔ་མ་ལས་བཟློག་བ་སྟེ་ལྟག་ཁུང་ནས་གཡས་ཕྱོགས་སུ་རྩ་དགུ་པ་ལ་སྒྲའི་ཡོན་ཏན་གཅིག་པུ་དང་ལྡན་པར་རྒྱུ། བཅུ་པ་ལ་སྒྲ་རེག་གཉིས་དང་བཅུ་གཅིག་པ་ལ་སྒྲ་རེག་རོ་གསུམ་དང་བཅུ་གཉིས་པ་ལ་གཟུགས་སྒྲ་རོ་རེག་བཞི་དང་དེ་ནས་བཅོ་ལྔའི་བར་གསུམ་ལ་ཡོན་ཏན་ལྔ་དང་ལྡན་པ་དང་བཅུ་དྲུག་པ་དཔྲལ་བའི་ཐིག་ལེར་ནི་སྲོག་ཡོངས་སུ་གང་བ་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་རྐང་པ་རྫོགས་པའི་མཚམས་སོ། །དེ་དག་ནི་རླུང་རྒྱུ་རིམ་གྱི་ཡོན་ཏན་གྱི་རིམ་པ་ཡིས་དུས་འཁོར་དུ་བསྟན་པ་ཇི་ལྟ་བ་བཞིན་ཡིན་ལ། དེ་ཡང་གཟུགས་སྒྲ་ལ་སོགས་པའི་ཡོན་ཏན་རྒྱུ་བ་མང་ན་ཡོན་ཏན་ཆེ་ཉུང་ན་ཡོན་ཏན་ཆུང་བས་ཡོན་ཏན་གྱི་རིམ་པ་ཞེས་པའི་ཚིག་གིས་བསྟན་པ་ཡིན་ནོ། །འདིར་རྩ་འདབ་མ་བཅུ་དྲུག་ཏུ་རླུང་རྒྱུ་བའི་ཚུལ་ཤེས་དགོས་པས་རང་འགྲེལ་དང་བསྟུན་ནས་དེ་སྐད་ཅེས་བཤད་པ་ཡིན་ལ། དུས་འཁོར་འགྲེལ་ཆེན་ལས། དེ་བཞིན་དུ་ལུགས་ལས་བཟློག་པས་བརྒྱད་པ་ལ་ཆུ་ཚོད་གཅིག་གི་རྐང་པའོ། །དགུ་པ་ལ་གཉིས་ཀྱི་བདག་ཉིད་དོ། །བཅུ་པ་ལ་ཆུ་ཚོད་གསུམ་གྱི་བདག་ཉིད་དོ། །བཅུ་གཅིག་པ་ལ་ཆུ་ཚོད་བཞིའི་བདག་ཉིད་དོ། །བཅུ་གཉིས་པ་དང་བཅུ་གསུམ་པ་དང་བཅུ་བཞི་པ་ལ་ཡང་དེ་ལྟར་ཤེས་པར་བྱ་སྟེ་ཞེས་བཅུ་བཞི་ལས་མ་གསུངས་པ་ནི་སྟོང་པའི་ཆ་གཉིས་པོ་མ་གཏོགས་པའི་གཡས་གཡོན་གྱི་བཅུ་བཞི་པོ་ལ་དགོངས་ནས་གསུངས་པས་ནམ་ཡང་འགལ་བ་མེད་པ་ཁོ་ནའོ། །ཁ་ཅིག་ཡོན་ཏན་བཞི་ལྡན་ལ་གཟུགས་ཀྱི་ཡོན་ཏན་སྤངས་པའི་གཞན་བཞི་དང་གསུམ་ལྡན་ལ་གཟུགས་སྒྲ་སྤངས་པའི་གསུམ་དང་གཉིས་ལྡན་ལ་གཟུགས་སྒྲ་དྲི་གསུམ་སྤངས་པའི་གཉིས་དང་གཅིག་ལྡན་ལ་རེག་བྱའི་ཡོན་ཏན་གཅིག་པུ་དང་ལྡན་པར་འཆད་པས་ནི། རང་གར་སྨྲས་ཀྱིས་བླ་མ་བརྒྱུད་པའི་གསུང་སྒྲོས་དང་བུ་སྟོན་ཐམས་ཅད་མཁྱེན་པའི་མཆན་བུ་མཐུན་པར་རྒྱུ་མཚན་དང་བཅས་ནས་བརྗོད་པར་བྱའོ། །དེ་ཡང་འབྱུང་བ་ལྔ་འཕེལ་བ་དང་ཟད་པའི་དབང་གིས་ཟླ་རྐང་བཅུ་བཞི་འབྱུང་བས་འབྱུང་བ་འཕེལ་བ་དང་མཐུན་པར་ནོར་འཕེལ་བའི་སྔ་རྐང་བདུན་པོ་བཤད་པས་ཕྱི་རྐང་ཀྱང་རྟོགས་པར་འགྱུར་རོ། །དེས་ན་ས་ལ་རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་ཡོད་པས་རྐང་པ་དང་པོ་གསུམ་ཀ་ས་དང་བཞི་པ་ཆུ་ལྔ་པ་མེ་དྲུག་པ་རླུང་བདུན་པ་ནམ་མཁའི་དབང་དུ་བྱས་པ་ཡིན་ཞིང་། ས་ལ་གཟུགས་སྒྲ་དྲི་རོ་རེག་བྱའི་ཡོན་ཏན་ལྔ་དང་ལྡན་པས་ཟླ་རྐང་དང་པོ་གསུམ་ལ་ལྔ་ལྔ། ཆུ་ལ་དྲི་མ་གཏོགས་པའི་ཡོན་ཏན་བཞི་དང་ལྡན་པས་རྐང་པ་བཞི་པ་ལ་བཞི། མེ་ལ་གཟུགས་དྲི་མ་གཏོགས་པ་གསུམ་དང་ལྡན་པས་ལྔ་པ་ལ་གསུམ། རླུང་ལ་རོ་གཟུགས་དྲི་གསུམ་མ་གཏོགས་པའི་གཉིས་དང་ལྡན་པས་དྲུག་པ་ལ་གཉིས། ནམ་མཁའ་ལ་སྒྲ་གཅིག་པུའི་ཡོན་ཏན་ལས་མེད་པས་བདུན་པ་ལ་གཅིག་འབྱུང་བ་ཡིན་ལ། སྤྱི་བོར་རླུང་རྒྱུ་བ་ཡང་ཟླ་བའི་རྐང་པ་དང་མཚུངས་པའི་རླུང་རྒྱུ་ཞེས་གསུངས་པས་ཡོན་ཏན་གྱི་རིམ་པ་ཟླ་རྐང་གི་འདི་ཇི་ལྟ་བ་བཞིན་དུ་སྨྲས་པ་ཡིན་ནོ། །གསུམ་པ་བདེ་དགྱེས་སོགས་ཀྱི་ལུགས་ནི། དབྱུག་གུ་སོགས་རྐང་པ་གསུམ་སྟེ། སྤྱི་བོར་རྩ་འདབ་སུམ་ཅུ་སོ་གཉིས་སུ་རླུང་རྒྱུ་བའི་ཚུལ་ནི་དུས་སྦྱོར་གྱི་དབང་དུ་བྱས་པའི་དབྱུག་གུ་ཉེར་བརྒྱད་དང་ནམ་མཁའ་ཡེ་ཤེས་ཀྱི་སྟོང་པ་གཉིས་ལ་ཐབས་ཤེས་ཀྱི་དབྱེ་བས་བཞི་སྟེ་སྤྱིར་སྡོམས་ན་སུམ་ཅུ་རྩ་གཉིས་རྒྱུ་བ་ཡིན་ལ། དེ་ཡང་ཞག་གཅིག་གི་ཆུ་ཚོད་གཉིས་གཉིས་ལ་ཡུད་ཙམ་རེ་རེར་བྱས་པའི་ཡུད་ཙམ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཡིན་པར་རྒྱུད་ཕན་ཚུན་ལས་བརྗོད་དོ། །དཔྱོད་པ་ལ་ཞུགས་པ་ལ་ལ་དག་མངོན་པ་ལས། །སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང་། །དྲུག་ཅུ་ལ་ནི་ཐང་གཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུས་བསྒྱུར། །ཞེས་གསུངས་པས་ཡུད་ཙམ་སུམ་ཅུ་ལ་ཞག་གཅིག་ཏུ་བྱས་པ་མ་ཡིན་ནམ། ཆུ་ཚོད་གཉིས་གཉིས་སྡོམས་པ་ལ་ཡུད་ཙམ་དུ་ཁས་སླངས་པས་ཀྱང་ཡུད་ཙམ་སུམ་ཅུ་ལ་ཞག་གཅིག་དུ་བྱས་པར་འགྱུར་ཏེ། ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་ཡོད་པའི་ཕྱིར་རོ། །དེས་ན། སྤྱིར་ནི་ཞག་གཅིག་སུམ་ཅུ་གཉིས། །ཡུད་ཙམ་བདག་ཉིད་ཡིན་པར་བརྗོད། །ཅེས་པའི་གཞུང་ཚིག་འདི་གྱ་ཚོམས་སུ་གསུངས་པ་མ་ཡིན་ནམ་ཞེ་ན། མངོན་པ་ལས་གསུངས་པ་ནི་རགས་རྩིས་ཙམ་དུ་གསུངས་པས་སྐྱོན་མེད་ལ། ཞག་གཅིག་ལ་ཆུ་ཚོད་དྲུག་ཅུར་གསུངས་པ་ནི་ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་གཅིག་ཏུ་བྱས་པའི་ཆུ་ཚོད་ཀྱི་གྲངས་དང་ཞག་གཅིག་གི་ཡུན་མཚུངས་པར་བསྟན་པ་ཡིན་པས་འདིའི་དབང་དུ་བྱས་ན་བདེན་མོད་ཀྱི། ཞག་གཅིག་ལ་ཡུད་ཙམ་སོ་གཉིས་སུ་བྱས་པའི་དོན་ནི། ཆུ་སྲང་ང་དྲུག་རྐང་བཅས་ལ་ཆུ་ཚོད་དུ་བྱས་པའི་ཆུ་ཚོད་དྲུག་ཅུ་རྩ་བཞི་དང་ཞག་གཅིག་ཡུན་མཉམ་པས་དེའི་དབང་དུ་བྱས་པའི་ཆུ་ཚོད་གཉིས་གཉིས་བསྡོམས་པ་ལ་ཡུད་ཙམ་དུ་བྱས་པའི་ཡུད་ཙམ་སོ་གཉིས་ནི་ཞག་གཅིག་གི་ཡུན་ཚད་དུ་འགྱུར་བས། དཔལ་རང་བྱུང་གི་བཞེད་པ་ལས་སུ་ཞིག་གིས་རྒོལ་བར་ནུས། དེ་ལྟ་བས་ན་རྩ་འདབ་སུམ་ཅུ་སོ་གཉིས་དང་ཡུད་ཙམ་སོ་གཉིས་ཀྱི་དག་པ་སྦྱོར་ཚུལ་འདི་ནི་དུས་ཀྱི་འཁོར་ལོའི་དགོངས་པ་ཡང་དཔྱིས་ཕྱིན་པ་ཡིན་པས། ཞིབ་མོའི་བློས་འཇུག་པར་བྱ་བ་ཉིད་ཡིན་ནོ། །དེས་ན་སྤྱི་བོར་རྩ་འདབ་སོ་གཉིས་སུ་བྱས་ནས་ཟླ་རྐང་དང་སྦྱར་བར་འདོད་ན། ཟླ་རྐང་བཅུ་བཞི་མཚམས་ཀྱི་སྟོང་པ་གཉིས་དང་བཅས་པ་ལ་ལུགས་འབྱུང་བཟློག་ཏུ་སྤྱོད་པའི་ཚུལ་དང་སྦྱར་བས་དཀའ་བ་མེད་དེ། རླུང་དང་དཀར་དམར་གྱི་ཁམས་རྒྱུ་བའི་རྩ་ཉེར་བརྒྱད་དང་སྟོང་པའི་རྩ་བཞི་ཡིན་པས་རྐང་གནས་བཅུ་བཞི་ལ་ལུགས་འབྱུང་བཟློག་ཏུ་སྤྱད་པས་ཉེར་བརྒྱད་དུ་འགྱུར་ཞིང་། མཚམས་ཀྱི་སྟོང་པ་གཉིས་ལ་ལུགས་འབྱུང་བཟློག་ཏུ་སྤྱད་པས་བཞི་འབྱུང་བས་སོ། །དེའི་ཕྱིར་ཟླ་རྐང་གི་འབྱུང་དང་འབྱུང་བ་མདའ་དང་རིག་བྱེད་མེ་ལག་རི་བོང་ཅན་ནི་སྔ་མའི་ཆ་ལ་ཕྱི་མར་ཡང་ཞེས་པའི་བཅུ་བཞི་ལ་ལུགས་འབྱུང་དུ་སྤྱོད་པ་དང་རྩ་འདབ་ནང་མ་བཅུ་དྲུག་ལས་འབྱུང་བ་ལྔའི་རླུང་དང་བྱང་སེམས་རྒྱུ་བ་བཅུ་བཞི་པོ་སྦྱར། ལུགས་བཟློག་ཏུ་སྤྱོད་པ་དང་ཕྱི་མ་བཅུ་དྲུག་ལས་འབྱུང་བ་ལྔའི་དམར་ཆ་རྒྱུ་བ་བཅུ་བཞི་པོ་སྦྱར་མཚམས་གཉིས་ལ་ལུགས་འབྱུང་བཟློག་ཏུ་སྤྱོད་པ་དང་རྒྱབ་མདུན་གྱི་སྟོང་པ་གཉིས་གཉིས་སྦྱར་ནས་བཤད་པར་བྱའོ། །གསུམ་པ་མགྲིན་པར་རླུང་རྒྱུ་ཚུལ་ལ་གསུམ། རྩ་འདབ་ཀྱི་དབྱེ་བ་སྤྱིར་བསྟན་པ། དུས་འཁོར་ནས་བཤད་པའི་རླུང་རྒྱུ་ཚུལ། རྒྱུད་གཞན་ནས་བཤད་པའི་ཚུལ་ལོ། །དང་པོ་ནི། མགྲིན་པར་སོགས་རྐང་པ་གཉིས་ཏེ། མགྲིན་པའི་འཁོར་ལོའི་རྩ་འདབ་ཀྱི་གྲངས། བདེ་དགྱེས་འདུས་པ་སོགས་ལས་བཤད་པ་ནི་བཅུ་དྲུག་ཡིན་ལ། བཅུ་དྲུག་པོ་དེ་ལ་ཐབས་ཤེས་གཉིས་གཉིས་སུ་དབྱེ་བས། དུས་འཁོར་ལས་རྩ་འདབ་སུམ་ཅུ་རྩ་གཉིས་སུ་གསུངས་པ་ནི་རྒྱུད་ཕན་ཚུན་དགོངས་པ་མཐུན་པར་སྤྱིར་བསྟན་པ་ཡིན་ནོ། །གཉིས་པ་ནི། དེ་ལ་སོགས་རྐང་པ་གསུམ་སྟེ། རྩ་འདབ་སོ་གཉིས་ཡོད་པ་དེ་ལ་མཚམས་ཀྱི་རྩ་འདབ་བཞིར་ནི་སྟོང་པ་ཡེ་ཤེས་ཀྱི་ཆ་རྒྱུ་ཞིང་བཞི་པོ་དེ་ལས་གཞན་དག་ཉི་ཤུ་རྩ་བརྒྱད་པོ་ཕྱོགས་བཞིར་བདུན་བདུན་དུ་བྱས་པ་ལ་བྱི་བཞིན་དང་བཅས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ལོངས་སྤྱོད་དང་མཚུངས་པའི་རླུང་རྒྱུ་བ་ཡིན་ནོ། །འདི་ནི་དྲི་མ་མེད་པའི་འོད་ལས། ལོངས་སྤྱོད་ཀྱི་འཁོར་ལོ་སྟེ་མགྲིན་པའི་འཁོར་ལོ་འདབ་མ་སུམ་ཅུ་གཉིས་ལ། འདབ་མ་བཞི་ནི་སྟོང་པའོ། །གཞན་འདབ་མ་ཉི་ཤུ་རྩ་བརྒྱད་པོ་རྣམས་ལ་བྱི་བཞིན་དང་བཅས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་རྣམས་སུ་འགྱུར་རོ། །དེ་རྣམས་གཡོན་བསྐོར་གྱི་སྟེང་། ཤར་གྱི་ཐུར་མ་བདུན་གྱི་དབུས་མ་ལ་མཐའི་ནམ་གྲུའོ། །གཉིས་པ་ལ་ཐ་སྐར་དང་གསུམ་པ་ལ་བྲ་ཉེ་དང་བཞི་པ་ལ་སྨིན་དྲུག་གོ །ཞེས་གསུངས་པ་ཁོ་ན་ལྟར་རོ། །གསུམ་པ་ནི། དུས་འཁོར་ལས་གཞན་བདེ་དགྱེས་འདུས་པ་སོགས་ནས་མགྲིན་པའི་རྩ་འདབ་བཅུ་དྲུག་ཏུ་འཕོ་བ་བཅུ་དྲུག་གི་རླུང་རྒྱུ་བར་བཤད་པ་ནི། གོང་མ་དུས་འཁོར་ལུགས་ཀྱི་རྩ་སོ་གཉིས་པོ་ཐབས་ཤེས་གཉིས་གཉིས་ཟུང་འཇུག་དུ་སྦྱར་བས་འཕོ་བ་བཅུ་དྲུག་གི་དག་སྦྱོར་དུ་འགྱུར་བས་ན་རྒྱུད་ཕན་ཚུན་དགོངས་པ་མི་འགལ་ལོ། །ཞེས་ཚིག་རྐང་གཅིག་གསུངས་སོ། །བཞི་པ་ལྟེ་བའི་འཁོར་ལོར་རྒྱུ་ཚུལ་ལ་གཉིས། རྩ་འདབ་ཀྱི་དབྱེ་བ་སྤྱིར་བསྟན་པ་དང་། རླུང་རྒྱུ་ཚུལ་དུས་འཁོར་དང་མཐུན་པར་བསྟན་པའོ། །དང་པོ་ནི། ལྟེ་བའི་སོགས་ཚིག་རྐང་གསུམ་སྟེ། ལྟེ་བའི་འཁོར་ལོའི་རྩའི་འདབ་མ་དྲུག་ཅུ་རྩ་བཞི་ནི་དབུ་མ་ལས་གྱེས་པ། རྩ་བའི་རྩ་འདབ་བཞི་ལ་ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་གསུམ་གསུམ་དུ་ཕྱེ་བས་ན་བཅུ་གཉིས་འབྱུང་ལ། དེ་རེ་རེ་ལ་རྩེ་མོ་ལྔ་ཚན་དུ་སོ་སོར་གྱེས་པའི་ལྔ་ཚན་བཅུ་གཉིས་བསྡོམས་པས་རྩེ་མོ་དྲུག་ཅུ་སྟེ། རྩ་བའི་བཞི་དང་བཅས་པས་དྲུག་བཅུ་རྩ་བཞི་ནི་གང་དུ་རླུང་རྒྱུ་བའི་གནས་ཀྱི་རྩ་དྲུག་བཅུ་རྩ་བཞི་ངོས་བཟུང་བ་ཡིན་ནོ། །གཉིས་པ་ནི། དབྱུག་གུ་སོགས་ཚིགས་བཅད་ཕྱེད་སྟེ། རྩ་འདབ་ཀྱི་རྩེ་མོ་དྲུག་བཅུ་པོ་དེར། དབྱུག་གུ་དྲུག་བཅུའི་བདག་ཉིད་དུས་སྦྱོར་གྱི་རླུང་རྒྱུ་ལ། རྩ་བའི་རྩ་འདབ་བཞི་པོ་དེར་ནི་སྟོང་པ་ཡེ་ཤེས་ཀྱི་ཆ་དབུ་མ་ལ་རྒྱུ་བ་ཡིན་ནོ། །དེ་ཡང་འགྲེལ་ཆེན་ལས། ད་ནི་ལྟེ་བའི་ཞེས་བྱ་བ་ལ་སོགས་པས་སྲོག་གི་ནུས་པ་ལྟེ་བ་ལ་སོགས་པའི་འཁོར་ལོར་འཁོར་བ་གསུངས་ཏེ། འདིར་ཕྱི་རོལ་དུ་ཉི་མ་ཁྱིམ་བཅུ་གཉིས་པོ་རྣམས་ལ་ལོའི་འཕོ་བའི་དབྱེ་བས་འཁོར་བ་ཇི་ལྟ་བ་བཞིན་དུ་ནང་དུ་སྲོག་གི་ནུས་པ་ལ་ཡང་ཁྱིམ་བཅུ་གཉིས་པོ་རྣམས་ལ་ཉིན་ཞག་སོ་སོར་འཕོ་བ་བཅུ་གཉིས་ཀྱི་དབྱེ་བས་འཁོར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་ཅུང་ཟད་བཤད་ན། ལྟེ་བའི་བར་སྐོར་གྱི་རྩ་འདབ་བཅུ་གཉིས་པོ་ནང་གི་དུས་སྦྱོར་བཅུ་གཉིས་ཀྱི་རང་བཞིན་ཡིན་ལ། དེ་རེ་རེ་ལ་རླུང་སྟོང་བརྒྱད་བརྒྱ་རེ་རྒྱུ་བའི་རིམ་པས་འཕོ་ཆེན་བཅུ་གཉིས་ཞེས་གྲགས་ཤིང་། བཅུ་གཉིས་པོ་རེ་རེ་ལ་རྩ་འདབ་ལྔ་ལྔར་གྱེས་པའི་རྩ་འདབ་དྲུག་བཅུར་རླུང་སུམ་བརྒྱ་དྲུག་བཅུ་རེ་རྒྱུ་བའི་རིམ་པས་འཕོ་ཆུང་དྲུག་བཅུ་ཞེས་གྲགས་སོ། །དེ་ཡང་གཡས་ཕྱོགས་སུ་གླང་ཀར་བུ་མོ་སྡིག་སྲིན་ཉ་སྡེ་མཉམ་པའི་ཁྱིམ་དྲུག་ལ་ས་ཆུ་མེ་རླུང་ནམ་མཁའ་རྣམས་སུམ་བརྒྱ་དྲུག་བཅུ་རེ་ནུས་པ་བསྡུད་པའི་རིམ་པས་རྒྱུ་ལ། གཡོན་ཕྱོགས་སུ་ལུག་འཁྲིག་སེང་སྲང་གཞུ་བུམ་སྟེ་མི་མཉམ་པའི་ཁྱིམ་དྲུག་ལ་ནམ་མཁའ་རླུང་མེ་ཆུ་ས་རྣམས་སུམ་བརྒྱ་དྲུག་བཅུ་རེ་ནུས་པ་བསྐྱེད་པའི་རིམ་པས་རྒྱུ་བས་ན་འཕོ་ཆུང་རེ་ལ་སུམ་བརྒྱ་དྲུག་བཅུ་རེ་ཡོད་ཅིང་། འཕོ་ཆུང་ལྔ་སྡོམས་པས་འཕོ་ཆེན་གཅིག་ལ་སྟོང་དང་བརྒྱད་བརྒྱ། འཕོ་ཆེན་དྲུག་བསྡོམས་པས་གླང་སོགས་ལྷོ་བགྲོད་མཉམ་པའི་ཁྱིམ་དྲུག་ལ་ཁྲི་བརྒྱད་བརྒྱ་དང་། ལུག་སོགས་བྱང་བགྲོད་མི་མཉམ་པའི་ཁྱིམ་དྲུག་ལ་ཁྲི་བརྒྱད་བརྒྱ་སྟེ། ལྟེ་བའི་འཕོ་ཆེན་བཅུ་གཉིས་སམ་འཕོ་ཆུང་དྲུག་བཅུ་པོ་ཀུན་བསྡོམས་པས་ཞག་གཅིག་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ནི་ལས་དང་ཡེ་ཤེས་མ་ཕྱེ་བ་རླུང་སྤྱི་ཙམ་རྒྱུ་བའི་ཚུལ་ཡིན་ནོ། །ཡེ་ཤེས་ཀྱི་རླུང་གི་ཆ་ཤས་དུས་སྦྱོར་གྱི་རླུང་ལ་ཡང་འདྲེས་པའི་ཚུལ་དུ་རྒྱུ་བར་གསུངས་པའི་དགོངས་པ་ཡང་ལྟེ་བའི་འཕོ་ཆེན་འཕོ་ཆུང་གི་རྒྱུ་རིམ་འདི་ཉིད་སྣ་བུག་གཡས་གཡོན་དུ་འང་འབྱུང་བས། དེ་དང་བསྟུན་ནས་གསུངས་པ་ཡིན་ནོ། །རྩ་བའི་རྩ་འདབ་བཞི་ལ་ནི་དུས་སྦྱོར་གྱི་རླུང་ཅུང་ཟད་ཀྱང་མི་རྒྱུ་བར་ཡེ་ཤེས་ཀྱི་ཆ་འབའ་ཞིག་རྒྱུ་ཞིང་དེ་ལས་རགས་སུ་སོང་ནས་བར་སྐོར་ལ་དུས་སྦྱོར་གྱི་རླུང་དང་ཡེ་ཤེས་འདྲེས་པའི་ཚུལ་གྱིས་དང་ཕྱི་སྐོར་ལ་ཆུ་ཚོད་དང་འདྲེས་པའི་ཚུལ་དུ་རྒྱུ་སྟེ། འགྲེལ་ཆེན་ལས། རབ་ཏུ་གསལ་བྱས་ཆུ་ཚོད་དྲུག་བཅུ་ལྟེ་བའི་པདྨ་ལ་སྟེ་ཆུ་ཚོད་སྟོང་པའི་འདབ་མ་བཞིའོ། །ལྷག་མ་འདབ་མ་དྲུག་བཅུ་ནི་དཀྱིལ་འཁོར་དྲུག་བཅུ་འབབ་པའི་ཆུ་ཚོད་རྣམས་ཏེ། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་རྩ་སྤྱིའི་ཁམས་བཤད་པ་ནི། ཀུན་ཀྱང་སོགས་རྐང་པ་གསུམ་སྟེ། རྩ་དེ་རྣམས་ཀྱི་ཁམས་ཀྱི་རིམ་པ་ནི་རྩ་ཀུན་ཀྱང་མདུན་ཕྱོགས་ཀྱི་རྩ་ཐམས་ཅད་རླུང་ཁམས་གཡས་པ་རྣམས་མེ་ཁམས་གཡོན་པ་ཆུ་ཁམས་རྒྱབ་ཕྱོགས་ས་ཁམས་ཡིན་ལ། མཚམས་དང་བཅས་པ་སྟེ་མེ་མཚམས་རླུང་ཁམས་བདེན་བྲལ་མེ་ཁམས་རླུང་མཚམས་ས་ཁམས་དབང་ལྡན་ཆུ་ཁམས་པར་བསྟན་པ་ནི་དཀྱིལ་འཁོར་གྱི་ལྷའི་དག་པ་དང་མཐུན་པར་རགས་པ་ཙམ་བསྟན་པ་ཡིན་ལ། དབུས་མ་ནས་རྒྱུ་ཚུལ་ནི་གསུམ་ལས་གང་རུང་གི་དབུས་ནས་རྒྱུ་བ་ནི་ནམ་མཁའ་དང་གཉིས་ཀའི་དབུས་ནས་རྒྱུ་བ་ཡེ་ཤེས་ཀྱི་ཁམས་ཡིན་ནོ། །དེ་ཡང་སྤྱིར་རྩ་གཅིག་ལ་ཡང་ཕྱོགས་མཚམས་ཀྱི་དབྱེ་བས་གོང་དུ་བརྗོད་པ་བཞིན་ཡིན་ལ། བྱེ་བྲག་ཏུ་ལྟེ་བའི་འཕོ་ཆུང་གི་རྩ་འདབ་ལྔ་པོ་ལ་ཡང་གོང་དུ་བཤད་པའི་ཁམས་ལྔ་པོ་འདི་ཉིད་ཡིན་པར་རང་འགྲེལ་ལས་གསུངས་སོ། །གསུམ་པ་ཚིགས་ཀྱི་འཁོར་ལོར་རླུང་རྒྱུ་བའི་ཚུལ་ནི། དེ་བཞིན་སོགས་ཚིགས་བཅད་གཅིག་སྟེ། འཁོར་ལོ་བཞིར་རླུང་རྒྱུ་བའི་ཚུལ་དེ་བཞིན་དུ་རྐང་ལག་གི་ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོར་རླུང་རྒྱུ་བའི་ཚུལ་ཡང་འཁོར་ལོ་རེ་ལ་རྩ་འདབ་སུམ་བཅུ་རེ་ཡོད་པ་རྣམས་སུ་རླུང་རྒྱུ་བས་འཁོར་ལོ་རེ་ལ་རླུང་གི་རྒྱུ་བ་སུམ་བཅུ་སྟེ། འཁོར་ལོ་བཅུ་གཉིས་པོ་ཀུན་བསྡོམས་པ་ལ་སུམ་བརྒྱ་དྲུག་བཅུའི་སྲོག་སྟེ་རླུང་གི་གྲངས་སུམ་བརྒྱ་དྲུག་བཅུ་རྒྱུ་བ་ཡིན་ལ། ཉིང་ལག་སོར་མོའི་ཚིགས་ཀྱི་རྩ་རྣམས་སུ་ཡང་རླུང་རྒྱུ་བའི་གྲངས་སྔ་མ་དེ་དང་མཚུངས་པར་སུམ་བརྒྱ་དང་དྲུག་བཅུ་ཡིན་ཏེ། སོར་ཚིགས་ཀྱི་འཁོར་ལོ་དྲུག་བཅུ་པོ་རེ་རེ་ལ་རྩ་འདབ་དྲུག་དྲུག་ཡོད་པས་རྩ་འདབ་ཀྱི་གྲངས་དང་མཐུན་པའི་རླུང་རྒྱུ་བས་སོ། །རྩའི་འཁོར་ལོ་རྣམས་སུ་རླུང་རྒྱུ་བའི་ཚུལ་འདི་ནི་དུས་ཀྱི་འཁོར་ལོ་ལས་རེས་གཟའ་སྙིང་གའི་པདྨ་ལ་སྟེ་རབ་ཏུ་གསལ་བྱས་ཆུ་ཚོད་དྲུག་བཅུ་ལྟེ་བའི་པདྨ་ལ། སྨིན་མའི་དབུས་སུ་ཉིན་ཞག་རྐང་པ་མ་ནུ་སླར་ཡང་མི་བདག་ལོངས་སྤྱོད་འཁོར་ལོར་སྐར་མའོ། །སླར་ཡང་ལྟེ་བའི་པདྨར་རྒྱུ་སྐར་རྣམས་ཀྱི་ཆུ་ཚོད་རྣལ་འབྱོར་ལྡན་པ་དག་གིས་རིག་པར་བྱ། ཆུ་ཚོད་ཆུ་སྲང་གསལ་བར་མཐའ་དག་ལུས་ལ་ལག་པ་རྐང་པ་ལ་སོགས་དག་གི་ཚིགས་ལའོ། །ཞེས་གསུངས་པ་ཇི་ལྟ་བ་བཞིན་ཡིན་ལ། རང་འགྲེལ་དུ་གཟའ་རྣམས་སྙིང་གའི་ཞེས་སོགས་ཚིག་རིགས་ཅུང་ཟད་མི་མཐུན་པ་དྲངས་པ་ནི་ཙ་མི་ལོ་ཙཱ་བའི་འགྱུར་ཡིན་ནོ། །བཞི་པ་རྩ་ཐམས་ཅད་དུ་རྒྱུ་བའི་ཚུལ་ནི། དེ་ནས་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། ཚིགས་འཁོར་གྱི་རྒྱུ་ཚུལ་བཤད་པ་དེ་ནས་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་པོ་ཐམས་ཅད་དུ་རྒྱུ་ཚུལ་བཤད་ན། འདུས་པའི་དགོངས་པ་ལ་འབྱུང་བ་ལྔའི་རླུང་ཁོ་ན་རྒྱུ་བ་ཐུགས་རྡོ་རྗེའི་རིགས་ཀྱི་རྩ་ཉི་ཁྲི་བཞི་སྟོང་། ཁྲག་འབབ་པ་གསུང་རྡོ་རྗེའི་ངོ་བོ་ཉི་ཁྲི་བཞི་སྟོང་། དཀར་ཆ་འབབ་པ་སྐུ་རྡོ་རྗེའི་ངོ་བོ་ཉི་ཁྲི་བཞི་སྟོང་སྟེ། རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་པོ་ཐམས་ཅད་དུ་རླུང་གིས་ལས་བྱེད་པའི་ཕྱིར། ཞག་གཅིག་ལ་རྩ་དེ་རྣམས་སུ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ནི་ཕྱི་རོལ་དུ་ལོ་གཅིག་གི་དུས་སྦྱོར་དང་མཚུངས་པར་གསུངས་པས་ན། ཐུགས་རྡོ་རྗེའི་རིགས་ཀྱི་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞིར་དབུ་མའི་བདག་ཉིད་སྒྲ་གཅན་གྱི་རླུང་འགྲོ་བར་གསུངས་ལ། དཀར་ཆས་ཕྱེ་བ་སྐུའི་རིགས་ཀྱི་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞིར་ཟླ་བའི་ཁམས་ཀྱི་རླུང་དང་། དམར་ཆས་ཕྱེ་བ་གསུང་གི་རིགས་ཀྱི་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞིར་ཉི་མའི་ཁམས་ཀྱི་རླུང་རྒྱུ་བས་སམ། རྩ་རེ་རེར་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་རྒྱུ་བ་ཐུགས་རྡོ་རྗེའི་སྐབས་སུ་བཤད་པ་དེ་དང་མཉམ་པས། མདོར་བསྡུ་ན། རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་སུ་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་གོང་དུ་བཤད་པ་དེ་ལྟར་ནང་ན་རྒྱུ་བར་འགྱུར་ཞིང་། དབུགས་འབྱུང་རྔུབ་གཅིག་ཀྱང་བ་སྤུའི་མཐར་ཐུག་པར་འགྲོ་ཞིང་རྒྱུ་བ་ཡིན་ནོ། །ལྔ་པ་ཞར་ལ་འགག་པའི་ངེས་པ་ནི། གང་ཚེ་སོགས་ཚིག་རྐང་གཉིས་ཏེ། གང་གི་ཚེ་ལུས་ཅན་རྣམས་འཆི་བའི་ལྟས་ནི་ལྟེ་བའི་ལུག་ལ་སོགས་པ་རྩ་གཅིག་ཏུ་རླུང་གི་རྒྱུ་བ་འགགས་ནས་མི་རྒྱུ་བ་དེའི་ཚེ་ལུས་ཀྱི་ཕྱོགས་ཀུན་ཏུ་དེ་དང་འདྲ་བར་འགག་པས་རྩ་ཆེན་ཉི་ཤུ་རྩ་ཕྲན་དང་བཅས་པ་རྣམས་སུ་ཡང་ཆ་ཤས་དེ་ཙམ་རེ་འགག་པར་འགྱུར་བ་ལ་སོགས་པའི་རྒྱས་བཤད་འོག་སྡུད་རིམ་གྱི་སྐབས་སུ་འཆད་པར་འགྱུར་རོ། །གཉིས་པ་རྩིས་ཀུན་བསྡུས་པར་ཁ་འཕངས་པས་མཇུག་བསྡུ་བ་ནི། འདི་ལ་སོགས་ཚིག་རྐང་གཉིས་ཏེ། ནང་དུ་རླུང་རྒྱུ་ཚུལ་འདི་ལ་བརྟེན་ནས་རྟེན་འབྲེལ་སྣ་ཚོགས་པ་འཆར་བའི་རྣམ་གཞག་གི་དབྱེ་བ་དཔག་ཏུ་མེད་པ་ཡོད་ཀྱང་། ཕལ་ཆེར་ཕྱི་རོལ་གྱི་རྩིས་དང་མཚུངས་པ་ཡིན་ལ། དེ་ཡང་། ཕྱིར་ལོ་གཅིག་དང་ནང་དུ་ཞག་གཅིག །ཕྱིའི་ཟླ་བ་བཅུ་གཉིས་དང་ནང་དུ་འཕོ་ཆེན་བཅུ་གཉིས། ཕྱིའི་དབྱུག་གུ་དྲུག་བཅུ་དང་ནང་དུ་འཕོ་ཆུང་དྲུག་བཅུ། ཕྱིའི་ལོ་གཅིག་གི་ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་ནང་དུ་ཞག་གཅིག་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། ཕྱིའི་ལོ་གཅིག་ལ་ཞག་བཅུ་གཅིག་བཞི་ཆ་ལྷག་པ་དང་ནང་དུ་འཕོ་ཆུང་གཅིག་ལ་ཡེ་ཤེས་ཀྱི་རླུང་དྲག་པོ་རྐང་བཅས་འབྱུང་བ་སོགས་ཞིབ་ཏུ་རྗེ་ཉིད་ཀྱིས་མཛད་པའི་རྩིས་ཀུན་བསྡུས་པ་ལས་ཤེས་པར་བྱའོ། །གཉིས་པ་ཕྱིར་རྒྱུ་བའི་ཚུལ་ལ་གསུམ། སྤྱིར་བསྟན་པ། དུས་སྦྱོར་རྒྱས་བཤད། དབུ་མའི་ཆ་བཤད་པའོ། །དང་པོ་ལ་བཞི། འཇུག་སྒོ་བསྟན་པ། ཉི་ཟླའི་རླུང་རྒྱུ་ཚུལ། སྒྲ་གཅན་གྱི་རླུང་རྒྱུ་ཚུལ། དུས་སྦྱོར་གྱི་རླུང་རྒྱུ་བའི་ཐོག་མ་ངོས་བཟུང་བའོ། །དང་པོ་ནི། དེ་ནས་སོགས་ཚིགས་བཅད་གཅིག་སྟེ། ནང་དུ་རྒྱུ་ཚུལ་བཤད་པའི་རྗེས་དེ་ནས། ཕྱི་རོལ་དུ་རྒྱུ་བའི་ཚུལ་བཤད་ན་དེར་རྒྱུ་བའི་ལམ་ནི་བ་སྤུའི་སྒོ་དང་དབང་པོའི་སྒོ་ཀུན་ནས་ཆ་ཤས་ཙམ་རྒྱུ་ཡང་། ཁྱད་པར་དུས་སྦྱོར་དུ་གཏོགས་པའི་རླུང་ཐམས་ཅད་ཀྱི་འཇུག་པའི་སྒོ་ཆེན་པོ་ནི་ལྟེ་བའི་དཀྱིལ་འཁོར་ནས་རོ་རྐྱང་གི་རྩ་ཆེན་གཉིས་ལ་བརྒྱུད་ནས་སྣ་བུག་དུ་འབྱུང་བ་ཡིན་ནོ། །གཉིས་པ་ནི། གཡས་པ་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། སྣ་བུག་གཡས་པ་ནས་རྒྱུ་བ་ཉི་མའི་རླུང་དེ་ནི་ནུས་པ་ཟད་རིམ་གྱིས་རྒྱུ་བས་དུག་གི་རླུང་ཞེས་བྱ་ལ་ཐབས་ཀྱི་རང་བཞིན་ཡིན་ཀྱང་གསུང་རྡོ་རྗེའི་ངོ་བོ་ཡིན་ནོ། །ཞག་རེ་བཞིན་དུ་གཡས་པ་དེའི་རླུང་རྒྱུ་བའི་གྲངས་ནི་ཁྲི་དང་བཞི་བརྒྱ་དྲུག་བཅུ་རྩ་གཉིས་ཕྱེད་དང་བཅས་པ་རྒྱུ་བ་ནི་ཉི་མའི་རླུང་དུ་བརྗོད་ལ། སྣ་བུག་གཡོན་པ་ནས་རྒྱུ་བ་ཟླ་བའི་རླུང་དེ་ནི་འབྱུང་བ་འཕེལ་རིམ་གྱིས་རྒྱུ་བས་བདུད་རྩི་སྟེ་ཤེས་རབ་ཀྱི་རང་བཞིན་ཡིན་ཀྱང་སྐུ་རྡོ་རྗེའི་ངོ་བོ་ཡིན་ནོ། །ཞག་རེ་བཞིན་དུ་གཡོན་པ་དེའི་རླུང་རྒྱུ་བའི་གྲངས་ནི་ཁྲི་དང་བཞི་བརྒྱ་དྲུག་བཅུ་རྩ་གཉིས་ཕྱེད་དང་བཅས་པ་རྒྱུ་བ་ནི་ཟླ་བའི་རླུང་དུ་བརྗོད་དོ། །དེ་ལྟར་ན་སྣ་བུག་གཡས་གཡོན་སོ་སོ་ལ་རྒྱུ་བའི་ཞག་གཅིག་གི་ཉི་ཟླའི་རླུང་རྣམས་བསྡོམས་པས་ཉི་ཁྲི་དགུ་བརྒྱ་ཉི་ཤུ་རྩ་ལྔ་ཡིན་ལ། གཉིས་ཀ་ནས་མཉམ་དུ་རྒྱུ་བའི་སྒྲ་གཅན་གྱི་རླུང་ནི་ཞག་གཅིག་ལ་དྲུག་བརྒྱ་བདུན་བཅུ་རྩ་ལྔ་འོག་ཏུ་འཆད་པ་ལྟར་ཡིན་པས་ཀུན་སྡོམས་ན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར་རོ། །གསུམ་པ་ནི། དེ་གཉིས་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། སྣ་བུག་དེ་གཉིས་ཀྱི་དབུས་ནས་མཉམ་དུ་རྒྱུ་བའི་རླུང་དྲུག་བརྒྱ་དང་བདུན་བཅུ་རྩ་ལྔ་ནི་ཕྱི་རོལ་ཏུ་སྒྲ་གཅན་ལྟར་སྟོབས་དང་ལྡན་པས་སྒྲ་གཅན་གྱི་ཁམས་དང་ནམ་མཁའ་ལྟར་གོ་འབྱེད་པས་ནམ་མཁའི་རླུང་དང་དབུ་མ་ལ་འཇུག་པས་ཡེ་ཤེས་ཀྱི་རླུང་ཞེས་ཀྱང་བྱ་སྟེ། ངོ་བོ་ནི་ཐབས་ཤེས་གཉིས་སུ་མེད་པ་ཐུགས་རྡོ་རྗེའི་རང་བཞིན་ཡིན་ནོ། །ཡེ་ཤེས་ཀྱི་རླུང་དེ་ལ་ཡང་ངོ་བོའི་སྒོ་ནས་དབྱེ་བ་ཡིས་འོག་ནས་སྟོན་པ་ལྟར་ས་ལ་སོགས་པ་ལྔའི་བདག་ཉིད་དུ་འདོད་དེ། དཀྱིལ་འཁོར་ལྔ་པོ་རེ་རེ་ལ་ཡང་ཡེ་ཤེས་ཀྱི་ཆ་དྲག་པོ་རྐང་བཅས་ཡོད་པས་སོ། །བཞི་པ་དུས་སྦྱོར་གྱི་རླུང་རྒྱུ་བའི་ཐོག་མ་ངོས་བཟུང་བ་ནི། སྐྱེ་དུས་སོགས་ཚིག་རྐང་གསུམ་སྟེ། དུས་སྦྱོར་བཅུ་གཉིས་ཀྱི་རླུང་རྣམས་ཐོག་མར་གང་རྒྱུ་ཞེ་ན་མངལ་ནས་སྐྱེ་བའི་དུས་སུ་ལྟེ་བར་མ་དང་འབྲེལ་བའི་རྩ་ལ་མའི་རླུང་རྒྱུ་བ་ཆད་ཅིང་དེའི་རྗེས་ནས་རང་གི་སྣར་རྒྱུ་བའི་དང་པོ་དེ་ནི་ཀརྐ་ཊའི་ཁྱིམ་དུ་རྒྱུ་བར་བཤད་པ་སྟེ། ཕྱི་རོལ་ཏུ་ཉི་མ་ནབ་སོའི་གཞི་གསུམ་ཀརྐ་ཊའི་ཁྱིམ་དུ་སྐྱེས་པར་བཤད་པ་དང་ཆོས་མཐུན་པ་ཡིན་ནོ། །འདིའི་ཤེས་བྱེད་འགྲེལ་པར་དྲངས་པ་ནི་རྩ་མི་འགྱུར་ཡིན་ལ། ཤོང་འགྱུར་ལས། དེ་ཡང་དུས་སྦྱོར་ནི་ཀརྐ་ཊ་ནས་མི་ཡི་དབང་ཞེས་པ་འདིར་ཕྱི་རོལ་དུ་ཉི་མའི་སྐྱེ་བའི་ཁྱིམ་ནི་ཀརྐ་ཊའོ། །དེ་བཞིན་དུ་སྐྱེས་པ་ཐམས་ཅད་དུས་སྦྱོར་གང་དུ་སྐྱེས་པར་འགྱུར་བའི་ཁྱིམ་དེ་ནི་ཀརྐ་ཊའི་མིང་ཅན་དུ་རིག་པར་བྱ་སྟེ། སྲོག་སྐྱེ་བའི་གནས་སུ་འགྱུར་རོ། །ཞེས་པའི་རིགས་པས་ཏེ་དུས་སྦྱོར་ཀརྐ་ཊ་ནས་སོ། །ཞེས་གསུངས་སོ། །ཉི་མ་ཀརྐ་ཊའི་ཁྱིམ་དུ་སྐྱེས་ཤེས་པའི་གོ་དོན་ནི། །འཇིག་རྟེན་འདིར་བསྐལ་པ་དང་པོའི་མི་རྣམས་ཀྱི་ལུས་དྭངས་པས་འོད་ཀྱི་རང་བཞིན་དུ་ཡོད་ཅིང་། དུས་ཕྱིས་ཁམས་ཀྱི་ཟས་ལ་སྲེད་པས་བསོད་ནམས་བྲི་ནས་ལུས་རགས་སུ་སོང་སྟེ་འོད་ཉམས་པ་ན། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ལས་ཉི་མ་དང་ཟླ་བ་བྱུང་བས་ཉི་མ་ཐོག་མར་མཐོང་བ་དེ་ལ་སྐྱེས་པའི་ཐ་སྙད་བྱས་སོ། །དེ་ཡང་ཉི་མ་ཐོག་མར་ཤར་བའི་ཚེ་ཐ་སྐར་སོགས་ཁྱིམ་གྱི་དང་པོར་ཤར་བ་མ་ཡིན་ལ། ནབ་སོའི་བཞི་གསུམ་ཀརྐ་ཊའི་ཁྱིམ་ཤར་གྱི་རི་བོའི་རྩེར་མཐོང་མ་ཐག་ཁྱིམ་དེར་ཉི་མ་དང་པོར་མཐོང་ངོ་། །དེའི་ཕྱིར་ཉི་མ་ཀརྐ་ཊའི་ཁྱིམ་དུ་སྐྱེས་བར་དུས་ཀྱི་འཁོར་ལོ་ལས་གསུངས་སོ། །གཉིས་པ་དུས་སྦྱོར་རྒྱས་བཤད་ལ་གཉིས། ཐུན་མོང་དུ་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། དེ་ནི་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། དུས་སྦྱོར་གྱི་དང་པོ་ངོས་བཟུང་ནས་ད་ནི་དུས་སྦྱོར་གྱི་རླུང་རྒྱུ་བའི་ཚུལ་བཤད་པར་བྱའོ། །དེ་ཡང་། སྣར་འབྱུང་བའི་རླུང་ནི་ལྟེ་བ་ནས་ཇི་ལྟར་འབྱུང་ཞེ་ན། གོང་དུ་བསྟན་པའི་རྩ་བའི་རླུང་ལྔ་ཡན་ལག་གི་རླུང་ལྔ་ཆ་ཤས་ཕྲ་མོ་དང་བཅས་པའི་རླུང་རྣམས་ལུས་ཀུན་ནས་འདུས་ཏེ། འཁོར་ལོ་དྲུག་དང་བཅོ་བརྒྱད་ཡུལ་ཉི་ཤུ་རྩ་བཞིའི་རྩ་ལ་སོགས་པ་རིམ་པས་བརྒྱུད་ནས་ལྟེ་བར་གླང་སོགས་མཉམ་པའི་ཁྱིམ་དྲུག་དང་། ལུག་སོགས་མི་མཉམ་པའི་ཁྱིམ་དྲུག་སྟེ་ཁྱིམ་བཅུ་གཉིས་སུ་རེ་མོས་ཀྱིས་གཡས་དང་གཡོན་དུ་རྒྱུ་ཞིང་སྲོག་གི་ནུས་པ་བསྐྱེད་ནས་སྣ་བུག་གཡས་གཡོན་ནས་འབྱུང་བ་ཡིན་པས། ནང་གི་འཕོ་ཆེན་བཅུ་གཉིས་སུ་འགྱུར་ཏེ། ཕྱི་རོལ་དུ་དུས་སྦྱོར་བཅུ་གཉིས་དང་ཆོས་མཚུངས་སོ། །གཉིས་པ་ལ་གཉིས། འཕོ་བ་སོ་སོའི་གྲངས་དང་། འཕོ་བ་ཀུན་བསྡོམས་པའི་གྲངས་སོ། །དང་པོ་ལ་གཉིས། གཡས་པའི་འཕོ་བ་དང་། གཡོན་པའི་འཕོ་བའོ། །དང་པོ་ལ་གཉིས། འཕོ་ཆུང་གི་གྲངས་དང་། འཕོ་ཆེན་གྱི་གྲངས་སོ། །དང་པོ་ནི། ཉི་མ་སོགས་ཚིགས་བཅད་གཅིག་སྟེ། ཉི་མ་ལྷོ་བགྲོད་དང་འདྲ་བ་སྣ་བུག་གཡས་པ་ནས་འབྱུང་བ་བསྡུད་པའི་རིམ་པ་དང་མཐུན་པར་འབྱུང་བའི་རླུང་ལྔ་པོ་རིམ་པ་བཞིན་དང་པོར་ས་རླུང་སུམ་བརྒྱ་དང་དྲུག་བཅུའི་འཕོ་ཆུང་གཅིག་དེ་བཞིན་དུ་ཆུ་རླུང་དང་མེ་རླུང་དང་རླུང་གི་རླུང་དང་ནམ་མཁའི་རླུང་རྣམས་ལ་སུམ་བརྒྱ་དྲུག་བཅུ་དྲུག་བཅུ་སྟེ་སྣོད་བཅུད་འཇིག་པའི་རིམ་པ་དང་མཐུན་པར་རྒྱུའོ། །གཉིས་པ་ནི། འཕོ་ཆུང་ལྔ་པོ་ཀུན་བསྡོམས་པ་ལ་སྟོང་དང་བརྒྱད་བརྒྱའི་གྲངས་ཡོད་པ་དེ་ལ་འཕོ་ཆེན་གཅིག་གམ་དུས་སྦྱོར་གཅིག་གི་རླུང་ཞེས་བྱའོ། །ཞེས་རྐང་པ་གཅིག་གོ །གཉིས་པ་གཡོན་པའི་འཕོ་བ་ནི། དེ་འོག་སོགས་རྐང་པ་གསུམ་སྟེ། འཕོ་ཆེན་གཅིག་གཡས་ནས་རྒྱུས་པ་དེའི་འོག་ཏུ་སྣ་གཡོན་ནས་ཟླ་བའི་རླུང་རྒྱུ་བའི་ཚུལ་ནི་དང་པོར་ནམ་མཁའི་རླུང་འཕོ་ཆུང་གཅིག་ལ་སུམ་བརྒྱ་དང་དྲུག་བཅུ། དེ་བཞིན་དུ་རླུང་མེ་ཆུ་ས་རྣམས་སྣོད་བཅུད་ཆགས་པའི་རིམ་པ་དང་མཐུན་པར་གྲངས་ནི་གོང་མ་དང་མཚུངས་པར་རེ་རེ་ལ་སུམ་བརྒྱ་དྲུག་བཅུ་རེ་རྒྱུ་ཞིང་། དེ་རྣམས་བསྡོམས་པའི་སྟོང་བརྒྱད་བརྒྱ་ནི་སྔར་བཞིན་འཕོ་ཆེན་གཅིག་གོ །གཉིས་པ་འཕོ་བ་ཀུན་བསྡོམས་པའི་གྲངས་ནི། དེ་ལྟར་སོགས་རྐང་པ་གཉིས་ཏེ། འཕོ་ཆེན་རེ་ལ་སྟོང་བརྒྱད་བརྒྱ་རེ་ཡོད་པ་དེ་ལྟར་ན་འཕོ་བ་བཅུ་གཉིས་པོ་ཐམས་ཅད་ཀྱི་རླུང་ལ་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པའོ། །གསུམ་པ་དབུ་མའི་ཆ་བཤད་པ་ལ་བཞི། སྤྱིར་བསྟན་པ། དུས་སྦྱོར་ལ་རྒྱུ་བའི་ཆ་ཤས་ངོས་བཟུང་བ། དེའི་བྱེད་ལས། ལོ་གསུམ་ཕྱོགས་གསུམ་གྱི་ངེས་པ་བཤད་པའོ། །དང་པོ་ནི། དེ་ལ་སོགས་རྐང་པ་གཉིས་ཏེ། ཞག་གཅིག་གི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པ་དེ་ལ་ཡེ་ཤེས་ཀྱི་རླུང་གི་ཆ་ཤས་རྣམས་ཟུར་དུ་བཤད་པ་ནི་དབུགས་དྲུག་བརྒྱ་དང་བདུན་བཅུ་རྩ་ལྔ་ཡོད་པ་ཡིན་ནོ། །གཉིས་པ་ནི། འཕོ་བ་སོགས་ཤོ་ལོ་ཀ་གཅིག་སྟེ། འཕོ་བ་ཆེན་པོ་གཅིག་གི་རླུང་སྟོང་བརྒྱད་བརྒྱ་པ་རེའི་ནང་ན་ཡེ་ཤེས་ཀྱི་རླུང་ལྔ་བཅུ་ང་དྲུག་དང་བཞི་ཆ་གཅིག་ཡོད་ལ། དབྱུག་གུའམ་འཕོ་ཆུང་གཅིག་གི་རླུང་སུམ་བརྒྱ་དྲུག་བཅུའི་ནང་ན་ཡེ་ཤེས་ཀྱི་རླུང་བཅུ་གཅིག་དང་བཞི་ཆ་གཅིག་སྟེ། མདོར་བསྡུ་ན་དབུགས་གཅིག་ལ་ཡང་ཆ་ཤས་སུམ་བཅུ་སོ་གཉིས་སུ་ཕྱེ་བའི་ཆ་གཅིག་ཡེ་ཤེས་ཀྱི་རླུང་ཡིན་པ་བསགས་པ་ལ་བརྟེན་ནས་དེ་ལྟར་ཚོགས་པར་གྱུར་པ་ཡིན་ཞིང་། དེ་ཡང་ཞག་གཅིག་གི་རླུང་དང་འཕོ་ཆེན་གཅིག་གི་རླུང་དང་འཕོ་ཆུང་གཅིག་གི་རླུང་ལ་སུམ་བཅུ་སོ་གཉིས་ཀྱིས་སོ་སོར་བགོས་པའི་ཐོབ་ནོར་གྱིས་ཤེས་སོ། །གསུམ་པ་ནི། དེ་ཡང་སོགས་རྐང་པ་ལྔ་སྟེ། ཡེ་ཤེས་ཀྱི་རླུང་དེ་ཡང་ཕྱེད་ནི་དུས་སྦྱོར་གྱི་རླུང་དང་བསྡོངས་ནས་ཕྱིར་རྒྱུ་བ་ལས་སྲོག་ཟད་པར་བྱེད་ཅིང་ཚེའི་ནུས་པ་བྲི་ལ་ཕྱེད་ནི་ནང་དུ་དབུ་མར་རྒྱུ་བས་སྲོག་དང་ཡེ་ཤེས་འཕེལ་བར་བྱེད་ཅིང་ཚེའི་ནུས་པ་ཡང་འཕེལ་བས་ཕྱི་ནང་གཞན་གསུམ་པོ་ཐམས་ཅད་ཡེ་ཤེས་ཀྱི་རླུང་འདིའི་མ་འགགས་པའི་རོལ་པ་ལས་ཤར་བའི་ཕྱིར་རླུང་འདིའི་བྱེད་ལས་ཀྱི་གཙོ་བོ་ནི་ནང་དུ་གཟའ་བཅུའི་སྟོབས་འཕེལ་འགྲིབ་ཀྱི་རྩ་བ་ཡིན་པས་ནང་གི་གཟའ་བཅུ་ཀུན་གྱི་རྐང་པ་བྱེད་པ་སྟེ། ཕྱི་རོལ་ཏུ་གཟའ་ལྔའི་དལ་མྱུར་གྱི་རྐང་པ་དང་ཉི་ཟླའི་རྐང་པ་དང་དུ་བ་མཇུག་རིང་ལ་སོགས་པའི་རྩིས་དག་པར་བྱེད་པའི་རྐང་པ་ཡང་ཡེ་ཤེས་ཀྱི་རླུང་འདི་ལ་བརྟེན་པ་ཡིན་ཞིང་། ནང་དུ་སྣ་བུག་གཉིས་སུ་འབྱུང་བའི་རླུང་དང་དབང་པོའི་སྒོ་ལྔ་དང་སྤྱི་གཙུག་དང་ཐུར་དུ་འབྱུང་བའི་རླུང་ལ་སོགས་པ་རླུང་ཐམས་ཅད་དབུ་མའི་ཆ་ཤས་འདི་ལས་འབྱུང་བའི་དོན་ཡིན་ནོ། །རླུང་འདི་ཕྱི་རོལ་ཏུ་འགྲོ་བ་འཕེལ་བས་དབུ་མའི་འཆི་ལྟས་འཕེལ་བར་བྱེད་པ་ཡིན་ཞིང་། རྣལ་འབྱོར་གྱི་སྟོབས་ཀྱིས་ནང་དུ་འཕོ་མེད་དུ་ཟིན་ན་འཆི་བ་མེད་པའི་ཚེ་འགྲུབ་པར་བྱེད་དེ། རླུང་སེམས་ཀྱི་དྭངས་མ་ཉིད་འཆི་མེད་ཀྱི་བདུད་རྩི་ཡིན་པས་སེམས་ཅན་གྱི་གནས་སྐབས་སུ་ཚེ་འཕེལ་བ་ཡང་འདིས་བྱེད་ལ། མཆོག་གི་དངོས་གྲུབ་ཀྱང་འདི་ལས་འབྱུང་བ་ཡིན་ནོ། །བཞི་པ་ནི། ལོ་བརྒྱའི་སོགས་ཤོ་ལོ་ཀ་གཅིག་སྟེ། ལོ་བརྒྱའི་ཡེ་ཤེས་ཀྱི་རླུང་གི་རྒྱུ་བ་ཇི་སྙེད་པ་བསྡོམས་པ་ན། ལོ་གསུམ་དང་ཟླ་བ་ཕྱེད་དང་གཉིས་འབྱུང་སྟེ། དུས་འཁོར་ལས། སྐྱེས་བུ་ཚེ་ལོ་བརྒྱ་པའི་ལས་ཀྱི་རླུང་ཇི་སྙེད་པ་ཡེ་ཤེས་ཀྱི་རླུང་དུ་དག་པ་ན་སངས་རྒྱ་བ་ལ་དགོངས་ནས་ལོ་གསུམ་ཕྱོགས་གསུམ་གྱིས་རྡོ་རྗེ་འཆང་འགྲུབ་པར་གསུངས་པ་ཡང་། དོན་འདི་ཁོ་ནའོ། །འདི་ནི་རགས་པ་ཙམ་ཡིན་པས་ཟླ་བའི་ཤོལ་རྟོགས་པའི་སླད་དུ་ཞིབ་མོར་རྩིས་ན་ཕྱེད་བཅས་སོ་གཉིས་ཀྱི་ཆ་ཡེ་ཤེས་ཀྱི་རླུང་ཡིན་པས། དབུགས་སོ་གཉིས་ཕྱེད་བཅས་ན་ཡེ་ཤེས་ཀྱི་རླུང་རེ་ལས་རླུང་གི་གྲངས་ལ་ཆད། དེ་བསགས་པས་ཚེས་ཞག་སོ་གཉིས་ཕྱེད་བཅས་ན་ཞག་རེ་ཆད་ནས་ཁྱིམ་ཞག་ཕྱེད་དང་སོ་གཉིས་སུ་འགྱུར། དེའི་དབང་གིས་ཁྱིམ་ཟླ་སོ་གཉིས་ཕྱེད་བཅས་ན་ཟླ་བའི་ཤོལ་རེ་འབྱུང་བ་དང་། ཞག་འཕེལ་པ་ཚེས་ལྷག་པ་དང་སོགས་ཁོངས་ནས་ཟླ་བའི་ཤོལ་འཕེལ་བ་དང་ཚེས་ཆད་པའི་འགྲིབ་པ་རྣམས་རྣལ་འབྱོར་གྱི་སྟོབས་ཀྱིས་ཡེ་ཤེས་ཀྱི་རླུང་འདིའི་དོན་རྟོགས་པ་རྣམས་ལ་མ་ནོར་བར་འཆར་རོ། །སོག་འགྲེལ་ལས། ཚེ་ལོ་བརྒྱ་པའི་དབང་དུ་བྱས་ན་ལོ་དགུ་བཅུ་གོ་དྲུག་འཕེལ་འགྲིབ་མེད་པའི་ལོ་དང་གོ་བདུན་གྱི་ཡེ་ཤེས་ཀྱི་རླུང་ལ་ལོ་གསུམ་དང་ལྷག་མ་ལོ་གསུམ་པོའི་ཡེ་ཤེས་ཀྱི་རླུང་ལ་ཕྱོགས་གསུམ་དུ་མཛད་པ་ནི་རྩིང་གེ་སྟེ། ལོ་དགུ་བཅུ་གོ་བདུན་གྱི་ཡེ་ཤེས་ཀྱི་རླུང་ལ་ལོ་གསུམ་ལས་མེད་པ་དང་ལོ་གསུམ་གྱི་ཡེ་ཤེས་ཀྱི་རླུང་ལ་ཟླ་བ་ཕྱེད་དང་གཉིས་ཡོད་པ་འགལ་བས་སོ། །དེས་ན་ཉི་མའི་ཡེ་ཤེས་ཀྱི་ཆ་ལ་རགས་རྩིས་སུ་སོ་གཉིས་ཆ་དང་ཞིབ་མོར་ན་སོ་གཉིས་ཕྱེད་བཅས་ཀྱི་ཆ་ཤས་ཏེ། ལུགས་གཉིས་ཀ་དང་བསྟུན་ནས་མ་བཤད་ན་རགས་རྩིས་ཙམ་ལ་བརྟེན་ནས་ཟླ་བའི་ཤོལ་འདོན་ལུགས་མི་ཤེས་ཤིང་ཕྱེད་བཅས་སོ་གཉིས་ཆ་ཞིབ་རྩིས་ལ་བརྟེན་ནས་ལོ་བརྒྱའི་ཡེ་ཤེས་ཀྱི་རླུང་ལ་ལོ་གསུམ་ཕྱོགས་གསུམ་འབྱུང་བ་མི་ཤེས་པས་རྟོག་དཔྱོད་ཞིབ་མོར་འཇུག་དགོས་སོ། །གསུམ་པ་ཇི་ལྟར་རྒྱུ་བའི་རིམ་པ་ཁ་དོག་དང་སྟོབས་དང་ཡོན་ཏན་བཤད་པ་ལ་གསུམ། བསྟན་པ་དང་། བཤད་པ། རྩིས་ཀུན་བསྡུས་པའི་ལུང་དང་སྦྱར་བའོ། །དང་པོ་ནི། རླུང་རྣམས་སྣའི་ཕྱོགས་གང་དུ་རྒྱུ་བའི་རིམ་པ་དང་རླུང་གི་ཁ་དོག་དང་སྟོབས་ཀྱི་རིམ་པ་གཟའ་རྣམས་དང་སྦྱར་བ་ལས་གང་འགྲུབ་པའི་ཡོན་ཏན་ལ་སོགས་པ་འོག་ནས་འཆད་དོ་ཞེས་རྐང་པ་གཅིག་གསུངས་སོ། །གཉིས་པ་ལ་ལྔ། སྣའི་ཕྱོགས་གང་དུ་འབྱུང་བ། ཁ་དོག །གཟའ་རྣམས་དང་སྦྱར་བ། ལས་གང་འགྲུབ་པ། ཕྱིར་འགྲོ་བའི་རིང་ཐུང་ངོ་། །དང་པོ་ནི། དང་པོ་སོགས་ཚིགས་བཅད་གཅིག་རྐང་པ་དང་བཅས་པ་སྟེ། དོན་ཚན་ལྔ་པོ་དེའི་དང་པོ་ནི་ཞེས་མཚམས་སྦྱར་ནས། སྣའི་ཀ་བ་ནི་སྣ་གཉིས་ཀའི་བྱང་ན་གནས་ཏེ་དེའི་ཕྱོགས་སུ་བརྡབས་ནས་རྒྱུ་བ་ནི་གཡས་གཡོན་གཉིས་ཀའི་ཆུ་རླུང་ཡིན་ལ། དེ་ཡང་འགྲེལ་ཆེན་ལས། སྣ་བུག་གཡོན་དང་གཡས་པ་དག་ལ་གཡོན་དུ་ཆུ་འབབ་བོ། །དབུས་ཀྱི་རེ་ཁ་ལ་མངོན་པར་ཕྱོགས་པའི་སྣའི་བུག་པ་གཉིས་ཏེ་ཐམས་ཅད་ཀྱི་བྱང་ན་ལྷུན་པོའོ། །ཞེས་པའི་ཤེས་པར་བྱེད་པ་ལས་སོ། །ཞེས་གསུངས་པའི་དོན་ཡིན་ནོ། །སྣའི་ཕྱི་རོལ་གཉིས་ནས་རྒྱུ་བ་ནི་མེ་རླུང་དུ་འདོད་དོ། །སྟེང་ཕྱོགས་གཉིས་ནས་རྒྱུ་བ་ནི་རླུང་གི་རླུང་ཡིན་ཏེ། འོག་གི་མ་ཆུ་ལ་བརྟེན་པ་གཉིས་ནི་ས་རླུང་ཡིན་ཞིང་། དབུས་ནས་རྒྱུ་བ་ལ་ཚུལ་གཉིས་ལས་ཕྱོགས་གཅིག་གི་དབུས་ནས་རྒྱུ་བ་ནི་ནམ་མཁའི་རླུང་དང་གཉིས་ཀའི་དབུས་ནས་མཉམ་དུ་རྒྱུ་བ་ནི་ཡེ་ཤེས་ཀྱི་ཁམས་སོ། །གཉིས་པ་ནི། ཁ་དོག་སོགས་རྐང་པ་གཉིས་ཏེ། རླུང་དེ་རྣམས་ཀྱི་ཁ་དོག་ནི་ས་རླུང་སེར་ཆུ་རླུང་དཀར་མེ་རླུང་དམར། རླུང་གི་རླུང་ནག །ནམ་མཁའི་རླུང་སྔོན་པོར་འདོད་ཅིང་ཡང་ན་ནམ་མཁའི་རླུང་སྣ་ཚོགས་པའི་མདོག་ཅན་ལྗང་གུའོ། །ཁ་ཅིག །ཡེ་ཤེས་ཀྱི་རླུང་ནི་ལྗང་གུར་བཤད་དེ། ཁ་དོག་མེད་པའི་ཁ་དོག་ཅན་ནོ་ཞེས་དམ་བཅས་ནས། དེའི་ཤེས་བྱེད་དུ། ཡེ་ཤེས་ནམ་མཁའ་ལ་ཡང་སྔོན་པོ་ལྗང་གུར་འགྱུར་ཏེ། ཞེས་པའི་རྒྱུད་ཚིག་འདྲེན་མོད། ལྗང་གུ་ལ་ཁ་དོག་མེད་པའི་ཁ་དོག་ཏུ་བཤད་པ་མེད་ཅིང་། ལྗང་གུར་གསུངས་པ་འདི་ནི། ཡེ་ཤེས་ལས་ནི་ཐམས་ཅད་པ། །ཞེས་གསུངས་པ་དང་བསྟུན་ནས་ལས་དང་མཐུན་པའི་ཁ་དོག་སྣ་ཚོགས་མདོག་ཏུ་དགོངས་པའི་དབང་གིས་གསུངས་ལ། དེ་ཡང་དཔེར་ན་རབ་ཏུ་དྭངས་པའི་ཤེལ་རང་གི་ཁ་དོག་གང་དུ་ཡང་མ་གྲུབ་པ་ཞིག་དར་ལྗང་གུའི་སྟེང་དུ་བཞག་ན་ལྗང་གུར་སྣང་བ་ལྟ་བུའོ། །ཁ་དོག་མེད་པའི་ཁ་དོག་ནི་ནམ་མཁའི་ཁ་དོག་དང་འདྲ་བར་གསུངས་པས། དཀར་སེར་དམར་ནག་སྔོ་ལྗང་གང་གི་ཡང་ཁ་དོག་ཏུ་མེད་ཅིང་རྐྱེན་གཞན་དང་ཕྲད་ན་ཁ་དོག་གི་རྣམ་པར་སྣང་དུ་རུང་བས་ཁ་དོག་མེད་པའི་ཁ་དོག་གོ །དེས་ན་ཁ་དོག་མེད་པའི་ཁ་དོག་ཅན་ཡིན་གྱི་ལྗང་གུ་ནི་མ་ཡིན་པས། གོང་འོག་འགལ་བ་མེད་པར་འཆད་ཤེས་དགོས་སོ། །གསུམ་པ་ལ་གཉིས། གཡས་ནས་རྒྱུ་བ་ལྔ་དྲག་གཟའི་སྟོབས་དང་སྦྱར་བ། གཡོན་ནས་རྒྱུ་བ་ལྔ་ཞི་གཟའི་སྟོབས་དང་སྦྱར་བའོ། །དང་པོ་ནི། འདི་དག་སོགས་རྐང་པ་ཕྱེད་དང་གསུམ་སྟེ། རླུང་འདི་དག་གཟའི་སྟོབས་དང་སྦྱར་བ་ནི་གཡས་པ་ནས་རྒྱུ་བ་རྣམས་རིམ་པ་བཞིན་དབྱངས་རིང་པོ་དང་དྲག་གཟའ་རྣམས་ཏེ། ས་རླུང་ནི་སྤེན་པ་དང་ལཱྀ་ཡིག་གོ །སོགས་པས་ཆུ་རླུང་ཕུར་བུ་དང་ཨཱུའོ། །མེ་རླུང་བཀྲ་ཤིས་སྟེ་མིག་དམར་དང་རཱྀ་ཡིག་གོ །རླུང་གི་རླུང་ཉི་མ་དང་ཨཱི་ཡིག་གོ །ནམ་མཁའི་རླུང་དུས་མེ་དང་ཨཱའོ། །གཉིས་པ་ནི། གཡོན་པ་སོགས་རྐང་པ་ཕྱེད་དང་གསུམ་སྟེ། གཡོན་པ་ནས་རྒྱུ་བ་རྣམས་རིམ་པ་བཞིན་ཡི་གེ་ཐུང་ངུ་དང་ཞི་གཟའ་སྟེ་མཁའ་རླུང་སྒྲ་གཅན་དང་ཨ་རླུང་གི་རླུང་ཟླ་བ་དང་ཨི་མེ་རླུང་གཟའ་ལག་དང་རྀ་ཆུ་རླུང་པ་སངས་དང་ཨུ་ས་རླུང་མཇུག་རིང་དང་ལྀའོ། །དེ་ལྟར་ན་སྣ་གཡས་ནས་འབྱུང་བ་ལྔའི་རླུང་དྲག་གཟའི་སྟོབས་དང་མཐུན་པར་རྒྱུ་བ་ནི་འབྱུང་བ་བསྡུད་པའི་རིམ་པ་ཇི་ལྟ་བ་བཞིན་ཡིན་པས་མི་དགེ་ལ། སྣ་གཡོན་ནས་འབྱུང་བ་ལྔའི་རླུང་ཞི་གཟའི་སྟོབས་དང་མཐུན་པར་རྒྱུ་བ་ནི་འབྱུང་བ་འཕེལ་བའི་རིམ་པ་ཇི་ལྟ་བ་བཞིན་རྒྱུ་བས་དགེ་བའོ། །དེས་ན་མན་ངག་པ་འགའ་ཞིག་གིས་རླུང་གཡོན་ནས་རྒྱུ་བའི་ཚེ་ཉམས་ལེན་ལ་འཇུག་པ་ཡང་དོན་འདི་ཁོ་ན་ལ་བསམས་ལ། སོར་བསྡུད་ཀྱི་དུས་མཚམས་ལ། གཡས་པ་ས་ཡི་དུས་མཚམས་སུ། །ཞེས་པ་བསྡུད་རིམ་གྱི་དང་པོར་རྣམ་རྟོག་བསྡུད་སླ་བ་ལ་དགོངས་སོ། །དེ་ལྟ་མོད་ཀྱི་གཡས་གཡོན་ནས་གཟུང་འཛིན་རྒྱུ་བས་ཡེ་ཤེས་འཕེལ་བར་འདོད་པ་དག་གིས་ནི་ཡོན་པོ་བསྲོང་བའི་མན་ངག་ལ་འབད་པ་གལ་ཆེ་བར་སྣང་ངོ་། །དེ་ལྟར་གཟའ་རྣམས་དང་སྦྱར་བ་ནི་ཕྱིའི་དུས་སྦྱོར་ཇི་ལྟ་བ་བཞིན་དུ་ནང་དུ་ཡང་དགེ་མི་དགེ་ལ་སོགས་པའི་ལྟས་ཕྱིན་ཅི་མ་ལོག་པར་འཆར་བ་ཡིན་ནོ། །བཞི་པ་ལ་གཉིས། ལས་རླུང་གིས་གང་འགྲུབ་དང་། ཡེ་ཤེས་ཀྱིས་གང་འགྲུབ་བོ། །དང་པོ་ནི། ཕུང་པོ་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། བཤད་མ་ཐག་པའི་རླུང་བཅུ་དང་གཟའི་སྟོབས་དེ་རྣམས་ལས་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་ཁབ་ལེན་གྱིས་ཐག་རིང་པོའི་ལྕགས་འདྲེན་པ་དེ་དང་མཐུན་པ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཕྱི་ནང་གི་ཆོས་ཐམས་ཅད་རང་རང་གི་ནུས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར། ནམ་མཁའི་རླུང་དང་དེའི་གཟའ་ནི་བསད་པ་མངོན་སྤྱོད་ཀྱི་ལས་དང་། སླར་གསོ་བའི་ལས་ཀུན་འགྲུབ་ལ། རླུང་གི་རླུང་དང་གཟའ་ནི་བསྒྲུབ་བྱ་གཞན་དུ་བསྐྲད་པ་དང་བསད་པ་སྟེ། མེའི་རླུང་དང་གཟའ་ནི་བསྒྲུབ་བྱ་དབང་དུ་བྱ་བ་དང་དགུག་པ་དང་། ཆུའི་རླུང་དང་གཟའ་ནི་ནད་གདོན་སོགས་ཞི་བ་དང་ཚེ་དང་བསོད་ནམས་རྒྱས་པར་བྱེད་པའོ། །སའི་རླུང་དང་གཟའ་ནི་བསྒྲུབ་བྱའི་ལུས་ངག་ཡིད་གསུམ་རེངས་པ་དང་རྨོངས་པའི་ལས་འགྲུབ་སྟེ། ཀྱཻ་རྡོ་རྗེ་ལས། འདི་ལ་ཐེ་ཚོམ་མི་བྱ་སྟེ། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། །ཅེས་གསུངས་པས་སོ། །གཉིས་པ་ནི། ཡེ་ཤེས་ཀྱི་རླུང་གིས་བསད་པ་མ་གཏོགས་ལས་ནི་ཐམས་ཅད་པ་འགྲུབ་ཅེས་དུས་འཁོར་ལས་གསུངས་ཤིང་། ཡེ་ཤེས་ཀྱི་རླུང་རྒྱུ་བའི་དུས་ནི་འཕོ་ཆེན་གཉིས་ཀྱི་ཐུན་མཚམས་རླུང་མཉམ་དུ་རྒྱུ་བའི་དུས་སོ། །འགྲེལ་ཆེན་ལས། སླར་སྣ་ཕུག་གཉིས་ལ་ཅིག་ཅར་དུ་མཉམ་དུ་འབབ་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་འབབ་སྟེ། ཞེས་གསུངས་པའི་དོན་ཡིན་ནོ། །ལྔ་པ་ཕྱིར་འགྲོ་བའི་རིང་ཐུང་ནི། ཕྱི་རོལ་ཞེས་སོགས་རྐང་པ་གསུམ་སྟེ། རླུང་སྣའི་སྒོ་ནས་ཕྱི་རོལ་དུ་འགྲོ་བའི་ཚེ། ས་རླུང་ནི་སོར་བཅུ་གཉིས་སུ་འགྲོ་ཞིང་ཆུ་རླུང་སོར་བཅུ་གསུམ་མེ་རླུང་སོར་བཅུ་བཞི་རླུང་གི་རླུང་བཅོ་ལྔ་ནམ་མཁའི་རླུང་སོར་བཅུ་དྲུག་གི་བར་དུ་འགྲོ་ཞིང་དེ་ནས་ལྡོག་གོ །དེའི་རྒྱུ་མཚན་འབྱུང་བ་ལྕི་ཡང་གི་ཡོན་ཏན་གྱི་དབང་གིས་རིམ་པ་བཞིན་སྔ་མ་ལས་ཕྱི་མ་རིང་བ་སྟེ། ས་ཆུ་མེ་རླུང་ནམ་མཁའ་རྣམས་ཕྱི་མ་ལས་སྔ་མ་ལྕི་བས་ཐག་རིང་ཐུང་དུ་གྱུར་པའོ། །འདི་ནི་དུས་ཀྱི་འཁོར་ལོའི་ལུགས་ཡིན་ལ། གསང་འདུས་ཀྱི་མན་ངག་འགའ་ཞིག་ལས། སྤྱི་བོའི་འཁོར་ལོ་ནས་རླུང་གི་རླུང་འབྱུང་པས་སོར་ཉི་ཤུ་དང་། མགྲིན་པ་ནས་མེ་རླུང་འབྱུང་བས་སོར་བཅོ་བརྒྱད་དང་སྙིང་ག་ནས་ཆུ་རླུང་འབྱུང་བས་སོར་བཅུ་དྲུག་དང་། ལྟེ་བའི་འཁོར་ལོ་ནས་ས་རླུང་འབྱུང་བས་སོར་བཅུ་གཉིས་སུ་བཞེད་པར་སྣང་བ་ནི་ནང་གི་འབྱུང་ས་ཐག་རིང་ཐུང་ལ་དགོངས་པ་ཡིན་ནོ། །གསུམ་པ་རྩིས་ཀུན་བསྡུས་པའི་ལུང་དང་སྦྱར་བ་ནི། རྟེན་འབྲེལ་སོགས་རྐང་པ་གཉིས་ཏེ། ཕྱི་ནང་མཚུངས་པར་རྟེན་འབྲེལ་བཅུ་གཉིས་འཆར་བའི་རྩིས་དང་དབྱངས་དང་གསལ་བྱེད་སྦྱར་བའི་རྩིས་དང་། ནང་དུ་རྟེན་འབྲེལ་ཤར་བས་ཕྱིར་གཞན་ལ་ལུང་སྟོན་པ་ལ་སོགས་པ་ནི་རང་བྱུང་རྡོ་རྗེ་ཁོ་བོས་དུས་ཀྱི་འཁོར་ལོའི་མན་ངག་སྣང་བ་ཞེས་བྱ་བ་རྩིས་ཀྱི་གཞུང་ཀུན་ལས་བསྡུས་པའི་བསྟན་བཅོས་ཀྱི་རྟོག་པ་ཕྱི་མར་བཤད་ཡོད་པས་རྒྱས་པར་ཤེས་འདོད་ན་དེ་བལྟ་བར་བྱ་ཞིང་། རླུང་གི་རྒྱུ་ཚུལ་ལས་གཞན་ལ་ལུང་སྟོན་པར་བྱེད་པ་གཞུང་དེར་གསུངས་པ་ནི། གཡོན་ནས་རྒྱུ་བ་མྱུར་འགྲུབ་ཅིང་། །གཡས་ཕྱོགས་མི་འགྲུབ་ངན་པ་སྟེ། །དབུ་མར་བཏང་སྙོམས་ལས་རྣམས་འགྱང་། །གཞན་ཡང་གཡས་ཀྱི་དུས་སྦྱོར་དུ། །རྒྱུ་དུས་གཡུལ་འགྱེད་གང་འདྲི་བ། །དུས་མེས་འཆི་བར་སྟོན་པ་སྟེ། །རླུང་དུ་ཉི་མས་ཡན་ལག་ཉམས། །མེར་ནི་མིག་དམར་གྱིས་གནད་འགྱུར། །ཆུར་ནི་ཕུར་བུ་ཉེན་ཆེའོ། །སར་ནི་སྤེན་པ་འཆར་བ་ཡིས། །གཡུལ་དུ་ཡུན་རིང་རྩོད་པར་འགྱུར། །ནད་པ་རྣམས་ལ་གོ་རིམ་བཞིན། །འཆི་དང་ཉོན་མོངས་རྨ་དོད་དང་། །བཅོས་འཚོ་ནད་ཡུན་རིང་བར་འགྱུར། །ཡུལ་གྱི་ལྟད་མོ་བག་མ་དང་། །ཞི་དང་རྒྱས་པའི་ལས་རྣམས་ཀུན། །འདི་དག་བཟང་བ་མ་ཡིན་ཏེ། །འབྲས་བུ་སྣ་ཚོགས་སྔ་མ་བཞིན། །གང་གིས་གཡོན་པའི་དཀྱིལ་འཁོར་དུ། །གཡོན་ངོས་སྒྲ་གཅན་འཆར་ཚེ་འདྲི། །དགྲ་རྣམས་ཕར་ལ་འཇོམས་པར་འགྱུར། །ཟླ་བ་རླུང་སྟེ་དགྲ་བོ་ཡི། །ཡན་ལག་འགའ་ཞིག་ཉམས་བྱེད་འགྱུར། །མེ་ལ་གཟའ་ལག་དགྲ་བོ་རྨས། །པ་སངས་ཆུ་སྟེ་ནོར་ཐོབ་འགྱུར། །ས་ཡི་དཀྱིལ་འཁོར་མཇུག་རིང་འཆར། །དགྲ་རྣམས་རང་གི་དབང་དུ་འགྱུར། །ནད་པ་རྣམས་ནི་འཚོ་བ་དང་། །དགའ་སྟོན་འཇིག་རྟེན་བྱ་བ་ཡི། །ཞི་དང་རྒྱས་ཀུན་མྱུར་འགྲུབ་བྱེད། །སྒྲ་གཅན་མ་གཏོགས་གཞན་རྣམས་དག །དྲག་པོའི་ལས་ལ་སྟོབས་ལྡན་མིན། །གཞན་ཡང་རང་ཉིད་མཉམ་བཞག་དུས། །དུས་མིན་ཕྱིན་ཅི་ལོག་འཕོ་ན། །གཡོན་གྱི་ཕྱོགས་རྣམས་སྔར་ལྟར་བཟང་། །ནོར་དང་ཟས་དང་ལོངས་སྤྱོད་འཐོབ། །གཡས་ཕྱོགས་དུས་མིན་འཕོ་བ་ངན། །ནད་དང་ནོར་ཉམས་འཇིགས་སྐྲག་དང་། །གཏམ་ངན་ཐོས་པར་འགྱུར་བའི་རྟགས། །ཇི་ལྟར་ཡུན་རིང་ཕྱིན་ལོག་རྒྱུ། །འཆི་བའི་ལྟས་སུ་སྟོན་པར་བྱེད། །དེ་སོགས་དཔག་ཏུ་མེད་པ་ཡིན། །ཞེས་སོ། །གལ་ཏེ་བློ་བུར་དུ་འཆི་བའི་ལྟས་བྱུང་ན་བཟློག་པའི་ཐབས་ཀྱང་རང་འགྲེལ་ལས། །ཐོག་མར་ལུས་ཀྱི་ངལ་དུབ་བསལ། །རྩ་དག་པ་ཡི་སྦྱོར་བ་བསྒོམ། །རྐང་པ་སྐྱིལ་དཀྲུང་ལུས་བསྲང་ནས། །ལག་གཉིས་མཆན་ཁུང་འཕར་རྩ་བསྡམ། །སྟེང་འོག་བར་གསུམ་མཉམ་བཅིངས་ནས། །ལུས་ཀུན་རླུང་གིས་དགང་བར་བྱ། །ཞག་བདུན་གྱིས་ནི་འཆི་བ་འཕྲོག །ཅེས་གསུངས་སོ། །བཞི་པ་རྒྱུད་ཕན་ཚུན་དགོངས་པ་མི་འགལ་བར་བསྟན་པ་ལ་གསུམ། མཚམས་སྦྱར་བ། རྒྱུད་བཀོད་པ། དེའི་དོན་བཤད་པའོ། །དང་པོ་ནི། རླུང་ལྔ་སྟེང་དུ་རྒྱུ་བའི་ཚུལ་འདི་ནི། རྡོ་རྗེ་ཕྲེང་བ་ལས་གསུངས་པའི་རྒྱུད་ཀྱི་ཚིག་བཀོད་ནས་དེ་དང་བཤད་མ་ཐག་པའི་དུས་ཀྱི་འཁོར་ལོའི་དགོངས་པ་མི་འགལ་བར་འཆད་དོ་ཞེས་རྐང་པ་གཅིག་གསུངས་པ་ནི་མཚམས་སྦྱར་བ་སྟེ། དེ་གཉིས་མི་འགལ་ཀྱང་། འགལ་བར་རྟོག་པ་དེའི་ངོར་དོགས་པ་བཅད་པར་བྱ་བའོ། །དེ་ཡང་ཡུལ་གང་ལ། གང་ཟག་གང་གིས། ཚུལ་ཇི་ལྟར་དོགས་པ་གསུམ་བཀོད་ནས་བསལ་བར་བྱ་སྟེ། ཡུལ་ནི། དང་པོ་སྣ་ཡི་ཀ་བ་ནི། ཞེས་སོགས་ཀྱི་སྐབས་སུ་འཕོ་ཆེན་རེའི་ནང་དུ་ནམ་མཁའི་རླུང་སུམ་བརྒྱ་དང་དྲུག་བཅུ་རེ་སྟེང་དུ་རྒྱུ་བར་བཤད་པ་དེ་ལ་དོགས། གང་ཟག་ནི་འདུས་པ་འཕགས་ལུགས་དང་སེམས་འགྲེལ་སྐོར་གསུམ་འགལ་བར་འདོད་པའི་སྐྱེ་བོ་བློ་དམན་པ་རྣམས་སོ། །ཚུལ་ནི། གོང་དུ་སེམས་འགྲེལ་དང་མཐུན་པར་དུས་སྦྱོར་བཅུ་གཉིས་ཀྱི་རླུང་འཕོ་ཆེན་རེའི་ནང་དུ་ནམ་མཁའི་རླུང་འཕོ་ཆུང་རེ་དུས་རྒྱུན་དུ་རྒྱུ་བར་བཤད་པ་དང་། འདུས་པ་ལས་ནམ་མཁའི་མགོན་པོ་ཞེས་བྱ་བའི་རླུང་འཆི་བའི་ཚེ་ཁོ་ན་རྒྱུ་བར་བཤད་པ་གཉིས་དགོངས་པ་མི་ཅིག་གོ་སྙམ་པའི་ཚུལ་གྱིས་སོ། །འདི་འདྲ་བའི་དོགས་པ་གང་སྐྱེས་པ་དེ་ནི་བློ་ཆུང་དུ་ཁོ་ན་སྟེ། རྒྱུད་དེ་གཉིས་དགོངས་པ་མི་འགལ་བས་སོ། །ཞེས་འོག་ནས་འབྱུང་བའི་གཞུང་ཚིགས་བཅད་བརྒྱད་ལ་རང་འགྲེལ་གྱིས་བཤད་པ་མཛད་པའི་སྙིང་པོ་ནི་འདི་ཡིན་ཏེ། འཕོ་ཆུང་ལྔའི་ནམ་མཁའི་རླུང་དང་མུན་པ་ཆེན་པོའི་རླུང་ལ་ནམ་མཁའི་མགོན་པོར་བཤད་པ་གཅིག་པར་འཁྲུལ་པའི་དབང་ལས་དོགས་པ་འདི་ཤར་བར་སྣང་ལ། དེ་གཉིས་མི་ཅིག་པའི་ཚུལ་ནི་བཤད་ཟིན་དང་འཆད་འགྱུར་ལས་ཤེས་པར་བྱ་ཞིང་། རྡོ་རྗེ་ཕྲེང་བའི་ལུང་འོག་ནས་འབྱུང་བ་འདི་ནི། རྡོ་རྗེའི་བཟླས་པའི་དག་པ་སྟོན་བྱེད་ཡིན་པས། འབྱུང་ཆེན་གྱི་དཀྱིལ་འཁོར་ལྔའི་ནང་ནས་དང་པོ་བཞི་ནི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེའི་བཟླས་པའི་ཡུལ་དང་། མུན་པ་ཆེན་པོའི་རླུང་ནམ་མཁའི་མགོན་པོ་ཕྱི་རོལ་དུ་འབྱུང་བ་འགོག་པའི་ཐབས་སུ་ཡང་རྡོ་རྗེའི་བཟླས་རིམ་བཞི་གསུངས་སོ། །ཞེས་བྱ་བའི་དོན་ནོ། །དུས་འཁོར་ལས་འཆི་བའི་ཚེ་ཞག་གཅིག་ཏུ་མུན་པ་ཆེན་པོའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བར་གསུངས་པ་དང་། རྡོ་རྗེ་ཕྲེང་བའི་གཞུང་འདི་དགོངས་པ་གཅིག་ཅིང་། རླུང་དེའི་ཆ་ཤས་དུས་སྦྱོར་གྱི་རླུང་དང་འདྲེས་པའི་ཚུལ་དུ་རྒྱུ་བས། དྲངས་མ་ཐག་པའི་འཆི་བ་བཟློག་ཐབས་ཚིག་རྐང་པ་བདུན་པོ་འདི་རྒྱུད་འགྲེལ་ལས་བསྡུ་བ་མཛད་པར་སེམས་སོ། །གཉིས་པ་ལ་གསུམ། བསྒྲུབ་བྱ་རྡོ་རྗེའི་བཟླས་པ་བཤད་པ། དགག་བྱ་མུན་པ་ཆེན་པོའི་རླུང་བཤད་པ། བཟླས་པ་བྱ་བའི་ཚུལ་ལོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སྣའི་སོགས་ཚིགས་བཅད་གཅིག་སྟེ། རྒྱུད་རྡོ་རྗེ་ཕྲེང་བ་ལས་ས་ཆུ་མེ་རླུང་ནམ་མཁའི་རླུང་གི་དཀྱིལ་འཁོར་ལྔ་སྟེང་དུ་སྣའི་བུ་ག་ལས་བྱུང་ཞིང་ཡང་དག་པར་རྒྱུ་ལ། དེ་ཡང་རྡོ་རྗེའི་བཟླས་པའི་ཡུལ་ནི་གཡོན་པ་ནས་རྒྱུ་བ་དང་གཡས་པ་ནས་རྒྱུ་བ་དང་། གཉིས་ཀ་ནས་རྒྱུ་བ་དང་དལ་ཞིང་རྒྱུ་བ་མེད་པར་རྒྱུ་བ་དང་རྣམ་པ་བཞིའོ། །གཉིས་པ་ལ་བཞི། གསུང་རྡོ་རྗེའི་བཟླས་རིམ། སྐུ་རྡོ་རྗེའི་ཡེ་ཤེས་རྡོ་རྗེའི། ཐུགས་རྡོ་རྗེའི་བཟླས་རིམ་མོ། །དང་པོ་ནི། གཡས་པ་སོགས་ཤོ་ལོ་ཀ་གཅིག་སྟེ། སྣ་གཡས་པ་ནས་ནི་འབྱུང་བའི་རླུང་འབྱུང་ཆུང་གི་དཀྱིལ་འཁོར་ལྔ་པོ་འདི་ནི་ཉི་མའི་ཁམས་གཙོ་བོར་གྱུར་པས་མེའི་དཀྱིལ་འཁོར་ཉིད་ཡིན་ཏེ། ཁ་དོག་དམར་པོ་དབང་དང་དགུག་པ་སོགས་ལས་ཐམས་ཅད་འགྲུབ་པས་བཟང་པོ་འདི་པདྨའི་མགོན་པོ་འོད་དཔག་ཏུ་མེད་པའི་རིགས་ཁྲོ་བོ་པདྨ་མཐར་བྱེད་ལ་སོགས་པའམ་གསུང་རྡོ་རྗེའི་རང་བཞིན་རྒྱུ་བ་ཡིན་པས་ལྷ་དེ་དག་ཏུ་རྒྱས་བཏབ་ལ་ཡི་གེ་ཨཱཿའི་བཟླས་པ་དང་ལྷན་ཅིག་བསྒྲུབ་པའོ། །གཉིས་པ་ནི། གཡོན་པ་སོགས་ཤོ་ལོ་ཀ་གཅིག་སྟེ། སྣ་གཡོན་པ་ནས་འབྱུང་བའི་རླུང་འབྱུང་ཆུང་གི་དཀྱིལ་འཁོར་ལྔ་ནི་ཟླ་བའི་ཁམས་ཤེས་རབ་ཀྱི་རང་བཞིན་ཡིན་ཀྱང་། མཐུན་པའི་ལས་ཐམས་ཅད་བསྒྲུབ་པའི་ཕྱིར་རླུང་གི་དཀྱིལ་འཁོར་དང་འདྲེས་པས་ཁ་དོག་ལྗང་སེར་དག་དུ་སྣང་བ་སྟེ། ཞི་སོགས་བསྒྲུབ་པར་བྱེད་པ་སྐུ་རྡོ་རྗེ་དང་ལས་ཀྱི་མགོན་པོ་དོན་ཡོད་གྲུབ་པ་འདྲེས་པའི་རང་བཞིན་དུ་རྒྱུ་བས་དེ་དག་གིས་རྒྱས་བཏབ་པའི་ལྷ་དང་ཡི་གེ་ཨོཾ་གྱི་བཟླས་པ་དང་ལྷན་གཅིག་བསྒྲུབ་པའོ། །གསུམ་པ་ནི། གཉིས་ཀ་སོགས་རྐང་པ་གསུམ་སྟེ། སྣ་གཉིས་ནས་དྲག་ཏུ་དང་སྟེང་འོག་གཉིས་ཀ་ནས་ནི་འབྱུང་བའི་རླུང་འབྱུང་ཆུང་གི་དཀྱིལ་འཁོར་ལྔ་ནི་དབང་ཆེན་སའི་ཁམས་ཀྱི་རང་བཞིན་ཁ་དོག་གསེར་མདོག་དུ་སྣང་བ་ལྟེ་བ་ནས་ཐུར་སེལ་ཡེ་ཤེས་ཀྱི་ཁམས་དཀར་དམར་ལྷན་ཅིག་པའི་རིན་ཆེན་མགོན་པོ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དུ་རྒྱུ་བས། རིགས་ངེས་རྒྱས་བཏབ་པའི་ལྷ་དང་གོང་བུའི་གཟུགས་ཀྱིས་འོག་གི་སྣ་རྩེར་བཅིངས་ཏེ་བདེ་བ་ཆེན་པོར་རོ་མཉམ་པ་ཡེ་ཤེས་རྡོ་རྗེའི་བཟླས་པ་དང་ལྷན་ཅིག་བསྒྲུབ་པའོ། །བཞི་པ་ནི། དལ་ཞིང་སོགས་ཤོ་ལོ་ཀ་གཅིག་སྟེ། ཡེ་ཤེས་ཀྱི་རང་བཞིན་དལ་ཞིང་ཕྱོགས་གཅིག་ཏུ་ཡོན་པོར་རྒྱུ་བ་མེད་པ་དག་པའི་ཤེལ་ལྟར་དྲི་མ་མེད་ཅིང་འོད་གསལ་བར་སྣང་བའི་རླུང་འབྱུང་ཆུང་གི་དཀྱིལ་འཁོར་ལྔ་པོ་འདི་ནི་ཆུའི་ཁམས་ཀྱི་དཀྱིལ་འཁོར་ཏེ་རྡོ་རྗེའི་མགོན་པོ་ཐུགས་རྡོ་རྗེ་མི་བསྐྱོད་པའི་རིགས་ཀྱི་རང་བཞིན་དུ་རྒྱུ་བ་ཡིན་པས་དེ་དག་གིས་རྒྱས་བཏབ་པའི་ལྷ་དང་ཡི་གེ་ཧཱུྃ་གི་བཟླས་པ་དང་ལྷན་ཅིག་ཏུ་བསྒྲུབ་པའོ། །དེ་ལྟར་ན་སྐུ་རྡོ་རྗེའི་བཟླས་པ་ཨོཾ་གྱི་རྣམ་པར་དབྱུང་བ་དང་གསུང་རྡོ་རྗེའི་བཟླས་པ་ཨཱཿའི་རྣམ་པར་བརྔུབ་པ་དང་ཐུགས་རྡོ་རྗེའི་བཟླས་པ་ཧཱུཾ་གི་རྣམ་པར་གནས་པ་དང་ཡེ་ཤེས་རྡོ་རྗེའི་བཟླས་པ་བདེ་བ་ཆེན་པོར་རོ་མཉམ་པ་སྟེ། བཟླས་རིམ་བཞི་པོ་འདི་ནི་སྣང་མཆེད་ཐོབ་གསུམ་འོད་གསལ་བ་དང་བཞིའི་བཟླས་པ་ཡིན་པས་དེ་རྣམས་ཀྱིས་འགྲུབ་པའི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་བཞི་ནི། ཕྱི་རོལ་ཏུ་ཚངས་པ་དང་དབང་ཕྱུག་དང་ཁྱབ་འཇུག་དང་ཞི་བ་རྣམས་བཅོམ་པའི་བརྡའམ་རྡུལ་མུན་པ་སྙིང་སྟོབས་རྣམས་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་དོན་ཏེ། འགྲེལ་པ་མཐའ་དྲུག་ཆེན་པོ་ལས། །སྐུ་ཡི་རྡོ་རྗེ་འཛིན་ཚངས་པ། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཐུགས་ཀྱི་རྡོ་རྗེ་ཁྱབ་འཇུག་ཉིད། །རྩ་བའི་རྒྱུད་དུ་ངེས་གསུངས་པ། །རྡོ་རྗེ་སེམས་དཔར་བདག་ཉིད་སྦྱོར། །ཞེས་གསུངས་སོ། །གཉིས་པ་དགག་བྱ་མུན་པ་ཆེན་པོའི་རླུང་བཤད་པ་ནི། ཁམས་ཀུན་སོགས་ཤོ་ལོ་ཀ་གཅིག་སྟེ། ས་ལ་སོགས་པའི་ཁམས་ལྔ་པོ་ཀུན་ལས་ནི་ཡང་དག་པར་བྱུང་ཞིང་ཀུན་གཞིའི་རྣམ་པར་ཤེས་པ་དང་རྟེན་དང་བརྟེན་པས་བཟུང་བ་ཉོན་མོངས་པ་ཅན་གྱི་ཡིད་ནི། མུན་པ་ཆེན་པོའི་རླུང་ངམ་སྲོག་ཆེན་པོའི་རླུང་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཏེ་འཆི་བའི་མཐར་ནི་སྣ་སྒོ་ནས་འབྱུང་བར་འགྱུར་རོ། །འདིར་རང་འགྲེལ་ལས། ལྔ་པ་ནི་ཞེས་གསུངས་པ་ལ་སྔོན་གྱི་ཊཱིཀ་བྱེད་རྣམས་འཁྲུལ་ནས། གོང་དུ་བཤད་པའི་བཟླས་བྱའི་རླུང་བཞི་དང་། ལྔ་པ་ནམ་མཁའི་རྒྱུ་བ་ཞེས་འཆད་པ་དང་། འགའ་ཞིག་གིས་ནམ་མཁའི་རླུང་དང་སྲོག་ཆེན་པོའི་རླུང་རྣམ་གྲངས་སུ་འདོད་པས་ནི་རང་འགྲེལ་དང་རྡོ་རྗེ་ཕྲེང་བའི་ངོན་ལ་ཅུང་ཟད་ཀྱང་མ་དཔྱད་པའི་བཤད་པའོ། །གསུམ་པ་བཟླས་པ་བྱ་བའི་ཚུལ་ནི། དཀྱིལ་འཁོར་སོགས་རྐང་པ་གཉིས་དང་འོག་གི་དེ་ལྟར་སོགས་ཤོ་ལོ་ཀ་གཅིག་གསུངས་ཏེ། བཟླས་པའི་ཡུལ་གྱི་རླུང་གི་དཀྱིལ་འཁོར་བཞི་པོ་དེ་དག་ནི་མཉམ་པར་བཞག་པའི་རྣལ་འབྱོར་པས་དུས་རྟག་ཏུ་རྡོ་རྗེའི་བཟླས་པ་བྱས་ན་འཆི་བ་མེད་པ་རྡོ་རྗེའི་སྐུ་འགྲུབ་པར་འགྱུར་རོ། །དེ་ལྟར་ན་རླུང་གི་འབྱུང་ཆུང་ལྔ་པོ་དེ་ནི་འཁོར་ལོ་བཞིའི་སྣ་རྩེར་ཏེ་འཁོར་ལོ་སོ་སོའི་ལྟེ་བར་ཁ་དོག་ལྔ་པར་རྣམ་པར་བསྒོམས་ནས་རླུང་འབྱུང་འཇུག་གནས་གསུམ་བདེ་བ་ཆེན་པོར་རོ་མཉམ་པའི་སྔགས་བཟླས་པའི་གྲངས་ཀྱིས་ནི་ཉིན་མཚན་རྟག་ཏུ་བཟླས་པ་བྱའོ་ཞེས་བཤད་དོ། །གཞུང་སྔ་ཕྱི་སོ་སོར་འཆད་ན་གཞུང་སྔ་མས་ཡི་གེ་གསུམ་གྱི་བཟླས་པ་གསུངས་ནས་བཟླས་པའི་རྣམ་གྲངས་གཞན་ཡང་། འཁོར་ལོ་བཞིའི་དབུས་སུ། མགྲིན་པར་པདྨའི་མགོན་པོ། སྤྱི་བོར་ལས་ཀྱི་མགོན་པོ། སྙིང་གར་རྡོ་རྗེའི་མགོན་པོ། ལྟེ་བར་རིན་པོ་ཆེའི་མགོན་པོ་བཞིའི་རང་བཞིན་ཁ་དོག་ལྔ་པའི་གོང་བུའི་གཟུགས་སུ་བསྒོམས་ནས་རླུང་བུམ་པ་ཅན་གྱིས་བཅིངས་ན་རྡོ་རྗེའི་སྐུ་འགྲུབ་པར་གཞུང་འོག་མས་བསྟན་ནོ་ཞེས་བཤད་ཀྱང་གཞུང་དོན་ལ་ཞུགས་སོ། །གསུམ་པ་དེའི་དོན་བཤད་པ་ནི། གཞུང་དེ་གཉིས་ཀྱི་བར་ནས་ཞེས་གསུངས་དོན་ནི་སོགས་ཚིག་རྐང་གསུམ་འོག་དུ་ཕྱུང་ནས་བཤད་པར་བྱ་སྟེ། དཀྱིལ་འཁོར་བཞི་པོ་ཞེས་གསུངས་པའི་དོན་ནི་ཕྲེང་བའི་གཞུང་འདི་རྣམས་ཀྱིས་རྡོ་རྗེའི་བཟླས་པའི་དག་པ་བསྟན་གྱི་གོང་མ་འཕོ་ཆེན་རེའི་ནང་དུ་ནམ་མཁའི་རླུང་འཕོ་ཆུང་རེ་རྒྱུ་བར་བཤད་པ་དང་ནམ་མཁའི་མགོན་པོ་འཆི་བའི་ཚེ་ཁོ་ན་རྒྱུ་བར་བཤད་པ་དག་འགལ་བའི་ཐེ་ཚོམ་བསྐྱེད་པར་མི་བྱའོ། །ཞེས་གདམས་སོ། །དེ་ལྟར་རྒྱས་པར་བཤད་པ་རྣམས་ཀྱི་དོན་ནི་འདི་ཡིན་ཏེ། དིང་སང་གསང་བ་འདུས་པ་འཕགས་ལུགས་སུ་སྨྲ་བ་ཕལ་ཆེ་བས་སྣ་བུག་གཡས་པ་ནས་རྒྱུ་བའི་རླུང་ལ་མེའི་དཀྱིལ་འཁོར་དང་། གཡོན་པ་ནས་རྒྱུ་བ་ལ་རླུང་གི་དཀྱིལ་འཁོར་དང་གཉིས་ཀ་ནས་རྒྱུ་བ་ལ་སའི་དཀྱིལ་འཁོར་དང་དལ་ཞིང་ཕྱོགས་གཅིག་ཏུ་རྒྱུ་བ་མེད་པར་དག་པའི་ཤེལ་ལྟར་འོད་གསལ་བ་ལ་ཆུའི་དཀྱིལ་འཁོར་དང་། འཆི་བའི་ཚེ་རྒྱུ་བའི་རླུང་ལ་ནམ་མཁའི་མགོན་པོར་བཤད་པ་འདི་ཁོ་ན་ལས། འབྱུང་ཆུང་གི་དཀྱིལ་འཁོར་ལ་དགོས་པ་ཙམ་ཡང་མ་ཞུགས་པར་དཀྱིལ་འཁོར་ལྔ་ལས་དང་པོ་བཞི་ད་ལྟ་རྒྱུ་ཞིང་། ནམ་མཁའི་དཀྱིལ་འཁོར་འཆི་བའི་ཚེ་ཁོ་ན་རྒྱུ་བར་འདོད་པ་དང་། དེ་ལས་ཞིབ་མོར་འདོད་པ་དག་གིས་ཀྱང་དཀྱིལ་འཁོར་བཞི་པོའི་ནང་དུ་འོད་ཟེར་ལྔ་ག་ཚང་བས་དཀྱིལ་འཁོར་ལྔའི་ཆ་ཤས་ཡོད་ཀྱང་ནམ་མཁའི་མགོན་པོ་ཁྱབ་བྱེད་ཀྱི་རླུང་ནི་ད་ལྟ་དཀྱིལ་འཁོར་གྱི་གཙོ་བོ་བྱས་ཏེ་མི་རྒྱུ་བས་དཀྱིལ་འཁོར་གཞན་བཞི་ལ་རང་རང་གི་འཁོར་དང་བཅས་ནས་ད་ལྟར་གྱི་ཚེ་རྒྱུ་བ་རྒྱུད་འདིའི་དགོངས་པར་བཤད་ནས། དུས་ཀྱི་འཁོར་ལོའི་དགོངས་པ་བྱང་ཆུབ་སེམས་དཔའི་འགྲེལ་པས་བཀྲལ་བ་དང་། གསང་བ་འདུས་པའི་དགོངས་པ་འཕགས་པ་ཡབ་སྲས་ཀྱི་འགྲེལ་པས་བཀྲལ་བ་དག་དགོངས་པ་མི་ཅིག་གོ །ཞེས་མུ་ཅོར་དུ་སྨྲ་བ་རྣམས་ལ་ཕན་གདགས་པར་བཞེད་ནས། རྗེ་རང་བྱུང་བས་ལུགས་དེ་གཉིས་དགོངས་པ་གཅིག་ཏུ་བསྒྲུབ་པའི་ཚུལ་ནི། ཁྱེད་ཅག་འཕགས་པ་ཡབ་སྲས་ཀྱི་རྗེས་སུ་འབྲང་བར་འདོད་པ་འཕགས་པའི་དགོངས་པ་མི་ཤེས་པ་དག་གི་བཤད་པ་དེ་ནི་རྒྱུད་ཀྱི་དོན་ལ་མ་ཞུགས་པ་སྟེ། དཀྱིལ་འཁོར་བཞི་པོ་འདི་དག་ནི། །མཉམ་པར་བཞག་པས་རྟག་ཏུ་བཟློས། །ཤེས་གསུངས་པའི་བཟློས་ཤེས་བྱ་བའི་ཚིག་ལ་རྟོག་པ་ཙམ་ཡང་མ་ཆུགས་པར། ད་ལྟ་སྣར་རྒྱུ་བའི་རླུང་གི་དཀྱིལ་འཁོར་ནི་བཞི་ཁོ་ནའོ་སྙམ་དུ་བསམས་པས་སོ། །དེས་ན་རྒྱུད་ཚིག་འདི་ནི་དཀྱིལ་འཁོར་བཞི་ད་ལྟ་རྒྱུ་ཞིང་ནམ་མཁའི་རླུང་འཆི་བའི་ཚེ་ཁོ་ནར་རྒྱུ་བ་བསྟན་བྱའི་གཙོ་བོར་བྱེད་པ་མ་ཡིན་གྱི། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བཟླས་པའི་ཡུལ་གྱི་རླུང་འབྱུང་ཆུང་གི་དཀྱིལ་འཁོར་ལྔ་ལྔ་ཚངས་པའི་འབྱུང་ཆེན་གྱི་དཀྱིལ་འཁོར་བཞི་ལ་རྡོ་རྗེའི་བཟླས་པ་བྱས་པས། འཆི་ལྟས་འཕེལ་བར་བྱེད་པ་ནམ་མཁའི་མགོན་པོའི་རྒྱུ་བ་བཅད་ནས་འཆི་བ་མེད་པ་རྡོ་རྗེའི་སྐུ་འགྲུབ་བོ། །ཞེས་བཟླས་རིམ་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་བྱེད་ཡིན་ནོ། །བཞི་པ་འཇུག་སྒོ་ཕན་ཡོན་དང་བཅས་པ་བཤད་པ་ལ་གསུམ། འཇུག་སྒོ། བཟུང་ཐབས། ཕན་ཡོན་ནོ། །དང་པོ་ནི། འཇུག་སྒོ་སོགས་རྐང་པ་གསུམ་སྟེ། རླུང་འཇུག་པའི་སྒོ་ནི་རྣམ་པ་བཞི་སྟེ། མེ་རླུང་དང་རླུང་གི་རླུང་ནི་སྟེང་དུ་སྣའི་བུག་པ་གཉིས་ནས་འཇུག་ལ། ཆུ་རླུང་དབུས་སུ་ཁ་ནས་དང་ས་རླུང་འོག་ཏུ་ཐུར་སེལ་གྱི་ལམ་གསུམ་ནས་དང་མ་ནིང་གི་རླུང་ནི་ལུས་ཀྱི་བ་སྤུའི་སྒོ་ཀུན་ནས་འཇུག་པ་ཡིན་ནོ། །དེ་ལྟར་ཡང་རྗེ་བཙུན་མར་པས། ཕྱི་སྒོ་གཉིས་པོ་སྟེང་ནས་སྡོམ། །ནང་གི་སྒོ་གཉིས་འོག་ནས་སྡོམ། །མཆོད་ཁང་སྒོ་ནི་དབུས་ན་དམ། །ཞེས་གསུངས་པའི། ཕྱིའི་སྒོ་ནི་སྣ་བུག་གཉིས་དང་ནང་ནས་སྙིགས་མའི་ཁམས་འབྱུང་བའི་སྒོ་ནི་རྩ་ཆུའི་ལམ་གཉིས་དང་ལུས་གཞལ་ཡས་ཁང་དུ་ཕུང་ཁམས་སྐྱེ་མཆེད་ལྷའི་རང་བཞིན་བཞུགས་པའི་མཆོད་ཁང་གི་སྒོ་ནི་བར་མ་ཁ་ཡིན། ཞེས་པའི་དོན་ནོ། །གཉིས་པ་ལ་བཞི། བགྲང་ཞིང་རྩི་བ་ལ་བསླབ་པ། རྒྱ་ཡན་དུ་བཅིང་བ། ཁ་དོག་དང་དབྱིབས་ལ་སྦྱང་བ། བུམ་ཅན་ནོ། །དང་པོ་ནི། བཟུང་ཐབས་སོགས་རྐང་པ་གཉིས་ཏེ། རླུང་བཟུང་བའི་ཐབས་སུ་དབྱུང་རྔུབ་གནས་གསུམ་ལ་བགྲང་ཞིང་བརྩི་བ་དང་རྗེས་སུ་འགྲོ་ལྡོག་དང་འཇོག་པ་དང་རྟོགས་པ་དང་བསྒྱུར་བ་དང་ཡོངས་སུ་དག་པའི་ཚུལ་རྣམས་ཤེས་དགོས་པའི་དོན་ནོ། །ཅུང་ཟད་བཤད་ན་ཚུལ་འདི་ནི་ཐུན་མོང་བའི་དབང་དུ་མཛད་པ་སྟེ། མཛོད་འགྲེལ་ལས། བགྲང་དང་རྗེས་འགྲོ་འཇོག་པ་དང་། །རྟོགས་པ་དང་ནི་བསྒྱུར་བ་དང་། །ཡོངས་དག་རྣམ་པ་དྲུག་དུ་འདོད། །ཅེས་གསུངས་པ་ཇི་ལྟ་བ་བཞིན་སྣང་བས་དེ་ལྟར་དུ་བཤད་པར་བྱའོ། །དེ་ཡང་། བགྲང་ཞིང་བརྩི་བ་ལ་བསླབ་པ་ནི། ལུས་གནད་བཅས་རླུང་རོ་ཕྱུང་ནས་སེམས་རྣལ་དུ་བཞག་སྟེ་དབུགས་ཕྱི་ནང་དུ་དབྱུང་རྔུབ་གནས་པ་གསུམ་ལ་སེམས་རྩེ་གཅིག་ཏུ་འཛིན་པའོ། །དེ་ཡང་། ཐོག་མར་ཐུན་ཆུང་ངུ་ནས་རིམ་གྱིས་ཇེ་ཆེར་བསླབ་བོ། །རྗེས་འགྲོ་ནི་དེའི་རྗེས་སུ་རླུང་འདི་ལུས་ཐམས་ཅད་ལ་འཇུག་གམ་ཕྱོགས་འགའ་ཞིག་དུ་འཇུག་ཅེས་རྗེས་སུ་འགྲོ་ལྡོག་ལ་དམིགས་ནས་སྒོམ་པའོ། །འཇོག་པ་ནི་དེའི་རྗེས་སུ་ཐམས་ཅད་དུ་ཁྱབ་པ་ལ་རྣམ་པར་མི་རྟོག་པ་ལ་སེམས་འཛིན་ཅིང་མ་བཅོས་པར་འཇོག་པའོ། །རྟོགས་པ་ནི་དེ་ལྟར་རླུང་ལ་སེམས་ཟིན་ནས་རང་བཞིན་མེད་པར་ཤེས་པས་དོན་དམ་པའི་གནས་ཚུལ་རྟོགས་པ་ལ་འཇུག་ཅིང་། བསྒྱུར་བ་ནི་རླུང་ལ་དམིགས་པའི་བློ་དེ་ཉིད་གཞན་ནས་གཞན་དུ་བསྒྱུར་ཏེ་ཞི་གནས་ཀྱི་མན་ངག་གཞན་ཡང་ཉམས་སུ་ལེན་པའོ། །ཡོངས་སུ་དག་པ་ནི། དེ་ལྟར་ཉམས་སུ་བླངས་པས་བཟུང་འཛིན་གྱི་རྟོག་པ་རྣམ་པར་དག་པར་འགྱུར་ཏེ། རྟོག་པ་ཉིད་རླུང་ཡིན་པས་རླུང་བཅུན་པས་རྟོག་པ་དྭངས་པར་འགྱུར་བ་ནི་མདོ་རྒྱུད་གཉིས་ཀའི་དགོངས་པའོ། །སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་ཀྱང་། ཚུལ་འདི་རྒྱས་པར་གསུངས་པའི་རྗེས་སུ་ཇི་ལྟར་ཞེ་ན་རབ་ཏུ་གདུལ་དཀའ་བའི་སེམས་ཤེས་བརྗོད་པ་དེ་ནི་རླུང་ལས་གུད་དུ་མ་དམིགས་པའི་ཕྱིར་ཏེ། དེ་བས་ན་སེམས་ཤེས་བྱ་བ་རླུང་དུ་བརྗོད་དོ། །ཞེས་གསུངས་སོ། །གཉིས་པ་ནི། མི་རྟོག་སོགས་རྐང་པ་གཉིས་ཏེ། མི་རྟོག་པའི་མན་ངག་ལ་བརྟེན་ནས་རླུང་རྒྱ་ཡན་དུ་འཆིང་བའི་རིམ་པ་སོར་བསྡུད་དང་ལྷན་ཅིག་སྐྱེས་སྦྱོར་སོགས་ཉམས་སུ་བླངས་པས་ནི་ཞི་གནས་བསྐྱེད་བར་གསུངས་པ་ཡིན་ནོ། །འདི་ཡང་རླུང་སེམས་གཅིག་པའི་གནད་ཀས་རླུང་དང་སེམས་གང་རུང་ཅིག་བཅིངས་ན་ཅིག་ཤོས་རང་འཆིང་དུ་འགྱུར་བར་སྟོན་པའོ། །གསུམ་པ་ནི། ཁ་དོག་སོགས་རྐང་པ་གཉིས་ཏེ། རླུང་ལྔའི་ཁ་དོག་དང་དབྱིབས་ལ་རྣམ་པར་སྦྱངས་ན་མངོན་ཤེས་ལྔ་དང་ཟད་པར་གྱི་ཏིང་ངེ་འཛིན་བཅུ་འབྱུང་བའི་རྒྱུར་འགྱུར་རོ། །འདི་ཡང་ཅུང་ཟད་བཤད་ན་ཟད་པར་གྱི་ཏིང་ངེ་འཛིན་བཅུ་གསུངས་པ་རྣམས་བསྒྲུབ་པའི་ཐབས་ལ། ཕ་རོལ་ཏུ་ཕྱིན་པར་ཤེས་བྱ་ཐམས་ཅད་སས་ཁྱབ་པར་བསྒོམས་པས་ཟད་པར་སའི་ཏིང་ངེ་འཛིན་འགྲུབ་པར་གསུངས་པ་སོགས་ནི་རིང་བའི་ལམ་སྟེ། སྔགས་ཀྱི་ཐེག་པ་འདིར་ནི་འབྲས་བུ་ཉིད་ལམ་དུ་བྱེད་པས་སའི་རླུང་ཁ་དོག་སེར་པོ་དབྱིབས་གྲུ་བཞི་པ་ལ་སེམས་བཞག་ནས་རླུང་དེ་ལ་གནད་དུ་བསྣུན་པས་ཅུང་ཟད་བརྟན་པ་ཐོབ་པ་ན་སའི་གསལ་སྣང་འབྱུང་བ་དེའི་ཚེ་ཟད་པར་སའི་ཏིང་ངེ་འཛིན་འགྲུབ་པར་འདོད་ལ། དེ་བཞིན་དུ་ཟད་པར་གཞན་རྣམས་ཀྱི་བསྒྲུབ་ཚུལ་ཀྱང་ཤེས་པར་བྱའོ། །མངོན་ཤེས་བསྒྲུབ་པའི་ཚུལ་ཡང་རང་གི་སྙིང་གར་དྲི་མ་མེད་པའི་ཀུན་གཞིའི་རྣམ་ཤེས་ཟླ་བའི་དཀྱིལ་འཁོར་ལྟར་དམིགས་ཏེ་གཞན་གྱི་རྣམ་ཤེས་དམིགས་པས་བཀུག་ལ་དེ་དང་བསྲེས་ནས་བུམ་པ་ཅན་བསྒོམས་པས་གཞན་སེམས་ཤེས་པའི་མངོན་ཤེས་འབྱུང་བ་དང་། རང་གི་མིག་ཏུ་པདྨ་དྭངས་པའི་ལྟེ་བར་ཐིག་ལེ་ཁ་དོག་ལྔ་པ་བསྒོམས། ཡུལ་སྣ་ཚོགས་དང་བསྲེས་ན་མིག་གི་མངོན་ཤེས་ཀྱང་རླུང་ལ་བརྟེན་ནས་འཆར་བར་འགྱུར་ཏེ། རྒྱས་པར་སློབ་དཔོན་ཀུན་སྙིང་དང་སྐལ་ལྡན་གྲགས་པས་འདུས་པའི་འགྲེལ་ཆེན་དུ་གསུངས་ཤིང་། ལྷན་ཅིག་སྐྱེས་པ་དེ་ཁོ་ན་ཉིད་ཀྱི་སྣང་བ་ལས་ཀྱང་། གང་ཞིག་མངོན་ཤེས་ཟད་པར་སོགས། །སྲོག་གི་གནས་སུ་རླུང་ལྔ་པོ། །རང་གཟུགས་འོད་ལྔའི་གོང་བུར་བསམ། །བརྟན་ནས་འཕར་ཞིང་ལྡེག་པར་བསྒོམ། །ཐིམ་པར་བསྒོམས་པས་དོན་རྣམས་འགྲུབ། །ས་བོན་བཅས་པ་གོང་བུ་ནི། །མིག་དང་རྣ་བ་སྣ་དང་ལྕེར། །བསྒོམས་ནས་ཡན་ལག་དྲུག་བཅུན་ན། །དེ་ཚེ་དབང་པོའི་མངོན་ཤེས་འགྲུབ། །རེངས་དང་ལྟུང་དང་དབང་བྱེད་དགུག །སྦྱོར་བ་བཞི་ལྡན་ཉིད་ལས་འབྱུང་། །ཞི་རྒྱས་དབང་དང་མངོན་སྤྱོད་ནི། །ཆུ་ས་མེ་རླུང་ཉིད་ལ་སྦྱར། །གསོ་བ་ཡེ་ཤེས་རླུང་གིས་ཡིན། །རླུང་ནི་རྟ་རུ་ཞོན་བྱེད་ན། །འཕྲུལ་འཁོར་སྦྱངས་པས་འགྲུབ་འགྱུར་རོ། །གཞན་ཡང་བསྲེ་བའི་གནད་ཀྱིས་ནི། །མི་འགྲུབ་གང་ཡང་ཡོད་མ་ཡིན། །ཞེས་རླུང་ལ་ལེགས་པར་སྦྱངས་ནས་ལས་ཚོགས་བསྒྲུབ་པའི་ཚུལ་གསུངས་སོ། །རླུང་འཆིང་བའི་ཚུལ་བཤད་ཟིན་པ་འདི་རྣམས་དང་རྗེས་སུ་མཐུན་པར། ཐབས་བཞི་ཆོས་འཁོར་གྱི་འགྲེལ་པ་རྗེ་ཉིད་ཀྱིས་མཛད་པ་ལས་ཀྱང་། རླུང་ནི་བཅིངས་པས་རྩ་བ་དང་། །ཡན་ལག་རླུང་རྣམས་ལས་རུང་བྱེད། །འདི་ནི་འཇུག་པའི་སྒོ་ཞེས་བྱ། །ཡན་ལག་རླུང་ལ་བསྣུན་བྱས་ན། །དབང་པོ་ལས་སུ་རུང་བྱེད་ཅིང་། །རྩ་བའི་བྱེད་ལས་ཡོད་སར་བསྣུན། །རྩ་བའི་རླུང་ལྔ་དག་པར་བྱེད། །རང་སར་དྲང་ཞིང་གཞིལ་བ་ཡིས། །སོ་སོའི་ཉེས་པ་དག་པར་བྱེད། །བགྲང་ཞིང་རྩི་བས་རྟོག་པ་འགག །ཁ་དོག་དབྱིབས་ཀྱིས་རྟེན་འབྲེལ་འཆར། །རྒྱ་ཡན་བཅིངས་ན་མི་རྟོག་འབྱུང་། །གང་ཞིག་རོ་མཉམ་གྱུར་པའི་ཚེ། །སྦྱངས་པས་དབུ་མར་ཐིམ་པར་འགྱུར། །མ་སྦྱངས་དབུ་མར་བཅུག་པ་ལས། །སྲོག་ལ་གནོད་པ་བྱེད་པར་གྲགས། །དེ་ཕྱིར་རླུང་ལྔ་བྱེད་ལས་ཀྱིས། །དབྱེ་བས་བཅོ་ལྔ་བཅིང་བ་གསུམ། །ངོ་བོ་རྣམ་གཉིས་ཟིན་རྟགས་བཅུ། །ཡོན་ཏན་བརྒྱད་དང་ཐིམ་པ་གཅིག། །ཤེས་པས་རླུང་འདིར་ཤེས་པ་ཡིན། ཞེས་འབྱུང་ངོ་། །བཞི་པ་ནི། བུམ་པ་ཅན་སོགས་རྐང་པ་གཉིས་ཏེ། རླུང་བུམ་པ་ཅན་སྟེང་རླུང་མནན་འོག་རླུང་འཐེན་བར་རླུང་དགང་བ་གསུམ་དང་ལྡན་པར་སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱ་དང་བཅས་པས་བསྒོམས་ན་རླུང་ལས་ཀུན་རུང་བར་བྱེད་དོ། །བུམ་པ་ཅན་བསྒོམ་པའི་ཚུལ་ནི། ཆོས་དྲུག་གི་ཀ་དཔེ་ལས། རྔུབ་དང་དགང་དང་གཞིལ་བ་དང་། །མདའ་ལྟར་གྱེན་ལ་འཕང་བ་སྟེ། །ཞེས་དང་། སྦྱོར་བ་བཞི་ལྡན་མི་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉེན། །ཞེས་གསུངས་པའི་རྔུབ་དགང་གཉིས་རྟོགས་པར་སླ་མོད། གཞིལ་བ་ལ་འགའ་ཞིག་སྣ་སྒོ་ནས་ཅུང་ཟད་ཕྱིར་བཏང་སྟེ་རྔུབ་ཆུང་བྱེད་པ་ལ་བཞེད་ཀྱང་། བདག་གི་བླ་མ་ཐམས་ཅད་མཁྱེན་པའི་བཞེད་པ་ལ། གཞིལ་བ་ལ་ཕྱིར་གཞིལ། ནང་གཞིལ། དེ་ཁོ་ན་ཉིད་ལ་གཞིལ་བ་གསུམ་ལས། དང་པོ་ནི། བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་གཞིལ་བར་བསམ་པ་དང་། གཉིས་པ་ནི། རོ་རྐྱང་གཉིས་ནས་དབུ་མའི་ནང་དུ་གཞིལ་བར་བསམ་པ་དང་། གསུམ་པ་ནི། གནས་ལུགས་ཀྱི་ངང་དུ་གཞིལ་བ་སྟེ། ཕྱི་མ་ལ་ཉམས་ལེན་གྱི་གཙོ་བོར་བཞེད་པས་ཤིན་ཏུ་ལེགས་སོ། །མདའ་ལྟར་འཕང་བ་ལ་ཁ་ཅིག་རླུང་ཐུན་རེ་བཞིན་ཕྱིར་འབུད་པ་ལ་འདོད་ཅིང་། རྗེ་རང་བྱུང་བས་མགོ་བོ་ན་བ་ལ་སོགས་པའི་གེགས་སེལ་བའི་ཕྱིར་སྐབས་སུ་ཚངས་བུག་ནས་སྔོ་ཕྱུར་ཕྱུར་སོང་བར་བསམས་ནས་འབུད་པར་གསུངས་ཀྱང་། རླུང་ཐུན་རེ་རེའི་དབང་དུ་བྱས་ན་སྣ་སྒོ་ནས་ཕྱིར་གཏོང་བའི་ཚེ་ཚས་ཚིས་སུ་མི་གཏོང་བར་མདའ་ལྟར་དུ་སིར་སིར་བཏང་ནས་འཕྲོ་མ་ཆད་པར་རྔུབ་པ་ཉིད་མན་ངག་གི་གནད་ཡིན་གསུང་ངོ་། །སྦྱོར་བ་བཞི་དང་ལྡན་པའི་བུམ་ཅན་བསྒོམ་པ་ནི་ཕན་ཡོན་དཔག་ཏུ་མེད་དེ། །རྡོ་རྗེ་མཁའ་འགྲོ་ལས། །དགང་བ་ཡིས་ནི་ལུས་དག་གནས། །དུག་དང་རིམས་ཀྱི་ཚ་བ་འཕྲོག །བུམ་པ་ཅན་གྱི་རླུང་བཅིངས་ན། །སྒོ་ཡི་བུ་ག་འགག་པར་འགྱུར། །འཐོར་བ་སྣ་ཚོགས་བསྡུ་བར་བྱ། །བར་དུ་གཞིལ་བས་གཞིལ་བར་འགྱུར། །སེང་གེ་རྣམ་རོལ་ཕྱག་རྒྱ་ཡིས། །རྟག་ཏུ་སྲོག་དང་རྩོལ་བས་སྦྱང་། ཞེས་དང་། ཀྱཻ་རྡོར་ལས། དབྱུང་བ་ཉིད་ཀྱིས་ལྷུང་བར་བྱེད། །རྔུབ་པ་ཡིས་ནི་དབང་དུ་བྱེད། །དགང་བ་ཡིས་ནི་འགུགས་པར་བྱེད། །གཞིལ་བ་ཡིས་ནི་རེངས་པར་བྱེད། ཅེས་དང་། སྡོམ་འབྱུང་ལས། ཡང་ན་བུམ་པ་ཅན་སྦྱོར་བས། །ཐམས་ཅད་དུ་ནི་འཆི་ལས་རྒྱལ། །བདག་ཉིད་རིག་པས་རྐང་མཐིལ་བར། །ཐམས་ཅད་རླུང་གིས་ཀུན་བཀང་སྟེ། །བུམ་པ་ཅན་ལ་བརྟེན་བཅས་ནས། ཞེས་དང་། དུས་འཁོར་ལས། ཁ་ཡང་བཙུམ་སྟེ་སྣ་ཡི་བུ་ག་གཉིས་ཀ་དག་ནས་ཕྱི་རོལ་དག་གི་རླུང་ནི་མ་ལུས་པ། །སྲོག་གི་ཤུགས་ཀྱིས་དཀྲུགས་ཏེ་དྲི་མ་མེད་པའི་གློག་དང་མཚུངས་པའི་ཐུར་སེལ་རླུང་དང་སྦྱར་བྱས་པ། །དུས་ཀྱི་གོམས་པའི་སྦྱོར་བ་དག་ལས་ཟླ་བ་ཉི་མ་མོ་ཡི་དབུས་སུ་རོ་མཉམ་འགྱུར། །ལུས་ལ་ཟས་ལ་སོགས་པ་བཀྲེས་པ་དང་ནི་སྐོམ་པ་འཕྲོག་སྟེ་འཆི་བ་མེད་པ་ཉིད་ཀྱང་སྟེར། །ཞེས་གསུངས་སོ། །སེང་གེ་རྣམ་རོལ་གྱི་ཕྱག་རྒྱ་ནི། མ་ཧཱ་མ་ཡ་ལས། མིག་གཉིས་དང་ནི་རྣ་བ་དང་། །དེ་བཞིན་སྣ་དང་ཡིད་གཉིས་དག །རྣལ་འབྱོར་པ་ཡིས་བཅིང་བར་བྱ། །སྲོག་དང་རྩོལ་བ་བསྡམས་ནས་སུ། །བསྒོམས་ན་སྐད་ཅིག་དེ་ལ་འབར། །ཞེས་ཡོན་ཏན་དང་བཅས་པ་གསུངས་སོ། །གསུམ་པ་ཕན་ཡོན་ལ་གཉིས། གཟུང་འཛིན་བརྒྱད་དག་པ་དང་། འབྱུང་བ་ལྔ་འཕེལ་བའི་ཕན་ཡོན་ནོ། །དང་པོ་ནི། ཕན་ཡོན་སོགས་ཤོ་ལོ་ཀ་གཉིས་ཏེ། རླུང་བཟུང་བའི་ཕན་ཡོན་ནི་རྣམ་པ་བརྒྱད་ཡིན་ཏེ། མེའི་རང་བཞིན་གྱེན་དུ་འབར་བས་ཉི་མ་སྟེ་སྟེང་རླུང་བཟུང་བའི་ཡོན་ཏན་གསུམ་དང་། ཆུའི་རང་བཞིན་མཐུར་དུ་འབབ་པས་ཟླ་བའི་རླུང་སྟེ་འོག་རླུང་བཟུང་བའི་ཡོན་ཏན་ལྔ་འབྱུང་བས་སོ། །དེ་ཡང་ཉི་མའི་རླུང་མེའི་རང་བཞིན་གྱེན་དུ་འབྱུང་བའི་ཕྱིར་སྟེང་གི་ཉི་ཟླ་སྒྲ་གཅན་གྱི་རླུང་ནི་རླུང་གི་གཙོ་བོ་ཡིན་པས་དེ་གསུམ་བཟུང་བའི་ཕན་ཡོན་ལ་རྡུལ་མུན་སྙིང་སྟོབས་ཏེ་དུག་གསུམ་གྱི་རྣམ་རྟོག་འཇོམས་པ་དང་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་ཐོབ་པར་བྱེད་པ་ཡིན་ལ། ཡོན་ཏན་དེ་གསུམ་ནི་ཉི་མའི་རླུང་བཟུང་བའི་ཡོན་ཏན་དུ་གསུངས་སོ། །ཐུར་སེལ་ནི་ཟླ་བའི་རང་བཞིན་མཐུར་དུ་འབྱུང་བས་དེ་བཟུང་བའི་ཕན་ཡོན་ནི། །གཟུགས་སྒྲ་དྲི་རོ་རེག་བྱའི་ཡུལ་ལྔ་ལ་དབང་བྱེད་པ་ཡིན་ལ། དེས་ན་སྟེང་རླུང་མནན་པས་གཟུང་བའི་རྣམ་པར་རྟོག་པ་གསུམ་དང་འོག་རླུང་བཅིངས་པས་འཛིན་པའི་རྣམ་པར་རྟོག་པ་ལྔ་དག་པར་བྱེད་དེ། །རླུང་ཁ་སྦྱོར་དུ་བཟུང་བའི་ཕན་ཡོན་དེ་ནི་མདོར་བསྡུ་ན་གཟུང་འཛིན་གྱི་རྣམ་པར་རྟོག་པ་བརྒྱད་འཇོམས་པ་ཡིན་ནོ། །དེ་ཡང་སྟེང་གི་ཉི་ཟླ་སྒྲ་གཅན་གསུམ་པོ་མེའི་རང་བཞིན་གྱེན་ཏུ་འབར་བ་དེ་བཅིངས་པས་དུག་གསུམ་གྱིས་བསྐྱེད་པའི་བཟུང་བའི་རྣམ་པར་རྟོག་པ་གསུམ་བཅོམ་ནས་དུག་གསུམ་གྱི་རང་བཞིན་སྟོང་པ་ཉིད་དུ་རྟོགས་པས་རླུང་དང་བྱང་སེམས་འཛག་མེད་དུ་འཆིང་ནུས་པའི་ཡོན་ཏན་འོག་དུ་འབྱུང་ལ། འོག་གི་ཐུར་སེལ་ཟླ་བའི་རང་བཞིན་མཐུར་དུ་འབབ་ཀྱང་དེ་བཅིངས་པའི་ཕན་ཡོན་ཡུལ་ལྔ་ལ་མངོན་པར་ཞེན་པའི་འཛིན་པའི་རྣམ་རྟོག་བཅོམ་ནས་ཡུལ་ལྔ་སྟོང་པ་ཉིད་དུ་རྟོགས་པས་ཡུལ་ལྔའི་གནས་ལུགས་ལ་རང་དབང་སྒྱུར་ནུས་པ་སྟེང་དུ་འབྱུང་སྟེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཡིན་ནོ། །འདི་དང་མཐུན་པར་ཆོས་དྲུག་གསལ་བྱེད་ལས་ཀྱང་། འདིར་ཡོན་ཏན་བརྒྱད་དེ། དེ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ནི་ཟླ་བའི་ཡོན་ཏན་ཞེས་བྱ། རྡུལ་མུན་པ་སྙིང་སྟོབས་ཏེ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ནི་ཉི་མའི་ཡོན་ཏན་ཏེ། བརྒྱད་པོ་འདི་མ་དག་པས་འཁོར་བའི་སྡུག་བསྔལ་ཐམས་ཅད་འབྱུང་ངོ་། །འདིར་བསྒོམས་པས་གཟུགས་སྟོང་པ་ཉིད་ཀྱང་གཟུགས་སུ་མཐོང་བས་གཟུགས་བདེན་པ་དང་རྟག་པ་དང་སྐྱེས་དང་འགག་པ་རང་བཞིན་མེད་པར་ཉམས་སུ་མྱོང་བ་དང་རྟོགས་པའོ། །དེ་བཞིན་དུ་སྟོང་པའི་སྒྲ་དང་སྟོང་པའི་དྲི་དང་ཞེས་སོགས་ནས་གཏི་མུག་སྟོང་པ་ཉིད་པས་རྟེན་ཅིང་འབྲེལ་པར་འབྱུང་བ་གོ་བ་དང་ཉམས་སུ་མྱོང་བ་དང་རྟོགས་པས་གཏི་མུག་ཟློག་སྟེ། ཞེས་པའི་བར་དུ་བརྒྱད་ཀ་ལ་རྒྱ་ཆེར་གསུངས་ནས། རྒྱུ་མཚན་འདིས་ལྷའི་མིག་དང་ཞེས་སོགས་སྤྱན་དང་མངོན་ཤེས་འབྱུང་བར་གསུངས་པའི་རྗེས་སུ་འོན་ཀྱང་ཟག་མེད་ནི་མ་ཡིན་ཏེ། བསམ་གཏན་གྱི་ཆ་ཤས་ལས་བྱུང་བའོ། །འདི་ལྟར་ན་མདོ་དང་ཁྱད་པར་ཅི་ཞིག་ཡོད། འོན་ཀྱང་བླ་མ་རྣམས་ཀྱིས་འདི་རྣམས་ལ་རླུང་གི་ཡོན་ཏན་དུ་མཛད་པ་ནི། སྣ་གཡོན་ཟླ་བ་གཡས་ཉི་མར་བྱས་ནས་རླུང་ལྔ་དང་ཁམས་གཅིག་ཏུ་མཛད་ཀྱང་ཉི་ཟླ་ནམ་མཁའ་གསུམ་ཐིག་ལེར་མཛད་དེ། སའི་རླུང་གི་ཡོན་ཏན་ཞེས་བྱ་བ་ལ་སོགས་པའི་མིང་དུ་མཛད་ནས་ནི་ཅི་འགལ་བ་ཞིག་ཡོད་དེ། དེ་ལྟར་ལོག་ལྟ་ཅན་རྣམས་ཀྱིས་ཡོན་ཏན་འདི་དག་ཤེས་པར་མི་ནུས་སོ། །ཞེས་གསུངས་སོ། །དེ་ལྟར་རང་ལུགས་བཀོད་པའི་རྗེས་སུ་དོགས་གཅོད་གསུངས་པ་འདི་སྙིང་པོར་དྲིལ་ན། མངོན་ཤེས་སོགས་ཀྱི་བསྒྲུབ་ཚུལ་མདོ་ལས་རྒྱུ་ལམ་བྱེད་དང་ཕྱིའི་དམིགས་པ་ལས་བསྒྲུབ་པར་གསུངས་པས་རིང་ལམ་དང་། སྔགས་ལས་འབྲས་བུ་ལམ་དུ་བྱེད་ཅིང་ནང་གི་རྩ་རླུང་ཐིག་ལེ་ལས་བསྒྲུབ་པར་གསུངས་པས་ཆེས་མྱུར་བའི་ཁྱད་པར་ཡོད་ལ། སྐབས་ལ་ལར་སྣ་གཡོན་ནས་རྐྱང་མའི་རླུང་འབྱུང་བས་དེ་ལ་ཟླ་བའི་རླུང་དང་། གཡས་ནས་རོ་མའི་རླུང་འབྱུང་བས་དེ་ལ་ཉི་མའི་རླུང་དུ་བཤད་པ་དང་། ལ་ལར་དམར་ཆའི་དྭངས་མ་ལ་ཉི་མ་དང་། དཀར་ཆའི་དྭངས་མ་ལ་ཟླ་བ་དང་དེ་ཁོ་ན་ཉིད་ལ་ནམ་མཁར་མཛད་ནས་ཉི་ཟླའི་ཐེག་ལེར་བཤད་པ་དང་། ལ་ལར་རྩ་རྐྱང་མ་ལ་ཟླ་བའི་ལམ་དང་རོ་མ་ལ་ཉི་མའི་ལམ་དུ་བཤད་པ་དང་། འདི་ཉིད་དུ། སྟེང་རླུང་ལ་ཉི་མ་དང་འོག་རླུང་ལ་ཟླ་བར་མཛད་ནས་དེ་གཉིས་ཁ་སྦྱོར་དུ་བཟུང་བའི་ཡོན་ཏན་ལ་བཟུང་འཛིན་བརྒྱད་དག་པར་གསུངས་པ་རྣམས་མི་འགལ་ཏེ། ཡང་དག་པར་ན་རྩ་རླུང་ཐིག་ལེ་གསུམ་ཀ་གདོད་མའི་མི་ཤིགས་པའི་ཐིག་ལེ་གཅིག་པུའི་རྣམ་འགྱུར་ཡིན་པས་འགལ་བ་མེད་པ་ཁོ་ན་ཡིན་ལ། སྣང་ངོར་དེ་གསུམ་སོ་སོར་སྣང་ནའང་། དེའི་གཤིས་གདངས་རྩལ་གསུམ་གྱི་སྣང་བ་གསུམ་ལ་སོ་སོར་རྟོག་པའི་དབང་གིས་སྣང་བ་ཙམ་ཡིན་གྱི། ངོ་བོ་ཉིད་ཀྱིས་སོ་སོར་གྲུབ་པ་ནམ་ཡང་མེད་པས་གཅིག་བཅིངས་པས་གཞན་གཉིས་པོ་རང་འཆིང་བར་འགྱུར་བའི་གནང་ཀས་དེ་གསུམ་པོ་གང་བཅིངས་ཀྱང་གཟུང་འཛིན་བརྒྱད་དག་པའི་ཕན་ཡོན་འབྱུང་ངོ་། །དེའི་ཕྱིར་རྩ་བཅིངས་པའི་ཕན་ཡོན་དང་རླུང་བཅིངས་པའི་ཕན་ཡོན་དང་ཐིག་ལེ་བཅིངས་པའི་གང་དུ་བཤད་ཀྱང་འགལ་བ་ཅི་ཡོད་དེ། མི་འགལ་བ་ཁོ་ནའོ། །དེས་ན་ངེས་དོན་གྱི་གསང་མ་རྟོགས་པར་རྟོག་གེའི་རིགས་པས་ལོག་པར་རྟོག་པ་རྣམས་ཀྱིས་ཚུལ་འདི་ཤེས་པར་མི་ནུས་སོ། །ཞེས་པའི་དོན་ཡིན་ནོ། །གཉིས་པ་ནི། བརྟན་དང་སོགས་རྐང་པ་གསུམ་སྟེ། གནས་སྐབས་སུ་འབྱུང་བ་ལྔའི་རླུང་ཟིན་པའི་ཡོན་ཏན་ལུས་ལ་འབྱུང་བར་ཏི་ཕུ་པ་བཞེད་དེ། ས་རླུང་ཟིན་པས་ལུས་སྲ་ཞིང་བརྟན་པ་དང་སོགས་པས་ཆུ་རླུང་ཟིན་པས་ལུས་སྣུམ་པ་དང་མེ་རླུང་ཟིན་པས་ལུས་མདངས་གསལ་བ་དང་རླུང་གི་རླུང་ཟིན་པས་ལུས་ཡང་ཞིང་མགྱོགས་པ་དང་ནམ་མཁའི་རླུང་ཟིན་པའི་ཡོན་ཏན་ལུས་དག་ཅིང་ཤེས་རབ་ཆེ་བ་དང་ལྡན་པར་བཤད་པས་སོ། །འདིར་གསུངས་པ་དང་ཆ་འདྲ་བར་ཐབས་བཞི་ཆོས་འཁོར་གྱི་འགྲེལ་པ་ལས་ཀྱང་། ཕྱིའི་རྟགས་བརྒྱད་འབྱུང་སྟེ། སའི་ཡོན་ཏན་ལུས་བརྟན། ཆུའི་ཡོན་ཏན་སྣུམ། མེའི་ཡོན་ཏན་དྲོད་སྐྱེ། རླུང་གི་ཡོན་ཏན་ལུས་ཡང་། ཉི་མའི་ཡོན་ཏན་ལུས་མདངས་གསལ། ཟླ་བའི་ཡོན་ཏན་གྲིབ་མ་མེད། ཐམས་ཅད་ཀྱི་ཡོན་ཏན་ངག་སྙན་པ་དང་། མགྱོགས་པ་ལ་སོགས་པ་འབྱུང་ངོ་། །ཞེས་གསུངས་སོ། །ལྔ་པ་འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་བསྟན་པ་ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་ནི། མདོར་ན་སོགས་རྐང་པ་གཉིས་ཏེ། མདོར་བསྡུ་ན་རླུང་ནི་རྟོག་པ་དང་གཅིག་པ་སྟེ་གཡོ་བ་དང་ཕྲ་མོ་ལ་འཇུག་པ་དང་གཞན་ནས་གཞན་དུ་བསྐྱོད་པར་བྱེད་པའི་མཚན་ཉིད་གསུམ་དང་ལྡན་པས་སོ། །ཊཱིཀ་བྱེད་འགའ་ཞིག་གི་ཕྲ་དང་ཞེས་པའི་གཞུང་གི་དོན་ཡུལ་གཞན་དུ་འཕྲོ་བར་བཤད་འདུག་པས། ཅུང་ཟད་ཙམ་སྤྲོས་ནས་བཤད་པར་བྱ་སྟེ། དེ་ཡང་རླུང་གིས་ཕྱི་རོལ་གྱི་དངོས་པོ་རྣམས་གཡོ་བ་བཞིན་དུ་རྣམ་པར་རྟོག་པ་ཡང་ཡུལ་ལ་གཡོ་བར་བྱེད་ཅིང་། རླུང་དངོས་པོ་ཤིན་ཏུ་ཕྲ་བ་ལ་འཇུག་པ་བཞིན་དུ། རྟོག་པ་ཡང་ཡུལ་ཕྲ་མོ་ལ་འཇུག་པ་དང་། རླུང་གིས་ཕྱི་རོལ་གྱི་དངོས་པོ་རྣམས་གཞན་ནས་གཞན་དུ་བསྐྱོད་པར་བྱེད་པ་བཞིན་དུ། རྟོག་པ་ཡང་སྤང་བྱ་དང་གཉེན་པོའི་ཕྱོགས་རྣམས་གཞན་ནས་གཞན་དུ་བསྐྱོད་པར་བྱེད་དོ། །དེ་ལྟ་མོད་ཀྱི་རྟོག་པ་དང་རླུང་གཅིག་པར་སྨྲས་པས་འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་ཅིའི་ཕྱིར་འགྲུབ་ཅེ་ན། སྣང་བ་སེམས་སུ་བསྒྲུབ་པའི་རིགས་པ་ལས་ཏེ། འཁོར་འདས་ཀྱི་ཆོས་ཇི་སྙེད་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་བཏགས་པ་སེམས་ཀྱི་སྣང་ཆ་ལ་གྲུབ་པ་ཙམ་སྟེ། དེས་ན་རླུང་ཉིད་རྟོག་པ་ཡིན་པར་གྲུབ་པས་འཁོར་འདས་ཐམས་ཅད་དེའི་རང་བཞིན་དུ་ཤེས་པར་འགྱུར་རོ། །འདིའི་ཐད་ཀྱི་རང་འགྲེལ་ལས། རྣམ་པར་རྟོག་པ་དང་རླུང་གཉིས་དབྱེ་བ་མེད་པར་གསུངས་ཏེ། ཞེས་སོགས་རླུང་སེམས་གཅིག་པ་ཁོ་ནར་གསུངས་ཀྱང་ཊཱིཀ་བྱེད་འགའ་ཞིག་གིས། རླུང་ཐམས་ཅད་རྣམ་པར་རྟོག་པར་གསུངས་པ་སྟེ་རླུང་དུ་འདོགས་པའི་མཚན་ཉིད་ཀྱི་ཆོས་གསུམ་ཚང་བའི་ཕྱིར། ཞེས་སོགས་འདིར་རླུང་དུ་གསུངས་པ་ཐམས་ཅད་རླུང་བཏགས་པ་བར་བཤད་སྣང་བ་ལ། བདག་གི་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། དེ་ནི་རྒྱུད་པ་འདིའི་ཐུན་མོང་མ་ཡིན་པའི་ཟབ་ཆོས་རྫོགས་རིམ་རླུང་སེམས་གཉིས་མེད་ཀྱི་གདམས་པ་ལ་ངེས་པ་གཏིང་མ་ཚུགས་པས་རྟོག་གེ་བ་ལ་གྲགས་པའི་རླུང་བེམས་བོར་འདོད་པའི་གྲུབ་མཐའ་ལ་མངོན་པར་ཞེན་པའི་ཚིག་ཡིན་ཞེས་གསུངས་ངོ་། །གཉིས་པ་ལ་གསུམ་སྦྱང་གཞི་ལ་རླུང་དུ་བརྗོད་པ། སྦྱོང་བྱེད་ལ་རླུང་དུ་བརྗོད་པ། སྦྱང་བྱ་ལ་རླུང་དུ་བརྗོད་པའོ། །དང་པོ་ནི། སེམས་ཉིད་སོགས་རྐང་པ་གཉིས་ཏེ། འཁོར་འདས་ཐམས་ཅད་ཀྱི་གཞི་སེམས་ཉིད་གསལ་ལ་མི་རྟོག་པ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེའི་ངོ་བོ་ནི་རླུང་དུ་བརྗོད་པ་ན་ཡེ་ཤེས་ཀྱི་རླུང་ཆེན་པོ་ཞེས་བྱའོ། །གཉིས་པ་ནི། གཉེན་པོ་སོགས་རྐང་པ་གཉིས་ཏེ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཡང་དག་པའི་རྟོག་པའི་འདུ་བྱེད་ལམ་གྱི་ཡེ་ཤེས་རྣམས་ལ་རླུང་དུ་བཤད་པ་ན་གཉེན་པོ་ཡེ་ཤེས་ཀྱི་རྒྱུ་མཐུན་པའི་རླུང་ཆེན་པོ་ཞེས་བྱའོ། །གསུམ་པ་ནི། ཀུན་གཞི་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་དུག་གསུམ་དང་འབྲེལ་བའི་དབང་གིས་རླུང་དུ་བརྗོད་དེ། ཀུན་གཞི་ནི་བག་ཆགས་ཐམས་ཅད་ཀྱི་རྟེན་དང་དེ་ལ་བརྟེན་པར་གནས་པའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ནི་ང་མེད་པ་ལ་ངར་འཛིན་ཞིང་སེམས་ཡུལ་ལ་འདུ་བྱེད་པས་གཏི་མུག་བསྐྱེད་པའི་རླུང་དུ་བཤད་ལ། ཚོགས་དྲུག་དང་འབྲེལ་བའི་འདུ་བྱེད་རྣམས་ནི་སེམས་ཀྱི་རང་འོད་ཡེ་ཤེས་ཀྱི་སྣང་ཆ་ལ་འོད་ལྔའི་རྣམ་པར་སྣང་བ་ཉིད་གཞན་མ་ཡིན་ཀྱང་གཞན་དུ་རྟོག་ཅིང་སྲེད་ལེན་གྱི་ཆགས་པ་བསྐྱེད་པས་ཀུན་དུ་གཡོ་བའི་ཕྱིར་འདོད་ཆགས་པའི་རླུང་ཞེས་བྱ་ཞེས། རྣམ་ཤེས་ཚོགས་དྲུག་པོ་ནི་ཡུལ་གྱི་གནས་ཚུལ་རང་གི་ངོ་བོར་མ་རྟོགས་ཤིང་བླང་དོར་དུ་སྤྱོད་པས་ཡུལ་ཡིད་དུ་མི་འོང་བ་ལ་ཁོང་ཁྲོ་བར་བྱེད་པའི་རླུང་ཡིན་པས་ཞེ་སྡང་བསྐྱེད་པའི་རླུང་སྟེ། དུག་གསུམ་པོ་དེས་བསྐྱེད་ནས་ཁམས་གསུམ་དུ་འཁྲུལ་ཞིང་འཁོར་བ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ནི། ཁམས་གསུམ་སོགས་ཤོ་ལོ་ཀ་ཕྱེད་དང་གཉིས་ཏེ། དེ་ལྟར་ཁམས་གསུམ་དུ་སྣང་བ་ཐམས་ཅད་རླུང་གིས་འདུ་བྱེད་པར་གསུངས་པས་ཆགས་སྡང་དང་གཟུང་འཛིན་ལ་སོགས་པའི་སྐྱོན་དང་གཉེན་པོ་ཡེ་ཤེས་ཀྱང་རླུང་དུ་གསུངས་པས་མྱ་ངན་ལས་འདས་པར་འགྲོ་བའི་ཡོན་ཏན་ཀུན་རླུང་ལ་བརྟེན་པ་ཇི་ལྟ་བ་བཞིན་དེ་ལྟར་དུ་རྟོགས་པར་བྱས་ནས་ཡང་དག་པའི་ལམ་གྱི་རིམ་པའི་གནད་བཅིང་བར་བྱ་སྟེ། རྒྱུད་རྡོ་རྗེ་ཕྲེང་བ་ལས། རླུང་གི་སྦྱོར་བ་ཤེས་པས་འཁོར་བ་ལས་ཕ་རོལ་སངས་རྒྱས་སུ་འགྲོ་ཞིང་། རླུང་དང་རྣམ་རྟོག་རང་ག་མར་ཤོར་ནས་དེའི་རྗེས་སུ་འབྲངས་ན་འཁོར་བར་འཁོར་ཞིང་སྡུག་བསྔལ་མྱོང་བར་བྱེད་ལ། གནད་འཆིང་བ་ཤེས་ན་འཁོར་བ་དེ་གཅོད་པར་བྱེད་པའི་གཉེན་པོ་ཡང་རླུང་ཉིད་ཀྱིས་འགྲུབ་པར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་སྤྱིའི་འཇུག་བསྡུ་བ་ནི། ཕྱི་ནང་སོགས་རྐང་པ་གསུམ་སྟེ། དེ་ལྟར་ན་ཕྱི་ནང་དུ་རྒྱུ་བའི་རླུང་ཐམས་ཅད་ཀྱི་མིང་དང་ངོ་བོ་གནས་དང་བྱེད་ལས་ལ་སོགས་པ་ཀུན་རྒྱལ་བ་རྡོ་རྗེ་འཆང་གིས་མདོ་དང་རྒྱུད་སྡེ་ལས་གསུངས་པ་བཞིན་དུ་ལུས་འགྲུབ་ཚུལ་གྱི་དུམ་བུ་དང་ལེའུ་འདིར་ནི་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་དོན་གྱི་རྣམ་བཤད་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་ཕྲེང་བ་ཞེས་བྱ་བ་ལས། རླུང་གི་རྒྱུ་ཚུལ་བསྟན་པའི་དུམ་བུ་སྟེ་ལེའུ་བཞི་པའི་བཤད་པའོ།། །།དེ་ལྟར་དུམ་བུ་བཞི་པས་གསུང་རྡོ་རྗེའི་རང་བཞིན་རླུང་གི་དེ་ཁོ་ན་ཉིད་བཤད་ནས་ད་ནི་ཐིག་ལེ་ཆོས་ཀྱི་སྐུའི་རང་བཞིན་ཐུགས་རྡོ་རྗེའི་གནས་ལུགས་སྟོན་པར་བྱེད་པ་ལེའུ་ལྔ་པ་བཤད་པར་བྱ་སྟེ། དེ་ལ་ལེའུའི་འབྲེལ་ནི། ཐིག་ལེ་ལ་གནད་དུ་མ་བསྣུན་པར་ཐུགས་རྡོ་རྗེ་འགྲུབ་པར་མི་འགྱུར་ལ། གནད་དུ་བསྣུན་ཅིང་ལམ་དུ་སློང་བ་ལ་དེའི་གནས་ལུགས་ཤེས་དགོས་པས་མི་བཤད་དུ་མི་རུང་ཞིང་། རྩ་རྣམས་ཀྱི་གནས་སུ་དྭངས་སྙིགས་ཀྱི་ཐིག་ལེ་སུམ་བཅུ་རྩ་དྲུག་ནི་རླུང་གིས་དབང་བྱེད་པའི་ནོར་ལྟ་བུར་གནས་ཤིང་དེ་ལ་བརྟེན་པའི་དོན་གྱིས་ན་རྩ་རླུང་གི་ལེའུ་བཤད་པའི་དེ་མ་ཐག་ཏུ་ཐིག་ལེ་འཆད་པར་འབྲེལ་ལོ། །དེ་ཡང་སཾ་པཱུ་ཊི་ལས། ཐིག་ལེའི་གཟུགས་ཅན་མི་ཤིགས་པ། །འཇིག་རྟེན་ཀུན་གྱི་རྩ་བ་སྟེ། །བརྟན་པའི་བདག་ཉིད་གཡོ་བའི་བདག །གསལ་དང་མི་གསལ་གཟུགས་ལས་ནི། །ས་བོན་གཟུགས་ཀྱིས་ཡང་དག་གནས། །ཤེས་གསུངས་པ་ལྟར། བརྟན་གཡོ་མ་ལུས་པའི་ཁྱབ་བདག་སྲིད་པ་དང་ཞི་བ་མཐའ་དག་གི་གཞིར་གྱུར་པ་གདོད་མའི་མི་ཤིགས་པའི་ཐིག་ལེ་ཆེན་པོ་དེ་ཉིད་གཟུགས་ཀྱི་མཚན་མ་ལས་འདས་མོད་ཀྱིས་ཀྱང་། དེ་དག་མཚོན་པར་བྱ་བ་ནི་སྟོང་པ་ཉིད་ཀྱི་བརྡ་ཨེ་དབྱིངས་སམ་སྟོང་པའི་ཡི་གེ་ཐིག་ལེའི་གཟུགས་སུ་ཡང་དག་པར་གནས་པ་དེ་ལས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་བའི་ཕྱིར། ཧེ་བཛྭ་ལས། ཀུན་རྫོབ་ཀུན་ད་ལྟ་བུ་ཉིད། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་གསུངས་པས། ལྷན་ཅིག་སྐྱེས་པ་ཉིད་ལ་སྣང་ཚུལ་གྱི་དབང་ལས་ཀུན་རྫོབ་བརྡར་བཏགས་པའི་ཐིག་ལེ་དང་དོན་དམ་པ་ཡེ་ཤེས་ཀྱི་ཐིག་ལེ་ཞེས་པ་གཉིས་དང་། འཆད་པར་འགྱུར་བའི་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་སོགས་གསུམ་དང་གཞན་ཡང་ཐིག་ལེའི་དབྱེ་བ་མཐའ་ཡས་པ་གསུངས་སོ། །དེ་ཡང་། ཐིག་ལེ་ནི་སྙིང་པོར་མི་ཤིགས་པ་དང་འགྱུར་བ་མེད་པ་དང་ཁྱབ་པར་གདལ་བ་སོགས་དོན་མང་པོ་ལ་འཇུག་པའི་ཕྱིར་མཐའ་ཡས་པའི་ཐིག་ལེ་རྣམས་ནི་བཤད་པར་ག་ལ་ནུས། དེས་ན་ཉེ་བར་མཁོ་བ་ཙམ་ཞིག་བཤད་པར་བྱའོ། །འདི་ལ་གཉིས། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་ནི། བཤད་ཟིན་པའི་རྩ་དེ་དག་ཏུ་དྭངས་སྙིགས་ཀྱི་ཐིག་ལེ་ཇི་ལྟར་རྒྱུ་བའི་རིམ་པ་དུམ་བུ་ལྔ་པ་འདིར་འཆད་པར་འགྱུར་བ་རྣམས་ཀྱི་མདོར་བསྟན་དུ་དེ་ནས་སོགས་ཚིགས་བཅད་གཅིག་རྐང་པ་དང་བཅས་པ་གསུངས་ཏེ། རླུང་བཤད་པ་དེ་ནས་ཁང་པ་ལྟ་བུའི་རྩ་དང་བདག་པོ་ལྟ་བུའི་རླུང་ལ་བརྟེན་ནས་གནས་པ་དྭངས་སྙིགས་ཀྱི་ཐིག་ལེ་གང་ན་གནས་པ་དང་ཇི་ལྟར་རྒྱུ་བའི་ཚུལ་རྣམས་ནི་བཤད་པར་བྱའོ། །དེ་ཡང་དོན་ཚན་དུ་ཞིག་གིས་འཆད་ན། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་སེམས་ཉིད་དང་དེ་མ་རྟོགས་པས་འཁྲུལ་པ་མ་རིག་པའི་ཐིག་ལེ་འཆིང་བྱེད་རྫས་སྔགས་རླུང་གི་ཐིག་ལེ་དང་བཅས་པ་དང་། འཁྲུལ་པ་དེའི་གཉེན་པོ་ཐིག་ལེ་འཆིང་བའི་རིམ་པ་དང་དོན་ཚན་གསུམ་གྱིས་འཆད་དོ། །ཐིག་ལེ་གསུམ་གྱི་རྣམ་གཞག་འདི་ནི་གསང་འདུས་ཀྱི་བཤད་རྒྱུད་རྡོ་རྗེ་ཕྲེང་བར་རྒྱས་པར་གསུངས་ཤིང་། བཙུན་མོ་དོ་ཧ་ལས་ཀྱང་། ནམ་མཁའ་ནོར་བུ་ཉི་མ་ལྟ་བུའི་མཐུ་མངའ་བ། །ཐིག་ལེ་གསུམ་དང་ཡིད་དྲན་པ་དང་དྲན་མེད་ནི། །སྦྱོར་བའི་སྒྲ་སོགས་གང་ལའང་སྤྱད་པར་ནུས་རུང་བའི། །གསེར་འགྱུར་རྩི་ལྟར་ཆོས་རྣམས་ཐམས་ཅད་རོ་མཉམ་འགྱུར། །ཞེས་གསུངས་ཏེ། དེ་ཡང་། མ་རིག་པའི་ཐིག་ལེ་ནི་ཡིད་དང་གཉེན་པོའི་ཐིག་ལེ་ནི་དྲན་པ་དང་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ནི་དྲན་མེད་དང་གོ་རིམ་བཞིན་ནོ། །གཉིས་པ་རྒྱས་བཤད་ལ་ལྔ། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ། འཁྲུལ་པ་མ་རིག་པའི་ཐིག་ལེ་མདོར་བསྟན་པ། རྫས་ཀྱི་ཐིག་ལེ་རྒྱས་པར་བཤད་པ། གཉེན་པོའི་ཐིག་ལེ་འཆིང་བའི་རིམ་པ། ཞར་ལ་སྐྱོན་བསལ་བ་བསྟན་པའོ། །དང་པོ་ནི། དང་པོ་སོགས་ཚིགས་བཅད་གསུམ་དང་རྐང་པ་གཅིག་སྟེ། ཐིག་ལེ་གསུམ་གྱི་དང་པོ་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ནི་རང་གི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བརྗོད་དེ། སེམས་ཀྱི་ངོ་བོ་སྟོང་པ་དེ་ཉིད་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་སྐུ་དང་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་དང་། རྣམ་པ་འགག་པ་མེད་པ་དེ་ཉིད་ཐུགས་རྗེས་ཅིར་ཡང་འགྲུབ་པ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་གྱི་རང་བཞིན་ཡིན་ནོ། །སྐུ་དེ་གསུམ་པོ་སེམས་ཅན་ལ་ཡོད་པའི་རྟགས་ནི་ད་ལྟ་སོ་སྐྱེའི་སྐབས་སུ་ཡང་བསྒོམས་སྟོབས་ཀྱིས་མྱོང་བར་འགྱུར་ཏེ། ཆོས་སྐུའི་རྟགས་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་ལས་མ་འདས་པའི་ཕྱིར་སྟོང་ཉམས་སྐྱེས་ནས་ཆོས་ཐམས་ཅད་སྟོང་པར་སྣང་བ་དང་། ལོངས་སྐུའི་རྟགས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་འོད་གསལ་ལས་མ་འདས་པའི་ཕྱིར་ཉིན་རྟགས་བཞི་མཚན་རྟགས་དྲུག་སྟེ་དབྱིངས་རིག་གི་རྟགས་བཅུ་མངོན་སུམ་ལ་འཆར་བ་དང་། སྤྲུལ་སྐུའི་རྟགས་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་འགག་པ་མེད་པར་འཆར་བའི་ཕྱིར་ཚོགས་དྲུག་གི་ཡུལ་སྣང་གི་ནུས་པ་མིག་གིས་གཟུགས་མཐོང་བ་སོགས་སོ་སོར་འབྱིན་པ་སྟེ། རྟགས་གསུམ་པོ་འདི་ནི་སླུ་བ་མེད་པའི་རྟགས་བསྒོམས་པའི་དུས་སུ་ཡུལ་དུ་སྣང་བའི་རྟགས་ཡིན་ཏེ། ཡུལ་ཅན་གྱི་ཡེ་ཤེས་ནི་དེ་དང་འབྲེལ་བའི་རྣམ་པར་ཤེས་པའི་རང་གི་ངོ་བོ་ཡིན་པས་ཡུལ་ཡུལ་ཅན་དབྱེར་མེད་པའི་ཡེ་ཤེས་དེ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རྣལ་འབྱོར་མངོན་སུམ་ཡིན་ལ། དེ་ནི་འཁོར་འདས་ཀྱི་རྩ་བ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཐིག་ལེ་ཡིན་ཞིང་འདིའི་རྣམ་གཞག་རྒྱས་པར་ནི་བཅོམ་ལྡན་འདས་ཀྱི་མདོ་དང་རྒྱུད་ཀུན་ལས་གསུངས་སོ། །འདིའི་ཐད་ཀྱི་འགྲེལ་པར། གནས་ལུགས་ཀྱི་དོན་བསྒོམས་སྟོབས་ཀྱིས་ཐོབ་པའི་མངོན་སུམ་ངོ་སྤྲོད་པའི་ཤེས་བྱེད་དུ་ཆོས་དབྱིངས་བསྟོད་པའི་ལུང་དྲངས་པ་ནི། ཡིད་གཙོར་གྱུར་པའི་ཆོས་རྣམས་ལ། །རྟོག་དང་བརྟག་པ་རྣམ་སྤངས་ནས། །ཆོས་རྣམས་རང་བཞིན་མེད་པ་ཉིད། །ཆོས་ཀྱི་དབྱིངས་སུ་བསྒོམ་པར་བྱ། །ཞེས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྒོམ་པའི་ཚུལ་གསུངས་ནས། དེ་བསྒོམས་པས་རང་གི་ངོ་བོ་གསལ་སྟོང་དུ་མཐོང་བའི་ཚུལ་ནི། མཐོང་དང་ཐོས་དང་མནམས་པ་དང་། །མྱངས་དང་རེག་པར་གྱུར་པ་དང་། །ཆོས་རྣམས་དེ་ལྟར་རྣལ་འབྱོར་པས། །ཤེས་ནས་མཚན་ཉིད་རྫོགས་པ་ཡིན། །ཞེས་ཚོགས་དྲུག་ཡུལ་དང་བཅས་པ་སྣང་ཙམ་ན་སྟོང་སྟོང་ཙམ་ན་སྣང་བ་རང་གི་ངོ་བོ་སྐྱེ་འགག་དང་བྲལ་བར་རྟོགས་པ་ཉིད་ཀྱིས་རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་རྫོགས་པས་རྒྱུ་མཚན་དེས་ན། མིག་དང་རྣ་བ་སྣ་དག་དང་། །ལྕེ་དང་ལུས་དང་དེ་བཞིན་ཡིད། །སྐྱེ་མཆེད་དྲུག་པོ་རྣམ་དག་པ། །འདི་ཉིད་དེ་ཉིད་མཚན་ཉིད་དོ། །ཞེས་སྐྱེ་མཆེད་དྲུག་རྣམ་པར་དག་པའི་ངོ་བོ་སྣང་ལ་རང་བཞིན་མེད་པ་འདི་ཉིད་རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་ཡིན་པས་འཁོར་འདས་ཀྱི་ཁྱད་པར་སེམས་རྟོགས་མ་རྟོགས་ཙམ་ཡིན་པའི་ཕྱིར། སེམས་ཉིད་རྣམ་པ་གཉིས་སུ་མཐོང་། །ཞེས་དང་དེ་གཉིས་གང་ཞེ་ན། ཇི་ལྟར་འཇིག་རྟེན་འཇིག་རྟེན་འདས། །ཤེས་དང་། དེ་གཉིས་ངོས་འཛིན་པའི་ཕྱིར། །བདག་དུ་འཛིན་ན་འཁོར་བ་སྟེ། །སོ་སོར་རིག་ན་དེ་ཉིད་དེ། །ཞེས་གསུངས་ཤིང་རྒྱུ་མཚན་དེའི་ཕྱིར། འདོད་ཆགས་ཟད་པས་མྱ་ངན་འདས། །ཞེ་སྡང་གཏི་མུག་ཟད་པ་དང་། །དེ་དག་འགགས་པས་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་སྐྱབས་ཉིད་དོ། །ཞེས་རང་རིག་གི་རྒྱུན་གོམས་པ་ལས་བྱུང་བའི་འབྲས་བུའི་ཁྱད་པར་དང་བཅས་པ་གསུངས་པ་ཡིན་ནོ། །དེ་བསྒོམ་པའི་ཚུལ་ཡང་། དཔའ་བོ་རྡོ་རྗེས་ཕྱག་རྒྱ་བཞི་རིམ་དུ། །མངོན་སུམ་རྟོག་བྲལ་རྒྱུན་བསྲིངས་ནས། །བསྒོམས་སོ་ཞེས་ནི་ཐ་སྙད་འདོགས། །ཤེས་གསུངས་པ་ལྟར་བསྒོམས་པས་དམངས་དོ་ཧ་ལས། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །ཅེས་གསུངས་པ་དང་མཐུན་པར་སྣང་བ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རོལ་པར་འཆར་བ་ཡིན་ནོ། །ཅིའི་ཕྱིར། སེམས་ཉིད་ལ་ཐིག་ལེ་ཞེས་བྱ་ཞེ་ན། ཐིག་ལེའི་སྐད་དོད་། ཏི་ལ་ཀ་ཞེས་པ་ཐིག་ལེ་དང་སྙིང་པོ་དང་མི་ཤིགས་པ་དང་འགྱུར་བ་མེད་པ་དང་སྣང་བ་དུ་མ་དང་ཁྱབ་པར་གདལ་བ་སོགས་དོན་མང་པོ་ལ་འཇུག་པས་བོད་སྐད་དང་བསྟུན་ན། བདེ་བ་ཆེན་པོའི་སྙིང་པོ་ཅན་ཡིན་པའི་དོན་གྱིས་ན་ཐིག བདེ་བ་ཆེན་པོ་དེ་ཉིད་ཀྱིས་སྣང་བ་ཐམས་ཅད་ལ་ཁྱབ་པར་གདལ་བས་ལེ་ཞེས་པར་བི་མ་ལ་བཞེད་པས་རང་འགྲེལ་དུའང་དེ་ལྟར་དུ་བཀོད་དོ། །དེ་ཡང་ཏི་ལ་ཀ་ཐིག་དང་ལེ་གཉིས་ཀ་ལ་འཇུག་པར་དགོངས་ནས་སྒྲ་བཤད་དེ་ལྟར་མཛད་པ་སྟེ། དཔེར་ན་སངས་རྒྱས་ཀྱི་སྐད་དོད་བུདྡྷ་ཞེས་པས་སངས་པ་དང་རྒྱས་པ་གཉིས་ཀ་ལ་འཇུག་པས། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །ཞེས་གསུངས་པ་ཇི་ལྟ་བ་བཞིན་ནོ། །ཊཱིཀ་བྱེད་འགའ་ཞིག་གིས་བཀའ་བཞི་པ་རིན་ཆེན་བཟང་པོའི་འགྲེལ་བཤད་དུ། ཐིག་གི་དོན་འཁོར་འདས་སམ་མཐའ་གཉིས་སུ་མ་ཡོ་བར་དྲང་པོར་གནས་པའི་དོན་དང་། ལེ་ནི་བི་མ་ལས་བཤད་པ་ལྟར་སྣང་བ་དུ་མ་གདལ་བའི་དོན་དུ་འཆད་པ་ནི། སྒྲ་དོན་དུ་འགྱུ་བར་མ་མངོན་ཏེ། སྒྲ་བཤད་ན་ཏི་ལ་ཀ་ཞེས་པའི་ལེགས་སྦྱར་ལ་བཤད་དགོས་པ་ལས་དེ་ཡང་དེ་ལྟར་དུ་མ་ངེས་པའི་ཕྱིར་རོ། །ཞེས་འགྲེལ་བཤད་ལ་དངོས་སུ་དང་། རང་འགྲེལ་ལ་ཟུར་གྱིས་རྒོལ་ནས་བི་མ་ལས་ཀྱང་སྒྲ་དོན་མི་མཁྱེན་པར་བྲིས་སོ། །དེ་ནི། རང་གི་འགྲེལ་པ་ལས། ཐིག་ལེའི་སྒྲ་དོན་ཡང་ཏི་ལ་ཀ་ནི་བདེ་བ་ཆེན་པོའི་སྙིང་པོའི་དོན་ཏེ་ལེའི་དོན་ནི་སྣང་བ་དུ་མ་གདལ་བ་ཡིན་ནོ། །ཞེས་བི་མ་ལས་གསུངས་སོ། །ཞེས་དང་། སོག་འགྲེལ་ལས། རྒྱ་སྐད་ལ་ཏི་ལ་ཀ། བོད་སྐད་དུ་བསྒྱུར་ན། ཐིག་ལེ་དེ་ཉིད་སྙིང་པོ་སྟེ་མཚན་འཛིན་གྱིས་ཡ་ཡོ་མེད་པར་དྲང་པའི་དོན་ཏོ། །དེས་ན་བདེ་བ་ཆེན་པོའི་སྙིང་པོའི་དོན་ནི་ཐིག་གོ །ལེའི་དོན་ནི་སྣང་བ་དུ་མ་སྟེ་སྣང་བ་ཐམས་ཅད་བདེ་བ་ཆེན་པོ་དེ་ཉིད་དུ་གདལ་བའི་སྣང་བ་ཡིན་ནོ། །ཞེས་གསུངས་པའི་དོན་ལ་བློ་གྲོས་མ་ཞུགས་པར་ཟད་དོ། །གཉིས་པ་ནི། འཁྲུལ་པ་སོགས་ཚིགས་བཅད་གཉིས་རྐང་པ་དང་བཅས་པ་སྟེ། འཁྲུལ་པ་མ་རིག་པའི་ཐིག་ལེ་ནི་རྒྱལ་བས་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་ཕྲེང་བར་སྔགས་དང་རླུང་དང་རྫས་ཀྱི་ཐིག་ལེ་གསུམ་གསུངས་པ་དེ་ལས་ཤེས་དགོས་པས། དེ་གསུམ་ཀ་ལ་སྦྱང་གཞི་སྦྱོང་བྱེད་གཉིས་གཉིས་ཏེ་དྲུག་གི་དང་པོ་ནི་མ་རིག་པ་དང་འདུ་བྱེད་དང་རྣམ་ཤེས་ལས་ཀུན་དུ་བརྟགས་པ་ཚོར་འདུ་འདུ་བྱེད་རྣམ་ཤེས་ཏེ་མིང་བཞི་ལས་བསྒྱུར་བ་མིང་དོན་གཉིས་སུ་འཛིན་པ་ནི་སྦྱང་གཞི་སྔགས་ཀྱི་ཐིག་ལེ་དང་། གཉིས་པ་ནི། སྦྱང་གཞི་དེའི་གཉེན་པོར་ལྷ་བསྒོམ་པ་དང་སྔགས་བཟླས་པ་སོགས་རྣམ་རྟོག་དེ་སྦྱོང་བའི་ཚུལ་རྣམས་ནི་སྦྱོང་བྱེད་ཀུན་བརྟགས་པ་སྔགས་ཀྱི་ཐིག་ལེ་ཡིན་ནོ། །གསུམ་པ་ནི་དམིགས་རྐྱེན་བདག་རྐྱེན་དེ་མ་ཐག་རྐྱེན་ཏེ་རྐྱེན་གསུམ་པོའི་གཞན་དབང་གིས་ཡིད་གཡོ་བར་ནུས་པ་ནི་རླུང་གིས་བྱེད་པས་སྦྱང་གཞི་རླུང་གི་ཐིག་ལེ་ཡིན་ལ། བཞི་པ་ནི་གཡོ་བའི་རླུང་དེ་འཆིང་བའི་རིམ་པ་ལ་སྦྱོང་བྱེད་རླུང་གི་ཐིག་ལེ་ཞེས་སུ་བཤད་པ་ཡིན་ནོ། །ལྔ་པ་ནི་དབང་ཤེས་ཀྱི་ཡུལ་དུ་སྣང་བའི་དོན་ལྔ་སྟེ་གཟུགས་ཀྱི་ཕུང་པོས་བསྡུས་པ་དཀར་དམར་སོགས་འོག་ནས་རྒྱས་པར་འཆད་པ་རྣམས་ལ་ཁམས་ལྔ་རྫས་ཀྱི་ཐིག་ལེ་ཞེས་བཤད་པ་ནི་སྦྱང་གཞི་རྫས་ཀྱི་ཐིག་ལེ་ཡིན་ལ། དྲུག་པ་ནི་དངས་སྙིགས་ཀྱི་ཐིག་ལེ་དེ་དག་འཆིང་བའི་རིམ་པ་རྣམས་ནི་སྦྱོང་བྱེད་རྫས་ཀྱི་ཐིག་ལེ་ཞེས་བྱའོ། །གསུམ་པ་རྫས་ཀྱི་ཐིག་ལེ་རྒྱས་པར་བཤད་པ་ལ་ལྔ། བར་དོའི་རྐྱེན་ཉེ་བར་སྦྱོར་བ་དང་། དྭངས་མ་གཉིས་བསྟན་པ། སྙིགས་མ་ཇི་ལྟར་འབྱུང་བའི་ཚུལ། ཁམས་སུམ་བཅུ་སོ་དྲུག་གིས་རྒྱས་བཤད། དཀར་ཆའི་འཕོ་བའི་རིམ་པའོ། །དང་པོ་ནི། དེ་ལ་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། ཐིག་ལེ་གསུམ་ཡོད་པ་དེ་ལ་རྫས་ཀྱི་ཐིག་ལེ་ལ་ཕྱི་སྣོད་ཀྱི་འཇིག་རྟེན་གྱིས་བསྡུས་པ་ཕྱིའི་ཐིག་ལེ་དང་ནང་རྡོ་རྗེའི་ལུས་ཀྱིས་བསྡུས་པ་ནང་གི་ཐིག་ལེ་དང་གཉིས་ཏེ། ནང་གི་དོན་དུ་གྱུར་པའི་ཐིག་ལེ་དེ་ནི་དང་པོར་མངལ་དུ་སྐྱེ་བར་ཉིད་མཚམས་སྦྱོར་བའི་ཚེ་ན་བར་དོའི་ཤེས་པའི་ངོ་བོ་དེ་ཉིད་ཕ་མ་འདུ་འཕྲོད་ཀྱི་རྐྱེན་ལས་རང་ཕོར་སྐྱེ་ན་མ་ལ་ཆགས་ཤིང་ཕ་ལ་སྡང་མོར་སྐྱེ་ན་དེ་ལས་ལོག་པའི་མངོན་པར་ཞེན་པ་ཡིས་མངལ་དེར་ཞུགས་ཏེ། ཁམས་རིམ་པར་འགྱུར་ནས་ཞག་བདུན་ཕྲག་སོ་བརྒྱད་ཀྱི་རིང་ལ་ནུར་ནུར་པོ་སོགས་སུ་འཕེལ་ཏེ་བསྐྱེད་པའི་ཚུལ་གོང་དུ་ལེའུ་གཉིས་པར་བསྟན་པ་བཞིན་ནོ། །གཉིས་པ་ལ་གསུམ། སྤྱིར་བསྟན་པ། དཀར་དམར་གྱི་དྭངས་མ་སོ་སོར་བཤད་པ། ཐུན་མོང་པའི་ཆོས་བསྟན་པའོ། །དང་པོ་ནི། ད་ལྟར་སོགས་རྐང་པ་གསུམ་སྟེ། དེ་ལྟར་མངལ་དུ་ཆགས་ནས་ད་ལྟར་རྡོ་རྗེའི་ལུས་གནས་པའི་ཚེ་ན། དྭངས་མའི་ཁམས་དང་སྙིགས་མའི་ཁམས་གཉིས་སུ་གནས་ཤིང་། དྭངས་མ་ལ་ཡང་རླུང་དང་སེམས་དང་ཐིག་ལེའི་དྭངས་མ་དང་གསུམ་ལས། རླུང་གི་དྭངས་མ་ནི་སྔར་ལེའུ་བཞི་པར་ཡེ་ཤེས་ཀྱི་རླུང་ཞེས་བསྟན་ལ། སེམས་ཀྱི་དྭངས་མ་ནི་སྔར་ལེའུ་དང་པོར་དྲི་མ་མེད་པའི་ཡིད་དང་ཀུན་གཞིའི་ཡེ་ཤེས་ཤེས་བསྟན་ཟིན་པས་འདིར་རྫས་ཀྱི་ཐིག་ལེའི་དྭངས་མ་འཆད་པ་སྐབས་སུ་བབ་ཅིང་། དེ་ལ་ཡང་དཀར་ཆའི་དྭངས་མ་དང་དམར་ཆའི་དྭངས་མ་གཉིས་ནི་འདིར་འཆད་དོ། །གཉིས་པ་ལ་གཉིས། དཀར་ཆའི་དྭངས་མ་དང་། དམར་ཆའི་དྭངས་མ་བཤད་པའོ། །དང་པོ་ནི། དཀར་ཆ་སོགས་ཚིགས་བཅད་གཅིག་སྟེ། དཀར་ཆའི་དྭངས་མ་ནི་རྩ་དབུ་མའི་ཡར་སྣ་ན་གནས་ཤིང་རྣམ་པ་ཧཾ་མཐུར་དུ་བལྟ་བའི་རང་བཞིན་ཆེ་ཆུང་ཡུངས་ཀར་ཙམ། ཁ་དོག་དཀར་ལ་སྣུམ་པ་དྭངས་ཤིང་འཚེར་ལ་གཟི་མདངས་ཆེ་བ་སྟེ་དཔེར་ན་ཤེལ་གོང་གཡའ་དག་པ་དང་མཚུངས་པར་འོད་འཕྲོ་བ་ཞིག་གོ །དེ་གང་ལས་བྱུང་ན་ཕ་ལས་ཐོབ་པ་སྟེ་ཕའི་ཐིག་ལེའི་དྭངས་མ་དཀར་ཆ་ཀུན་གྱི་མཆོག་ཡིན་ནོ། །དེ་ཡང་། ནམ་མཁའ་དང་མཉམ་པའི་རྒྱུད་ལས་མི་ཤིགས་ཧྃ་གི་དབྱིབས་འདྲ་སྟེ། ནོར་བུ་ཀུན་དའི་མདོག་ལྟ་བུ། །དཀར་ལ་འཚེར་དང་གཟི་མདངས་སྣུམ། །ཞེས་གསུངས་པ་ཇི་ལྟ་བ་བཞིན་ནོ། །གཉིས་པ་ནི། དམར་ཆ་སོགས་རྐང་པ་གསུམ་སྟེ། དམར་ཆའི་དྭངས་མ་ནི་ལྟེ་འོག་གི་རྩ་གསུམ་འདུས་པའི་མདོ་ན་གནས་ལ། ཁ་དོག་དམར་ཞིང་འོད་གསལ་བ་དཔེར་ན་རྒོད་མ་ཁའི་མེ་དང་འདྲའོ། །དེ་ཡང་སཾ་པཱུ་ཊི་ལས། རྒོད་མའི་མེ་ཡི་གཟུགས་ཀྱིས་ནི། །ཞེས་དང་། སྡོམ་འབྱུང་ལས། རྒོད་མའི་མེ་འདྲའི་ངོ་བོ་ཉིད། །ཅེས་གསུངས་པ་སྟེ། རྒོད་མའི་མེ་ནི་རྒྱ་མཚོའི་མཐའ་ལ་བྲག་རི་རྟ་རྒོད་མའི་གདོང་པ་འདྲ་བའི་ཁ་ལས་འབར་བའི་མེ་ཤིན་ཏུ་དམར་ཞིང་ཚ་བས་བསྐོར་ནས་གནས་པས་རྒྱ་མཚོ་བྲེས་ལས་མི་འདའ་བར་བྱེད་པ་ཡོད་དེ། མེ་དེ་ལ་རྒོད་མ་ཁའི་མེའམ་རྟ་གདོང་གི་མེ་ཞེས་གྲགས་སོ། །འདི་ནི་ཉི་མ་ལྷོ་བགྲོད་མཐར་ཐུག་པའི་ཚེ་གདུང་བྱེད་ལྷོ་ཕྱོགས་ཀྱི་རྟ་གདོང་གི་མེ་ལ་ཐུག་པས་བྱང་དུ་ལྡོག་པར་བཤད་པའི་རྟ་གདོང་དེ་ཡིན་ལ། མངོན་པ་བ་ཁ་ཅིག་མཐའི་ལྕགས་རི་ནག་པོའི་རི་རྩེ་རྣམས་རྟ་རྒོད་མའི་གདོང་པ་དང་འདྲ་བ་དེ་ལས་མེ་འབར་བ་ཡིན་ཞེས་ཟེར་ཞིང་། སོག་འགྲེལ་ལས་ནི། རྒྱ་མཚོའི་ནང་ན་རྒོད་མ་ཁ་ཞེས་བྱ་བའི་བྲག་རྟའི་མགོ་ལྟ་བུ་མེ་འབར་བ་ཡོད་པ་དེས་རྒྱ་མཚོ་སྐེམས་པར་སཾ་པཱུ་ཊི་ལས་གསུངས་བར་བཤད་ལ། དུས་འཁོར་བ་ཁ་ཅིག་ཆུའི་དཀྱིལ་འཁོར་གྱི་མཐའི་མེའི་དཀྱིལ་འཁོར་ལས་འབར་བའི་མེ་ཉིད་རྟའི་གདོང་པ་འདྲ་བར་འདོད་དེ། བདག་གི་བླ་མ་རྒྱལ་བའི་དབང་པོའི་ཞལ་སྔ་ནས་ཆོས་ཐམས་ཅད་སེམས་སྣང་ཙམ་ཡིན་པས་དེ་དང་དེར་སྣང་བའི་ལས་ཅན་ལ་དེ་ལྟར་དུ་སྣང་བས་འདི་ཁོ་ནའོ་ཞེས་ཨ་འཐས་པར་མི་བྱའོ་ཞེས་གསུང་ངོ་། །རྒྱ་མཚོ་བྲེས་ལས་མི་འདའ་བའི་རྒྱུ་ཕལ་ཆེན་ལས་ནི། ཆུ་དང་གསེར་གྱི་ས་གཞིའི་མཚམས་ཀྱི་རིན་པོ་ཆེ་ཉི་མའི་སྙིང་པོ་དང་རླན་དང་བྲལ་བ་དང་མེའི་འོད་ཅན་དང་རིན་པོ་ཆེ་མ་ལུས་པའི་མཐར་ཐུག་པ་དང་བཞིའི་བྱེད་ལས་ཆུ་རྣམས་འོ་མ་དང་ཞོར་བྱེད་པ་དང་། མར་གྱི་ཉིང་ཁུར་བྱེད་པ་དང་མེར་འབར་བར་བྱེད་པ་དང་ཅི་ཡང་མི་སྣང་བར་བྱེད་པས། དེའི་མཐུ་ཡིན་པར་གསུངས་ལ། ཁ་ཅིག་ས་ལ་བརྟེན་པའི་སེམས་ཅན་སྤྱི་མཐུན་གྱི་ལས་སུ་འདོད་ཅིང་། ཁ་ཅིག་རྒྱ་མཚོའི་རླངས་པ་སྤྲིན་དུ་གྱུར་ནས་ཆར་འབབ་པས་མཚོ་ཉིད་ཀྱི་ཆུ་འཁོར་བར་འདོད་པ་སོགས་དུ་མ་སྣང་ནའང་། སྔར་བཤད་པ་ལྟར་སེམས་ཀྱི་སྣང་བ་ཡིན་པས་འགལ་བར་མི་བསམ་མོ། །ཐིག་ལེ་དེའི་དབྱིབས་ནི་ཨ་ཐུང་ངུ་སྟེ་ཨ་ཤད་ཞེས་ཀྱང་བཤད་པས་ཡི་གེ་ལཉྩྨའི་ཤད་གྱེན་དུ་ལོག་པ་ལྟ་བུའོ། །རྡོ་རྗེ་ཕག་མོའི་རང་བཞིན་ནི་ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་ནམ་ཡང་ན་ལཉྩྨའི་ཤད་གྱེན་ལོག་གསུམ་ཀྱོག་དུ་འོང་བས་དབྱིབས་ལས་ཀྱང་དེ་སྐད་ཅེས་གསུངས་པར་རྒྱལ་བའི་དབང་པོ་བཞེད་དོ། །ཊཱིཀ་བྱེད་ཁ་ཅིག་གིས། རྣམ་པ་ནི་ཨ་ཐུང་ངུའི་རྣམ་པ་སྟེ་ཕག་མོའི་རང་བཞིན་ཨ་ཤད་ཙཎྜྻ་ལིའི་རྣམ་པ་ལྟ་བུའོ། །ཞེས་བྲིས་སྣང་བ། གོ་བར་བྱ་བ་ལས་གོ་བྱེད་གོ་དཀའ་བར་སྣང་བས་ཨ་ཤད་ཙཎྜྻ་ལིའི་དབྱིབས་དེ་ཉིད་ཅི་འདྲ་བ་སྨྲ་དགོས་ཏེ། གཏུམ་མོའི་སྐད་དོད་ལ་ཙཎྜྻ་ལི་ཞེས་པ་འབྱུང་གི་ཐིག་ལེའི་དབྱིབས་ཨ་ཤད་ཙཎྜྻ་ལི་ལྟ་བུར་བཤད་པ་མ་མཐོང་ངོ་། །ཆེ་ཆུང་ཡུངས་ཀར་ཙམ་མ་ལས་ཐོབ་པའི་རཀྟའི་དྭངས་མ་དམར་ཆ་ཀུན་གྱི་མཆོག་ཏུ་གྱུར་པ་ཡིན་ནོ། །ཞེས་དཀར་ཆ་ལ་དཔགས་ནས་བཤད་རུང་ངོ་། །དེ་ཡང་། ནམ་མཁའ་དང་མཉམ་པ་ལས། དམར་ལ་དངས་པའི་རང་བཞིན་ལས། ཁྱད་པར་བཞི་ནི་ཐུང་ངུ་སྟེ། །འདི་ནི་ཤེས་རབ་བྱང་ཆུབ་སེམས། །ཤེས་དང་། སྡོམ་འབྱུང་ལས། ཤེས་རབ་གཟུགས་ཀྱིས་ལ་ལཱ་ན། རོ་མ་ཐབས་ཀྱིས་ཡང་དག་གནས། །དེ་དག་དབུས་སུ་གནས་ལྷ་མོ། །ཨཾ་ཡིག་སྣ་ཚོགས་གཟུགས་ཅན་མ། །ལྷ་མོ་སྐུ་བཞིའི་བདག་ཉིད་ཅན། །དངོས་གྲུབ་ཐམས་ཅད་རབ་བསྩོལ་མ། །བདེ་ཆེན་རབ་བྱིན་ཐམས་ཅད་ལ། །རྟག་ཏུ་ཡང་དག་བདག་ཕྱག་འཚལ། །གང་གང་གིས་ནི་བསྒོམས་པ་ཡི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་དེའི་རང་བཞིན་འགྱུར་ལྷ་མོ། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། དཔྱིད་དང་སོགས་ཚིགས་བཅད་གཅིག་སྟེ། དཀར་ཆའི་དྭངས་མ་ལ་དཔྱིད་དང་དམར་ཆའི་དྭངས་མ་ལ་ཐིག་ལེ་ཞེས་ཀྱང་ནག་པོ་པས་རྫོགས་རིམ་དུ་བཤད་དེ། །དེའི་ཕྱིར་གཞུང་དེའི་མཚན་ལ་ཡང་དཔྱིད་ཐིག་ཏུ་གྲགས་སོ། །ནག་པོ་པའི་སྒྲུབ་ཐབས་ཀྱི་གཞུང་ལས་ཀྱང་། གཞོམ་མེད་ཧཾ་སྟེ་ས་བོན་ནི། །བ་མོ་ལྟ་བུར་འཛག་པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །དཔྱིད་ཅེས་བྱ་བར་རྣམ་པར་བཤད། །མེ་ནི་ཆེན་པོའི་གཟུགས་ཀྱིས་ནི། །ཕག་མོ་ཐིག་ལེ་རུ་ནི་བརྗོད། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོབ་པས་ནི་མཉེས་གྱུར་ན། །སྙོམས་པར་འཇུག་པ་རྣམ་པར་གནས། །འདི་ནི་ཧེ་རུ་ཀ་དཔལ་དཔའ། །དཔྱིད་ཀྱི་ཐིག་ལེར་བརྗོད་པ་སྟེ། །ཞེས་གསུངས་སོ། །དཀར་དམར་དེ་གཉིས་ཀྱི་བར་དུ་ཀུན་གཞི་སྲོག་ཆེན་པོའི་རླུང་དང་བཅས་པ་བརྟེན་པའི་ཕྱིར་ན། ཕྱི་རོལ་གྱི་གནས་ཉེ་བར་མཚོན་ན་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་གྱི་ངོ་བོ་ཡིན་ནོ། །ཞེས་སྡོམ་པ་འབྱུང་པ་ལས། སྤྱི་བོ་བདེ་ཆེན་འཁོར་ལོ་སྟེ། །པདྨ་འདབ་མ་བཞི་པ་ནི། །ཕྲ་བ་བྱང་ཆུབ་སེམས་ཀྱི་གནས། །ཐམས་ཅད་བརྟེན་པའི་གཟུགས་ཡིན་པས། །བྱང་ཆུབ་སྙིང་པོའི་ངོ་བོ་ཉིད། །ཅེས་དང་། རྡོ་རྗེ་མཁའ་འགྲོར་ཡང་དེ་དང་མཐུན་པར་གསུངས་སོ། །སྡོམ་འབྱུང་ལས། སྤྱི་བོར་རྩ་འདབ་བཞི་པའི་འཁོར་ལོ་གསུངས་པ་འདི་ནི། གཙུག་གཏོར་འཁོར་ལོ་ལ་དགོངས་པ་འདྲའོ། །དྭངས་མ་དེ་གཉིས་ལ་ཧེ་རུ་ཀ་ཡབ་ཡུམ་དུ་གསུངས་པའི་ཁུངས་ཀྱང་། ཧེ་བཛྭ་ལས། ཁུ་བའི་རྣམ་པ་བཅོམ་ལྡན་ཡིན། །དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་དང་། བྱེ་བྲག་ཏུ་དམར་ཆའི་དྭངས་མ་ནི། སྡོམ་འབྱུང་ལས། ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །ཕག་མོའི་ཐིག་ལེའི་རང་བཞིན་ཏེ། །རྒོད་མའི་མེ་འདྲའི་ངོ་བོ་ཉིད། ཅེས་དང་། དཀར་ཆའི་དྭངས་མ་ཡང་། དེ་ལས། ཚངས་པའི་གནས་སུ་ཡང་དག་གནས། །གཞོམ་མེད་ཧཾ་གི་རྣམ་པ་ཅན། བ་མོ་ལྟ་བུར་འཛག་པ་སྟེ། །དཔྱིད་ཅེས་བྱ་བར་ཡང་དག་བཤད། ཅེས་སོགས་གསུངས་སོ། །གསུམ་པ་སྙིགས་མ་ཇི་ལྟར་འབྱུང་བའི་ཚུལ་ལ། བསྟན། བཤད། བསྡུ་གསུམ་ལས། དང་པོ་ནི། དེ་བརྟེན་སོགས་རྐང་པ་གསུམ་སྟེ། དྭངས་མ་དེ་གཉིས་ལ་བརྟེན་པའི་སྙིགས་མའི་ཁམས་དེ་དག་ཀྱང་དྭངས་སྙིགས་གཉིས་ཡིན་པས་སྙིགས་མའི་དྭངས་མ་ལ་གཉིས་ལས། དམར་ཆ་ཁྲག་གི་རང་བཞིན་ཉི་མའི་ཁམས་ནི་ཨ་ཐུང་གི་མེས་བསྐྱེད་ནས་རོ་མ་ལ་བརྒྱུད་དེ་གྱེན་དུ་འགྲོ་ལ། ཐིག་ལེ་དཀར་པོ་ནི་སྤྱི་བོ་ནས་ཧཾ་ལས་བབ་སྟེ་རྐྱང་མ་ལ་བརྒྱུད་ནས་འོག་ཏུ་འགྲོ་ཞིང་སྙིགས་མའི་སྙིགས་མ་རྣམས་ནི་རགས་པའི་ཚུལ་དུ་ཕྱིར་འདོར་བས་དེ་དག་གི་རྣམ་གཞག་འོག་ཏུ་འཆད་དོ། །གཉིས་པ་རྒྱས་བཤད་ལ་བཞི། ཟས་སྐོམ་ལས་དྭངས་མར་ཇི་ལྟར་འགྱུར་བའི་ཚུལ། དྭངས་མ་སོགས་ནང་གི་སྐྱེ་བ་བདུན་པའི་འགྱུར་ཚུལ། སྙིགས་མའི་སྙིགས་མ་ཇི་ལྟར་འདོར་ཚུལ། ཁུ་བའི་དྭངས་སྙིགས་ཀྱི་འགྱུར་ཚུལ་ལོ། །དང་པོ་ནི། དང་པོ་སྦྱིན་སོགས་ཚིགས་བཅད་གཉིས་ཅུང་མེད་དེ། སྐྱེ་བ་བདུན་པའི་དང་པོ་དྭངས་མར་འགྱུར་བ་ནི་ནང་གི་སྦྱིན་སྲེག་བྱེད་པའི་རྒྱུས་བསྐྱེད་པ་སྟེ། ཇི་ལྟར་ན། ཕྱི་རོལ་གྱི་ཁ་ཟས་དང་བཏུང་བའི་དངོས་པོ་རྣམས་ནི་སྲེག་རྫས། རོ་རྐྱང་གིས་བསྐྱེད་པའི་ལག་པ་གཉིས་ནི་དགང་གཟར་དང་བླུགས་གཟར་ཡིན་ཏེ། ཁ་ནི་ཧོཾ་ཁུང་། དེར་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་རྣམས་ལ་མཆོད་དེ་གསོ་བར་བྱེད་ལ། ཕོ་བར་ལས་བྱེད་པའི་མེ་མཉམ་གྱི་རླུང་དང་བད་ཀན་ནི་མྱགས་བྱེད་དང་མཁྲིས་པ་མདོག་འགྱུར་དང་གསུམ་པོ་མེ་ལྷ་ཞལ་གསུམ་པའི་རང་བཞིན་དུ་བཞུགས་པ། དེ་རྣམས་ཀྱིས་ཞག་གཅིག་ཏུ་བསྲེགས་བཞུས་སྦྱངས་ཏེ་དྭངས་སྙིགས་ཕྱེ་ནས་དྭངས་མར་འགྱུར་བ་ཡིན་ནོ། །འདི་ནི་སཾ་པཱུ་ཊི་ལས། ཤེས་རབ་མེ་ནི་ཆེར་འབར་བས། །ནང་གི་ཁུ་བ་ལ་སོགས་དང་། །དེ་བཞིན་ཕྱི་རོལ་གཟུགས་སོགས་ཀྱི། །སྲེག་རྫས་ཀྱིས་ནི་སྦྱིན་སྲེག་བྱ། །སྐྱེ་མཆེད་དྲུག་དང་ཁམས་རྣམས་དང་། །ཕུང་པོ་རྣམས་ཀྱི་ཁྱད་པར་ལས། །དེ་རྣམས་ཀྱི་ནི་གཟུགས་བརྙན་ལྷ། །དེ་བཞིན་མཁའ་འགྲོ་མ་ཉིད་ནི། །དེས་ནི་དེ་མཆོད་གང་གི་ཕྱིར། །རྣལ་འབྱོར་མཆོད་པར་ཡང་དག་བཤད། །མཆོད་པ་འདི་ནི་གཙོ་བོ་ཉིད། །སྲེག་རྫས་ཀྱི་ནི་མཆོག་དུ་གསུངས། །བླུགས་གཟར་རོ་མར་བཤད་པ་སྟེ། །སྙིང་གའི་འཁོར་ལོར་རྐྱང་མ་དག །དགང་གཟར་ཞེས་བྱར་ཡང་དག་བཤད། །ཐབ་ཁུང་ལྟེ་བའི་དཀྱིལ་འཁོར་དུ། །ལས་ཀྱི་རླུང་གིས་བསྐྱོད་པ་ཡིས། །ཚངས་པའི་མེ་ནི་སུམ་མདོར་གནས། །སྒྲ་ནི་སྔགས་ཆེན་བརྗོད་པ་སྟེ། །བཟླས་པ་འཁོར་བར་བྱེད་པ་ཡིན། །སྒོམ་པ་མཚུངས་པར་སྣང་བ་ཉིད། །ཅེས་གསུངས་པ་བཞིན་དུ་མཛད་པར་སྣང་ངོ་། །གཉིས་པ་ནི། དེ་ཡི་སོགས་རྐང་པ་ཕྱེད་གཉིས་དང་བཅས་པའི་ཤོ་ལོ་ཀ་གཅིག་གོ །གསུམ་པ་ནི། ཕོ་བའི་སོགས་ཚིགས་བཅད་གསུམ་མོ། །དེ་ལྟར་ས་དམིགས་སོ་སོར་ཕྱེ་ནས་ཚིག་དོན་འཆད་པའི་ཚེ། དྭངས་སྙིགས་ཀྱི་འགྱུར་ཚུལ་ལྷན་ཅིག་ཏུ་སྦྱར་ཏེ་བཤད་ན་བློ་ཡུལ་དུ་འཆར་བདེ་བར་སྣང་ངོ་། །དེ་ཡང་ཟས་སྐོམ་ཞག་གཅིག་ཏུ་བསྲེགས་བཞུས་སྦྱངས་ནས་ཕོ་བར་དྭངས་སྙིགས་གཉིས་སུ་བྱེ་ནས་ཟས་སྐོམ་དེ་ཡི་དྭངས་མ་ནི་མཆིན་པར་ཟངས་མ་བྱ་སྔོན་བཤའ་རིངས་མཁྲེན་བུ་སྟེ་རྩ་ཆེན་བཞི་ལ་བརྒྱུད་དེ་ཁྲག་ཆེན་པོར་གྱུར་ནས་རྩ་ཀུན་དུ་འགྲོ་ལ། ཕོ་བའི་སྙིགས་མ་རྒྱུ་མའི་ནང་དུ་སོང་བ་ལས་སྐ་སླ་གཉིས་སུ་བྱེ་སྟེ། སྐ་བ་རྒྱུ་མར་རིམ་པས་བརྒྱུད་ནས་བཤང་ལམ་དུ་འགྲོ་ཞིང་སླ་བ་རྒྱུ་སྒྲོག་གི་རྩ་ནང་ནས་སོང་ནས་ལྒངས་པར་བསགས་ནས་ནི་གཅི་བའི་ལམ་ནས་འབབ་པར་བྱེད་དོ། །ཁྲག་དེ་ཉིད་ཞག་གཅིག་ཏུ་དྭངས་སྙིགས་བྱེ་བའི་དྭངས་མ་དེ་དག་གིས་ནི་ཤ་བསྐྱེད་པར་བྱེད་ལ། ཁྲག་གི་སྙིགས་མས་མཆིན་པའི་གནས་ལས། མཁྲིས་པ་ནི་བསྐྱེད་ནས་མཁྲིས་པའི་དྭངས་མ་ལུས་ཀྱི་ཆུ་སེར་དང་མཁྲིས་པ་དེའི་སྙིགས་མ་འོག་དུ་འགྲོ་བས་མཁྲིས་པའི་སྙིགས་མ་ནི་དྲི་ཆུའི་ཀུ་ཡ་དང་དྲི་ཆེན་གྱི་དྲི་དང་མདོག་སེར་པོར་བྱེད་དོ། །ཤ་དེ་ཡང་ཞག་གཅིག་ཏུ་དྭངས་སྙིགས་བྱེ་བས་དྭངས་མ་དེ་ལས་ནི་ཚིལ་བུར་འགྱུར་ལ། ཤའི་སྙིགས་མ་ནི་པགས་པ་དང་དྲི་མའོ། །ཚིལ་ཞག་གཅིག་ཏུ་དྭངས་སྙིགས་བྱེ་བའི་དྭངས་མ་ནི་རུས་པ། ཚིལ་གྱི་སྙིགས་མ་ནི་རྨེན་བུའམ་སྐྲན་དུ་འགྱུར་བ་སྟེ། རུས་པ་ཞག་གཅིག་ཏུ་དྭངས་སྙིགས་བྱེ་བའི་དྭངས་མ་ནི་རྐང་མར་དང་རུས་པའི་སྙིགས་མ་ནི་སོ་དང་སེན་མོ་ཡིན་ལ། རྐང་ཞག་གཅིག་ཏུ་དྭངས་སྙིགས་བྱེ་བས་དངས་མ་ནི་ཁུ་བ། རྐང་མར་གྱི་སྙིགས་མ་ནི་སྦུབས་ཀྱི་དྲི་མ་དང་མཆིལ་མ་དང་སྣབས་དང་ལུད་པར་བཤད་དོ། །དེ་ལྟར་ན་ཟས་སྐོམ་གྱི་དྭངས་མ་སོགས་ཞག་བདུན་དུ་དྭངས་སྙིགས་བྱེ་བས་ཁུ་བའི་བར་དུ་འགྱུར་པའི་དྭངས་མ་བདུན་འགྱུར་འདི་ལ། སྨན་དཔྱད་ཡན་ལག་བརྒྱད་པ་ལས། ལུས་ཟུངས་དངས་མ་ཁྲག་དང་ཤ། །ཚིལ་དང་རུས་རྐང་ཁུ་བ་སྟེ། གནོད་བྱ་བདུན་ཡིན། ཞེས་དང་། དངས་མ་ལས་ཁྲག་དེ་ལས་ཤ། །ཤ་ལས་ཚིལ་ཏེ་དེ་ལས་རུས། །རུས་རྐང་དེ་ལས་ཁུ་བ་ཡིན། ཞེས་དང་། རྩ་རྒྱུད་ལས་ཀྱང་། དྭངས་མ་ཁྲག་ཤ་ཚིལ་རུས་རྐང་ཁུ་བ། ལུས་ཟུངས་བདུན་ཡིན། ཞེས་ལུས་ཟུངས་དྭངས་མ་བདུན་ཞེས་བྱ་བར་བཤད་དོ། །དེས་ན་རིམས་ཉིན་བདུན་པ་ཞེས་གྲགས་པའང་ལུས་ཟུངས་བདུན་ལ་རིམ་གྱིས་བབས་པས་ཞག་བདུན་པ་ན་ནུས་པ་ཡོངས་སུ་རྫོགས་པའི་དབང་གིས་ཡིན་ལ། དེའི་གཉེན་པོར་གྱུར་པའི་སྨན་ནི་ཞག་གཅིག་ལ་ནུས་པ་འབྱིན་ཏེ། ཡན་ལག་བརྒྱད་པ་ལས། ཕལ་ཆེར་སྨན་ཞག་ཉིན་ཞག་ནི། །གཅིག་གིས་ལས་རྣམས་བྱེད་ཡིན་ཏེ། །ཞེས་དང་། བཤད་རྒྱུད་ལས་ཀྱང་། སྨན་རྣམས་ཕལ་ཆེར་ཞག་གཅིག་ལས་བྱེད་འགྱུར། ཞེས་གསུངས་པས་སོ། །འདི་ལ་དུས་འཁོར་ལ་སོགས་པའི་རྒྱུད་རྣམས་སུ་ནང་གི་སྐྱེ་བ་བདུན་པ་ཞེས་བཤད་དོ། །སོག་འགྲེལ་ལས། སློབ་དཔོན་དཔའ་བོས། ཆུ་སེར་དྭངས་མ་གཅིག་ཏུ་བཞེད་པ་དང་། རྗེ་རང་བྱུང་པས། ཆུ་སེར་གྱི་དོད་དུ་སྟོབས་དང་ཁ་དོག་ལ་བཞེད་ཅེས་གསུངས་པ་ནི་མ་བརྟགས་པ་སྟེ། ཆུ་སེར་ནི་མཁྲིས་པའི་དྭངས་མ་ཡིན་ཀྱང་མཁྲིས་པ་ཉིད་ཁྲག་གི་སྙིགས་མ་ཡིན་པས་སྙིགས་མའི་དྭངས་མར་བཞེད་པ་ལ་གཉིས་ཀ་མཐུན་ཞིང་། རྗེ་རང་བྱུང་པས་སྟོབས་དང་ཁ་དོག་སྐྱེ་བ་བདུན་པ་ལ་མ་བགྲངས་པར་ཐིག་ལེའི་དྭངས་མ་ཡིན་པར་བཤད་པ་གཞུང་ཉིད་བཀླགས་པས་གོ་ནུས་སོ། །བཞི་པ་ཁུ་བའི་དྭངས་སྙིགས་ཀྱི་འགྱུར་ཚུལ་ནི། ཁུ་བའི་སོགས་རྐང་པ་གཉིས་ཏེ། ཁུ་བ་དེ་ཡང་ཞག་གཅིག་ཏུ་དྭངས་སྙིགས་བྱེ་ནས་དྭངས་མ་ནི་ལུས་ཀྱི་སྟོབས་དང་གཟི་མདངས་དང་ཁ་དོག་ཏུ་བྱེད་ལ། སྙིགས་མ་ནི་འོག་དུ་དབུ་མའི་མར་སྣ་ནས་འབབ་ཅིང་དབང་པོ་དང་བ་སྤུའི་སྒོ་སོགས་ནས་ཀྱང་འཛག་པར་བྱེད་དོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་བཤད་པ་དེ་ནི་སྤྱིར་བསྟན་པ་ཙམ་རགས་པར་བཤད་པ་ཡིན་གྱི་རྒྱས་པར་ནི་རྒྱུད་འགྲེལ་ལས་ཤེས་པར་བྱའོ་ཞེས་རྐང་པ་གཅིག་གསུངས་སོ། །བཞི་པ་ཁམས་སུམ་བཅུ་སོ་དྲུག་གི་རྒྱས་བཤད་ལ་གཉིས། དྭངས་མ་བཅུ་གཉིས་ཇི་ལྟར་རྒྱུ་བ་དང་། སྙིགས་མ་ཉི་ཤུ་རྩ་བཞིའི་རྒྱས་བཤད་དོ། །དང་པོ་ལ་གཉིས། བཤད་པ་དངོས་དང་། ཤེས་བྱེད་ཀྱི་ལུང་སྨོས་པའོ། །དང་པོ་ནི། རྒྱས་བཤད་སོགས་ཚིགས་བཅད་བཞི་དང་རྐང་པ་གཅིག་སྟེ། རྫས་ཀྱི་ཐིག་ལེ་རྒྱས་པར་བཤད་ན། དྭངས་སྙིགས་ཀྱི་ཁམས་ནི་སུམ་བཅུ་རྩ་དྲུག་ཡོད་དོ། །ཞེས་སྤྱིར་བསྟན་ནས། དེ་ལས་དྭངས་མའི་ཁམས་བཅུ་གཉིས་ནི་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་ཡར་མར་གྱི་རྩ་གཉིས་དང་དབུ་མ་ལ་ཐིག་ལེ་དང་རླུང་རྒྱུ་བའི་ཆ་ཤས་གཉིས་སུ་ཕྱེ་བས་རྩ་བཅུ་གཉིས་པོ་དེ་རྣམས་སུ་རྒྱུ་བའི་དྭངས་མའི་ཁམས་བཅུ་གཉིས་པོ་དེ་རྣམས་ཡིན་པས་སྔར་རྩའི་སྐབས་སུ་རྒྱས་པར་བཤད་ཟིན་ལ། མདོར་བསྡུས་ཏེ་ཁམས་ངོས་བཟུང་བ་ཙམ་བཤད་ན། དྭངས་མ་བཞི་ནི། སྙིང་གའི་ཡན་ལག་གི་རླུང་རྒྱུ་བའི་རྩ་མིག་དང་། སོགས་ཁོངས་ནས་རྣ་བ་དང་སྣ་དང་ལྕེར་འབྲེལ་ནས་ཡུལ་འཛིན་པའི་ཤེས་པའི་བདག་རྐྱེན་བྱེད་པས་ཡུལ་བཞི་པོ་དེས་ཡུལ་ཅན་རྣམས་ལ་མཆོད་པ་བྱེད་པའི་ཁམས་བཞི་ཞེས་བྱའོ། །རྩ་བདུད་བྲལ་མ་ནི་ལྕེའུ་ཆུང་གི་དབུས་སུ་ཟུག་ནས་ཁམས་དཀར་ཆ་སྟེང་དུ་འགྲོ་བའི་བྱ་བ་བྱེད་པས། རྩ་དེ་ནས་བྱུང་བའི་ཁམས་དེ་ནི་དཀར་ཆ་འགྲིབ་པར་བྱེད་པ་ཡིན་ལ། རྒྱུ་མཚན་དེས་ན་ནག་ཕྱོགས་ཀྱི་དང་པོ་ཚེས་བཅུ་དྲུག་ལ་ཟླ་བའི་དཀར་ཆ་འགྲིབ་པ་དང་མཐུན་པར་བཤད་ལ། རྩ་འདི་ཡང་བྱེད་ལས་ཀྱི་ཕྱོགས་གཅིག་ནི་རེག་བྱའི་ཁམས་ཀྱི་ཕྱོགས་གཅིག་འབྱུང་གྱུར་གྱི་ཆ་འཛིན་པར་བྱེད་པས་ལུས་ལ་རེག་བྱའི་མཆོད་པ་བྱེད་པར་བཤད་རུང་ངོ་། །རྩ་བའི་རླུང་ལྔ་དང་འབྲེལ་བའི་དྭངས་མ་ལྔའི་བྱེད་ལས་ནི་སྔར་ལུས་འགྲུབ་ཚུལ་དང་རྩ་རླུང་འཆད་པའི་སྐབས་སུ་དེ་དག་སོ་སོའི་བྱེད་ལས་བཤད་ཟིན་པས་རྩ་ལྔ་དང་རླུང་ལྔ་པོ་དེ་དང་འབྲེལ་བའི་དྭངས་མ་ལྔའི་བྱེད་ལས་ཀྱང་ཤེས་པར་འགྱུར་ཞིང་། དྭངས་མ་བཅུ་གཉིས་འཆད་པའི་སྐབས་འདིར་ཡང་དབུ་མ་ལ་རླུང་དང་ཐིག་ལེ་རྒྱུ་བའི་ཆ་གཉིས་སུ་ཕྱེ་ན་དེ་ལ་བརྟེན་པའི་དྭངས་མ་གཉིས་ཏེ་བཅུ་གཉིས་སོ། །དབུ་མ་ལ་ཇི་ལྟར་ཆ་གཉིས་སུ་འབྱེད་ཅེ་ན། སྟེང་དུ་ཟླ་ཉི་སྒྲ་གཅན་གྱི་རླུང་གསུམ་རྒྱུ་བས་རླུང་རྒྱུ་བའི་ཆ་གཅིག་དང་འོག་ཕྱོགས་སུ་དྲི་ཆེན་དྲི་ཆུ་ཁུ་བ་སྟེ་རྣམ་པ་གསུམ་བརྟེན་ཞིང་ཁྱད་པར་དུ་རྩ་དབུ་མའི་མར་སྣ་དུང་ཅན་མ་ནི་ཟླ་བ་བཞིན་དུ་བཅོ་ལྔའི་ཆ་ཤས་རྫོགས་པའི་ཐིག་ལེ་དཀར་ཆ་ནི་ཡོངས་སུ་གང་བ་ལྷན་སྐྱེས་ཀྱི་བདེ་བ་སྐྱེ་བའི་རྩ་ཡིན་ལ། རོ་མའི་མར་སྣས་ཁྲག་གི་ཁམས་འཛིན་པས་སྐྱེས་པ་དང་བུད་མེད་ཀྱི་ཁྱད་པར་འབྱེད་ཅིང་། ལུས་དབང་གི་གཙོ་བོ་དབང་པོ་མཆོག་བསྐྱེད་པར་བྱེད་པས་ན་མར་སྣ་ལ་ཐིག་ལེ་རྒྱུ་བས་ཐིག་ལེ་རྒྱུ་བའི་ཆ་གཅིག་སྟེ། མདོར་ན་རླུང་རྒྱུ་བའི་ཆ་དང་ཐིག་ལེ་རྒྱུ་བའི་ཆ་གཉིས་སུ་བྱེད་དོ། །སོག་འགྲེལ་ལས། དྭངས་མའི་ཁམས་བཅུ་གཉིས་སོ་ཞེས་པ་རྩ་བ་དང་ཡན་ལག་གི་རྩ་བཅུ་དང་རོ་རྐྱང་དང་བཅུ་གཉིས་སོ། །ཞེས་གསུངས་ཀྱང་། རོ་རྐྱང་མ་ཡིན་པར་དབུ་མ་ལ་ཆ་གཉིས་སུ་འབྱེད་པ་ཡིན་ཏེ། གཞུང་ལས། འདིར་ཡང་དབུ་མའི་ཆ། སྟེང་དུ་རླུང་གསུམ་འོག་ཕྱོགས་སུ། །དྲི་ཆུ་ཁུ་བ་རྣམ་གསུམ་བརྟེན། །ཞེས་དང་། འགྲེལ་པར། ཁྱད་པར་དུ་དབུ་མའི་ཆ་ལས་ཡར་སྟེང་དུ་རླུང་གསུམ་འབབ་ཅིང་མཐུར་དུ་ཐིག་ལེ་དང་དྲི་ཆུའི་ཁམས་གསུམ་གྱི་བྱ་བ་བྱེད་པ་དང་བཅས་པ་དྭངས་མའི་ཁམས་བཅུ་གཉིས་སོ། །ཞེས་གསལ་བར་གསུངས་པས་སོ། །གཉིས་པ་ནི། འདི་ནི་སོགས་རྐང་པ་བདུན་ཏེ། དྭངས་མ་བཅུ་གཉིས་རྒྱུ་ཚུལ་འདིའི་ཤེས་བྱེད་ཀྱི་ལུང་ནི་ཁ་སྦྱོར་ཐིག་ལེའི་རྒྱུད་ལས། སྙིང་གའི་འཁོར་ལོའི་བཞི་ནས་ཡན་ལག་གི་རླུང་དང་རཀྟ་རྒྱུ་བའི་རྩའི་འདབ་མ་མཁའ་འགྲོ་མ་བཞིའི་ངོ་བོ་ཉིད་ལ་གནས་པའི་ཁམས་རྣམས་ནི་འབྱུང་བ་ཆེན་པོ་དང་མར་མེའི་དངོས་པོ་སྟེ་སྒྲོན་མེ་ལྔའི་མིང་གིས་བསྟན་པ་ཤ་ལྔའི་དྭངས་མ་ཡིན་ལ། མཚམས་བཞིའི་རྩ་འདབ་རྩ་བའི་རླུང་དང་བྱང་སེམས་རྒྱུ་བ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་དེ་ལ་བརྟེན་པའི་ཁམས་རྣམས་ནི། མ་རྒྱུད་ལས་བུམ་པའི་ངོ་བོ་འདོད་པའི་ཡོན་ཏན་ལྔ་པོ་ཅི་རིགས་པས་རྣམ་པར་ཤེས་པ་ལ་མཆོད་པ་འབུལ་བའི་རྩ་བཞི་ཞེས་བཤད་པས། བདུད་རྩི་ལྔའི་དྭངས་མ་འབབ་པ་ཡིན་ཞིང་དབུ་མ་ལ་ཆ་གཉིས་སུ་འབྱེད་པ་ནི་ཤུགས་ཀྱིས་འཕངས་པ་ཡིན་ནོ། །དྭངས་མ་བཅུ་གཉིས་རྒྱུ་ཚུལ་འཆད་པའི་སྐབས་འདིར་ནི་བྱེ་བྲག་ཏུ་ལུས་ཀྱི་སྙིང་གའི་དབུས་སུ་རྩ་ལྔ་པོ་ནི་ཡང་དག་པར་གནས་པར་བཤད་པ་ནི་སུམ་སྐོར་མ་ནས་བདུད་བྲལ་གྱི་བར་ཏེ། དེ་རྟོགས་དཀའ་བར་དགོངས་པས་སོ། །དིང་སང་གྲགས་ཆེ་བའི་སམ་པཱུ་ཊིའི་རྒྱུད་རྣམས་ལས་ནི། འདི་ནི་ཇི་ལྟར་བདེ་བར་རོལ། །འདབ་མ་རྣམས་ཀྱི་བཞི་ལ་ཡང་། །འབྱུང་བ་བཞི་ཡི་རྩ་རྣམས་ནི། །མར་མེའི་རང་བཞིན་ལྟ་བུ་ལས། །ཕྱོགས་བཞི་ལ་ནི་རྣམ་པར་གནས། །རྩ་རྣམ་བཞི་ཡང་མཚམས་རྣམས་སུ། །རྣམ་པར་གནས་ཤིང་དེར་སོན་པའང་། །བདུད་རྩི་ལྔ་ནི་འབབ་པ་སྟེ། །དེ་མཆོད་རང་གི་གཟུགས་གནས་པས། །དེ་ཡི་དངོས་པོའི་ངོ་བོ་ལས། །མཆོད་པ་བཞི་ནི་རྣམ་པར་བཤད། །ལུས་ཀྱི་སྙིང་གི་ནང་དུ་ནི། །རྩ་རྣམ་ལྔ་ནི་རྣམ་པར་གནས། །ཤེས་འབྱུང་བས། རྗེ་རང་བྱུང་པས་རྒྱུད་ཀྱི་ཚིག་སྣ་བསྡུས་པ་ཡིན་ནམ་བསམ་མོ། །གཉིས་པ་སྙིགས་མ་ཉི་ཤུ་རྩ་བཞིའི་རྒྱས་བཤད་ལ་གཉིས། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། སྐུ་གསུང་སོགས་ཚིག་རྐང་བདུན་ཏེ། འདི་རྣམས་སཾ་པཱུ་ཊིའི་རྒྱུད་ཚིག་ཇི་ལྟ་བ་བཞིན་ཡིན་ལ། དེ་ཡང་རྟེན་རྩ་ཆེན་པོ་ཉི་ཤུ་རྩ་བཞི་ལ་སྙིགས་མའི་ཁམས་ཉི་ཤུ་རྩ་བཞི་པོ་བརྟེན་པས། རྟེན་དང་བརྟེན་པ་ལྷན་ཅིག་ཏུ་བཤད་ན། རྟེན་ནི་ས་འོག་སྤྱོད་སྐུའི་གནས་བརྒྱད་ས་སྤྱོད་གསུང་གི་གནས་བརྒྱད་མཁའ་སྤྱོད་ཐུགས་ཀྱི་གནས་བརྒྱད་ཡོད་པའི་བྱེ་བྲག་གིས་རྩའི་གཙོ་མོ་ཉི་ཤུ་རྩ་བཞིར་ཉེ་བར་བརྗོད་དེ། ཐིག་ལེ་དང་མཁའ་འགྲོ་མ་རྒྱུན་དུ་གནས་པ་དང་རེས་འགའ་གནས་པ་ལ་སོགས་པའི་བྱེ་བྲག་ལ་བརྟེན་ནས། ཕྱིའི་གནས་དང་ནང་གི་གནས་སོགས་སུ་ནི་ཉེ་བར་བརྗོད་ལ། དེ་ནས་ཕྱིའི་གནས་དེ་རྣམས་ལ་བརྟེན་ནས་བྱུང་བ་དཔའ་བོ་རྣལ་འབྱོར་མ་དང་ནང་གི་གནས་དེ་རྣམས་ལ་བརྟེན་ནས་བྱུང་བ་སྙིགས་མའི་ཁམས་ཉི་ཤུ་རྩ་བཞི་པོ་སྔར་རྩའི་གཙོ་མོ་འཆད་པའི་སྐབས་སུ་བཤད་པའི་རྩ་ཉི་ཤུ་རྩ་བཞི་དང་བཅས་པ་ནི་ཕྱི་ནང་རྟེན་བརྟེན་པ་སྦྱར་ནས་འཆད་དོ། །གཉིས་པ་ལ་ལྔ། གནས་དང་ཉེ་གནས། ཞིང་དང་ཉེ་ཞིང་། ཚནྡྷོ་ཉེ་ཚན། འདུ་བ་ཉེ་འདུ། དུར་ཁྲོད་ཉེ་བའི་དུར་ཁྲོད་དོ། །དང་པོ་ལ་གཉིས། གནས་བཤད་པ་དང་། ཉེ་བའི་གནས་བཤད་པའོ། །དང་པོ་ནི། མི་ཕྱེད་སོགས་ཚིགས་བཅད་གཉིས་ཀྱིས་བཤད་ནས་དཀར་ཆ་སོགས་རྐང་པ་གཅིག་གིས་དོན་བསྡུས་པ་སྟེ། རྩ་མི་ཕྱེད་མ་ནི་མགོ་བོ་ལ་གནས་ཤིང་ཕྱི་རོལ་གྱི་ཡུལ་ཆེན་པོ་པུ་ལི་ར་མ་ཡ་ཡིན་ཏེ། དེར་དཔའ་བོ་ཐོད་པའི་དུམ་བུ་དང་དཔའ་མོ་རབ་གཏུམ་མ་བཞུགས་པ་བཞིན་དུ་རྩ་དེར་རླུང་སེམས་མཁའ་འགྲོ་ཡབ་ཡུམ་བཞུགས་ཤིང་སྙིགས་མའི་ཁམས་སོ་དང་སེན་མོ་རྣམས་བསྐྱེད་པ་དང་འབབ་པར་བརྗོད་དོ། །རྩ་ཕྲ་མོའི་གཟུགས་ཅན་མ་ནི་སྤྱི་གཙུག་ཏུ་གནས་ཤིང་ཛ་ལནྡྷ་རར་ཀེང་རུས་ཆེན་པོ་དང་གཏུམ་མིག་མ་སྟེ་སྔ་མ་དེ་བཞིན་དུ་སྐྲ་དང་བ་སྤུ་འབབ་ཅིང་སྐྱེད་དོ། །རྩ་རྩེ་བ་མ་ནི་རྣ་བ་གཡས་པ་ལ་བརྟེན་ཏེ་གནས་ཤིང་ཨཽཌྲན་དུ་ཀེང་རུས་དང་འོད་ལྡན་མ་སྟེ་པགས་པ་དང་དྲི་མ་འབབ་ཅིང་བསྐྱེད་པའོ། །རྩ་གཡོན་པ་མ་ནི་ལྟག་པར་གནས་ཤིང་ཨརྦུ་ཏར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ། རྒྱབ་སོགས་ཚང་རའི་ཤ་རྣམས་འབབ་ཅིང་བསྐྱེད་དོ། །པུ་ལི་ར་མ་ལ་ཡ་སོགས་ཕྱི་རོལ་གྱི་ཡུལ་བཞི་པོ་དེར་མཁའ་འགྲོ་མ་དུས་རྟག་ཏུ་གནས་ཤིང་། མི་ཕྱེད་མ་སོགས་རྩ་བཞི་པོ་དེར་ཁམས་དཀར་ཆ་རྟག་ཏུ་གནས་པས་དེ་རྣམས་ལ་ཕྱི་ནང་གི་གནས་ཤེས་བྱའོ། །གཉིས་པ་ནི། གཽ་ཏ་སོགས་ཚིགས་བཅད་གཉིས་ཀྱིས་བཤད་ཅིང་རྟག་ཏུ་སོགས་རྐང་པ་གཅིག་གིས་བསྡུས་པ་སྟེ། རྩ་ཐུང་ངུ་མ་ནི་རྣ་བ་གཡོན་པར་གནས་ཤིང་ཕྱི་རོལ་གྱི་ཡུལ་གཽ་ཏ་ཝ་རིར་ལྷ་དགྲ་དང་དཔའ་བའི་བློ་གྲོས་མ་གནས་པ་སྟེ་རྒྱུས་པ་བསྐྱེད་པའི་ཁམས་རྣམས་འབབ་པོ། རྩ་རུ་སྦལ་སྐྱེས་མ་ནི་རཽ་མི་ཤྭ་རིར་འོད་དཔག་མེད་དང་མིའུ་ཐུང་མ་སྟེ། སྨིན་ཕྲག་དུ་གནས་ཤིང་རུས་པའི་ཕྲེང་བ་བསྐྱེད་པའི་ཁམས་འབབ་པ་ཡིན་ནོ། །རྩ་སྒོམ་པ་མོ་ནི་དི་བི་ཀོ་ཊིར་རྡོ་རྗེ་འོད་དང་ལམ་ཀའི་དབང་ཕྱུག་མ་སྟེ་མིག་གི་ཕྱི་རོལ་ན་གནས་ཤིང་མཆིན་པའི་ཤ་ཀུན་བསྐྱེད་པ་ཡིན་ནོ། །རྩ་དབང་བསྐུར་མ་ནི་མཱ་ལ་བར་རྡོ་རྗེ་ལུས་དང་ཤིང་གྲིབ་མ་ཞེས་བྱ་སྟེ་དཔུང་པ་དང་ཕྲག་བའི་རྩ་བར་འབྲེལ་ནས་སྙིང་གི་ཤ་འབབ་ཅིང་བསྐྱེད་པར་བྱེད་པ་སྟེ། ཕྱི་རོལ་གྱི་ཡུལ་གཽ་ཏ་ཝ་རི་ལ་སོགས་པ་བཞིར་མཁའ་འགྲོ་མ་རྣམས་རེས་འགའ་གནས་ཤིང་ནང་གི་རྩ་ཐུང་ངུ་མ་ལ་སོགས་པ་བཞིར་དཀར་ཆ་རེས་འགའ་གནས་པས་རྟག་ཏུ་གནས་པ་དང་ཉེ་བའི་གནས་ཤེས་བརྗོད་དོ། །དེ་བརྒྱད་ནི་གཞན་དཀྱིལ་འཁོར་གྱི་འཁོར་ལོ་ལ་སྦྱར་ན་བདེ་མཆོག་གི་ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སོ། །གཉིས་པ་ནི། སྐྱོན་མ་སོགས་ཚིགས་བཅད་གཉིས་ཀྱིས་སོ་སོར་བཤད་ནས་ལོངས་སྤྱོད་སོགས་རྐང་པ་གཅིག་གིས་ཐུན་མོང་དུ་བསྡུས་པ་སྟེ། རྩ་སྐྱོན་མ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཡུལ་ཀཱ་མ་རཱུ་པར་མྱུ་གུ་ཅན་དང་ས་སྲུངས་མ་བཞུགས་པ་མཚོན་པ་སྟེ། མཆན་འོག་གཉིས་ནས་འབྲེལ་ཞིང་མཆིན་པ་ནས་མིག་འབྲས་ཀྱི་ཤ་རྣམས་བསྐྱེད་ཅིང་འབབ་པ་ཡིན་ལ། རྩ་མཇུག་མ་ནི་ཡུལ་ཨཽ་ཊེ་ཡ་ནར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་མཚོན་པ་སྟེ་ནུ་མ་གཉིས་ཀྱི་མཚམས་ནས་བརྒྱུད་དེ་གནས་ཤིང་ལོང་ཀ་དང་མཁྲིས་པའི་ཁམས་འབབ་ཅིང་བསྐྱེད་དོ། །རྩ་མ་མོ་ནི་ཡུལ་ཏྲི་ཤ་ཀུ་ནར་དཔའ་བོ་ཆེན་པོ་དང་རླུང་ཤུགས་མ་མཚོན་པ་སྟེ། ལྟེ་བར་གནས་ཤིང་གློ་བ་བསྐྱེད་པར་བྱེད་པའོ། །རྩ་མཚན་མོ་ཞེས་བྱ་བ་ནི་ཡུལ་ཀཽ་ཤ་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་ཡིན་ཅིང་རྒྱུ་མ་ནས་སྣ་རྩེར་འབྲེལ་ཏེ་རྒྱུ་མའི་ཕྲེང་བ་དང་ལྟོ་བ་བསྐྱེད་ཅིང་འབབ་པར་བྱེད་དོ། །ཀཱཾ་རུ་དང་ཨཽ་ཊི་ཡ་ནར་དཔའ་བོ་མཁའ་འགྲོ་རྣམས་རྟག་ཏུ་ཚོགས་ལ་ལོངས་སྤྱོད་ཅིང་སྐྱོན་མ་དང་མཇུག་མར་རྟག་ཏུ་ཁམས་ལ་ལོངས་སྤྱོད་པས་དེ་གཉིས་ལ་ཕྱི་ནང་གི་ཞིང་དང་། ཏྲི་ཤ་ཀུ་ན་དང་ཀཽ་ཤ་ལར་ལས་དང་ཡེ་ཤེས་ཀྱི་མཁའ་འགྲོ་རེས་ཚོགས་ལ་ལོངས་སྤྱོད་ཅིང་མ་མོ་དང་མཚན་མོར་རེས་ཁམས་ལ་ལོངས་སྤྱོད་པས་དེ་གཉིས་ལ་ཕྱི་ནང་གི་ཉེ་བའི་ཞིང་ཞེས་བརྗོད་དོ། །གསུམ་པ་ནི། བསིལ་སྦྱིན་སོགས་ཚིགས་བཅད་གཉིས་ཀྱིས་སོ་སོར་བཤད་ནས་དྭངས་སྙིགས་སོགས་རྐང་པ་གཉིས་ཀྱིས་ཐུན་མོང་དུ་བསྡུས་པ་སྟེ། རྩ་བསིལ་སྦྱིན་མ་ནི་ཕྱི་རོལ་གྱི་ཀཱ་ལིངྒར་རབ་ཏུ་བཟང་པོ་དང་སྔོ་སངས་ལྷ་མོ་མཚོན་པ་ཡིན་ཏེ་ཁ་ནས་འགྲམ་པ་དང་རྩིབ་ལོགས་སོགས་སྟ་ཟུར་དུ་འགྲེལ་ཞིང་གྲོད་པ་བསྐྱེད་པར་བྱེད་ལ། རྩ་ཚ་བ་མའམ་དྲོད་མ་ནི་ལཾ་པ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ། མགྲིན་པའི་དབུས་ནས་ལྟེ་བར་གནས་ཤིང་ལྟེ་བ་དང་གཉེ་མ་བསྐྱེད་པ་ཡིན་ལ། ཡུལ་དེ་གཉིས་སུ་ལས་དང་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་འདྲེས་པར་གནས་ཤིང་རྟག་ཏུ་ཁྲུས་བྱེད་ལ་རྩ་དེ་གཉིས་སུ་རྣམ་རྟོག་འཁྲུ་བའི་དྭངས་སྙིགས་ཀྱི་ཁམས་འདྲེས་པར་གནས་པས་ཕྱི་ནང་གི་ཚནྡྷོ་ཧ་ཞེས་ཟེར་ལ། རྩ་བཅུ་བཞི་བོ་དེ་ནི་གཡོན་གྱི་ཆ་ལ་གནས་ཤིང་རྐྱང་མའི་ཆར་སྐྱེས་པ་ཤེས་རབ་ཀྱི་རང་བཞིན་ཡིན་ལ། རོ་མ་ལ་བརྟེན་པ་ཐབས་ཀྱི་ཆར་གྱུར་པའི་རྩ་བཅུ་ནི། རྩ་གཞོལ་མ་ནི་ཡུལ་ཀཉྩྨིར་འཇིགས་བྱེད་ཆེན་པོ་དང་རྟ་སྣ་མར་བཤད་པ་སྟེ། སྙིང་ག་ནས་བཤང་ལམ་དུ་འབྲེལ་ཞིང་བཤང་བ་འབབ་པའི་བདག་རྐྱེན་བྱེད་ལ། རྩ་རངས་མ་ནི་ཕྱི་རོལ་དུ་ཧི་མ་ལ་ཡར་མིག་མི་བཟང་དང་མཁའ་འགྲོ་གདོང་མ་སྟེ། ཚོགས་མ་དང་ལྒངས་པར་འབྲེལ་ཞིང་དེའི་མཚམས་མཐའི་དབུས་ཏེ་དེ་གཉིས་ཀྱི་བར་འགེངས་པའི་རྒྱུངས་པ་འབབ་ཅིང་བསྐྱེད་དོ། །ཕྱི་ནང་གི་ཡུལ་དེ་གཉིས་སུ་རེས་འགའ་དྭངས་སྙིགས་འདྲེས་པར་གནས་པ་དང་རེས་འགའ་ཁྲུས་བྱེད་པས་ཉེ་བའི་ཚནྡྷོ་ཧ་ཞེས་བྱའོ། །དེ་བརྒྱད་ནི་གཞན་དུ་གསུང་གི་འཁོར་ལོའི་དཔའ་བོ་དང་རྣལ་འབྱོར་མའོ། །བཞི་པ་ནི། པྲེ་ཏ་སོགས་ཚིགས་བཅད་གཉིས་ཀྱིས་སོ་སོར་བཤད་ནས་དྭངས་སྙིགས་སོགས་རྐང་པ་གཅིག་གིས་ཐུན་མོང་དུ་བསྡུས་པ་སྟེ། རྩ་ཤིན་ཏུ་གཟུགས་ཅན་མ་ནི་ཕྱི་རོལ་ཏུ་པྲེ་ཏ་པུ་རར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་མ་མཆོད་པ་སྟེ། མཚན་མ་ལ་གནས་ཤིང་དུས་རྟག་ཏུ་སྣག་ནི་འབབ་པ་ཡིན་ནོ། །རྩ་ཐུན་མོང་མའམ་སྤྱི་མ་ནི་གྲྀ་ཧ་དེ་བར་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ་སྟེ་བཤང་ལམ་དུ་གནས་ཤིང་བད་ཀན་འབབ་པར་བྱེད་པའོ། །ཕྱི་རོལ་གྱི་ཡུལ་དེ་གཉིས་སུ་མཁའ་འགྲོ་མ་རྣམས་ཚོགས་འཁོར་ལ་འདུ་ཞིང་། ནང་དུ་རྩ་དེ་གཉིས་སུ་དྭངས་སྙིགས་ཀྱི་ཁམས་འདུ་བས་ཕྱི་ནང་གི་འདུ་བར་གསུངས་སོ། །རྩ་རྒྱུ་སྦྱིན་མ་ནི་སཽ་རཥྚར་རྟ་མགྲིན་དང་ཆང་མཚོང་མ་སྟེ་བརླ་ཟུར་ལ་གནས་ཤིང་ཁྲག་གི་ནུས་པ་བསྐྱེད་པར་བྱེད་དོ། །རྩ་སྦྱོར་བྲལ་མ་ནི་ཡུལ་སོརྞ་དྭི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་བྱིན་པ་ལ་གནས་ཤིང་དུས་རྟག་ཏུ་རྡུལ་ནི་འབབ་པར་བྱེད་དོ། །ཡུལ་དེ་གཉིས་སུ་མཁའ་འགྲོ་མ་རྣམས་རེས་འགའ་ཚོགས་འཁོར་ལ་འདུ་ཞིང་རྩ་དེ་གཉིས་སུ་དྭངས་སྙིགས་ཀྱི་ཁམས་རེས་འགའ་འདུ་བས་ཕྱི་ནང་གི་ཉེ་བའི་འདུ་བར་གསུངས་སོ། །ལྔ་པ་ནི། སྡུ་གུ་སོགས་ཚིགས་བཅད་གཉིས་ཀྱིས་སོ་སོར་བཤད་ནས་བདེ་མེད་སོགས་རྐང་པ་གཅིག་གིས་བསྡུས་པ་སྟེ། རྩ་སྡུ་གུ་མ་ཞེས་བྱ་བ་ནི། ཡུལ་ན་ག་རར་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་སྟེ་རྐང་པའི་སོར་མོ་ལ་གནས་ཤིང་ཚིལ་ནི་འབབ་པར་བྱེད་པ་ཡིན་ལ་རྩ་གྲུབ་མ་ཞེས་བྱ་བ་ནི་ཡུལ་སིན་དྷུར་པདྨ་གར་དབང་དང་སྟོབས་ཆེན་མོར་བརྗོད་དེ་རྐང་པའི་བོལ་ལ་གནས་ཤིང་མཆི་མ་བསྐྱེད་པར་བྱེད་བ་ཡིན་ནོ། །ཡུལ་དེ་གཉིས་སུ་སྙིགས་མའི་ཁམས་འདོར་བ་དང་རྣམ་རྟོག་གཅོད་པར་བྱེད་ལ་རྩ་དེ་གཉིས་ལ་བདེ་བ་མེད་པས་ན་ཕྱི་ནང་གི་དུར་ཁྲོད་དོ། །རྩ་འཚེད་མ་ནི་ཡུལ་མ་རུར་རྣམ་པར་སྣང་བྱེད་དང་འཁོར་ལོས་བསྒྱུར་མ་ཞེས་བྱ་སྟེ་རྐང་པའི་མཐེ་བོང་ལ་གནས་ཤིང་ལུད་པ་དང་མཆིལ་མ་བསྐྱེད་ཅིང་འབབ་ལ། རྩ་ཡིད་བཟང་མ་ནི་ཡུལ་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་ཆེན་མ་སྟེ་པུས་མོའི་གཉན་གོང་དུ་གནས་ཤིང་རྟག་ཏུ་སྣ་ཆུ་འབབ་པ་ཡིན་ནོ། །ཡུལ་དེ་གཉིས་སུ་སྙིགས་མའི་ཁམས་རེས་འདོར་ཞིང་རྣམ་རྟོག་རེས་འགའ་གཅོད་ལ། རྩ་དེ་གཉིས་སུ་རེས་འགའ་བདེ་བ་མེད་པས་ཉེ་བའི་དུར་ཁྲོད་དོ། །དེ་བརྒྱད་ནི་སྐུའི་འཁོར་ལོའི་དཔའ་བོ་དང་རྣལ་འབྱོར་མའོ། །འདིའི་ཐད་ཀྱི་རང་འགྲེལ་ལས། ཕྱིར་ཁམས་འདོར་བ་དང་ནང་དུ་བདེ་བ་མེད་པའི་ཕྱིར་དུར་ཁྲོད་དོ། །ཞེས་གསུངས་པའི་དོན་ལ་རྒྱལ་བའི་དབང་པོའི་ཞལ་སྔ་ནས། མི་རོ་གནས་པའི་ས་ཕྱོགས་ལ་དུར་ཁྲོད་དུ་གྲགས་པས། མི་རོ་ལ་སེམས་མེད་པ་དང་ཁམས་འདོར་བས་བདེ་བ་སྟེ་སེམས་མེད་པའི་སྦྱར་བཤད་ཡིན་གསུང་ནའང་། ཕྱི་རུ་ཁམས་འདོར་བ་དང་ཞེས་གསུངས་པས། འོ་ཀོལ་གྱི་རྣམ་པར་རྟོག་པ་ལ། ཕྱི་རོལ་གྱི་ཡུལ་དེར་སྙིགས་མའི་ཁམས་མི་རོའི་ཤ་ཁྲག་རུས་པ་འདོར་བ་ཉིད་ལུང་དེའི་དོན་ཡིན་ནམ་བསམ་མོ། །དེ་ལྟར་རྩ་ཉེར་བཞི་དང་གནས་སྦྱར་བ་ནི་སམ་པཱུ་ཊི་ལས་འབྱུང་ཞིང་ལུས་དང་གནས་སྦྱར་བ་ནི་རྡོ་རྗེ་ཕྲེང་བ་ལས་འབྱུང་མོད། ཁ་ཅིག་ལུས་ཀྱི་ཆ་དེ་རྣམས་གནས་དང་སྦྱར་བར་རུང་གི་འདི་རྣམས་གནས་སུ་མཁའ་འགྲོ་མ། །རྩ་གཟུགས་མཛེས་པས་ཡང་དག་གནས། །ཤེས་གསུངས་པས་ཕྱི་རོལ་གྱི་ཡུལ་དུ་དཔའ་མོ་གནས་པ་ཉིད་ནང་ལུས་ལ་རྩའི་རྣམ་པར་གནས་པའོ། །ཞེས་ཟེར་བ་ནི། རྟེན་དང་བརྟེན་པ་རྫས་གཞན་དུ་འདོད་པའི་ལོག་རྟོག་སྟེ། འདིར་ནི་རྒྱུད་འགྲེལ་གྱི་དགོངས་པ་བཞིན་དུ་འཆད་དགོས་སོ། །དེས་ན་སཾ་པཱུ་ཊིའི་རྒྱུད་ཚིག་ཇི་ལྟ་བ་བཞིན་ལ་ནག་པོ་པའི་ལེགས་པར་བཤད་པས་ཅུང་ཟད་ཁ་བརྒྱན་ནས་གསུངས་པ་སྟེ། དཔྱིད་ཐིག་ལས། གནས་འདི་རྣམས་སུ་མཁའ་འགྲོ་རྣམས། །རྩ་ཡི་གཟུགས་སུ་ཡང་དག་གནས། །ཤེས་དང་། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །ཉི་ཤུ་རྩ་བཞིར་ཡང་དག་བརྗོད། །གནས་སོགས་དབྱེ་བ་ལ་བརྟེན་ཏེ། །གནས་དང་གནས་ལ་རྣམ་པར་གནས། །སྤྱི་བོར་ཡང་དག་བྱུང་བ་ཡི། །རྩ་རྣམས་སྤྱི་བོར་སྐྱེ་ཞེས་རྟེན། །དེ་ཡི་ནང་ན་བརྟེན་པ་ནི། །རྡུལ་དང་སྙིང་སྟོབས་མུན་པའི་ཚུལ། །པུ་ལིར་རབ་གཏུམ་མ་ཞེས་བྱ། །སོ་དང་སེན་མོ་འབབ་པ་བརྟེན། །ཛ་ལནྡྷ་རར་གཏུམ་མིག་མ། །དེ་བཞིན་སྐྲ་དང་བ་སྤུ་འབབ། །ཨོ་ཊེ་ཡ་ན་གནས་ཆེན་པོར། །འོད་ལྡན་མ་ནི་རྣམ་པར་གནས། །གཡས་པའི་གནས་ལ་བརྟེན་ནས་ནི། །པགས་པ་དྲི་མ་འཛིན་མ་གནས། །ཨརྦུ་ཏར་ནི་སྣ་ཆེན་མོ། །མཁའ་འགྲོ་མ་ནི་ཤ་ཟ་བསམ། །གནས་ཀྱི་འདྲེན་པ་མཁའ་འགྲོ་མ། །གནས་བཞི་རུ་ནི་ཡང་དག་བཤད། །གང་ཞིག་ཆུ་རྒྱུས་འབབ་པའི་རྩ། །གོ་ད་བ་རིར་རྣམ་དག་གནས། །དེ་ནི་སྲ་བའི་ཚུལ་གྱིས་གནས། །དཔའ་བོ་བློ་གྲོས་མ་ཞེས་བཤད། །རྭ་མི་ཤྭ་རིར་རྩ་གང་གི། །དེ་ནི་མི་ཐུང་མ་ཞེས་གྲགས། །རུས་པའི་ཕྲེང་པས་རྣམ་གནས་པ། །སྲ་བ་ཡི་ནི་དངོས་བོར་གནས། །ལྷ་མོའི་མཁར་དུའང་གང་གི་རྩ། །འཇམ་ལུས་ལང་ཀའི་དབང་ཕྱུག་འདོད། །དེ་ནི་རྟག་ཏུ་མཆིན་པ་འབབ། །ཀུན་གྱི་ལུས་ལ་ལྷག་པར་གནས། །མ་ལ་བར་ནི་ཤིང་གྲིབ་མ། །རྒྱལ་བའི་དབང་ཕྱུག་སྙིང་ལ་གནས། །མཁའ་འགྲོ་འཇིག་རྟེན་མ་མོ་རྣམས། །ཉེ་བའི་གནས་སུ་ཡང་དག་བཤད། །ཐུགས་ཀྱི་འཁོར་ལོར་མཁའ་སྤྱོད་མ། །གནས་དང་ཉེ་གནས་ཡང་དག་གནས། །མིག་འབབ་པ་ཡི་རྩ་གང་གི །འདོད་པའི་གཟུགས་སུ་རྣམ་པར་གནས། །གཟུགས་ནི་མཐོང་བར་འདོད་པ་སྟེ། །ཨེ་ར་བ་ཏི་ཞེས་རྣམ་བཤད། །ཨོ་ཊེར་མཁྲིས་པ་འབབ་པའི་རྩ། །འཇིག་བྱེད་ཆེན་མོ་རུ་ནི་བརྗོད། །མཁའ་འགྲོ་རྣལ་འབྱོར་མ་མོ་དག །དེ་དག་ཞིང་དུ་ཡང་དག་བཤད། །ཏྲི་ཤ་ཀུ་ནེར་ཡན་ལག་འབྱུང་། །རླུང་གི་ཤུགས་མ་གློ་བར་གནས། །ཆང་འཐུང་མ་ནི་ཀོ་ས་ལར། །རྒྱུ་མ་འཕྲེང་འཁྲུགས་ལྷ་རྫས་མ། །མཁའ་འགྲོ་རྣལ་འབྱོར་མ་མོ་དག །ཉེ་བའི་ཞིང་དུ་ཡང་དག་བརྗོད། །ལྗང་ལྷ་མོ་ནི་ཀ་ལིང་ཀར། །ལོགས་སུ་ཡང་དག་གནས་པའོ། །ལྷོར་གནས་ཤིན་ཏུ་བཟང་མོར་ངེས། །ལམ་བ་ཀར་ནི་ཡོངས་སུ་གྲགས། །མཁའ་འགྲོ་རྣལ་འབྱོར་མ་མོ་དག །ཚནྡྷོ་ཧར་ནི་རྣམ་བཤད་པའོ། །རྟ་སྣ་མ་ནི་ཀན་ཙིར་གནས། །བཤང་བ་རྟག་ཏུ་འབབ་པའོ། །ཧེ་མ་ལ་ཡར་བྱ་གདོང་མ། །མཚམས་མཐའི་དབུས་སུ་སོན་པ་སྟེ། །མཁའ་འགྲོ་རྣལ་འབྱོར་མ་མོ་དག །ཉེ་བའི་ཚནྡྷོ་ཧར་རྣམ་བཤད། །གསུང་གི་འཁོར་ལོར་ཡང་དག་བྱུང་། །ས་སྤྱོད་ཕོ་ཉ་རྣམས་གནས་པའོ། །ཡི་དྭགས་ལྷ་གནས་ཡང་དག་གནས། །འཁོར་ལོའི་ཤུགས་མ་བད་ཀན་ཅན། །གང་ཞིག་རྟག་ཏུ་རྣག་འབབ་པ། །ཁྱིམ་གྱི་ལྷར་ནི་ཡང་དག་གནས། །མཁའ་འགྲོ་དམ་པའི་དབང་ཕྱུག་མ། །དུམ་སྐྱེས་མ་ཞེས་རྣམ་པར་བཤད། །མཁའ་འགྲོ་རྣལ་འབྱོར་མ་མོ་དག །འདུ་བ་ཅན་དུ་རྣམ་པར་བཤད། །སཽ་རཥྚ་ནི་མང་པོས་མནན། །ཆང་ཚོང་མ་ནི་མཁའ་འགྲོ་འདོད། །རྡུལ་ནི་འབབ་པར་གྱུར་པའི་རྩ། །གསེར་གླིང་དུ་ནི་ཡང་དག་གནས། །ཤིན་ཏུ་བཟང་ལུས་ཡང་དག་འགྲུབ། །དེ་ནི་འཁོར་ལོའི་གོ་ཆར་འདོད། །མཁའ་འགྲོ་རྣལ་འབྱོར་མ་མོ་དག །ཉེ་བའི་འདུ་བ་ཅན་རབ་སྨྲས། །ན་གར་ཤིན་ཏུ་དཔའ་མོ་ཞེས། །ཚིལ་ཅན་སྡོམ་པོའི་ལུས་ཅན་མ། །སིནྡྷུར་སྟོབས་ཅན་མ་ཞེས་བྱ། །མྱ་ངན་གྱི་ནི་འཆི་མ་འབབ། །མཁའ་འགྲོ་རྣལ་འབྱོར་མ་མོ་དག །མཆིལ་མ་སྐམ་པོ་འབབ་པ་གང་། །མྱ་ངན་འཁོར་ལོ་སྒྱུར་མའོ། །ཀུ་ལུ་ཏར་ནི་བརྩོན་ཆེན་མ། །བྱིས་བའི་སྣབས་ནི་འབབ་པའོ། །མཁའ་འགྲོ་རྣལ་འབྱོར་མ་མོ་དང་། །ཉེ་བའི་དུར་ཁྲོད་ཡང་དག་གནས། །ཤེས་ཀྱང་གསུངས་སོ། །ལྔ་པ་དཀར་ཆའི་འཕོ་བའི་རིམ་པ་དང་བཅས་པ་བཤད་པ་ལ་གཉིས། ཁམས་བདུན་བཅུ་རྩ་གཉིས་ལ་སོགས་པའི་འགྱུར་ཚུལ་སྤྱིར་བསྟན་པ་དང་། ཐིག་ལེའི་དྭངས་མའི་འཕོ་བ་ཁྱད་པར་དུ་བཤད་པའོ། །དང་པོ་ལ་གཉིས། །ཁམས་བདུན་བཅུ་རྩ་གཉིས་ཀྱི་འགྱུར་ཚུལ་དང་། །ཁམས་བདུན་ཁྲི་ཉིས་སྟོང་ད་ལྟ་གནས་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་སོགས་ཚིགས་བཅད་གཅིག་སྟེ། བཤད་པ་དེ་ལྟར་རྩ་ཆེན་ཉེར་བཞིར་འབབ་པའི་ཁམས་ནི་ཉི་ཤུ་རྩ་བཞི་པོ་རེ་རེ་ལ་ཐིམ་ལོངས་སྤྱོད་བདག་པོ་གསུམ་གསུམ་དུ་ཕྱེ་བས་བདུན་བཅུ་རྩ་གཉིས་སུ་འགྱུར་ལ། དེ་ཡང་རང་འགྲེལ་དུ། ཕྱག་རྡོར་བསྟོད་འགྲེལ་ལས། ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོ་ཞེས་གསུངས་པའི་རིམ་པས། ཐིམ་པ་ནི་བྱ་བ་ཡོངས་སུ་རྫོགས་ནས་ཁམས་ཀྱི་སྙིགས་མར་གྱུར་བ་སྟེ་འབྲས་བུའོ། །ལོངས་སྤྱོད་པ་ནི་ཁམས་དེ་དག་གི་དྭངས་མ་དང་དཀར་ཆ་ཡིན་ཏེ་དངོས་གཞིའོ། །དེ་དག་བསྐྱེད་པར་བྱེད་པའི་བདག་པོ་ནི་རྩ་བར་རླུང་ཁྲག་འདྲེས་པ། ཞེས་གསུངས་པ་ལྟར་བཤད་པར་བྱའོ། །དེ་ཡང་། ཐིམ་པ་ནི་བྱ་བ་རྫོགས་ནས་སྙིགས་མར་གྱུར་པ་འདས་པའི་ཆ་ཡིན་ཏེ། ལོངས་སྤྱོད་པ་ནི་ཁམས་ཀྱི་དྭངས་མ་ལས་བྱེད་བཞིན་པ་གཙོ་བོར་དཀར་ཆ་ད་ལྟར་བ་ཡིན་ལ། དེ་བསྐྱེད་པར་བྱེད་པའི་བདག་པོ་ནི་དྭངས་སྙིགས་གཉིས་ཀའི་རྩ་བ་སྟེ་རྒྱུ་ཡིན་པས་རླུང་ཁྲག་འདྲེས་པ་མ་འོངས་པའི་ཆ་ཡིན་ནོ། །གཉིས་པ་ནི། རེ་རེའང་སོགས་རྐང་པ་གསུམ་སྟེ། ཁམས་ཉི་ཤུ་རྩ་བཞི་པོ་རེ་རེའང་སྟོང་ཕྲག་གསུམ་གསུམ་དུ་ཕྱེ་སྟེ་བདུན་ཁྲི་ཉིས་སྟོང་ནི། ཐིམ་པ་རླུང་གཙོ་བོར་གྱུར་པ་སྟོང་ཕྲག་ཉེར་བཞི་དང་ལོངས་སྤྱོད་པ་དཀར་ཆ་གཙོ་བོར་གྱུར་པ་སྟོང་ཕྲག་ཉེར་བཞི། བདག་པོ་དམར་ཆ་གཙོ་བོར་གྱུར་པ་སྟོང་ཕྲག་ཉེར་བཞི་སྟེ་ཟླ་ཉི་སྒྲ་གཅན་གྱི་ཁམས་གསུམ་གྱི་བདག་ཉིད་ཡིན་ལ། དེ་ནི་ལུས་ཀྱི་བ་སྤུའི་མཐར་ཐུག་པའི་རྩ་གནས་ཀུན་དུ་ཁྱབ་པར། སྟོད་འགྲེལ་དྲངས་མ་ཐག་པ་དེའི་མུར་། རེ་རེའང་སྟོང་ཕྲག་གསུམ་གསུམ་སྟེ་རླུང་དང་དཀར་དམར་གསུམ་གྱི་བདག་ཉིད་བྱེ་བ་ཕྲག་ཕྱེད་དང་བཞིའི་བ་སྤུའི་མཐར་ཐུག་པར་ཁྱབ་ཅིང་ཀུན་ཏུ་བསྐྱེད་དོ། །ཞེས་གསུངས་སོ། །གཉིས་པ་ཐིག་ལེའི་དྭངས་མའི་འཕོ་བ་ཁྱད་པར་དུ་བཤད་པ་ལ་གཉིས། འཕོ་བའི་རིམ་པ་དང་། འཕོས་པའི་བྱེད་ལས་སོ། །དང་པོ་ནི། ཁྱད་པར་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། ཁམས་བདུན་ཁྲི་ཉིས་སྟོང་སོགས་ལས་ཁྱད་པར་དུ་དཀར་ཆའི་དྭངས་མ་བྱང་ཆུབ་ཀྱི་སེམས་ཟླ་བ་བཟང་པོ་ནི་སྤྱི་བོའི་རྩ་འདབ་མ་བཅུ་དྲུག་པའི་རྩ་ནས་ནི། །ས་ཆུ་མེ་རླུང་གི་ཁམས་བཞི་པོ་རེ་རེ་བཞིན་སའི་ས། སའི་ཆུ་སའི་མེ་སའི་རླུང་ཞེས་སོགས་འབྱུང་ཆུང་གི་དབྱེ་བས་བཞི་བཞིར་ཕྱེ་བའི་རྩ་འདབ་བཅུ་དྲུག་དང་ལྡན་པ་ལས་ཐིག་ལེ་ཡང་ཆ་བཅུ་དྲུག་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་འབབ་ལ། འདིར་རྒྱལ་བའི་དབང་པོའི་ཞལ་སྔ་ནས། སྤྱི་བོ་ནས་ནི་བཅུ་དྲུག་ཆ་ཟེར་བ་བྲིས་ནོར་གྱིས་བཅུ་དྲུག་རྩ་ཞེས་པར་གྱུར་པ་སྟེ། གཉིས་ཀའང་འཆད་ཐུབ་ཙམ་སྣང་མོད་དོན་ལ་རྩ་འཆད་པའི་སྐབས་མ་ཡིན་ཐིག་ལེ་འཆད་པའི་སྐབས་ཡིན་པས་སྤྱི་བོ་ནས་ཐིག་ལེ་བཅུ་དྲུག་ཆར་འབབ་པའི་དོན་ཡིན་གསུང་ངོ་། །བདེ་བ་ཆེན་པོ་སྨིན་པས་གྲངས་ཇེ་ཉུང་ལ་སོང་ནས་བཅུ་དྲུག་པོ་དེའི་ཕྱེད་བརྒྱད་དུ་གྱུར་པ་སྙིང་གར་འབབ། བརྒྱད་པོ་དེའི་ཕྱེད་བཞིར་གྱུར་པ་ལྟེ་བའི་འཁོར་ལོའི་མཚམས་ཀྱི་རྩ་བཞིར་འབབ། དེ་ནས་ཐིག་ལེ་ཅན་ཏེ་གཅིག་ཏུ་གྱུར་པ་ནི་དམར་ཆའི་དྭངས་མ་ཨ་ཤད་ཀྱི་མེ་ལ་འབབ་པས་ན། རྩ་དུང་ཅན་མར་ཇི་ཙམ་གནས་གནས་ཀྱི་རིང་ལ་ཟླ་བ་ཡར་ངོ་ཡོངས་སུ་རྫོགས་པ་བཅུ་དྲུག་པའི་ཆར་འགྱུར་ཏེ། ཧེ་བཛྭ་ལས། བཅོ་ལྔ་ཆ་ཡི་བདག་ཉིད་ཕྱིར། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །བདེ་བ་ཆེན་པོ་ཨཱ་ལྀའི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། ཞེས་གསུངས་པ་ནི་ཕྱིར་ཟླ་བ་ལ་ཆ་ཤས་བཅོ་ལྔ་ཡོད་པ་ཉའི་བར་ལ་གོང་ནས་གོང་དུ་འཕེལ་བ་ལྟར། ནང་གི་ཟླ་བ་ཀུན་ད་ལྟ་བུའི་བྱང་སེམས་ཆ་ཤས་དེ་ཙམ་དུ་འཕེལ་ཏེ། བདེ་བ་ཆེན་པོ་བྱང་སེམས་དེ་ཉིད་ས་བོན་ཨཱ་ལྀ་བཅོ་ལྔའི་གཟུགས་ཀྱིས་འཕེལ་བ་བདག་མེད་མ་ལྷ་མོ་བཅོ་ལྔ་རྩའི་རྣམ་པར་གནས་སོ་ཞེས་པའི་དོན་ཡིན་པས་སོ། །དེ་ལྟར་བདེ་བ་ཆེན་པོ་ཡོངས་སུ་རྫོགས་པ་དེའི་མཐར་ནི་ཕྱི་རོལ་དུ་འཛག་པར་བྱེད་དོ། །འདི་ལ་བརྟེན་ནས་ལུས་ཀྱི་ཕྱི་རོལ་གྱི་ཚིགས་ཐམས་ཅད་དུ་ཡང་ཚེས་ཀྱི་བདག་ཉིད་ཀྱི་ཁམས་ཀྱི་འཕོ་བ་གསུངས་ཏེ། དུས་འཁོར་ལས་མཐེ་བོའི་ཚིགས་ནས་གཙུག་ཏོར་དག་ཏུ་ཉ་ཡི་མཐར་ནི་རང་སེམས་འགྲོ་སྟེ་ཚེས་ཀྱི་དབང་གིས་སོ། །གཙུག་ཏོར་ནས་ནི་སོར་མོ་རྣམས་སུ་སླར་ཡང་འདི་ནི་འགྲོ་སྟེ་ནག་པོའི་ཕྱོགས་ཀྱི་མཐའ་རུའོ། །ཞེས་གསུངས་སོ། །ཡར་ངོའི་ཚེས་གཅིག་ལ་རྐང་པ་གཡོན་པའི་སོར་མོའི་ཚིགས་དང་པོ་ལ་ཨའོ། །ཚེས་དང་ཚིགས་གཉིས་པ་ལ་ཨིའོ། །གསུམ་པ་ལ་རྀའོ། །བཞི་པ་ལ་གཡོན་གྱི་ལོང་བུའི་མཚམས་སུ་ཨུའོ། །ལྔ་པར་པུས་མོའི་མཚམས་སུ་ལྀའོ། །དྲུག་པར་བརླ་དང་དཔྱིའི་མཚམས་སུ་ཨའོ། །བདུན་པར་གཡོན་གྱི་ལག་པའི་སོར་ཚིགས་དང་པོའི་མཚམས་སུ་ཨེའོ། །བརྒྱད་པར་སོར་ཚིགས་བར་མ་ལ་ཨར་རོ། །དགུ་པར་སོར་ཚིགས་གསུམ་པའི་མཚམས་སུ་ཨོའོ། །བཅུ་པར་འཁྲིག་མའི་མཚམས་སུ་ཨལ་ལོ། །བཅུ་གཅིག་པར་གྲུ་མོའི་མཚམས་སུ་ཧའོ། །བཅུ་གཉིས་པར་གཡོན་གྱི་ཕྲག་པ་དང་དཔུང་པའི་མཚམས་སུ་ཡའོ། །བཅུ་གསུམ་པ་ལ་སྙིང་གར་རའོ། །བཅུ་བཞི་པ་ལ་མགྲིན་པར་ཝའོ། །བཅོ་ལྔ་པ་ལ་སྤྱི་བོར་ལའོ། །ཉའི་མཐའ་སྟེ་བཅུ་དྲུག་པ་ལ་ཨཾ་གི་རང་བཞིན་ཚངས་བུག་ཏུ་འགྲོ་སྟེ། དེ་ནས་མར་ངོའི་ཚེས་གཅིག་ལ་སྤྱི་བོར་ལཱའོ། །གཉིས་ལ་མགྲིན་པར་ཝཱའོ། །གསུམ་ལ་སྙིང་གར་རཱའོ། །བཞི་ལ་གཡས་ཀྱི་ཕྲག་པ་དང་དཔུང་པའི་མཚམས་སུ་ཡཱའོ། །ལྔ་ལ་གྲུ་མོར་ཧཱའོ། །དྲུག་ལ་འཁྲིག་མར་ཨཱལ་ལོ། །བདུན་ལ་ལག་པ་གཡས་ཀྱི་སོར་ཚིགས་གསུམ་པར་ཨཽའོ། །བརྒྱད་ལ་ཚིགས་གཉིས་པར་ཨཱར་རོ། །དགུ་ལ་ཚིགས་དང་པོར་ཨཻའོ། །བཅུ་ལ་གཡས་ཀྱི་བརླ་དང་དཔྱིའི་མཚམས་སུ་ཨཱའོ། །བཅུ་གཅིག་པ་ལ་པུས་མོའི་མཚམས་སུ་ལཱྀའོ། །བཅུ་གཉིས་པ་ལ་ལོང་བུར་ཨཱུའོ། །བཅུ་གསུམ་པ་ལ་རྐང་པ་གཡས་པའི་སོར་ཚིགས་གསུམ་པར་རཱྀའོ། །བཅུ་བཞི་པ་ལ་སོར་ཚིགས་གཉིས་པར་ཨཱིའོ། །བཅོ་ལྔ་པ་ལ་སོར་ཚིགས་དང་པོར་ཨཱའོ། །དེའི་མཐའ་གནམ་སྟོང་ལ་རྐང་མཐིལ་དུ་ཨཿ ཚེག་དྲག་ཅན་ནོ། །དེ་དག་ནི་ཡར་ངོ་ལ་དཀར་ཆ་འཕེལ་བ་དང་། མར་ངོ་ལ་འགྲིབ་པའི་རིམ་པས་འཕོ་བའི་ཚུལ་ཡིན་ལ། དམར་ཆ་ནི་ཡར་ངོ་ལ་འགྲིབ་ཅིང་མར་ངོ་ལ་འཕེལ་བའི་ཚུལ་གྱིས་འཕོ་སྟེ། ཡར་ངོའི་ཚེས་གཅིག་ལ་རྐང་པ་གཡས་པའི་སོར་ཚིགས་དང་པོར་ཨཱའོ་ཞེས་པ་ནས་གནམ་སྟོང་ལ་ཨཾ་གི་རང་བཞིན་ཚངས་བུག་ཏུ་འགྲོ་སྟེ། ཞེས་པའི་བར་སྔ་མ་ལས་དཔགས་ཏེ་ཤེས་པར་བྱའོ། །འདིའི་ཐད་ཀྱི་རང་འགྲེལ་ཧོར་པར་ལས། བཅུ་པ་ལ་ཨ་ཐུང་ངུ་བྲིས་པ་དང་། བཅུ་གསུམ་པ་ལ་མགྲིན་པ་དང་། བཅུ་བཞི་པ་ལ་ཚོགས་མ་ཞེས་བྲིས་པ་ནི་ཡི་གེ་པའི་བྲིས་ནོར་ཏེ། སྒྲུབ་ཐབས་ལེའུའི་ཚིགས་བཅད་བརྒྱ་ཉེར་ལྔ་པའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ལས། ཁོ་བོ་ཅག་གིས་བཤད་པ་འདི་ཁོ་ན་ལྟར་འབྱུང་ངོ་། །ཕྱོགས་མཐུན་པ་ཙམ་དུ་བདེ་མཆོག་སྡོམ་འབྱུང་ལས། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལི་ལཱི། ཨེ་ཨཻ། ཨོ་ཨཽ། ཨཾ་གི་ཡི་གེའི་རིམ་པས། ཡར་ངོ་ཡི་ནི་ཚེས་གཅིག་ལ། རྐང་པའི་སོར་མོར་ཡི་གེ་ཨ། ཞེས་སོགས་གསུངས་མོད་ཀྱི། དབྱངས་ཀྱི་ཡི་གེ་མ་མཐུན་པ་ནི་རྒྱུད་སྡེའི་བཤད་སྲོལ་སོ་སོ་བའི་དབང་ལས་ཏེ་འདིར་ནི་ཚིགས་ཀྱི་རྣམ་པར་དག་པ་དང་མཐུན་པས་དུས་ཀྱི་འཁོར་ལོ་ཁོ་ན་ལྟར་བཟུང་ངོ་། །སྨན་གྱི་བསྟན་བཅོས་ལས་ཀྱང་། ཀུན་ཏུ་ཁྱམས་པའི་བླ་གནས་ཀྱི་རྩ་ཞེས་བྱ་བ་འདི་གནས་པའི་སར་གཏར་སྲེག་སོགས་མི་བྱེད་པར་བཤད་དོ། །རྒྱལ་བའི་དབང་པོའི་ཞལ་སྔ་ནས། འདིར་ཚེས་ཀྱི་བདག་ཉིད་ཀྱི་ཁམས་ཀྱི་འཕོ་བ་ཞེས་གསུངས་པ་འདི་ནི་ལུས་ཀྱི་རྩ་རླུང་བྱང་སེམས་འབྱུང་བ་ཐམས་ཅད་ཀྱི་དྭངས་མ། བདེ་བར་གཤེགས་པའི་སྙིང་པོའི་བྱེ་བྲག་རྒྱས་འགྱུར་གྱི་རིགས་ཡིན་མོད། སྐལ་མེད་ལ་གསང་གཏམ་དུ་བྱའོ། །ཞེས་གསུང་ངོ་། །གཉིས་པ་ནི། ལུས་ཅན་སོགས་རྐང་པ་གསུམ་སྟེ། དེ་ལྟར་འཛགས་པས་ཅིར་འགྱུར་སྙམ་ན། འཛག་པར་བྱེད་བ་འདིས་ནི་དུག་གསུམ་གྱི་ཉོན་མོངས་པ་བསྐྱེད་པར་བྱེད་དེ་ཁམས་འཕོ་ཁར་ཐིག་ལེ་འཕེལ་བས་ལུས་ཅན་རྣམས་ཀྱི་སྙིང་དགའ་བར་བྱེད་པས་ན་ཐོག་མར་འདོད་ཆགས་བསྐྱེད་ཅིང་། ཆགས་པའི་དབང་གིས་རྒྱུད་རྨོངས་པར་བྱས་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་མ་ཤེས་པས་གཏི་མུག་བསྐྱེད་ནས། འཛགས་པ་ན་ཆགས་པ་དང་བྲལ་ཏེ་ཞེ་སྡང་བའི་སེམས་སྐྱེ་བར་བྱེད་དེ། །དང་པོ་དགའ་ལྡན་འདོད་ཆགས་ཡིན། །བར་མ་མ་རྟོགས་གཏི་མུག་སྟེ། །རྗེས་ལ་ཆགས་བྲལ་ཞེ་སྡང་སེམས། །ཞེས་སོགས་གསུངས་པ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་དུག་གསུམ་གྱི་དབང་གིས་འཁོར་བར་འཁོར་བས་ན་འཛག་པ་འདི་ནི་འཁོར་བ་བསྐྱེད་པར་བྱེད་པའི་གཞིར་གྱུར་པ་སྟེ། མཆོག་མི་འགྱུར་ལས་འཛག་བདེ་འཁོར་བའི་རྩ་བར་གསུངས་པ་དང་དོན་གཅིག་གོ །བཞི་པ་གཉེན་པོའི་ཐིག་ལེ། འཆིང་བའི་རིམ་པ་ལ་གསུམ། གང་གིས་འཆིང་བ། འཆིང་བའི་རིམ་པ། བཅིངས་པའི་འབྲས་བུའོ། །དང་པོ་ནི། རྒྱལ་བས་སོགས་རྐང་པ་གསུམ་སྟེ། རྒྱལ་བ་སངས་རྒྱས་ཀྱིས་གསུངས་པའི་ཐབས་ཁྱད་པར་ཅན་དང་འགྲེལ་གྱི་ལུང་དོན་ནི། ཕྱག་རྒྱ་དེ་ནི་གསུམ་སྟེ། ལས་རྒྱ། ཡེ་རྒྱ། ཕྱག་ཆེན་ནོ། །དང་པོ་ལ་ཡང་། སྔགས་སྐྱེས། ཞིང་སྐྱེས། རིགས་སྐྱེས་ཏེ་གསུམ་ལས། དང་པོ་ནི། རང་དང་ལྡན་པས་ལས་ཆོས་ཕྱག་ཆེན་ཏེ་ཕྱག་རྒྱ་གསུམ་གྱིས་ཁམས་འཛག་བྲལ་དུ་བཅིངས་ན་སྟེ་འཆིང་བའི་དཔེ་ནི་དངུལ་ཆུ་ལྷང་རྩེར་ལ་སོགས་པའི་སྨན་དང་སྣུམ་དང་ལྟེ་བ་སོགས་ཀྱི་སྦྱོར་བས་མེས་བཅིངས་ན་འཆིང་ཐུབ་པ་ལྟ་བུའོ། །ཡང་ན། ན་ཞེས་པ་ཕྱི་མ་འདྲེན་པ་སྟེ། རྫས་ལ་སོགས་པའི་སྒོ་ནས་དངུལ་ཆུ་མེས་བཅིངས་ན་གསེར་དུ་འགྱུར་བ་ལྟར་ཕྱག་རྒྱ་གསུམ་གྱི་མེས་ཐིག་ལེ་བཅིངས་ན་སེམས་ཅན་སངས་རྒྱས་སུ་འགྱུར་རོ། །ཞེས་པའི་དོན་ཡིན་ཏེ། འགྲེལ་པར་བརྟག་གཉིས་ཀྱི་ལུང་གཅིག་དང་དུ་མ་བྲལ་བ་ཡི། །སྐད་ཅིག་གཅིག་ལ་མཆོག་དགའ་བ། །རང་གི་རིག་པའི་ཡེ་ཤེས་འདི། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་དྲངས་པ་ལྷན་སྐྱེས་ཡེ་ཤེས་གཅིག་དུ་བྲལ་དུ་རྟོགས་པའི་སྐད་ཅིག་ལ་མཆོག་དགའི་རང་ངོ་རྟོགས་པ་ནི་རང་རིག་ཡེ་ཤེས་ཏེ་འདི་ནི་བློ་འདས་ཡིན་པས་སྒྲ་རྟོག་གི་ཡུལ་མ་ཡིན་ཞིང་མངོན་སུམ་གྱི་སྦྱོང་ཡུལ་ཏེ། དེའི་ཕྱིར་བླ་མ་དམ་པའི་བྱིན་རླབས་དང་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱི་རིམ་པ་སོགས་ལ་བརྟེན་ནས་རྟོགས་པར་བྱ་དགོས་སོ། །དེ་ལྟ་བུའི་ཚུལ་གྱིས་ཀུན་མཁྱེན་ཡེ་ཤེས་ཀྱང་མངོན་དུ་བྱ་བ་ཡིན་ནོ། །ཞེས་དཔེ་ཀུན་མཁྱེན་ཡེ་ཤེས་ཐོབ་ཚུལ་དང་དོན་ལྷན་སྐྱེས་ཡེ་ཤེས་ཉམས་ལེན་གྱི་རིམ་པ་དཔེ་དོན་རྣམ་པར་སྦྱར་ཏེ་གསུངས་པས་སོ། །འཆིང་བྱེད་ཕྱག་རྒྱ་གསུམ་ངོས་འཛིན་པ་ལ་དྲངས་པའི་རྒྱུད་ཡོན་ཏན་མཉམ་པའི་ཕྱག་རྒྱ་མཚན་ལྡན་སྔགས་བསྒྲུབས་པའི་སྟོབས་ཀྱིས་གྲུབ་པའོ། །གཉིས་པ་ནི། ཡུལ་སུམ་བཅུ་རྩ་གཉིས་ཀྱི་ཞིང་ལས་སྐྱེས་པའི་དཔའ་མོའི་རིགས་སོ། །གསུམ་པ་ནི། རིགས་ལྔའི་ཁ་དོག་དང་ཕྱག་མཚན་ཅི་རིགས་པའི་རྟགས་ཅན་ནོ། །ཡེ་རྒྱ་ནི། ཡི་དམ་ཡབ་ཡུམ་དུ་བསྒོམས་པ་ལྟ་བུས་སྙོམས་པར་འཇུག་པ་སྟེ། དོན་ལ་མེད་བཞིན་དུ་རྟོག་པས་ཀུན་བཏགས་པ་ཡིད་ཀྱི་རིག་མའོ། །ཕྱག་ཆེན་ནམ་ཕྱག་རྒྱ་བཟང་མོ་ནི། གཞན་ལུས་དང་ཡིད་ཀྱི་རིག་མ་གང་ཡང་མིན་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དོ། །ཐབས་དེས་འཆིང་ནུས་པ་དང་བཅིངས་ན་མཆོག་ཏུ་འགྱུར་བའི་དཔེ་ནི། དངུལ་ཆུ་མེ་དང་འཕྲད་ན་འཕྲད་མ་ཐག་འབྲོས་ཀྱང་རྫས་ཁྱད་པར་ཅན་དང་སྦྱར་ན་མེ་ཉིད་ཀྱིས་འཆིང་ནུས་པ་བཞིན་རྡོ་རྗེ་པད་མ་ལ་རེག་ན་ཁམས་འཛག་ཀྱང་ཐབས་ཁྱད་པར་ཅན་དང་ལྡན་ན་རེག་པ་ཉིད་ཀྱིས་འཆིང་ལ། དངུལ་ཆུ་བཅིངས་ན་ལྕགས་གསེར་དུ་བསྒྱུར་ནུས་པ་ལྟར། ཁམས་བཅིངས་ན་སྙིགས་མའི་ཕུང་ཁམས་སངས་རྒྱས་སུ་བསྒྱུར་ནུས་པའོ། །གཉིས་པ་ལ་གཉིས། མཐོང་ལམ་ཐོབ་བྱེད་ཀྱི་རིམ་པ་དང་། སྒོམ་ལམ་བགྲོད་བྱེད་ཀྱི་རིམ་པའོ། །དང་པོ་ནི། རྒྱལ་མཚན་སོགས་རྐང་པ་གཉིས་ཏེ། སོར་བསམ་དང་སྲོག་རྩོལ་སྦྱངས་ནས་འཛིན་པའི་སྐབས་སུ་རྒྱལ་མཚན་ཏེ་རྡོ་རྗེ་ནོར་བུའི་རྩ་བཞི་འཕོ་མེད་ཀྱི་རྟེན་དུ་དག་པར་བྱས་ནས་བྱང་སེམས་སྐ་བ་དང་སླ་བ་མི་འཛག་ཅིང་དུས་སྦྱོར་གཅིག་གི་རླུང་འགགས་པས་བདེན་པ་མཐོང་བའི་དོན་ལ་དངོས་སུ་སྦྱོར་ཞིང་འཛིན་པའི་ཡན་ལག་རྫོགས་པས་མོས་སྤྱོད་མཐར་ཕྱིན་ཏེ་འཕགས་པའི་ས་དང་པོ་མཐོང་ལམ་ཐོབ་པར་བྱེད་དོ། །གཉིས་པ་ནི། རྗེས་དྲན་སོགས་རྐང་པ་ཕྱེད་བཞི་སྟེ། དེ་ནས་སྒོམ་ལམ་གྱི་མཚན་ཉིད་ཅན་རྗེས་དྲན་གྱི་ཡན་ལག་སྦྱོང་སྟེ། ཕར་ཕྱིན་བཅུ་དཀོན་མཆོག་གསུམ་ཚུལ་ཁྲིམས་གཏོང་བ་ལྷ་རྗེས་དྲན་སྟེ་རྗེས་དྲན་བཅུ་དྲུག་གམ་དགའ་བ་བཅུ་དྲུག་རྗེས་སུ་དྲན་པ་དང་ལྡན་པས་ཐིག་ལེ་མི་འཕོ་བར་བརྟན་པར་བྱས་པས་ཏིང་ངེ་འཛིན་གྱི་སྐབས་སུ་རང་གི་ངང་གིས་གྱེན་ལ་འགྲོ་ཞིང་། དེ་ལྟར་སོང་བས་ས་ནི་བཅུ་གཉིས་རིམ་པ་ལྟར་ཐོབ་པར་བྱེད་དེ། །ནོར་བུར་མོས་སྤྱོད་ཀྱི་ས་དང་གསང་འཁོར་ནས་སྤྱི་བོའི་བར་འཁོར་ལོ་ལྔ་ལ་ས་གཉིས་གཉིས་ཏེ་བྱང་འཕགས་ཀྱི་ས་བཅུ་དང་གཙུག་ཏོར་དུ་སངས་རྒྱས་ཀྱི་ས་ཐོབ་པར་བྱེད་པས་སོ། །མདོར་ན་ནོར་བུ་ནས་སྤྱི་གཙུག་གི་བར་ལ་ལས་རླུང་སོགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དེ་འགགས་ནས་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་མ་སོགས་གྲངས་དེ་སྙེད་རེ་འཕེལ་ཏེ་ས་བཅུ་གཉིས་བགྲོད་ནས་སངས་རྒྱས་པའི་དོན་ཡིན་ཏེ། རྩ་རྒྱུད་ལས། མཆོག་ཏུ་མི་འགྱུར་ཉི་ཁྲི་དང་། སྟོང་ཕྲག་གཅིག་དང་དྲུག་བརྒྱ་ཡིས། །སྐད་ཅིག་གིས་རྫོགས་མི་བདག་ཀྱཻ། །རང་ཉིད་རྡོ་རྗེ་སེམས་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །འདིའི་ཤེས་བྱེད་དུ་དྲངས་པའི་འགྲེལ་ཚིག་འདི་འགྱུར་གྱོང་བས་ཅུང་ཟད་གོ་དཀའ་བར་སྣང་སྟེ། མཁས་གྲུབ་ཆེན་པོ་རིག་པའི་རལ་གྲིས་ཀྱང་མ་དག་པར་བཤད་པ་འགའ་ཞིག་འདུག་པས་ཅུང་ཟད་ཕྱེ་སྟེ་བཤད་པར་བྱའོ། །ཡེ་ལེའི་ཚིགས་བཅད་བརྒྱ་བཅུ་དྲུག་པའི་རྗེས་དེ་ནས་རྒྱུད་ལས་གཟུགས་བརྙན་མཐོང་བར་རབ་ཏུ་བྱས་ལ་ཉི་མ་སོ་སོའི་དུས་སུ་སྲོག་གི་རླུང་ནི་དགག་པར་བྱ། ཞེས་པའི་འགྲེལ་པ་ནི་སོར་བསམ་གྱི་སྐབས་སུ་སྟོང་པའི་གཟུགས་བརྙན་ཏེ་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་མཐོང་བར་བྱས་ལ། སྲོག་འཛིན་གྱི་སྐབས་སུ་ཉི་མ་སོ་སོའི་དུས་སུ་སྟེ་ཉི་མ་རེ་རེ་བཞིན་སྲོག་གི་རླུང་སྟེང་དུ་རྒྱུ་བ་ནི་བཀག་པར་བྱ་བའི་མན་ངག་བུམ་པ་ཅན་གྱི་སྦྱོར་བ་ལ་འབད་པར་བྱའོ། །རྒྱུད་ལས། ཇི་སྲིད་འོད་ཀྱི་འཁོར་ལོ་འཁོར་བས་རང་གི་ལུས་ལ་ཡོངས་སུ་བཀོར་བ་ངེས་པར་མཐོང་བ་ན། ཞེས་པའི་འགྲེལ་ཚིག་འདི་ཅུང་ཟད་དཀྲུགས་ནས་བཤད་ན་གོ་སླ་བར་འགྱུར་བས། གོང་དུ་སྨོས་པའི་བུམ་ཅན་གྱི་སྦྱོར་བ་དེ་དུས་ཇི་སྲིད་དུ་བྱ་ན། འོད་ཟེར་གྱི་འཁོར་ལོ་ཁ་དོག་ལྔ་པ་རང་གི་ལུས་ལ་ཨ་ལོང་གི་ནང་དུ་འཛུབ་མོ་བཅུག་པ་ལྟར་རྣམ་པར་འཁོར་བ་དང་ལྡན་པ་ཡོངས་སུ་སོན་པ་སྟེ། འོད་ཟེར་འཁོར་བ་མཐོང་བ་འདི་ནི་འོལ་སྤྱི་ཙམ་མ་ཡིན་པར་མངོན་སུམ་དུ་མཐོང་གི་བར་དུའོ། །རྒྱུད་ལས། ཟླ་བ་དྲུག་གིས་རེག་པ་དམན་པ་ཉམས་པའི་བདེ་བ་དཀའ་ཐུབ་པ་ཡི་ལམ་གྱི་སེམས་ལས་འགྱུར། ཞེས་པའི་འགྲེལ་པ་ནི། སྔོན་དུ་སྟེ་ཚིག་རྐང་སྔོན་མར་གསུངས་པའི་སྟོང་པ་ཉིད་ཀྱི་གཟུགས་བརྙན་འོད་ཟེར་འཁོར་བ་དེ་ལ་ནང་གི་བདག་ཉིད་ཅན་ཞེས་བྱ་སྟེ། །དབུ་མའི་ནང་དུ་མཐོང་བའི་གཟུགས་བརྙན་ཡིན་པས་སོ། །དེ་མཐོང་བའི་དགོས་པ་ནི། དེ་ནས་ཟླ་བ་དྲུག་གིས་གནས་སྐབས་ཀྱི་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་རོ། །གང་ཟག་སུས་ཐོབ་ན། གལ་ཏེ་ལས་དང་པོ་པ་ཡིན་ན་ཡང་། རྩ་བར་དཀའ་ཐུབ་པ་ཞེས་པའི་དོན་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཀྱིས་སོ། །ཅི་ཏེ་ན་རེག་པ་དམན་པའི་བདེ་བ་དང་ལྡན་པས་སོ། །རེག་པ་དམན་པའི་བདེ་བ་དེ་གང་ཞེ་ན། དེ་ནི་དབང་པོ་གཉིས་ཀྱིས་གཉིས་འཁྱུད་པ་སྤངས་པའི་བདེ་བ་ལ་བྱ་ཞིང་། དེའི་རང་གི་ངོ་བོ་ནི། བྱང་སེམས་ཉམས་པའི་བདེ་བ་དོར་བ། ཁམས་མི་གཡོ་བའི་བདེ་བའི་ངོ་བོ་ཉིད་ཡིན་ནོ། །ལམ་གྱི་སེམས་ལས་འགྱུར་ཞེས་པའི་འགྲེལ་པར། ལམ་སེམས་སྟོང་པ་ཉིད་དུ་བསམས་ལ་ཞེས་གསུངས་ཀྱང་། ཤོང་འགྱུར་དུ། ལམ་གྱི་སེམས་ཤེས་པ་སྟོང་པ་ཉིད་ཀྱི་གཟུགས་ཀྱི་སེམས་སུ་འགྱུར་རོ་ཞེས་གསུངས་པས། ལམ་དུས་ཀྱི་ཡེ་ཤེས་དེ་ཡུལ་ཡུལ་ཅན་དབྱེར་མེད་པའི་ཤེས་རབ་ཡེ་ཤེས་ཡིན་པའི་ཕྱིར། སྟོང་པ་ཉིད་ཀྱི་གཟུགས་ཀྱི་སེམས་སུ་འགྱུར་ཏེ། སྟོང་གཟུགས་དང་དེ་མཐོང་བའི་སེམས་དབྱེར་མེད་ཡིན་པས་སོ། །དེ་ནས་རྗེས་ཏིང་གི་ལམ་ལ་བརྟེན་ནས་སྒོམ་ལམ་རིམ་གྱིས་བགྲོད་དེ་དུས་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཅན་མཐར་ཐུག་གི་བྱང་ཆེན་སྐད་ཅིག་གིས་ཐོབ་པར་བྱེད་དོ། །རྒྱུད་ལས། ཆགས་དང་ཆགས་བྲལ་མཐའ་དང་ཐོག་མར་སྐད་ཅིག་མ་ལས་ཁྱབ་བདག་དབུགས་ཀྱི་གྲངས་ལ་འཕེལ་བར་འགྱུར། ཞེས་པའི་འགྲེལ་པར། ཆགས་པ་དང་ཆགས་བྲལ་གྱི་མཐའ་ཆགས་པའི་དང་པོའི་སྐད་ཅིག་ཅེས་བྱའོ། །ཞེས་པ་འདི་རྩ་ཚིག་བཀོད་པ་སྟེ། ཤོང་འགྱུར་དུ། ཆགས་དང་ཆགས་བྲལ་མཐའ་ཐོག་ལ་གནས་སྐད་ཅིག་མ་ཞེས་པ་ལ། ཞེས་སོགས་སུ་བསྒྱུར་བས་སོ། །འགྲེལ་ཚིག་དངོས་ནི། རྩ་བར་ཆགས་དང་ཆགས་བྲལ་མཐའ་དང་། ཞེས་པ་དེ་གང་ཞེ་ན། ཆགས་པ་ཞེས་པ་ནི་དཀར་པོའི་ཕྱོགས་ཏེ། ཁམས་མཐུར་ལ་འབབ་པ་དང་ཟླ་བ་ཡར་ངོ་ཡིན་ལ། དེའི་མཐར་སོན་པ་ནི་དུང་ཅན་དུ་སླེབ་པ་བཅོ་ལྔ་པ་ཡིན་ནོ། །དེ་ནས་ཡར་མ་ལོག་གི་བར་ནི་བཅུ་དྲུག་པའི་ཆའི་སྐད་ཅིག་གོ །ཆགས་བྲལ་ཞེས་པ་ནི་ནག་པོའི་ཕྱོགས་ཏེ། ཁམས་གྱེན་ལ་འགྲོ་བ་དང་མར་ངོ་ཡིན་ལ། མར་ངོ་འམ་ནག་པོ་དེའི་ཕྱོགས་ཀྱི་ངོས་འཛིན་ནི་ནོར་བུ་ནས་ཁམས་གྱེན་ལ་ལོག་པ་ནག་པོའི་ཕྱོགས་སོ། །དེར་སོན་པ་ནི་ནག་ཕྱོགས་དེའི་མཐར་ཐུག་པར་སོན་པ་སྟེ། གཙུག་ཏོར་གྱི་འཁོར་ལོར་ཕྱིན་པའོ། །དེ་ནི་འཁོར་ལོ་དྲུག་པོ་ཐམས་ཅད་ཡེ་ཤེས་ཀྱི་རླུང་དང་བྱང་ཆུབ་ཀྱི་སེམས་མི་འགྱུར་བའི་ཐིག་ལེ་དང་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་ཀྱིས་གང་བའི་དུས་ཏེ། མངོན་པར་རྫོགས་པར་བྱང་ཆུབ་པ་སངས་རྒྱས་པའི་དུས་ཀྱི་མཚན་ཉིད་དོ། །དེ་དེ་ཉིད་ཀྱི་སྐད་ཅིག་དང་ཞེས་པ་ཤོང་འགྱུར་དུ་སྐད་ཅིག་མ་དེ་ཉིད་ཀྱང་ཞེས་པར་བསྒྱུར་བས། སངས་རྒྱས་པའི་དུས་སྐད་ཅིག་མ་དེ་ཡང་། རྒྱལ་མཚན་རྩ་བཞི་དང་འཁོར་ལོ་དྲུག་གི་གནས་སུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་ཀྱི་གྲངས་བྲི་བ་བཞིན་དུ་མི་འགྱུར་བའི་བདེ་བའི་སྐད་ཅིག་དང་། ཡེ་རླུང་དང་ཡེ་ཤེས་ཀྱང་གྲངས་དེ་ཙམ་རེ་འཕེལ་བའི་དུས་སོ། །དེའི་རིམ་པ་ནི། ལས་ཀྱི་རླུང་བརྒྱ་ཕྲག་བཅོ་བརྒྱད་ཀྱི་གྲངས་དང་དེ་དང་མཉམ་པའི་རྣམ་རྟོག་དང་ཁུ་བ་འཕོ་བ་རྣམས་གསང་བའི་རྡོ་རྗེ་ནོར་བུའི་རྩེ་མོ་རྒྱལ་མཚན་གྱི་རྩ་བཞིར་འགགས་ཤིང་དེ་ཉིད་དུ་མི་འགྱུར་བའི་བདེ་བའི་སྐད་ཅིག་མ་སོགས་གྲངས་དེ་སྙེད་རེ་འཕེལ་ཏེ། རྒྱལ་མཚན་རྩ་བཞི་དག་པས་ས་དང་པོ་མོས་སྤྱོད་ཀྱི་ས་མཐར་ཕྱིན་པར་འགྱུར་རོ། །དེ་ནི་རྩ་བར། ཁྱབ་བདག་དབུགས་ཀྱི་གྲངས་ལས་འཕེལ་བར་འགྱུར། །ཞེས་པས་གསུངས་སོ། །དེ་ནས་གསང་བའི་པད་མ་སྟེ་གསང་གནས་ཀྱི་འཁོར་ལོར་རླུང་རྟོག་རགས་པ་དང་། ཐིག་ལེ་སྐ་བ་གྲངས་དེ་ཙམ་ཞིག་དང་རླུང་རྟོག་ཕྲ་བ་དང་ཐིག་ལེ་སླ་བ་དེ་ཙམ་ཞིག་སྟེ་བརྒྱ་ཕྲག་སུམ་བཅུ་རྩ་དྲུག་གི་གྲངས་དང་མཉམ་པའི་ཐིག་ལེ་འཕོ་བའི་སྐད་ཅིག་དང་སྲོག་སྟེ་ལས་རླུང་གི་གྲངས་དང་རྟོག་པའི་གྲངས་དེ་ཙམ་ཞིག་བཀག་ནས་གསང་འཁོར་དག་པས་འཕགས་པའི་ས་གཉིས་ཐོབ་ཅེས་ཏེ། དེས་ནི་ས་རབ་ཏུ་དགའ་བ་དང་དྲི་མ་མེད་པ་སྟེ་འཕགས་པའི་ས་དང་པོ་གཉིས་སུ་འགྱུར་རོ། །དེ་བཞིན་དུ་བྱང་སེམས་སོགས་གྲངས་དེ་ཙམ་ཞིག་ལྟེ་བའི་འཁོར་ལོར་འཕེལ་བས་ས་འོད་བྱེད་པ་དང་འོད་འཕྲོ་བ་ཐོབ་སྟེ་འཕགས་པའི་ས་བཞི་དང་། སྙིང་གའི་འཁོར་ལོར་འཕེལ་བས་སྦྱང་དཀའ་བ་དང་མངོན་དུ་གྱུར་པ་ཐོབ་སྟེ་འཕགས་པའི་ས་དྲུག་དང་། ལྐོག་མ་སྟེ་མགྲིན་པའི་འཁོར་ལོར་རིང་དུ་སོང་བ་དང་མི་གཡོ་བ་ཐོབ་སྟེ་འཕགས་པའི་ས་བརྒྱད་དང་། དཔྲལ་བ་སྟེ་སྤྱི་བོའི་འཁོར་ལོར་འཕེལ་བས་ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ཐོབ་སྟེ་གྲངས་བཅུའི་འཕགས་པའི་ས་རྣམས་སུ་འགྱུར་རོ། །སྤྱི་གཙུག་སྟེ་གཙུག་ཏོར་གྱི་འཁོར་ལོར་རླུང་རྟོག་ཐིག་ལེ་འཕོ་བ་རྣམས་སྟོང་བརྒྱད་བརྒྱ་འགགས་ཤིང་ཡེ་རླུང་སོགས་འཕེལ་ཏེ། ནོར་བུ་ནས་གཙུག་ཏོར་གྱི་བར་ཀུན་སྡོམས་པས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་སྲོག་སྟེ་ལས་ཀྱི་རླུང་དང་རྟོག་པ་དང་ཐིག་ལེ་འཕོ་བའི་སྐད་ཅིག་མ་ཐམས་ཅད་འགགས་ཤིང་ཟད་པས། མོས་སྤྱོད་ཀྱི་ས་ནས་བགྲངས་པའི་ས་བཅུ་གཉིས་པ་སངས་རྒྱས་ཀྱི་ས་ཐོབ་པར་འགྱུར་རོ་ཞེས་པའོ། །སྤྱི་གཙུག་ཏུ་གཉིས་ཀྱི་རླུང་ཐམས་ཅད་འགག་པར་འགྱུར་རོ། །ཞེས་པ་འགྱུར་མ་དག་པ་འདྲ་བས་ཤོང་འགྱུར་ལས། གཙུག་ཏོར་དུ་སྲོག་ཐམས་ཅད་ཟད་པས་ས་བཅུ་གཉིས་སོ། །ཞེས་འབྱུང་བ་དང་བསྟུན་ནས་བཤད་པ་ཡིན་ནོ། །གསུམ་པ་འབྲས་བུ་ལ་གཉིས། གནས་སྐབས་ཀྱི་འབྲས་བུ་དང་། མཐར་ཐུག་གི་འབྲས་བུའོ། །དང་པོ་ནི། དགའ་བ་སོགས་རྐང་པ་ཕྱེད་དང་གཉིས་ཏེ། དེ་ལྟར་བཅིངས་པས་ཁམས་གྱེན་ལ་ལོག་པའི་དབང་ལས་མས་བརྟན་པའི་དགའ་བ་བཅུ་དྲུག་པོ་དེ་ནི་མཐར་གཙུག་ཏོར་དུ་སོན་པར་བྱེད་ཅིང་ཁམས་དང་ལྷན་ཅིག་ཏུ་རྣམ་རྟོག་ཀྱང་ཆིངས་ཏེ་ཡེ་ཤེས་སུ་དག་པས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི་ལུགས་བཟློག་ཏུ་འགགས་ཤིང་དག་པར་བྱེད་དོ། །དགའ་བ་བཅུ་དྲུག་ནི། བྱང་སེམས་བཅིངས་པ་ལས་བྱུང་བའི་དགའ་བ་བཞི་ལ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དགའ་བ་བཞིར་ཕྱེ་བས། སྤྱི་བོར་དགའ་བའི་དགའ་བ། དགའ་བའི་མཆོག་དགའ། དགའ་བའི་ཁྱད་དགའ། དགའ་བའི་ལྷན་ཅིག་སྐྱེས་དགའ་རྣམས་ཉམས་སུ་མྱོང་བ་ནི་སྐུའི་དགའ་བ་བཞི་དང་། དེ་བཞིན་དུ་མགྲིན་པར་མཆོག་དགའི་དགའ་བ་སོགས་བཞི་ནི་གསུང་གི་དགའ་བ་བཞི་དང་སྙིང་གར་ཁྱད་དགའི་དགའ་བ་སོགས་བཞི་ནི། ཐུགས་ཀྱི་དགའ་བ་བཞི་དང་། ལྟེ་བར་ལྷན་ཅིག་སྐྱེས་དགའི་དགའ་བ་སོགས་བཞི་ནི་ཡེ་ཤེས་ཀྱི་དགའ་བ་བཞི་སྟེ་བཅུ་དྲུག་གོ །དེས་ན་དགའ་བ་སྟེ་སྙིང་རྗེ་ཆེན་པོ་བཅུ་དྲུག་དང་། སྟོང་པ་ཉིད་བཅུ་དྲུག་དབྱེར་མེད་དུ་ཉམས་སུ་བླངས་པས་གསང་གནས་ནས་མས་བརྟན་པས་རྩ་རླུང་ཐིག་ལེ་དང་རྟེན་འབྲེལ་བཅུ་གཉིས་དག་པར་གསུངས་པའི་ཤེས་བྱེད་དུ་དྲངས་པའི་འགྲེལ་ཆེན་གྱི་ལུང་གི་དོན་ནི། ཁམས་གཡོ་བའི་ཆགས་པས་ཉམས་པ་འཛག་པ་དེ་ཉིད་མཆོག་མི་འགྱུར་དུ་འགྱུར་ཏེ། མཆོག་མི་འགྱུར་ནི་ཆགས་པ་ཆེན་པོ་ལ་ཆགས་པ་དང་བྲལ་བ་དེ་ཡིན་ལ། ཁམས་ཉམས་པའི་ཆགས་བྲལ་ནི་ཞེ་སྡང་ངོ་། །ཞེ་སྡང་ཟད་པས་ཞེ་སྡང་ཆེན་པོ་མེ་ལོང་ཡེ་ཤེས་སུ་འགྱུར་ཏེ་དེ་ལ་ཞེ་སྡང་ཆེན་པོ་ནི་ཞེ་སྡང་གི་དགྲ་ལས་རྒྱལ་བའི་དོན་ནོ། །ལྷན་སྐྱེས་ཀྱི་རང་ངོ་མ་ཤེས་པའི་གཏི་མུག་དེ་ཉམས་པས་གཏི་མུག་ཆེན་པོ་ཆོས་དབྱིངས་ཡེ་ཤེས་སུ་འགྱུར་ཏེ། དེས་ན་འདོད་ཆགས་བཅོམ་པས་ཆགས་པ་ཆེན་པོ་སོར་རྟོག་ཡེ་ཤེས་དང་། ཞེ་སྡང་བཅོམ་པས་ཞེ་སྡང་ཆེན་པོ་མེ་ལོང་ཡེ་ཤེས་དང་གཏི་མུག་བཅོམ་པས་གཏི་མུག་ཆེན་པོ་ཆོས་དབྱིངས་ཡེ་ཤེས་དང་དུག་གསུམ་གྱི་བདག་ཉིད་ཅན་གྱི་མ་རིག་པ་བཅོམ་པས་མ་རིག་པ་ཆེན་པོ་རང་རིག་པའི་ཡེ་ཤེས་སུ་འགྱུར་ཏེ། །དེ་ལྟར་མ་རིག་པ་འགགས་པས་འདུ་བྱེད་འགག །དེ་འགགས་པས་རྣམ་ཤེས་སོགས་རིམ་གྱིས་འགགས་ནས་སྐྱེ་བ་འགགས་པས་རྒ་ཤིའི་བར་དུ་འགག་པའོ། །ཞེས་པའི་དོན་ཅན་ཏེ། མཚན་ཡང་དག་པར་བརྗོད་པ་ལས། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་དེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ནི། ལུས་ཀུན་སོགས་རྐང་པ་གསུམ་སྟེ། གཞིའི་སྐབས་སུ་ཁམས་དཀར་པོའི་ཆ་བཅུ་དྲུག་ལ་ཐབས་ཤེས་སུ་དབྱེ་བས་མཚན་སོ་གཉིས་དང་། དམར་པོའི་གཞི་ཀཱ་ལྀ་བཞི་བཅུ་ལ་ཐབས་ཤེས་སུ་དབྱེ་བས་དཔེ་བྱད་བརྒྱད་བཅུར་བཤད་པ་དེ་ཉིད་སྒྲིབ་པ་དང་བྲལ་བས་ལུས་ཀུན་ལ་མཚན་བཟང་པོ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་བཅུའི་མེ་ཏོག་རྒྱས་པས་མཛེས་པའི་གཞན་དོན་གཟུགས་སྐུ་དང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་རང་དོན་ཆོས་ཀྱི་སྐུར་སྐད་ཅིག་མ་གཅིག་ལ་སངས་རྒྱས་པར་འགྱུར་རོ། །ཞེས་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་གཟིགས་པའི་བཅོམ་ལྡན་འདས་ཀྱིས་བླ་མེད་ཀྱི་རྒྱུད་སྡེ་རྣམས་སུ་གསུངས་པ་སྟེ། བརྟག་གཉིས་ལས། སྟོན་པ་སུམ་བཅུ་རྩ་གཉིས་མཚན། ཞེས་སོགས་འོག་ཏུ་འཆད་པར་འགྱུར་བ་རྣམས་དང་། མཁའ་འགྲོ་རྒྱ་མཚོ་ལ་སོགས་པའི་ལུང་ལེའུ་དང་པོར་དྲངས་པ་སོགས་ནི་ཡོན་ཏན་དྲུག་བཅུ་རྩ་བཞི་པོ་གཞི་ལ་བཞུགས་པའི་ཚུལ་ཡིན་ལ། འབྲས་དུས་ཀྱི་མཚན་དཔེ་ནི་རྒྱས་འབྲིང་བསྡུས་གསུམ་སོགས་མདོ་སྡེ་དུ་མ་ལས་གསུངས་པའི་དོན་རྗེ་བཙུན་བྱམས་པས་མངོན་རྟོགས་རྒྱན་དང་རྒྱུད་བླར་གསུངས་པ་དང་། དྲི་མ་མེད་པའི་འོད་ལས། གཟུགས་ཀྱི་རང་བཞིན་སངས་རྒྱས་ཀྱི་སྐུ་གཟུགས་སྤྲུལ་པའི་སྐུ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པའོ། །འདིར་སྐྱེས་བུ་ཆེན་པོའི་མཚན་རྣམས་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུའི་ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་དང་ལྡན་པ་འཁོར་ལོ་རྩིབས་སྟོང་ཡོངས་སུ་རྫོགས་པ་ལྟེ་བ་དང་བཅས་པ་དང་། ཞེས་སོགས་གསུངས་པ་ལྟ་བུའོ། །ལྔ་པ་ཞར་ལ་སྐྱོན་བསལ་བ་བསྟན་པ་ལ་གསུམ། །སྐྱོན་གྱི་གཞི་ངོས་བཟུང་བ། དེས་སྐྱོན་བྱེད་པའི་རྒྱུ་མཚན། སྐྱོན་དེ་སེལ་བའི་ཐབས་སོ། །དང་པོ་ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་ནི། ཁམས་ཀྱི་སྙིགས་མ་ཕལ་ཆེར་གྱིས་རླུང་མཁྲིས་བད་ཀན་ལ་སོགས་པའི་ནད་བསྐྱེད་པ་ཡིན་ནོ་ཞེས་རྐང་པ་གཅིག་གསུངས་སོ། །གཉིས་པ་ནི། གླད་པ་སོགས་རྐང་པས་དམན་པའི་ཚིགས་བཅད་གསུམ་སྟེ། སྙིགས་མས་ནད་བསྐྱེད་པར་བྱེད་པའི་ཚུལ་དེ་ཡང་གང་ཞེ་ན། དཀར་ཆའི་སྙིགས་མས་བསྐྱེད་པ་བད་ཀན་གྱི་ནད་ནི་གླད་པ་ལ་བརྟེན་ནས་སྟེང་དུ་གནས་ཀྱང་ངོ་བོ་ས་ཆུའི་རང་བཞིན་ཡིན་པས་མཐུར་ལ་འགྲོ་ཞིང་འོག་ཏུ་དཔྱི་སྐེད་ཀྱི་ནད་ལ་སོགས་པ་འབྱུང་བ་སྟེ། སྒྲ་གཅན་གྱི་སྙིགས་མས་བསྐྱེད་པ་རླུང་གི་ནད་ནི་ལྟེ་བ་དང་གསང་བའི་གནས་ལ་བརྟེན་ནས་འོག་ཏུ་གནས་ཀྱང་ངོ་བོ་རླུང་གི་རང་བཞིན་ཡིན་པས་གྱེན་ལ་འགྲོ་ཞིང་སྟེང་དུ་མགོ་བོ་འཁོར་བའི་ནད་ལ་སོགས་པ་བསྐྱེད་པར་བྱེད་དོ། །དམར་ཆའི་སྙིགས་མས་བསྐྱེད་པ་མཁྲིས་པ་དང་ཁྲག་གི་ནད་ནི་མཆིན་པ་ལ་བརྟེན་ནས་བར་ན་གནས་ཀྱང་མི་བརྟན་པའི་རང་བཞིན་ཡིན་པས་གྲོགས་རླུང་དང་ལྡན་པའི་ཚེ་མེ་བཞིན་དུ་གྱེན་དུ་འབར་ནས་སྟོད་དུ་ནད་བསྐྱེད། གྲོགས་བད་ཀན་དང་ལྡན་པའི་ཚེ་ཆུ་བཞིན་དུ་འོག་ཏུ་འགྲོ་བས་སྨད་དུ་ནད་བསྐྱེད་པར་བྱེད་དེ། ཇི་སྐད་དུ་བཤད་རྒྱུད་ལས། ཆགས་པའི་རྩ་ནི་ལྟེ་བ་ལས་གསུམ་གྱེས། རྩ་གཅིག་གྱེན་དུ་སོང་བས་ཀླད་པ་ཆགས། །གཏི་མུག་གླད་པར་བརྟེན་ནས་གནས་པ་སྟེ། །དེ་ལས་བད་ཀན་སྐྱེས་པས་སྟོད་ན་གནས། །རྩ་གཅིག་སྨད་དུ་སོང་བས་གསང་གནས་ཆགས། །འདོད་ཆགས་ཕོ་མོའི་གསང་བར་བརྟེན་པ་སྟེ། །དེ་ལས་རླུང་ནད་སྐྱེས་པས་སྨད་ན་གནས། །རྩ་གཅིག་བར་དུ་སོང་བས་སྲོག་རྩ་ཆགས། །ཞེ་སྡང་སྲོག་རྩ་ཁྲག་ལ་བརྟེན་པ་སྟེ། །དེ་ལས་མཁྲིས་པ་སྐྱེས་པས་བར་ན་གནས། །ཤེས་དང་། རྩ་རྒྱུད་ལས། ཉི་མར་ལྡན་པས་སྲེག་པའི་གྲོགས་བྱེད་ཅིང་། །ཟླ་བར་ལྡན་པས་བསིལ་བའི་གྲོགས་སུ་འགྱུར། །ཞེས་སོགས་སྨན་དཔྱད་ཀྱི་གཞུང་ལས་ཀྱང་ཆ་མཐུན་པར་གསུངས་སོ། །ནད་གསུམ་པོ་དེ་དག་ཀྱང་དུག་གསུམ་གྱི་རྩ་བ་ཅན་ཡིན་ཏེ། རྒྱུད་གཏི་མུག་དང་ལྡན་པས་བད་ཀན་བསྐྱེད་པ་ཡིན་ཏེ། རྒྱུད་ཞེ་སྡང་དང་ལྷན་ཅིག་པ་ཉིད་ཀྱིས་མཁྲིས་པ་བསྐྱེད་ལ། རྒྱུད་འདོད་ཆགས་དང་ལྡན་པས་རླུང་བསྐྱེད་པས་ན་རླུང་ནད་ཀྱིས་ནི་ནད་ཀུན་གྱི་བསྐྱེད་པའི་གྲོགས་བྱེད་པ་ཡོད་དོ། །དེ་སྐད་དུ་ཡང་། ཡན་ལག་བརྒྱད་པ་ལས། དེ་ལ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །རླུང་མཁྲིས་བད་ཀན་རིམ་པས་བསྐྱེད་པའི་རྒྱུ། །ཞེས་བཤད་དོ། །དེ་ཡང་ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་ལས་ཏེ། བཤད་རྒྱུད་ལས། ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ། །བདག་མེད་དོན་མ་རྟོགས་པས་མ་རིག་ཅེས། །ཤེས་སོ། །གསུམ་པ་ནི། བཤད་པ་དེ་ལྟར་ན་ཆུ་དང་མེ་དང་རླུང་དང་གསུམ་གྱིས་ནི་ནད་བསྐྱེད་པར་བྱེད་ཅིང་ལུས་འཇིག་པའི་རྒྱུ་ཡིན་ཏེ། འདུ་བ་འཁྲུགས་པའི་རྒྱུའི་གཙོ་བོ་དེ་གསུམ་གྱིས་བྱེད་པས་སོ། །ཞེས་རྐང་པ་གཅིག་གསུངས་སོ། །གཉིས་པ་དེས་སྐྱོན་བྱེད་པའི་རྒྱུ་མཚན་ནི། ལུས་ལ་སོགས་ཚིགས་བཅད་གཅིག་སྟེ། གསུམ་པོ་དེའི་སྙིགས་མས་ལུས་སེམས་གཉིས་ཀ་འཁྲུག་པར་བྱེད་དེ། །ལུས་ཀྱི་ནད་ཀྱང་སེམས་ཀྱི་ཆོ་འཕྲུལ་ལས་བྱུང་པའི་ཕྱིར་རོ། །དེ་ཡང་ཉི་མའི་སྙིགས་མས་ལུས་ལ་འབྱུང་པའི་སྐྱོན་ཁྲག་མཁྲིས་ཀྱི་ནད་དང་སེམས་ལ་བསམ་གཏན་གྱི་སྐྱོན་རྟོག་དཔྱོད་མེ་ལྟ་བུ་བསྐྱེད། དེ་བཞིན་དུ་ཟླ་བའི་སྙིགས་མས་ལུས་ལ་བད་ཀན་གྱི་ནད་དང་སེམས་ལ་དགའ་བདེ་ཆུ་ལྟ་བུ་བསྐྱེད། སྒྲ་གཅན་གྱི་སྙིགས་མས་ལུས་ལ་རླུང་གི་ནད་དང་སེམས་ལ་རྣམ་པར་རྟོག་པ་གཡོ་བ་རླུང་ལྟ་བུ་བསྐྱེད་པས་སོ། །ཡང་ཞེས་པ་དེ་གསུམ་གྱིས་ལུས་ལ་འབྱུང་པའི་སྐྱོན་ནད་བྱེད་པར་མ་ཟད་སེམས་ལ་ཡང་བསམ་གཏན་གྱི་སྐྱོན་བྱེད་ཅེས་པའི་དོན་ཡིན་ནོ། །དེས་ན་སྣང་སྲིད་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་པས། དེ་གསུམ་གྱིས་སེམས་ཅན་གྱི་ལུས་ལ་ནད་བྱེད་པར་མ་ཟད་བསམ་གཏན་གྱི་སྐྱོན་ཀྱང་བྱེད་པ་ཡིན་ལ་ནང་གི་སྐྱོན་གསུམ་པོ་དེའི་རྒྱུ་མཚན་གྱིས་ཕྱི་རོལ་ཏུ་སྣོད་ཀྱི་འཇིག་རྟེན་འཇིག་པར་ཡང་བྱེད་དེ། བསམ་གཏན་དང་པོ་དེ་མེས་འཇིག་པའི་རྩེ་མོ་ཡིན་པས་དེ་མན་ཆད་མེས་འཇིག །གཉིས་པ་ཆུས་འཇིག་པའི་རྩེ་མོ་ཡིན་པས་དེ་མན་ཆུས་འཇིག །གསུམ་པ་རླུང་གིས་འཇིག་པའི་རྩེ་མོ་ཡིན་པས་དེ་མན་རླུང་གིས་འཇིག་པའི་རྒྱུ་མཚན་ནང་གི་བསམ་གཏན་གྱི་སྐྱོན་གསུམ་པོ་འདི་དང་གོ་རིམ་བཞིན་སྦྱར་ནས་གསུངས་པའི་ཕྱིར་རོ། །དེ་ཡང་། མཛོད་ལས། མེ་དང་ཆུ་དང་རླུང་དག་གིས། །འཇིག་པ་དག་ནི་ཡང་གསུམ་ཡིན། །བསམ་གཏན་གཉིས་སོགས་གསུམ་པོ་ནི། །དེ་དག་གི་རྩེ་གོ་རིམ་བཞིན། །དེ་ཡི་སྐྱོན་དང་ཆོས་མཐུན་ཕྱིར། ཞེས་སོ། །བསམ་གཏན་བཞི་པ་མེ་ཆུ་རླུང་གསུམ་གྱིས་འཇིག་མི་ནུས་པའི་རྒྱུ་མཚན་སྐྱོན་གསུམ་པོ་དེས་མི་གཡོ་ཞིང་མི་རྟག་པས་སྣོད་བཅུད་འབྱུང་འཇིག་མཉམ་པར་བཤད་དེ། །བཞི་པ་ན་མེད་མི་གཡོ་ཕྱིར། །མི་རྟག་དེ་ཡི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །ཞེས་གསུངས་སོ། །དེ་ལྟར་ན་མེ་ཆུ་རླུང་གསུམ་གྱིས་ལན་གྲངས་དུ་ཞིག་འཇིག་པར་བྱེད་སྙམ་ན། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མཇུག་དུ་རླུང་གིས་འཇིག་པ་ཡིན། །ཞེས་གསུངས་པ་ལྟར་རོ། །སོག་འགྲེལ་ལས། དེ་རྣམས་ནི་མེས་འཇིག་པ་ལྔ་བཅུ་རྩ་དྲུག་དང་ཆུས་འཇིག་པ་བདུན་དང་རླུང་གིས་འཇིག་པ་གཅིག་སྟེ་དྲུག་བཅུ་རྩ་བཞིའོ། །འདིར་ཟིན་བྲིས་དག་ལས་རླུང་འཇིག་བདུན་དང་དྲུག་བཅུ་རྩ་གསུམ་དུ་བྱེད་པ་ནི་ཟིན་སོ་མ་མཐོང་ངོ་། །ཞེས་བཀོད་དོ། །མཛོད་ཀྱི་ལུང་དེའི་དོན་ནི། །མེས་འཇིག་པ་བདུན་བདུན་གྱི་རྗེས་སུ་ཆུས་འཇིག་པ་རེ་རེ་སྟེ་མེ་ཆུའི་འཇིག་པ་བརྒྱད་ཚན་བདུན་གྱི་རྗེས་སུ་མེས་འཇིག་པ་བདུན་སོང་བའི་མཇུག་དུ་རླུང་གིས་འཇིག་པ་གཅིག་ཡིན། །ཞེས་པའི་དོན་ཅན་དུ་སྣང་བས། དེ་ལྟར་ན། བརྒྱད་བརྒྱད་དྲུག་བཅུ་རྩ་བཞི་འཇིག་པར་བཞེད་ལ། ས་སྡེ་ལས་བརྒྱད་ཚན་སྔ་མ་བདུན་གྱི་རྗེས་སུ་མེས་འཇིག་གཅིག་གི་འཇུག་ཏུ་རླུང་གིས་གཅིག་འཇིག་པར་གསུངས་པས་དེ་གསུམ་གྱིས་ལྔ་བཅུ་རྩ་བརྒྱད་འཇིག་པར་བཤད་དོ། །གསུམ་པ་སྐྱོན་དེ་སེལ་བའི་ཐབས་ནི། མཁའ་དང་སོགས་ཚིགས་བཅད་གཅིག་སྟེ། ཕྱི་རོལ་དུ་ནམ་མཁས་སྣོད་ཀྱི་རྟེན་དང་ས་གཞིས་ནི་བཅུད་ཀྱི་རྟེན་བྱེད་པ་ལྟར། ནང་གི་ནམ་མཁའ་དང་ས་ཁམས་ཀྱིས་ལུས་སེམས་དེ་གཉིས་ཀྱི་གནས་པའི་རྟེན་བྱེད་ཅིང་ཕྱི་ནང་གི་སྣོད་བཅུད་འཇིག་པའི་སྐྱོན་དེ་གཉིས་ལ་མེད་པ་ཡིན་ནོ། །དེའི་ཕྱིར་ན། གེགས་སེལ་བ་ལ་མཁས་པས་མཁའ་ས་དེ་གཉིས་ཀྱི་ཡོན་ཏན་གྱི་གནད་ཤེས་པར་བྱས་ནས་ཆུ་མེ་རླུང་གསུམ་པོའི་སྐྱོན་རྣམས་གཞོམ་པར་བྱའོ། །དེའི་གནད་ཀྱང་འོག་རླུང་ས་ཁམས་དང་སྟེང་རླུང་མཁའ་ཁམས་ཡིན་པས། འོག་རླུང་བསྐུམ་ན། རླུང་གི་སྐྱོན་དང་སྟེང་རླུང་བཀག་ན་ཆུའི་སྐྱོན་དང་གཉིས་ཀ་ཕྱིར་བཏང་མེའི་སྐྱོན་སེལ་ལོ། །དེའི་ཕྱིར་གསང་བ་དང་དཔྲལ་བ་དང་སྙིང་གའི་བུམ་ཅན་ལ་གནད་དུ་བསྣུན་བར་བྱ་སྟེ། དུས་འཁོར་རྩ་འགྱུར་ལ། དབྱུང་བ་ཡིས་ནི་མཁྲིས་པའི་གཤེད་ཡིན་སྲོག་དང་རྩོལ་བ་ཡིས་ནི་བད་ཀན་ལ། །རླུང་ནད་མ་ལུས་པ་ལ་ཐུར་དུ་སེལ་བ་བསྡམས་པ་ཡིས་ནི་སེལ་བར་འགྱུར། །ཞེས་དང་། ཤོང་འགྱུར་ལས། ཐུར་སེལ་བསྐུམ་ན་འདོད་པར་འགྱུར་ཏེ་ལུས་མཆོག་དགལ་རླུང་གི་ནང་ནི་མ་ལུས་དག་ལའོ། །སྲོག་རྩོལ་དག་ནི་བད་ཀན་ལ་འགྱུར་སླར་ཡང་དེ་དག་གཏོང་བ་མཁྲིས་པ་དག་གི་སྐྱོན་ལའོ། །སྟེང་དང་འོག་ནི་ཡང་དག་འགོག་པ་བདེ་བ་བྱེད་པར་འགྱུར་ཏེ་འདུས་པ་དག་དང་རིམས་ལའོ། །ལྟེ་བའི་སྟེང་དུ་སྲོག་གི་རླུང་ནི་མཐའ་དག་ནད་འཕྲོག་ལྟེ་བའི་རྩ་བར་གཞན་པ་དག་ཀྱང་ངོ་། །ཞེས་གསུངས་པས་སོ། །གསུམ་པ་མཇུག་བསྡུ་བ་ལ་གཉིས། ལེའུ་འདི་ཉིད་ཀྱི་དོན་བསྡུ་བ་དང་། ལེའུ་གསུམ་གྱི་ཐུན་མོང་བའི་དོན་བསྡུ་བའོ། །དང་པོ་ལ་གཉིས། སྐྱོན་ཡོན་བསྟན་པས་དོན་བསྡུ་བ་དང་། དགོས་པ་བསྟན་པས་དོན་བསྡུ་བའོ། །དང་པོ་ནི། དེ་ལྟར་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་བཤད་པའི་ཁམས་ལྔ་རྫས་ཀྱི་ཐིག་ལེ་དང་ཀུན་བརྟགས་སྔགས་ཀྱི་ཐིག་ལེ་དང་གཞན་དབང་རླུང་གི་ཐིག་ལེ་སྟེ་གཞི་དུས་ཀྱི་ཐིག་ལེ་གསུམ་པོ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་རྟེན་བརྟེན་པར་འབྲེལ་ནས་གཉིས་འཛིན་གྱིས་བསླད་དེ་རང་རིག་པའི་ངོ་བོར་མ་དག་པར་འཛག་པ་ལ་སོགས་པ་དང་བཅས་པས་འཁོར་བའི་ཉེས་པ་བསྐྱེད་པའི་གཞིར་གསུངས་པ་ཡིན་ལ། དེ་འཆིང་བར་བྱེད་པ་བླ་མ་དམ་པའི་མན་ངག་གི་ཐབས་ཁྱད་པར་ཅན་གྱིས་ཟིན་པས་འཁོར་བ་འཇོམས་པའི་གཉེན་པོ་བྱེད་པར་ཡང་བཤད་དེ། བརྟག་གཉིས་ལས། སྐྱེ་བོ་མི་ཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་ལ་བཞི། མཚམས་སྦྱར་བ། རྫས་ཀྱི་ཐིག་ལེ་བསྒོམས་པའི་དགོས་པ། སྔགས་ཀྱི་ཐིག་ལེ་བསྒོམས་པའི་དགོས་པ། །རླུང་གི་ཐིག་ལེ་བསྒོམས་པའི་དགོས་པའོ། །དང་པོ་ནི། སྒོམ་པར་སོགས་རྐང་པ་གཉིས་ཏེ། འཆིང་བྱེད་རྫས་སྔགས་རླུང་གསུམ་པོ་སྦྱང་གཞི་གསུམ་དང་སྦྱར་ནས་བསྒོམ་པར་བྱེད་དགོས་པའི་རྒྱུ་མཚན་ཡང་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཡིས་བཤད་རྒྱུད་རྡོ་རྗེ་ཕྲེང་བར་ལུང་འདི་གསུངས་སོ་ཞེས་མཚམས་སྦྱར་ནས། གཉིས་པ་ནི། ཡུན་རིང་སོགས་ཚིགས་བཅད་གཅིག་སྟེ། མི་གང་ཞེས་པ་ཐིག་ལེ་གསུམ་ཀའི་གསལ་བྱེད་ཡིན་པས་མི་གང་ཞིག་དུས་ཡུན་རིང་པོ་ནས་འདོད་ཆགས་ཆེན་པོའི་དབང་དུ་སོང་བས་འདོད་པ་དང་གཟུགས་གཟུགས་མེད་ཀྱི་སྲེད་པ་གསུམ་དུ་ལས་ཉོན་གྱིས་སྐྱེས་པ་རྣམས་འདོད་ཆགས་རྒྱུ་འབྲས་ལས་དེ་དག་གི་རྒྱུད་རྣམ་པར་གྲོལ་བའི་དོན་དུ་ནི་ཁམས་དཀར་དམར་རྫས་ཀྱི་ཐིག་ལེ་བསྒོམ་པར་གསུངས་པ་ཡིན་ནོ། །གསུམ་པ་ནི། ཞེ་སྡང་སོགས་ཚིགས་བཅད་གཅིག་སྟེ། མི་གང་ཞིག་ཞེ་སྡང་ཆེན་པོའི་དབང་དུ་སོང་བས་མི་སྲུན་པའི་ལུས་ཅན་དུ་སྐྱེས་པ་དེ་རྣམས་དུས་མྱུར་དུ་དེ་ལས་རྒྱུད་གྲོལ་བའི་དོན་གྱི་ཆེད་དུ་ཀུན་བརྟགས་སྔགས་ཀྱི་ཐིག་ལེ་བསྒོམ་པའི་རིམ་པ་རྣམས་གསུངས་པ་ཡིན་ནོ། །བཞི་པ་ནི། གཏི་མུག་སོགས་ཚིགས་བཅད་གཅིག་སྟེ། མི་གང་ཞིག་གཏི་མུག་ཆེན་པོས་རྒྱུད་ཀུན་ནས་འཁྲུལ་པར་གྱུར་པ་རྣམས་སྲིད་པ་ལས་སྐྱོབ་པ་དང་རི་ལུ་མིག་སྨན་སོགས་དངོས་གྲུབ་ཀྱི་འབྲས་བུ་བརྒྱད་ནི་ཐོབ་པའི་ཕྱིར་དང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཡེ་ཤེས་ཀྱི་འབྲས་བུ་ནི། རང་གི་དབང་པོའི་མངོན་སུམ་དུ་སྣང་བའི་ཕྱིར་རླུང་གི་ཐིག་ལེ་བསྒོམ་པར་གསུངས་པ་ཡིན་ནོ། །དེའི་ཕྱིར་འདི་དག་ནི་གསང་སྔགས་ཀྱི་ཐབས་མཁས་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་ཡན་ལག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་བར་ཤེས་པར་བྱའོ། །འདིར་དུག་གསུམ་ཀ་ལ་ཆེན་པོ་ཞེས་པའི་ཚིག་འབྱུང་བ་ནི། དུག་གསུམ་པོ་རྒྱས་པ་ལ་སྡེབས་སྦྱོར་གྱི་དབང་གིས་ཆེན་པོར་སྨོས་ཀྱི། སྔར་བཤད་པའི་དུག་གསུམ་བཅོམ་པའི་ཡེ་ཤེས་ལ་དེ་ཆེན་པོར་གསུངས་པ་དང་ཁྱད་ཞུགས་སོ། །གཉིས་པ་ལེའུ་གསུམ་གྱི་ཐུན་མོང་བའི་དོན་བསྡུ་ནི། དེ་ལྟར་སོགས་རྐང་པ་གསུམ་སྟེ། དེ་ལྟར་ལེའུ་གསུམ་དུ་བསྟན་པའི་རྩ་དང་རླུང་དང་ཐིག་ལེ་གསུམ་པོ་ནི། དྲང་དོན་དུ་རྩ་ལ་རླུང་བརྟེན་རླུང་ལ་ཐིག་ལེ་བརྟེན་པ་སོགས་དང་ངེས་པའི་དོན་དུ་སེམས་ཀྱི་སྣང་ཆ་ལ་ཤར་བས་ན་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བར་སྣང་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པས་ན་རྡོ་རྗེའི་ལུས་ཡིན་ནོ་ཞེས་རྒྱུད་ལས་གསུངས་པའི་ཤེས་བྱེད་དུ་འགྲེལ་པར་བརྟག་གཉིས་ཀྱི་ལུང་དྲངས་པ་ནི། བཙུན་མོའི་བྷ་ག་བདེ་ཆེན་དུ། །སྟོན་པ་སུམ་བཅུ་སོ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་བཅུར་ལྡན། །ཁུ་བ་ཞེས་བྱའི་རྣམ་པར་གནས། །ཤེས་པས་གཞིའི་དུས་སུ་གཟུགས་སྐུ་གཉིས་ཁུ་བའི་རྣམ་པར་ལུས་ལ་གནས་པར་བསྟན་ནས། དེ་མེད་ན་ནི་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། ཤེས་པས་ཁམས་དང་བདེ་བ་ཕན་ཚུན་ལྟོས་པར་བསྟན། ལྷ་ཡི་རྣལ་འབྱོར་ལས་བདེ་བ། །དེ་ཉིད་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞེས་པས་ལུས་ལ་གནས་པའི་ཟུང་འཇུག་དེ་ཉིད་སངས་རྒྱས་ཀྱི་སྙིང་པོར་བསྟན། ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་མི་འགྱུར་བདེ་བའི་གཟུགས། །ཤེས་པས་སྦྱོང་བྱེད་ཀྱི་རིམ་པ་གཉིས་ངོས་བཟུང་ནས། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ཤེས་གསུངས་པས་རྒྱས་འགྱུར་གྱི་རིགས་དང་རྡོ་རྗེའི་ལུས་གཅིག་པར་བསྟན་པ་ཡིན་ཏེ། བདག་གི་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། འདིར་འགྲེལ་པ་ལས། དེ་ལྟར་དུམ་བུ་གསུམ་དུ་གསུངས་པའི་རྩ་དང་རླུང་དང་ཐིག་ལེ་རྣམས་སེམས་ཀྱི་སྣང་བ་ལས་ཤར་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་གྲུབ་ཅིང་སྣང་བ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པས་རྡོ་རྗེའི་ལུས་ཀྱི་གནས་ལུགས་སུ་གསུངས་སོ། །ཞེས་པ་ནི། རྩ་རླུང་ཐིག་ལེའི་དྭངས་མ་རྡུལ་ལས་འདས་པའི་གཟུགས་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་དེ། རྡོ་རྗེའི་ལུས་ལས་སངས་རྒྱས་བསྒྲུབ་པའི་རྒྱུའི་གཙོ་བོ་རྒྱས་འགྱུར་གྱི་རིགས་སུ་བསྟན་པ་ཡིན་པས། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། ཤེས་སོགས་ཀྱི་རྗོད་བྱའི་དོན། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་གཟུགས་ནི་རྩ་རླུང་ཐིག་ལེའི་དྭངས་མ་ཡིན་མོད། རྒྱུད་བླ་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། ཤེས་སོགས་ཀྱིས་བསྟན་པའི་རྣམ་ཀུན་མཆོག་ལྡན་དང་ཕྱོགས་མི་གཅིག་གསུང་སྟེ། ཤིན་ཏུ་ལེགས་བཤད་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་དོན་གྱི་རྣམ་བཤད་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་འཕྲེང་བ་ཞེས་བྱ་བ་ལས། ཐིག་ལེ་གསུམ་བསྟན་པ་སྟེ་ལེའུ་ལྔ་པའི་བཤད་པའོ།། །།དེ་ལྟར་དུམ་བུ་གསུམ་གྱིས་རྡོ་རྗེ་རྣམ་པ་གསུམ་མམ་སྐུ་གསུམ་གྱི་བདག་ཉིད་རྩ་དང་རླུང་དང་ཐིག་ལེའི་གནས་ལུགས་ལེགས་པར་བཤད་ནས་ད་ནི་གཞི་ལམ་འབྲས་བུ་དང་འབྲེལ་བ་གནས་སྐབས་བཞིའི་རྣམ་ཤེས་དང་ཡེ་ཤེས་སོགས་ཀྱི་གནས་ལུགས་སྟོན་པ་ལེའུ་དྲུག་པ་བཤད་པར་བྱ་སྟེ། དེ་ལ་ལེའུའི་འབྲེལ་ནི། དེ་ལྟར་རྩ་རླུང་ཐིག་ལེ་རྫོགས་པས་གནས་སྐབས་བཞི་འབྱུང་སྟེ། དེ་གསུམ་གྱི་རང་ངོ་མ་ཤེས་ཤིང་གཟུང་འཛིན་དུ་ཞེན་པའི་དབང་ལས་ཚོགས་དྲུག་མི་གསལ་བར་ཀུན་གཞི་ལ་བསྡུས་པ་གཉིད་མཐུག་པོའི་གནས་སྐབས་དང་། དེ་ལས་ཡིད་འདུ་བྱེད་པ་དང་བཅས་ཏེ་ལངས་པ་རྨི་ལམ་གྱི་གནས་སྐབས་དང་དེ་ལས་འཇུག་པའི་ཤེས་པ་གཟུང་འཛིན་གྱི་རྣམ་པར་ལངས་པས་ཚོགས་དྲུག་ཡུལ་ལ་འཇུག་པ་ཐ་མལ་གྱི་དུས་དང་དེ་ལས་འཕོ་བའི་བག་ཆགས་ཉམས་སུ་མྱོང་བ་སྙོམས་འཇུག་གི་གནས་སྐབས་ཏེ་གནས་སྐབས་བཞི་པོ་དེ་དག་རང་རང་གི་སྐབས་སུ་གཙོ་བོར་གྱུར་པའི་རྣམ་པར་ཤེས་པ་དང་འབྲེལ་ལ་རྣམ་པར་ཤེས་པ་དེ་རྣམས་ཀྱི་རང་གི་ངོ་བོ་ཡེ་ཤེས་ལྔའི་རང་བཞིན་དུ་གནས་པས། དེ་དག་གི་གནས་ཚུལ་ཕྱིན་ཅི་མ་ལོག་པར་ཤེས་ནས་གནས་སྐབས་བཞིའི་འཁྲུལ་པ་མཐའ་དག་ལམ་དུ་སློང་དགོས་པས། དེའི་ཕྱིར་ལེའུ་དྲུག་པ་འདིར་གནས་སྐབས་རྣམ་པ་བཞི་དང་གཞི་ལམ་འབྲས་བུ་གསུམ་ཅི་རིགས་པ་དང་འབྲེལ་བ་ཕུང་ཁམས་སྐྱེ་མཆེད་དང་རྣམ་ཤེས་ཚོགས་བརྒྱད་དང་ཡེ་ཤེས་ལྔ་དང་ཕྱག་རྒྱ་བཞི་དང་སྐུ་བཞི་ལ་སོགས་པའི་གནས་ལུགས་འཆད་པར་འབྲེལ་ལོ། །འདི་ལ་གཉིས། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་ནི། དེ་ནས་སོགས་རྐང་པ་གཉིས་ཏེ། དུམ་བུ་ལྔ་པའི་རྗེས་དེ་ནས་གནས་སྐབས་བཞིའི་རྣམ་ཤེས་ཚོགས་བརྒྱད་དང་སོགས་པས་ཡེ་ཤེས་ལྔ་དང་འབྲེལ་བ་ཕྱག་རྒྱ་བཞི་དང་སྐུ་བཞི་སོགས་གཞི་ལམ་འབྲས་བུའི་རྣམ་གཞག་མདོར་བསྡུས་ནས་རགས་པའི་རིམ་པ་ཙམ་བཤད་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ། སྤྱིར་བསྟན་པ་དང་། གཉིད་མཐུག་པོའི་གནས་སྐབས། རྨི་ལམ་གྱི། ཆགས་པའི། ཐ་མལ་གྱི་གནས་སྐབས་རྒྱས་པར་བཤད་པའོ། །དང་པོ་ནི། ཐོག་མར་སོགས་ཚིག་རྐང་ལྔ་སྟེ། ཐོག་མར་ལུས་བསྐྱེད་པའི་ཚུལ་ནི་གོང་དུ་ལེའུ་གཉིས་པར་བཤད་པ་ལྟར་ཡིན་ལ། སྐྱེས་ནས་ད་ལྟ་གནས་པའི་དུས་ནི་གནས་སྐབས་བཞི་ཡིན་ཏེ། གཉིད་མཐུག་གི་གནས་སྐབས་དང་རྨི་ལམ་གྱི་དང་སྙོམས་འཇུག་གི་དང་ཐ་མལ་པ་སད་པའི་དུས་ཀྱི་གནས་སྐབས་དང་རྣམ་པ་བཞིའོ། །འདི་བཞི་ནི་དྲི་མས་མ་དག་པའི་སྐུ་བཞིའི་གནས་སྐབས་ཡིན་ནོ། །འགྲེལ་པའི་འདི་མན་ཆད་ནས་བསྟན་ཏོའི་བར་གྱི་དོན་ནི། །འོག་རྒྱས་བཤད་ཏུ་གནས་སྐབས་བཞི་པོ་རེ་རེ་ལ། སྦྱང་གཞི་དང་སྦྱངས་འབྲས་སྐུ་དང་ཡེ་ཤེས་དང་སྦྱང་བྱ་དྲི་མ་དང་དེ་ཇི་ལྟར་སྦྱོང་བའི་རིམ་པ་དང་སྦྱོང་བྱེད་ཕྱག་རྒྱ་བཞིའི་ཁྱད་པར་དང་བཅས་པ་གསལ་ལ་རྒྱས་པར་སྟོན་ཏོ་ཞེས་པའི་དོན་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། དག་མ་དག་གི་ངོ་བོ་དང་། དྲི་མ་ཇི་ལྟར་སྦྱོང་བའི་རིམ་པའོ། །དང་པོ་ལ་གཉིས། མ་དག་པ་དང་། དག་པའོ། །དང་པོ་ནི། དབྱེ་བ་སོགས་ཤོ་ལོ་ཀ་གཅིག་སྟེ། གཞི་ལམ་འབྲས་བུའི་དབྱེ་བ་རྣམ་པ་མང་དུ་བཤད་ཀྱང་དུས་འཁོར་རྩ་རྒྱུད་ལས། སད་དང་རྨི་ལམ་གཉིད་མཐུག་དང་། །བཞི་པ་དབང་པོ་གཉིས་སྐྱེས་བདེ། ཞེས་གསུངས་པ་ལྟར་གནས་སྐབས་བཞི་ལས། གཉིད་མཐུག་གི་དུས་སུ་ཚོགས་བརྒྱད་ཀྱི་ནང་ནས་ཀུན་གཞི་གཙོ་བོར་གྱུར་པ་སྟེ་དེའི་གནས་ནི་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་རྩའི་ནང་དུ་གནས་ཤིང་གཞན་ཚོགས་དྲུག་པོ་རྣམས་རྒྱུ་བ་མི་གསལ་བར་ཀུན་གཞི་ལ་གཅིག་དུ་བསྡུས་པའི་ཚུལ་གྱིས་གནས་སོ། །གཉིས་པ་ནི། དག་ན་སོགས་རྐང་པ་གསུམ་སྟེ། གཉིད་མཐུག་གི་འཁྲུལ་པ་དག་ན་འོད་གསལ་བའི་འབྲས་བུ་མངོན་དུ་བྱེད་པར་འགྱུར་ཏེ། དེ་ནི་ཡེ་ཤེས་ལྔ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཤེས་ཀྱང་བྱ་ལ། སྐུ་བཞི་ལས་ཆོས་ཀྱི་སྐུ་ཡིན་ཅིང་། ཆོས་སྐུ་དེ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ཡིན་པས་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་དུའང་འདོད་ལ་དེའི་ཕྱིར་གོང་མ་ལ་ཀྱང་གི་སྒྲ་སྦྱར་པ་ཡིན་ནོ། །རང་འགྲེལ་དུ་ཆགས་པའི་གནས་སྐབས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་སྦྱོར་ན་འདི་ཆོས་དབྱིངས་ཡེ་ཤེས་དང་། ཆགས་པའི་གནས་སྐབས་ཡེ་ཤེས་ཐམས་ཅད་ཡོངས་སུ་རྫོགས་པར་བཤད་ན་འདི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འཐད་པའི་དོགས་གཅོད་མཛད་པ་ལ། རྒྱལ་བའི་དབང་པོའི་བཞེད་པས་གཉིས་ཀ་ཡང་འགལ་བ་མེད་དེ། ཀུན་གཞིའི་རྣམ་ཤེས་གནས་གྱུར་པ་མེ་ལོང་ཡེ་ཤེས་སུ་བཤད་པ་ལྟར་ན། གཉིད་དུས་ཀུན་གཞི་གཙོ་བོ་སྟེ། ཞེས་གསུངས་པ་དང་མཐུན་པར་འདི་མེ་ལོང་ཡེ་ཤེས་སུ་སྦྱར་བར་རིགས་ལ། གཏི་མུག་དག་པས་ཆོས་དབྱིངས་ཡེ་ཤེས་མངོན་དུ་འགྱུར་བར་བཤད་པ་ལྟར་ན། ཚོགས་དྲུག་མི་གསལ་གཅིག་དུ་བསྡུས། །དག་ན་འོད་གསལ་འབྲས་བུ་ནི། །ཞེས་གསུངས་པ་བཞིན་འདི་ཆོས་དབྱིངས་ཡེ་ཤེས་སུ་སྦྱར་བར་རིགས་པས། སྐབས་ཐོབ་ཀྱི་དབང་གིས་འདོན་པ་མི་འདྲ་བར་བྱུང་མོད་ཀྱི། དོན་ལ་ཡེ་ཤེས་ཐམས་ཅད་ཀྱང་ཆོས་དབྱིངས་ཡེ་ཤེས་ཁོ་ནའི་རོལ་པར་ཤེས་པར་བྱའོ། །དེ་ལྟ་མོད་ཀྱིས། འོག་ཏུ་སྙོམས་འཇུག་གི་གནས་སྐབས་འཆད་བའི་ཚེ་ན། མེ་དང་ཟླ་བ་གཉིས་འདྲེས་ཚེ། །དུང་ཅན་ནང་དུ་ལྷན་སྐྱེས་མྱོང་། །དེ་ནི་སྐད་ཅིག་ཤེས་པ་སྟེ། །ཚོགས་བརྒྱད་མ་འགགས་སོ་སོར་གསལ། །བདེ་ལ་མི་རྟོག་ཉོན་མོངས་མིན། །དེ་ཕྱིར་ཡེ་ཤེས་སྐུ་ཞེས་བརྗོད། །དག་ན་ཐམས་ཅད་དེ་ཉིད་དེ། །འགག་མེད་འཛག་བྲལ་སྟོང་དང་ལྡན། །ཀུན་འགྲོ་ཀུན་བདག་གནད་དུ་བསྣུན། །ཞེས་གསུངས་པས་ཡེ་ཤེས་ཐམས་ཅད་ཡོངས་སུ་རྫོགས་པར་བཤད་ལ། དེའི་རང་འགྲེལ་དུ་འགག་མེད་སྤྲུལ་སྐུ། འཛག་བྲལ་ལོངས་སྐུ། སྟོང་པ་དང་ལྡན་པ་ཆོས་སྐུར་བཤད་པས་ཀྱང་ཆེས་གསལ་པོར་གསུངས་སོ། །དེས་ན་གཉིད་མཐུག་མེ་ལོང་ལྟ་བུ། རྨི་ལམ་ལ་མཉམ་ཉིད་དང་སོར་རྟོག་གཉིས་ཀའི་ཆ། ཆགས་པ་ལ་ཡེ་ཤེས་ཐམས་ཅད་པའམ་ཆོས་དབྱིངས་ཡེ་ཤེས། ཐ་མལ་པ་ལ་མཉམ་ཉིད་སོར་རྟོག་བྱ་གྲུབ་གསུམ་ཀ་སྦྱར་བ་ནི་འགྲེལ་བའི་དགོངས་པའོ། །ཞེས་གསུང་སྟེ་ལེགས་བཤད་དོ། །གཉིས་པ་དྲི་མ་ཇི་ལྟར་སྦྱོང་བའི་རིམ་པ་ལ་གཉིས། སྦྱང་བྱ་དང་། སྦྱོང་བྱེད་དོ། །དང་པོ་ནི། བག་ཆགས་སོགས་རྐང་པ་གསུམ་སྟེ། གཉིད་ཀྱི་སྐབས་སུ་ཡེ་ཤེས་སྒྲིབ་པའི་སྐྱོན་ཇི་ལྟར་ཡོད་ཅེ་ན། ཀུན་གཞི་ལ་བག་ཆགས་མ་ལུས་པ་བརྟེན་ཀྱང་དེ་ཉིད་རང་གིས་རང་མ་རིག་ཅེས་པ་ལྟར་མི་གསལ་ཞིང་སེམས་ཡུལ་ལ་འདུ་བྱེད་པའི་བདུན་ཡིད་ཀྱིས་ཀུན་གཞི་གཡོ་བའི་རྐྱེན་ཡོད་པའི་ཕྱིར་ན། གཉིད་མཐུག་གི་འོད་གསལ་དེ་ཉིད་རང་གིས་རང་མ་རིག་པའི་དྲི་མ་ཅན་ཞེས་བྱའོ། །གཉིས་པ་ལ་གཉིས། ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའོ། །དང་པོ་ནི། གང་ཟག་སོགས་ཤོ་ལོ་ཀ་ཕྱེད་དང་གཉིས་ཏེ། བདག་མེད་གཉིས་དང་། ཐེག་པ་གསུམ་གྱི་གཉེན་པོ་གསུམ་པོ་རིམ་པར་སྦྱར་ན་གང་ཟག་གི་བདག་མེད་གཅིག་པུ་རྟོགས་པའི་ཉན་ཐོས་ཀྱི་གཉེན་པོའི་ཤེས་པ་དེས་ཉོན་མོངས་པའི་སྒྲིབ་པ་སྦྱངས་པས་ཐེག་པ་གསུམ་སོ་སོ་ལས་ཉན་ཐོས་ཀྱི་སློབ་ལམ་གྱི་རྒྱུན་མཐའ་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་དྲི་མ་རྩད་ནས་བཅོམ་པས་དག་པ་གསུམ་ལས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་ལ། བདག་མེད་དེ་དང་ཆོས་ལ་བདག་མེད་ཀྱི་ཕྱོགས་གཅིག་གཟུང་བ་ཆོས་ཀྱི་བདག་མེད་པ་སྟེ་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རང་རྒྱལ་གྱི་གཉེན་པོའི་ཤེས་པ་དེས་ཕྱི་དོན་བདེན་འཛིན་གྱི་སྒྲིབ་པ་སྦྱངས་པས་ཐེག་གསུམ་སོ་སོ་ལས་རང་རྒྱལ་གྱི་སློབ་ལམ་གྱི་རྒྱུན་མཐའ་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཕྱི་དོན་བདེན་འཛིན་གྱི་དྲི་མ་བཅོམ་པས་དག་པ་གསུམ་ལས་རང་རྒྱལ་གྱི་བྱང་ཆུབ་ཐོབ་ཅིང་། གང་ཟག་དང་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པ་གཉིས་ཀ་རྟོགས་པའི་བྱང་སེམས་ཀྱི་གཉེན་པོའི་ཤེས་པ་དེས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས་པས་ཐེག་པ་གསུམ་སོ་སོ་ལས་བྱང་སེམས་ཀྱི་རྒྱུན་མཐའ་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གནས་ངན་ལེན་གྱི་དྲི་མ་བག་ཆགས་དང་བཅས་པ་བཅོམ་པས་དག་པ་གསུམ་ལས་ཐེག་ཆེན་གྱི་དག་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གསུངས་སོ། །དིང་སང་ཀློག་པའི་གྲྭ་རྣམས་སུ་ས་བཅུ་པའི་ཡེ་ཤེས་སྐ་ཅིག་ཐ་མ་ཁོ་ན་ལ་རྒྱུན་མཐར་གྲགས་ཀྱི། འོག་མ་གཉིས་ལ་དེའི་ཐ་སྙད་མི་མཛད་མོད། ཐེག་པ་རང་རང་གི་སློབ་ལམ་གྱི་རྒྱུན་གྱི་ཐ་མ་ཡིན་པས་རྒྱུན་མཐའ་དང་། ཐེག་པ་རང་རང་གི་སྤང་བྱ་ས་བོན་དང་བཅས་པ་དྲུངས་ནས་འབྱིན་པ་ལ་རྡོ་རྗེ་དང་ཆོས་མཚུངས་པས་ཐེག་པ་དེ་དང་དེའི་རྡོར་ཏིང་གི་སྒྲ་འཇུག་པ་གསུང་རབ་མ་ལུས་པའི་དགོངས་པ་ཡིན། ཞེས་རྒྱལ་བའི་དབང་པོ་གསུང་ངོ་། །འདིའི་རང་འགྲེལ་དུ། འོ་ན་ཞེས་པ་ནས་སམ་ཞེ་ནའི་བར་གྱིས་ཐེག་པ་གསུམ་ཀ་ལ་རྡོར་ཏིང་ཡོད་ན་དེ་གསུམ་གྱི་དགྲ་བཅོམ་ཐམས་ཅད་ཀྱིས་ཀུན་གཞིའི་རྣམ་ཤེས་སྤངས་པར་ཐལ་ཞེས་རྩོད་པ་བཀོད་ནས་དེའི་ལན་དུ་མ་ཡིན་ཏེ་ཞེས་པའི་སྒྲུབ་བྱེད་དུ་དྲངས་པའི་ཐེག་བསྡུས་ཀྱི་ལུང་དོན་ནི། ཉན་རང་རྣམས་ཀུན་གཞིའི་རྣམ་ཤེས་ཀྱི་གནས་ལུགས་མ་མཐོང་ཡང་རང་རྒྱུད་ཀྱི་ཕུང་པོ་དང་ཕྱི་དོན་རང་བཞིན་མེད་པར་རྟོགས་པའི་ལམ་ཙམ་ལ་བརྟེན་ནས་ལྷག་བཅས་སམ་ལྷག་མེད་མྱང་འདས་སྒྲུབ་པས་ཐེག་དམན་གྱི་གཞུང་དུ་ཀུན་གཞིའི་རྣམ་ཤེས་མ་བསྟན་ལ། བྱང་སེམས་རྣམས་ཤེས་བྱ་ཐམས་ཅད་ལ་སློབ་དགོས་པས་ཀུན་གཞིའི་རྣམ་ཤེས་ཤེས་བྱའི་གནས་ཀྱི་གཞིར་བསྟན་ཞེས་པའོ། །ཀླུ་སྒྲུབ་ཀྱི་ལུང་དོན་ནི་འཁོར་བས་སྐྱོ་བ་ཉན་རང་གི་རིགས་ཅན་ལ་ངལ་སོའི་སྟེགས་སུ་ཐེག་ཆེན་དུ་འབྱུང་བའི་ཐེག་དམན་དགྲ་བཅོམ་གྱི་ཡེ་ཤེས་གཉིས་གསུངས་པ་ཡིན་ཏེ་ཐེག་པ་དེ་གཉིས་དོན་དམ་པའི་ཐེག་པ་ནི་མིན་ནོ། །ཐེག་དམན་གྱི་མྱང་འདས་ཐོབ་ནས་སངས་རྒྱས་ཀྱི་ཐུགས་རྗེའི་འོད་ཀྱིས་མ་བསྐུལ་བར་དུ་ཡེ་ཤེས་ཀྱི་ལུས་ཏིང་ངེ་འཛིན་གྱིས་མྱོས་ནས་བརྒྱལ་བ་ལྟར་གནས་བར་འགྱུར་ལ་སངས་རྒྱས་ཀྱིས་བསྐུལ་ནས་དོད་ལས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སྤྲུལ་པ་སྣ་ཚོགས་པའི་གཟུགས་ཀྱིས་སེམས་ཅན་གྱི་དོན་དུ་ཚོགས་གཉིས་བསགས་ནས་བྱང་ཆུབ་དོན་དམ་པ་སངས་རྒྱས་ཐོབ་པར་འགྱུར་རོ། །ཞེས་དང་དེ་བཞིན་དུ་རྒྱུད་བླ་ལས། དེས་ན་སངས་རྒྱས་མ་ཐོབ་པར། །ཞེས་སོགས་འོག་ཏུ་འདྲེན་པར་འགྱུར་བ་རྣམས་དང་དཔལ་ཕྲེང་གི་མདོ་སོགས་ལས་ཀྱང་གསུངས་པའི་ཁུངས་བཀོད་དེ། ཕ་རོལ་དུ་ཕྱིན་པ་ལས་ཆེས་མྱུར་བ་བླ་ན་མེད་པའི་རྒྱུད་སྡེ་རྣམས་སུ་མིའི་ཚེ་གཅིག་ལ་ཀུན་གཞིའི་རྣམ་ཤེས་ཡེ་ཤེས་སུ་བསྒྱུར་བའི་ཉེ་ལམ་གསུངས་པ་དེ་གང་ཞེ་ན། གཉིས་པ་ནི། དེ་ཕྱིར་སོགས་ཚིགས་བཅད་གཅིག་སྟེ། བློ་བུར་བའི་སྒྲིབ་པ་རྣམས་གཉེན་པོ་བསྒོམས་སྟོབས་ཀྱིས་དག་པར་འགྱུར་བ་དེའི་ཕྱིར་ན། ཚེ་གཅིག་ལ་སངས་རྒྱ་བར་འདོད་པས་གསལ་ལ་མི་རྟོག་པའི་ཉིན་པར་གྱི་འོད་གསལ་ཕྱག་རྒྱ་ཆེན་པོ་དང་། གསལ་ལ་མི་རྟོག་པའི་མཚན་མོའི་གཉིད་ཀྱི་འོད་གསལ་བསྒོམ་པར་བྱ་སྟེ། ཡང་དག་པའི་ཉེ་ལམ་ནི་འདི་ཁོ་ནའོ། །འོད་གསལ་དེ་གཉིས་བསྒོམ་པའི་ཚུལ་ཡང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དེ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ལ་རོལ་ཞིང་ལོངས་སྤྱོད་པར་བྱའོ། །རྣམ་ཀུན་མཆོག་ལྡན་གྱི་གོ་དོན་འཆད་པ་ན། འགྲེལ་པར། རྒྱུད་བླའི་ལུང་དྲངས་པ་ནི་ཕར་ཕྱིན་ཐེག་པ་དང་ཐུན་མོང་བའི་དབང་དུ་བྱས་པ་སྤྱིའི་དོན་གྱི་བཤད་པ་ཡིན་ལ། འགའ་ཞིག་ཆོས་ཉིད་དེ་བཞིན་ཉིད་ལ་ཡོན་ཏན་གྱི་རྣམ་པ་ཀུན་དབྱེ་བ་མེད་པའི་ཚུལ་དུ་ལྡན་ཞེས་པ་ནི་ངེས་པ་གཏིང་ནས་མ་འདྲོངས་པའི་བརྫུན་རི་རབ་ཙམ་མོ། །བདག་གི་བླ་མ་རྒྱལ་བའི་དབང་པོའི་བཞེད་པ་ལ། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་བདེ་བར་གཤེགས་པའི་སྙིང་པོ་དོན་གཅིག་པས། བདེ་སྙིང་ལ་བྲལ་རྣམ་སྨིན་གྱི་ཡོན་ཏན་དྲུག་བཅུ་རྩ་བཞི་དངོས་སུ་ལྡན་པ་ནི་རྣམ་ཀུན་མཆོག་ལྡན་དང་། དེ་ཡང་ངོས་བཟུང་དང་མཚན་མར་མ་གྲུབ་པ་ནི་སྟོང་ཉིད་ཀྱི་དོན་དུ་བཞེད་པས་དེའི་ཉམས་ལེན་གསལ་ལ་མི་རྟོག་པ་བསྒོམ་པ་ཉིད་ཕྱག་རྒྱ་ཆེན་པོའི་སྒོམ་དུ་བཞེད་དོ། །གསུམ་པ་རྨི་ལམ་གྱི་གནས་སྐབས་རྒྱས་པར་བཤད་པ་ལ་གསུམ་སྟེ། དག་མ་དག་གི་ངོ་བོ། རྨི་ལམ་གྱི་སྣང་བ་རྒྱས་པར་བཤད་པ། གནད་འཆིང་བ་འབྲས་བུ་དང་བཅས་པའོ། །དང་པོ་ལ་གཉིས་ཏེ། མ་དག་པ་དང་། དག་པའོ། །དང་པོ་ནི། གཉིས་པ་སོགས་ཚིག་རྐང་ལྔ་སྟེ། གནས་སྐབས་གཉིས་པ་རྨི་ལམ་གྱི་ཤེས་པ་ནི་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་ནས་དྲུག་པ་ཡིད་ཤེས་བག་ཆགས་དང་བཅས་པ་ཉོན་མོངས་པ་ཅན་གྱི་ཡིད་སྲོག་རླུང་གིས་བསྐྱེད་ནས་འདུ་བྱེད་པ་དང་བཅས་ཏེ་ལངས་པའི་གནས་སྐབས་ནི་རྨི་ལམ་ཡིན་ལ། དེ་རྩ་གནས་རྣམས་སུ་བརྒྱུད་དེ་བཟུང་བ་དང་འཛིན་པ་གཉིས་སུ་སྣང་བའི་འཁྲུལ་པ་བསྐྱེད་པར་བྱེད་པ་ཡིན་པས་དེའི་ཚུལ་འོག་ནས་རྒྱས་པར་འཆད་པ་བཞིན་ནོ། །གཉིས་པ་ནི། དག་ན་སོགས་རྐང་པ་གཉིས་ཏེ། རྨི་ལམ་གྱི་འཁྲུལ་པ་དག་ན་སྐུ་བཞི་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། ཡུལ་དབང་རྣམ་ཤེས་གསུམ་གསལ་ལ་མ་འདྲེས་པ་རྡུལ་གྱི་ཆོས་ཉིད་ལས་འདས་པས་སྣང་བ་དང་སྟོང་པ་དབྱེར་མེད་དུ་གནས་ཤིང་། རང་གི་ངོ་བོ་ཡེ་ཤེས་གཉིས་ཀྱི་བདག་ཉིད་དུ་གནས་ཏེ། དྲུག་ཡིད་ཁ་ནང་ལྟའི་ཆ་དག་པས་སོར་རྟོག་དང་། བདུན་ཡིད་དག་པས་མཉམ་ཉིད་དེ་ཡེ་ཤེས་ལྔ་ལས་དེ་གཉིས་ཀའི་ཆ་ཤས་སོ། །གཉིས་པ་རྨི་ལམ་གྱི་སྣང་བ་རྒྱས་པར་བཤད་པ་ལ་གསུམ། སྤྱིར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། མ་དག་པའི་རྨི་ལམ་ལ་འཁྲུལ་པའི་སྣང་བར་གཉིས་འཛིན་འབྱུང་བའི་ཚུལ་ནི། འཇམ་དཔལ་རྩ་རྒྱུད་ལས་རྒྱས་པར་གསུངས་པ་རྣམས་བསྡུས་ཏེ་འཆད་དོ་ཞེས་རྐང་པ་གཅིག་གོ །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། གནས་ཀྱི་རྐྱེན་གྱིས་རྨི་ལམ་འཆར་ཚུལ་དང་། ཁམས་ཀྱི་རྐྱེན་གྱིས་འཆར་བའི་ཚུལ་ལོ། །དང་པོ་ལ་གཉིས། སོ་སོར་བཤད་པ་དང་། ཐུན་མོང་དུ་བཤད་པའོ། །དང་པོ་ལ་གསུམ། སྟེང་དུ་ཤར་བའི་རྨི་ལམ། འོག་ཏུ་ཤར་བའི་རྨི་ལམ། བར་དུ་ཤར་བའི་རྨི་ལམ་མོ། །དང་པོ་ནི། སྟེང་སོང་སོགས་ཚིག་རྐང་གསུམ་སྟེ། རྨི་ལམ་དུ་ཉིང་འཁྲུལ་གྱི་གཉིས་སྣང་འབྱུང་བའི་རྒྱུ་ནི་གཉིད་མཐུག་གི་དུས་ཀུན་གཞིའི་སྟེང་དུ་ཚོགས་བདུན་འཁོར་བཅས་བསྡུས་པ་དེ་ལས། སྲོག་རླུང་གི་ངོ་བོ་ཡིད་འདུ་བྱེད་དང་བཅས་ཏེ་ལངས་ནས་བདག་ཏུ་བཟུང་བ་ལས་ཡིན་ལ། དེ་ཡང་རྨི་ལམ་ཤར་བའི་རྩ་གནས་དང་ཁམས་ཀྱིས་རྨི་ལམ་མི་འདྲ་བར་བྱེད་པས། རྩ་ལའང་སྟེང་འོག་བར་གསུམ་ཡངས་དོག་སོགས་ཀྱི་འགྱུར་བ་ལས་སྟེང་དུ་ཡིད་སྲོག་རླུང་དང་ལྷན་ཅིག་སྤྱི་བོ་ལ་སོགས་པར་སོང་ནས་རྨི་ལམ་ཤར་ན། ལྷ་ཡུལ་དང་ནམ་མཁར་ཕྱིན་པའི་སྣང་བ་དང་རི་མཐོན་པོ་སོགས་ལ་གྱེན་དུ་འགྲོ་བ་དང་། སྐས་དང་ཤིང་ལ་འཛེག་པ་དང་། མིག་གི་རྩའི་ནང་དུ་སོང་ནས་ཤར་ན་གཟུགས་ཀྱི་རྣམ་པ་གསལ་བར་མཐོང་བ་དང་། དེ་བཞིན་དུ་རྣ་བའི་རྩ་ནང་དུ་སོང་ནས་ཤར་ན་སྒྲ་དང་སོགས་པས་སྣར་དྲི་དང་ལྕེར་རོ་དང་ལུས་དབང་གི་གནས་སུ་ཤར་ན་རེག་བྱ་སྟེ་ཡུལ་སོ་སོའི་སྣང་བ་མ་འདྲེས་པར་འཆར་རོ། །གཉིས་པ་ནི། འོག་འགྲོ་སོགས་རྐང་པ་གསུམ་སྟེ། ཡིད་སྲོག་རླུང་གིས་བསྐྱོད་དེ་སྙིང་ག་ནས་འོག་ཕྱོགས་སུ་འགྲོ་བའི་རྨི་ལམ་ནི་ལམ་གསུམ་གྱི་དབང་ལས་བཤང་ལམ་དུ་དམྱལ་བ་དང་སོགས་པས་སྲིད་ལམ་དུ་ཡི་དྭགས་དང་ཆུ་ལམ་དུ་དུད་འགྲོའི་སྣང་བ་དང་། འོག་ཕྱོགས་སུ་འགྲོ་བ་ཙམ་ལས་མཐུར་དུ་འགྲོ་བ་དང་བྲག་རོང་དང་ནགས་འཐིབས་པོ་སོགས་སུ་འགྲོ་བ་དང་། མུན་ཁུང་དང་དངོས་པོ་ཐམས་ཅད་མི་གསལ་བའི་རྣམ་པར་འཆར་བ་ལ་སོགས་པའི་སྣང་བ་འབྱུང་ངོ་། །གསུམ་པ་ནི། བར་དུ་སོགས་རྐང་པ་གསུམ་སྟེ། སྲོག་རླུང་གིས་བསྐྱོད་པའི་ཡིད་ལུས་བར་གྱི་རྩ་གནས་སུ་འགྲོ་བའི་རྨི་ལམ་ནི། སྤྱིར་གླིང་བཞི་སོགས་ས་སྟེང་གི་སྣང་བ་འཆར་ཏེ། བྱེ་བྲག་ཏུ་མདུན་གྱི་རྩ་གནས་སུ་ཤར་ཕྱོགས་ཀྱི་སྣང་བ་དང་། གཡས་ཀྱི་རྩ་ལ་ལྷོ་ཕྱོགས། རྒྱབ་ཀྱི་རྩ་ལ་ནུབ། གཡོན་ཕྱོགས་ཀྱི་རྩ་གནས་སུ་བྱང་ཕྱོགས་ཀྱི་སྣང་བ་འབྱུང་ངོ་། །དེས་ན་ལྷོ་ཕྱོགས་སུ་འགྲོ་བའི་རྨི་ལམ་འཆི་ལྟས་སུ་བཤད་པའི་དོན་ནི། །སྲོག་གཡས་པར་རྒྱུ་བའི་ཚེ་རྨི་ལམ་དུ་ལྷོ་ཕྱོགས་སུ་ཡང་ཡང་ཕྱིན་པར་རྨི་བ་ཡིན་ནོ། །ཞེས་འགྲེལ་པར་གསུངས་སོ། །གཉིས་པ་ཐུན་མོང་དུ་བཤད་པ་ནི། རྩ་གནས་སོགས་རྐང་པ་ཕྱེད་དང་གཉིས་ཏེ། རྩ་གནས་ཡངས་པ་ལ་ཡུལ་ཡངས་པར་སྣང་བ་དང་། རྩ་གནས་དོག་པ་ལ་ཡུལ་ཤིན་ཏུ་དོག་པ་ལ་སོགས་པའི་སྣང་བ་འཆར་རོ། །གཉིས་པ་ཁམས་ཀྱི་རྐྱེན་གྱིས་རྨི་ལམ་འཆར་ཚུལ་ལ། བསྟན། བཤད། བསྡུ་གསུམ་ལས། དང་པོ་ནི། ཡུལ་གྱི་རྐྱེན་གྱིས་རྨི་ལམ་མི་འདྲ་བ་འབྱུང་བ་དེ་བཞིན་དུ་ཡུལ་དེ་དང་དེར་ཡང་ཁམས་ཀྱི་རྐྱེན་གྱིས་རྨི་ལམ་དུ་དངོས་པོ་མི་འདྲ་བ་དུ་མ་འབྱུང་སྟེ་རྒྱུད་ལས། སྲོད་ལ་བད་ཀན་ཤས་ཆེ་སྟེ། །ནམ་ཕྱེད་དུས་སུ་མཁྲིས་པར་བརྗོད། །ཐོ་རངས་རླུང་གི་དུས་ཉིད་དེ། །དེ་ཚེ་ཁམས་ཀྱི་རང་བཞིན་གྱིས། །རྨི་ལམ་ཡུལ་དུ་སྣང་བར་འགྱུར། ཅེས་གསུངས་པས་སོ། །གཉིས་པ་ལ་གསུམ་སྟེ། རླུང་གི་རྨི་ལམ། མཁྲིས་པའི་རྨི་ལམ། བད་ཀན་གྱི་རྨི་ལམ་མོ། །དང་པོ་ནི། རླུང་ལ་སོགས་ཚིགས་བཅད་གཅིག་སྟེ། རླུང་གི་རྨི་ལམ་གྱི་སྡེ་ཚན་ལ། ནེ་སིང་སོགས་རྫས་སྔོན་པོ་དང་གོས་སྔོན་པོ་དང་། སྣག་ཚ་སོགས་རྫས་དང་གོས་ནག་པོ་དང་བྱ་ནག་དང་ནམ་མཁར་འཕུར་བ་དང་རྟ་ཞོན་པ་དང་ནོར་བུ་སྔོན་པོ་དང་རིག་པ་དྭངས་པའམ་ཡང་ན་རྨི་ལམ་གྱི་དངོས་པོ་རྣམས་མི་བརྟན་ཞིང་འགྱུར་བས་ཡད་ཡུད་བྱེད་པ་དང་རླུང་གིས་ཁྱེར་བ་སོགས་དུ་མ་འཆར་རོ། །གཉིས་པ་ནི། མཁྲིས་ཁྲག་སོགས་རྐང་པ་གསུམ་སྟེ། མཁྲིས་པ་དང་ཁྲག་གི་གནས་སུ་སོང་བའི་རྨི་ལམ་གྱི་སྡེ་ཚན་ནི། མེ་འབར་བ་དང་ནི་གོས་དམར་པོ་དང་སེར་པོ་དང་ས་གཞི་དམར་པོ་དང་སེར་པོ་དང་གསེར་སྣང་བ་དང་བཙུན་པ་སོགས་གོས་དམར་སེར་ཅན་དང་། དེ་བཞིན་དུ་དམར་སེར་གྱི་རིགས་དང་འོད་འཕྲོ་བ་དང་དལ་ཞིང་བརྟན་པ་དང་རིག་པ་ཡང་བཀྲག་པ་ལ་སོགས་པ་སྣ་ཚོགས་པ་སྣང་ངོ་། །གསུམ་པ་ནི། བད་ཀན་སོགས་ཚིགས་བཅད་གཅིག་སྟེ། ཁམས་དཀར་ཆ་བད་ཀན་གྱི་གནས་སུ་རེག་པའི་རྨི་ལམ་གྱི་སྡེ་ཚན་ནི། ཆུ་དང་ཁ་བ་དང་མུ་ཏིག་དང་རྫས་དང་ས་ཕྱོགས་དཀར་པོ་དང་། གོས་དཀར་པོ་དང་བུད་མེད་དང་གླང་པོ་ཆེ་དང་དངུལ་ལ་སོགས་པ་ནོར་བུ་དཀར་པོ་དང་རེག་པའི་བདེ་བ་འདོད་ཆགས་སྤྱད་པ་དང་། རྨི་ལམ་བརྟན་པ་སོགས་དུ་མ་སྣང་བ་སྟེ། དེའི་རིགས་ཅན་གཞན་ཡང་ངོ་། །གསུམ་པ་དོན་བསྡུ་བ་ནི། ཇི་ལྟར་སོགས་རྐང་པ་གསུམ་སྟེ། རྒྱས་བཤད་ཇི་ལྟ་བ་བཞིན་དུ་རྩ་དང་རླུང་དང་ཁམས་བྱང་ཆུབ་ཀྱི་སེམས་ཀྱི་རིམ་པ་དང་རྨི་ལམ་འཆར་གནས་ལ་སོགས་བག་ཆགས་ལ་བརྟེན་ནས་རྨི་ལམ་གྱི་སྣང་བ་སྣ་ཚོགས་འབྱུང་བ་འདི་ནི་རྒྱལ་བ་རྡོ་རྗེ་འཆང་གིས་འཇམ་དཔལ་རྩ་བའི་རྒྱུད་དུ་རྒྱ་ཆེར་གསུངས་སོ་ཞེས་ཁུངས་དང་ཡང་སྦྱར་བ་མཛད་དོ། །གསུམ་པ་གནད་འཆིང་བ་འབྲས་བུ་དང་བཅས་པ་ལ་བཞི། རྨི་ལམ་ལ་གནད་དུ་བསྣུན་པའི་དགོས་པ། གནད་འཆིང་ཐབས་དངོས། དག་པའི་རྨི་ལམ་ཡོད་པར་བསྟན་པ། སངས་རྒྱས་ལ་རྨི་ལམ་མེད་པར་བསྟན་པའོ། །དང་པོ་ནི། དེ་ཕྱིར་རྣལ་འབྱོར་སོགས་རྐང་པ་དང་བཅས་པའི་ཚིགས་བཅད་གཅིག་སྟེ། བག་ཆགས་ཀྱི་དབང་གིས་རྨི་ལམ་གྱི་སྣང་བ་སྣ་ཚོགས་འཆར་བ་དེའི་ཕྱིར། རྣལ་འབྱོར་པ་རྩ་རླུང་བྱང་ཆུབ་ཀྱི་སེམས་བསྒོམས་ཏེ་ཉམས་སུ་ལེན་པའི་ཚེ་ན། རྨི་ལམ་གྱི་སྣང་བ་གང་དང་གང་ཤར་བ་ན་རྨི་ལམ་ལ་བརྟགས་པས་རྩ་དང་རླུང་དང་ཁམས་བྱང་ཆུབ་སེམས་ལ་སོགས་པའི་བག་ཆགས་རྣམས་དག་པའི་ཚེ་རྨི་ལམ་གྱི་སྣང་བ་སྒྱུ་མ་ལྟ་བུ་དང་། མ་དག་པའི་ཚེ་ཉིང་འཁྲུལ་ལ་མངོན་ཞེན་ཀྱིས་འཇུག་པས། རྩ་རླུང་སོགས་དག་པ་དང་མ་དག་པའི་ཁྱད་པར་རྨི་ལམ་འདི་ལ་བརྟེན་ནས་ཤེས་ཤིང་། རྨི་ལམ་གྱི་སྣང་བ་དང་བར་དོའི་སྣང་བ་ཅུང་ཟད་མཚུངས་པས་བར་དོའི་གདམས་པ་རྣམས་ཀྱི་ཚོད་འཛིན་དང་། འཇིག་རྟེན་ཕྱི་མར་འཕོ་བའི་སྣང་བ་འབྱུང་བའི་ཚེ། རྣམ་ཤེས་ལམ་གང་དུ་འགྲོ་བའི་ཚོད་འཛིན་ཀྱང་རྨི་ལམ་གྱིས་བྱེད་པས་ན་རྨི་ལམ་ལ་གནད་དུ་བསྣུན་པར་གྱིས་ཤིག་ཅེས་གདམས་སོ། །གཉིས་པ་ལ་གཉིས་ཏེ། གཉེན་པོ་དང་། སྤང་བྱའོ། །དང་པོ་ནི། དེ་ཕྱིར་ཡེ་ཤེས་སོགས་རྐང་པ་གསུམ་སྟེ། རྨི་ལམ་ལ་གནད་དུ་བསྣུན་དགོས་པ་དེའི་ཕྱིར། ཡེ་ཤེས་ཀྱི་ཕྱག་རྒྱ་བཅིངས་ཏེ་རྨི་ལམ་གྱི་གདམས་པ་ཉམས་སུ་བླང་བར་བྱའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ཀུན་བརྟགས་པའི་རང་བཞིན་རྟོག་པའི་ཡུལ་དེ་ཁོ་ན་ཉིད་སྒྱུ་མ་ལྟ་བུར་བསྒོམ་པ་སྟེ། དེ་ཡང་རྨི་ལམ་གྱི་སྣང་བ་རྣམས་སྒྱུ་མར་སྦྱངས་ནས་ས་ལམ་གཅིག་ཆོད་དུ་རྫོགས་པའི་གདམས་པའོ། །དེ་ལྟ་བུ་ལ་སོགས་པ་རྨི་ལམ་སྦྱོང་བྱེད་དང་བཅས་པའི་རྒྱུ་འབྲས་དུ་མ་མདོ་རྒྱུད་ལས་གསུངས་པ་རྣམས་སྐབས་འདིར་ནི་ཚིག་མངས་སུ་དོགས་ནས་རྒྱས་པར་མ་བསྟན་ཏོ། ཞེས་པ་གསུང་རབ་གཞན་ལ་ལྟོས་དགོས་པར་དགོངས་པ་ཡིན་ནོ། །གཉིས་པ་ནི། བག་ཆགས་ཀྱིས་འཁོར་བར་འཁྲུལ་པ་དེ་ཉིད་གཉིད་ཀྱིས་ཡང་འཁྲུལ་པས་བསྐྱེད་པའི་རྨི་ལམ་ནི་ཉིང་འཁྲུལ་འབའ་ཞིག་ཡིན་པས་འཁོར་བ་ཡིན་ཏེ་སྤང་བར་བྱའོ། །ཞེས་རྐང་པ་གཅིག་གསུངས་སོ། །འོ་ན་གཉེན་པོའི་ཆར་གྱུར་པའི་རྨི་ལམ་ཡོད་དམ་ཞེ་ན། གསུམ་པ་ནི། མ་འཁྲུལ་ཞེས་སོགས་ཚིགས་བཅད་གཅིག་སྟེ། ཉོན་མོངས་པའི་བག་ཆགས་དང་མ་འདྲེས་པ་མ་འཁྲུལ་བའི་རྨི་ལམ་ནི། འཁྲུལ་པའི་རྨི་ལམ་གྱི་གཉེན་པོ་ཡིན་ལ། དེ་ཡོད་པའི་རྒྱུ་མཚན་ནི། སེམས་བྱུང་རྣམས་ལས། གཉིད་འགྱོད་རྟོག་དཔྱོད་བཞི་ནི། གཞན་འགྱུར་ཡིན་པས་དགེ་མི་དགེ་ངེས་མ་ངེས་སྤང་བྱ་དང་གཉེན་པོ་ཐམས་ཅད་དུ་འབྱུང་བས་གཉེན་པོར་གྱུར་བའི་གཉིད་ཡོད་ལ། དེ་ཡོད་པས་གཉེན་པོར་གྱུར་པའི་རྨི་ལམ་ཡང་ཡོད་དོ། །ཉིང་འཁྲུལ་དང་མ་འདྲེས་པའི་རྨི་ལམ་གཉེན་པོའི་ཆར་གྱུར་པ་ཡོད་པ་དེའི་ཕྱིར། རྒྱལ་བའི་སྲས་པོ་ས་བཅུ་ལ་གནས་པ་རྣམས་ལ་རྨི་ལམ་མི་འདྲ་བ་ཡོད་པར་བསྟན་པ་མདོ་ལས། བྱང་ཆུབ་སེམས་དཔའ་རྡོ་རྗེ་རབ་འཇོམས་ལ་གསུངས་སོ། །དེ་ལྟར་ན་རྨི་ལམ་ནི་རླུང་མཁྲིས་བད་ཀན་གྱི་ཆས་བསྐྱེད་ལ་དེ་དག་ཀྱང་ཉོན་མོངས་པས་བསྐྱེད་པར་སྔར་བཤད་ཟིན་ན། རྒྱུད་བླ་མ་ལས། འཕགས་པས་ན་དང་འཆི་བ་དང་། །རྒ་བའི་སྡུག་བསྔལ་བརྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་ས་དང་པོ་ཡན་དུ་ཉོན་མོངས་པ་ལས་གྲོལ་བར་བཤད་པས་ས་བཅུ་རྣམས་སུ་རྨི་ལམ་འབྱུང་བར་མི་རིགས་སོ་སྙམ་ན་དེ་ལ་ནི་རྨི་ལམ་གྱི་རྟེན་གཞན་ཡོད་དེ་རྨི་ལམ་དེའི་རྒྱུ་ཟག་པ་མེད་པའི་ཁམས་བཟུང་བའི་ཕྱིར་དེ་ཡང་མ་རིག་བག་ཆགས་ཀྱི་ས་དང་ཟག་པ་མེད་པའི་ལས་ཀྱིས་ཡིད་ཀྱི་རང་བཞིན་གྱི་ལུས་སླངས་ནས་འཁོར་བ་པ་ལྟ་བུར་སྤྱོད་པར་གསུངས་པའི་དོན་ཏེ། རྒྱུད་བླ་ལས། སྐྱེ་འཆི་ན་དང་རྒ་བ་ལས་གྲོལ་ཞིང་། །འདི་ཡི་རང་བཞིན་ཇི་བཞིན་ཉིད་རྟོགས་ཏེ། །སྐྱེ་སོགས་འཕོངས་དང་བྲལ་ཡང་དེ་ཡིས་ནི། །བློ་ལྡན་འགྲོ་ལ་སྙིང་རྗེ་བསྐྱེད་ཕྱིར་འཇུག །ཅེས་དང་། དེ་ནི་འཇིག་རྟེན་ཐམས་ཅད་ལས། །འདས་ཀྱང་འཇིག་རྟེན་ལས་མི་གཡོས། །འཇིག་རྟེན་དོན་དུ་འཇིག་རྟེན་ན། །འཇིག་རྟེན་དྲི་མས་མ་གོས་སྤྱོད། །ཇི་ལྟར་པདྨ་ཆུ་ནང་ན། །སྐྱེས་ཀྱང་ཆུ་ཡིས་གོས་པ་མེད། །དེ་བཞིན་འདི་ནི་འཇིག་རྟེན་དུ། །སྐྱེས་ཀྱང་འཇིག་རྟེན་ཆོས་མ་གོས། །ཤེས་གསུངས་པ་ཇི་ལྟ་བ་བཞིན་ནོ། །བཞི་པ་ནི། བཅོམ་ལྡན་སོགས་རྐང་པ་གཉིས་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་རྨི་ལམ་དང་བྲལ་བ་སྟེ། ཟག་བཅས་ཀྱི་གནས་སྐབས་བཞི་ཟག་མེད་སྐུ་བཞིར་གནས་གྱུར་པས་ཀུན་གཞི་ལ་གནས་པའི་ཡིད་འདུ་བྱེད་པའི་རྐྱེན་དང་བྲལ་བའི་ཕྱིར་རོ། །བཞི་པ་སྙོམས་འཇུག་གི་གནས་སྐབས་བཤད་པ་ལ་བཞི་སྟེ། དག་མ་དག་གི་ངོ་བོ། འཁོར་བ་བསྐྱེད་པའི་ཚུལ། མྱ་ངན་ལས་འདས་པར་འགྲོ་བའི་གོ་རིམ། གནད་འཆིང་བ་དངོས་བཤད་པའོ། །དང་པོ་ལ་གཉིས། མ་དག་པ་དང་། དག་པའོ། །དང་པོ་ལ་གཉིས། དགའ་བ་བཞིའི་རིམ་པ་དང་། ལྷན་ཅིག་སྐྱེས་དགའ་ངོས་བཟུང་བའོ། །དང་པོ་ནི། སྙོམས་འཇུག་སོགས་རྐང་པས་དམན་པའི་ཚིགས་བཅད་གཉིས་ཏེ། སེམས་ཅན་རྣམས་ཀྱི་སྙོམས་པར་འཇུག་པའི་ཆགས་པ་དང་བཅས་པས་འགྱུར་བདེ་མྱོང་བ་དེའི་ཚེ་ནི་རྣམ་ཤེས་ཇི་ལྟར་གནས་ཤེ་ན་དགའ་བ་བཞིའི་གོ་རིམ་ཇི་ལྟ་བ་བཞིན་དུ་དེ་བཞི་ཉམས་སུ་མྱོང་བའི་རྣམ་ཤེས་དང་ལྡན་པ་སྟེ། འདོད་སྲེད་ཀྱི་དང་པོ་སྤྱི་བོའི་འཁོར་ལོར་བྱང་ཆུབ་ཀྱི་སེམས་གནས་ཏེ། གཉིས་པ་དགའ་བའི་ཚེ་མགྲིན་པ་དང་གསུམ་པ་མཆོག་དགའི་དུས་ན་སྙིང་ག་ནས་ལྟེ་བར་བབ་ཅིང་། རྣམ་ཤེས་ལྟེ་བར་འདུས་པ་ཡིས་ཨ་ཤད་ཀྱི་མེ་དང་ཧཾ་ལས་བབ་པའི་ཟླ་བ་གཉིས་དབུ་མའི་མར་སྣར་འདྲེས་པའི་ཚེ་ན། རྩ་དུང་ཅན་མའི་ནང་དུ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བར་འགྱུར་རོ། །འོ་ན་ལྷན་ཅིག་སྐྱེས་པའི་དགའ་བ་དེ། ཡུན་ཇི་སྲིད་མྱོང་། ངོ་བོ་ཇི་ལྟ་བུ་ཞེ་ན། གཉིས་པ་ནི། དེ་ནི་ཞེས་སོགས་ཚིགས་བཅད་གཅིག་སྟེ། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་དེ་ནི་སྐད་ཅིག་མ་གཅིག་པའི་ཤེས་པ་ཡིན་ཏེ། དེའི་ངོ་བོ་ནི། ཚོགས་བརྒྱད་པོ་རང་རང་གི་ངོ་བོ་མ་འགགས་པར་སོ་སོར་གསལ་ཞིང་བདེ་གསལ་མི་རྟོག་པ་འདྲེས་པའི་རང་གི་ངོ་བོ་ཉོན་མོངས་པའི་དྲི་མ་ཅན་མ་ཡིན་པ་དེའི་ཕྱིར་ཡེ་ཤེས་ཀྱི་སྐུ་ཞེས་བརྗོད་དོ། །དེ་ཡང་། ཀྱཻ་རྡོ་རྗེ་ལས། དགའ་བས་དགའ་བ་ཙམ་ཉིད་དེ། །མཆོག་ཏུ་དགའ་བ་དེ་བས་ལྷག །དགའ་བྲལ་དགའ་བས་ཆགས་བྲལ་ཡིན། །ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། །ཅེས་གསུངས་པ་ཇི་ལྟ་བ་བཞིན་ཏེ། དགའ་བ་གཞན་གསུམ་རྣམ་པར་རྟོག་པའི་ཆ་དང་། ལྷན་ཅིག་སྐྱེས་དགའ་ཡེ་ཤེས་ཀྱི་རང་གི་ངོ་བོར་འཆར་ཀྱང་དེ་ངོ་མ་ཤེས་པས་འགགས་པའི་རྗེས་སུ་དགའ་བྲལ་གྱི་དགའ་བ་འཆར་རོ། །གཉིས་པ་དག་པའི་ངོ་བོ་ནི། དག་ན་ཞེས་སོགས་རྐང་པ་གསུམ་སྟེ། སྙོམས་འཇུག་གི་གནས་སྐབས་སུ་རྨོངས་པའི་སྒྲིབ་པ་དེ་གཉེན་པོས་སྦྱངས་ནས་རྣམ་པར་དག་པ་ན་སྣང་སྲིད་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་ངོ་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། སྐུ་གསུམ་གྱི་རྣམ་རོལ་ཏུ་འཆར་ཏེ། ཚོགས་དྲུག་གི་རང་གི་ངོ་བོ་འགག་པ་མེད་པ། གསལ་ལ་མ་འདྲེས་པ་སྤྲུལ་སྐུའི་རང་བཞིན་དང་འཛག་པ་སྟེ་ཟག་པ་དང་བྲལ་བའི་བདེ་བ་ཆེན་པོ་ལོངས་སྐུ་དང་སྟོང་པ་དང་ལྡན་པ་རང་བཞིན་གྱིས་འོད་གསལ་བ་ཆོས་སྐུ་སྟེ་སྐུ་གསུམ་གྱི་རོལ་པར་སྣང་བའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་ནི། ཆོས་ཀུན་ལ་ཁྱབ་བྱེད་དུ་འགྲོ་ཞིང་ཆོས་ཀུན་ཀྱང་ལྷན་ཅིག་སྐྱེས་པའི་བདག་ཉིད་ཡིན་པས་བླ་མའི་མན་ངག་དང་ལྡན་པས་གནད་དུ་བསྣུན་ཞིང་སྒོམ་པར་བྱའོ། །གཉིས་པ་འཁོར་བ་བསྐྱེད་པའི་ཚུལ་ལ་གཉིས། རང་ངོ་མ་ཤེས་པ་འཁོར་བའི་རྩ་བར་བསྟན་པ་དང་། དེས་འཁོར་བ་ཇི་ལྟར་བསྐྱེད་པའི་ཚུལ་ལོ། །དང་པོ་ནི། མ་དག་སོགས་རྐང་པ་ལྔ་སྟེ། འཁོར་བ་དེ་ཡང་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རང་ངོ་མ་ཤེས་པར་འཁྲུལ་པའི་སྣང་བ་ཙམ་ཡིན་གྱི་རང་གི་མཚན་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་པས། གང་གིས་མ་རིག་ཞེ་ན། གཉིས་འཛིན་གྱི་དྲི་མ་མ་དག་པས་ཡུལ་ཡུལ་ཅན་ཐ་དད་དུ་འཁྲུལ་པའི་སེམས་ཅན་རྣམས་ཀྱིས་མ་རིག །གང་མ་རིག་ན། སྐ་ཅིག་མའི་མཚན་ཉིད་ཅན་གྱི་བདེ་བ་ཆེན་པོ་དེ་མ་རིག། ཚུལ་ཇི་ལྟར་མ་རིག་ན། རང་ལ་གནས་པ་དེ་མི་ཤེས་པར་རང་ལས་གཞན་དུ་གཟུང་ནས་ཡུལ་ལ་ཀུན་དུ་རྟོག་པའི་ཚུལ་གྱིས་མ་རིག་གོ །དེ་ལྟར་མ་རིག་པ་ལས་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཉམས་ནས་དུག་གསུམ་པོ་ཐམས་ཅད་སྐྱེད་པར་བྱེད་ཅིང་དེའི་དབང་གིས་མི་འདོད་བཞིན་དུ་འཁོར་བར་འཁོར་ཞིང་རྒྱུ་བར་སྣང་ངོ་། །དེ་ཡང་། དུས་འཁོར་ལས། དེ་ལྟར་སེམས་ནི་རྣམ་བཞི་སྲིད་པ་གསུམ་ལ་གནས་པའི་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་དབུས་སུ་སྟེ། །རྣལ་འབྱོར་དབང་པོ་རྣམས་ཀྱིས་བདེ་ཉམས་འབྲས་སྟེར་ཁྱབ་བྱེད་དག་ནི་ཐར་པའི་སླད་དུ་བསྲུང་བར་བྱ། །ཐིག་ལེ་བཏང་ན་རྣལ་འབྱོར་རྣམས་ཀྱིས་མཆོག་གི་བདེ་བ་སྐྱེ་བའི་ས་བོན་སོང་ལ་ཐར་པ་གང་། །དེ་ཕྱིར་འཁོར་བའི་བདེ་བ་སྐད་ཅིག་འདི་ནི་སྡོམ་བརྩོན་རྣམས་ཀྱིས་ཐམས་ཅད་དུས་སུ་སྤང་བར་བྱ། །ཞེས་གསུངས་པ་དང་གནད་གཅིག་ཅིང་། འཛག་བདེ་འཁོར་བའི་རྩ་བར་གསུངས་པའི་རྒྱུ་མཚན་ཡང་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ངོ་མ་ཤེས་པའི་དབང་གིས། དུག་གསུམ་བསྐྱེད་ནས་འཁོར་བར་འཁོར་བ་འདི་ཁོ་ན་ཡིན་ནོ། །འགའ་ཞིག་གིས་འཁོར་བའི་རྩ་བ་མ་རིག་པ་ཡིན་ཞེས་ཟེར་བའང་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་རང་ངོ་མ་རིག་པ་ལ་ཟེར་ན། ལུགས་འདི་དང་མཐུན་མོང་ཀྱི་ཡུལ་ལ་རང་སྟོབས་ཀྱིས་རྨོངས་པའི་སེམས་བྱུང་ལ་མ་རིག་པར་བཤད་པ་དེ་ནི་འཁོར་བའི་རྩ་བ་ཡིན་པར་མི་འདོད་དོ། །གལ་ཏེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དང་པོ་མ་རིག་པ་ཡིན་པས་དེའི་རྩ་བ་ཡིན་ནོ་སྙམ་ན། ཧ་ཅང་ཡང་རྩིང་གེ་སྟེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་སྣང་བ་ནི་འཁོར་བའི་ཆོས་རགས་པ་ལས་ཀྱང་ཆེས་རགས་པར་གྲུབ་པའི་སྡུག་བསྔལ་གྱི་ཕུང་པོ་ཡིན་ནོ། །དེས་ན་ལེའུ་དང་པོར། དེ་ཉིད་རང་གིས་རང་མ་རིག །ཅེས་གསུངས་པ་དང་། འདིར། སྐད་ཅིག་བདེ་ཆེན་མི་ཤེས་པས། །ཤེས་གསུངས་པ་ནི་དོན་གཅིག་པ་ཁོ་ནའོ། །གཉིས་པ་ནི། དང་པོ་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། དེ་ལྟར་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱི་རང་གི་ངོ་བོ་མ་ཤེས་པས་འཛག་པ་དང་བཅས་ཏེ་དུག་གསུམ་བསྐྱེད་ནས་འཁོར་བར་འཁོར་བ་དེའི་ཚུལ་ཇི་ལྟ་བུ་ཞེ་ན། འདོད་སྲེད་ཀྱི་དང་པོ་དགའ་བ་དང་ལྡན་པ་དེ་ནི་འདོད་ཆགས་ཡིན་ཞིང་བར་དུ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཉམས་སུ་མྱོང་ཡང་མ་རྟོགས་པས་གཏི་མུག་ཏུ་གྱུར་པ་སྟེ། རྗེས་ལ་ཁམས་ཉམས་པས་ཆགས་པ་དང་བྲལ་ཞིང་ཞེ་སྡང་བའི་སེམས་སུ་གྱུར་ཏོ། །དེ་ཡང་བདེ་བ་འདོད་པས་རང་བདེ་བ་ལ་ཆགས་ཤིང་དེ་ལ་སེར་སྣ་དང་གཞན་ལ་ཤོར་དོགས་པའི་ཕྲག་དོག་སོགས་ཉོན་མོངས་པ་ཀུན་བསྐྱེད་པར་བྱེད་ཅིང་མི་དགེ་བའི་ལས་རྣམས་ཡུལ་དུ་སྤྱོད་པ་དེ་ཡིས་ངན་འགྲོ་ལ་སོགས་པ་ཀུན་འཕེན་ཅིང་བསྐྱེད་པར་བྱེད་པ་ཡིན་ནོ། །གསུམ་པ་མྱ་ངན་ལས་འདས་པར་འགྲོ་བའི་གོ་རིམ་ལ་གཉིས་ཏེ། རྒྱུའི་ཐེག་པའི་ལམ་གྱི་རིམ་པ་དང་། འབྲས་བུའི་ཐེག་པའོ། །དང་པོ་ལ་གསུམ། སྐྱེས་བུ་ཆུང་ངུའི་ལམ་རིམ། འབྲིང་གི་ལམ་རིམ། ཆེན་པོའི་ལམ་རིམ་མོ། །དང་པོ་ལ་གསུམ། བསོད་ནམས་ཀྱི་ལས་རྒྱུ་འབྲས། མི་གཡོ་བའི་ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་སོ། །དང་པོ་ནི། དེ་ལས་སོགས་ཚིགས་བཅད་གཅིག་རྐང་པ་དང་བཅས་པ་སྟེ། སྔར་བསྟན་པའི་མ་རིག་པའི་དབང་གིས་མི་དགེ་བ་སྤྱོད་པ་དེ་ལས་ཅུང་ཟད་ལོག་པར་བྱས་ནས་རང་དང་གཞན་ལ་ཕན་པར་འདོད་པའི་བསམ་པས་སེར་སྣ་དང་ཕྲག་དོག་དང་ཆགས་པ་དང་ཁྲོ་བ་ལ་སོགས་པའི་སྐྱོན་རྣམས་དོར་བར་བྱས་ནས། སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་བསྲུང་བ་དང་། བཟོད་པ་སྒོམ་པ་དང་ལྡན་ཞིང་འདོད་ཁམས་ཀྱི་བདེ་འགྲོའི་བདེ་བ་འདོད་པས་འདོད་ཁམས་ཀྱི་ལྷ་མི་སོགས་མཐོ་རིས་ཀྱི་གོ་འཕང་ཐོབ་སྟེའོ། །གཉིས་པ་ནི་འདོད་སྲེད་སོགས་རྐང་པ་གཉིས་ཏེ། འདོད་པ་ལ་ཆགས་པའི་སྲེད་པ་བཅད་ནས་བསམ་གཏན་དང་གཟུགས་མེད་ཀྱི་བདེ་བ་འཚོལ་ཞིང་དེའི་སྙོམས་འཇུག་དག་པ་བ་བསྒོམས་པས་གཟུགས་ཁམས་བཅུ་དྲུག་དང་གཟུགས་མེད་བཞི་ཅི་རིགས་པར་སྐྱེ་བ་ལེན་པར་འགྱུར་རོ། །གསུམ་པ་ནི། དེ་ཡང་སོགས་རྐང་པ་གཉིས་ཏེ། འཁོར་བའི་ཉེས་དམིགས་ནི་ཟོ་ཆུན་གྱི་ནི་རྒྱུད་ལྟ་བུ་སྟེ། ངན་འགྲོ་ལས་ཐར་ནས་མཐོ་རིས་ཐོབ་པ་དེ་ཡང་འཁོར་བར་སྡུག་བསྔལ་བར་འགྱུར་ཏེ། འདོད་པའི་བདེ་བ་ལ་ཆགས་ཤིང་ཞེན་པས་དུག་གསུམ་བསྐྱེད་པར་སྔར་བཤད་པ་ལྟར་བསམ་གཏན་གྱི་རོ་མྱོང་ནས་ཆགས་པ་དང་ལྡན་པས་དུག་གསུམ་འཕེལ་བའི་དབང་གིས་འཁོར་བར་སྡུག་བསྔལ་བར་འགྱུར་བས་སོ། །གཉིས་པ་སྐྱེས་བུ་འབྲིང་གི་ལམ་རིམ་ནི། སེམས་སུ་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་ཁམས་གསུམ་དུ་འཛག་པ་ནི་སེམས་འཁྲུལ་པའི་རང་གདངས་སུ་ཤེས་ནས་ཁམས་གསུམ་གྱི་རྒྱུར་གྱུར་པའི་ཆགས་སོགས་དམན་ལམ་གྱི་སྤང་བྱ་ཀུན་བརྟགས་རྣམས་མཐོང་ལམ་དང་ལྷན་སྐྱེས་རྣམས་སྒོམ་ལམ་གྱིས་བཅོམ་ནས། མྱ་ངན་ལས་འདས་པ་ཞི་བ་ཕྱོགས་གཅིག་པ་ལ་སྲེད་པས་མྱང་འདས་དེ་ཐོབ་པ་ན་གཞན་དོན་དོར་ཏེ་རང་ཉིད་ཞི་བ་དེར་གནས་པ་དེ་ནི་ཉན་རང་གི་དགྲ་བཅོམ་པ་ཞེས་བརྗོད་པ་ཡིན་ནོ། །གསུམ་པ་སྐྱེས་བུ་ཆེན་པོའི་ལམ་རིམ་ནི། སྲིད་དང་སོགས་རྐང་པ་ཕྱེད་དང་གཉིས་ཏེ། སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་གཉིས་ཀ་ལ་སྲེད་པ་སྤངས་ཏེ་སེམས་ཅན་གྱི་དོན་དུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཉམས་སུ་ལེན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡིན་ནོ། །གཉིས་པ་འབྲས་བུའི་ཐེག་པ་ནི། འཛག་མེད་སོགས་རྐང་པ་ཕྱེད་དང་གཉིས་ཏེ། རྡོ་རྗེ་ཐེག་པའི་ཉེ་ལམ་ལ་འཇུག་པར་འདོད་པ་རྣམས་ཀྱིས་ནི་རྒྱུའི་ཐེག་པ་ལ་བློ་སྦྱངས་ཏེ། དབང་བཞི་དང་རིམ་པ་གཉིས་ལ་བརྟེན་ནས་ལུས་ཀྱི་འཛག་སྒོ་བཞི་ལས་ཁམས་འཛག་པ་མེད་པར་འཆིང་བ་ལ་དབང་ཐོབ་ཅིང་སེམས་ཀྱི་ཟག་པ་བཞི་སྤངས་པ་ན་འབྲས་བུ་མཐར་ཕྱིན་པར་འགྱུར་བའི་ཚུལ་རྣམས་རྡོ་རྗེ་ཐེག་པར་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལ་ལུས་ཀྱི་འཛག་སྒོ་བཞི་ནི་སྟེང་དུ་ལྕེའུ་ཆུང་དང་འོག་དུ་དུང་ཅན་དང་བ་སྤུའི་བུ་ག་དང་དབང་པོ་གཞན་ཡུལ་ལ་ཟགས་པ་ཡུལ་རྐྱེན་ཤིན་ཏུ་རགས་པས་འཛག་པ་དང་བཞི་སྟེ། ཕྱི་མ་ནི་གཟུགས་མཛེས་པ་དང་ཞེ་སྡང་དྲག་པོ་སྐྱེས་པ་ལ་བརྟེན་ནས་ཟགས་པའོ། །སེམས་ཀྱི་ཟག་པ་བཞི་ནི་འདོད་པའི་ཟག་པ་དང་སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་དང་ལྟ་བའི་ཟག་པའོ། །དང་པོ་ནི་མ་རིག་པ་དང་ལྟ་བ་མ་རྟོགས་པའི་འདོད་ཁམས་ཀྱི་ཉོན་མོངས་པ་ལ་འདོད་ཅིང་། །གཉིས་པ་ནི་དེ་གཉིས་མ་རྟོགས་པའི་ཁམས་གོང་གི་ཉོན་མོངས་པ་རྣམས་སོ། །གསུམ་པ་ནི་ཁམས་གསུམ་གྱི་རྒྱུར་གྱུར་པའི་ཉོན་མོངས་པ་དང་། བཞི་པ་ནི་ལྟ་བ་ངན་པ་དྲུག་བཅུ་རྩ་གཉིས་ལྟ་བུའོ། །དེ་ཡང་། ཉན་ཐོས་རྣམས་ཀྱིས་འདོད་པ་དང་སྲིད་པའི་ཟག་པ་སྤང་བྱའི་གཙོ་བོར་བྱས་ནས་སྤོང་ཞིང་གཞན་གཉིས་སྤོང་བར་མི་ནུས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མ་རིག་པ་དང་ལྟ་བའི་ཟག་པ་ཆེད་དུ་གཉེར་ནས་སྤོང་ཞིང་འདོད་སྲེད་ཀྱི་ཟག་པ་ནི་མི་སྤོང་ཏེ་བསམས་བཞིན་དུ་སྲིད་པར་སྐྱེ་བ་ཚད་མེད་པ་འཛིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཇི་ལྟར་གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད་། །དེ་ནི་བུ་རམ་ཤིང་བའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་ཀྱི་ཉོན་མོངས་ལུད། །དེ་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་སོ། །བཞི་པ་གནད་འཆིང་བ་དངོས་ནི། དགའ་བཞི་སོགས་རྐང་པས་དམན་པའི་ཚིགས་བཅད་གཉིས་ཏེ། གནད་འཆིང་རྒྱུ་དགའ་བ་བཞིའི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ལ་བརྟེན་པའི་བདེ་བ་རང་རིག་པར་ངོ་འཕྲོད་པའི་ཁྱད་པར་ཡིན་ལ། གོ་རིམ་ནི། དང་པོར་དགའ་བ་མཆོག་དགའ་ཁྱད་དགའ་ལྷན་ཅིག་སྐྱེས་དགའ་རྣམས་ལུགས་འབྱུང་བཟློག་དང་། ནང་སེལ་གྱི་དབྱེ་བ་བཅུ་དྲུག་དུ་བཤད་པ་དང་། འཛག་པའི་སྐྱོན་དང་བཅིང་བའི་ཐབས་གོང་དུ་བཤད་པ་ལྟར་དང་། བཅིངས་བའི་ཕན་ཡོན་དང་རྣམ་པར་དག་པ་དང་རྒྱུ་འབྲས་ལུགས་འབྱུང་ལུགས་བཟློག་ཀུན་མདོར་བསྡུས་ཙམ་ཐིག་ལེའི་སྐབས་སུ་བཤད་ཟིན་ལ། རྒྱས་པར་ནི་རྒྱལ་བ་རྡོ་རྗེ་འཆང་གིས་བླ་ན་མེད་པའི་རྒྱུད་སྡེ་ཀུན་དུ་གསུངས་པ་དེའི་ཕྱིར་ན། སྙོམས་འཇུག་གི་དྲི་མ་སྦྱོང་བའི་ཐབས་སུ་ལས་ཀྱི་ཕྱག་རྒྱ་བཅིང་བ་གལ་ཆེ་སྟེ། འདིར་ནི་མདོ་ཙམ་ལས་རྒྱས་པར་མ་བྲིས་སོ། །དེ་ལ་དགའ་བ་བཞིའི་ངོ་བོ་ནི་རྟག་གཉིས་ལས། རེ་ཞིག་བཙུན་མོ་ཤེས་རབ་ཡིན། །སྐྱེས་བུ་ཐབས་སུ་བརྗོད་པར་བྱ། །ཞེས་ལྷན་སྐྱེས་ཀྱི་ངོ་བོ་ནི་ཐབས་ཤེས་གཉིས་ཏེ་བཙུན་མོའི་སྒྲས་ཤེས་རབ་དང་། སྐྱེས་བུའི་སྒྲས་ཐབས་བརྗོད་པའོ། །དེ་གཉིས་ལ་ནང་སེལ་དུ་ཕྱེ་ན་ཀུན་རྫོབ་དོན་དམ་དབྱེ་བ་ཡིས། ཕྱི་ནས་དེ་ཉིད་རྣམ་པ་གཉིས། །ཤེས་ཀུན་རྫོབ་དང་དོན་དམ་གྱི་དབྱེ་བས་ཕྱེ་ན་དེ་ཡང་རྣམ་པ་གཉིས་གཉིས་སུ་འགྱུར་ཏེ། དེ་གང་ཞེ་ན། དེ་ཡི་ཁུ་བའམ་བདེ་བ་ཉིད། ཅེས་སྐྱེས་བུ་ལ་ཡང་གཉིས་ཏེ་ཀུན་རྫོབ་པ་ནི་ཁུ་བའི་སྒྲ་དང་དོན་དམ་ནི་བདེ་བ་ཉིད་ཀྱི་སྒྲས་བསྟན་ལ། སྐྱེས་བུ་ཇི་བཞིན་ཤེས་རབ་ལས། །དེ་ཡི་ཁུ་བའམ་བདེ་བ་ཉིད། །ཅེས་ཐབས་ལ་གཉིས་སུ་ཕྱེ་བ་དེ་བཞིན་དུ་ཤེས་རབ་ཀྱང་གཉིས་ཏེ་ཀུན་རྫོབ་པ་ནི་ཁུ་བའམ་ཁམས་ཀྱི་སྒྲ་དང་དོན་དམ་ནི་བདེ་བ་ཉིད་ཀྱི་སྒྲས་བསྟན་ལ། དེ་ཉིད་ཕྱིར་ན་དགའ་བ་ནི། །བཞི་ཡིས་རབ་ཏུ་ཕྱེ་བ་ཉིད། །སྐྱེ་མེད་རིམ་པའི་ཕྱོགས་ལས་ནི། །དེ་ལྟར་ལྷན་ཅིག་སྐྱེས་རྣམ་བཞི། ཞེས་ཐབས་ཤེས་གཉིས་ཀ་ལ་རྟེན་བརྟེན་པ་གཉིས་གཉིས་ཀྱིས་ཕྱེ་ན་དགའ་བ་བཞིའི་རབ་དབྱེས་སྐྱེ་མེད་རྟོགས་པར་བྱེད་པའི་རིམ་པའི་ཕྱོགས་ལ་ཚུལ་དེ་ལྟར་ཕྱེ་བས་ལྷན་སྐྱེས་རྣམ་པ་བཞི་ཡིན་ཏེ། དཀར་དམར་དང་སྐྱེས་བུ་དང་ཤེས་རབ་མ་དང་བཞི་ལ་བརྟེན་ནས། དགའ་བཞི་སྐྱེ་བས་སོ། །ཞེས་གསུངས་པ་ནི་དགའ་བཞིའི་ངོ་བོ་ཡིན་ལ། དགའ་བཞིའི་གོ་རིམ་ཀྱང་དེ་ལས། དང་པོར་དགའ་བ་ཙམ་ཉིད་དེ། །གཉིས་པའི་གྲངས་ལས་མཆོག་དགའ་ཉིད། །གསུམ་པ་ལ་ནི་དགའ་བྲལ་བཤད། །བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། ཅེས་བདེ་བ་ཤས་ཆུང་བ་དང་བདེ་བ་ཆེར་སྨིན་པ་དང་། སྐྱེ་བའི་བཞི་པ་བཤད་པའི་གསུམ་པ་དང་སྐྱེ་བའི་གསུམ་པ་བཤད་པའི་བཞི་པ་རྣམས་རིམ་བཞིན་གསུངས་སོ། །ནང་སེལ་གྱི་རྣམ་པར་དབྱེ་བ་ནི། དགའ་བ་བཞི་པོ་རེ་རེ་ལ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དབྱེ་བས་བཞི་བཞི་བཅུ་དྲུག་ཏུ་འགྱུར་ཏེ། སྤྲུལ་སྐུའི་སྐུ་གསུང་ཐུགས་ཡེ་ཤེས་བཞི་ནི་དགའ་བའི་གནས་སྐབས་དང་། ལོངས་སྐུའི་དེ་བཞི་ནི་མཆོག་དགའི་གནས་སྐབས་དང་། ཆོས་སྐུའི་དེ་བཞི་ནི་ཁྱད་དགའི་གནས་སྐབས་དང་། ལྷན་ཅིག་སྐྱེས་སྐུའི་དེ་བཞི་ནི་ལྷན་སྐྱེས་ཀྱི་དགའ་བའི་གནས་སྐབས་ཀྱི་དབྱེ་བ་སྟེ། རྒྱས་པར་ནི་དུས་ཀྱི་འཁོར་ལས་གསུངས་པ་ལྟར་རོ། །འཛག་པའི་སྐྱོན་ནི། བདེ་ཉམས་དུག་གསུམ་སྐྱེད་བྱེད་ཅིང་། །ཞེས་པར་བཤད་ཟིན་ལ། ཁམས་མི་འཛག་པར་བཅིང་བའི་ཐབས་ནི། རྒྱུད་ཀྱི་རྒྱལ་པོ་ལས། དངུལ་ཆུའི་དགྲ་ནི་མེ་ཉིད་ཡིན་ལ་མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་འཆིང་བ་མིན། །མ་བཅིངས་པ་ལས་གསེར་མི་བྱེད་ལ་གསེར་དང་བྲལ་བས་གསེར་འགྱུར་མཁན་ལ་ལོངས་སྤྱོད་མེད་པ་ཉིད། །དེ་བཞིན་བུད་མེད་ལ་སྦྱོར་དམན་པས་རྣལ་འབྱོར་པ་ཡི་སེམས་ནི་རྟག་ཏུ་འཆིང་བར་མི་འགྱུར་རོ། །མ་བཅིངས་པ་ལས་ལུས་ནི་འབིགས་པ་མིན་ལ་འདིར་ནི་ལུས་ཕུག་པ་ཡིས་མཆོག་གི་བདེ་བ་སྟེར། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ལས་རྒྱ་ལ་བརྟེན་ནས་བྱང་སེམས་འཆིང་བའི་ཐབས་མཁས་པའི་ཁྱད་པར་འདི་ལ་ཡང་། ལུགས་འབྱུང་དུ་དབབ་པ་དང་དུང་ཅན་དུ་བཟུང་བ་དང་གྱེན་དུ་ལྡོག་པ་དང་རྩ་ཐམས་ཅད་དུ་ཁྱབ་པར་དགྲམ་པ་ལ་སོགས་པ་ཟབ་མོའི་གནད་རྣམས་ནི་བླ་མ་དམ་པའི་ཞལ་ལས་ཤེས་པར་བྱའོ། །བཅིངས་པའི་ཕན་ཡོན་ཡང་རྒྱུད་ཀྱི་རྒྱལ་པོ་ལས། རྒྱལ་བའི་ལྷན་སྐྱེས་བདེ་བ་འཕེལ་བའི་དོན་གྱི་རྒྱུར་ནི་ཐོག་མར་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། །དེ་ལས་ཉི་མའི་གཟུགས་ནི་ལུས་དང་གདོང་པ་རྐང་པ་གཙུག་ཏོར་ཡན་ལག་ཐམས་ཅད་རྫོགས་པ་སྟེ། །གློག་གི་དབྱུག་པའི་རྗེས་མཐུན་འཕོ་མེད་བདེ་བ་བསྐྱེད་པར་བྱེད་ལ་མཚན་ཉིད་ཡན་ལག་རབ་ཏུ་རྫོགས། །རྡོ་རྗེ་རྣམས་ཀྱི་རབ་ཏུ་སྣང་བར་བྱེད་མ་སྲིད་གསུམ་གནས་ལུས་ཆོས་ཀྱི་དབྱིངས་ནི་དེ་ནས་འགྱུར། །འགྱུར་བ་མེད་པའི་བདེ་བའི་འབྲས་སྟེར་ཕྱག་རྒྱ་བཞི་པོ་འདི་རྣམས་གྲོང་དང་འབྲོག་དགོན་དུར་ཁྲོད་དང་། །མི་གཙང་བ་དང་གཙང་བའི་གནས་དང་ཁྱིམ་དང་ལྷ་ཡི་ཁང་པ་ཐམས་ཅད་དུ་ནི་དུས་ཀུན་དུ། །ཤིན་ཏུ་དགའ་བའི་དགའ་བ་ལ་ནི་འཇིག་རྟེན་ལམ་ལས་རབ་གྲོལ་རི་དང་རི་མིན་མངོན་སྤྱོད་ཅིང་། །ལུས་སྟོབས་བདེ་སྟེར་བཟའ་བ་བཏུང་བ་ལ་སོགས་ལོངས་སྤྱོད་དང་ལྡན་རྣལ་འབྱོར་རྣམས་ཀྱིས་སྒོམ་པར་བྱ། །ཞེས་ཀྱང་གསུངས་སོ། །ལྔ་པ་ཐ་མལ་གྱི་གནས་སྐབས་རྒྱས་བཤད་ལ་གསུམ། ངོ་བོ་དང་། དག་པ། སྤང་གཉེན་འབྲས་བུ་དང་བཅས་པའོ། །དང་པོ་ནི། ཐ་མལ་སོགས་ཚིགས་བཅད་ཕྱེད་དང་གསུམ་སྟེ། སད་པའི་གནས་སྐབས་ཐ་མལ་པའི་དུས་ཀྱི་ཤེས་པའི་ངོ་བོ་ནི། ཀུན་གཞིའི་རྣམ་ཤེས་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་འདུ་བྱེད་པ་སོགས་སྔར་ལེའུ་དང་པོར་བཤད་པ་བཞིན། རྒྱུའི་རྐྱེན་ལ་སོགས་པ་རྐྱེན་བཞི་ཉེ་བར་སྦྱོར་བས་མིག་ལ་སོགས་པའི་རྣམ་ཤེས་ཚོགས་དྲུག་པོ་རྣམས་བདག་རྐྱེན་དབང་པོ་དྲུག་དང་འབྲེལ་བར་བྱས་ཏེ། གཟུགས་སོགས་ཡུལ་དྲུག་པོ་རྣམས་སུ་སྣང་བའི་རྣམ་པ་འཆར་ཞིང་། དེ་རང་གི་སེམས་ཡིན་པར་མ་ཤེས་པས་ཡུལ་ཡིད་དུ་འོང་བ་ལ་བརྟེན་པའི་ཚོར་བ་བདེ་བས་འདོད་ཆགས་དང་། ཡིད་དུ་མི་འོང་པ་ལ་བརྟེན་པའི་སྡུག་བསྔལ་ལས་ཞེ་སྡང་དང་། བར་མ་ལ་བརྟེན་པའི་བཏང་སྙོམས་མ་རྟོགས་པས་གཏི་མུག་བསྐྱེད་དེ། ཚོར་བ་གསུམ་ལས་བྱུང་བའི་དུག་གསུམ་པོ་དེའི་བག་ཆགས་དེ་མ་ཐག་པའི་ཡིད་ཀྱིས་ཁྱེར་ནས་ཀུན་གཞིའི་སྟེང་དུ་བཞག་ཅིང་འདུ་བྱེད་པའི་ལས་དེའི་བག་ཆགས་ལ་བརྟེན་ནས་ཡང་འདུ་བྱེད་པའི་ལས་གསར་དུ་བསགས་ནས་འཁོར་བར་འཁོར་བར་བྱེད་དེ། མཁས་པ་ཆེན་པོ་བི་མ་ལས་རྫོགས་ཆེན་དུང་ཡིག་ཅན་གྱི་དོན་བསྡུས་སུ། ཐོག་མ་སོགས་ཚིགས་བཅད་བཞི་གསུངས་པའི་དོན་ནི། ཡེ་ཐོག་མ་ཀ་ནས་དག་ཅིང་འཁྲུལ་པ་མེད་པ་ལ་ཞེས་གཞི་དུས་ཀྱི་ཆོས་སྐུ་དང་། ངེས་པ་མེད་པའི་གཟུགས་སྐུ་ལྷུན་གྱིས་གྲུབ་པ་ལ་ཞེས་པ་ལོངས་སྐུ་དང་། འཁྲུལ་པའི་ཡེ་ཤེས་སྣ་ཚོགས་པས་སྦག་སྦོག་དེ་ཞེས་པ་སྤྲུལ་པའི་སྐུ་དང་གསུམ་ནི་སེམས་ཀྱི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་པོ་དང་སྦྱར་ནས་ལྷན་སྐྱེས་ཀྱི་མ་རིག་པ་དང་འདུ་བྱེད་ཀྱི་རྐྱེན་གྱིས་མ་རིག་པ་དང་རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པ་ནི་གསུམ་དག་ལས་ད་ལྟར་གྱི་ཤེས་པ་གསལ་གསལ་རིག་རིག་དེ་ཡུད་ཙམ་ཁ་ཕྱིར་འགྱུ་བའི་སྣང་ཆ་ལས་ཕྱི་རོལ་གྱི་ཡུལ་ལ་བདག་ཏུ་བཟུང་བའི་བློས། རྐྱེན་བཞིའི་དམིགས་པ་མ་དག་པས་གཟུགས་སོགས་ཡུལ་དྲུག་སོ་སོའི་སྣང་བ་ཤར་ཏེ་ཆགས་སོགས་རྩ་བའི་ཉོན་མོངས་དྲུག་གིས་བདག་ཏུ་བཅིངས་ཤིང་དེ་ལ་བརྟེན་ནས་དེར་བལྟས་ཡུལ་ལ་བདག་ཏུ་བཟུང་བའོ། །དེ་ནས་རིམ་གྱི་སྣོད་བཅུད་ཀྱི་སྣང་བ་དུ་མའི་གཟུགས་འདུས་པའོ། །དེ་ལྟ་བུའི་རྟེན་འབྲེལ་འདི་ཉིད་མི་ཤེས་པའི་བྱིས་པ་རྣམས་ཟོ་ཆུའི་འཁོར་ལོ་བཞིན་དུ་རིགས་དྲུག་ཏུ་བརྒྱུད་མར་གནས་ཤིང་འགྲོ་བ་དྲུག་པོ་སོ་སོའི་ལུས་དང་ཚད་ལེན་པའོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། འདི་ཉིད་སོགས་ཚིགས་བཅད་གཅིག་སྟེ། ཐ་མལ་པའི་ཤེས་པ་འདི་ཉིད་སྒྲིབ་པ་རྣམ་པར་དག་པ་ན་ཡེ་ཤེས་གསུམ་གྱི་ངོ་བོ་ཉིད་ཡིན་ཏེ། ཉོན་མོངས་པ་ཅན་གྱི་ཡིད་རྣམ་པར་དག་པ་ནི་མི་གཡོ་བར་གཞན་དོན་བྱེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཀུན་དུ་རྟོག་པ་སྟེ་དྲུག་པ་ཡིད་ཤེས་རྣམ་པར་དག་པ་སོ་སོར་རྟོག་པའི་ཡེ་ཤེས་དང་། སྒོ་ལྔའི་རྣམ་ཤེས་ཡུལ་དང་བཅས་པ་རྣམས་རྣམ་པར་དག་པ་ནི། འཇུག་ཤེས་གནས་གྱུར་པ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །འདིའི་ཐད་ཀྱི་འགྲེལ་པར། འདི་ལྟར་ནས་འབྱུང་བ་ཞེས་པའི་བར་གྱིས་བཤད་མ་ཐག་པའི་ཡེ་ཤེས་གསུམ་པོ་འདི་དང་སྔར་གཉིད་ཀྱི་སྐབས་སུ་ཀུན་གཞི་དག་པ་མེ་ལོང་ལྟ་བུ་དང་ཐམས་ཅད་ལ་ཁྱབ་པ་ཆོས་དབྱིངས་ཡེ་ཤེས་ཤེས་བཤད་པའི་ཡེ་ཤེས་ལྔ་པོ་འདི་གནས་སྐབས་བཞི་དག་པ་ལས་འབྱུང་བར་གསུངས་ནས། དེའི་རྒྱུ་མཚན་ཇི་ལྟར་ཡིན་ཞེ་ན་ཞེས་དྲིས་པའི་ལན་དུ་གསང་བ་ནས་གསུངས་ཤིང་ཞེས་པས་འདུས་པ་སོགས་ཕ་རྒྱུད་དང་སོགས་ཁོངས་ནས་མ་རྒྱུད་དང་གཉིས་མེད་རྒྱུད་རྣམས་ནས་དེ་ལྟར་གསུངས་པའི་ཁུངས་བཀོད་དེ། །མདོ་ཕྱོགས་ནས་དེ་ལྟར་གསུངས་པའི་ཁུངས་ཐེག་བསྡུས་ལས། ཡང་དབང་འབྱོར་བ་ནས་ཐོབ་པོའི་བར་གྱི་ལུང་དྲངས་ལ། དེ་ཡང་ནས་ཡེ་ཤེས་ཏེའི་བར་གྱིས་ལུང་དོན་བཤད་པ་སྟེ་ཡེ་ཤེས་ལྔ་པོའི་ངོ་བོ་ངོས་འཛིན་པ་ལ་མདོ་སྡེ་རྒྱན་གྱི་ལུང་དྲངས་ཤིང་རྗེ་ཉིད་ཀྱིས་འབྲུ་གཉེར་བར་མཛད་པའི་ཚུལ་རྣམས་ཅུང་ཟད་བཤད་ན། མེ་ལོང་ཡེ་ཤེས་ནི། མདོ་སྡེ་རྒྱན་ལས་མེ་ལོང་ནས་འབྱུང་ཕྱིར་དེའི་བར་དང་དེ་ལ་འབྲུ་གནོན་པ་ནི་གཡོ་བ་ནས་སྐུ་ཡིན་ནོའི་བར་ཏེ། དེ་དག་གི་དོན་ནི། གཡོ་བ་མེད་ཅིང་ང་ཡི་མེད་པས་རྒྱུད་ཡོངས་སུ་མ་ཆད་པ་དང་ཕྱོགས་རིས་མེད་པས་རྒྱ་ཡོངས་སུ་མ་ཆད་པ་དང་སྐ་ཅིག་བར་མ་ཆད་པས་རྟག་ཏུ་ལྡན་པ་དང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཤེས་བྱ་ཀུན་ལ་མ་རྨོངས་ཀྱང་ཡུལ་གྱི་རྣམ་པ་འཇོག་པ་ལ་མ་ལྟོས་པར་མཁྱེན་པས་མངོན་པར་ཕྱོགས་པ་མིན་པ་དང་ཡེ་ཤེས་ཕྱི་མ་གསུམ་པོ་ཐམས་ཅད་ཀྱི་རྒྱུ་ཡིན་པས་ཡེ་ཤེས་ཀྱི་འབྱུང་གནས་ཆེན་པོ་ཡིན་པ་དང་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་རྒྱུའི་རྐྱེན་ཉིད་དུ་རྣམ་པར་བཞག་པ་སྟེ། ཁྱད་ཆོས་དེ་རྣམས་དང་ལྡན་པའི་སྒོ་ནས་ཆོས་ཀྱི་སྐུའི་གདགས་གཞིར་གྱུར་པའི་ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཏེ། མེ་ལོང་དྭངས་པ་བཞིན་དང་འཕྲད་ན་དེར་བཞིན་གྱི་གཟུགས་བརྙན་འཆར་བ་ལྟར་ཡེ་ཤེས་འདི་ཡང་གདུལ་བྱ་དང་ཕྲད་ན་ཡེ་ཤེས་གཞན་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་འཆར་བའི་ཕྱིར་རོ། །ཞེས་པའོ། །དེས་ན་ཀུན་གཞིའི་རྣམ་ཤེས་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་སྐུ་བཞིའི་ཟླས་ཕྱེ་བའི་ཆོས་སྐུ་ཡིན་ནོ། །དེའི་ཤེས་བྱེད་དུ་ཐེག་བསྡུས་དང་། ཡེ་ཤེས་གསུམ་གྱི་ཤེས་བྱེད་དུ་གསེར་འོད་དྲངས་ཤིང་སངས་རྒྱས་ས་འགྲེལ་ཁུངས་ཙམ་དུ་སྨོས་ནས་མཁའ་འགྲོ་རྒྱ་མཚོ་དྲངས་སོ། །འདི་ལ་ནས་ཡོད་དེའི་བར་གྱིས་གཞན་འདོད་བཀོད་ཅིང་དེ་ནི་ནས་ཚིག་སྟེའི་བར་གྱིས་དེ་བཀག་ནས་རྣམ་པར་ནས་བཞིན་ནོའི་བར་གྱིས་དཔེ་བཀོད་ལ། གལ་ཏེ་ནས་ཆོག་གོའི་བར་གྱིས་ལུང་རིགས་དང་འགལ་བའི་སྐྱོན་གཞན་ཡང་དུ་མ་ཡོད་པར་བསྟན་ནོ། །དེ་ཡང་རྒྱན་ལས། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཅེས་གསུངས་པ་ལ་བརྟེན་ནས་ངེས་དོན་སྨྲ་བར་རློམ་པ་ཁ་ཅིག །མེ་ལོང་ཡེ་ཤེས་ཀྱི་ངོ་བོ་ནི་རང་དོན་གྱི་ལོངས་སྐུའམ་གནས་ཚུལ་གྱི་ལོངས་སྐུ་ཡིན་ལ་དེས་བདག་རྐྱེན་བྱས་ཏེ་གདུལ་བྱ་ལ་ལོངས་སྐུར་སྣང་བ་དེ་ནི་གཞན་དོན་གྱི་ལོངས་སྐུའམ་སྣང་ཚུལ་གྱི་ལོངས་སྐུ་ཡིན་ནོ། །ཞེས་ཟེར་རོ། །དེ་ནི་མི་འཐད་དེ། དབྱིག་གཉེན་གྱི་འགྲེལ་པར། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱང་དེ་ཡིན་ལ། ཞེས་གསུངས་པས་སོ། །ཁྱབ་སྟེ། ཀྱང་སྒྲ་སྦྱོར་བའི་དོན་ནི་ལོངས་སྐུའི་རྒྱུའི་རྐྱེན་དུ་ཆོས་སྐུ་མེ་ལོང་ལྟ་བུ་སྦྱོར་བཞེད་པའི་ཚིག་ཡིན་པས་སོ། །དཔེར་ན། ཚོགས་བདུན་གྱི་རྒྱུའི་རྐྱེན་དུ་ཀུན་གཞི་སྦྱོར་བ་བཞིན་ནོ། །དེས་ན་མེ་ལོང་ལྟ་བུའི་ཡེ་ཤེས་ནི་སྐུ་གསུམ་གྱི་ཟླས་ཕྱེ་བའི་ཆོས་སྐུ་ཡིན་ལ་ལོངས་སྐུའི་རྒྱུའི་རྐྱེན་ཀྱང་ཡིན་ཞེས་པ་རྒྱན་རྩ་འགྲེལ་གྱི་དགོངས་པའོ། །དེ་ལྟར་མ་ཡིན་པར་མེ་ལོང་ཡེ་ཤེས་སྐུ་གསུམ་གྱི་ཟླས་ཕྱེ་བའི་ལོངས་སྐུ་ཡིན་ན། གོང་དུ་བཀོད་པ་ལྟར་ལུང་དང་འགལ་བའི་སྐྱོན་དང་། སྦྱང་གཞི་སྦྱོང་བྱེད་འཆོལ་བ་ལ་སོགས་རིགས་པ་དང་འགལ་བའི་སྐྱོན་དུ་མ་ཡོད་དོ། །ཞེས་པའོ། །དེས་ན། ངེས་པའི་དོན་དུ་ནི་ཡེ་ཤེས་ལྔ་ཀ་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཙམ་ཡིན་ཞིང་། སངས་རྒྱས་ཀྱི་རང་བཞིན་རང་སྣང་ལ་ཡེ་ཤེས་ལྔ་དང་རྒྱལ་བ་རིགས་ལྔ་ཐ་མི་དད་པར་སྣང་བ་ཉིད་གཞན་སྣང་ལ་གཟུགས་ཀྱི་སྐུར་ཤར་བ་ཡིན་པས་མེ་ལོང་ལྟ་བུའི་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུར་འགལ་བ་མིན་ཀྱང་། ཐ་སྙད་དུ་སྐུ་གཞན་གསུམ་གྱི་ཟླས་ཕྱེ་བའི་ཚེ་ན་ཆོས་ཀྱི་སྐུར་བཤད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུར་མ་བཤད་ཅེས་དགོངས་པ་ཡིན་ནོ། །མཉམ་ཉིད་ཡེ་ཤེས་ནི། རྒྱན་ལས་སྒོམ་པ་ནས་ངེས་པར་ཉོན་གྱི་བར་དང་། དེ་ལ་འབྲུ་གནོན་པ་ནི་རྣམ་པར་མི་རྟོག་ནས་རྫོགས་པའི་སྐུ་བོའི་བར་ཏེ། དེ་དག་གི་དོན་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྒོམ་པ་དག་ཅིང་རྫོགས་པ་ལས་བྱུང་བ་དང་ཕྱོགས་ལྷུང་མེད་པས་མཉམ་པ་ཉིད་དང་སྲིད་ཞི་ལ་མི་གནས་པའི་ཞི་བར་ཞུགས་ནས་གནས་པ་དང་བྱམས་པ་དང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དང་གདུལ་བྱའི་མོས་པའི་སྐལ་བ་བཞིན་དུ་མཚན་དཔེས་རྒྱན་པའི་སངས་རྒྱས་ཀྱི་སྐུའི་སྣང་བ་ངེས་པར་སྟོན་པ་སྟེ། ཁྱད་ཆོས་དེ་རྣམས་དང་ལྡན་པའི་ལོངས་སྐུའི་གདགས་གཞིར་གྱུར་པའི་ཡེ་ཤེས་ནི་མཉམ་ཉིད་ཡེ་ཤེས་སམ་ཡིན་ཏེ། དེས་ན་ཀུན་གཞི་ལ་གནས་པའི་བདུན་ཡིད་དང་། དྲུག་པ་ཡིད་ཀྱི་ཁ་ནང་དུ་ལྟ་བའི་ཆ་གཅིག་གནས་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སམ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །སོར་རྟོག་ཡེ་ཤེས་ནི། རྒྱན་ལས། སོ་སོར་ནས་རབ་ཏུ་འབབས་ཀྱི་བར་དང་། དེ་ལ་འབྲུ་གནོན་པ་ནི་ཏིང་ངེ་འཛིན་ནས་སྐུ་ཡིན་ནོའི་བར་ཏེ། དེ་དག་གི་དོན་ནི། ཤེས་བྱ་ཀུན་ལ་ཐོགས་མེད་དུ་འཇུག་པ་དང་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི་གཏེར་ལྟ་བུ་དང་འཁོར་གྱི་དཀྱིལ་འཁོར་དུ་གསུང་ཆོས་ཀྱི་དུང་ལྟ་བུ་འབྱུང་བའི་ཁྱད་ཆོས་དང་ལྡན་པའི་སྒོ་ནས་སྤྲུལ་པའི་སྐུའི་གདགས་གཞིར་གྱུར་པའི་ཡེ་ཤེས་ནི་སོར་རྟོག་ཡེ་ཤེས་ཡིན་ཏེ། དེས་ན། དྲུག་ཡིད་ཁ་ནང་དུ་བལྟ་བའི་ཆ་གནས་གྱུར་པ་ལོངས་སྐུ་ཡིན་ཀྱང་ཕྱི་རོལ་ཏུ་ཡུལ་ལ་འཇུག་པའི་ཆ་གནས་གྱུར་པའི་ཞིང་ལ་སོགས་པ་སྟོན་ཅིང་རྣམ་རྟོག་གནས་གྱུར་པས་ཕྲིན་ལས་འཇུག་པའི་དུས་ཐམས་ཅད་དུ་ཐོགས་པ་མི་མངའ་བའི་ཆ་ནས་སོར་རྟོག་ཡེ་ཤེས་དང་སྤྲུལ་པའི་སྐུ་ཡིན་ནོ། །བྱ་གྲུབ་ཡེ་ཤེས་ནི། རྒྱན་ལས། བྱ་བ་ནས་ཤེས་པར་བྱའི་བར་དང་། དེ་ལ་འབྲུ་གནོན་པ་ནི། འཇིག་རྟེན་ནས་སྤྲུལ་པའི་སྐུ་ཡིན་ནོའི་བར་ཏེ། དེ་དག་གི་དོན་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣ་ཚོགས་ཤིང་དཔག་ཏུ་མེད་པའི་སྤྲུལ་པ་འཇུག་པས་སེམས་ཅན་ཀུན་གྱི་དོན་བསྒྲུབ་པའི་མཛད་པ་བསམ་གྱིས་མི་ཁྱབ་པའི་ཁྱད་ཆོས་དང་ལྡན་པའི་སྒོ་ནས་སྤྲུལ་སྐུའི་གདགས་གཞིར་གྱུར་པའི་ཡེ་ཤེས་ནི་བྱ་གྲུབ་ཡེ་ཤེས་ཡིན་ཏེ། དེས་ན་སྒོ་ལྔའི་རྣམ་ཤེས་དང་དྲུག་ཡིད་ཀྱི་ཁ་ཕྱིར་ལྟའི་ཆ་ཤས་ཏེ། འཇུག་ཤེས་དྲུག་གནས་གྱུར་པ་ནི་བྱ་གྲུབ་ཡེ་ཤེས་དང་སྤྲུལ་པའི་སྐུ་ཡིན་ནོ། །དེ་ལྟར་ནས་ཕྱིར་ཏེའི་བར་གྱིས་སྔ་འགྲེལ་གྱི་ཚུལ་དུ་ཚིག་དོན་བཤད་དེ། འཛིན་པའི་ནས་ཡང་དག་འབྱུང་ཞེས་རྒྱན་གྱི་ལུང་བཀོད་པ་དེའི་དོན་ནི། ཡེ་ཤེས་གཞན་ཐམས་ཅད་ཀྱི་རྒྱུའི་མཚན་ཉིད་དང་དེ་རྣམས་ཀྱི་གཟུགས་བརྙན་འཛིན་པའི་ཕྱིར་ན་མེ་ལོང་ལྟ་བུ་དང་། ཐམས་ཅད་ལ་སེམས་མཉམ་པ་ཉིད་ཀྱི་ཕྱིར་མཉམ་ཉིད་ཡེ་ཤེས་དང་། གདུལ་བྱ་ལ་ཡང་དག་པའི་ཆོས་རབ་ཏུ་སྟོན་པའི་ཕྱིར་སོ་སོར་རྟོག་པ་དང་། གཞན་གྱི་དོན་གྱི་བྱ་བ་གྲུབ་པའི་ཕྱིར་བྱ་གྲུབ་ཡེ་ཤེས་སུ་བཞག་པར་བཞེད་ལ། རྒྱན་གྱི་འགྲེལ་བྱེད་གཞན་དག་ནི། ཐེག་ཆེན་གྱི་མདོ་སྡེ་དུ་མ་ཐོས་ནས་འཛིན་པའི་ཕྱིར་དང་བདག་གཞན་མཉམ་པའི་སེམས་སྒོམ་པའི་ཕྱིར་དང་དཔེ་མཁྱུད་མེད་པར་ཆོས་སྟོན་པའི་ཕྱིར་ཞེས་སོགས་སུ་འཆད་དོ། །ཆོས་དབྱིངས་ཡེ་ཤེས་ནི། ལྔ་པ་ནས་ཡིན་པའི་ཕྱིར་ཞེས་སྔ་འགྲེལ་གྱི་ཚུལ་དུ་ཚིག་དོན་བཤད་དེ། ཐ་དད་ནས་འང་མིན་ཞེས་རྒྱན་གྱི་ལུང་བཀོད་ཅིང་། ཞེས་བྱ་བས་ནས་འཆད་དོའི་བར་གྱིས་དོན་བསྡུས་པ་སྟེ། དེ་དག་གི་དོན་ནི། རྒྱུ་རིགས་དང་འབྲས་བུ་དོན་ཐ་དད་པ་མེད་པའི་ཕྱིར་དང་འཁོར་འདས་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་དང་ཐོག་མ་དང་ཐ་མ་མེད་པའི་ཕྱིར་ན་གཅིག་པ་དང་ཐ་དད་པ་སོགས་སྤྲོས་པའི་མཚན་མ་དང་བྲལ་བའི་སྒོ་ནས་ངོ་བོ་ཉིད་ཀྱི་སྐུའི་གདགས་གཞིར་གྱུར་པའི་ཡེ་ཤེས་ནི་ཆོས་དབྱིངས་ཡེ་ཤེས་ཡིན་ཏེ། དེས་ན་སེམས་ཉིད་ཀྱི་ཟུང་འཇུག་གི་ཆ་མངོན་དུ་གྱུར་ནས་ཡེ་ཤེས་ཐམས་ཅད་ལ་ཁྱབ་བྱེད་དུ་འཇུག་པའི་རང་བཞིན་ནི་ཆོས་དབྱིངས་ཡེ་ཤེས་དང་ངོ་བོ་ཉིད་ཀྱི་སྐུ་ཡིན་པས་ཐ་དད་སོགས་ཚིགས་བཅད་གཅིག་གིས་ཆོས་དབྱིངས་ཡེ་ཤེས་བསྟན་པར་དཔལ་རང་བྱུང་གི་ཞལ་སྔ་ནས་བཞེད་ལ། ཕུང་པོ་ལྔ་དང་ཡེ་ཤེས་ལྔ་སྦྱར་བའི་ཚུལ་ནི་བཤད་ཟིན་དང་འཆད་འགྱུར་ལས་ཤེས་པར་བྱའོ། །གསུམ་པ་སྤང་གཉེན་འབྲས་བུ་དང་བཅས་པ་བཤད་པ་ལ་བཞི། སྤང་བྱ། གཉེན་པོ། འབྲས་བུ། གནད་འཆིང་བ་དངོས་སོ། །དང་པོ་ནི། གནས་ལུགས་ཀྱི་དོན་ལ་སྒྲིབ་པར་བྱེད་པའི་སྤང་བྱ་ནི། གྲུབ་མཐའི་བསླད་པ་ཞུགས་པས་རགས་པ་ཀུན་བརྟགས་སུ་གྱུར་པ་མཐོང་སྤངས་དང་། མ་ཞུགས་པས་ཕྲ་བ་སྒོམ་སྤངས་ལྷན་སྐྱེས་དང་གཉིས་ཡིན་ཏེ་ཞེས་རྐང་པ་གཅིག་གསུངས་སོ། །གཉིས་པ་ནི། གཉེན་པོ་སོགས་རྐང་པ་གཉིས་ཏེ། སྤོང་བྱེད་ཀྱི་གཉེན་པོ་ནི་ཆོས་ལ་མོས་པ་བསྒོམ་པ་དང་། བདག་མེད་གཉིས་བསྒོམ་པ་དང་ཏིང་ངེ་འཛིན་གྱི་སྒོ་ལ་འཇུག་པ་དང་སྙིང་རྗེ་ཆེན་པོ་སྟེ་རྣམ་པ་བཞི་དང་ལྡན་པས་སྤང་བྱ་རྣམས་འཇོམས་པ་ཡིན་ལ། དེ་དག་ལས་ཀྱང་། བྱང་ཆུབ་སེམས་དཔས་ཉམས་སུ་བླང་བར་བྱ་བའི་གཉེན་པོ་ནི། ཐེག་པ་མཆོག་གི་ཆོས་ལ་མོས་པའི་ས་བོན་དང་། གནས་ལུགས་རྟོགས་པའི་ཤེས་རབ་ཀྱིས་ཆོས་ཀྱི་བདག་མེད་བསྒོམ་པའི་མ་དང་། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་བསམ་གཏན་གྱི་བདེ་བའི་མངལ་དང་གསོ་བར་བྱེད་པ་སྙིང་རྗེ་ཆེན་པོའི་མ་མ་སྟེ། དེ་དག་གིས་རྒྱལ་བའི་སྲས་པོ་རྣམས་ཀྱི་ཟག་པ་མེད་པའི་ལུས་བསྐྱེད་པར་བྱེད་པ་ནི་དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྲས་ལ་ཡབ་ཀྱི་ས་བོན་དང་བསྐྱེད་པའི་ཡུམ་དང་མངལ་ཕུན་སུམ་ཚོགས་པ་དང་གསོ་བའི་མ་མ་རྣམས་ཀྱིས་འཚོ་བར་བྱེད་པ་བཞིན་ཏེ། རྒྱུད་བླ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཤེས་དང་། རྒྱན་ལས། ཆོས་ལ་མོས་པ་ས་བོན་དང་། །ཕ་རོལ་ཕྱིན་མཆོག་མ་ལས་སྐྱེས། །བསམ་གཏན་ལས་བྱུང་བདེ་བའི་མངལ། །སྙིང་རྗེ་བསྐྱེད་པའི་མ་མའོ། །ཞེས་གསུངས་སོ། །གསུམ་པ་ལ་གཉིས། དངོས་དང་། བསྡུས་ཏེ་བསྟན་པའི་རྒྱུ་མཚན་ནོ། །དང་པོ་ནི། དེས་སྦྱངས་སོགས་རྐང་པ་གསུམ་སྟེ། གཉེན་པོ་དེས་ཐ་མལ་སད་པའི་གནས་སྐབས་ཀྱི་སྒྲིབ་པ་སྦྱངས་པ་ལས་གཙོ་བོར་བྱུང་པའི་འབྲས་བུ་ནི། སྤྲུལ་སྐུ་དང་ལོངས་སྐུ་སྟེ་དབང་ཤེས་ལྔ་དང་དྲུག་ཡིད་ཀྱི་ཁ་ཕྱི་བལྟའི་ཆ་དག་པ་སྤྲུལ་སྐུ་ཡིན་ལ། འདུ་བྱེད་ཀྱིས་དྲུག་ཡིད་གཡོ་བ་དང་རྨི་ལམ་གནད་གཅིག་པའི་ཕྱིར་རྨི་ལམ་དང་འདྲ་བའི་དྲུག་ཡིད་ཀྱི་ཁ་ནང་བལྟའི་ཆ་ནི་ལོངས་སྐུར་བརྗོད་པ་སྟེ། དེའི་ཕྱིར་གཟུགས་སྐུ་གཉིས་ཀྱིས་འགྲོ་བའི་དོན་མཛད་པ་ནི་སད་པའི་གནས་སྐབས་སྦྱངས་པའི་འབྲས་བུ་ཡིན་ནོ། །གཉིས་པ་ནི། རྒྱས་པར་སོགས་རྐང་པ་གཉིས་ཏེ། ནང་དོན་འདིར་ནི་ཚུལ་དེ་དག་མདོར་བསྡུས་པ་ཙམ་བསྟན་པ་ཡིན་ཏེ། རྒྱས་པར་ནི་མདོ་རྒྱུད་ཀྱི་ཆོས་རྣམས་ཐམས་ཅད་དུ་གསུངས་ཡོད་པས་འདིར་ཚིག་མངས་ཀྱི་དོགས་པའི་ཕྱིར་རོ། །བཞི་པ་གནད་འཆིང་བ་དངོས་ནི། སད་པའི་དྲི་མ་སྦྱངས་པས་སྤྲུལ་སྐུ་ཐོབ་བ་དེའི་ཕྱིར། ཆོས་ཀྱི་ཕྱག་རྒྱའི་ཉམས་ལེན་གྱིས་རྣམ་རྟོག་བཅིང་བར་བྱའོ་ཞེས་རྐང་པ་གཅིག་གསུངས་སོ། །ཆོས་ཀྱི་ཕྱག་རྒྱ་ནི་ཐུག་ཕྲད་ཀྱི་སྣང་བ་ལམ་དུ་བྱེད་པའི་མན་ངག་སྟེ། གཟུགས་ལ་སོགས་པའི་ཡུལ་སྣ་ཚོགས་པའི་སྣང་བ་ཤར་ན་འདིའོ་སྙམ་དུ་རྟོག་པས་མི་འཛིན་ཅིང་ཞེན་མེད་ཀྱི་ཕྱག་རྒྱར་འཆིང་བ་ནི་གང་ཤར་བཟོ་མེད་རྗེན་པར་སྐྱོང་བ་ཞེས་བྱ་བ་ཉམས་ལེན་གྱི་གནད་དམ་པ་ཡིན་ནོ། །དཔའ་བོ་རྡོ་རྗེའི་ཞལ་སྔ་ནས་ཀྱང་། གཟུགས་ལ་སོགས་པའི་དངོས་པོ་རྣམས་ལ་དང་པོར་དགའ་བའོ། །དེ་ལ་རྟོག་པ་ནི་མཆོག་ཏུ་དགའ་བའོ། །ཡིད་སྐྱོ་ན་དགའ་བྲལ་དུ་འགྱུར་རོ། །དེའི་ཕྱིར་གསལ་ལ་མི་རྟོག་པའི་ཤེས་པས་ལྷན་ཅིག་སྐྱེས་པ་བསྒོམ་ཏེ། གང་གང་ལ་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་པ་མིག་གི་གཟུགས་དག་གམ། །གནས་པ་སྣ་བའི་སྒྲ་དག་གམ། །གནས་པ་སྣ་ཡི་དྲི་དག་གམ། །གནས་པ་ལྕེ་ཡི་རོ་དག་གམ། །གནས་པ་ལུས་ཀྱི་རེག་དག་གམ། །གནས་པ་ཡིད་ཀྱི་ཆོས་རྣམས་ལ། །བདེ་ཆེན་ཤེས་ན་སྒོམ་པའི་མཆོག །ཅེས། ཡུལ་གང་དང་གང་ལ་མངོན་ཞེན་གྱིས་སེམས་འཕྲོ་བའི་རྟོག་པ་བསྡུས་ནས་ཡིད་གཡོ་མེད་སྤྲོས་བྲལ་དུ་གནས་པས་ཚོགས་དྲུག་ཡུལ་དང་བཅས་པའི་ཆོས་རྣམས་ལྷན་སྐྱེས་བདེ་ཆེན་གྱི་རང་བཞིན་དུ་ཤེས་པ་སྒོམ་བྱ་སྒོམ་བྱེད་དང་བྲལ་བ་ནི་སྒོམ་པ་ཐམས་ཅད་ཀྱི་མཆོག་ཏུ་གསུངས་སོ། །གསུམ་པ་མཇུག་བསྡུ་བ་ནི། གནས་སྐབས་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་གནས་སྐབས་རྣམ་བཞིའི་དག་མ་དག་གི་ངོ་བོ་དང་འཁྲུལ་པ་དྲི་མ་དང་མ་འཁྲུལ་པའི་ཡེ་ཤེས་དང་གཉེན་པོ་ལམ་གྱི་རིམ་པ་དང་འཆིང་བྱེད་ཕྱག་རྒྱ་བཞི་དང་ཐོབ་བྱ་སྐུ་བཞི་དང་གཞི་ལམ་འབྲས་བུ་འབྲེལ་བའི་རྟེན་ཅིང་འབྲེལ་འབྱུང་རྟེན་དང་བརྟེན་པར་བཅས་པ་མདོ་ཙམ་བཤད་པ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་དོན་གྱི་རྣམ་བཤད་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་ཕྲེང་བ་ལས། རྣམ་ཤེས་དང་ཡེ་ཤེས་གཞི་ལམ་འབྲས་བུ་ལ་སོགས་པ་བསྟན་པ་སྟེ་ལེའུ་དྲུག་པའི་བཤད་པའོ།། །།དེ་ལྟར་དུམ་བུ་དྲུག་པས་གནས་སྐབས་བཞིའི་རྣམ་པར་ཤེས་པ་དང་དེ་རྣམས་ཀྱི་རང་གི་ངོ་བོ་ཡེ་ཤེས་ལྔ་པོ་ཅི་རིགས་པར་གནས་པའི་ཚུལ་ལ་སོགས་པ་གཞི་ལམ་འབྲས་བུ་དང་འབྲེལ་བའི་དོན་བཤད་ནས། ད་ནི་ཕྱི་ནང་སྦྱར་བཤད་ཀྱི་ལེའུ་བཤད་པར་བྱ་སྟེ། དེ་ལ་ལེའུའི་འབྲེལ་ནི་རང་གི་འགྲེལ་པ་ལས། དེ་ལ་འདིར་ཕྱི་རོལ་དུ་གནས་པའི་རི་དང་གླིང་དང་རྒྱ་མཚོ་ལ་སོགས་པ་དོན་གཞན་དུ་གྲུབ་པ་མེད་དེ་རྣལ་འབྱོར་པའི་ལུས་ལ་ཡང་སྲིད་པ་གསུམ་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་གདགས་པར་ནུས་སོ་ཞེས་བསྟན་པའི་ཕྱིར་དང་། ལུས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲོ་བ་དང་བསྡུ་བ་ལ་དབང་འབྱོར་བར་བྱ་བའི་དོན་དུ་ཡང་ཕྱི་འཇིག་རྟེན་དང་ནང་ལུས་དང་གཞན་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་གཅིག་པ་ཉིད་དུ་སྟོན་པ་ཡིན་ནོ། །ཞེས་གསུངས་པ་ལྟར། སེམས་ལ་དབང་ཐོབ་པའི་རྣལ་འབྱོར་པ་ཅིག་གི་ལུས་ལ་སྲིད་པ་གསུམ་གདགས་པར་ནུས་པའི་རྒྱུ་མཚན་གྱིས་ཕྱི་རོལ་ཏུ་གནས་པར་སྣང་བའི་རི་གླིང་རྒྱ་མཚོ་སོགས་སེམས་ལས་གཞན་མ་ཡིན་པར་བསྟན་པའི་ཕྱིར་དང་། ལུས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲོ་བསྡུ་ལ་དབང་འབྱོར་བར་བྱ་བའི་དོན་དུ་དུས་འཁོར་ལས་ཕྱི་ནང་གཞན་གསུམ་གཅིག་པ་ཉིད་དུ་བསྟན་པས། འདིར་ཡང་ཕྱི་ནང་སྦྱར་ཏེ་བཤད་དགོས་ལ། ལེའུ་དྲུག་པའི་དེ་མ་ཐག་ཏུ་འཆད་པའི་དོན་ཡང་། ལུས་རྣམ་གཞག་གི་འགྲེལ་པར་དེ་ལ་ཕྱི་གཞན་དུ་མ་གྲུབ་པར་བསྟན་པའི་ཕྱིར་སྦྱར་བཤད་དང་། ཞེས་གསུངས་པ་ལྟར། གཉིད་དང་རྨི་ལམ་དང་སྙོམས་འཇུག་དང་ཐ་མལ་གྱི་སྣང་བས་རྒྱུད་དཀྲུགས་པ་ལས་གཟུང་བ་དང་འཛིན་པར་འཁྲུལ་ཏེ་བདག་གཞན་དུ་རྟོག་པས་ཕྱི་ནང་ཐ་དད་པར་སྣང་ཡང་། དེ་དག་སེམས་ཀྱི་སྣང་ཆ་ཙམ་ལས་དོན་གཞན་དུ་མ་གྲུབ་པར་བསྟན་པའི་ཕྱིར་སྐབས་འདིར་ཕྱི་འཇིག་རྟེན་གྱི་ཁམས་ནང་ལ་སྦྱར་བའི་དུམ་བུ་འཆད་པར་འབྲེལ་ལ། དེ་ཡང་རྡོ་རྗེ་ཐེག་པ་ལས་ལུས་སེམས་ལ་སྣང་ཞིང་སེམས་ལུས་ལ་བརྟེན་པར་བཞེད་པས། རྟེན་བརྟེན་པའམ་ཡུལ་ཡུལ་ཅན་གྱི་ཚུལ་དུ་ཐ་དད་པ་ཙམ་ཡིན་གྱི། བཟུང་བ་དང་འཛིན་པ་རྫས་གཞན་དུ་མ་དམིགས་པའི་དབང་གིས་ཕྱི་རོལ་གྱི་སྣང་བ་མཐའ་དག་སེམས་ཀྱི་རང་འོད་ཙམ་ཡིན་ནོ། །དེ་བས་ན་དུམ་བུ་བདུན་པ་ཕྱི་ནང་སྦྱར་བཤད་ཀྱི་དུམ་བུ་འདི་ལ་གཉིས། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་ནི། དེ་ནས་སོགས་རྐང་པ་གསུམ་སྟེ། ལེའུ་དྲུག་པའི་རྗེས་དེ་ནས་ཇི་ལྟར་ཕྱི་རོལ་གྱི་འཇིག་རྟེན་གྱི་ཁམས་ཇི་ལྟ་བ་བཞིན་དུ་ནང་གི་ལུས་ལ་གནས་པ་ནི་ཁམས་གསུམ་པོ་ནང་གི་བདག་ཉིད་དེ། དེ་ཡང་སྣོད་བཅུད་ཐམས་ཅད་སེམས་ཀྱི་སྣང་བ་ལ་ཤར་བ་ཙམ་ཡིན་པས། སེམས་ཀྱི་སྣང་ཆ་ལས་ལུས་གྲུབ་ཅིང་དེའི་རྟེན་འབྲེལ་ལས་འཇིག་རྟེན་གྱི་ཁམས་གྲུབ་པ་ཡིན་པས། ཕྱི་ནང་སྦྱར་ཏེ་བཤད་པར་བྱའོ། །གཉིས་པ་རྒྱས་བཤད་ལ་དགུ །གནས་གཞན་སོགས་བསྟན་པ། འབྱུང་བ་རིམ་བརྩེགས། རི་རྣམས། གླིང་བདུན། ནང་གི་འབྱུང་བ་ལྔ། མཚོ་བདུན། གཟའ་ལ་སོགས་པ་མེ་གསུམ། སྐྱེ་གནས་དང་དུས་སྦྱོར་སོགས་དང་སྦྱར་བའོ། །དང་པོ་ལ་གཉིས། གནས་གཞན་ཉི་ཤུ་དང་སྦྱར་བ། འདོད་པ་བཅུ་གཅིག་དང་སྦྱར་བའོ། །དང་པོ་ནི། སྤྱི་བོ་སོགས་རྐང་པ་གསུམ་སྟེ། ལུས་ཁྲུ་བཞི་པར་བྱས་པའི་ཁྲུ་རེ་ལ་སོར་ཉི་ཤུ་རྩ་བཞིར་བྱས་ནས་ཤེས་དགོས་པས་སྤྱི་བོ་ནས་ནི་སོར་བཞི་པོ་ནི་གཟུགས་མེད་སྐྱེ་མཆེད་མུ་བཞིའི་གནས་ཡིན་ཏེ། དེ་འོག་ཏུ་སོར་བཅུ་དྲུག་ནི་གཟུགས་ཁམས་གནས་རིགས་བཅུ་དྲུག་ཉིད་དོ། །འགྲེལ་པར་སོར་ཉི་ཤུ་རྩ་བཞི་ཁྲུ་རེ་སྟེ། ཞེས་པར་སོག་འགྲེལ་དུ་མཛོད་ཀྱི་ལུང་དྲངས་པ་ནི་ཕྱོགས་མཐུན་ཙམ་སྟེ། དུས་འཁོར་ལས། སོར་མོ་ཉི་མ་ནི་ཟུང་གིས་ཁྲུའོ། །ཞེས་གསུངས་པ་དྲང་བར་འོས་སོ། །གཉིས་པ་ནི། དེའི་འོག་སོགས་ཚིགས་བཅད་གཅིག་སྟེ། དེའི་འོག་ནས་ལྟེ་བའི་བར་ནི་འདོད་པའི་ལྷ་དྲུག །མི་དང་བཅས་པའི་གནས་སོ། །ལྟེ་བ་ནས་ནི་རྐང་མཐིལ་གྱི་བར་ལ་ལྷ་མིན་ནས་དམྱལ་བ་བརྒྱད་ཀྱི་བར་གནས་འོག་མ་རྣམས་རིམ་པ་བཞིན་སྦྱར་ནས་གསུངས་པས། ལྟེ་བ་ནས་སུམ་མདོའི་བར་སའི་དཀྱིལ་འཁོར་ཏེ། ལྷ་མ་ཡིན་དང་ཀླུ་དང་ཡི་དྭགས་དང་བསེག་མ་ཆུའི་དམྱལ་བའི་གནས་སོ། །བརླ་ཆུའི་དཀྱིལ་འཁོར་ཏེ་བྱེ་མ་ཆུའི་དམྱལ་བ་དང་འདམ་གྱི་ཆུའི་དམྱལ་བའི་གནས་སོ། །རྗེ་ངར་ནི་མེའི་དཀྱིལ་འཁོར་ཏེ་མེའི་དམྱལ་བ་དང་དུ་བ་མི་ཟད་པའི་དམྱལ་བའི་གནས་སོ། །དེ་མན་ཆད་ནི་རླུང་གི་དཀྱིལ་འཁོར་ཏེ་ངུ་འབོད་ཅན་གྱི་དམྱལ་བ་དང་མུན་པ་ཆེན་པོའི་དམྱལ་བའི་གནས་སོ། །རྐང་མཐིལ་ནི་དམྱལ་བ་བརྒྱད་པ་རྡོ་རྗེ་དམྱལ་བའི་གནས་སོ། །གཉིས་པ་འབྱུང་བ་རིམ་བརྩེགས་དང་སྦྱར་བ་ནི། རྐང་ལག་སོགས་རྐང་པ་ཕྱེད་དང་གསུམ་སྟེ། སྔར་བསྟན་པའི་ལྟེ་བ་མན་ཆད་དཀྱིལ་འཁོར་བཞིའམ། ཡང་ན་རྐང་པའི་ལོང་བུ་པུས་མོ་དཔྱི་སྟེ་ཚིགས་གསུམ་དང་། ལག་པའི་མཁྲིག་མ་གྲུ་མོ་ཕྲག་པ་སྟེ་ཚིགས་གསུམ་པོ་རྣམས་ཕྱི་ནས་རིམ་པ་ལྟར། ལོང་བུ་དང་འཁྲིག་མ་རླུང་གི་དཀྱིལ་འཁོར་དང་པུས་མོ་དང་གྲུ་མོ་མེའི་དཀྱིལ་འཁོར་དང་དཔྱི་དང་ཕྲག་པ་ཆུའི་དཀྱིལ་འཁོར་ཡིན་ལ། གོང་དུ་བཤད་པ་ལྟར་ལྟེ་བ་མན་ཆད་སའི་དཀྱིལ་འཁོར་རམ། ཡང་ན། བྲང་གྲུ་བཞི་ནི་སའི་དཀྱིལ་འཁོར་ཡིན་ཏེ། རྒྱུད་འགྲེལ་ལས་དེ་ལྟར་ཀྱང་འབྱུང་ངོ་། །གསུམ་པ་རི་རྣམས་དང་སྦྱར་བ་ནི། སྒལ་ཚིགས་སོགས་རྐང་པ་ཕྱེད་ཀྱིས་དམན་པའི་ཚིགས་བཅད་གཉིས་ཏེ། སྒལ་ཚིགས་ཀྱི་རུས་པ་ནི་རི་རབ་ཡིན་ལ། དེ་བཞིན་དུ་རི་གཞན་བདུན་དང་སྦྱར་ན་བརླའི་རུས་པ་ནི་མདོག་སྔོན་པོའི་རིའོ། །རྗེ་ངར་གྱི་རུས་པ་ནི་མནྡྷ་རའི་རིའོ། །དེའི་འོག་བོལ་གོང་གི་རུས་པ་ནི་མཚན་མོའི་རིའོ། །དཔུང་པའི་རུས་པ་ནི་ནོར་བུར་བྱེད་པའི་རིའོ། །ལག་ངར་གྱི་རུས་པ་ནི་བྲེ་བོའི་རིའོ། །ལག་མགོའི་རུས་པ་ནི་ཁ་བ་ཅན་གྱི་རིའོ། །སེན་མོ་རྣམས་ནི་རྡོ་རྗེའི་རི་ཏེ་ཁོར་ཡུག་གི་རིའོ། །ཞེས་པའི་བར་དུ་རིམ་པ་ལྟར་སྦྱར་རོ། །བཞི་པ་གླིང་བདུན་དང་སྦྱར་བ་ནི། གླིང་དྲུག་སོགས་རྐང་པས་དམན་པའི་ཚིགས་བཅད་གཉིས་ཏེ། འཛམ་གླིང་ཆེན་པོའི་ནང་ན་ཡོད་པའི་གླིང་དྲུག་པོ་རྣམས་རིམ་པ་བཞིན་ཕྱི་ནང་སྦྱར་ན། ལུས་ཀྱི་བད་ཀན་ནི་ཟླ་བའི་གླིང་ངོ་། །རྒྱུ་མ་ནི་འོད་དཀར་པོའི་གླིང་ངོ་། །ཚིལ་ནི་ཀུ་ཤའི་གླིང་ངོ་། །སྙིང་ནི་མི་འམ་ཅིའི་གླིང་ངོ་། །མཆིན་པ་ནི་ཁྲུང་ཁྲུང་གི་གླིང་ངོ་། །ཤ་ནི་དྲག་པོའི་གླིང་ངོ་། །རྐང་ལག་གི་དུམ་བུ་བཅུ་གཉིས་ནི་འཛམ་གླིང་ཆེན་པོའི་ནང་ཚན་ལྷོ་འཛམ་བུའི་གླིང་སོགས་གླིང་བཞི་གླིང་ཕྲན་དང་བཅས་པ་སྟེ། དེ་ཡང་ལག་པ་གཡས་པའི་དུམ་བུ་གསུམ་ནི་ཤར་གླིང་གསུམ་མོ། །གཡོན་པའི་དུམ་བུ་གསུམ་ནི་ལྷོ་གླིང་། རྐང་པ་གཡོན་པའི་དུམ་བུ་གསུམ་ནུབ་གླིང་། གཡས་པའི་གསུམ་བྱང་གླིང་གསུམ་ཡིན་ནོ། །ལྔ་པ་ནང་གི་འབྱུང་བ་ལྔ་དང་སྦྱར་བ་ནི། སྲ་བ་སོགས་རྐང་པ་གཉིས་ཏེ། ལུས་ཀྱི་སྲ་བའི་ཁམས་ནི་ས་ཁམས་རླན་པ་ཆུ་དང་དྲོད་མེ་དང་དབུགས་རླུང་སྟེ་དེ་ལྟར་ན་ཁམས་བཞི་ཡིན་ལ་བུ་ག་རྣམས་ནི་ནམ་མཁའི་ཁམས་ཡིན་ནོ། །དྲུག་པ་རྒྱ་མཚོ་བདུན་དང་སྦྱར་བ་ནི། ཁུ་བ་སོགས་རྐང་པ་དང་བཅས་པའི་ཚིགས་བཅད་གཅིག་སྟེ། ནང་དུ་ལུས་ཀྱི་ཁུ་བའི་ཁམས་ནི་ཕྱིར་སྦྲང་རྩིའི་རྒྱ་མཚོ་དང་ནང་དུ་ཞག་ནི་ཕྱིར་མར་གྱི་རྒྱ་མཚོ་དང་གླད་པ་ནི་ཞོའི་རྒྱ་མཚོ་དང་བད་ཀན་དང་བུད་མེད་ཀྱི་འོ་མ་ནི་འོ་མའི་རྒྱ་མཚོ། མཆིལ་མ་ནི་ཆུའི་རྒྱ་མཚོ། རྡུལ་ནི་ཆང་གི་རྒྱ་མཚོ་དང་། དྲི་ཆུ་ནི་བ་ཚའི་རང་བཞིན་ཅན་གྱི་རྒྱ་མཚོ་སྟེ། དེ་དག་ནི་འཁོར་ཡུག་གི་ནང་གི་རྒྱ་མཚོ་བདུན་ནོ། །བདུན་པ་གཟའ་ལ་སོགས་པ་རྣམས་དང་སྦྱར་བ་ནི། དབང་པོ་སོགས་རྐང་པ་དང་བཅས་པའི་ཚིགས་བཅད་གཅིག་སྟེ། དབང་པོའི་སྒོ་རྣམས་ནི། གཟའ་དགུའི་རང་བཞིན་ཏེ། དེ་ཡང་སྣ་བུག་གཉིས་ནི་རླུང་གི་གཟའ་ཉི་ཟླ། མིག་གཉིས་ནི་མེའི་གཟའ་མིག་ཕུར། ཁ་དང་དྲི་ཆུའི་སྒོ་ནི་ཆུའི་གཟའ་ལྷག་སངས། ཚངས་བུག་དང་དྲི་ཆེན་གྱི་སྒོ་ནི་སའི་གཟའ་སྤེན་པ་དང་མཇུག་རིངས། རྣ་བ་གཉིས་ནི་ནམ་མཁའི་གཟའ་སྒྲ་གཅན་དང་དུས་མེའོ། །དེ་ལྟར་གྲངས་སུ་བཅུ་བགྲངས་ཀྱང་སྒྲ་གཅན་དང་དུས་མེ་མགོ་མཇུག་ཡིན་པས་གཅིག་ཏུ་བསྡོམས་ནས་གཟའ་དགུ་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་སྙིང་གའི་རྩ་བཅུ་གཟའི་རང་བཞིན་དུ་བཤད་ལ། ནང་དུ་སོ་སུམ་བཅུ་རྩ་གཉིས་ནི་ཕྱི་རོལ་དུ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་དབྱུག་གུ་མ་བཞིའོ། །འགྲེལ་ཆེན་ལས། རྩ་རྣམས་ཆུ་བོ་ཞེས་པ་ནི་འདིར་ཕྱི་རུ་འཇིག་རྟེན་གྱི་ཁམས་ལ་རྒྱ་མཚོར་འགྲོ་བའི་ཆུ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཏེ་ནང་དུ་ནི་རོ་འབབ་པའི་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་སུ་འགྱུར་རོ། །ཞེས་གསུངས་པ་ལྟར་ནང་དུ་ཁམས་འབབ་པའི་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་པོ་རྣམས་ནི་ཕྱི་རོལ་དུ་ལུང་པ་ཆེན་པོ་རྣམས་ནས་ཆུ་བོ་སྟོང་ཕྲག་དོན་གཉིས་འབབ་པ་རྣམས་དང་། ནང་དུ་རྒྱུ་མ་ནི་རོ་འཛག་ཅིང་སྒྲ་སྒྲོག་པས་སྤྲིན་དང་། ལུས་ལ་གནས་པའི་ནང་གི་རླུང་ནི་ཕྱི་རོལ་ན་གཡོ་བའི་རླུང་ཡིན་ལ། སྙིང་ག་ལས་བྱུང་བའི་སྒྲ་ནི་ཐོག་གི་སྒྲ་ཡིན་ཏེ། ལྟོ་བའི་སྒྲ་ནི་འབྲུག་ཏུ་གསུངས་སོ། །བརྒྱད་པ་མེ་གསུམ་དང་སྦྱར་བ་ནི། སྙིང་ག་སོགས་རྐང་པ་གཉིས་ཏེ། སྙིང་གའི་དྲོད་ནི་ཞེ་སྡང་བསྐྱེད་པས་གློག་གི་མེའོ། །མགྲིན་པའི་དྲོད་ནི་བྱ་བ་བྱེད་པས་ཉི་མའི་དྲོད་དོ། །ལྟེ་བའི་དྲོད་ནི་ཟས་སྐོམ་བསྲེག་པར་བྱེད་པས་ཤ་ཟའི་མེའོ། །དགུ་པ་སྐྱེ་གནས་དང་དུས་སྦྱོར་སོགས་དང་སྦྱར་བ་ལ་དྲུག །མེ་རླུང་ཕྲ་མོ་དང་སྦྱར་བ། སྐྱེ་གནས་བཞི་དང་སྦྱར་བ། བདུད་རྩིའི་ཆར་དང་སྦྱར་བ། ཐུན་དང་དུས་སྦྱོར་དང་སྦྱར་བ། ཉི་ཟླ་གཟའ་འཛིན་དང་སྦྱར་བ། རྒྱས་བཤད་ཁ་འཕང་བའོ། །དང་པོ་ནི། གཞན་ཡང་སོགས་རྐང་པ་གཉིས་ཏེ། གཞན་ཡང་། འགྲེལ་ཆེན་ལས། མེའི་དཀྱིལ་འཁོར་ནི་ཁྲག་གོ །རླུང་གི་དཀྱིལ་འཁོར་ནི་པགས་པའོ། །ཞེས་གསུངས་པ་ལྟར་ལུས་ཀྱི་ལྤགས་པ་དང་དྲོད་དང་བ་སྤུ་ཐམས་ཅད་ནི་མེ་དང་རླུང་གི་རང་བཞིན་ཡིན་ནོ། །གཉིས་པ་ནི། ལུས་ལས་སྐྱེས་པའི་སྲིན་བུའི་རིགས་རྣམས་ནི་ཕྱི་རོལ་གྱི་སྐྱེ་གནས་རྣམ་པ་བཞི་ཡིན་ཞེས་རྐང་པ་གཅིག་སྟེ། དེ་ཡང་ཕྱི་རོལ་ཏུ་རླུང་གི་ཁམས་སྒོང་སྐྱེས་ནི་ནང་དུ་ཤིག །ཆུའི་ཁམས་དྲོད་གཤེར་སྐྱེས་ནི་ནང་དུ་ཁོང་པའི་སྲིན་བུ། མེའི་ཁམས་མངལ་སྐྱེས་ནི་ནང་དུ་ཁུ་བ་ལས་བྱུང་བའི་སྲིན་བུ། རང་འགྲེལ་དང་སོག་འགྲེལ་ལས་ཁུ་བ་ཉིད་ལ་བཤད་དོ། །ནམ་མཁའི་ཁམས་རྫུས་སྐྱེས་ནི་ནང་དུ་ལུས་ལས་བྱུང་བའི་སྲོག་ཆགས་ཕྲ་མོ་གཞན་རྣམས་སོ། །གསུམ་པ་ནི། ཕྱི་རོལ་ཏུ་ཆར་ནི་ནང་དུ་ལྕེའུ་ཆུང་ནས་འབབ་པའི་བདུད་རྩི་སྟེ་ཞེས་རྐང་པ་གཅིག་གོ །བཞི་པ་ནི། ཐུན་ནས་སོགས་རྐང་པ་གསུམ་སྟེ། ཐུན་ཆེན་པོ་བརྒྱད་ནས་སྐ་ཅིག་མ་གཅིག་གི་བར་གྱི་ནི་དབུགས་དང་ཆུ་སྲང་ཆུ་ཚོད་སོགས་དང་འཕོ་ཆེན་གྱི་དུས་སྦྱོར་ལ་སོགས་པ་ཐམས་ཅད་ནི་སྔར་རྩ་རླུང་ཐིག་ལེའི་དུམ་བུ་རྣམས་སུ་བསྟན་ཟིན་པའི་རྩ་དང་རླུང་དང་ཐིག་ལེ་དང་སེམས་དང་བཅས་པའི་ཕྱི་ནང་གི་སྦྱར་བཤད་ཡིན་ནོ། །ལྔ་པ་ནི། སྲོག་རླུང་སོགས་རྐང་པ་གཉིས་ཏེ། དབུ་མའི་ནང་དུ་སྲོག་གི་རླུང་དཀར་ཆའི་དྭངས་མ་ཟླ་བའི་ཁམས་ལ་སྦྱོར་བ་ན་ཟླ་བ་གཟའ་འཛིན་དང་དམར་ཆའི་དྭངས་མ་ཉི་མའི་ཁམས་ལ་སྦྱོར་བ་ན་ཉི་མ་གཟས་འཛིན་པར་སྣང་བ་འབྱུང་སྟེ། དེ་ཡང་དུས་སྦྱོར་དང་ཚེས་འཕོ་མཚམས་ཀྱི་མཐར་ཟླ་དྲུག་དུས་གསུམ་རྫོགས་པ་དང་རྟེན་འབྲེལ་རེག་པའི་ཁྱིམ་དུ་ཉི་རྐང་ཞུགས་པ་ན་ནང་གི་དུས་སྦྱོར་དབུ་མར་རྒྱུ་བའི་རྟེན་འབྲེལ་ལས་ཡིན་པར་གསུངས་སོ། །འདིའི་རང་འགྲེལ་དུ། དུས་སྦྱོར་གྱི་མཚམས་ཀྱི་མཐའ་དུས་གསུམ་ཟླ་བ་དྲུག་ན་གཟའ་འཛིན་འབྱུང་བ་ནང་གི་དུས་སྦྱོར་དབུ་མར་རྒྱུ་བ་ཡིན་པར་གསུངས་སོ། །ཞེས་པའི་དོན་ལ། སོག་འགྲེལ་ལས། ཟླ་བ་བཞི་བཞི་ལ་དུས་རེ་བྱས་པས་དུས་གསུམ་དང་ཟླ་བ་དྲུག་ན་ཞེས་པ་ལྷོར་བགྲོད་པའི་ཟླ་བ་དྲུག་དང་བྱང་དུ་བགྲོད་པའི་ཟླ་བ་དྲུག་གི་མཐའ་ན་གཟའ་འཛིན་འབྱུང་བར་གསུངས་པ་དང་། ངོ་ཁྲོ་འགྲེལ་ཆེན་ལས། དབྱར་ཉི་ལོག་ནས་ཟླ་བ་དྲུག་དང་དགུན་ཉི་ལོག་ནས་ཟླ་བ་དྲུག་གི་མཐར་གཟའ་འཛིན་འབྱུང་བ་ནང་གི་རྟེན་འབྲེལ་ལས་རྟོགས་པ འམ་ཞེས་པ་དང་། ཉི་མ་ལ་སྒྲ་གཅན་ཞུགས་ནས་ལོ་དྲུག་སོང་བའི་རྗེས་སུ་སླར་ཡང་སྒྲ་གཅན་ཞུགས་པ་ནང་གི་རྟེན་འབྲེལ་ལས་རྟོགས་པ་ལྟ་བུ། ཞེས་གསུངས་པ་ནི་དགོངས་པ་མ་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོ་ལས། ཟླ་དྲུག་དུས་གསུམ་གྱིས་ནི་འཛིན་པར་འགྱུར་ཏེ། ཞེས་གསུངས་པ་དང་རང་འགྲེལ་དགོངས་པ་མཐུན་པའི་ཕྱིར། དུས་སྦྱོར་གྱི་མཚམས་ནི། ཕྱིར་ཚེས་དཀར་ནག་དང་ནང་དུ་དུས་སྦྱོར་འཕོ་ཆེན་གྱི་མཚམས་ཀྱི་མཐར་ཟླ་ཉི་ལ་སྒྲ་གཅན་འཇུག་པའི་དོན་དང་། དུས་གསུམ་ནི་དུས་ཚིགས་ལ་དྲུག་ཏུ་ཕྱེ་བ་ན་ཟླ་བ་གཉིས་གཉིས་ལ་དུས་རེར་བྱས་པའི་དུས་གསུམ་ཏེ། གཟའ་འཛིན་སྔ་མ་བྱུང་ནས་རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་རྫོགས་པ་ན་ཉི་མ་ལ་སླར་ཡང་སྒྲ་གཅན་འཇུག་པའི་དོན་ཏེ། ཟླ་བ་བཞི་བཞི་ལ་དུས་སུ་བྱས་པའི་དུས་གསུམ་ནི་ལོ་གཅིག་ཡིན་ལ། གཟའ་འཛིན་སྔ་མ་བྱུང་ནས་ལོ་དྲུག་ན་གཟའ་འཛིན་འབྱུང་ཞེས་པའང་རྒྱུད་འགྲེལ་ལས་བཤད་པ་མེད་ཅིང་གྱ་ཚོམས་སུ་སྨྲས་པར་སྣང་ངོ་། །ཟླ་བ་དྲུག་ན་ཞེས་པ་གཟའ་འཛིན་སྔ་མ་བྱུང་ནས་ཟླ་བ་དྲུག་སོང་བའི་རྗེས་ནས་གཟའ་འཛིན་འབྱུང་བའི་དོན་ཏེ། དེ་ཡང་། ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཏེ་ཁམས་དྲུག་རྫོགས་པ་ན་ནང་དུ་སྲོག་རླུང་དང་ཉི་ཟླའི་ཁམས་སྦྱོར་བའི་རྟེན་འབྲེལ་གྱི་དབང་ལས་ཡིན་གྱིས་ལྷོ་བྱང་གི་བགྲོད་པ་ཟླ་བ་དྲུག་དྲུག་གི་མཐའ་དང་དབྱར་དགུན་གྱི་ཉི་མ་ལོག་ནས་ཟླ་བ་དྲུག་གི་མཐར་གཟའ་འཛིན་འབྱུང་བའི་དོན་མ་ཡིན་ཏེ། དིང་སང་གཟའ་འཛིན་འབྱུང་བ་ཕལ་ཆེར་སྟོན་དཔྱིད་གང་རུང་དང་ཉེ་བ་ལ་འབྱུང་བར་མངོན་སུམ་གྱིས་གྲུབ་པས་སོ། །དྲུག་པ་རྒྱས་བཤད་ཁ་འཕང་བ་ནི། དེ་སོགས་རྣམ་སོགས་རྐང་པ་གསུམ་སྟེ། བཤད་པ་དེ་རྣམས་ལ་སོགས་པ་ཕྱི་ནང་གི་དག་པ་སྦྱར་བའི་རྣམ་བཤད་དུ་མ་རྣམས་ནི་ཕྱི་འཇིག་རྟེན་གྱི་ཁམས་དང་། ནང་རྡོ་རྗེའི་ལུས། གཞན་དཀྱིལ་འཁོར་གྱི་འཁོར་ལོ་གསུམ་པོའི་སྦྱར་བཤད་ཐམས་ཅད་ཡེ་ཤེས་ཕྱག་རྒྱ་ཆེན་པོ་དང་སྦྱོར་བའི་ཕྱིར་དཔག་ཏུ་མེད་པ་གསུངས་པ་རྣམས་འདིར་ཚིག་མངས་སུ་དོགས་པས་མདོ་ཙམ་བསྡུས་པ་སྟེ། རྒྱས་པར་དུས་འཁོར་ལས་ས་ཡིས་སྲ་ལ་ཞེས་སོགས་རྩ་འགྲེལ་ལས་ཤེས་པར་བྱའོ། །གསུམ་པ་མཇུག་བསྡུ་བ་ནི། དེ་སོགས་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་ཇི་སྐད་བཤད་པ་ལ་སོགས་པ་ཕྱི་ནང་གི་རྟེན་འབྲེལ་རྣམས་ཕྱིན་ཅི་མ་ལོག་པར་རྟོགས་པ་ན། ཀུན་རྫོབ་དང་། དོན་དམ། ལུས་དང་བསམ་པ། ཡུལ་དང་ཡུལ་ཅན། ཕན་ཚུན་ལ་སོགས་པའི་ཐབས་དང་ཤེས་རབ་ཀྱི་སྦྱོར་ཚུལ་ཤེས་པས་སྣ་ཚོགས་པའི་ཡོན་ཏན་ཐོབ་པར་འགྱུར་བའི་ཕྱིར་ན་ཕྱི་ནང་སྦྱར་བཤར་རྣམས་ལེགས་པར་ཤེས་དགོས་པས་གཞུང་འདིར་ནི་མདོར་བསྡུས་པ་ཅུང་ཟད་ཙམ་བརྗོད་པ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་དོན་གྱི་རྣམ་བཤད་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་འཕྲེང་བ་ལས། རྡོ་རྗེའི་ལུས་སྣོད་ཀྱི་འཇིག་རྟེན་ལ་སྦྱར་བ་བསྟན་པ་སྟེ་ལེའུ་བདུན་པའི་བཤད་པའོ།། །།དེ་ལྟར་ལེའུ་བདུན་པས་ཕྱི་འཇིག་རྟེན་གྱི་ཁམས་སེམས་ཀྱི་སྣང་ཆ་ཙམ་དུ་རྟོགས་པའི་ཕྱིར་དུ་ཕྱི་ནང་སྦྱར་བཤད་ཀྱི་དུམ་བུ་བསྟན་ནས། ད་ནི་ཀུན་བརྟགས་ཀྱི་ལྷ་སྒོམ་པའི་ཕྱིར་དུ་བརྒྱད་པ་བསྐྱེད་རིམ་གྱི་དུམ་བུ་བཤད་པར་བྱ་སྟེ། དེ་ལ་ལེའུའི་འབྲེལ་ནི་སྔར་བཤད་པའི་དུམ་བུ་བདུན་དུ་གཞི་ལམ་འབྲས་བུ་རྣམས་རྗོད་ཚུལ་ཅི་རིགས་པའི་སྒོ་ནས་བསྟན་པ་དག་ཐོས་བསམ་གྱིས་གཏན་ལ་དབབ་པར་བྱ་བའི་གཞི་ཡིན་པས། གཞི་དེ་ལ་བརྟེན་པའི་ལམ་རིམ་པ་གཉིས་ལས། དང་པོར་ཡི་གེ་དགོད་པར་བྱ། །སྐྱེད་པའི་རིམ་པའི་རྣལ་འབྱོར་ཏེ། །སེམས་ཅན་དང་པོའི་ལས་ཅན་རྣམས། གཞུག་ཕྱིར་རྒྱུད་ལས་དང་པོར་བསྟན། ཞེས་གསང་བ་གྲུབ་པ་ལས་གསུངས་པ་ལྟར་རིམ་ལྔ་ལས་ཀྱང་། སྐྱེད་པའི་ཆ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་ནི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཤེས་བསྐྱེད་རིམ་དང་པོར་སྒོམ་དགོས་པར་གསུངས་པས། ལེའུ་བདུན་པ་བཤད་པའི་དེ་མ་ཐག་ཏུ་སྐྱེད་རིམ་གྱི་དུམ་བུ་འཆད་པར་འབྲེལ་ལོ། །འདི་ལ་གཉིས། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། བསྟན་བཤད། བསྡུ་བའོ། །དང་པོ་ནི། དེ་ནས་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། ཕྱི་ནང་སྦྱར་བཤད་བསྟན་ཟིན་པ་དེ་ནས་སེམས་ཅན་གྱི་ཀུན་དུ་རྟོག་པ་ལ། བདེན་པ་མེད་བཞིན་དུ་རྟོག་པས་ཀུན་དུ་བརྟགས་པའི་ལྷ་རྣམས་སྒོམ་པ་ནི་དགོས་པའི་དོན་དུ་མ་དང་ལྡན་ཏེ། ལས་དང་པོ་པ་རྣམས་དམིགས་པ་ལ་སེམས་འཛིན་པ་དང་ཕྱི་ནང་གི་ཤེས་བྱ་ཕྲ་མོ་རྣམས་ཀྱང་དཀྱིལ་འཁོར་གྱི་དོན་དུ་སྦྱོར་ཤེས་པ་དང་འབྲས་བུ་སངས་རྒྱས་ཀྱི་གཟུགས་སྐུ་ལ་དབང་འབྱོར་བས་གཞན་དོན་དུ་གཟུགས་ཀྱི་སྐུའི་བཀོད་པ་མི་འདྲ་བ་དུ་མ་སྟོན་ནུས་པའི་ཕྱིར་རོ། །དེས་ན་ལྷ་བསྐྱེད་པའི་ཚུལ་ལ་དཔའ་བོ་གཅིག་པ་ནས་གཙོ་འཁོར་མཐའ་ཡས་པའི་བར་དཀྱིལ་འཁོར་གྱི་འཁོར་ལོ་དཔག་ཏུ་མེད་པ་གསུངས་པ་རྣམས་ཀྱི་ངེས་པ་ནི་འདི་ལྟ་སྟེ་ཞེས་ལེའུ་བརྒྱད་པའི་བརྗོད་དོན་བསྡོམས་ཏེ་འོག་མ་རྣམས་ཀྱི་རྒྱུ་མཚན་རྟོགས་པར་བྱེད་པ་ཡིན་ནོ། །འགྲེལ་པར་བཅོས་མ་གཉིས་ཀྱི་སོགས་དྲིལ་བུ་པའི་ལུང་དྲངས་པ་ནི། རྡུལ་ཚོན་དང་རས་རིས་ཏེ་བཅོས་མའི་དཀྱིལ་འཁོར་གཉིས་ནི་གདུལ་བྱ་བློ་དམན་དྲང་བའི་དབང་དུ་མཛད་པས་མཁས་པ་རྟོགས་ལྡན་གྱི་བསྒྲུབ་བྱ་མིན་ལ་ཡང་དག་པའི་དོན་ལུས་ལྷ་དང་དཀྱིལ་འཁོར་དུ་མཐོང་ན་གྲོལ་བའི་ཕྱིར། ལུས་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་གྱི་དཀྱིལ་འཁོར་དུ་གདོད་ནས་གྲུབ་པས་དཀྱིལ་འཁོར་གྱི་ལྷ་རྣམས་དང་པོ་ནས་ལུས་ལ་གྲུབ་སྟེ། ཅི་ནས་དང་པོར་མ་གྲུབ་པ་ཞིག་ཕྱི་ནས་རྟོག་པས་བརྟགས་ཏེ་ཡང་གྲུབ་པ་མེད་ཅེས་པའི་དོན་ཅན་ཏེ་དཀྱིལ་འཁོར་དང་ལྷ་ཐམས་ཅད་ཟབ་མོ་ནང་གི་དོན་དུ་སྟོན་པའི་ལུང་ངོ་། །ངོ་ཁྲོ་འགྲེལ་ཆེན་དུ། གདུལ་བྱ་དབང་པོ་རབ་ལ་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་བརྟེན་པ་དང་། འབྲིང་རས་རིས། ཐ་མ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་རིམ་པ་རྣམས་ལུང་དེ་དང་། བཅོས་མིན་ལུས་ལ་རང་བཞིན་གྱིས། གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་པའི་དོན་དུ་བཤད་མོད། བཅོས་མ་གཉིས་ཀྱི་ཞེས་རས་རིས་དང་རྡུལ་ཚོན་གཉིས་ཀ་དམིགས་བསལ་མེད་པར་གསུངས་ལ། རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ལུས་དཀྱིལ་ལ་བཞེད་པ་གསལ་པོར་གསུངས་པ་ཉིད་རྣམ་པར་རྟོག་པས་བསླད་པར་མི་བྱའོ། །གཉིས་པ་ལ་བཞི། ལྷའི་གྲངས་ཀྱི་ངེས་པ། དཀྱིལ་འཁོར་གྱི་ངེས་པ། ཐབས་ཤེས་ཀྱི་རང་བཞིན། སྐྱེད་རྫོགས་ཀྱི་ངེས་པའོ། །དང་པོ་ལ་གསུམ། རྣམ་རྟོག་རིམ་པར་ངེས་པ་སྦྱོང་བྱེད། རྣམ་རྟོག་ཆོལ་བར་སྐྱེ་བ་སྦྱོང་བྱེད། ཐུན་མོང་བའི་བསྡུ་བའོ། །དང་པོ་ནི། དབུ་མ་སོགས་ཚིགས་བཅད་ཕྱེད་དང་ལྔ་སྟེ། དེ་ཡང་དུས་འཁོར་དུ་དབུ་མ་ལས་ལྷ་ཐམས་ཅད་འབྱུང་བར་གསུངས་པའི་རིམ་པ་ཇི་ལྟ་བ་བཞིན་ཏེ། དབུ་མ་དང་ཀུན་གཞི་དང་ཡང་དག་བའི་དོན་དང་ཡེ་ཤེས་ཀྱི་རླུང་དང་ཐིག་ལེ་ཉག་གཅིག་སྟེ། འཁོར་འདས་ཐམས་ཅད་ཀྱི་གཞི་དང་ཁྱབ་བྱེད་ཡོན་ཏན་ཐམས་ཅད་འདུས་པའི་བདག་ཉིད་ཀྱི་སྦྱང་གཞི་སྦྱོང་བྱེད་ཀྱི་དབང་དུ་བྱས་ནས་ལྷ་དཔའ་བོ་གཅིག་པ་ཧེ་རུ་ཀའི་སྒྲུབ་ཐབས་གསུངས་ཏེ། འགྲེལ་པར་ཧེ་རུ་ཀ་འཆད་པ་ལ་ཧེ་ནི་སོགས་ཀྱི་ལུང་དྲངས་བ་ནི། ཧེ་རུ་ཀ་བོད་སྐད་དུ་ཁྲག་འཐུང་ཞེས་པར་འགྱུར་བས། བདེ་བ་ཆེན་པོའི་ཁྲག་གཉིས་སུ་མེད་པར་འཐུང་བའི་དོན་ཏེ། ཟུང་འཇུག་མཐར་ཕྱིན་པའི་སྐུ་གསུམ་མམ་ཡེ་ཤེས་བཞི་ལ་ཧེ་རུ་ཀར་བཤད་པའི་ཕྱིར། དེ་ཡང་། བདེ་དགྱེས་ཚིག་མཐུན་པར། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད་ཅེས་པ་ཆོས་སྐུ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། རུ་ནི་ཚོགས་དང་བྲལ་བ་སྟེ་ཞེས་པ་ལོངས་སྐུ་མཉམ་ཉིད་ཡེ་ཤེས་དང་། ཀ་ནི་གང་དུའང་མི་གནས་པའོ་ཞེས་སྤྲུལ་སྐུ་སོར་རྟོག་དང་བྱ་གྲུབ་ཡེ་ཤེས་སུ་གསུངས་པ་དང་། དུས་འཁོར་རྩ་རྒྱུད་ལས། རྡོ་རྗེ་སེང་གེའི་གདན་བཞུགས་དང་ཞེས་རྡོ་རྗེས་མཚོན་པ་སྟོང་པ་ཉིད་དང་སེང་གེས་མཚོན་པ་སྙིང་རྗེ་དབྱེར་མེད་དུ་བཞུགས་ཤིང་། རྡོ་རྗེ་སེམས་དཔའ་བདེ་བ་ཆེ་ཞེས་པས་ཀྱང་དེ་གཉིས་དབྱེར་མེད་དུ་བསྟན་ལ་གཞན་ཡང་རྡོ་རྗེ་སྟོང་པ་དང་འཇིགས་བྱེད་དབང་ཕྱུག་བདེ་ཆེན་གཉིས་སུ་མེད་པ་དང་། དེ་བཞིན་དུ་དང་པོའི་སངས་རྒྱས་སོགས་མིང་དང་ཞེས་པ་ལྷ་ཚོགས་མཚན་མཐའ་ཡས་པ་རྣམས་དང་བཤད་ཟིན་པའི་ཧེ་རུ་ཀ་དང་བདེ་བ་ཀུན་རྫོབ་ཀྱི་རང་བཞིན་དུས་དང་སྲིད་ཞིའི་འཁོར་ལོ་ལ་ཁྱབ་པའི་སྟོང་པ་ཉིད་གཉིས་སུ་མེད་པར་གསུངས་པ་ཐམས་ཅད་བདེ་གཤེགས་སྙིང་པོ་གཅིག་པུའི་མིང་ཡིན་ནོ། །འབྲས་བུ་སྐུ་གཉིས་དང་ལམ་ཐབས་དང་ཤེས་རབ་གཉིས་དང་སྦྱང་གཞི་སྟེང་འོག་གཉིས་དང་ཁམས་དཀར་དམར་གཉིས་དང་བདེན་པ་གཉིས་དང་དེ་ལ་སོགས་པ་གཉིས་ཆོས་ཀྱི་སྦྱང་གཞི་སྦྱོང་བྱེད་ལ་དགོངས་ནས་བདེ་མཆོག་ལྷན་སྐྱེས་ལྟ་བུ་ལྷ་ཡབ་ཡུམ་མམ་གཙོ་འཁོར་གཉིས་པའི་སྒྲུབ་ཐབས་གསུངས་པའོ། །ལུས་ངག་ཡིད་གསུམ་ལ་རྡོ་རྗེ་རྣམ་པ་གསུམ་དང་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་སོགས་ཐིག་ལེ་གསུམ་དང་རྩའི་གཙོ་མོ་དབུ་མ་རོ་རྐྱང་གསུམ་དང་མཁའ་སྤྱོད་ས་འོག་སྤྱོད་ས་སྤྱོད་དེ་སྟེང་འོག་བར་གསུམ་དང་། ཨོཾ་ཨཱཿཧཱུཾ་གི་ཡི་གེ་གསུམ་དང་ཟླ་ཉི་སྒྲ་གཅན་གྱི་རླུང་གསུམ་སེམས་ཡིད་རྣམ་ཤེས་གསུམ་ལ་སོགས་གསུམ་ཆོས་ཇི་སྙེད་པ་ལ་དགོངས་ནས་ལྷ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་གསུངས་ཏེ། དཔེར་ན་རིགས་གསུམ་མགོན་པོའི་སྒྲུབ་ཐབས་ལྟ་བུའོ། །སོགས་ཁོངས་ནས་རྣལ་འབྱོར་གྱི་རྒྱུད་ལས། རྩ་གསུམ་རླུང་གསུམ་སེམས་གསུམ་དང་། །སྣང་བ་གསུམ་གྱི་བདག་ཉིད་ཕྱིར། །ལྷ་གསུམ་ཡིག་གསུམ་ཞལ་གསུམ་སྟེ། །ཞེས་སོགས་གསུངས་པ་རྣམས་བསྡུའོ། །ནམ་མཁའ་ཁྱབ་བྱེད་ཏུ་བཏང་ནས་ས་ཆུ་མེ་རླུང་གི་ཁམས་ཁྱབ་བྱ་བཞི། སོགས་ཁོངས་ནས་དགའ་བ་བཞི་དང་རྡོ་རྗེ་བཞི་དང་ཕྱག་རྒྱ་བཞི་དང་དབང་བཞི་དང་ལམ་བཞི་དང་སྐུ་བཞི་ལ་སོགས་པ་བཞི་ལྡན་གྱི་སྦྱང་གཞི་སྦྱོང་བྱེད་ཇི་སྙེད་པ་ལ་དགོངས་ནས། དཔལ་མཆོག་ལས་སྲིང་མོ་བཞིའི་དཀྱིལ་འཁོར་གསུངས་པ་ལྟ་བུ་ལྷ་གཙོ་འཁོར་བཞི་པའི་སྒྲུབ་ཐབས་གསུངས་ཏེ། ཀྱཻ་རྡོར་ལས། འཕགས་པའི་བདེན་པ་བཞིའོ་ཞེས་སོགས་ཐམས་ཅད་བཞི་བཞིར་གསུངས་པའི་དགོངས་པ་ཡིན་ནོ། །འབྲས་བུ་ཡེ་ཤེས་ལྔ་དང་སྦྱང་གཞི་ཕུང་པོ་ལྔ་དང་གསང་ལྟེ་སྙིང་མགྲིན་སྤྱི་བོའི་འཁོར་ལོ་ཏེ་འཁོར་ལོ་ལྔ་དང་ས་ཆུ་མེ་རླུང་ནམ་མཁའི་རླུང་ངམ་རྩ་བའི་རླུང་ལྔ་དང་ས་ཆུ་མེ་རླུང་ཁྱབ་བྱེད་ནམ་མཁའ་དང་བཅས་པས་ཁམས་ལྔ་དང་། ཉོན་མོངས་པ་ལྔ་དང་རིམ་པ་ལྔ་དང་རིགས་ལྔ་དང་སྐུ་ལྔ་ལ་སོགས་པ་ལྔ་ཆོས་ཀྱི་སྦྱང་གཞི་སྦྱོང་བྱེད་ཇི་སྙེད་པ་ལ་དགོངས་ནས་ལྷ་གཙོ་འཁོར་ལྔ་པའི་སྒྲུབ་ཐབས་རྣམས་བསྟན་ཏེ། བདེ་ཀྱཻ་ཕག་མོ་སོགས་ལྷ་ལྔ་མ་འདི་ནི་རྒྱུད་དུ་མར་གསུངས་སོ། །ཁྱབ་བྱ་བཞིའི་ཐོག་ཏུ་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་གཉིས་སུ་དབྱེ་བས་ཁམས་དྲུག་དང་རྣམ་ཤེས་ཚོགས་དྲུག་དང་གཙུག་ཏོར་དང་བཅས་པའི་རྩ་འཁོར་ལོ་དྲུག་དང་ཉོན་མོངས་པ་དྲུག་དང་རིགས་དྲུག་ལ་སོགས་པ་དྲུག་ཆོས་ཀྱི་སྦྱང་གཞི་སྦྱོང་བྱེད་ཇི་སྙེད་པ་ལ་དགོངས་ནས་འཁོར་ལོ་སྒྱུར་དྲུག་ལྟ་བུ་ལྷ་གཙོ་འཁོར་དྲུག་པའི་སྒྲུབ་ཐབས་གསུངས་ཏེ། དེ་བཞིན་དུ་ཀུན་གཞི་གནས་སུ་བཏང་ནས་འཇུག་ཤེས་དྲུག་ཉོན་ཡིད་དང་བཅས་པ་ཚོགས་བདུན་སྦྱང་བའི་ཕྱིར་བདེ་མཆོག་ཡི་གེ་བདུན་པ་ལྟ་བུ་ལྷ་གཙོ་འཁོར་བདུན་པའི་སྒྲུབ་ཐབས་གསུངས་སོ། །རྣམ་ཤེས་ཚོགས་བརྒྱད་སོགས་སྦྱོང་པའི་ཕྱིར་དུ་བདེ་མཆོག་ལྷན་སྐྱེས་ལ་གོ་ཆའི་དཔའ་མོ་དྲུག་གིས་བསྐོར་བའི་དཀྱིལ་འཁོར་ལྟ་བུ་ལྷ་གཙོ་འཁོར་བརྒྱད་པའི་དཀྱིལ་འཁོར་གསུངས་པ་དང་། འདིའི་འགྲེལ་པར། དྲུག་པ་སོགས་རྒྱུད་ཀྱི་ལུང་རྐང་པ་གསུམ་དྲངས་པ་ནི། དྲུག་ཡིད་གནས་གྱུར་པ་བདེ་མཆོག་གམ་རྡོར་སེམས་སུ་སྤྲུལ་ལ། དེའི་ཡུལ་ཆོས་དག་པའི་སྤྲུལ་པ་ཕག་མོའི་གཟུགས་སུ་བསྟན་ཞེས་པར་སོག་འགྲེལ་ལས་བཤད་ཅིང་། རང་འགྲེལ་དུ་དེ་ཉིད་ལ་ལྷ་བརྒྱད་པའི་ངེས་པ་ཡང་ཡོད་དེ། ཞེས་གསུངས་པས། ཀུན་གཞི་གནས་སུ་བཏང་བའི་ཚོགས་བདུན་དྲུག །ཡིད་ཀྱི་ཡུལ་ཆོས་དང་བཅས་པ་བརྒྱད་སྦྱོང་བའི་ཕྱིར་དུའང་གཙོ་འཁོར་བརྒྱད་པའི་དཀྱིལ་འཁོར་གསུངས་སོ་ཞེས་པ་འགྲེལ་པ་འགྲེལ་བཤད་དང་བཅས་པའི་དགོངས་པ་ཡིན་ནོ། །སྙིང་གའི་རྩ་འཁོར་ལོ་འདབ་མ་བརྒྱད་དབུ་མའི་ཡར་མར་གྱི་རྩེ་སྟེ་བཅུ་དང་རྩ་བའི་རླུང་ལྔ་ཡན་ལག་གི་ལྔ་སྟེ་རླུང་བཅུ་དང་། རབ་ཏུ་དགའ་བ་སོགས་ས་བཅུ་དང་། གནས་དང་གནས་མིན་མཁྱེན་པ་སོགས་སྟོབས་བཅུ་དང་། རྣམ་ཤེས་ཚོགས་བརྒྱད་ཡུལ་ཡུལ་ཅན་གཉིས་ཏེ་བཅུ་དང་དེ་ལ་སོགས་པ་གཞན་ཡང་བཅུ་ཆོས་ཇི་སྙེད་པ་ལ་དགོངས་ནས་ཀྱཻ་རྡོར་ལྷ་དགུ་དང་ཡང་དག་ལྷ་བཅུའི་དཀྱིལ་འཁོར་ལྟ་བུ་ལྷ་གཙོ་འཁོར་དགུ་པ་དང་བཅུ་པའི་སྒྲུབ་ཐབས་གསུངས་ཏེ། དེ་ཡང་དགྱེས་རྡོར་ལྷ་དགུའི་དཀྱིལ་འཁོར་ལ་གཙོ་བོ་ཡབ་ཡུམ་གཉིས་ཐ་དད་དུ་བགྲངས་ན་བཅུ་འབྱུང་བས་བཅུ་ཆོས་རྣམས་དང་གྲངས་མཐུན་ལ་ཡབ་ཡུམ་ཐབས་དང་ཤེས་རབ་ཟུང་འཇུག་ཏུ་སྦྱར་ཏེ་གཅིག་ཏུ་བགྲངས་ནས་ལྷ་དགུར་བྱེད་པས་སྦྱང་གཞི་སྙིང་གའི་རྩ་འདབ་བརྒྱད་དབུ་མ་དང་དགུ་སྦྱོང་བའི་དབང་དུ་བྱས་པ་ཡིན་ཞིང་། བདེ་མཆོག་ལྷ་ལྔ་ལྟ་བུ་ལའང་འདི་དང་དོན་མཐུན་པར་བཤད་དུ་ཡོད་དེ་མཚམས་ཀྱི་བུམ་པ་དང་ཐོད་པ་རྣམས་སྙིང་གའི་མཚམས་ཀྱི་རྩ་བཞིའི་དག་སྦྱོར་དུ་གསུངས་པས་སོ། །གཉིས་པ་ནི། ཕུང་པོ་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། གཟུགས་སོགས་ཕུང་པོ་ལྔ་དང་ས་སོགས་ཁམས་ལྔ་སྟེ་བཅུ་སྦྱོང་བའི་དབང་དུ་བྱས་ནས་གཙོ་འཁོར་བཅུ་པའི་སྒྲུབ་ཐབས་དང་། ཕུང་པོ་ལྔ་ཁམས་ལྔ་མིག་སོགས་དབང་པོ་ལྔ་དང་བཅོ་ལྔ་སྦྱོང་བའི་དབང་དུ་བྱས་ནས་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་ལྟ་བུ་དང་། གཟུགས་ནས་ཡེ་ཤེས་ཀྱི་བར། ཕུང་པོ་དྲུག་དང་ས་ནས་ཡེ་ཤེས་ཀྱི་བར་ཁམས་དྲུག་སྟེ་བཅུ་གཉིས་སྦྱོང་བའི་ཕྱིར་དུ་གཙོ་འཁོར་བཅུ་གཉིས་པའི་སྒྲུབ་ཐབས་དང་། ཕུང་པོ་དྲུག་ཁམས་དྲུག་མིག་ནས་ཡིད་ཀྱི་བར་དབང་པོ་དྲུག་སྟེ་བཅོ་བརྒྱད་སྦྱོང་བའི་ཕྱིར་དུ་གཙོ་འཁོར་བཅོ་བརྒྱད་པའི་སྒྲུབ་ཐབས་དང་། ཡུལ་དྲུག་དང་བཅས་པས་ཉི་ཤུ་རྩ་བཞི་སྦྱོང་བའི་དབང་དུ་བྱས་ནས་གཙོ་འཁོར་ཉེར་བཞི་པའི་སྒྲུབ་ཐབས་དང་། ཡེ་ཤེས་ཀྱི་ཁམས་དང་ཡེ་ཤེས་ཀྱི་ཕུང་པོ་གཅིག་ཏུ་བྱས་ན་གཙོ་འཁོར་བཅུ་གཅིག་པ་དང་བཅུ་བདུན་པ་དང་ཉེར་གསུམ་པ་སྟེ་དཀྱིལ་འཁོར་དུ་མར་འགྱུར་རོ། །སོག་འགྲེལ་དུ། ཡེ་ཤེས་ཀྱི་ཁམས་དང་ཕུང་པོ་གཅིག་ཏུ་བྱས་པའི་ཕུང་པོ་ལྔ་དང་ཁམས་ལྔ་དང་ཞེས་གསུངས་མོད། དེ་གཉིས་གཅིག་དུ་བྱས་ནས་ཕུང་པོར་བགྲངས་ན་ཕུང་པོ་དྲུག་དང་ཁམས་སུ་བགྲངས་ན་ཁམས་དྲུག་ཅེས་གསུང་བར་རིགས་སོ། །ཁམས་དྲུག་ལ་ནང་སེལ་དུ་སའི་ས་སའི་ཆུ་སའི་མེ་སའི་རླུང་སའི་ནམ་མཁའ་སའི་ཡེ་ཤེས་ཞེས་སོགས་དྲུག་དྲུག་སུམ་བཅུ་སོ་དྲུག་སྦྱོང་བ་ལ་ལྷ་སོ་དྲུག་པའི་དཀྱིལ་འཁོར་དང་། ཕུང་ཁམས་དབང་ཡུལ་རྣམས་དྲུག་དྲུག དེ་བཞིན་དུ་ལག་པ་རྐང་པ་དག་དྲི་ཆུ་གཉིས་ཀྱི་སྒོ་དབང་པོ་མཆོག་སྟེ་ལས་བྱེད་ཀྱི་དབང་པོ་དྲུག འགྲོ་བ་ལེན་པ་སྨྲ་བ་བཤང་ལྕི་འཛག་པ་ཁུ་བ་འཛག་པ་སྟེ་བྱེད་ལས་དྲུག་དང་བཅས་པས་སུམ་བཅུ་སོ་དྲུག་སྦྱོང་བའི་དབང་དུ་བྱས་ནས་གཙོ་འཁོར་སོ་དྲུག་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་གསུངས་སོ། །ཡང་ན་བཤད་མ་ཐག་པའི་ལྔ་ཆོས་ཀྱི་དབང་དུ་བྱས་ནས་ལྷ་ལྔ་པའི་སྒྲུབ་ཐབས། བཅུ་ཆོས་ལས་གཙོ་བོ་ཟུང་འཇུག་གམ་ཕུང་པོ་ལྔ་དང་ཁྱབ་བྱ་ཁམས་བཞི་སྟེ་དགུ་ལ་དགོངས་ནས་ལྷ་དགུ་པ་དང་། དེ་ཐོག་དུ་རྩ་འཁོར་ལོ་བཞི་བསྣན་པའི་བཅུ་གསུམ་མཾ། ཕུང་ཁམས་བཅུ་གཉིས་དབང་པོ་ཡུལ་སྣང་གཅིག་ཏུ་བྱས་པ་དང་བཅུ་གསུམ་ལ་དགོངས་ནས་གཙོ་འཁོར་བཅུ་གསུམ་པ་དང་། དེའི་སྟེང་དུ་གཟུགས་སོགས་ཡུལ་དྲུག་དང་མིག་སོགས་དབང་པོ་དྲུག་བསྣན་པའི་ཉེར་ལྔ་འམ། ཕུང་པོ་ལྔ་ཁམས་ལྔ་གཟུགས་ཅན་གྱི་དབང་པོ་ལྔ་དེའི་ཡུལ་ལྔ་དེ་ཡུལ་དུ་བྱེད་པའི་ཡུལ་ཅན་ལྔ་སྟེ་ཉེར་ལྔ འམ། ཕུང་ཁམས་བཅུའི་སྟེང་དུ་སྐྱེ་མཆེད་བཅུ་གཉིས་ལུས་ངག་ཡིད་གསུམ་དང་ཉེར་ལྔ་ལ་དགོངས་ནས་གཙོ་འཁོར་ཉེར་ལྔ་པའི་སྒྲུབ་ཐབས་དང་། དེའི་སྟེང་དུ་ལས་དབང་ལྔ་དང་གསང་གནས་ཀྱི་འཁོར་ལོ་དང་གཙུག་ཏོར་གྱི་འཁོར་ལོ་བསྣན་པའི་སོ་གཉིས་སམ། ཕུང་ཁམས་དབང་ཡུལ་རྣམས་ལྔ་ཚན་གྱི་སྟེང་དུ་སྐྱེ་མཆེད་བཅུ་གཉིས་བསྣན་པས་སོ་གཉིས་སམ་མགྲིན་པ་དང་གསང་བའི་འཁོར་ལོའི་རྩ་འདབ་སོ་གཉིས་དང་རྩའི་གཙོ་མོ་སུམ་བཅུ་སོ་གཉིས་སོགས་ལ་དགོངས་ཏེ་གཙོ་འཁོར་སོ་གཉིས་པའི་སྒྲུབ་ཐབས་དང་། དེའི་སྟེང་དུ་མཆོག་གི་དབང་པོ་དང་དགའ་བ་རྫོགས་པ་བསྣན་པས་སོ་བཞི་འམ། ཕུང་ཁམས་དབང་ཡུལ་དྲུག་ཚན་དུ་ཕྱེ་བས་ཉེར་བཞི། ལས་དབང་དྲུག་ལུས་ངག་སེམས་ཡེ་ཤེས་དང་བཅས་པའི་སོ་བཞི་ལ་དགོངས་ནས་གཙོ་འཁོར་སོ་བཞི་པའི་སྒྲུབ་ཐབས་དང་། ཕུང་ཁམས་དབང་ཡུལ་ལས་བྱེད་བྱེད་ལས་རྣམས་དྲུག་ཚན་དུ་ཕྱི་བས་སོ་དྲུག་ལུས་ངག་གཅིག་པ་ཉིད་དང་བཅས་པའི་སོ་བདུན་མ་དགོང་ནས་གཙོ་འཁོར་སོ་བདུན་པའི་སྒྲུབ་ཐབས་དང་སྔར་བཤད་པའི་ཕུང་ཁམས་སོགས་ཉེར་ལྔ་ལ་ལུས་བསམ་གྱི་དབྱེ་བས་ལྔ་བཅུ། དེ་ལ་ཐབས་ཤེས་ཀྱི་དབྱེ་བས་བརྒྱ་ནས་བྱེ་བ་ལ་སོགས་པའི་བར་དུ་དབྱེར་ཡོད་པས་དེ་ལ་དགོངས་ནས་རིགས་བརྒྱ་ནས་དུ་མའི་བར་དུ་གསུངས་སོ། །དེ་དག་ནི་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ལས་གསུངས་པ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་གྱི་ལྷའི་གྲངས་རྣམས་གང་ལ་བརྟེན་ནས་ཇི་ལྟར་འབྱུང་བའི་ཚུལ་སྨོས་པ་ཡིན་ལ། ལྷ་རང་གི་ངོ་བོའི་སྒོ་ནས་ཀྱང་དཀྱིལ་འཁོར་གྱི་འཁོར་ལོ་གྲངས་མང་ཉུང་དུ་འབྱུང་བའི་ཚུལ་བཤད་པར་བྱ་སྟེ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་སྐུ་གསུམ་གཅིག་དུ་བསྡུས་པའམ་ཡེ་ཤེས་ལྔའི་ངོ་བོ་གཅིག་ཏུ་གྱུར་པའི་རང་གདངས་ཧེ་རུ་ཀར་གསུངས་ཤིང་། རྡོ་རྗེ་སེང་གེའི་གདན་བཞུགས་དང་། ཞེས་སོགས། སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའམ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ནི་དུས་དང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཕྱག་རྒྱ་ཆེན་མོ་ནི་འཁོར་ལོ་སྟེ་དེ་གཉིས་ཟུང་དུ་འཇུག་པ་ལ་དུས་འཁོར་དུ་གསུངས་པས། ཆོས་དང་གཟུགས་ཀྱི་སྐུ་དབྱེར་མི་ཕྱེད་པ་ནི་ལྷ་དཔའ་བོ་གཅིག་པའོ། །དེ་ལ་ཐབས་ཤེས་ཀྱི་དབྱེ་བས་གཙོ་འཁོར་གཉིས་པ་དང་། སྐུ་གསུང་ཐུགས་ཀྱི་དབྱེ་བས་གསུམ་པ་དང་། དགའ་བ་བཞིའི་དབྱེ་བས་བཞི་པ་དང་། རིགས་ལྔའི་དབྱེ་བས་ལྔ་པ་དང་། རིགས་དྲུག་གི་དབྱེ་བས་དྲུག་པ་དང་། རིགས་དྲུག་པོ་འཁོར་དུ་བྱས་ནས་དབྱེ་གཞི་གཙོ་བོར་བྱས་པའི་བདུན་པ་དང་། གཙོ་བོ་ལ་ཐབས་ཤེས་སུ་དབྱེ་བས་བརྒྱད་པ་དང་། རིགས་ལྔ་ལ་ཐབས་ཤེས་སུ་དབྱེ་བའི་བཅུ་ལས། གཙོ་བོ་ཡབ་ཡུམ་ཐབས་ཤེས་མི་ཕྱེད་པས་གཅིག་ཏུ་བསྡོམས་པ་ནི་དགུ་པ་དང་། སོ་སོར་ཕྱེ་བས་བཅུ་པ་དང་། དེ་བཞིན་དུ་རིགས་ལྔ་ལ་ནང་སེལ་གྱི་དབྱེ་བ། རྣམ་སྣང་གི་རྣམ་སྣང་རྣམ་སྣང་གི་མི་སྐྱོད་པ་རྣམ་སྣང་གི་རིན་འབྱུང་རྣམ་སྣང་གི་འོད་དཔག་མེད་རྣམ་སྣང་གི་དོན་གྲུབ་སོགས་རིགས་ཆུང་ལྔ་ལྔར་དབྱེ་བས་རིགས་ཉི་ཤུ་རྩ་ལྔ། དེ་ལ་ཐབས་ཤེས་ཀྱི་དབྱེ་བས་ལྔ་བཅུ། དེ་ལ་ལུས་བསམ་གྱི་དབྱེ་བས་རིགས་བརྒྱ་ལ་སོགས་པར་འགྱུར་ཏེ། དུས་འཁོར་རྩ་རྒྱུད་ལས། རིགས་གསུམ་པ་དང་རིགས་ལྔ་དང་། རང་བཞིན་གཅིག་དང་རིགས་བརྒྱའོ། །ཞེས་དང་། ཀྱཻ་རྡོར་ལས། རིགས་གཅིག་ལ་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཀྱི་ཚོགས་ལ་རིགས་ནི་རྣམ་པ་བརྒྱ། །དེ་རྣམས་རིགས་ལ་འབུམ་ཕྲག་རིགས་ཆེན་དང་། །བྱེ་བའི་རིགས་ལས་གྲངས་ནི་མེད་པར་འགྱུར། །དེ་ལ་གྲངས་མེད་རིགས་ལས་རིགས་ཆེན་རྣམས། །མཆོག་ཏུ་དགའ་བའི་རིགས་ལས་བྱུང་བའོ། །ཞེས་སོ། །གསུམ་པ་ནི། རྩ་རླུང་སོགས་རྐང་པ་གསུམ་སྟེ། དུ་མའི་བར་ཞེས་བཤད་མ་ཐག་པ་དང་འབྲེལ་པའི་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་གྲངས་རྣམས་ནི་སྔར་བསྟན་པའི་རྩ་དང་རླུང་དང་ཐིག་ལེ་ལ་སོགས་པའི་དབྱེ་བ་ལ་ལྟོས་པས་སྦྱང་གཞི་སེམས་ཅན་གྱི་རྣམ་རྟོག་གི་གྲངས་བཞིན་དུ་སྦྱོང་བྱེད་དཀྱིལ་འཁོར་གྱི་ལྷའི་གྲངས་ཀྱང་དེ་དང་ཆ་འདྲ་བར་བསྟན་པ་སྟེ། ཞལ་ཕྱག་གི་མང་ཉུང་དང་ཕྱག་མཚན་གྱི་རྣམ་འགྱུར་ཞི་ཁྲོ་ཆགས་གསུམ་གྱི་ཚུལ་ཡང་རྣམ་རྟོག་དེ་དང་སྤང་གཉེན་དུ་མཚུངས་པར་བསྟན་པ་སྟེ། དུས་འཁོར་ལས། རྒྱུ་སྐར་གྱི་ཆུ་ཚོད་ལ་ལྟོས་ནས་སྟོང་དྲུག་བརྒྱ་ཉི་ཤུའི་དཀྱིལ་འཁོར་གྱི་འཁོར་ལོར་གསུངས་པ་དང་། དཔལ་མཁའ་འགྲོ་རྒྱ་མཚོ་ལས། དུར་ཁྲོད་ཀྱི་ལྷ་དང་བཅས་པའི་ཉིས་སྟོང་དང་བརྒྱད་བཅུ་རྩ་བརྒྱད་ལན་བཅུ་གཉིས་སུ་འཁོར་བར་གསུངས་པ་སོགས་ཀྱང་སྦྱང་གཞི་ལ་ལྟོས་ནས་གསུངས་པ་ཡིན་ནོ། །གཉིས་པ་དཀྱིལ་འཁོར་གྱི་ངེས་པ་ནི། ལུས་ལ་སོགས་ཙིགས་བཅད་གཅིག་སྟེ། ནང་རྡོ་རྗེའི་ལུས་ལ་དཀྱིལ་འཁོར་གྱི་འཁོར་ལོར་བཤད་པ་ནི། ཕྱི་རོལ་གྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ས་གཞིའི་འབྱུང་བ་རིམ་བརྩེགས་དང་ཐིག་དང་གྲུ་བཞི་སྒོ་བཞི་སོགས་དབྱིབས་དང་བཅས་པ་བསྡུས་པ་ནི་གཞུང་རྩོམ་པ་པོ་ཁོ་བོ་ཅག་གིས་དཀྱིལ་འཁོར་གྱི་སྣང་བ་ཞེས་བྱ་བའི་བསྟན་བཅོས་སུ་བཤད་ཟིན་པས་དེར་ལྟོས་ཤིག་ཅེས་ཞལ་འཕངས་པ་སྟེ། འདིའི་ཐད་ཀྱི་རང་འགྲེལ་དུ། དེ་ཡང་དཀྱིལ་འཁོར་སྣང་བར་ནི། རྐང་པའི་ཞབས་སུ་མཚོན་ཆེན་རླུང་། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །ཤེས་སོགས་འབྱུང་བ་རིམ་བརྩེགས་ངེས་རྗོད་བླ་མ་ལས་གསུངས་པ་དང་། ཐིག་ཀྱང་དེ་ལས། སིནྡྷུ་རྡོ་རྗེའི་ཐིག་ཟླུམ་པོ། །ཞེས་སོགས་གསུངས་སོ་ཞེས་ཞལ་འཕངས་ནས་དུས་འཁོར་གྱི་ལུང་འདྲེན་པར་མཛད་པ་རྣམས་ཀྱི་དོན་ནི་རྒྱུད་སྡེ་རྣམས་ཀྱི་ལུས་དཀྱིལ་གྱི་རྣམ་གཞག་ལེགས་པར་ཤེས་དགོས་པའི་དོན་ཏེ། རྒྱས་པར་གཞན་དུ་བཤད་པར་བྱའོ། །གསུམ་པ་ཐབས་ཤེས་ཀྱི་རང་བཞིན་ལ་གསུམ། ཐབས་ཤེས་ཀྱི་རྣམ་གྲངས་སྤྱིར་བསྟན་པ། ཐབས་ཤེས་ཀྱི་རྒྱུད་ཀྱི་ཁྱད་པར། ཐབས་ཤེས་སུ་འགྱུར་ཚུལ་ཞིབ་ཏུ་བཤད་པའོ། །དང་པོ་ནི། ཕན་ཚུན་སོགས་ཚིགས་བཅད་གཅིག་སྟེ། གོང་དུ་གསུངས་པའི་ལྷ་དང་དཀྱིལ་འཁོར་གྱི་བྱེ་བྲག་ཐམས་ཅད་ཐབས་ཤེས་ཀྱི་རང་བཞིན་དུ་གནས་ཤིང་སྤྱིར་ཤེས་བྱ་ཐམས་ཅད་ཀྱང་དེ་ལས་མ་འདས་པའི་ཕྱིར། ཐབས་ཤེས་ཀྱི་རྣམ་གཞག་བཤད་ན། ཕན་ཚུན་ཐབས་དང་ཤེས་རབ་ནི་ཕན་ཚུན་ཅིག་ཐབས་སུ་བརྗོད་པའི་ཚེ་ཅིག་ཤོས་ཤེས་རབ་ཏུ་འགྱུར་ཏེ། ཕ་རི་ལ་ལྟོས་ནས་ཚུར་རི་ཞེས་རྣམ་པར་གཞག་པའི་ཕྱིར་རོ། །གཡས་གཡོན་ཐབས་ཤེས་ནི་གཡས་ཐབས་སུ་བརྗོད་པ་ན་གཡོན་ཤེས་རབ་སྟེ་རྟེན་འབྲེལ་དུ་གནས་པའི་ཕྱིར་རོ། །ལུས་སེམས་ཐབས་ཤེས་ནི་ལུས་ཐབས་སུ་བརྗོད་པ་ན་སེམས་ཤེས་རབ་དང་སེམས་ཐབས་སུ་བརྗོད་པ་ན་ལུས་ཤེས་རབ་ཏུ་འགྱུར་ཏེ། གཅིག་ལ་གཅིག་བརྟེན་ནས་སེམས་པ་སྐྱེ་བའི་ཕྱིར་རོ། །དཀར་དམར་ཐབས་ཤེས་ནི། ཐབས་ཀྱི་ལུས་ལས་བྱུང་བའི་དཀར་ཆ་ཤེས་རབ་དང་ཤེས་རབ་ཀྱི་ལུས་ལས་བྱུང་བའི་དམར་ཆ་ཐབས་ཏེ། ཕན་ཚུན་ཟུང་འཇུག་ཏུ་གནས་པའི་ཕྱིར་རོ། །རྟེན་དང་བརྟེན་པའི་ཐབས་ཤེས་ནི་རྟེན་སྣོད་ཀྱི་འཇིག་རྟེན་ཐབས་སུ་བརྗོད་པ་ན་བརྟེན་པ་སེམས་ཅན་ཤེས་རབ་དང་སེམས་ཅན་ཐབས་སུ་བརྗོད་པ་ན་སྣོད་ཀྱི་འཇིག་རྟེན་ཤེས་རབ་སྟེ། ལྟོས་པའི་དབང་གིས་སྣོད་བཅུད་དུ་བརྗོད་པའི་ཕྱིར་རོ། །དེ་ལྟར་ན་ཐབས་ཤེས་ཀྱི་རང་བཞིན་བཅུ་པོ་འདིས་མཚོན་ནས་སྣང་སྲིད་མ་ལུས་པ་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གསུངས་ཤིང་། འདི་ལ་བརྟེན་ནས་རྒྱས་བཏབ་ཐམས་ཅད་ཀྱང་ཐབས་ལ་ཤེས་རབ་ཀྱིས་རྒྱས་བཏབ་པར་ཤེས་པར་བྱའོ། །འདིར་རང་འགྲེལ་ལས། དུས་ཀྱི་ནས་ཞེས་བྱའོའི་བར་གྱིས་དུས་འཁོར་ལས་ལྷ་ཡབ་ཡུམ་འཁྱུད་པ་རིགས་གཞན་གྱི་རྒྱས་གདབ་ཏུ་གསུངས་པའི་ཚུལ་དང་། གཡས་གཡོན་ནས་མ་བྲིས་སོའི་བར་གྱིས་དགྱེས་རྡོར་སོགས་རྒྱུད་སྡེ་གཞན་དུ་མ་ལས་གཡས་གཡོན་དང་ལུས་སེམས་ཀྱི་རྒྱས་གདབ་ལ་མ་ལོག་པའི་རྒྱས་གདབ་དང་། སྣང་མཐའ་ལ་རིན་འབྱུང་དང་དོན་གྲུབ་ལ་སྣང་མཐས་རྒྱས་བཏབ་པ་རྒྱུ་འབྲས་ཀྱི་རྒྱས་བཏབ་དང་། དཀར་དམར་དང་ཟླ་ཉི་དང་རྟེན་བརྟེན་པའི་རྒྱས་བཏབ་ལ་བདེ་སྟོང་གི་རྒྱས་གདབ་ཏུ་གསུངས་ཀྱང་ལུང་ཚིག་དངོས་སུ་མ་བྲིས་པར་བསྟན་པའོ། །གཉིས་པ་ནི། ཤེས་རབ་ཅེས་སོགས་རྐང་པ་གསུམ་སྟེ། ཐབས་གཙོ་བོར་བསྟན་པའི་ཆ་ནས་ཕ་རྒྱུད་དམ་ཐབས་ཀྱི་རྒྱུད་དང་། ཤེས་རབ་གཙོ་བོར་བསྟན་པའི་ཆ་ནས་མ་རྒྱུད་དམ་ཤེས་རབ་ཀྱི་རྒྱུད་ཅེས་ཐ་སྙད་དུ་བརྗོད་ཀྱི་དོན་ལ་ནི་བླ་མེད་ཀྱི་རྒྱུད་ཀུན་ཀྱང་ཐབས་ཤེས་གཉིས་སུ་མེད་པའི་རང་བཞིན་ཡིན་པས་གཉིས་མེད་ཀྱི་རྒྱུད་ཁོ་ན་ཏེ། ཀྱཻ་རྡོར་ལས། ཐབས་དང་ཤེས་རབ་གཉིས་མེད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་དང་། གང་ཕྱིར་ཐབས་ནི་འབྱུང་བ་ཉིད། །འཇིག་པ་ཤེས་རབ་སྲིད་མཐར་ཕྱེད། །ཅེས་གསུངས་ལ། གསང་འདུས་ལས་ཀྱང་། རྣལ་འབྱོར་ཐབས་ཀྱི་ཚུལ་མིན་ཞིང་། །ཤེས་རབ་གཅིག་པུ་ཉིད་ཀྱང་མིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། ཤེས་འབྱུང་བས་སོ། །གསུམ་པ་ནི། མིག་ནི་སོགས་ཚིགས་བཅད་གསུམ་སྟེ། འདི་ནི་དུས་ཀྱི་འཁོར་ལོ་ལས་རྒྱ་ཆེར་གསུངས་བ་རྣམས་བསྡུས་པ་ཡིན་ལ། དེ་ཡང་མིག་ནི་ཐབས་སུ་གྱུར་པ་ན་གཟུགས་ཤེས་རབ་བོ། །གཟུགས་ནི་ཐབས་སུ་གྱུར་བ་ན་མིག་ཤེས་རབ་བོ། །དེ་བཞིན་དུ་རྣ་བ་དང་སྣ་ནས་ཡིད་དང་ཆོས་ཀྱི་བར་དུ་ཐབས་ཤེས་སུ་སྦྱར་ཞིང་དེ་དག་གི་རྣམ་པར་ཤེས་པ་རྣམས་ཀྱང་ཡུལ་དང་ཕན་ཚུན་ཐབས་ཤེས་སུ་ཤེས་པར་བྱའོ། །དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་མིག་སོགས་དྲུག་སའི་སྙིང་པོ་སོགས་ཐབས་སུ་གསུངས་ནས། གཟུགས་ལ་སོགས་པ་སྦྱོར་བ་སྒོམ་ཞེས་གཟུགས་རྡོ་རྗེ་མ་དང་སྒྲ་རྡོ་རྗེ་མ་སོགས་ཤེས་རབ་ཏུ་གསུངས་སོ། །གཞན་ཡང་རྩ་རོ་མ་ཐབས་སུ་གྱུར་པ་ན་དེའི་ནང་ནས་འབྱུང་བའི་རླུང་ཤེས་རབ་བོ། །རྩ་རྐྱང་མ་ཤེས་རབ་ཏུ་གྱུར་པ་ན་དེའི་ནང་ནས་འབྱུང་བའི་རླུང་ནི་ཐབས་སོ། །སྐྱེས་བུ་ཐབས་སུ་གྱུར་པ་ན་སེམས་བུད་མེད་ལ་འཇུག་པས་ཤེས་རབ་དང་བུད་མེད་ཤེས་རབ་དུ་གྱུར་པ་ན་སེམས་ནི་སྐྱེས་པ་ལ་འཇུག་པས་ཐབས་སོ། །དབུས་ནི་ཤེས་རབ་ཏུ་བརྗོད་པ་ན་ཕྱོགས་རྣམས་ནི་ཐབས་སོ། །དོན་དམ་པ་ཐབས་སུ་བརྗོད་པ་ན་ཀུན་རྫོབ་ནི་ཤེས་རབ་བོ། །འགྲེལ་པར། དོན་དམ་པ་སྟོང་པ་ཉིད་ཤེས་རབ་ཏུ་གསུངས་པ་ལ་འདིར་དོན་དམ་ཐབས་སུ་བརྗོད་པའི་རྒྱུ་མཚན་ཏུ། གང་གིས་སོགས་དབུ་མའི་ཚིག་རྐང་གསུམ་དྲངས་པའི་དོན་ནི། མ་བརྟགས་གཅིག་པུར་ཉམས་དགའ་བའི་རྟེན་འབྲེལ་སྣང་ཙམ་འདི་ཐུབ་པས་ཡང་དག་པར་ན་རང་བཞིན་གྱིས་སྟོང་པར་གཟིགས་པའི་རྒྱུ་མཚན་གྱིས་འགྲོ་བ་རྣམས་ཀྱང་སྟོང་པར་མཁྱེན་པས་ན། སྣང་བ་དང་སྟོང་པ་དབྱེར་མེད་པའི་ཕྱིར་ཐབས་དང་ཤེས་རབ་ཀྱང་ངོ་བོའི་སྒོ་ནས་དབྱེ་བ་མེད་པར་བཞེད་པ་སྟེ། དཔལ་ཕྲེང་གི་མདོ་ལས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ལ་བརྟེན་ནས་རྣམ་པར་གྲོལ་བ་ཐོབ་པ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པའི་ཐབས་ལགས་སོ། །ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་དེ་ལས་གོ་བཟློག་པ་སྔར་ཐབས་སུ་བརྗོད་པ་རྣམས་ཤེས་རབ་དང་ཤེས་རབ་ཏུ་བརྗོད་པ་རྣམས་ཐབས་སུ་བཤད་པའང་ལྟོས་པའི་དབང་གིས་འཐད་པ་ཡིན་ནོ། །དེས་ན་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་ལྟོས་པའི་དབང་གིས་ཐབས་ཤེས་སུ་འགྱུར་བ་ཡིན་ལ། རང་གི་ངོ་བོས་ནི་ཀུན་རྫོབ་ཀྱི་བདེན་པ་ཐབས་དང་དོན་དམ་པའི་བདེན་པ་ལ་ཤེས་རབ་དུ་བཞེད་པ་སྟེ། འགྲེལ་པར་ཁྱད་པར་དུ་ནས་ཡིན་ནོ་ཞེས་གསུངས་པས་སོ། །དེ་ལ་སོགས་པ་ཕྱི་ནང་གཞན་གསུམ་སྣང་སྲིད་འཁོར་འདས་ཐམས་ཅད་ལ་ཐབས་ཤེས་ཀྱི་ཚུལ་དཔག་ཏུ་མེད་པ་སྦྱར་བ་ཤེས་པར་བྱའོ། །གཞན་ཡང་ཁ་དོག་སེར་ནག་དང་དཀར་དམར་ཐབས་ཤེས་དང་། །ཡོན་ཏན་རོ་དང་གཟུགས་ལ་སོགས་པའི་ཐབས་ཤེས་ཀྱི་རིམ་པ་རྣམས་ནི་རླུང་དུ་ཇི་སྐད་བསྟན་པ་བཞིན་དུ་རྒྱུད་ལས་གསུངས་པས་འདིར་མ་སྤྲོས་སོ། །ཡོན་ཏན་ཞེས་པའི་འབྲུ་གནོན་ལ་ཊཱིཀ་བྱེད་འགའ་ཞིག་གིས། དེ་ལྟར་བསྒོམས་པའི་ཡོན་ཏན་ཞེས་དང་། ཡོན་ཏན་ནི་ཆུས་སྣུམ་པ་ལ་སོགས་པ་ཡིན་པར་ཤེས་པར་བྱའོ། །ཞེས་བྲིས་པ་ནི། ཡོན་ཏན་གྱི་ཐབས་ཤེས་དང་རླུང་བསྒོམས་པའི་ཡོན་ཏན་ནོར་བའི་ཚིག་གོ །དེ་ལྟར་ཐབས་ཤེས་ཀྱི་རྣམ་པར་གཞག་པ་མཐའ་ཡས་པ་གསུངས་པ་ཐམས་ཅད་སྣང་བ་སེམས་དང་སེམས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་སྤྲོས་ན་སྣ་ཚོགས་པར་སྣང་ཀྱང་བསྡུས་ན་ལྷན་ཅིག་སྐྱེས་པ་འབའ་ཞིག་གི་རང་གདངས་སུ་ཤེས་པར་བྱའོ། །བཞི་པ་སྐྱེད་རྫོགས་ཀྱི་ངེས་པ་ནི། དབྱིབས་སྐུ་སོགས་ཚིགས་བཅད་ཕྱེད་དང་གསུམ་སྟེ། དབྱིབས་སུ་སྣང་བ་ཐམས་ཅད་སྐུ་དང་རླུང་དང་རྗོད་པ་ཐམས་ཅད་སྔགས་ཏེ་དེ་དག་ནི་སྐྱེད་པའི་རིམ་པ་དང་། ཐིག་ལེ་དང་ནཱ་ད་སོགས་ལ་དམིགས་ནས་ཡིད་ཀྱིས་སེམས་པ་ཐམས་ཅད་ནི་ཐིག་ལེ་རྫོགས་པའི་རིམ་པ་སྟེ། དྲི་མ་མེད་པའི་འོད་ལས། འདིར་ཇི་ལྟར་མངལ་གྱི་ལུས་རྫོགས་པ་དེ་ལྟར་ལྷ་རྫོགས་པ་དཀྱིལ་འཁོར་རྒྱལ་མཆོག་སྟེ། བསྙེན་པའི་ཡན་ལག་གོ །ཇི་ལྟར་ངག་རྫོགས་པ་དེ་ལྟར་ལས་རྒྱལ་མཆོག་སྟེ་ཉེ་བའི་སྒྲུབ་པའོ། །ཇི་ལྟར་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྫོགས་པ་དེ་ལྟར་ཐིག་ལེའི་རྣལ་འབྱོར་ཏེ་སྒྲུབ་པའོ། །ཇི་ལྟར་ཁུ་བ་འཛག་པའི་བདེ་བ་བསྐྱེད་པ་དེ་ལྟར་ཕྲ་མོའི་རྣལ་འབྱོར་ཏེ་སྒྲུབ་པ་ཆེན་པོའོ། །དེ་བཞིན་དུ་ཡན་ལག་བཞིའི་སྒྲུབ་པའི་ཐབས་ནང་གི་ལེའུར་གསུངས་ཏེ་ཡང་དག་པར་རྒྱས་པར་བསྟན་པའོ་ཞེས་གསུངས་པས་སོ། །སྦྱང་གཞིའི་སྒོ་ནས་རིམ་གཉིས་སུ་བཞག་པ་ནི་སྲིད་པར་སྐྱེ་བ་བསྐྱེད་པའི་རིམ་པ་ཞེས་བསྟན་པ་སྟེ་སྲིད་པར་འཆི་བ་ལ་རྫོགས་པའི་རིམ་པ་ཉིད་དུ་བསྟན་པ་ཡིན་ནོ། །འདི་ནི་འདུས་པ་སོགས་ཕ་རྒྱུད་ཀྱི་དགོངས་པ་སྟེ། རིམ་ལྔ་ལས། གང་ཞིག་སྐྱེ་བ་ཀུན་རྫོབ་བདེན་པ་སྟེ། །འཆི་བའི་མིང་ནི་དོན་དམ་བདེན་པ་ཡིན། །རིམ་གཉིས་འདི་དག་བླ་མའི་དྲིན་གྱིས་ནི། །སྙེད་པ་འདི་ཀྭེ་མ་འོངས་སངས་རྒྱས་ཡིན། །ཞེས་སོ། །ལམ་རང་གི་ངོ་བོའི་སྒོ་ནས་རིམ་གཉིས་སུ་བཞག་པ་ནི་རྟོག་པས་ཀུན་ཏུ་བཏགས་ཏེ་དབྱིབས་ལ་སོགས་པ་སྒོམ་པ་རྣམས་སྐྱེད་པའི་རིམ་པར་ཤེས་པར་བྱ་སྟེ། གཞན་དབང་ཡིད་ཀྱི་ཐིག་ལེ་དང་འབྲེལ་བ་རྣམ་པ་དང་བཅས་པ་རྣམས་བསྡུས་ནས་ཐིག་ལེ་དང་ནཱ་ད་ལ་སོགས་པ་རྣམ་པར་ཤེས་པ་ཙམ་ལ་སེམས་འཛིན་པ་ནི་རྫོགས་རིམ་དུ་བཤད་དོ། །འདི་ནི་ཀྱཻ་རྡོར་ལ་སོགས་པའི་དགོངས་པ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་བི་པ་དང་ཌོམྦྷི་པ་སོགས་ཀྱིས་བཞེད་དོ། །གཞན་ཡང་སྦྱང་འབྲས་ཀྱི་དབང་དུ་བྱས་ནས་ཐུན་མོང་བའི་དངོས་གྲུབ་ལ་བསྐྱེད་རིམ་དང་མཆོག་གི་དངོས་གྲུབ་ལ་རྫོགས་རིམ་དུ་བཤད་པ་ཡང་ཡོད་དེ། དེ་ནི་སེམས་འགྲེལ་སྐོར་གསུམ་ལ་སོགས་པའི་དགོངས་པའོ། །མཐར་ཐུག་པའི་གནས་ལུགས་ཀྱི་བསྐྱེད་རྫོགས་ཆེན་པོའི་དབང་དུ་བྱས་ནས་སྣང་བ་ལ་འཛིན་པ་ཐམས་ཅད་དང་བྲལ་བའི་ཀུན་རྫོབ་ཀྱི་བདེན་པ་ནི་བསྐྱེད་པའི་རིམ་པ་སྟེ་སངས་རྒྱས་ཀྱི་གཟུགས་སྐུ་བསྐྱེད་པར་བྱེད་པས་སོ། །སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་དོན་དམ་པའི་བདེན་པ་ནི་རྫོགས་པའི་རིམ་པར་བཤད་དེ་ཆོས་ཐམས་ཅད་དོན་དམ་དེ་ལ་རྫོགས་པས་སོ། །དེས་ན་ཇི་ལྟར་སྣང་བ་ཙམ་དེ་ཉིད་ལ་རྟོག་པས་མ་བསླད་པ་ཀུན་རྫོབ་དང་དེའི་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་དོན་དམ་སྟེ་བདེན་གཉིས་ཟུང་འཇུག་དབྱེར་མེད་ཆུའི་རྒྱུན་གྱི་རྣལ་འབྱོར་ལས་ནམ་ཡང་མ་གཡོས་པར་གནས་པ་ནི་སྐྱེད་རྫོགས་ཟུང་འབྲེལ་གྱི་ཉམས་ལེན་ནོ། །དེའི་ཕྱིར་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ་ཉམས་ལེན་ཐམས་ཅད་ཚངས་པར་རྒྱལ་བའི་དབང་པོ་བཞེད་དོ། །འདི་ནི་འཁོར་ལོ་སྡོམ་པ་ལ་སོགས་པ་མ་རྒྱུད་ཀྱི་དགོངས་པ་སྟེ། ཀུན་སྤྱོད་ལས། ང་ཡིས་སྔར་ནི་བཤད་པ་ཡི། །བདེན་པ་གཉིས་ལ་བརྟེན་པ་ཀུན། །རྣལ་འབྱོར་པ་ཡིས་དངོས་ཀུན་གྱི། །སྒོམ་པ་མངོན་པར་དགའ་བར་སྤྱོད། །སྤྲོས་པ་ཀུན་ལ་དམིགས་ནས་ནི། །སྤྲོས་པ་སྤྲོས་པ་མེད་པར་སྤྱོད། །རྒྱུད་རྣམས་ཀུན་དུ་གསང་བ་གང་། །མྱ་ངན་འདས་པ་དེ་ལ་བརྟེན། །རྒྱུད་འདི་ཡི་ནི་རྣལ་འབྱོར་པས། །བདེན་པ་གཉིས་ལ་ཡང་དག་སྟེན། །ཞེས་སོ། །གཞན་ཡང་བདེན་པ་གཉིས་ལ་འཇུག་པའི་ཐབས་རྣམས་བསྐྱེད་པའི་རིམ་པ་ཡིན་ཏེ་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་བསྐྱེད་པས་སོ། །དེ་ཉིད་དབྱེར་མེད་ཀྱི་ཤེས་རབ་སངས་རྒྱས་ཀྱི་སྙིང་པོ་ནི་རྫོགས་པའི་རིམ་པར་གསུངས་ཏེ། སྦྱང་གཞི་བདེ་གཤེགས་སྙིང་པོ་ལ་ཡོན་ཏན་དྲུག་བཅུ་རྩ་བཞི་ཡེ་གདོད་མ་ནས་རྫོགས་པ་ཉིད་སྒྲིབ་བྲལ་དུ་མངོན་དུ་གྱུར་པ་ལ་འབྲས་བུར་བཞག་པས་སོ། །དེ་ཡང་རྒྱུད་བླ་ལས། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པའི་དོན་ཏེ། ཚུལ་འདི་ཁོང་དུ་ཆུད་ན་བཀའ་རྒྱུད་རིན་པོ་ཆེ་བཞེད་པའི་གཞི་འབྲས་དབྱེར་མེད་ཀྱི་དོན་ལ་དཀའ་བ་མེད་དེ། །གཞི་དུས་ཀྱི་ཡོན་ཏན་དྲི་མ་དག་པས་འབྲས་བུར་བརྗོད་ཅིང་དེ་གཉིས་ཀྱི་ངོ་བོ་ལ་དབྱེ་བ་མེད་པ་ཉིད་དེའི་དོན་ཡིན་པར་རྒྱལ་བའི་དབང་པོ་བཞེད་དོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལ་སོགས་ཚིག་རྐང་དྲུག་སྟེ། ལེའུ་བརྒྱད་པ་འདིར་རྒྱས་པར་བཤད་པ་དེ་རྣམས་ལ་སོགས་པ་ཐབས་ཤེས་སུ་སྦྱོར་ཚུལ་དང་བསྐྱེད་རྫོགས་ལ་སོགས་པ་ཐམས་ཅད་ཀྱང་ཕྱི་དང་ནང་དང་གཞན་གསུམ་གྱི་རིམ་པས་གནས་ལུགས་ཀྱི་ཡེ་ཤེས་ཉག་གཅིག་ཏུ་སྦྱོར་བ་སྟེ་དེ་རྟོགས་པ་ནི་རྡོ་རྗེ་ཐེག་པའི་རྩ་བ་མདོར་བསྡུས་ཏེ་བརྗོད་པ་ཡིན་ནོ། །དཔེ་ཇི་ལྟར་ན་ཆོས་ཐམས་ཅད་ཨེ་བྃ་ཐབས་ཤེས་ཀྱི་གནས་ལུགས་སུ་བསྡུས་ནས་བཤད་པ་ཇི་ལྟ་བ་བཞིན་ཏེ། ཧེ་བཛྭ་ལས། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་བྃ་རྣམ་པར་རབ་ཏུ་གནས། །ཤེས་གསུངས་པ་ལྟར་རོ། །མདོར་ན་རྣལ་འབྱོར་པས་བདེན་པ་གཉིས་ཀྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་ལ་དངོས་པོར་འཛིན་པ་མེད་པའི་ངང་ནས་དྲི་མ་སྦྱང་བར་བྱའོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་གྱི་རྣམ་བཤད་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་ཕྲེང་བ་ཞེས་བྱ་བ་ལས། ཀུན་བརྟགས་ཀྱི་ལྷ་བསྐྱེད་པའི་རིམ་པ་བསྟན་པ་སྟེ་ལེའུ་བརྒྱད་པའི་བཤད་པའོ།། །།དེ་ལྟར་ལེའུ་བརྒྱད་པས་ཀུན་རྫོབ་ཀྱི་བདེན་པ་སྣང་བའི་ཆ་ལ་ཇི་ལྟར་སྣང་བ་ལྟར་ཞེན་པའི་འཁྲུལ་པ་བཅིངས་ཏེ་སྐུ་དང་ཞིང་ཁམས་སོགས་དག་པའི་སྣང་བ་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ཏུ་འཆར་བར་བྱ་བའི་ཕྱིར་བསྐྱེད་རིམ་གྱི་དུམ་བུ་བཤད་ནས། ད་ནི་ལེའུ་དགུ་པ་སྦྱང་གཞི་དང་སྦྱོང་བྱེད་སྦྱར་བའི་དུམ་བུ་བཤད་པར་བྱ་སྟེ། དེ་ལ་ལེའུའི་འབྲེལ་ནི། རང་གི་འགྲེལ་པ་ལས། དེ་ལྟར་རྩ་རླུང་བྱང་ཆུབ་ཀྱི་སེམས་དང་གནས་སྐབས་བཞི་དང་ཕྱི་འཇིག་རྟེན་གྱི་ཁམས་ཀྱི་སྣང་བ་ནང་དུ་སྦྱར་བ་དང་བཅས་པ་ནི་ཤེས་པར་བྱ་བའི་གཞི་ཡིན་ཞིང་དེ་ལ་ཀུན་བརྟགས་པའི་ལྷ་རྣམས་བསྒོམ་པའི་དོན་དང་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་བདེན་པ་གཉིས་ཀྱི་གནས་ལུགས་དོན་དམ་པ་ཆོས་ཉིད་ཀྱི་སྐུ་དང་རྩ་རླུང་ཐིག་ལེ་རྣམ་པར་རྟོག་པ་དང་བཞི་ཡེ་ཤེས་སུ་དག་པའི་ཆོས་ཐམས་ཅད་ཀྱི་ཚུལ་སྦྱར་བཤད་ཀྱིས་ནི་འཆིང་བར་བྱེད་པའི་ཐབས་བརྗོད་ནས། ཤེས་གསུངས་པ་ལྟར། ཀུན་རྫོབ་སྣང་བའི་ཆ་ལ་བརྟེན་པའི་འཁྲུལ་པ་རགས་པ་རྣམས་བསྐྱེད་རིམ་གྱིས་བཅིངས་ནས། དེ་ལས་གཞན་པའི་འཁྲུལ་པ་ཕྲ་རགས་མ་ལུས་པ་ས་བོན་དང་བཅས་པ་རྩད་ནས་གཅོད་པ་ལ་ལྷན་ཅིག་སྐྱེས་པ་ཟུང་འཇུག་གི་ལམ་ཕྱིན་ཅི་མ་ལོག་པར་ཤེས་པའི་ཕྱིར་དུ་དུམ་བུ་དགུ་པ་འདི་འཆད་པར་འབྲེལ་ལོ། །འདི་ལ་གཉིས། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་ནི། དེ་ནས་སོགས་རྐང་པ་གསུམ་སྟེ། བསྐྱེད་རིམ་བཤད་པའི་རྗེས་དེ་ནས་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལས་སྣང་བའི་ཚུལ་སྔར་བསྟན་པ་བཞིན་སྦྱང་གཞི་ཐམས་ཅད་ལ་སྦྱོང་བྱེད་ལྷའི་དཀྱིལ་འཁོར་སོགས་གསུངས་པའི་ངེས་པ་རྣམས་ནི་ལེའུ་དགུ་པ་འདིར་བསྟན་པར་བྱའོ། །གཉིས་པ་རྒྱས་བཤད་ལ་དྲུག ཡང་དག་པའི་བདེན་པ་གཉིས་བཤད་པ། དེའི་ཚུལ་མ་རྟོགས་པས་འཁྲུལ་པའི་ལོག་རྟོག་སྤང་པ། སྤང་གཉེན་གྱི་རྩ་བ། བྱེ་བྲག་ཏུ་རྒྱུད་སྡེའི་གཉེན་པོའི་ངེས་པ་མདོར་བསྟན། རྒྱས་བཤད། དེ་ཉིད་རྒྱུད་ཀྱི་ལྷ་ཐམས་ཅད་དང་སྦྱར་བའོ། །དང་པོ་ལ་གསུམ། བདེན་གཉིས་ཀྱི་ངོ་བོ། དེ་གསང་འདུས་ཀྱི་ལུང་དང་སྦྱར་བ། ཡང་དག་པའི་རྟོག་པ་བསྐྱེད་ཚུལ་ལོ། །དང་པོ་ནི། སེམས་ཅན་སོགས་རྐང་པ་གཉིས་ཏེ། སེམས་ཅན་གྱི་ཁམས་གཞི་དུས་ཀྱི་དག་པ་གཉིས་དང་ལྡན་པ་ནི་སངས་རྒྱས་ཀྱི་སྙིང་པོ་རང་བྱུང་གི་ཡེ་ཤེས་ཡིན་ནོ། །དེ་ཉིད་ཀྱི་ངོ་བོ་ནི་བདེན་པ་གཉིས་ཟུང་དུ་འཇུག་པ་དང་ལྡན་ཏེ། རང་བཞིན་གྱི་དྲི་མ་མེད་པའི་དོན་དམ་པའི་བདེན་པ་དང་དེའི་ཡེ་ཤེས་ཀྱི་རང་འོད་ཀུན་རྫོབ་གྱི་བདེན་པ་ཟུང་དུ་འཇུག་པས་སོ། །གཉིས་པ་ནི། འདི་ནི་སོགས་རྐང་པ་ལྔ་སྟེ། བདེ་བར་གཤེགས་པའི་སྙིང་པོ་ལ་བདེན་གཉིས་ཟུང་འཇུག་ཏུ་གནས་པའི་ཚུལ་འདི་ནི་གསང་བ་འདུས་པའི་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། ཀུན་རྫོབ་ནི་གཟུང་འཛིན་གྱི་སྣང་བ་སྟེ་དོན་ལ་མེད་བཞིན་དུ་རྟོག་པས་ཀུན་དུ་བརྟགས་པ་སྣོད་བཅུད་ལ་སོགས་པའི་སྣང་བ་དང་བདེན་པ་ནི་སྣང་ཡང་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུར་གསུངས་པས་བློ་འཁྲུལ་པའི་ངོར་བདེན་པ་ཙམ་ཡིན་ལ། དོན་དམ་པ་ནི་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་ཉིད་བཅོ་བརྒྱད་ཀྱི་རྣམ་པར་བཤད་པའི་རང་བཞིན་སྟོང་པ་ཉིད་དང་བདེན་པ་ནི་གཟུང་འཛིན་གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་ལ་བརྗོད་དེ། དོན་དམ་དུའང་ཡོད་པའོ། །ཇི་སྐད་དུ་རྒྱུད་དེ་ཉིད་ལས། བདེན་པ་རྣམ་པ་གཉིས་ཀྱི་དགོངས་པ་ནི་འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པའོ། །རིགས་ཀྱི་བུ་ཀུན་རྫོབ་ནི་བརྟན་པ་དང་གཡོ་བའོ། །དེའི་བདེན་པ་ནི་ཆུ་ཟླ་ལྟ་བུའོ། །དོན་དམ་པའི་བདེན་པ་ནི་སྟོང་པ་ཆེན་པོ་བཅོ་བརྒྱད་དོ། །དེའི་མཐའ་ནི་གནས་སོ། །ཞེས་གསུངས་པས་སོ། །གསུམ་པ་ནི། དེར་རྟོག་སོགས་རྐང་པ་གསུམ་སྟེ། བདེན་གཉིས་ཟུང་འཇུག་དབྱེར་མེད་ལྷན་ཅིག་སྐྱེས་པའི་ཚུལ་འདི་ཕྱིན་ཅི་མ་ལོག་པར་ཉམས་སུ་བླངས་པ་ལ་བརྟེན་ནས་གཉེན་པོ་ཡང་དག་པའི་རྟོག་པ་དང་ཕྱིན་ཅི་མ་ལོག་པའི་ལྟ་བ་མངོན་སུམ་དུ་རྟོགས་པར་འགྱུར་བས། བདེན་གཉིས་ཟུང་འཇུག་དེར་རྟོག་པར་བྱེད་པའི་ཡང་དག་པའི་རྟོག་པས་བསྐྱེད་པའི་གཉེན་པོ་ཡེ་ཤེས་ནི་གཟུང་འཛིན་གྱི་རྣམ་རྟོག་སྦྱོང་བར་བྱེད་པའི་ཐབས་ཡིན་པར་བཤད་ལ། སྦྱང་གཞི་དང་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་རྣམས་གྲངས་མཐུན་པའི་ཕྱིར། སྦྱང་གཞིའི་གྲངས་ཇི་ལྟ་བ་བཞིན་དུ་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་དང་བཅས་པའི་ཆོས་ཀུན་ཀྱང་དེ་དང་མཚུངས་པར་རྒྱུད་སྡེ་དུ་མ་ལས་བསྟན་ཞིང་དེ་ལྟ་བུས་དྲི་མ་སྦྱོང་བའི་ཚུལ་འཐད་པ་དང་བཅས་པ་གསུངས་སོ། །འདིར་ཊཱིཀ་བྱེད་ཁ་ཅིག་གིས། བདེན་གཉིས་ཀྱི་གནས་ཚུལ་ལ་ལོག་པར་འཛིན་པའི་རྟོག་པ་ནི་ཀུན་རྫོབ་ཀྱི་བདེན་པ་གང་ལ་ཇི་ལྟ་བ་བཞིན་དུ་མ་གྲུབ་པ་ལ་དེར་རྟོག་པར་བྱེད་པའི་རྣམ་པར་རྟོག་པས་བསྐྱེད་ནས་སྦྱང་གཞི་དེ་ལ་སྒྲིབ་པའི་ལས་དང་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྣ་ཚོགས་འབྱུང་ཞིང་། དེ་སྦྱོང་བར་བྱེད་པའི་གཉེན་པོ་ནི་གོང་དུ་བཤད་པའི་མོས་པ་ལ་སོགས་པ་རྣམས་ཡིན་པར་བཤད་ཅིང་། ཞེས་བྲིས་པ་ནི་གཞུང་གི་དགོངས་པ་མ་ཡིན་ཏེ། སྔ་འགྲེལ་དུ་བདེན་གཉིས་ཟུང་འཇུག་དབྱེར་མེད་ལྷན་ཅིག་སྐྱེས་པའི་ཚུལ་རྒྱས་པར་བཤད་དེ། ཚུལ་འདི་ལྟ་བུ་ལ་བརྟེན་ནས་ཡང་དག་པའི་རྟོག་པ་དང་ལྟ་བ་འབྱུང་བས་ཞེས་མཚམས་སྦྱར་བ་དང་དངོས་སུ་འགལ་བའི་ཕྱིར་དང་། གཉེན་པོ་ཞེས་པ་མོས་སོགས་ལ་སྙེག་པ་མ་ཡིན་པར་ཡང་དོན་གྱིས་གོ་བས་སོ། །སྦྱང་གཞིའི་གྲངས་བཞིན་ཆོས་ཀུན་བསྟན་ཞེས་པ་གསུང་རབ་ཀུན་ལས་བསྟན་པར་བཤད་པ་ཡང་དགོངས་པ་མ་ཡིན་ཏེ། གཞུང་དེའི་ཚིག་དོན་སྔ་འགྲེལ་དུ་འཆད་པ་ན་དཔེ་དགུས་ཤེས་པ་ནས་བཅས་པ་གསུངས་པའི་ཞེས་འབྱུང་བ་ལ་མ་བརྟགས་པར་ཟད་པས་སོ། །དེ་ལྟར་རྩ་བའི་ཚིག་གི་དོན་མདོ་ཙམ་བཤད་ནས། ད་ནི་དེ་དག་རང་གི་འགྲེལ་པས་རྒྱས་པར་བཤད་པ་ཉིད་མདོར་བསྡུས་ནས་བཀྲོལ་བར་བྱ་སྟེ། གཞུང་འདི་རྣམས་ཀྱི་སྔ་འགྲེལ་དུ། རྡོ་རྗེ་ཐེག་པ་ནས་སྨོས་སོའི་བར་གྱིས། རྡོ་རྗེ་ཐེག་པ་ཆེན་པོ་བདེ་གཤེགས་སྙིང་པོ་ལ་འབྲས་བུ་ཡེ་ཤེས་དང་རྒྱུ་གཉེན་པོའི་ཤེས་པ་རྣམ་པར་དཀར་བ་དབྱེར་མེད་ལྷུན་གྲུབ་ཏུ་གནས་པས་དེ་ཉམས་སུ་ལེན་པའི་གསང་སྔགས་ཀྱི་ཐེག་པ་ལ་འབྲས་བུ་ལམ་དུ་བྱེད་པ་ཞེས་སྨོས་སོ་ཞེས་འབྲས་བུའི་ཐེག་པའི་སྒྲ་དོན་བཤད་ནས། དོན་དམ་པར་ནས་བརྗོད་པའི་བར་གྱིས་འབྲས་བུ་ལམ་དུ་བྱེད་པ་ཞེས་པ་ཡང་ཀུན་རྫོབ་ཙམ་དུ་ཡིན་གྱི། དོན་དམ་པར་རྒྱུ་འབྲས་ལམ་གསུམ་མིང་དོན་ལ་རྟོག་པ་དང་བཅས་པ་སྒྲོ་བཏགས་ཙམ་ཡིན་པས་དོན་ལ་མེད་ཅིང་། གང་ཡོད་ན་རྟོག་པ་ལས་འདས་པའི་སེམས་ཅན་གྱི་ཁམས་བདེ་གཤེགས་སྙིང་པོ་ནི་ཡོད་པས་ཤེས་གསུངས་པ་ནི་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་སེམས་ཉིད་ཆོས་ཀྱི་སྐུ་སྤྲོས་པའི་དྲ་བ་ཐམས་ཅད་ལས་འདས་པ་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ་པའི་རང་བཞིན་ཅན་དེ་ནི་དོན་དམ་པའི་བདེན་པར་ཡོད་ཅེས་པའི་དོན་ཡིན་གྱི། བདེ་གཤེགས་སྙིང་པོ་བདེན་གྲུབ་རྟག་བརྟན་ཐེར་ཟུག་ཏུ་བསྟན་པ་ནི་མ་ཡིན་ནོ། །རིག་གཞུང་རྒྱ་མཚོ་ལས། གཉིས་མེད་ཀྱི་ཡེ་ཤེས་དོན་དམ་པའི་བདེན་པར་གྲུབ་པར་གསུངས་པ་ཡང་། དེ་དོན་དམ་བདེན་པ་ཡིན་པར་གྲུབ་ཅེས་པའི་དོན་ཡིན་གྱི། དེ་བདེན་གྲུབ་རྟག་བརྟན་ཐེར་ཟུག་ཏུ་བཞེད་པ་མ་ཡིན་ནོ། །ཁ་ཅིག། དོན་དམ་པའི་བདེན་པར་གྲུབ་ན་བདེན་པར་གྲུབ་དགོས་སོ་སྙམ་པ་དེ་དག་ནི་མ་བརྟགས་པ་སྟེ། བདེན་པ་ཞེས་པའི་མིང་ཙམ་ལ་འཁྲུལ་པར་ཟད་པས་སོ། །དཔེར་ན། ཀུན་རྫོབ་པའི་བདེན་པར་གྲུབ་ཀྱང་བདེན་པར་གྲུབ་མི་དགོས་པ་བཞིན་ནོ། །དེའི་ཕྱིར། དིང་སང་གི་གཞན་སྟོང་སྨྲ་བ་ཕལ་དང་། དཔལ་རང་བྱུང་གི་བཞེང་པ་ལ་ཁྱད་པར་ཡོད་པ་སྟེ། བདག་གི་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། རང་སྟོང་གཞན་སྟོང་མི་འགལ་ཞེས་གསུང་པའང་དོན་འདི་ཐུགས་སུ་བྱོན་པའི་ལེགས་པར་བཤད་པའོ། །དེ་ལྟར་ན་མཐའ་བྲལ་ཆེན་པོ་སྣང་སྟོང་དབྱེར་མེད་བདེན་གཉིས་ཟུང་འཇུག་ཏུ་ཡོད་པའི་སངས་རྒྱས་ཀྱི་སྙིང་པོ་དེའི་ཚུལ་བརྗོད་པར་བྱའོ་ཞེས་མཚམས་སྦྱར་ནས་ཕྱི་འགྲེལ་དུ། དེ་ལ་ནས་གྱུར་ཏོའི་བར་གྱིས། བདེ་གཤེགས་སྙིང་པོ་ནི་ལེའུ་དང་པོར་བཤད་པའི་ཚོགས་བརྒྱད་ཀྱི་རང་གི་ངོ་བོ་མ་འཁྲུལ་བ་དེ་ཉིད་དེ། །དེ་ཡང་ཚོགས་བརྒྱད་སོ་སོར་མ་འདྲེས་པ་ཀུན་རྫོབ་དང་རང་ངོ་མ་འཁྲུལ་བ་དོན་དམ་སྟེ་བདེན་གཉིས་ཟུང་འཇུག་ཡིན་ཀྱང་། བདེན་གཉིས་ཀྱི་དོན་མ་རྟོགས་པ་རྣམས་མ་བརྟགས་གཅིག་པུར་ཉམས་དགའ་བའི་རྟེན་འབྲེལ་གྱི་ཚུལ་ལ་རྨོངས་ནས་རྟག་ཆད་སོགས་མཐར་འཛིན་གྱི་ལྟ་བས་འཁོར་བར་འཁོར་རོ་ཞེས་བདེན་གཉིས་མ་རྟོགས་པའི་ཉེས་དམིགས་བརྗོད་དེ་བདེན་གཉིས་ཟུང་འཇུག་གི་ཚུལ་ལ་བསླབ་དགོས་པར་བསྟན་ནས། དེའི་ཤེས་བྱེད་དུ་ཐེག་ཆེན་ཉི་ཤུ་པའི་ལུང་ཤོ་ལོ་ཀ་དང་པོས་སྒྱུ་མ་མཁན་གྱིས་སྒྱུ་མ་སྤྲུལ་པ་བདེན་པར་མེད་ཀྱང་གཞན་དག་བདེན་ཞེན་གྱིས་སྤྱོད་པ་བཞིན་དུ་འགྲོ་བ་རྣམས་སྣང་ཡང་བདེན་མེད་སྒྱུ་མའི་རང་བཞིན་ཡིན་ལ། སྒྱུ་མའི་སྣང་བ་སྔགས་དང་རྫས་ལ་བརྟེན་པ་བཞིན་དུ་མ་རིག་པ་ལ་བརྟེན་ནས་འཁྲུལ་པའི་སྣང་བ་འབྱུང་བ་དང་། དེ་ནས་གཅིག་གིས། རི་མོ་མཁན་རང་གིས་བྲིས་པའི་གནོད་སྦྱིན་གྱི་གཟུགས་ལ་སྔངས་སྐྲག་སྐྱེ་བ་ལྟར་འཁོར་བ་པ་རྣམས་རང་སྣང་ལ་འཁྲུལ་པ་དང་། དེ་ནས་གཅིག་གིས། བྱིས་པ་རང་གིས་གཡོས་པའི་འདམ་དུ་རང་བྱིང་བ་ལྟར་སེམས་ཅན་རྣམས་རང་གིས་བརྟགས་པའི་རྣམ་རྟོག་གི་འདམ་ནས་ཐར་པའི་སྐམ་སར་འབྱུང་མི་ནུས་པ་སྟེ། དཔེ་དོན་སྦྱར་བ་གསུམ་དང་། དེ་ནས་གཅིག་གིས། དངོས་མེད་ལ་དངོས་པོར་ཞེན་པ་སོགས་ལོག་ལྟས་འཁོར་བར་སྡུག་བསྔལ་མྱོང་ཞིང་གཟུང་འཛིན་གྱི་རྟོག་པའི་དུག་གིས་འཁོར་བར་བཅིངས་སོ་ཞེས་དཔེ་གསུམ་པོས་མཚོན་པའི་དོན་ཉིད་གསལ་བར་གསུངས་པའོ། །དེ་ལ་ལྟོས་ནས་ཡིན་ནོའི་བར་ནི། བཤད་ཟིན་པའི་དོན་དམ་པར་ན་རྒྱུ་དང་འབྲས་བུ་དང་ཞེས་སོགས་ཀྱི་འཕྲོས་དོན་ཏེ། དོན་དམ་དུ་འབྲས་བུ་སངས་རྒྱས་ཐོབ་པ་མེད་ན་འབྲས་བུ་བསྒྲུབ་པའི་ཕྱིར་དུ་འབད་པ་བྱས་པ་དོན་མེད་པར་འགྱུར་རོ། །ཞེ་ན། འཁྲུལ་པ་དེ་སངས་པ་ལ་ལྟོས་ནས་སངས་རྒྱས་འཐོབ་པོ་ཞེས་ཀུན་རྫོབ་ཙམ་དུ་གསུངས་ཏེ། ལུང་དེ་ལས། དེ་དག་སྙིང་པོ་མེད་མཐོང་བས། །ཤེས་རབ་སྙིང་རྗེའི་ཡིད་ཀྱིས་ནི། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །རྫོགས་སངས་རྒྱས་ལ་སྦྱར་བར་བྱ། །དེས་ཀྱང་ཚོགས་བསགས་ཀུན་རྫོབ་ཏུ། །བླ་ན་མེད་པའི་བྱང་ཆུབ་འཐོབ། །རྟོག་པའི་འཆིང་བ་རྣམས་ལས་གྲོལ། །ཞེས་འབྱུང་བས་སོ། །འོ་ན་ནས་གསུངས་པ་སྟེའི་བར་ནི། སེམས་ཅན་དང་སངས་རྒྱས་སོགས་འཁོར་འདས་སུ་སྣང་བ་དང་དེར་བརྟགས་པ་ཐམས་ཅད་ཀུན་རྫོབ་ཀྱི་དབང་དུ་བྱས་པ་ཡིན་ན། སྔགས་ལུགས་ཀྱི་དོན་དམ་བདེན་པ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་གསང་འདུས་རྩ་རྒྱུད་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པས་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པས། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་ཤིང་། དེའི་དོན་འཆད་པ་ལ་བྱང་ཆུབ་སེམས་འགྲེལ་དུ། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་པོ་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་ཤིང་། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །ཅེས་ལྷན་ཅིག་སྐྱེས་པ་ཉིད་ལ་དོན་དམ་བདེན་པར་བཤད་ཅིང་མིང་གི་རྣམ་གྲངས་སུ་དོན་དམ་བྱང་ཆུབ་ཀྱི་སེམས་ཤེས་ཀྱང་གསུངས་སོ། །དེ་ལྟར་ནས་སྨོས་ཏེ་ཞེས་ཁུངས་དང་རྩ་ཚིག་སྨོས་ཤིང་། ཀུན་རྫོབ་ནི་ཐམས་ཅད་ནས་གསུངས་སོའི་བར་གྱིས། ཀུན་རྫོབ་བདེན་པ་ཞེས་པའི་ཀུན་རྫོབ་ཀྱི་གོ་དོན་རྫུན་པར་བཤད་ནས་རྫུན་སྣང་ཀུན་བརྟགས་རྣམས་ཡེ་ནས་མེད་པའི་ཤེས་བྱེད་དུ། དོན་དང་སོགས་དབུས་མཐའི་ལུང་དྲངས་ཤིང་། འོ་ན་བདེན་པ་སོགས་དོགས་པ་བཀོད་དེ། མེད་བཞིན་དུ་ནས་ཕྱིར་རོ་ཞེས་དོན་དམ་དུ་མེད་ཀྱང་ཀུན་རྫོབ་ཙམ་དུ་སས་བརྟན་པ་དང་ཆུས་གཤེར་བ་སོགས་རང་རང་གི་བྱེད་ལས་ལ་བསླུ་བ་མེད་པའི་རང་གི་ངོ་བོ་ཉིད་ཡིན་པས་ཀུན་རྫོབ་ཀྱི་བདེན་པར་བཞག་གོ་ཞེས་དོགས་པ་བཅད་དོ། །འོ་ན་དེ་ཉིད་ནས་ཞེ་ནའི་བར་གྱིས་མེད་བཞིན་དུ་སྣང་ཙམ་དེ་ཆོས་ཅན། དོན་དམ་བདེན་པ་ཡིན་པར་ཐལ། སླུ་བ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །ཞེས་གསུངས་པའི་ཕྱིར། ཞེས་ཐལ་བ་བཀོད་ནས། འདི་ཡང་ནས་ཡིན་ནོའི་བར་གྱིས་དོན་བྱེད་ནུས་པ་ལ་རྣམ་གྲངས་པའི་དོན་དམ་བདེན་པར་བཤད་པ་ཡོད་ཀྱང་དོན་དམ་དཔྱོད་བྱེད་ཀྱི་རིག་ངོར་སྟོང་ཉིད་བཅོ་བརྒྱད་ཀྱི་རྣམ་པར་བཤད་པའི་རང་བཞིན་སྟོང་ཉིད་སྔར་བདེན་པ་གཉིས་མེད་ཡེ་ཤེས་བརྗོད་ཅེས་སྨོས་པ་དེ་ཉིད་དོན་དམ་བདེན་པ་མཚན་ཉིད་པར་བཤད་ཅིང་། ཡེ་ཤེས་སྙིང་པོའི་ལུང་ལ་བརྟེན་ནས་སྣང་བ་ཀུན་རྫོབ་བདེན་པ་དང་གནས་ཚུལ་དོན་དམ་བདེན་པར་ཞལ་གྱིས་བཞེས་ལ། ཀུན་རྫོབ་དེ་ལ་ནས་གསུངས་པའི་ཕྱིར་ཞེས། སྣང་བ་ཀུན་རྫོབ་ཀྱི་བདེན་པ་ལ་ཡང་སློབ་པ་འཕགས་པ་ལ་ལྟོས་ནས་ཀུན་རྫོབ་ཙམ་དང་སོ་སོ་སྐྱེ་བོ་ལ་ལྟོས་ནས་ཀུན་རྫོབ་བདེན་པ་གཉིས་སུ་དབྱེ་བར་བཞེད་ནས་བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། ཤེས་གསུངས་སོ། །འདིའི་དོན་ལ། རྟོག་གེའི་མདུན་སར་དབུ་ཚད་སྨྲ་བ་ཕལ་ཆེར་ནི་འདི་སྐད་དུ། མིག་ཤེས་མ་འཁྲུལ་བ་ལ་ཆུ་སྣང་བ་དང་། སྨིག་རྒྱུ་ལ་ཆུར་སྣང་བ་དག་སྣང་ཚུལ་ལ་ཆུར་སྣང་དུ་འདྲ་ཡང་། མིག་ཤེས་མ་འཁྲུལ་བ་ལ་སྣང་བའི་ཆུ་དེ་རླན་ཞིང་གཤེར་བ་སོགས་ཆུའི་དོན་བྱེད་དག་ནུས་པའི་ཕྱིར་ན་ཡང་དག་ཀུན་རྫོབ་དང་། སྨིག་རྒྱུ་ལ་ཆུར་སྣང་བའི་མིག་ཤེས་ལ་སྣང་བའི་ཆུ་དེས་རླན་ཞིང་གཤེར་བ་སོགས་ཆུའི་དོན་བྱེད་མི་ནུས་པའི་ཕྱིར་ན་ཡང་དག་པ་མ་ཡིན་པ་ལོག་པའི་ཀུན་རྫོབ་སྟེ་ཀུན་རྫོབ་ལ་ཡང་ལོག་གཉིས་ནི་དབྱེ་བ་བྱས་སོ། །ཞེས་འཆད་མོད། བརྒྱུད་པ་འདིའི་བླ་མ་གོང་མ་རྣམས་ཀྱི་གསུང་སྒྲོས་ལས། ཀུན་རྫོབ་ཀྱི་སྣང་བ་འདི་སྐྱེ་འཕགས་གཉིས་ཀ་ལ་སྣང་ཙམ་དུ་འདྲ་ཡང་འཕགས་པས་སྣང་ལ་རང་བཞིན་མེད་པར་ཤེས་པས་འབྲས་བུ་མྱ་ངན་ལས་འདས་པའི་དོན་བྱེད་ནུས་པའི་ཕྱིར་ན་འཕགས་པ་ལ་ཡང་དག་པའི་ཀུན་རྫོབ་དང་། སྐྱེ་བོས་སྣང་བདེན་དུ་བཟུང་ནས་མངོན་པར་ཞེན་པས་མྱང་འདས་ཀྱི་དོན་བྱེད་མི་ནུས་པའི་ཕྱིར་ཡང་དག་མ་ཡིན་པ་ལོག་པའི་ཀུན་རྫོབ་སྟེ་དེ་གཉིས་ཀྱི་ནི་དབྱེ་བ་བྱས་སོ། །ཞེས་གསུང་བར་གྲག་གོ །དེ་ལྟར་ནས་ཡིན་ཏེ་ཞེས་བདེན་པ་གཉིས་ཆོས་ཅན་དང་ཆོས་ཉིད་བཞིན་དུ་གཅིག་པ་དང་ཐ་དད་པའི་སྤྲོས་པ་ལས་གྲོལ་བས་དེ་གཉིས་གང་དུའང་བརྗོད་དུ་མེད་པ་འདི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཀྱི་དོན་ཡིན་པར་བསྟན་ནས་དེའི་ཤེས་བྱེད་དུ་ག་ལས་འཇིགས་མེད་ཀྱི་ལུང་མི་ཤེས་པ་ཡིན་ནོ་ཞེས་པ་ཡན་དྲངས་ལ། དེ་ལ་ནས་སྙམ་ནའི་བར་གྱིས་ངེས་དོན་གྱི་གསུང་རབ་མ་ལུས་པའི་བརྗོད་བྱའི་དོན་ནི་དོན་དམ་བདེན་པ་ཁོ་ན་ཡིན་ན། ཀུན་རྫོབ་བདེན་པ་འཆད་མི་དགོས་སམ་སྙམ་དུ་རྩོད་པ་བཀོད་དེ། དེ་ལ་ནས་གསུངས་པས་ཤེས་དོན་དམ་རྟོགས་པའི་ཐབས་སུ་ཀུན་རྫོབ་གཏན་ལ་འབེབས་དགོས་པར་ཐ་སྙད་སོགས་རྩ་འགྲེལ་གྱི་ལུང་གིས་ལན་བཏབ་ཅིང་། ཚུལ་འདི་སོགས་ཀྱིས་བདེན་གཉིས་ཇི་ལྟ་བ་བཞིན་ཤེས་ན་གཉེན་པོ་ཡེ་ཤེས་སྐྱེ་བས་ཞེས་སྦྱོང་བྱེད་ཀྱང་ངོས་བཟུང་ངོ་། །དེ་ལྟར་ནས་དག་གི་ཞེས་བདེན་གཉིས་དབྱེར་མེད་བདེ་གཤེགས་སྙིང་པོར་འཆད་པ་འདི་གསང་སྔགས་དང་སེམས་ཙམ་པའི་ལུགས་ལ་འཐད་ཀྱང་། དབུ་མའི་གཞུང་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ལ་བདེ་གཤེགས་སྙིང་པོ་མེད་པར་རྟོག་གོ་ཞེས་གཞན་འདོད་བཀོད་ནས། ཚིག་གི་རྗེས་སུ་སོགས་ཀྱིས། སྨྲ་བ་པོ་དེ་ནི་ཚིག་ཙམ་ལ་འཁྲུལ་པ་སྟེ། ངེས་དོན་གྱི་གཞུང་དང་འགལ་བའི་ཕྱིར་ཞེས་ཆོས་དབྱིངས་བསྟོད་པའི་ལུང་དང་སྦྱར་ནས། འདིའི་མིང་ནས་གསུངས་ཤིང་ཞེས་བདེ་གཤེགས་སྙིང་པོའི་མིང་གི་རྣམ་གྲངས་ལ་འབྲས་དུས་སུ་ཆོས་སྐུ་དང་གཞི་དུས་སུ་དེ་བཞིན་ཉིད་དང་རྒྱུ་དུས་སུ་རིགས་ཤེས་གསུངས་པ་རྒྱུད་བླའི་ལུང་དང་སྦྱར་ཞིང་། དཔེ་དགུ་ནས་ཡིན་ནོའི་བར་གྱིས་འདོད་ཆགས་བག་ལ་ཉལ་པདྨ་ལྟ་བུས་ཁམས་སངས་རྒྱས་ཀྱི་སྐུ་ལྟ་བུ་ལ་བསྒྲིབ་པའི་དཔེ་སོགས་དཔེ་དགུས་བསྟན་པ་དྲུག་གསུམ་གྱི་བག་ལ་ཉལ་གསུམ། ཀུན་ལྡང་དྲག་པོ། མཐོང་སྤང་། སྒོམ་སྤང་། མ་རིག་བག་ཆགས་ཀྱི་ས། མ་དག་ས་ལ་བརྟེན་པའི་སྒྲིབ་པ། དག་པ་ས་ལ་བརྟེན་པའི་སྒྲིབ་པ་སྟེ་དགུ་ལས་སྤྲོས་པའི་ཉོན་མོངས་ཇི་སྙེད་པ་ཐམས་ཅད་མདོར་བསྡུ་ན་སྦྱང་གཞི་དུག་བཅུ་རྩ་བཞིའི་སྟེང་གི་སྦྱང་བྱ་དྲུག་བཅུ་རྩ་བཞི་རྣམ་པར་སྦྱངས་པས་སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་མི་འཇིགས་པ་བཞི་མ་འདྲེས་པ་བཅོ་བརྒྱད་དེ་བྲལ་བའི་ཡོན་ཏན་སོ་གཉིས་དང་རྣམ་སྨིན་གྱི་ཡོན་ཏན་མཚན་སོ་གཉིས་ཏེ་ཡོན་ཏན་དྲུག་བཅུ་རྩ་བཞི་སྒྲིབ་བྲལ་དུ་སྣང་བར་བྱེད་པ་སྦྱང་གཞི་སྦྱོང་བྱེད་ཀྱིས་ཡོངས་སུ་སྦྱོང་བ་འཐད་པའི་སྒྲུབ་བྱེད་དང་བཅས་པ་གསུངས་པས་གཞུང་འདིར་ཡང་སྦྱང་གཞིའི་གྲངས་བཞིན་ཆོས་ཀུན་བསྟན། ཞེས་སྨོས་པའི་ཚིག་དོན་སྔ་འགྲེལ་གྱི་ཚུལ་དུ་རྒྱས་པར་བཤད་དེ། དེ་ལྟར་ནས་བཤད་ནས་ཤེས་པའི་བར་གྱིས་དེ་རྣམས་ཀྱི་དོན་བསྡུས་ཏེ་གཞུང་འོག་མ་དང་མཚམས་སྦྱར་རོ། །གཉིས་པ་དེའི་ཚུལ་མ་རྟོགས་པས་འཁྲུལ་པའི་ལོག་རྟོག་སྤང་བ་ལ་གཉིས། ཕྱི་རོལ་བ་དང་། ཐེག་པ་དམན་པའོ། །དང་པོ་ལ་གཉིས། ཕྱི་རོལ་པས་བཏགས་པའི་གྲུབ་མཐའ་ངོས་བཟུང་བ་དང་། དེ་མི་འཐད་པར་བསྟན་པའོ། །དང་པོ་ནི། ཚངས་སོགས་སོགས་རྐང་པ་ཕྱེད་ཀྱིས་དམན་པའི་ཚིགས་བཅད་གཅིག་སྟེ། མུ་སྟེགས་ཚངས་པ་པ་། དང་སོགས་པས་ཁྱབ་འཇུག་པ་དང་དབང་ཕྱུག་པ་དང་ལྷའི་བླ་མ་ཕུར་བུའི་རྗེས་སུ་འབྲང་བ་དང་ར་མ་ཎ་དང་གྲངས་ཅན་དང་གཅེར་བུ་པ་རྣམས་ཀྱི་གྲུབ་པའི་མཐའ་སྣ་ཚོགས་པ་ལོག་པའི་ལྟ་བ་དྲུག་བཅུ་རྩ་བཞིས་བསྐྱེད་པ་ཐམས་ཅད་ཀྱང་། མདོར་བསྡུས་ན་རྒྱུ་རྐྱེན་དང་ལྡན་པ་སོགས་རྟག་པའི་མཐར་ལྷུང་བ་དང་། ཚེ་སྔ་ཕྱི་མེད་པར་འཛིན་པ་སོགས་ཆད་པའི་མཐར་ལྷུང་བ་གཉིས་སུ་འདུ་བས། དེ་དག་ནི་རང་རང་གི་འདོད་པའི་རྣམ་རྟོག་གིས་བརྟགས་ནས་བྱས་པར་ཤེས་བར་བྱ་བ་ཡིན་ནོ། །དེ་ལྟར་སངས་རྒྱས་ཀྱི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པའི་གྲུབ་མཐའ་སྨྲ་བ་དེ་རྣམས་ཀྱི་འདོད་པ་བརྗོད་པའི་ལུང་དང་འགྲེལ་དུ་དྲངས་པ་ནི་རྩ་མིའི་འགྱུར་ཡིན་ལ། ཤོང་འགྱུར་ལས། གང་དུ་རིག་བྱེད་རང་བྱུང་ཁ་དང་ལག་པ་རྐང་པ་ལ་སོགས་སྐྱེ་བོའི་སྐྱེ་གནས་ཏེ། །ཨ་ཤྭ་མིནྡྷ་དག་ལས་གཞན་པ་མཆོག་གི་ཆོས་མེད་ཅེས་པ་དེ་ནི་ཚངས་པ་པ་ཡིས་བསྟན་པར་འགྱུར་ཞེས་ཚངས་པ་པའམ་རིག་བྱེད་པའི་འདོད་པ་དང་། བྱེད་པོ་བདག་དང་ལས་དང་དུས་དང་རང་བཞིན་དང་ནི་ཡོན་ཏན་སྟོང་པ་ཉིད་ནི་ཉམས་པའི་ཆོས། །བྱེད་པོ་འབྲས་བུའི་རྒྱུ་སྟེ་རབ་ཏུ་གསལ་ཞིང་ངེས་པར་བསྟན་པ་དེ་འདིར་ཁྱབ་འཇུག་པ་ཡིའོ། །ཞེས་རིག་པ་ཅན་པ་དང་ཁྱབ་འཇུག་པའི་འདོད་པ་དང་། ལམ་དྲུག་རྣམས་དང་དེ་ཉིད་ལྔ་དང་མཆོག་གི་གོ་འཕང་མ་ལུས་པ་ཡང་གཞན་ཉིད་སྔགས་ཀྱི་ལུས། །རིག་པ་བདག་ཉིད་དམ་པའི་ཞི་བ་ཉིད་དང་རྣམ་གསུམ་གནས་ན་གནས་པའི་སྦྱོར་དང་སྟོང་པའི་དངོས། །ཐིག་ལེའི་དབྱེ་བ་ཞི་བ་ཉིད་དང་མཐའ་དག་ལུས་ལ་གནས་པ་བཅུ་གཉིས་མདུད་པའི་དབྱེ་བ་སྟེ། །འདི་དག་ཐམས་ཅད་གང་དུ་རབ་ཏུ་གྱུར་པ་དེ་ནི་ཞི་བ་པ་ཡིས་བསྟན་པའོ། །ཞེས་དབང་ཕྱུག་པའམ་ཞི་བ་པའི་འདོད་པ་དང་། དབང་ཕྱུག་མེད་ཅིང་ལས་ཀྱི་རྣམ་སྨིན་དག་ཀྱང་ཡོན་ཏན་ཡུལ་རྣམས་འབྱུང་བའི་ཚོགས་ནི་ལོངས་སྤྱོད་པ། །དེ་མེད་པས་ན་འབྲས་བུ་མེད་པར་གསལ་པོར་ལྷ་ཡི་བླ་མ་དག་གིས་བསྟན་པར་རིག་པར་བྱ། །ཞེས་དྲང་སྲོང་ཕུར་བུའི་རྗེས་སུ་འབྲང་བ་ཚུར་རོལ་མཛེས་པ་པའམ་ཙ་ར་ཀ་པའི་འདོད་པ་དང་། བྱེད་པོ་རྒྱུ་དང་མི་རྒྱུ་ལས་སྐྱེས་མཐའ་དག་བསྐྱེད་ཅིང་སྟག་གཟིག་རྣམས་ཀྱི་ཐར་པ་དག་གི་རྒྱུས། དེ་ཉིད་པ་ལས་ངེས་པར་མི་རྣམས་མཐོ་རིས་སུ་གྱུར་དེ་ནི་ར་ཎས་བསྟན་པའོ། །ཞེས་ཀླ་ཀློ་སྟག་གཟིག་རྣམས་ཀྱི་འདོད་པ་དང་། དུས་གསུམ་ཉིད་དང་རྫས་ནི་དྲུག་སྟེ་ཚིག་དགུའི་སྒྲུབ་དང་སྲོག་ནི་དྲུག་གིས་ལུས་ལ་ཆ་ཤས་སོ། །གཞན་ནི་ཡོད་པའི་ལུས་ལྔ་བརཏལ་ཞུགས་སྡོམ་པ་བགྲོད་དང་ཡེ་ཤེས་སྤྱོད་པ་དག་གིས་དབྱེ་བ་རྣམས། །སྲོག་ནི་ལུས་ཀྱི་ཚད་དེ་དཔག་ཏུ་མེད་པའི་སྲིད་པ་དག་གིས་རྟག་པའི་སྲོག་གི་ཐར་པའོ། །གང་དུ་ཐར་པའི་ཚད་ནི་སྟེང་དུ་ངེས་པར་བརྗོད་པ་དེ་ནི་རྒྱལ་བ་པ་ཡིས་བསྟན་པའོ། །ཞེས་རྒྱལ་བ་ནམ་མཁའི་གོས་ཅན་གཅེར་བུ་པའམ་ཟད་བྱེད་པའི་འདོད་པ་རྣམས་གསུངས་ཤིང་། འགྲེལ་པར་དེ་རྣམས་ཀྱི་དགག་པ་དངོས་སུ་མ་བཀོད་པར་ཁུངས་ཙམ་སྨོས་སོ། །གཉིས་པ་ནི། ལུས་སེམས་སོགས་རྐང་པ་ཕྱེད་དང་གཉིས་ཏེ། བཤད་མ་ཐག་པའི་ལོག་ལྟ་དེ་རྣམས་ནི་ལུས་སེམས་ཀྱི་གཟུང་འཛིན་ལ་བརྟེན་ནས་འབྱུང་བར་ཚངས་པ་དྲ་བའི་མདོ་ལས་གསུངས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། དེ་ལྟ་བུའི་ལྟ་བ་ངན་པ་ལ་འཆེལ་བ་རྣམས་ཡང་དག་པའི་ལྟ་བ་ལ་དྲང་བར་བྱའོ། །གཉིས་པ་ཐེག་པ་དམན་པས་བཏགས་པའི་ལོག་རྟོག་སྤང་བ་ལ་གསུམ། ཉན་ཐོས་སྡེ་གཉིས་ཀྱི་འདོད་པ་སྤྱིར་དགག རྣལ་མ་བུ་པས་བཏགས་པའི་བདག་བྱེ་བྲག་ཏུ་དགག སྤང་གཉེན་གྱི་རིམ་པ་བསྟན་པའོ། །དང་པོ་ལ་གསུམ། འདོད་པ་བརྗོད་པ། དེ་མི་འཐད་པའི་ཚུལ། དོགས་པ་བཅད་པའོ། །དང་པོ་ནི། ཕྱི་རོལ་སོགས་རྐང་པ་གཅིག་སྟེ། ཉན་ཐོས་སྡེ་གཉིས་ཀྱི་འདོད་པ་ལ་ཕྱི་རོལ་གྱི་འཇིག་རྟེན་གྱི་ཁམས་ལ་སོགས་པ་རྣམས་སེམས་ལས་དོན་གཞན་པའི་རྡུལ་ཕྲན་ལས་གྲུབ་པ་བདེན་པའི་རྫས་སུ་འདོད་ཅིང་། རགས་པ་བརྩོམ་པའི་ཚེ་རྡུལ་ཕྲན་ཕན་ཚུན་རེག་ལ་མ་འབྱར་བ་བར་དང་བཅས་པ་གཡག་རྔ་དང་ནེའུ་སིང་ལྟ་བུ་དང་། བར་མེད་པ་པོ་ཏི་དང་ནས་ཕུང་ལྟ་བུ། བསྡུད་བྱེད་ཀྱི་རླུང་གིས་བསྡོམས་ནས་གནས་པར་འདོད་ལ། དབང་ཤེས་ལ་སྣང་བའི་ཚེ་བྱེ་བྲག་སྨྲ་བས་བར་སྐབས་སུ་རྣམ་པ་མེད་པ་མངོན་སུམ་པ་རྣམ་མེད་རྗེན་འཆར་དུ་འདོད་ཅིང་། མདོ་སྡེ་པས་ནི་དབང་ཤེས་ལ་རྡུལ་ཕྲན་དངོས་སུ་མི་སྣང་བར་གོས་ཀྱི་ཕག་ན་ལག་མགོ་ཡོད་པ་ལྟར་རྡུལ་ཕྲ་རབ་ཀྱི་རྣམ་པ་སྣང་བ་ཕག་ན་མོའི་ཚུལ་དུ་འདོད་དོ། །གཉིས་པ་ནི། ཀུན་གཞི་སོགས་རྐང་པ་གཉིས་ཏེ། ཉན་ཐོས་སྡེ་གཉིས་ཀྱི་འདོད་པ་དེ་དག་ཀུན་གཞི་འདུ་བྱེད་པའི་ཡིད་དང་བཅས་པའི་བག་ཆགས་ཀྱི་རྣམ་འགྱུར་ལས་ཡུལ་སྣ་ཚོགས་སུ་སྣང་བའི་ཆ་དེ་ནི་ནུས་པ་སྟེ་བག་ཆགས་ལས་བྱུང་བར་མ་རྟོགས་པའི་དབང་གིས་དོན་གཞན་དུ་རྟོག་པའི་འཁྲུལ་པ་ཡིན་གྱི་སེམས་ལས་དོན་གཞན་དུ་བདེན་པར་མེད་དེ། སེམས་ཅན་གྱི་སྣང་བ་ལ་ཤར་བའི་ཀུན་རྫོབ་ཀྱི་སྣང་ཆ་མཐའ་དག་འཁྲུལ་པའི་བག་ཆགས་ལས་བྱུང་བའི་ཕྱིར། །གསུམ་པ་ནི། འོན་ཀྱང་སོགས་རྐང་པ་གཉིས་ཏེ། རྒྱལ་བའི་བཀའ་ཉིད་ལས་རྡུལ་ཕྲ་རབ་འདུས་པའི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་གསུངས་པ་མ་ཡིན་ནམ་ཞེ་ན་དྲང་དོན་དུ་གསུངས་མོད་འོན་ཀྱང་བདག་དང་གཙོ་བོ་སོགས་བྱེད་པ་པོར་འདོད་པ་དགག་པའི་ཕྱིར་དུ་ཕྱི་རོལ་གྱི་དོན་རང་མཚན་པ་ཡོད་པ་ལྟ་བུར་རྒྱལ་བས་གསུངས་པ་ཡོད་ཀྱང་དགོངས་པའི་དབང་གིས་གསུངས་པར་ཤེས་པར་བྱ་སྟེ། བྱང་ཆུབ་སེམས་འགྲེལ་ལས། བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །ཕུང་པོ་ཁམས་སོགས་བསྟན་པ་ཡིན། །ཞེས་གསུངས་པས་སོ། །གཉིས་པ་རྣལ་མ་བུ་པས་བཏགས་པའི་བདག་དགག་པ་ནི། བདག་དང་སོགས་ཚིགས་བཅད་གཅིག་སྟེ། རང་སྡེ་རྣལ་མ་བུ་པ་སོགས་འགའ་ཞིག མདོ་ལས། དགེ་སློང་དག་ཁུར་ཡོད་དོ། །ཁུར་འཁུར་བ་པོ་ནི་གང་ཟག་གོ །ཞེས་གསུངས་པ་ལ་བརྟེན་ནས་རྗོད་དུ་མེད་པའི་གང་ཟག་གི་བདག་ཁས་ལེན་པ་དེ་ནི་འཐད་པ་མིན་ཏེ། བདག་དང་གང་ཟག་ལ་སོགས་པ་རྣམས་ནི་རྟོག་པས་སྒྲོ་བཏགས་པའི་བཏགས་ཡོད་མིང་རྐྱང་ཙམ་དུ་བརྗོད་པ་ཡིན་གྱི་བདེན་པའི་རྫས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་པའི་ཕྱིར། གལ་ཏེ་ཡོད་ན་བདག་དེ་ཐར་པའི་ཕྱོགས་ན་ཡོད་ན་ནི་སེམས་ཅན་རྣམས་འབད་པ་མེད་པར་ཐར་བར་འགྱུར་བའམ། འཁོར་བའི་ཕྱོགས་སུ་ཡོད་ན་སེམས་ཅན་འཁོར་བ་ལས་ཐར་བ་མེད་པའི་སྐྱོན་དུ་འགྱུར་རོ་ཞེས་མདོ་སྡེ་རྒྱན་དུ་བསྟན་ཏེ། དེ་ལས། གང་ཟག་བརྟགས་པར་ཡོད་ཉིད་དུ། །བརྗོད་བྱ་རྫས་སུ་མ་ཡིན་ནོ། །ཞེས་སོགས་གསུངས་པས་སོ། །གསུམ་པ་སྤང་གཉེན་གྱི་རིམ་པ་བསྟན་པ་ནི། དེ་སོགས་སོགས་རྐང་པ་གཉིས་ཏེ། བཤད་པ་དེ་རྣམས་ལ་སོགས་པ་སྣང་སྲིད་ཐམས་ཅད་སེམས་ལ་སྣང་བའི་སྣང་ཆ་ཙམ་ལས་རང་གི་ངོ་བོས་གྲུབ་པ་ནི་མེད་དོ། །དེའི་ཕྱིར་སྤང་བྱ་གཉིས་འཛིན་གྱི་དྲི་མ་སྤོང་བ་དང་གཉེན་པོ་གཉིས་མེད་རྟོགས་པའི་ཡེ་ཤེས་སྐྱེ་བའི་རིམ་པ་རྣམས་ཀྱང་སྔོན་གྱི་མཁས་པ་རྣམས་ཀྱིས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །དེ་ཡང་བདག་ཏུ་རྟོག་པའི་གཉེན་པོར་བདག་མེད་པ་བསྒོམས་ནས་དོན་གཞན་དུ་འཁྲུལ་པའི་གཉེན་པོར་སེམས་ཙམ་དུ་ཤེས་པར་བྱས་ཏེ་རྣམ་པར་རིག་པ་ཙམ་དུ་འཛིན་པ་དེ་ཡང་སྤྲོས་པ་དང་བྲལ་བར་རྟོགས་ནས་ཡང་དག་པའི་ལམ་ལ་རིམ་གྱིས་འཇུག་པར་བྱ་སྟེ། ཕར་ཕྱིན་ལས། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཞེས་སོགས་རྩ་འགྲེལ་གྱིས་བཤད་པ་རྣམས་ཇི་ལྟ་བ་བཞིན་ཏེ། དེ་ཡང་ཉན་ཐོས་ཀྱི་ལུགས་འཆད་པ་རྣམས་ཀྱིས་བདག་མེད་རྟོགས་པའི་རྣལ་འབྱོར་གྱིས་བསྟན་ཅིང་། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་པ་ལྟར། རྣལ་འབྱོར་གྱི་ས་བཞི་པོ་ཡང་ཇེ་བས་ཇེ་འཕགས་སུ་བཞེད་པའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་ཉན་ཐོས་ཀྱི་གཞུང་རྣམས་སུ་གྲུབ་པའི་མཐའ་དེ་ལྟ་བུ་གསུངས་པ་ཡང་བདག་འཛིན་བཟློག་པའི་ཆེད་དུ་ཡིན་གྱི། ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་ལས་དོན་གཞན་དུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་དོ། །ཞེས། རྣམ་ཤེས་ལས་ནི་ཐ་དད་པར། །ཞེས་སོགས་བྱང་ཆུབ་སེམས་འགྲེལ་གྱི་ལུང་དང་སྦྱར་ལ། བདག་དང་ཞེས་སོགས་ཀྱིས་རྣལ་མ་བུ་པས་བཏགས་པའི་བདག་དེ་ཡང་བཏགས་ཡོད་མིང་རྐྱང་ཙམ་དུ་བསྟན་ནས་བདེན་པའི་ཞེས་སོགས་ཀྱིས་དེ་རྫས་གྲུབ་ཏུ་འདོད་པ་ལ་སྐྱོན་བརྗོད་ནས་རྒྱན་གྱི་ལུང་དང་སྦྱར་རོ། །དེ་སོགས་ནས་ལྟ་བ་ངན་པ་རྣམས་སྤོང་ལ། ཞེས་པས་གཟུང་མེད་རྟོགས་པའི་རྣལ་འབྱོར་གྱིས་དང་། སེམས་ཙམ་པོ་ལ་གནས་ནས་ནི། །ཞེས་དང་། རྣམ་པར་ཤེས་པར་སྨྲ་བ་ལ། །སྣ་ཚོགས་འདི་ནི་སེམས་སུ་གྲུབ། །རྣམ་ཤེས་རང་བཞིན་གང་ཞེ་ན། །ད་ནི་དེ་ཉིད་བཤད་བྱ་སྟེ། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པས་བསྟན་པར་གང་མཛད་དེ། །བྱིས་པ་རྣམས་ཀྱི་སྐྲག་པ་ནི། །སྤང་བའི་ཕྱིར་ཡིན་དེ་ཉིད་མིན། །ཀུན་བརྟགས་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་འདི་ནི། །སྟོང་ཉིད་བདག་ཉིད་གཅིག་པུ་ཡི། །ངོ་བོ་སེམས་ལ་བརྟགས་པ་ཡིན། །ཞེས་དང་། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །ཤེས་པས་ལུང་དང་སྦྱར་ཞིང་། སེམས་སུ་འཛིན་པ་ཡང་སྤངས་པས་ཤེས་པས་འཛིན་མེད་རྟོགས་པའི་རྣལ་འབྱོར་གྱི་ས་དང་། སྐལ་ཆེན་རྣམས་ཀྱིས་དེ་ཡང་སྤངས། །ཤེས་དང་། སེམས་ནི་གདོད་ནས་མ་སྐྱེས་ཏེ། །ཞེས་དང་། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཤེས་པས་དེ་ལུང་དང་སྦྱར་རོ། །འཛིན་པ་སྤངས་པས་ཡང་དག་པའི་དོན་མཐོང་བར་འགྱུར་ཏེ། ཞེས་པས་སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་གྱིས་དང་། ཐེག་ཆེན་དགའ་བའི་བདག་ཉིད་ལ། །ཆོས་ལ་བདག་མེད་མཉམ་པ་ཉིད། །ཅེས་དང་། བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པས་ཆོས་ཀྱི་དབྱིངས་ལ་གནས། །ཤེས་པས་དེ་ལུང་དང་སྦྱར་ཏེ། དེ་བཞིན་དུ་ནས་རྟོགས་པར་བྱའོ་ཞེས་པས་དོན་བསྡུས་ཤིང་། སངས་རྒྱས་ཀྱིས་ནི་མདོར་བསྡུས་གསུངས། །ཤེས་དེའི་ལུང་ཡང་བཀོད་དོ། །ཊཱིཀ་བྱེད་ཁ་ཅིག་གིས། དེ་སོགས་ཁམས་ལ་སྣང་བ་ཡི། །ཞེས་གཞུང་མ་དག་པར་སྟོན་ནས། ཕྱི་དོན་རྫས་སུ་མ་གྲུབ་པར་གསུངས་པ་ལ་སོགས་སེམས་ཅན་གྱི་ཁམས་ལ་སྣང་བའི་སྣང་ཆ་ཞེས་འབྲུ་མནན་ནོ། །དེ་ནི། རྩ་བར་དེ་སོགས་སེམས་ལ་སྣང་བ་ཡི། ཞེས་དང་། དེའི་འགྲེལ་པར། སེམས་ལ་སྣང་བའི་རྒྱུ་འབྲས་རྣམས་ཤེས་གསུངས་པ་དང་འགལ་ལོ། །གསུམ་པ་སྤང་གཉེན་གྱི་རྩ་བ་བསྟན་པ་ལ་གསུམ། མདོར་བསྟན་པ། ཆོས་སྒོའི་གྲངས་རྒྱས་པར་བཤད་པ། བརྒྱད་ཁྲི་བཞི་སྟོང་དུ་གསུངས་པའི་དོན་ནོ། །དང་པོ་ནི། འདིར་ནི་སོགས་རྐང་པ་གསུམ་ཏེ། བླ་ན་མེད་པའི་རྒྱུད་ལས་སྤང་གཉེན་བསྟན་པའི་སྐབས་འདིར་ནི་ལུས་སེམས་ལ་སྣང་ཞིང་སེམས་ལུས་ལ་བརྟེན་པར་བཤད་པས་ཀུན་གཞིའི་རྣམ་ཤེས་ཀྱང་ཡུལ་དུ་སྣང་བའི་ལུས་འདི་ལ་བརྟེན་ནས་རྟེན་འབྲེལ་ཙམ་དུ་བྱུང་བའི་རྩ་རླུང་ཐིག་ལེའི་ངེས་པ་ཡིས་སྦྱང་གཞི་སྦྱོང་བྱེད་དང་བསྟུན་པའི་སྤང་བྱ་དང་གཉེན་པོའི་ངེས་པ་དེ་བཞིན་གཤེགས་པས་མདོ་རྒྱུད་ལས་གསུངས་ཤིང་བྱང་ཆུབ་སེམས་འགྲེལ་ལས་ཀྱང་། ཇི་ལྟར་རྒྱ་མཚོ་ལ་ནི་ཤིང་། །སེམས་ནི་མེད་ཀྱང་གཡོ་བར་འགྱུར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །ལུས་བརྟེན་ནས་ནི་གཡོ་བ་ཡིན། །ལུས་མེད་ན་ནི་རྣམ་པར་ཤེས། །ཡོད་པ་མིན་ཞེས་ཡོངས་རྟོགས་ན། །དེ་ནི་སོ་སོ་རང་རིག་ཉིད། །ཅི་འདྲ་ཞེས་བྱ་བརྗོད་པར་གྱིས། །སོ་སོ་རང་རིག་ཉིད་བརྗོད་པས། །དེ་ནི་ངོ་བོ་ཉིད་དུ་འདོད། །འདི་དེ་ཡིན་ཞེས་བརྗོད་པར་ནི། །ནུས་མིན་ཞེས་ཀྱང་བརྗོད་པ་ཡིན། །རང་ལ་ངེས་ཤིང་གཞན་དག་ལ། །ངེས་པ་བསྐྱེད་པར་བྱ་བའི་ཕྱིར། །རྟག་ཏུ་འཁྲུལ་པ་མེད་པར་ནི། །མཁས་རྣམས་རབ་ཏུ་འཇུག་པ་ཡིན། །ཞེས་གསུངས་པ་ལྟར། འོག་ནས་འཆད་དོ། །གཉིས་པ་ནི། ཁྱད་པར་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། སྤྱིར་བསྟན་པ་དེ་རྣམས་ལས་ཀྱང་ཁྱད་པར་དུ་རྡོ་རྗེའི་ལུས་དང་ལྡན་པའི་སྐྱེས་བུ་ལོ་བརྒྱའི་རླུང་ཇི་སྙེད་ཡོད་པ་ཐམས་ཅད་གཅིག་ཏུ་བསྡོམས་ན་བྱེ་བ་ཕྲག་བདུན་བཅུ་རྩ་བདུན་ས་ཡ་ཕྲག་བདུན་དང་འབུམ་ཕྲག་དྲུག་རྣམས་ཡོད་ལ་རླུང་སེམས་གཅིག་པའི་གནད་ཀས་སྦྱང་གཞི་རྣམ་པར་རྟོག་པའི་གྲངས་དེ་རྣམས་སྦྱོང་བའི་ཕྱིར་དུ་གཉེན་པོ་ཆོས་ཀྱི་སྒོ་ཡང་སྤང་བྱ་དེ་དང་གྲངས་མཉམ་པར་དུང་ཕྱུར་ཕྲག་བདུན་དང་བྱེ་བ་ཕྲག་བདུན་ས་ཡ་ཕྲག་བདུན་འབུམ་ཕྲག་དྲུག་རྣམས་གསུངས་པ་ཡིན་ནོ། །དེ་ཡང་ཕྲ་བ་སྲིན་བུ་ནས་ཆེ་བ་འོག་མིན་གྱི་ལྷའི་བར་ལུས་ཅན་རྣམས་ཀྱི་ཚེ་ཚད་ནི་ཚེ་ལོ་བརྒྱ་པར་བཤད་ལ། ལོ་དེ་དག་གི་ཚད་ཀྱང་ཕྱི་རོལ་གྱི་ཉིན་ཞག་སུམ་བཅུ་ལ་ཟླ་བ་དང་དེ་བཅུ་གཉིས་ལ་ལོར་བྱས་པ་ལྟ་བུ་མ་ཡིན་གྱི། ནང་དུ་དབུགས་དྲུག་ལ་ཆུ་སྲང་དེ་དྲུག་བཅུ་ལ་ཆུ་ཚོད་དེ་དྲུག་བཅུ་ལ་ཞག་དེ་སུམ་བཅུ་ལ་ཟླ་བ་དེ་བཅུ་གཉིས་ལ་ལོར་བྱས་པའི་ལོས་གཞལ་བར་བྱ་བ་ཡིན་ནོ། །དེའི་ཕྱིར་སེམས་ཅན་རང་རང་གི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་སོ་སོའི་ཞག་གཅིག་ཏུ་བྱེད་པས་མིའི་ཞག་གཅིག་ལ་རང་ལོ་བརྒྱ་རྫོགས་པའི་སྲིན་བུ་ཕྲ་མོ་དག་ཀྱང་ཡོད་ཅིང་འོག་མིན་པའི་དབུགས་གཅིག་དང་མིའི་ལོ་གཅིག་མཉམ་པས་མི་ལོ་དུང་ཕྱུར་བདུན་ལ་སོགས་པ་རྣམས་ལ་རང་ལོ་བརྒྱར་བྱེད་པའི་གཟུགས་ཅན་གྱི་ལྷ་ཆེན་པོ་དག་ཀྱང་ཡོད་དོ། །འོག་མིན་པའི་ཚེའི་ཚད་དེ་ལ་ཤག་ཏིའི་ཚེ་ཞེས་བཤད་ཅིང་ཤག་ཏིའི་ཚེ་དེ་ལ་དབུགས་གཅིག་དུ་བརྩིས་པའི་རང་ལོ་བརྒྱ་ནི་གཟུགས་མེད་གོང་མ་སྲིད་རྩེ་བའི་ཚེ་ཚད་དེ་ཝརྡྷའི་ཚེ་ཞེས་བྱའོ། །དེ་ལ་ནི་མིའི་ལོ་གཏམས་པ་དྲུག་བརྒྱ་དང་བཞི། རབ་བཀྲམ་དྲུག་བཅུ་རྩ་དྲུག ཁྲག་ཁྲིག་བདུན། ཐེར་འབུམ་ཆེན་པོ་ཕྲག་དྲུག་རྣམས་ཡོད་དོ། །དེས་ན་ཁམས་གསུམ་པ་ཐམས་ཅད་རང་ལོའི་དབང་དུ་བྱས་ནས་ཚེ་ལོ་བརྒྱ་པར་གསུངས་ཤིང་དུས་མ་ཡིན་པར་འཆི་བ་ནི་ལས་ཀྱི་དབང་གིས་ཏེ་ཚེ་ཚད་མ་རྫོགས་པར་འཆི་བ་ཡིན་ནོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་འདོད་ཆགས་ཀྱི་གཉེན་པོར་འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་། ཞེ་སྡང་གི་གཉེན་པོར་མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་། གཏི་མུག་གི་གཉེན་པོར་མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་། དུག་གསུམ་ཆ་མཉམ་པའི་གཉེན་པོར་སྡེ་སྣོད་གསུམ་ཆ་མཉམ་པ་ཉི་ཁྲི་ཆིག་སྟོང་སྟེ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་དང་བཞི་སྟོང་དུ་གསུངས་པ་མིན་ནམ་ཞེ་ན། གསུམ་པ་ནི། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ངེས་པ་བསྟན་པ་ནི་སྤང་གཉེན་གྱི་རྩ་བ་རགས་རིམ་ཙམ་གྱི་གྲངས་སུ་བསྟན་པ་སྟེ། ཐེག་པ་ཐུན་མོང་པའི་དབང་དུ་བྱས་པའོ། །ཞེས་རྐང་པ་གཅིག་གསུངས་སོ། །བཞི་པ་བྱེ་བྲག་ཏུ་གཉེན་པོ་རྒྱུད་སྡེའི་ངེས་པ་མདོར་བསྟན་པ་ལ་གཉིས། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། དེ་ལ་སོགས་རྐང་པ་གསུམ་སྟེ། ལོ་བརྒྱའི་རླུང་དེ་ཙམ་ཞིག་ཡོད་པ་ལ་སོ་གཉིས་ཆའི་ཡེ་ཤེས་ཀྱི་རླུང་ཇི་སྙེད་ཅིག་རྒྱུ་བ་རྣམས་བསྡོམས་ན་ས་ཡ་ཉི་ཤུ་རྩ་བཞི་དང་འབུམ་ཕྲག་གསུམ་ཡོད་པས་དེ་དག་ནི་མྱ་ངན་ལས་འདས་པའི་ལམ་གཉེན་པོའི་ངོ་བོར་ལྡན་པས་ཐབས་ཀྱིས་ཟིན་ན་གཉེན་པོ་རྣམས་ཀྱི་མཆོག་ཏུ་འགྱུར་བ་སྟེ། ལོ་གསུམ་ཕྱོགས་གསུམ་གྱིས་རྡོ་རྗེ་འཆང་འགྲུབ་པར་གསུངས་པ་དང་གནད་ཅིག་གོ །དེས་ན་ཡེ་ཤེས་ཀྱི་རླུང་དེའི་གྲངས་དང་མཐུན་པར་བླ་ན་མེད་པའི་རྒྱུད་སྡེ་རྣམས་གསུངས་པས་བླ་མེད་རྒྱུད་ཀྱི་ཡན་ལག་གི་གྲངས་ཀྱང་ས་ཡ་ཉེར་བཞི་དང་འབུམ་ཕྲག་གསུམ་ཡོད་དོ། །འདིར་ཊཱིཀ་བྱེད་ཁ་ཅིག་གིས། དེ་ཉིད་བསྒོམས་པ་ལ་བརྟེན་ནས་ལས་རླུང་ཇི་སྙེད་པ་ཐམས་ཅད་ཡེ་ཤེས་ཀྱི་རླུང་དུ་བསྒྱུར་ནས། ཚེ་འདི་ཉིད་ལ་རྣམ་སྨིན་གྱི་ལུས་སྦྲུལ་གྱི་ཤུན་པ་བཞིན་དུ་བོར་ནས་ཡེ་ཤེས་ཀྱི་སྐུར་བསྒྱུར་ནུས་པ་ཡིན་པའི་ཕྱིར་ཞེས་བྲིས་མོད། དེ་ནི་རི་བོ་དགེ་ལྡན་པའི་ཆོས་སྐད་ཀྱི་གཟེགས་ཆུ་བཏུངས་པའི་ཚིག་གོ །བཀའ་བརྒྱུད་རིན་པོ་ཆེའི་བཞེད་པ་ནི་གཞི་འབྲས་དབྱེར་མེད་དེ། དེའི་ཕྱིར། གཞི་དུས་ཀྱི་རྣམ་སྨིན་གྱི་ལུས་སྦྲུལ་གྱི་ཤུན་པ་ལྟར་བོར་ནས། འབྲས་དུས་ཀྱི་ཡེ་ཤེས་ཀྱི་སྐུར་ལངས་པ་མི་བཞེད་དོ། །གཉིས་པ་ནི། དེ་ཕྱིར་སོགས་ཚིགས་བཅད་གསུམ་དང་རྐང་བ་གཅིག་སྟེ། ཡེ་ཤེས་ཀྱི་རླུང་ལ་ལྟོས་ནས་བླ་མེད་ཀྱི་རྒྱུད་གསུངས་པ་དེའི་ཕྱིར། ལོ་བརྒྱའི་ཡེ་ཤེས་ཀྱི་རླུང་རྣམས་གཅིག་དུ་བསྡོམས་པས་ལོ་གསུམ་དང་ཟླ་བའི་ཕྱོགས་གསུམ་གྱི་དབུགས་དང་མཉམ་པའོ། །དེ་ཡང་ལོ་གསུམ་ཕྱོགས་གསུམ་གྱི་ཞག་ལ་ལྟོས་ནས་དུས་འཁོར་དང་ཐབས་རྒྱུད་ཀྱི་ལྷ་གསུངས་ཏེ། ལོ་གསུམ་གྱི་ཞག་གྲངས་ནི་སྟོང་དང་བརྒྱད་བཅུ་ཡིན་ལ་སྦྱང་གཞི་དེ་ལ་ལྟོས་ནས་དུས་ཀྱི་འཁོར་ལོའི་ལྷ་ཚོགས་དང་། ཕྱོགས་གསུམ་གྱི་ཞག་བཞི་བཅུ་ཞེ་ལྔ་སྦྱོང་བའི་ཕྱིར་ཐབས་རྒྱུད་ཀྱི་ལྷ་ཚོགས་གསུངས་པས་སོ། །ཡང་སྦྱང་གཞི་ལོ་གསུམ་ལ་ལྟོས་ནས་སྦྱོང་བྱེད་ཀྱི་རྒྱུད་སྐུ་གསུང་ཐུགས་ཀྱི་དབྱེ་བས་ཕྱེ་ན་རྩ་བ་སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་དུ་འགྱུར་ཏེ། ལོ་རེ་ལ་ལྷོར་བགྲོད་པ་དང་བྱང་དུ་བགྲོད་པའི་དབྱེ་བས་ལོ་གསུམ་གྱི་བགྲོད་པ་ལ་ལྟོས་ནས་རྡོ་རྗེ་པདྨ་རིན་པོ་ཆེ་དོན་གྲུབ་རྣམ་སྣང་དྲུག་པ་རྡོ་རྗེ་འཆང་སྟེ། རིགས་དྲུག་གི་རྒྱུད་དུ་བཤད་ལ་དེ་ལ་ཡང་ཐབས་ཤེས་ཀྱིས་དབྱེ་ན་ཐབས་རྒྱུད་རིགས་དྲུག་དང་ཤེས་རབ་ཀྱི་རྒྱུད་རིགས་དྲུག་ཡོད་དོ། །ལོ་རེ་ལ་ཟླ་བ་བཅུ་གཉིས་རེའི་དབྱེ་བས་ལོ་གསུམ་གྱི་ཟླ་བ་སུམ་བཅུ་སོ་དྲུག་ལ་ལྟོས་ནས་སྐུའི་རིགས་ཀྱི་རྒྱུད་བཅུ་གཉིས་གསུང་གི་རིགས་ཀྱི་རྒྱུད་བཅུ་གཉིས་ཐུགས་ཀྱི་རིགས་ཀྱི་རྒྱུད་བཅུ་གཉིས་ཏེ་རིགས་ཀྱི་གྲངས་རྣམས་ནི་སུམ་བཅུ་སོ་དྲུག་གི་རྒྱུད་དུ་བཤད་ཅིང་། ཟླ་བ་སུམ་བཅུ་སོ་དྲུག་པོ་དེ་ལ་ཡང་གཡས་ལ་ལྟོས་པ་ནག་ཆ་འཕེལ་བའི་ཕྱོགས་དང་གཡོན་ལ་ལྟོས་པ་དཀར་ཆ་འཕེལ་བའི་ཕྱོགས་ཏེ་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ཟླ་བའི་ཕྱོགས་བདུན་བཅུ་དོན་གཉིས་ཡོད་པ་ལ་ལྟོས་ནས་ཐབས་ཀྱི་དབང་དུ་བྱས་པའི་རྩ་རྒྱུད་སོ་དྲུག་དང་ཤེས་རབ་ཀྱི་དབང་དུ་བྱས་པའི་རྩ་རྒྱུད་སོ་དྲུག་སྟེ་བསྡོམས་ན་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཐམས་ཅད་བསྡུས་པའི་རྩ་རྒྱུད་བདུན་བཅུ་རྩ་གཉིས་སུ་ཡོད་ལ། རྩ་རྒྱུད་བདུན་བཅུ་རྩ་གཉིས་པོ་འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་དུ་བཅོམ་ལྡན་འདས་ཀྱི་ཕྱག་གྲངས་བདུན་བཅུ་རྩ་གཉིས་པའི་རྣམ་པར་དག་པར་གསུངས་པ་ཡིན་ནོ། །འདིའི་ཐད་ཀྱི་རང་འགྲེལ་ལས། ནང་གི་རྩ་བདུན་བཅུ་དོན་གཉིས་དང་ཞེས་སོགས་རྩ་རླུང་རྟོག་པ་ཡེ་ཤེས་དང་བཅས་པ་བདུན་བཅུ་དོན་གཉིས་རེ་གསུངས་པའི་འཆད་ཚུལ་ནི་འདི་ཡིན་ཏེ། ཕྱི་རོལ་ཏུ་ཡུལ་ཆེན་པོར་གྲགས་པའི་ལུང་པ་བདུན་བཅུ་རྩ་གཉིས་ནས་རྒྱ་མཚོར་འབབ་པའི་ཆུ་བོ་ཆེན་པོ་བདུན་བཅུ་རྩ་གཉིས་པོ་རེ་རེ་ལ་ཆུ་ཕྲན་སྟོང་སྟོང་སྟེ་ཆུ་སྟོང་ཕྲག་བདུན་བཅུ་རྩ་གཉིས་དང་། ནང་དུ་ལྟེ་བའི་རྩ་འཁོར་གྱི་འཕོ་ཆུང་གི་རྩ་དྲུག་བཅུ་འཕོ་ཆེན་བཅུ་གཉིས་ཀྱི་རྩ་དང་བཅས་པས་རྩ་བདུན་བཅུ་རྩ་གཉིས་སམ། གནས་ཉི་ཤུ་རྩ་བཞིའི་རྩ་ལ་ཐིམ་ལོངས་སྤྱོད་བདག་པོའི་དབྱེ་བས་རྩ་བདུན་བཅུ་རྩ་གཉིས་སམ། རྩའི་གཙོ་མོ་སོ་བདུན་ལས་དབུ་མ་ཁྱབ་བྱེད་དུ་བཏང་བའི་སུམ་བཅུ་སོ་དྲུག་ལ་ཐབས་ཤེས་ཀྱི་དབྱེ་བས་རྩ་བདུན་བཅུ་རྩ་གཉིས་ལ་རྩ་ཕྲན་སྟོང་སྟོང་སྟེ་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་དང་། རྩ་དོན་གཉིས་པོ་དེ་རྣམས་ཀྱི་ནང་དུ་རྒྱུ་བའི་རླུང་དོན་གཉིས་སམ། ཡང་ན་ལྟེ་བའི་འཕོ་ཆུང་དྲུག་བཅུ་དབུ་མའི་འཕོ་བ་བཞི་སྙིང་གའི་རྩ་འདབ་བརྒྱད་ཀྱི་འཕོ་བ་བརྒྱད་དེ་རླུང་བདུན་བཅུ་རྩ་གཉིས་ལ་རླུང་གི་ཆ་ཤས་ཕྲ་མོ་སྟོང་སྟོང་དང་བཅས་པས་རླུང་སྟོང་ཕྲག་བདུན་བཅུ་རྩ་གཉིས། རྩ་རླུང་དེ་རྣམས་ལ་བརྟེན་པའི་ཁམས་བྱང་ཆུབ་ཀྱི་སེམས་བདུན་བཅུ་རྩ་གཉིས་ཆ་ཤས་ཕྲ་མོ་སྟོང་སྟོང་དང་བཅས་པས་ཁམས་བདུན་བཅུ་རྩ་གཉིས། འདོད་པའི་རྟོག་པ་སོ་དྲུག་མི་འདོད་པའི་རྟོག་པ་སོ་དྲུག་སྟེ་དོན་གཉིས་ལ་རྟོག་པའི་ཆ་ཤས་ཕྲ་མོ་སྟོང་སྟོང་སྟེ་རྣམ་པར་རྟོག་པ་སྟོང་ཕྲག་བདུན་བཅུ་རྩ་གཉིས་འབྱུང་བས། སྦྱང་གཞི་དེ་རྣམས་སྦྱོང་བྱེད་ཀྱི་གཉེན་པོར་རྩ་བའི་རྒྱུད་བདུན་བཅུ་རྩ་གཉིས། ཡན་ལག་གི་རྒྱུད་དམ་ཆ་ཤས་ལེའུའི་གྲངས་ལ་སོགས་པ་སྟོང་སྟོང་དང་བཅས་པས་རྒྱུད་ཀྱི་བྱེ་བྲག་སྟོང་ཕྲག་བདུན་བཅུ་རྩ་གཉིས་གསུངས་པ་ལྟར་ཉམས་སུ་བླངས་པས་གཉེན་པོ་ཡེ་ཤེས་ཀྱི་གྲངས་བདུན་བཅུ་རྩ་གཉིས་ཆ་ཤས་དང་བཅས་ན་སྟོང་ཕྲག་དོན་གཉིས་ལ་སོགས་པ་རིམ་གྱིས་སྐྱེ་བར་འགྱུར་བས་དེ་རྣམས་ཀྱི་དག་སྦྱོར་ལ་ལྟོས་ནས་བཅོམ་ལྡན་འདས་མཁའ་འགྲོ་རྒྱ་མཚོའི་ཕྱག་གི་གྲངས་ཀྱང་དོན་གཉིས་སུ་གསུངས་པ་ཡིན་ནོ། །ལྔ་པ་རྒྱས་པར་བཤད་པ་ལ་བཞི། ལོ་གསུམ་གྱི་ཆུ་ཚོད་དང་སྦྱར་ཏེ་བཤད་པ། ཞག་གྲངས་དང་སྦྱར་ཏེ་བཤད་པ། རྒྱས་བཤད་ཁ་འཕང་བ། དོན་བསྡུ་བའོ། །དང་པོ་ནི། ཨ་སོགས་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་སྟེ། ཞག་གཅིག་གི་དུས་སྦྱོར་གཅིག་ལ་འཆར་བའི་ཡི་གེའི་གྲངས་ནི་ཨ་དང་སོགས་པས་ཨི་རྀ་ཨུ་ལྀ་སྟེ་རྩ་བ་ལྔ་ཨ་ཨེ་ཨར་ཨོ་ཨལ་སྟེ་ཡོན་ཏན་ལྔ་ཧ་ཡར་ཝ་ལ་ཏེ་ཡ་ན་དྷེ་ཤའམ་རྐྱེན་ལས་གྱུར་པ་ལྔ། དེ་ལྟར་ཐུང་ངུ་བཅོ་ལྔ་ལ་རང་བཞིན་དང་འཕེལ་བ་ལ་སོགས་པ་རིང་ཐུང་དུ་དབྱེ་བས་སུམ་བཅུའི་ཐོག་ཏུ་ཐིག་ལེ་དང་ཚེག་དྲག་དང་གྲི་གུག་དང་དབྱུག་པ་དང་ཐོང་ཤོལ་ལྟ་བུའི་ཡི་གེ་ལྔ་དང་ཨྃ་རྣམས་བསྣན་པས་དབྱངས་ཀྱི་ཡི་གེ་ནི་སུམ་བཅུ་རྩ་དྲུག་ཏུ་འགྱུར་ལ། ཀ་དང་སོགས་པས་ཁ་ག་གྷ་ང་ཙ་ཚ་ཛ་ཛྷྱ་ཉ་ཊ་ཋ་ཌ་ཌྷྜྷ་ཎ་ཏ་ཐ་ད་དྷ་ན་པ་ཕ་བ་བྷ་མ་ས་ཉྥ་ཥ་ཤ་་སྟེ་སུམ་བཅུའི་ཐོག་ཏུ་ཧ་ཡ་ར་ཝ་ལ་ཀྵཿརྣམས་བསྣན་པས་དབྱངས་ཡིག་དེ་དང་གྲངས་མཉམ་པ་གསལ་བྱེད་ཀྱང་སུམ་བཅུ་རྩ་དྲུག་ཡོད་པས་དེ་རྣམས་ནི་རྗོད་བྱའི་དོན་རྗོད་པར་བྱེད་པའི་ཡི་གེའི་གཙོ་བོར་གསུངས་ལ། དེ་རེ་རེ་ལའང་རང་རང་གི་ཡན་ལག་ཏུ་གྱུར་པའི་རྒྱུད་ཕྲན་སུམ་བཅུ་སུམ་བཅུར་འགྱུར་ཏེ། དཔེར་ན་ཀ་རྡོ་རྗེའི་རྒྱུད་ལྟ་བུ་ལའང་ཀ་ཡིག་རྩ་བའི་དབྱངས་ཐུང་ངུ་ལྔས་བསྒྱུར་བས་ཀ་ཀི་༼ཀྲྀ་༽ཀུ་ཀླི། ཡོན་ཏན་གྱིས་བསྒྱུར་བས་ཀ་ཀེ་ཀར་ཀོ་ཀལ། ཡ་ཎར་བསྒྱུར་བས་༼་ཀྱ་ཀྲ་ཀྭ་ཀླ་སྟེ་ཐུང་ངུ་བཅོ་ལྔ་དང་། རིང་པོས་བསྒྱུར་བས་ཀཱ་ཀཱི་ཀྲཱི་ཀཱུ་ཀླཱི་ཀཱ་ཀཻ་ཀཱར་ཀཽ་ཀཱལ་ཱ་ཀཀྱཱ་ཀརཱ་ཀཝཱ་༽ཀླཱ་ཞེས་པ་བཅོ་ལྔ་སྟེ་དྲིལ་བས་སུམ་བཅུ་དང་། དེ་བཞིན་དུ་ཁ་ཡིག་དབྱངས་དང་པོ་སུམ་བཅུས་བསྒྱུར་བས་ཁ་རྡོ་རྗེའི་རྒྱུད་སུམ་བཅུ་སོགས་གསལ་བྱེད་དང་པོ་སུམ་བཅུ་དབྱངས་དང་པོ་སུམ་བཅུས་བསྒྱུར་བས་དབྱངས་གསལ་ལྷན་ཅིག་པའི་ཡི་གེ་དགུ་བརྒྱ་འབྱུང་ལ་དེ་ལ་ཐབས་ཤེས་གཉིས་ཀྱིས་སོ་སོར་ཕྱེ་ན་དགུ་བརྒྱ་པ་ཕྲག་གཉིས་ནི་སྟོང་ཕྲག་གཅིག་དང་བརྒྱད་བརྒྱ་ཡིན་པར་དུས་འཁོར་ལས་བཤད་དོ། །དེ་ལྟར་ན་དུས་སྦྱོར་གཅིག་ལ་རླུང་གི་གྲངས་སྟོང་དང་བརྒྱད་བརྒྱ་ཡོད་པ་དང་ཡི་གེ་དེ་རྣམས་གྲངས་སྤྲད་པའི་ཚུལ་གྱིས་འཆར་བ་ཡིན་ལ། ཞག་གཅིག་ལ་འཕོ་ཆེན་བཅུ་གཉིས་ཡོད་པས་དེ་རྣམས་བསྡོམས་པའི་དབུགས་ཀྱི་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་འཆར་བའི་ཡི་གེ་ནི། བསྒྱུར་བྱ་བཤད་མ་ཐག་པའི་ཡི་གེ་སྟོང་བརྒྱད་བརྒྱ་པོ་དེ་བསྒྱུར་བྱེད་ཨཾ་ཀླད་ཀོར་ཅན་ནམ་ཨཱཿརྣམ་བཅད་ཅན་དང་བཅས་པའི་རྩ་བའི་དབྱངས་དྲུག་ལ་ཐུང་རིང་དུ་ཕྱེ་བའི་བཅུ་གཉིས་ཀྱིས་བསྒྱུར་བས་ཡི་གེ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རྒྱུད་ཕྲན་གྱི་ཡན་ལག་དང་ལྡན་པ་དེ་ཡིན་ལ། ཞག་གཅིག་གི་དབུགས་དང་ལོ་གཅིག་གི་ཆུ་ཚོད་གྲངས་མཉམ་པའི་ཕྱིར་ལོ་གཅིག་གི་ཆུ་ཚོད་ལ་འཆར་བའི་དབྱངས་དང་གསལ་བྱེད་ཀྱང་དེ་ཉིད་ཡིན་པས། བླ་ན་མེད་པའི་རྒྱུད་ཀྱི་ཡན་ལག་ཀྱང་ལོ་གཅིག་གི་ཆུ་ཚོད་ལ་འཆར་བའི་ཡི་གེ་གྲངས་དང་མཚུངས་པར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་ལྡན་པར་བསྟན་པ་ཡིན་ནོ། །ཡི་གེ་དེ་རྣམས་ལ་སྐུ་གསུང་ཐུགས་ཀྱི་རང་བཞིན་ཐིག་ལེ་ནི་བར་པའི་རིང་པོ་ཚེག་དྲག་ནི་ཤིན་ཏུ་རིང་པོ་གྲི་གུག་ནི་ཐུང་ངུ་སྟེ་དེ་གསུམ་གྱི་དབྱེ་བས་དྲུག་ཁྲི་བཞི་སྟོང་བརྒྱད་བརྒྱ་འབྱུང་བ་ནི་ལོ་གསུམ་གྱི་ཆུ་ཚོད་ཀྱི་གྲངས་དང་སྦྱར་བར་བྱ་བ་ཡིན་པས་སྔར་བསྟན་པའི་ལོ་གསུམ་དང་སྦྱར་བའི་རྒྱུད་ཀྱི་གྲངས་དེ་རྣམས་ཀྱི་རྩ་བ་ནི་བཤད་མ་ཐག་པའི་ཡི་གེ་འདི་རྣམས་ཡིན་ནོ། །འདིར་ཊཱིཀ་བྱེད་འགའ་ཞིག་གིས། ཀ་རྡོ་རྗེའི་རྒྱུད་ལ། ཁ་ཁི་ནས་ངལྀ་ངཾ་གི་བར་བྲིས་པ་ནི། ཁ་རྡོ་རྗེའི་རྒྱུད་དང་ག་རྡོ་རྗེའི་རྒྱུད་དང་ང་རྡོ་རྗེའི་རྒྱུད་རྣམས་མ་ཐོས་པར་ཟད་ལ། ཁ་ནས་ངཾ་གི་བར་ཡི་གེ་ཉེར་བཞི་བྲིས་ནས་ཤེས་སུམ་བཅུར་བསྒྱུར་བའི་ཕྱིར་ཞེས་པ་ནི་གྲངས་ཙམ་ལའང་མ་བརྟགས་པར་རྩིང་པོར་སྨྲས་པར་སྣང་ཞིང་། དེ་ལྟར་ཀ་སྡེ་ལ་སོགས་པའི་ཡི་གེ་སུམ་བཅུ་དབྱངས་དྲུག་གིས་བསྒྱུར་བས་དགུ་བརྒྱར་འགྱུར་ལ། ཞེས་པ། གསལ་བྱེད་སུམ་བཅུ་པོ་དབྱངས་དང་པོ་སུམ་བཅུས་བསྒྱུར་ན་ཀ་རྡོ་རྗེའི་རྒྱུད་སོགས་སུམ་བཅུ་འབྱུང་བའི་དགོངས་པ་ཕྱིན་ཅི་ལོག་དུ་བཤད་ཅིང་། སུམ་བཅུ་ལ་དྲུག་གིས་བསྒྱུར་བས་བརྒྱ་བརྒྱད་བཅུ་ལས་མི་འབྱུང་ཀྱང་། དགུ་བརྒྱར་བཤད་པ་སོགས་ནོར་པ་མང་ཞིག་སྣང་ངོ་། །གཉིས་པ་ནི། གསལ་བྱེད་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། ཀ་ལ་སོགས་པའི་གསལ་བྱེད་སུམ་བཅུ་དབྱངས་ཐུང་ངུ་དྲུག་གིས་བསྒྱུར་བས་བརྒྱ་བརྒྱད་བཅུ་རིང་པོ་དྲུག་གིས་བསྒྱུར་བའི་བརྒྱ་དང་བརྒྱད་བཅུ་སྟེ་བསྡོམས་ན་སུམ་བརྒྱ་དང་དྲུག་བཅུ་འབྱུང་བ་ནི་རྩ་བའི་དབྱངས་ཡིན་ལ་དེ་ཡང་དཔེར་ན་ཀ་སྡེ་ལྔ་པོ་ལ་དབྱངས་ཐུང་བ་དྲུག་གིས་བསྒྱུར་བས་ཀ་ཀི་ཀིར་ཀུ་ཀླི་ཀཾ། ཁ་ཁི་ཁརི་ཁུ་ཁླྀ་ཁཾ། ག་གི་གྲི་གུ་གླྀ་གཾ། གྷ་གྷི་གྷཱྀ་གྷུ་གྷླྀ་གྷཾ། ང་ངི་ང྄རྀ་ངཱུ་ད྄ང་ལྀ་དཱ། ཞེས་པ་སུམ་བཅུ་དང་། རིང་པོ་དྲུག་གིས་བསྒྱུར་བས་ཀཱ་ཀཱི་ཀརཱྀ་ཀཱྀུ་ཀླཱ་ཀཱཿ ཁཱ་ཁཱི་ཁརཱྀ་ཁཱུ་ཁླཱྀ་ཁཱཿ གཱ་གཱི་གརཱྀ་གཱུ་གླཱྀ་གཱཿ གྷཱ་གྷཱི་གྷཱྀ་གྷཱུ་གྷླྀ་གྷཱཿ དཱ་ངཱི་དརཱྀ་དཱུ་ང྄ྀལཱ་དཱཿ ཞེས་པ་སུམ་བཅུ་སྟེ། དེ་བཞིན་དུ་ཙ་ཊ་ཏ་པ་སའི་སྡེ་ཚན་རྣམས་ལའང་བསྒྱུར་བས་ལོ་གཅིག་གི་ཞག་ལ་འཆར་བའི་ཡི་གེ་སུམ་བརྒྱ་དྲུག་བཅུ་འབྱུང་ལ། ཉིན་མཚན་གྱི་དབྱངས་ཀྱང་སུམ་བཅུ་སུམ་བཅུ་བསྡོམས་པས་དྲུག་བཅུ་སྟེ། དེ་ཡང་ཞག་གཅིག་ལ་འཆར་བའི་ཡི་གེ་དེ་ཉིད་དབྱངས་ཐུང་ངུ་སུམ་བཅུས་བསྒྱུར་བའི་ཡི་གེ་སུམ་བཅུ་ཉིན་མོ་འཆར་ལ་རིང་བ་སུམ་བཅུས་བསྒྱུར་བའི་ཡི་གེ་སུམ་བཅུ་མཚན་མོ་འཆར་རོ། །རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་ཞག་གཅིག་གི་དབུགས་ཀྱི་གྲངས་ལ་འཆར་བའི་དབྱངས་དང་ལོ་གཅིག་གི་ཆུ་ཚོད་ཀྱི་གྲངས་ལ་འཆར་བའི་དབྱངས་རྣམས་མཐུན་པའི་ཕྱིར་ན་གསལ་བྱེད་ཀྱང་དབྱངས་དེ་དང་མཚུངས་པས། ཞག་གཅིག་གི་དབུགས་ལ་འཆར་བའི་གསལ་བྱེད་དང་ལོ་གཅིག་གི་ཆུ་ཚོད་ལ་འཆར་བའི་གསལ་བྱེད་ཀྱང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་ཡིན་པས་སྦྱང་གཞི་དེ་རྣམས་ལ་ལྟོས་ནས་སྦྱོང་བྱེད་རྒྱུད་ཀྱི་གྲངས་རྣམས་ཀྱང་དེ་སྙེད་དུ་གསུངས་སོ། །དེ་ཡང་གསལ་བྱེད་རྣམས་ལུས་དང་དབྱངས་ཡིག་རྣམས་སྲོག་ཡིན་པས་ལུས་སྲོག་བསྡོམས་པས་ལུས་འབའ་ཞིག་དང་སྲོག་འབའ་ཞིག་གི་གྲངས་རྣམས་གནད་གཅིག་ཏུ་འགྱུར་བ་ཡིན་ལ། གསལ་བྱེད་འདྲེན་པའི་ཚེ་ཡི་གེའི་གཟུགས་བགྲང་ཞིང་དབྱངས་ཡིག་འདྲེན་པའི་ཚེ་ཚེག་བར་འདྲེན་ལ་དབྱངས་གསལ་བསྡོམས་པའི་ཚེ་ངག་དུ་བརྗོད་ནུས་པ་རྣམས་འདྲེན་པར་མཁས་པ་ལ་གྲགས་སོ། །ཊཱི ཀ་བྱེད་དག་འདིར་ཧ་ཡ་ར་བ་ལ་དང་དབྱུག་པ་སོགས་ནི་བསྒྱུར་བྱེད་ཀྱི་སྲོག་ཞུགས་སུ་འགྱུར་བས་དབྱངས་དང་གསལ་བྱེད་ནི་སུམ་བཅུ་སུམ་བཅུ་ཡིན་ལ། ཞེས་པའང་ཧ་ཡ་ར་བ་ལ་ལྟོས་པའི་དབང་གིས་དབྱངས་གསལ་གཉིས་ཀའི་ནང་དུ་འབྱུང་བའི་ཚུལ་ལ་མ་བསམས་པ་དང་། གྲི་གུག་གི་རྣམ་པ་ཨ་ཡིག་དང་དབྱུག་པའི་རྣམ་པ་ཨི་ཡིག་དང་ཐིག་ལེའི་རྣམ་པ་ཨུ་ཡིག་དང་ཚེག་དྲག་གི་རྣམ་པ་རྀ་ཡིག་དང་ཐོང་གཤོལ་གྱི་རྣམ་པ་ལྀ་ཡིག་སྟེ་རྩ་བའི་དབྱངས་ལྔ་པོ་ཉིད་ཡིན་པ་མ་ཤེས་པར་ཟད་དོ། །གསུམ་པ་ནི། ཞིབ་ཏུ་སོགས་རྐང་པ་གཅིག་སྟེ། འདིར་བཤད་པ་ནི་རྩ་བ་མཚོན་པ་རགས་པ་ཙམ་ཡིན་གྱི་ཞིབ་ཏུ་དཔྱད་ནས་རྒྱས་པར་ཤེས་འདོད་ན་དུས་ཀྱི་འཁོར་ལོ་ལས་འབྱུང་བའི་དབྱངས་འཆར་དང་རྗེ་ཉིད་ཀྱིས་མཛད་པའི་རྩིས་ཀུན་བསྡུས་པའི་རྟོག་པ་ཕྱི་མའི་ལེའུ་གཉིས་པའི་ནང་དུ་ལྟོས་ཤིག་ཅེས་ཞལ་འཕངས་པ་སྟེ། གཞུང་དེ་ལས། སྟོང་པ་ཆེན་པོ་ཡི་གེ་ལྔ། །རང་བཞིན་འཕེལ་བ་ཡོན་ཏན་དང་། །ཡ་ཎར་བསྒྱུར་བས་བཅོ་ལྔར་འགྱུར། །ཐིག་ལེ་སྟོང་པ་ཡི་གེ་དྲུག །ཨ་ཀུ་ཧ་ྈྐ་ནམ་མཁའ་སྟེ། །ཁོང་ནས་འབྱུང་བ་ཡོན་ཏན་གཅིག །ཨི་ཙུ་ཡ་ཤ་རྐ ན་ལས་ནི། །བྱུང་བ་རླུང་སྟེ་ཡོན་ཏན་གཉིས། །རི་ཊུ་ར་ཥ་སྤྱི་བོ་ནས། །མེ་སྟེ་ཡོན་ཏན་གསུམ་ལྡན་ནོ། །ཨུ་པུ་ཝ་ཉྥ་མཆུ་ལས་བྱུང་། །ཆུ་ཁམས་ཡོན་ཏན་བཞི་དང་ལྡན། །ལྀ་ཏུ་ལ་ས་སོ་ལས་བྱུང་། །ས་སྟེ་ཡོན་ཏན་ལྔ་པའོ། །ཨ་ཀྵ་ཁོང་ནས་འགྱུར་བ་ཉིད། །ཕྱི་ནང་གཞན་གསུམ་འདི་ལ་གནས། །དུས་ལ་འཆར་བའི་ངེས་པ་ཡིན། །ཨ་ཨི་རྀ་ཨུ་ལྀ་རྣམས་ནི། །ནམ་མཁའ་རླུང་མེ་ཆུ་ས་སྟེ། །རབ་སྐྱེས་ལ་སོགས་བཅུ་གཉིས་ལ། །ལྔ་པོ་འཆར་བས་དྲུག་བཅུའོ། །ལོ་རེ་ལ་ཡང་དབྱངས་ལྔ་ནི། །ཞག་ནི་བདུན་བཅུ་གཉིས་ལ་དབང་། །དུས་དང་ཡོན་ཏན་ཞག་ལ་འཆར། །བགྲོད་པ་གཅིག་གི་དབང་དུ་བརྗོད། །ཉི་མའི་ཞག་ལ་དབྱངས་འབྱུང་བ། །དུས་ཀྱི་དབྱངས་ཤེས་བྱ་བ་ཉིད། །གསལ་བྱེད་སྡེ་ཚན་རིམ་པས་ཡིན། །ཚེས་ལ་དབྱངས་འཆར་བརྗོད་བར་བྱ། །དཔྱིད་འབྲིང་ལ་སོགས་དཀར་ཕྱོགས་ལ། །ཨ་ཨི་རྀ་ཨུ་ལྀ་དང་ནི། །ཨ་ཨེ་ཨར་ཨོ་ཨལ་ཡོན་ཏན། །ཧ་ཡ་ར་ཝ་ལ་རྐྱེན་འགྱུར། །ཚེས་གཅིག་ནས་ནི་བཅོ་ལྔའི་བར། །མར་ངོ་རིང་པོ་དེ་ལས་བཟློག །ཨ་སོགས་ཚེས་ཀྱི་རིམ་པ་བཞིན། །དགའ་བཟང་རྒྱལ་སྟོང་གང་བ་སྟེ། །ཟླ་ཕྱེད་ལན་གསུམ་འཁོར་བ་ཡིན། །སྐྱེས་དང་གཞོན་ནུ་ལང་ཚོ་དང་། །རྒན་པོ་ནུབ་པ་ཞེས་བྱ་དང་། །ཨ་ནི་ལྀ་ལ་ནུབ་པ་སྟེ། །དེ་བཞིན་ཀུན་ལ་ཤེས་པར་བྱ། །སྒྲ་གཅན་ཟླ་བ་གཟའ་ལག་དང་། །པ་སངས་མཇུག་རིངས་ཨ་ལ་སོགས། །ཐུང་བ་ལྔ་པོ་རིམ་པས་ཡིན། །དུས་མེ་ཉི་མ་མིག་དམར་དང་། །ཕུར་བུ་སྤེན་པ་རིང་པོའི་དབྱངས། །དཀར་ནག་ཕྱོགས་ཀྱི་ལྷག་པའི་ལྷ། །ཡུད་ཙམ་དབྱངས་ནི་ཐུང་བ་རྣམས། །ཉིན་མོ་རིང་བ་མཚན་མོ་ཡིན། །ཆུ་ཚོད་རེ་ལ་འཆར་བ་ནི། །ཧ་ཧི་ཞེས་འགྱུར་དྲུག་བཅུ་སྟེ། །དེ་ཡི་རིམ་པས་ཆུ་སྲང་དང་། །དབུགས་ལ་འཆར་བ་ཤེས་པར་བྱ། །གསལ་བྱེད་ཚེས་ལ་འཆར་བར་བྱ། །ཀ་ཁ་ག་གྷ་ང་རྣམས་ནི། །ཨཱཿལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཡིས། །བསྒྱུར་བའི་རིང་པོ་སུམ་བཅུ་ནི། །ཆུ་སྲིན་ཁྱིམ་གྱི་ཟླ་བར་འཆར། །ང་གྷ་ག་ཁ་ཀ་ཞེས་པ། །ཨ་ཨི་རྀ་ཨུ་ལྀ་ཨཾ་གིས། །བསྒྱུར་བ་རིམ་མིན་སུམ་བཅུ་ནི། །ཐུང་བ་བུམ་པའི་ཁྱིམ་ལ་འཆར། །དེ་བཞིན་ཙ་ཚ་ཛ་ཛྷྱ་ཉ། །ཨཱཿསོགས་བསྒྱུར་བ་ཉ་ཡི་ཁྱིམ། །ཉ་ཛྷྱ་ཛ་ཚ་ཙ་རིམ་བཞིན། །ཨ་སོགས་བསྒྱུར་བ་ལུག་ཏུའོ། །དེ་ལྟར་ཊ་ཐ་ཌ་ཌྷྜྷ་ཎ། །ཨ་སོགས་བསྒྱུར་བ་གླང་གི་ཁྱིམ། །ཎ་ཌྷྜྷ་ཌ་ཋ་ཊ་ཞེས་པ། ཨ་སོགས་རིམ་བསྒྱུར་འཁྲིག་པའོ། །པ་ཕ་བ་བྷ་མ་རྣམས་ལ། །ཨཱཿསོགས་བསྒྱུར་བ་ཀརྐ་ཊ། །མ་བྷ་བ་ཕ་པ་སེང་གེར། །ཨ་སོགས་བསྒྱུར་བ་སུམ་བཅུའོ། །དེ་བཞིན་ཏ་ཐ་ད་དྷ་ན། །ཨཱཿསོགས་ཀྱིས་བསྒྱུར་བུ་མོར་འཆར། །ན་དྷ་ད་ཐ་ཏ་རྣམས་ལ། ཨ་སོགས་བསྒྱུར་རྣམས་སྲང་དུ་ཡིན། །ས་ཉྥ་ཥ་ཤ་ྈྐ་ཞེས་པ། །ཨཱཿསོགས་བསྒྱུར་བ་སྡིག་པའི་ཁྱིམ། །ྈྐ་ཤ་ཥ་ཉྥ་ས་རྣམས་ནི། །ཨ་སོགས་ཀྱིས་བསྒྱུར་གཞུ་ལའོ། །འབྱུང་ཆེན་ལྔ་བཤད་འབྱུང་ཆུང་ནི། །ཀ་ཙ་ཊ་ཏ་པ་ས་ནི། ས་ཡིན་ཁ་སོགས་ཆུ་རུ་བཤད། །ག་སོགས་མེ་ལ་གྷ་སོགས་རླུང་། །ང་སོགས་ནམ་མཁར་ཤེས་པར་བྱ། །སྒྲ་གཅན་ཟླ་སོགས་ཐུང་བ་སྟེ། །དུས་མེ་ཉི་སོགས་རིང་པོར་བཤད། །ཉིན་ཞག་ཡུད་ཙམ་སུམ་བཅུ་ལ། །ཚེས་ལ་ཤར་བའི་གསལ་བྱེད་དེ། །དབྱངས་ནི་ཨ་སོགས་བཅོ་ལྔས་བསྒྱུར། །ཉིན་མོ་འཆར་རོ་མཚན་མོ་ནི། །ཨཱཿསོགས་རིང་པོས་བསྒྱུར་བ་འཆར། །ཆུ་ཚོད་རེ་ལ་འཆར་བ་ནི། །དེ་ཉིད་རིང་ཐུང་གཉིས་སུ་ཤེས། །དེ་བཞིན་ཆུ་སྲང་སོ་སོར་འགྱུར། །དབུགས་ལ་འཆར་བའི་རིམ་པ་ནི། །དབུགས་ཀྱི་འཕོ་བ་ཟླ་བ་མཚུངས། །གསལ་བྱེད་སུམ་བརྒྱ་དྲུག་བཅུ་ལ། །དབྱངས་ནི་རིང་ཐུང་སུམ་བཅུས་བསྒྱུར། མཁའ་མཁའ་ཀླུ་དང་མཁའ་ཟླའི་དབུགས། །རིང་དང་ཤིན་ཏུ་རིང་བ་ཡི། །དབྱེ་བས་ཉི་ཁྲི་ཆིག་སྟོང་དང་། །དྲུག་བརྒྱའི་དབུགས་ལ་ཞག་གཅིག་འཆར། །གཞན་ཡང་ལོ་བརྒྱའི་ལྷག་པོ་ཡིས། །ལོ་གསུམ་ཕྱོགས་གསུམ་འཆར་བ་བཤད། །ཐུང་རིང་ཤིན་ཏུ་རིང་བ་ཡི། །དབྱེ་བས་སྟོང་དང་བརྒྱད་བཅུའོ། །ཀྵ་ལ་དབྱངས་ནི་ཐུང་དང་རིང་། །ཤིན་ཏུ་རིང་པོས་བསྒྱུར་བ་ནི། །ཕྱོགས་གསུམ་དབྱངས་དང་གསལ་བྱེད་ཡིན། །ཟླ་ལྷག་དེ་ཉིད་ཤེས་པར་བྱ། །གང་ཚེ་བཅུ་དྲུག་ཚེས་ཤར་བ། །དེ་ཚེ་ཨ་ཀྵ ར་ཤེས་པར་བྱ། །ཞེས་གསུངས་པ་ནི་ཁོ་བོ་ཅག་གིས་རྩིས་ཀུན་བསྡུས་པའི་ཊཱི་ཀར་བཀྲལ་ཟིན་པ་བཞིན་ཤེས་པར་བྱའོ། །འདི་ནི་ནང་རྒྱུད་དུས་ཀྱི་འཁོར་ལོ་ཇི་ལྟ་བ་བཞིན་མཛད་པར་སྣང་ལ། ཊཱིཀ་བྱེད་འགའ་ཞིག །དབྱངས་འཆར་བའི་རྒྱུད་དང་དེ་དག་ལས་བསྡུས་པའི་ཁོ་བོས་ཏེ་རྗེ་ཉིད་ཀྱིས་མཛད་པའི་དབྱངས་འཆར་གྱི་བསྟན་བཅོས་ཡོད་པ་དེའི་ནང་དུ་ལྟོས་ཤིག་ཅེས་ཟེར་མོད། ཕྱི་རྒྱུད་དབྱངས་འཆར་ལ་གཞུང་འདི་མི་ལྟོས་པ་ནི་ཟབ་མོ་ནང་དོན་ཞེས་པའི་མཚན་ཙམ་གྱིས་ཀྱང་གྲུབ་ལ། དེ་ལས་བསྡུས་པའི་དབྱངས་འཆར་གྱི་བསྟན་བཅོས་རྗེ་ཉིད་ཀྱིས་མཛད་པ་བཀའ་འབུམ་ན་ནི་མི་བཞུགས་སོ། །བཞི་པ་ནི། བླ་ན་སོགས་རྐང་པ་གཉིས་ཏེ། དེ་ལྟར་བཤད་པ་དེ་དག་ནི་གསང་སྔགས་བླ་ན་མེད་པའི་རྒྱུད་སྡེའི་ཚོགས་ཀྱི་རྣམ་པར་དབྱེ་བ་མདོར་བསྡུས་པ་ཙམ་སྦྱང་གཞི་སྦྱོང་བྱེད་སོགས་དང་སྦྱར་ནས་བསྟན་པ་ཡིན་གྱི་རྒྱས་པར་ནི་དཔག་ཏུ་མེད་པའི་ཕྱིར་བློ་དང་ལྡན་པ་རྣམས་ཀྱིས་ཤེས་པར་བྱ་དགོས་སོ། །དྲུག་པ་དེ་ཉིད་རྒྱུད་ཀྱི་ལྷ་ཐམས་ཅད་དང་སྦྱར་བ་ལ་གཉིས། ཡེ་ཤེས་ཀྱི་རླུང་ལ་སྦྱར་བ་དང་། རྩ་ཁམས་ལ་སྦྱར་བའོ། །དང་པོ་ལ་ལྔ། དུས་འཁོར་གྱི་ལྷ་དང་སྦྱར་བ། སྡོམ་པ་ཆེ་ཆུང་གི་ལྷ་དང་སྦྱར་པ། ཐབས་རྒྱུད་ཀྱི་ལྷ་དང་སྦྱར་བ། རྒྱུད་གཞན་དང་སྦྱར་བ། དོན་བསྡུ་བའོ། །དང་པོ་ནི། ད་ནི་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། དེ་ལྟར་རྒྱུད་སྡེའི་རྣམ་དབྱེ་བསྟན་ནས་ད་ནི་རྒྱུད་ཐམས་ཅད་གྱི་ནང་ནས་མཆོག་ཏུ་གྱུར་པ་དུས་ཀྱི་འཁོར་ལོ་ལ་སོགས་པའི་ལྷའི་གྲངས་ཀྱི་ངེས་པ་བཤད་ན། ཐོག་མར་ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ནས་གསུངས་པའི་ལྷ་གྲངས་དེ་དག་གི་གཙོ་བོ་ཅུང་ཟད་བརྗོད་པར་བྱའོ། །ཞེས་མཚམས་སྦྱར་ནས་བཤད་པ་དངོས་ནི། ལོ་གསུམ་ཕྱོགས་གསུམ་གྱི་ལོ་གསུམ་གྱི་ཆ་ལ་དུས་འཁོར་དང་རྣལ་འབྱོར་མའི་རྒྱུད་ཀྱི་ལྷ་དང་། ཟླ་བ་ཕྱེད་དང་གཉིས་ཀྱི་ཆ་ལ་ཕ་རྒྱུད་ཀྱི་ལྷ་སྟོན་པའི་ཕྱིར། སྦྱང་གཞི་ལོ་གསུམ་གྱི་ཞག་སྟོང་དང་བརྒྱད་བཅུ་ལ་བདུན་གྱིས་བགོས་པའི་ཐོབ་ནོར་བརྒྱ་དང་ལྔ་བཅུ་རྩ་བཞི་འབྱུང་སྟེ། དེ་སྦྱོང་བྱེད་དུས་འཁོར་ཉུང་ངུའི་ལྷ་པདྨ་གདན་ཅན་བརྒྱ་ང་བཞི་པོའི་གྲངས་ཡིན་ནོ། །དེ་ལྟར་བགོས་པས་ལྷག་གཉིས་ལུས་པ་ནི་ཀུན་གྱི་ཁྱབ་བྱེད་གཙོ་བོ་ཡབ་ཡུམ་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་རྒྱུད་གཉིས་པོ་མཚོན་པའོ་ཞེས་ནང་གི་ལེའུར་གསུངས་སོ། །འགྲེལ་པར། དུས་འཁོར་ཉུང་ངུའི་ལྷ་གྲངས་ཏེ་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷ་བརྒྱ་ལྔ་བཅུ་རྩ་བཞི་ཡིན་ནོ། །ཞེས་གསུངས་པ་ནི་ཡི་གེ་པའི་བྲིས་ནོར་རོ། །གཉིས་པ་ནི། ཟླ་བའི་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། སྦྱང་གཞི་ལོ་གསུམ་གྱི་ཞག་སྟོང་བརྒྱད་བཅུ་ལ་ཟླ་བའི་ཆ་ཤས་ནི་བཅོ་ལྔ་པོ་དེས་ཕྱེ་བ་སྟེ་བགོས་པས་ཐོབ་པ་བདུན་བཅུ་རྩ་གཉིས་འབྱུང་སྟེ་དེ་སྦྱོང་བྱེད་ནི་བདག་པོ་དང་འཁྲིག་པ་སྟེ་ཡབ་ཡུམ་སྦྱོར་བ་དང་བཅས་པའི་དཀྱིལ་འཁོར་གྱི་ལྷ་མོ་རྣལ་འབྱོར་མ་ཡབ་ཡུམ་སོ་སོར་བགྲངས་པའི་ལྷ་བདུན་བཅུ་རྩ་གཉིས་ནི་བདེ་མཆོག་ངེས་པར་བརྗོད་པ་འབུམ་པའི་རྒྱུད་ཀྱི་ལྷ་རུ་བཤད་ལ། དེ་རྣམས་རིགས་བསྡུས་ན་དཔའ་མོ་སུམ་བཅུ་སོ་བདུན་ཐབས་དཔའ་བོ་གཅིག་དང་བཅས་པ་ལུས་ལ་གནས་པར་གསུངས་པ་ནི་རྩ་རྒྱུད་བསྡུས་པའི་ལྷའི་གྲངས་ཡིན་ནོ། །ཤེས་རབ་རྣམས་སོ་སོར་བགྲངས་ནས་ཐབས་རྣམས་གཅིག་ཏུ་འཆད་པའི་རྒྱུ་མཚན་ནི་འཁོར་ལོ་གསུམ་ལ་གནས་པའི་དཔའ་བོ་ཉེར་བཞི་པོ་བདེ་མཆོག་དང་གཉིས་སུ་མེད་ཅིང་སེམས་ཅན་འཁོར་བ་ལས་སྒྲོལ་བའི་ཕྱིར་དུ་དཔའ་མོ་རྣམས་རེ་མོས་ཀྱིས་ཡབ་གཅིག་པུ་དེ་དང་སྦྱོར་བའི་དབང་དུ་བྱས་པ་སྟེ། ཀུན་སྤྱོད་ལས། ཐོད་པའི་དུམ་སོགས་འཁོར་ལོར་གནས། །ཉི་ཤུ་རྩ་བཞི་གཉིས་མེད་པས། །སེམས་ཅན་འཁོར་བ་ལས་སྒྲོལ་ཕྱིར། །དཔའ་བོ་ཉིད་དུ་བརྗོད་པ་ཡིན། །ཞེས་གསུངས་པས་སོ། །དེ་ལྟར་ལོ་གསུམ་གྱི་ཞག་དང་སྦྱར་ནས་ཕྱོགས་གསུམ་གྱི་ཞག་བཞི་བཅུ་ཞེ་ལྔ་དང་སྦྱར་དགོས་པས། གསུམ་པ་ལ་གཉིས། སྦྱང་གཞི་སྤྱིར་བསྟན་པ། སྦྱོང་བྱེད་སོ་སོར་བཤད་པའོ། །དང་པོ་ནི། ཟླ་ཕྱེད་སོགས་ཚིགས་བཅད་གཅིག་སྟེ། ཟླ་བ་ཕྱེད་པ་གསུམ་གྱི་ཞག་ཞེ་ལྔ་པོ་དེ་དག་ནི་ཁྱད་པར་དུ་ཐབས་རྒྱུད་ཀྱི་ལྷའི་སྦྱང་གཞི་ཡིན་པས་ཕྱོགས་ཞག་ཞེ་ལྔ་པོ་དུས་སྦྱོར་གྱི་རྒྱུ་བའམ་འཕོ་བ་བཅུ་གཉིས་ཀྱིས་དབྱེ་བ་སྟེ་བསྒྱུར་བས་ལྔ་བརྒྱ་དང་བཞི་བཅུ་འབྱུང་བ་ནི་སྦྱང་གཞིའི་གྲངས་ཡིན་ནོ། །ཊཱི་ཀ་བྱེད་འགའ་ཞིག་གིས། ཞག་གཅིག་གི་དུས་སྦྱོར་གྱི་རྒྱུ་བ་བཅུ་གཉིས་ཀྱིས་ཞག་བཞི་བཅུ་ཞེ་ལྔ་པོ་དེ་དག་བསྒྱུར་བས་བཞི་བརྒྱ་དང་ལྔ་བཅུ་འབྱུང་བ་ཡིན་ཏེ། དེ་ནི་སྒྱུ་འཕྲུལ་དྲ་བ་རྣམ་པ་གསུམ་པོ་སྤྱིའི་ལྷ་གྲངས་ཡིན་ནོ། །ཞེས་བྲིས་པ་ནི། ལྔ་བརྒྱ་བཞི་བཅུ་དང་བཞི་བརྒྱ་ལྔ་བཅུ་ནོར་ཞིང་འོག་ཏུ་ཞེ་དགུ་པ་གཉིས་ཞེ་ལྔ་པ་གཉིས་ཞེ་གསུམ་པ་གཉིས་རྣམས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་བསྡོམས་ན་ཉི་བརྒྱ་དང་བདུན་བཅུ་རྩ་བཞི་ཡིན་ནོ། །ཞེས་པའི་རང་ཚིག་དང་ཡང་འགལ་ལ། ཞག་ཞེ་ལྔ་པོ་དུས་སྦྱོར་བཅུ་གཉིས་ཀྱིས་བསྒྱུར་བའི་ལྔ་བརྒྱ་བཞི་བཅུ་པོ་སྒྱུ་གསང་གཉིས་ཀའི་ལྷ་དང་སྦྱར་དགོས་པ་ལ། སྒྱུ་འཕྲུལ་དྲ་བ་གསུམ་པོ་སྤྱིའི་ལྷ་གྲངས་ཡིན་པར་བཤད་པས་དོན་ཀྱང་ནོར་སྣང་ངོ་། །གཉིས་པ་ལ་གསུམ། སྒྱུ་འཕྲུལ་དྲ་བ་དང་སྦྱར་བ། གསང་འདུས་དང་སྦྱར་བ། ཐུན་མོང་གི་དོན་བསྡུ་བའོ། །དང་པོ་ནི། དེ་ལ་སོགས་ཚིགས་བཅད་གཅིག་སྟེ། སྦྱང་གཞི་དེ་ལ་ལྟོས་པའི་སྦྱོང་བྱེད་སྒྱུ་འཕྲུལ་དྲ་བའི་དབང་དུ་བྱས་པ་ནི་དཀྱིལ་འཁོར་རྣམ་པ་གསུམ་ལ་ལྷ་ཉིས་བརྒྱ་དང་བདུན་བཅུ་རྩ་བཞི་ཡིན་ཏེ། ལྷ་བཞི་བཅུ་ཞེ་དགུའི་དཀྱིལ་འཁོར་དང་ཞེ་ལྔའི་དཀྱིལ་འཁོར་དང་ཞེ་གསུམ་མའི་དཀྱིལ་འཁོར་རྣམས་བསྡོམས་པས་ལྷ་གྲངས་བརྒྱ་སུམ་བཅུ་སོ་བདུན་ཡོད་ལ་དེ་རྣམས་ཟུང་སྟེ་གཉིས་ཀྱིས་བསྒྱུར་བས་ཉིས་བརྒྱ་བདུན་བཅུ་རྩ་བཞི་འབྱུང་བས་སོ། །གཉིས་པ་ནི། དཔལ་ལྡན་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། དཔལ་ལྡན་གསང་བ་འདུས་པའི་དཀྱིལ་འཁོར་གྱི་རྣམ་གྲངས་དྲུག་པོ་བསྡོམས་ན་ལྷའི་གྲངས་ཉིས་བརྒྱ་དྲུག་བཅུ་རྩ་བཞི་སྟེ། དབུས་ཀྱི་ལྷ་དགུ་མའི་དཀྱིལ་འཁོར་དང་ལྷ་བཅུ་གསུམ་པ་དང་བཅུ་དགུ་པ་དང་ཉེར་ལྔ་པ་དང་སོ་གཉིས་པ་དང་སོ་བཞི་པ་སྟེ་དེ་རྣམས་བསྡོམས་པས་བརྒྱ་དང་སུམ་བཅུ་སོ་གཉིས་ཡོད་ལ། དེ་ལ་ཐབས་དང་ཤེས་རབ་གཉིས་ཀྱི་དབྱེ་བ་ཡིས་ཉིས་བརྒྱ་རེ་བཞི་འབྱུང་བས་སོ། །དེ་ལྟར་ན་སྒྱུ་འཕྲུལ་དྲ་བའི་ཉིས་བརྒྱ་དོན་བཞི་དང་། གསང་བ་འདུས་པའི་ཉིས་བརྒྱ་རེ་བཞི་བསྡོམས་ན་ལྔ་བརྒྱ་དང་སུམ་བཅུ་སོ་བརྒྱད་ཡིན་ལ། སྦྱང་གཞི་དང་སྦྱོང་བྱེད་གྲངས་མཐུན་པར་བྱ་བའི་ཕྱིར་གསུམ་པ་ནི། བཤད་མ་ཐག་པ་དེའི་ཐོག་ཏུ་རིགས་ཀྱི་བདག་པོ་མཚོན་པར་བྱེད་པའི་ཕྱིར་ཐབས་ཤེས་ཀྱི་རྩ་བ་ཀུན་ལ་ཁྱབ་བྱེད་དུ་འཇུག་པའི་གཙོ་བོ་ཡབ་ཡུམ་དང་བཅས་པས་ལྔ་བརྒྱ་བཞི་བཅུ་འབྱུང་བས་སྦྱང་གཞི་དང་སྦྱོང་བྱེད་གྲངས་རྣམས་མཐུན་པ་ཡིན་ནོ། །ཞེས་རྐང་པ་གཅིག་གསུངས་སོ། །བཞི་པ་རྒྱུད་གཞན་དང་སྦྱར་བ་ནི། ཐོད་པ་སོགས་ཚིགས་བཅད་གཉིས་ཏེ། དེ་རྣམས་ལས་གཞན་པ་སངས་རྒྱས་ཐོད་པ་དང་རྡོ་རྗེ་བདུད་རྩི་དང་དགྱེས་པ་རྡོ་རྗེ་དང་སོགས་པས་མ་ཧཱ་མ་ཡ་ལ་སོགས་པ་རྣམས་ནི་མ་རྒྱུད་ཀྱི་གཙོ་བོ་འཁོར་ལོ་སྡོམ་པའི་ནང་དུ་འདུས་པར་གསུངས་ཤིང་འཇིགས་བྱེད་གཤེད་དམར་སྦྲ་ནག་གདོང་དྲུག་སོགས་གཤིན་རྗེ་གཤེད་དང་སོགས་པས་རྟ་མགྲིན་དང་འཁོར་ཆེན་སོགས་ཕྱག་རྡོར་དང་གཞན་ཡང་ཁྲོ་བོའི་དཀྱིལ་འཁོར་རྣམས་ནི་ཕ་རྒྱུད་ཀྱི་གཙོ་བོ་གསང་བ་འདུས་པར་བསྡུ་བ་ཡིན་ལ། ཆོས་དབྱིངས་ངག་གི་དབང་ཕྱུག་ལ་སོགས་པ་ལྷ་སྟོང་དྲུག་བརྒྱ་ཉི་ཤུ་ཡོད་པས་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཅན་རྣམས་ནི་དུས་ཀྱི་འཁོར་ལོ་ཉིད་དུ་འདུས་ཤིང་རྡོར་དབྱིངས་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ཀུན་ཀྱང་ཕ་རྒྱུད་དང་། མ་རྒྱུད་ཀྱི་ཡན་ལག་ཏུ་འདུས་ཏེ། དཔུང་བཟང་སོགས་བྱ་བ་དང་རྣམ་སྣང་མངོན་བྱང་སོགས་སྤྱོད་པའི་རྒྱུད་རྣམས་ནི་ཡོ་ག་དེའི་ཡང་ཡན་ལག་ཡིན་པས་རྒྱུད་སྡེའི་ལྷ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་རླུང་ལས་འཕྲོས་པར་སེམས་འགྲེལ་དུ་གསུངས་སོ། །འདི་རྣམས་ནི་དུས་འཁོར་ལས། དུས་ལོ་མེ་གྲངས་ལོ་ཡི་ཉིན་ཞག་ཚོགས་ཀྱིས་བསྒྱུར་ཏེ་རིགས་དྲུག་བགྲོད་པའི་ཡན་ལག་གི། །ཟླ་བའི་དབྱེ་བས་སུམ་བཅུ་དྲུག་སྟེ་རོ་ཡིས་བསྒྱུར་བའི་རོ་ནི་རྣལ་འབྱོར་མ་རྣམས་དག་གི་རིགས། །རེས་གཟས་བཅད་པས་ཐོབ་པ་རབ་ཏུ་གསལ་ཞིང་ངེས་པར་དུས་ཀྱི་འཁོར་ལོ་དག་གི་ལྷ་རྣམས་སོ། །ཕྱོགས་ཀྱིས་བཅད་པ་དག་གིས་ལྷ་དང་ལྷ་མོ་རྣམས་ཀྱི་མངོན་པར་བརྗོད་པར་འགྱུར་རོ་མི་ཡི་བདག །སྒྱུ་འཕྲུལ་དྲ་བ་རྣམ་པ་གསུམ་ཡང་ཉིན་ཞག་ཡན་ལག་ལས་འགྱུར་ཡན་ལག་བུག་པ་རིག་བྱེད་དང་། །སླར་ཡང་འབྱུང་བ་རྒྱ་མཚོ་མེ་དང་ཆུ་གཏེར་གྱིས་བསྒྱུར་དཔལ་ལྡན་འདུས་བ་དུས་ཀྱི་དབྱེ་བ་ནི། །དེ་ཉིད་ཅེས་བྱ་གཞན་ཡང་དྲུག་གི་རྣམ་དམན་དེ་དག་ཕྱེད་ཀྱི་དབྱེ་བས་རྣམ་པར་ཕྱེ་བ་སྟེ། །སླར་ཡང་བསྲེག་པ་དག་ནི་དབྱེ་བ་གཉིས་ཏེ་སུམ་བཅུ་རྩ་དགུ་དང་ནི་བུག་པ་དེ་ཉིད་བཅས། །ཟླ་བའི་ཆ་ཤས་སོང་བའི་ཉིན་ཞག་ཚོགས་ལས་རེས་གཟའི་ཆ་ཡིས་ཐོབ་པ་གང་དག་ཉིན་ཞག་དྲུག །དེ་རྣམས་རྡོ་རྗེ་ཅན་གྱི་ཕྱག་རྒྱ་དྲུག་སྟེ་གཞན་པའི་ཉིན་ཞག་ཚོགས་ནི་སྐུ་གསུང་ཐུགས་ཀྱི་རྒྱ། །ཤེས་རབ་སྐུ་ལ་དུས་སྦྱོར་གསུམ་རྣམས་ངེས་པར་གསལ་བྱས་རྣལ་འབྱོར་མ་དང་རྣལ་འབྱོར་རྒྱུད་ལའོ། །ཞེས་པ་རྩ་འགྲེལ་ཇི་ལྟ་བ་བཞིན་གསུངས་པ་ཡིན་ནོ། །ལྔ་པ་དོན་བསྡུ་བ་ནི། གོང་དུ་བཤད་པ་དེ་རྣམས་ནི་ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འབྱུང་བའི་ཚུལ་བཤད་པ་ཡིན་ནོ། །གཉིས་པ་རྩ་ཁམས་ལ་སྦྱར་བ་ལ། བསྟན། བཤད། གཉིས་ལས། དང་པོ་ནི། རྩ་ཁམས་ལ་ཡང་རྒྱུད་ཀྱི་ལྷ་ཐམས་ཅད་དང་སྦྱར་བའི་ཚུལ་སྔ་མ་དེ་བཞིན་དུ་གསུངས་པ་ནི་བཤད་པར་བྱའོ་ཞེས་རྐང་པ་གཅིག་གསུངས་སོ། །གཉིས་པ་ལ་བཞི། དུས་ཀྱི་འཁོར་ལོ་དང་སྦྱར་བ། འཁོར་ལོ་སྡོམ་པ་དང་སྦྱར་བ། གསང་བ་འདུས་པ་དང་སྦྱར་བ། རྒྱུད་གཞན་དང་སྦྱར་བའོ། །དང་པོ་ནི། སྙིང་ག་སོགས་ཚིགས་བཅད་ལྔ་དང་རྐང་པ་གཅིག་སྟེ། སྙིང་གར་སྲོག་གི་རླུང་དང་བཅས་པའི་རྩ་དབུ་མ་ནི་དུས་ཀྱི་འཁོར་ལོ་ཉིད་ཡིན་ལ་རྩ་རོ་མ་དང་རྐྱང་མ་གཉིས་ནི་དུས་འཁོར་དེའི་ཞབས་ཀྱི་རང་བཞིན་ཡིན་ཏེ། ཡེ་ཤེས་ཀྱི་རང་སྣང་ནི་ཕྱག་རྒྱ་ཆེན་མོ་ཡིན་པས་སྣ་ཚོགས་ཡུམ་དུ་བརྗོད་ལ། རྩ་བར་ལྷ་མོ་བརྒྱད་ཀྱི་རྗེས་སུ་སྣ་ཚོགས་ཡུམ་སྨོས་པ་ནི་སྡེབ་སྦྱོར་གྱི་དབང་གིས་ཡིན་པར་རང་འགྲེལ་དུ་གསུངས་སོ། །སྙིང་གའི་འཁོར་ལོའི་དབུས་ཀྱི་རིགས་དྲུག་གམ་ཁམས་དྲུག་ནི་སངས་རྒྱས་དྲུག་དང་སྙིང་གའི་རྩ་འདབ་མ་བརྒྱད་ནི་དུ་བ་མ་ལ་སོགས་པའི་ལྷ་མོ་བརྒྱད་དང་བུམ་པ་བཅུ་ནི་ཤར་དུ་རྐང་དག་པའི་བུམ་པ་གཉིས། ལྷོར་ཤ་ཁྲག་དག་པ་གཉིས། བྱང་དུ་གཅི་བ་དག་པ་གཉིས། ནུབ་དུ་བཤང་བ་དག་པ་གཉིས། སྟེང་འོག་ཏུ་ཁུ་ཁྲག་དག་པ་གཉིས་རྣམས་ཡིན་ཏེ། གཙུག་ཏོར་གྱི་རྩ་བཞི་ནི་ནོར་བུ་དང་གཎྜྻི་དང་དཔག་བསམ་ཤིང་དང་ཆོས་ཀྱི་དུང་གི་རང་བཞིན་ནོ། །ཕུང་པོ་དྲུག་དང་ཁམས་དྲུག་པོ་རྣམས་ནི་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་དྲུག་ཡུམ་དང་བཅས་པའོ། །མིག་ལ་སོགས་པའི་དབང་པོ་དྲུག་དང་གཟུགས་ལ་སོགས་པའི་ཡུལ་དྲུག་པོ་རྣམས་ནི་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དྲུག་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་དྲུག་དང་བཅས་པའོ། །རྐང་པ་དང་ལག་པ་ལ་སོགས་པ་ལས་དབང་དྲུག་འགྲོ་བ་སོགས་དེའི་བྱེད་ལས་དྲུག་དང་བཅས་པ་ནི་པདྨ་མཐར་བྱེད་སོགས་ཁྲོ་བོ་དྲུག་དང་རྨུགས་བྱེད་མ་སོགས་ཁྲོ་མོ་དྲུག་སྟེ་བཅུ་གཉིས་སོ། །རྩ་འགྲེལ་གཉིས་ཀར་བཅུ་ཞེས་གསུངས་པ་ནི། གཉིས་པོ་ཤུགས་ལ་སྟོན་པ་ཡིན་ནོ། །ལྟེ་བའི་འཕོ་ཆེན་འཕོ་ཆུང་གི་རྩ་བསྡོམས་པས་བདུན་བཅུ་དོན་གཉིས་རྣམས་ནི་འཇིགས་མ་དང་ཙར་ཙི་ཀ་སོགས་གསུང་གི་དཀྱིལ་འཁོར་གྱི་ལྷ་མོ་བདུན་བཅུ་དོན་གཉིས་ཀྱི་རང་བཞིན་ཡིན་ལ། རྐང་ལག་གི་ཚིགས་ཆེན་བཅུ་གཉིས་ཀྱི་རྩའི་འཁོར་ལོའི་རྩ་འདབ་དྲིལ་བས་སུམ་བརྒྱ་དང་དྲུག་བཅུ་ནི་སྐུའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་གནས་པའི་ཚེས་ལྷ་སུམ་བརྒྱ་དྲུག་བཅུ་ཡིན་ལ། ཚིགས་ཕྲན་གྱི་འཁོར་ལོ་སོར་ཚིགས་ཀྱི་རྩ་རྣམས་ཀླུ་དང་གཏུམ་མོ་རྣམས་ཡིན་ཏེ། བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞིའི་རྩ་ཁམས་ནི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞིའི་རང་བཞིན་ནོ། །འདོད་པའི་རྟོག་པ་སོ་དྲུག་ནི་གསུང་གི་དཀྱིལ་འཁོར་གྱི་མཆོད་པའི་ལྷ་མོ་སུམ་བཅུ་སོ་དྲུག་དང་མི་འདོད་པའི་རྟོག་པ་སོ་དྲུག་ནི་སྐུའི་དཀྱིལ་འཁོར་གྱི་ཕྱིར་འདོད་མ་སུམ་བཅུ་རྩ་དྲུག་ཡིན་ནོ། །དེ་ལྟར་གཙོ་བོ་ནས་འདོད་མ་རྣམས་དང་བཅས་པའི་བར་གོང་དུ་བཤད་པའི་ལྷ་ཀུན་ཕན་ཚུན་ཐབས་དང་ཤེས་རབ་རྒྱས་བཏབ་ཀྱི་སྒོ་ནས་དབྱེ་བས་ཕྱེ་ན་སྟོང་དང་བརྒྱད་བཅུའི་དཀྱིལ་འཁོར་དུ་འགྱུར་ཏེ། རྩ་ཁམས་རྣམས་ལ་ཡང་ཐབས་ཤེས་ཀྱི་དབྱེ་བས་ཕྱེ་ན་དེའི་རང་བཞིན་དུ་འགྱུར་རོ། །འདི་རྣམས་ལ་རྒྱུ་མཚན་དང་བཅས་ནས་རྒྱས་པར་འཆད་རིགས་མོད་ཀྱི་འདིར་ཡི་གེའི་ཚོགས་ལ་འཇིགས་པས་མངོན་རྟོགས་དང་རྒྱུད་འགྲེལ་ལས་ཤེས་པར་བྱའོ། །གཉིས་པ་འཁོར་ལོ་སྡོམ་པ་དང་སྦྱར་བ་ལ་བཞི། སྤྱིར་བསྟན་པ། སྡོམ་པ་ཆུང་བ་དང་སྦྱར་བ། སྡོམ་ཆེན་དང་སྦྱར་བ། རིགས་བསྡུས་དང་སྦྱར་བའོ། །དང་པོ་ནི། དཔལ་ལྡན་འཁོར་ལོ་སྡོམ་པ་ཆེ་ཆུང་གི་ལྷ་གྲངས་རྩ་ཁམས་དང་སྦྱར་བ་ནི། འཆད་དོ་ཞེས་རྐང་པ་གཅིག་གསུངས་སོ། །གཉིས་པ་ནི། རྩ་གསུམ་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། རྩའི་གཙོ་བོ་དབུ་མ་རོ་རྐྱང་གསུམ་རྩ་བདུད་བྲལ་མ་དང་བཅས་པ་ནི་གཙོ་བོ་ཡབ་ཡུམ་དང་། སྙིང་གའི་རྩ་འདབ་མ་བརྒྱད་ལས་ཕྱོགས་ཀྱི་འདབ་མ་བཞི་ནི་ཡུམ་སྙིང་པོའི་རྣལ་འབྱོར་མ་བཞི་དང་མཚམས་ཀྱི་འདབ་མ་བཞི་ནི་མཆོད་པ་བཞི་སྟེ་ཡབ་མཚོན་པ་བུམ་པ་བཞི་ཐོད་པ་བདུད་རྩིས་གང་བ་དང་བཅས་པའོ། །མི་ཕྱེད་མ་ལ་སོགས་པའི་རྩ་ཆེན་པོ་ཉེར་བཞི་ནི་རྣལ་འབྱོར་མ་རབ་གཏུམ་མ་ལ་སོགས་པ་ཉེར་བཞི་ཡིན་ཞིང་། རྩ་ཉེར་བཞི་པོ་དེའི་ནང་ནས་འབབ་པའི་ཁམས་ཉེར་བཞི་ནི་ཐོད་པའི་དུམ་བུ་ལ་སོགས་པ་དཔའ་བོ་ཉེར་བཞིར་གསུངས་སོ། །ཁྭ་གདོང་མ་ལ་སོགས་པ་སྒོ་མཚམས་མ་བརྒྱད་སྟེང་འོག་གི་སེང་གདོང་སྟག་གདོང་མ་གཉིས་དང་བཅས་པའི་བཅུ་ནི་སྔར་བཤད་པའི་ཁྲོ་བོ་བཅུར་ཞི་མཚུངས་པས་ལས་དབང་བྱེད་ལས་དང་བཅས་པའམ་ཡང་ན་དབང་པོའི་སྒོ་རྣམ་ཁྲོ་བོ་བཅུ་དང་ཁྲོ་མོ་བཅུའི་རང་བཞིན་ནོ། །ཊཱིཀ་བྱེད་དག་གིས། གོང་དུ་དུས་ཀྱི་འཁོར་ལོར་དབང་པོའི་སྒོ་རྣམས་ཁྲོ་བོ་བཅུར་སྦྱར་བ་དང་མཚུངས་སོ། །ཞེས་བྲིས་མོད། གོང་དུ་ནི་གཞུང་ལས། རྐང་སོགས་ལས་དབང་ཁྲོ་བོ་བཅུ། །ཞེས་དང་། འགྲེལ་བར་རྐང་པ་ལ་སོགས་པ་ལས་ཀྱི་དབང་པོ་རྣམས་དང་དེའི་ལས་དང་བཅས་པ་རྣམས་ནི་ཁྲོ་བོ་བཅུའོ། །ཞེས་གསུངས་ལ། རང་ཉིད་ཀྱིས་ཀྱང་། རྐང་པ་དང་སོགས་པས་ལག་པ་དང་བཤང་པ་དང་ངག་དང་འདོམས་དང་དབང་པོ་མཆོག་དང་དྲུག་པོ་རྣམས་དང་དེ་དག་གི་ལས་འགྲོ་བ་ལ་སོགས་པའི་བྱ་བ་རྣམས་ནི་བགེགས་མཐར་བྱེད་དང་རིག་བྱེད་མ་ལ་སོགས་པའི་ཁྲོ་བོ་དང་ཁྲོ་མོ་བཅུ་ཡིན་ནོ། །ཞེས་བྲིས་སྣང་གིས་དབང་པོའི་སྒོ་རྣམས་ཁྲོ་བཅུར་སྦྱར་བ་མི་སྣང་བས། གོང་དུ་ཇི་སྐད་སྨྲས་པ་དྲན་པར་བྱོས་ཤིག །གསུམ་པ་ནི། རྩ་ཁམས་ཉི་ཤུ་རྩ་བཞི་པོ་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོའི་དབྱེ་བས་གསུམ་དུ་ཕྱེ་བའི་ཕྱིར་རྩ་ཁམས་བདུན་བཅུ་རྩ་གཉིས་འཁོར་ལོ་སྡོམ་པ་ཆེན་པོའི་ལྷ་ནི་བདུན་བཅུ་རྩ་གཉིས་ཀྱི་རང་བཞིན་ཡིན་ནོ་ཞེས་རྐང་པ་གཉིས་སོ། །བཞི་པ་ནི། དེ་བས་ཀྱང་ཆེས་རྒྱས་པར་ཕྱེ་ན་རྩ་འཁོར་ལོ་བཞིའི་རྩ་འདབ་བརྒྱ་དང་ཉི་ཤུ་ནི་འཁོར་ལོ་སྡོམ་པའི་ལྷ་རུ་འགྱུར་བའི་ཚུལ་ངེས་བརྗོད་བླ་མ་དང་རྡོ་རྗེ་མཁའ་འགྲོའི་རྒྱུད་ལ་སོགས་པར་གསུངས་པ་བཞིན་དུ་ཤེས་པར་བྱའོ་ཞེས་རྐང་པ་གཉིས་སོ། །གསུམ་པ་གསང་འདུས་དང་སྦྱར་བ་ལ་གསུམ། དམ་བཅའ་བ། སོ་བཞི་མ་དང་སྦྱར་བ། རིགས་བསྡུས་དང་སྦྱར་བའོ། །དང་པོ་ནི། དཔལ་ལྡན་གསང་བ་འདུས་པའི་ལྷ་ཚོགས་རྩ་ཁམས་དང་སྦྱར་བའི་ཚུལ་བཤད་པར་བྱའོ་ཞེས་ཚིག་རྐང་གཅིག་གསུངས་སོ། །གཉིས་པ་ནི། ཕུང་པོ་སོགས་ཚིགས་བཅད་གསུམ་སྟེ། རྩ་འཁོར་ལོ་ལྔ་དང་ཕུང་པོ་ལྔ་ནི་སངས་རྒྱས་རིགས་ལྔ་ཡིན་ཏེ་ས་ལ་སོགས་པའི་ཁམས་བཞི་པོ་རེག་བྱ་དང་བཅས་པ་ལྔ་ནི་ཡུམ་རེག་བྱ་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་ལྔ་ཡིན་ལ་མིག་གཉིས་ནི་སའི་སྙིང་པོ་ཡིན་ཏེ་རྣ་བ་གཉིས་ནི་ཕྱག་ན་རྡོ་རྗེའོ། །སྣ་གཉིས་ནི་ནམ་མཁའི་སྙིང་པོ་སྟེ་ལྕེའི་རང་བཞིན་ལ་བཞུགས་པ་ནི་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སོ། །དེ་བཞིའི་རོ་མཉམ་དུ་གྱུར་པའི་ཡུམ་ཡང་གཟུགས་རྡོ་རྗེ་མ་དང་སྒྲ་དྲི་རོ་རྡོ་རྗེ་མའོ། །ཡིད་ཀྱི་ཁམས་ནི་འཇམ་དཔལ་ཆོས་ཀྱི་ཁམས་ཀྱི་རང་བཞིན་རྣམས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཡིན་ཏེ་ལུས་ཀྱི་ཁམས་ལ་ནི་ཀུན་ཏུ་བཟང་པོ་ཉིད་ཅེས་བྱ་ཞིང་། རྩ་རྒྱུས་ཐམས་ཅད་ཀྱི་ཁམས་ནི་བྱམས་པ་ཉིད་ཡིན་ནོ། །དེ་བཞིའི་རོ་མཉམ་པའི་ཡུམ་ཡང་ཉེ་བའི་གཟུགས་རྡོ་རྗེ་མ་དང་ཉེ་བའི་སྒྲ་དྲི་རོ་རྡོ་རྗེ་མ་རྣམས་ཡིན་ནོ། །ཞེས་གཉིས་མེད་རྣམ་རྒྱལ་ལས་གསུངས་སོ། །འཁྲིག་མ་དང་བོལ་གྱི་ཚིགས་མ་གཏོགས་པའི་ཡན་ལག་གི་ཚིགས་ཆེན་བརྒྱད་དང་ཁ་དང་གསང་བ་ནི་ཁྲོ་བོ་བཅུའི་རང་བཞིན་ཡིན་ཏེ། འདིར་ལྷ་སུམ་བཅུ་སོ་དྲུག་འབྱུང་ཡང་གཙོ་བོ་ཡབ་ཡུམ་དབྱེ་གཞི་འམ་ཁྱབ་བྱེད་ཡིན་པས་རང་འགྲེལ་ལས་ལྷ་སུམ་བཅུ་སོ་བཞིའི་དཀྱིལ་འཁོར་གྱི་རང་བཞིན་ནོ་ཞེས་གསུངས་སོ། །གསུམ་པ་ནི། ལྟེ་བར་སོགས་ཚིགས་བཅད་ཕྱེད་དང་གསུམ་སྟེ། འཁོར་ལོ་བཞིའི་རྩ་འདབ་ཐམས་ཅད་རིགས་བསྡུས་པའི་དཀྱིལ་འཁོར་དང་སྦྱར་ན་ལྟེ་བའི་འཁོར་ལོ་ས་ཁམས་ཀྱི་རང་བཞིན་ལ་ལས་ཀྱི་རིགས་ལས་སྐྱེས་པའི་ལྷ་མོ་མཁྱེན་མ་དང་གཏུམ་མོ་དང་སོགས་པའི་སྒྲས་དཔའ་མོ་མ་དང་ལས་ཀྱི་སྒྲོལ་མ་དང་ཡིད་གཅུགས་མ་དང་འཕྲུལ་འཁོར་མ་ལ་སོགས་པ་ལྷ་མོ་ནི་དྲུག་བཅུ་རྩ་བཞི་གསུངས་པ་ཡིན་ལ། སྙིང་གའི་འཁོར་ལོ་ཆུའི་ཁམས་ལ་རྡོ་རྗེའི་དབྱིངས་ཀྱི་དབང་ཕྱུག་མ་དང་སོགས་པས་རྡོ་རྗེ་ཕྱག་རྒྱ་མ་དང་སྟོབས་ཆེན་མ་ལ་སོགས་པ་དགུ་རྡོ་རྗེའི་རིགས་སུ་གསུངས་པ་སྟེ། མགྲིན་པའི་འཁོར་ལོ་མེའི་ཁམས་ལ་པདྨའི་སྒྲོལ་མ་དང་སོགས་པས་པད་དཀར་མོ་དང་པདྨ་ལ་སོགས་པའི་ལྷ་མོ་བཅུ་དྲུག་པདྨའི་རིགས་ཀྱི་རང་བཞིན་དུ་གསུངས་ལ། སྤྱི་བོའི་འཁོར་ལོ་རླུང་གི་ཁམས་ལ་རབ་ཏུ་སད་མ་དང་ལ་སོགས་པས་འཁོར་ལོའི་ཤུགས་ཅན་མ་དང་རྡོ་རྗེ་ལྡན་མ་ལ་སོགས་པ་ལྷ་མོ་སུམ་བཅུ་རྩ་གཉིས་འཁོར་ལོའི་རིགས་དང་ལྡན་པ་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པའི་རྣམ་པར་རྡོ་རྗེ་ཕྲེང་བ་ལས་རྒྱས་པར་གསུངས་ཏེ། ཀུན་ཀྱང་རྩ་དང་ཁམས་ཀྱི་རང་བཞིན་ཡིན་ནོ། །བཞི་པ་རྒྱུད་གཞན་དང་སྦྱར་བ་ནི། དེ་སོགས་ཤེས་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། བཤད་མ་ཐག་པ་དེ་ལ་སོགས་པ་དཀྱིལ་འཁོར་མི་འདྲ་བ་དུ་མ་རྣམས་རྐྱང་པ་དཔའ་བོ་གཅིག་པ་ནས། བཟུང་སྟེ་ཕྱོགས་རེའི་ཆ་དང་ལྡན་པ་གཙོ་འཁོར་གཉིས་པ་དང་གསུམ་པ་སོགས་གསུངས་པ་ཐམས་ཅད་ཀྱང་སྔར་ལེའུ་བརྒྱད་པར་བསྟན་པ་བཞིན་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་སོགས་པ་སྦྱང་གཞི་ལ་བརྟེན་ནས་གསུངས་ཚུལ་འདིར་འདུས་པ་ཡིན་ཏེ། དཔེར་ན་དགྱེས་རྡོར་ལྷ་དགུའི་དཀྱིལ་འཁོར་ནི་སྙིང་གའི་འཁོར་ལོ་རྐྱང་པའི་སྦྱོང་བྱེད་ཡིན་པ་བཞིན་དུ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལུས་ཀྱི་རྩ་རླུང་སོགས་ལ་བརྟེན་ནས་བཞག་པ་ཡིན་ནོ། །དེས་ན་དུས་འཁོར་ལས་ཕྱོགས་ཀྱི་ལྷ་ཐམས་ཅད་ཁམས་ཀྱི་དབང་གིས་གཙོ་བོའི་ཞལ་རྣམས་ནས་བྱུང་བར་ཡང་བཤད་ལ། རང་འགྲེལ་དུ། གསང་སྔགས་རྙིང་མའི་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་དང་གསང་སྔགས་གསར་མའི་ལྷ་སྦྱར་ནས་རྩའི་འཁོར་ལོ་རྣམས་ཀྱི་དག་སྦྱོར་དུ་གསུངས་པ་ནི་འདི་ཡིན་ཏེ། སྤྱི་བོའི་འཁོར་ལོ་ནས་འཇམ་དཔལ་སྐུའི་ལྷ་ཚོགས་དང་གཤིན་རྗེ་གཤེད་སོགས་སྐུའི་རིགས་ཀྱི་དཀྱིལ་འཁོར་རྣམས་འབྱུང་ཞིང་། མགྲིན་པ་ནས་པདྨ་གསུང་དང་རྟ་མགྲིན་སོགས་གསུང་གི་རིགས་རྣམས་འབྱུང་། སྙིང་ག་ནས་ཡང་དག་ཐུགས་དང་མི་སྐྱོད་པ། ལྟེ་བ་ནས་བདུད་རྩི་ཡོན་ཏན་དང་རིན་འབྱུང་། གསང་གནས་ནས་ཕུར་པ་འཕྲིན་ལས་དང་དོན་གྲུབ། ཡན་ལག་དང་ཉིང་ལག་དང་སྒལ་ཚིགས་ལས་མ་མོ་སྦོད་གཏོང་གི་ལྷ་ཚོགས་འབྱུང་། དམོད་པ་དྲག་སྔགས་དང་འཇིག་རྟེན་མཆོད་བསྟོད་ནི་དེ་རྣམས་ཀྱི་ཡན་ལག་ཏུ་འབྱུང་བས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱང་ལུས་ཀྱི་རྩ་རླུང་བྱང་ཆུབ་སེམས་ཀྱི་ཆ་ཤས་སུ་རྙིང་མའི་རྒྱུད་གདམ་ངག་དང་བཅས་པ་རྣམས་ནས་གསུངས་སོ། །གསུམ་པ་དོན་བསྡུ་བ་ནི། མདོར་ན་སོགས་ཚིགས་བཅད་ཕྱེད་དང་གསུམ་སྟེ། ལེའུ་དགུ་པ་འདིའི་རྗོད་བྱའི་དོན་རྣམས་མདོར་བསྡུ་ན། རྩ་ཐམས་ཅད་ནི་ལྷའི་སྐུ་ཡིན་པས་སྐྱེད་རིམ་སྟེ། རླུང་རྣམས་ནི་གསུང་གི་རང་བཞིན་སྔགས་དང་ཡི་གེ་ཡིན་པས་བཟླས་པའོ། །ཐིག་ལེ་ཐམས་ཅད་ནི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཕྲ་མོའི་རྣལ་འབྱོར་རྫོགས་རིམ་མོ། །དེ་བཞིན་དུ་སྦྱིན་སྲེག་དང་འཕྲུལ་འཁོར་ལ་སོགས་པ་ལས་ཀྱི་སྦྱོར་བ་རྣམས་མ་ལུས་པ་ཀུན་ནང་གི་སྦྱང་གཞི་རྩ་རླུང་ཐིག་ལེའི་སྦྱོང་བྱེད་དུ་བསྟན་པ་ཡིན་པས་གོང་དུ་བཤད་པ་བཞིན་ཤེས་པར་བྱ་ལ། འདིར་ནི་ལས་རྒྱལ་མཆོག་བསྟན་པའི་ཕྱིར་ཕྱོགས་ཙམ་ཞིག་བརྗོད་པ་ཡིན་ནོ། །ལྷ་རྣམས་ནང་ལ་སྦྱར་བ་དེ་བཞིན་དུ་ཕར་ཕྱིན་ཐེག་པར་གསུངས་པའི་ཡེ་ཤེས་ཐམས་ཅད་ཆོས་དབྱིངས་གསུང་དབང་གི་དཀྱིལ་འཁོར་དུས་བཅུ་གཉིས་དང་ལམ་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་དང་གཟུངས་བཅུ་གཉིས་དང་ཏིང་ངེ་འཛིན་རབ་འབྱམ་ལ་སོགས་པ་ཐམས་ཅད་ལྷ་དང་སྔགས་ཀྱི་རིམ་པར་ལུས་སེམས་ཀྱི་སྣང་བའི་ནང་གི་དབྱེ་བ་ལ་བརྟེན་ནས་ཐམས་ཅད་ཀྱི་དོན་གཟིགས་པ་སངས་རྒྱས་ཀྱིས་གསུངས་སོ། །འདིར་རང་འགྲེལ་ལས། དེ་ལྟར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་བྱིས་པ་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་རྟོགས་པར་དཀའ་བ་གསུངས་པའོ། །ཞེས་གསུངས་པའི་དོན་ལ་བདག་གི་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་མཐའ་དག་སེམས་ཅན་གྱི་རྩ་རླུང་ཐིག་ལེ་ལ་ཡོངས་སུ་རྫོགས་པར་གནས་ཀྱང་ཟབ་མོའི་དོན་འདི་ཕལ་ཆེར་ལ་རང་གསང་དུ་གནས་པས་དེ་ཇི་ལྟ་བ་བཞིན་དུ་སྟོན་པར་བཞེད་ནས་རྡོ་རྗེ་ཐེག་པའི་ལམ་ལ་ཚེ་གཅིག་ལ་སངས་རྒྱས་བསྒྲུབ་པའི་རྒྱུའི་གཙོ་བོ་ནི་སེམས་ཅན་གྱི་ལུས་ངག་གམ་རྩ་རླུང་རྒྱས་འགྱུར་གྱི་རིགས་དང་རྩ་བ་སྤྲོས་བྲལ་གྱི་ཐིག་ལེའམ་སེམས་ཀུན་གཞི་རང་བཞིན་གནས་རིགས་ཡིན་པ་འདིའི་གསང་རྟོགས་པ་གལ་ཆེ་བའི་གནད་ཡིན་པར་བསྟན་ནོ། །ཞེས་གསུང་སྟེ། ཁོ་བོ་ཅག་ནི་འདི་ལ་ངེས་པ་ཡང་དག་པ་སྐྱེས་སོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་དོན་གྱི་རྣམ་བཤད་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་ཕྲེང་བ་ཞེས་བྱ་བ་ལས་ཆོས་ཐམས་ཅད་ཀྱི་སྦྱང་གཞི་སྦྱོང་བྱེད་གསལ་བར་བསྟན་པ་སྟེ་ལེའུ་དགུ་པའི་བཤད་པའོ།། ༈ །།དེ་ལྟར་ལེའུ་བརྒྱད་པ་དང་དགུ་པས་གནད་འཆིང་བའི་ཐབས་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་བདེན་པ་གཉིས་པོ་ཟུང་དུ་འཇུག་པའི་ཚུལ་བརྗོད་ནས་ད་ནི་རིམ་གཉིས་དེ་ལ་བརྟེན་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་ཇི་ལྟར་བགྲོད་པའི་རིམ་པ་གསལ་བར་སྟོན་པ་དུམ་བུ་བཅུ་པ་འདི་བཤད་པར་བྱ་སྟེ། དེ་ལ་ལེའུའི་འབྲེལ་ནི། རང་གི་འགྲེལ་པ་ལས། ཆོས་ཐམས་ཅད་ཀྱི་ཚུལ་སྦྱར་བཤད་ཀྱིས་ནི་འཆིང་བར་བྱེད་པའི་ཐབས་བརྗོད་ནས་དེ་ལ་བརྟེན་པའི་ལམ་ཇི་ལྟར་བགྲོད་པའི་རིམ་པ་བཤད་པ་ལས་བཅུ་པ་ལམ་གྱི་རིམ་པ་སྦྱར་བཤད་བསྟན་དགོས་པས། ཤེས་གསུངས་པ་ལྟར། རིམ་པ་གཉིས་ཟུང་དུ་འཇུག་པས་གནད་བཅིངས་ཏེ་ཉམས་སུ་བླངས་པ་ལས་ས་དང་ལམ་གྱི་རིམ་པ་ཇི་ལྟ་བུ་བགྲོད་དེ་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ལ་སྦྱོར་བར་བྱེད་སྙམ་པ་དག་གི་ངོར་བཅུ་པ་ལམ་གྱི་རིམ་པ་བསྟན་པར་བྱའོ། །དེ་ལ་གཉིས། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་ནི། དེ་ལྟར་སོགས་ཚིགས་བཅད་གཅིག་སྟེ། བཤད་པ་དེ་ལྟར་རྡོ་རྗེའི་ལུས་རྩ་དང་རླུང་དང་ཐིག་ལེ་དང་གསུམ་ལས་གྲུབ་པ་ནི་སེམས་ཀྱི་ཆ་ལས་སྣང་བ་ཙམ་ཡིན་ཏེ། རྒྱུ་མཚན་དེའི་ཕྱིར་ཐབས་མཁས་པས་སྙིགས་མའི་ལུས་འདི་འཇའ་ལུས་སུ་བསྒྱུར་བའི་དོན་བྱེད་པའི་ཐབས་གསེར་འགྱུར་གྱི་རྩི་ལྟར་གནད་འཆིང་བར་བྱེད་པ་འདི་ནི་ལམ་གྱི་རིམ་པ་གཞན་ཀུན་ལས་ཁྱད་པར་དུ་འཕགས་པ་ཡིན་པས་ལམ་གྱི་རིམ་པ་དེ་དག་ལེའུ་བཅུ་པ་འདིར་འཆད་དོ། །འདིའི་འགྲེལ་པར། སྤྱིར་ཉན་ཐོས་དང་ནས་འཕགས་ཏེའི་བར་གྱིས་སྤྱིར་ལམ་གྱི་རིམ་པ་ལ་ཉན་ཐོས་ཀྱི་ལམ་དང་རང་རྒྱལ་གྱི་དང་ཐེག་ཆེན་ལ་ཕ་རོལ་ཏུ་ཕྱིན་པའི་བྱང་སེམས་ཀྱི་དང་རྡོ་རྗེ་ཐེག་པའི་ཉེ་ལམ་སྟེ་བཞི་ཡོད་པ་ལས་ཕྱི་མ་ནི་རྟེན་གྱི་ཁྱད་པར་རྡོ་རྗེའི་ལུས་ལ་ཐབས་ཀྱི་ཁྱད་པར་རྡོ་རྗེ་ཐེག་པའི་མན་ངག་ཟབ་མོས་གནད་དུ་བསྣུན་ཏེ། དཔེའི་ཁྱད་པར་ལྕགས་ལས་གསེར་དུ་བསྒྱུར་བ་ལྟར། ངོ་བོའི་ཁྱད་པར་རྩ་རླུང་ཐིག་ལེ་གསུམ་གྱི་གནད་འཆིང་བའི་ལམ་རིམ་འདི་ནི་གཞན་གསུམ་པོ་ཀུན་ལས་ཁྱད་པར་དུ་འཕགས་སོ། །ཞེས་དམ་བཅས་ནས་ཤེས་བྱེད་དུ་མཁའ་འགྲོ་མ་ཀུན་སྤྱོད་ཀྱི་རྒྱུད་དྲངས་པ་ན། སྙིགས་མ་ཡི་ནི་དུས་འདི་རུ། །མི་འགྲུབ་སྙམ་དུ་ཁྱོད་སེམས་ན། །ཞེས་དོགས་པ་བཀོད་ནས། དེ་ལྟ་མ་ཡིན་ནོ་ཞེས། ཕྱག་རྒྱའི་དཀྱིལ་འཁོར་བཟླས་པ་ཡིས། །སངས་རྒྱས་གྲངས་མེད་ཉིད། ཅེས་པས་ཐབས་ཁྱད་པར་ཅན་ལ་བརྟེན་ན་སངས་རྒྱས་གྲངས་མེད་པ་ཉིད་ཀྱང་འགྲུབ་པོ་ཞེས་མདོར་བསྟན་ནས། དེ་རྒྱས་པར་བཤད་པ་ལ་འགྲུབ་མི་འགྲུབ་གཉིས་ལས། ཕྱི་མ་ནི། གཞན་དུ། བཀྲེས་དང་སྐོམ་པས་ཉམས་པས་ན། །བདེ་བ་འགྲུབ་པར་མི་འགྱུར་རོ། །ཞེས་ལམ་འོག་མ་རྣམས་ནི་ཕྱི་རོལ་པ་ལྟར་བཀྲེས་སྐོམ་གྱིས་ཉམས་པས་འགྲུབ་དཀའ་བར་གསུངས་ནས། འོ་ན་གང་གིས་འགྲུབ་ཅེ་ན། འབད་དེ་འདོད་བྱ་དམིགས་ན་ནི། །དེ་ཉིད་ཀྱིས་བདག་རྣལ་འབྱོར་པ། །ཇི་ལྟར་ཧེ་རུ་ཀའི་ཡེ་ཤེས། ཅི་འདོད་པར་ནི་ཡོངས་སུ་ཐོབ། །ཅེས་ལམ་གྱི་ཁྱད་པར་དང་དེའི་ཕན་ཡོན་ཀྱང་། རིང་ནས་ཐོས་དང་མིག་གཉིས་ཀྱིས། །རྣལ་འབྱོར་པ་ཡི་མོད་ལ་མཐོང་། །ཞེས་གནས་སྐབས་སུ་མངོན་ཤེས་ལྔ་དང་མཐར་ཐུག་བྱང་ཆུབ་ཐོབ་པར་གསུངས་ལ། དུས་འཁོར་འགྲེལ་ཆེན་གྱི་ལུང་ཡང་ཤེས་བྱེད་དུ་དྲངས་ནས། ཐབས་མཁས་པའི་ལམ་འདི་རྨད་དུ་བྱུང་བ་ཡིན་ནོ། །ཞེས་དོན་བསྡུ་བར་མཛད་དོ། །འདི་རྣམས་དང་རྗེས་སུ་མཐུན་པར་རྒྱུད་ཀྱི་རྒྱལ་པོ་ལས་ཀྱང་རྫུ་འཕྲུལ་ཀུན་མཁྱེན་ས་དང་སྲིད་གསུམ་བླ་མ་ཉིད་ནི་རྣལ་འབྱོར་ཅན་གྱིས་སྐྱེ་བ་འདི་ལའོ། །གལ་ཏེ་ལམ་ལ་རབ་ཞུགས་འཆི་བར་གྱུར་ན་དེ་ཚེ་དེ་ཡི་འཛིན་པས་སྐྱེ་བ་གཞན་ལའོ། །ཞེས་ཀྱང་འབྱུང་ངོ་། །རྒྱས་པར་བཤད་པ་ལ་གཉིས། ཐུན་མོང་བའི་ལམ་དང་། ཐུན་མོང་མ་ཡིན་པའི་ལམ་མོ། །དང་པོ་ལ་གསུམ། ཉན་ཐོས་ཀྱི་ལམ། རང་སངས་རྒྱས་ཀྱི་ལམ། ཕ་རོལ་ཏུ་ཕྱིན་པའི་ལམ་མོ། །དང་པོ་ནི། གང་ཟག་ཅེས་སོགས་ཚིགས་བཅད་གཅིག་སྟེ། གང་ཟག་གི་བདག་མེད་པ་ཉིད་བསྒོམས་ནས་རང་ཉིད་གཅིག་པུ་ཞི་བ་མྱང་འདས་ཙམ་ཐོབ་པའི་ཕྱིར་དུ་ཉོན་མོངས་པའི་སྒྲིབ་པ་སྤོང་བར་བྱེད་པ་ནི་ཉན་ཐོས་ཀྱི་ལམ་སྟེ། ལམ་དེ་ལ་བརྟེན་ནས་བྱང་ཆུབ་ཐོབ་པའི་དུས་ནི་མྱུར་བའི་དབང་དུ་བྱས་ན་ཚེ་གཅིག་ལ་རྒྱུན་ཞུགས་དང་གཉིས་པ་ལ་ཕྱིར་འོང་དང་ཕྱིར་མི་འོང་གསུམ་པ་ལ་དགྲ་བཅོམ་པ་མངོན་དུ་བྱེད་པས་སྲིད་པར་ལས་ཉོན་གྱིས་སྐྱེ་བ་ལན་གསུམ་བླངས་པའི་རྟེན་ལ་དམན་པའི་བྱང་ཆུབ་མངོན་དུ་བྱེད་པ་སྟེ། ཤིན་ཏུ་མྱུར་བས་ནི་ཚེ་གཅིག་ལ་བྱང་ཆུབ་པ་ཡང་སྲིད་ལ་རྒྱུན་ཞུགས་སྲིད་པ་ལན་བདུན་པས་ནི་ཇི་ལྟར་འགོར་ནའང་འདོད་ཁམས་སུ་ལས་ཉོན་གྱིས་སྐྱེ་སྲིད་ལན་བདུན་བླངས་ཏེ་དམན་པའི་བྱང་ཆུབ་མངོན་དུ་བྱེད་པ་ཡིན་ནོ། །དེ་ལྟར་མངོན་དུ་བྱས་པའི་བྱང་ཆུབ་དེ་ནི་རྫོགས་པའི་བྱང་ཆུབ་མ་ཡིན་གྱི། རང་དོན་དུ་སྡུག་བསྔལ་ཉེ་བར་ཞི་བ་ཙམ་མོ། །ཊཱིཀ་བྱེད་དག་གིས། དུས་ནི་ཇི་ལྟར་འགོར་ན་ཡང་སྲིད་པ་ལན་གསུམ་འགོར་ཏེ་ཞེས་སྨྲས་པའི་འཇུག་ཏུ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཟིན་ནས་ཇི་ལྟར་འགོར་ན་ཡང་སྲིད་པ་ལན་བདུན་པ་ཡིན་ཏེ། ཞེས་བཀོད་པ་ནི། འཕགས་པ་ཉན་ཐོས་རྣམས་ཇི་ལྟར་འགོར་ཡང་སྲིད་པ་ལན་གསུམ་པར་བཤད་པ་དང་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ནས་སྲིད་པ་ལན་བདུན་ལེན་པར་འདོད་པ་འགལ་ཞིང་། ཕྱིར་མི་འོང་གནས་ཐམས་ཅད་དུ་འཆི་འཕོ་བས་གཟུགས་ཁམས་གནས་རིགས་བཅུ་བདུན་པོ་རེ་རེར་ལས་ཉོན་གྱི་སྐྱེ་བ་རེ་བླངས་ནས་འོག་མིན་དུ་མྱང་འདས་མངོན་དུ་བྱེད་པས་དེར་འགྱུར་ངེས་ཀྱི་རྒྱུན་ཞུགས་ཀྱིས་སྲིད་པ་བཅུ་བདུན་ལ་སོགས་པ་ལེན་པའི་ཕྱིར་ན། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཟིན་ནས་ཇི་ལྟར་འགོར་ན་ཡང་སྲིད་པ་ལན་བདུན་པ་ཡིན་ཏེ། ཞེས་པ་ཡང་མ་ངེས་སོ། །གཞན་ཡང་སྲིད་པ་ལན་བདུན་པའི་སྐྱེ་བ་ལེན་ཚུལ་འཆད་པ་ན། དང་པོར་མིའི་རྟེན་ལ་སྐྱེ་སྲིད་གཅིག་བླངས་ནས་དེའི་འོག་ཏུ་ལྷའི་རྟེན་ལ་རིགས་མཐུན་གྱི་སྐྱེ་སྲིད་བདུན་བླངས། དེའི་འོག་ཏུ་མིའི་རྟེན་ལ་རིགས་མཐུན་གྱི་སྐྱེ་སྲིད་དྲུག་བླངས་ནས་མིའི་རྟེན་ཉིད་དུ་མྱ་ངན་ལས་འདས་པ་མངོན་དུ་བྱེད་པ་ཡིན་ཏེ། ཞེས་བྲིས་མོད། བྱེ་སྨྲའི་ལུགས་ལ་སྐྱེ་སྲིད་བཅུ་བཞི་ལེན་པར་བཤད་མོད་ཀྱང་། མདོ་སྡེ་པའི་ལུགས་ལ། མངོན་པ་ཀུན་ལས་བཏུས་ལས། དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་གང་ཞེ་ན། རྒྱུན་དུ་ཞུགས་པའི་གང་ཟག་ཉིད་ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་ཡན་མན་དུ་སྲིད་པའི་འཁོར་བ་བྱས་ནས་གང་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །ཞེས་གསུངས་པ་ལྟར་སྲིད་པ་ལན་བདུན་པ་དེས་ལྷ་མིའི་སྐྱེ་སྲིད་བདུན་ལེན་གྱི་བཅུ་བཞི་མི་ལེན་པར་བཞེད་དོ། །དེ་བས་ན་དཔལ་རང་བྱུང་གི་བཞེད་པ་ནི་མདོ་སྡེ་པ་དང་མཐུན་ཏེ། བྱེ་སྨྲ་ལྟར་བཞེད་ན་ལྷ་དང་མིའི་སྐྱེ་བ་ལན་བདུན་བདུན་གྱིས་དགྲ་བཅོམ་པ་མངོན་སུམ་དུ་བྱེད་དེ། ཞེས་གསུང་བར་རིགས་པ་ལ། རང་འགྲེལ་ལས། ཤིན་ཏུ་འགོར་ན་ཡང་ལྷ་དང་མིའི་སྐྱེ་བ་ལན་བདུན་གྱིས་དགྲ་བཅོམ་པ་མངོན་སུམ་དུ་བྱེད་དེ། །ཞེས་པ་ཙམ་ལས་མ་གསུངས་པས་སོ། །དེས་ན། སྐབས་འདིར་མདོ་སྡེ་པ་དང་མཐུན་པར་བཞེད་པ་ལེགས་ཏེ། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་པ་ལྟར་བྱེ་སྨྲའི་གྲུབ་མཐའ་ཕལ་ཆེ་བ་ལ་མདོ་སྡེ་པས་གནོད་ཅིང་། མདོ་སྡེ་པ་གྲུབ་མཐའ་བཟང་བས། དཔལ་རང་བྱུང་གི་ཞལ་སྔ་ནས་གྲུབ་མཐའ་བཟང་པོ་ཁོ་ན་ལེན་པར་མཛད་ཀྱི་ངན་པ་ནི་ལེན་པར་མི་མཛད་པས་སོ། །གཉིས་པ་ནི། རང་རྒྱལ་སོགས་རྐང་པ་གཉིས་ཏེ། ཐེག་པ་འབྲིང་པོའི་ལམ་ལ་བརྟེན་ནས་སངས་རྒྱས་དང་ཉན་ཐོས་མེད་པའི་ས་ཕྱོགས་སུ་སྲིད་པ་ཐ་མ་པའི་ཚེ་སློབ་དཔོན་གཞན་གྱིས་གདམ་ངག་བསྟན་པ་ལ་མ་ལྟོས་པར་རང་གི་བྱང་ཆུབ་མངོན་དུ་བྱེད་པས་ན་རང་རྒྱལ་ཏེ། དེ་ལ་ནང་སེལ་དུ། སོ་སྐྱེ་སྔོན་འགྲོ་དང་། ཉན་ཐོས་སྔོན་འགྲོའི་དབྱེ་བས་ཚོགས་སྤྱོད་ཆེ་ཆུང་གཉིས་ནི་དབང་པོ་འབྲིང་དང་བརཏལ་པོ་ཡིན་ཞིང་དབང་རྣོན་བསེ་རུ་ལྟ་བུ་དང་གསུམ་ཡོད་པ་ལས་རང་གི་བྱང་ཆུབ་མངོན་དུ་བྱེད་པའི་དུས་ནི་ཚོགས་སྤྱོད་ཆུང་ངུས་མཐོང་ལམ་མན་དུ་བསྐལ་པ་ཉི་ཤུ་ཙམ་གྱི་ཚོགས་བསགས་ནས་རང་གི་བྱང་ཆུབ་ཏུ་བགྲོད་ལ། ནས་ཤེས་པས། ཚོགས་སྤྱོད་ཆེན་པོས་བསྐལ་པ་ལྔ་བཅུ་ཙམ་དང་བསེ་རུ་ལྟ་བུས་ནི་བསྐལ་པ་བརྒྱ་ཡི་ཚོགས་བསགས་ནས་སྐྱེ་བ་དེའི་ཕྱི་མ་ལ་རང་གི་བྱང་ཆུབ་འགྲུབ་སྟེ། རང་རྒྱལ་གྱི་བྱང་ཆུབ་དེ་ཡང་ཞི་བ་ཕྱོགས་གཅིག་པ་ཡིན་ནོ། །སོག་འགྲེལ་ལས། ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ནས་ཚོགས་སྤྱོད་ཆུང་བ་བསྐལ་པ་བརྒྱའི་སུམ་ཆ་ཙམ་དང་ཆེན་པོ་སུམ་གཉིས་ཙམ་དུ་བཤད་ཅེས་བཀོད་པ་ནི། སྒྲོས་རྙིང་པ་དང་བུ་སྟོན་སོགས་མཁས་པ་མང་པོས་དེ་ལྟར་དུ་བཞེད་ཀྱང་། མཐའ་གཅིག་ཏུ་མ་ངེས་ཏེ། བསྟན་བཅོས་ལས་ནི། བསེ་རུ་ལྟ་བུ་དང་ཚོགས་དང་སྤྱོད་པ་ཞེས་པ་ཙམ་ལས་མི་འབྱུང་ལ། ཚོགས་སྤྱོད་ཆེ་ཆུང་དང་། སོ་སྐྱེ་སྔོན་འགྲོ་དང་ཉན་ཐོས་སྔོན་འགྲོ་ཞེས་པའི་ཐ་སྙད་འདི་ནི་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་མཛད་ཅིང་། དེ་རྣམས་ཀྱི་ཚོགས་བསག་པའི་ཡུན་ཡང་བཞེད་པ་མི་འདྲ་བ་དུ་མ་བྱུང་སྟེ། གཉལ་ཞིག་ཆེན་པོས་ནི། ཚོགས་སྤྱོད་ཆེན་པོས་མི་ཚེ་བཅུའམ་བརྒྱ་ལ་སོགས་པར་གསོག་པ་དང་། ཆུང་བས་དུས་སྔ་མ་བས་ཅི་རིགས་ཀྱིས་ཐུང་བ་ཞེས་གསུངས་ལ། ཆུ་མིག་པས། ཆེ་བས་བཟོད་པ་འབྲིང་མན་གྱིས་བསྡུས་པའི་ཚོགས་མི་ཚེ་བརྒྱ་ཙམ་དང་། ཆུང་བས་མཐོང་ལམ་མན་གྱིས་བསྡུས་པའི་ཚོགས་མི་ཚེ་བཅུ་ཙམ་དུ་གསོག་པར་གསུངས་ཤིང་། བདག་གི་བླ་མ་ཀུན་མཁྱེན་སངས་རྒྱས་འཕེལ་གྱི་ཞལ་སྔ་ནས་ནི། མདོ་ལས། རང་སངས་རྒྱས་རྣམས་ནི་བསྐལ་ཆེན་བརྒྱ་ཐམ་པས་ཚར་ཕྱིན་ལ་ཤཱ་རིའི་བུ་ནི་བསྐལ་པ་དྲུག་བཅུས་ཚར་ཕྱིན་ནོ། །ཞེས་གསུངས་པའི་རྣམས་ཤེས་པ་མང་ཚིག་ཡིན་པས། རང་རྒྱལ་དབང་པོ་རྣོ་འབྲིང་རཏལ་གསུམ་ག་བསྐལ་པ་བརྒྱར་ཚོགས་བསག་པ་ལ་ཁྱད་མེད་པར་བཞེད་པ་སོགས་བཞེད་པ་མི་འདྲ་བ་མང་ངོ་། །ཊཱིཀ་བྱེད་དག་གིས། རང་རྒྱལ་གྱི་རིགས་ཅན་ལ་ཚོགས་ན་སྤྱོད་པ་ཆུང་ངུ་དང་བསེ་རུ་ལྟ་བུ་གཉིས་སུ་ཁ་ཚོན་བཅད་ནས་འགྲེལ་པར་རང་རྒྱལ་ཚོགས་སྤྱོད་ཆུང་ངུ་ནི་བསྐལ་པ་ཉི་ཤུ་དང་ཚོགས་སྤྱོད་ཆེན་པོ་ལྔ་བཅུ་དང་བསེ་རུ་ལྟ་བུ་བརྒྱ་ཡིས་འགྲུབ་པས་དམན་འབྲིང་མཆོག་གསུམ་གྱི་རྣམ་གཞག་ཀྱང་མཛད་དོ། །ཞེས་ན་ཡམས་ཙམ་དུ་སྨྲས་སོ། །དེ་ནི་ཚོགས་སྤྱོད་ལ་ཆེ་ཆུང་གཉིས་སུ་ཕྱེ་ནས་ཉན་ཐོས་སྔོན་འགྲོ་དང་སོ་སྐྱེ་སྔོན་འགྲོའི་རང་རྒྱལ་གྱི་ཐ་སྙད་མ་གསན་པའི་དབང་ལས་ཡིན་ནམ་བསམ་མོ། །གཞན་ཡང་། བསེ་རུ་ལྟ་བུའི་རང་རྒྱལ་གྱིས་དང་པོར་ཚོགས་སྤྱོད་ལྟར་སྦྱངས། བསྐལ་པ་འགའ་ཡང་སེམས་ཅན་གྱི་དོན་བྱས་པའི་འོག་ཏུ་རྒྱུན་ཞུགས་ཙམ་ཐོབ་པའམ་ཐེག་ཆེན་གྱི་སེམས་བསྐྱེད་ཙམ་ཐོབ་ཀྱང་རུང་སྟེ། སྐྱེ་བ་ཕྱི་མར་སངས་རྒྱས་དང་ཉན་ཐོས་མེད་པའི་ཕྱོགས་སུ་ཞེས་སོགས་བྲིས་མོད། ཐོག་མར་རང་རྒྱལ་གྱི་ལམ་ལ་བསླབས་ནས་དེའི་འོག་ཏུ་རྒྱུན་ཞུགས་ཐོབ་པའི་བསེ་རུ་ལྟ་བུ་དང་། དེ་ལ་བསླབས་ནས་ཐེག་ཆེན་སེམས་བསྐྱེད་ཐོབ་པའི་བསེ་རུ་ལྟ་བུ་མི་སྲིད་དེ། ལམ་གཞན་ནས་ལོག་སྟེ་རང་རྒྱལ་གྱི་ལམ་དུ་ཞུགས་པའི་རང་རྒྱལ་ནི་དབང་པོ་རཏལ་འབྲིང་གང་རུང་དུ་ངེས་ལ། བསེ་རུ་ལྟ་བུ་ཡིན་ན་རང་རྒྱལ་དབང་རྣོན་ཡིན་པས་ཁྱབ་པའི་ཕྱིར་དང་། བསེ་རུ་ལྟ་བུའི་རང་རྒྱལ་སློབ་པ་ཡིན་ན་དང་པོ་ཉིད་ནས་རང་རྒྱལ་དུ་རིགས་ངེས་པས་ཁྱབ་པའི་ཕྱིར་རོ། །ཕྱིས་ཀྱི་ཊཱི་ཀ་འགའ་ཞིག་ལས། ཚོགས་ན་སྤྱོད་པ་ཆེ་བས་བསྐལ་བ་ཉི་ཤུ་དང་ཆུང་བས་བསྐལ་པ་ལྔ་བཅུ་དང་། བསེ་རུ་ལྟ་བུས་བསྐལ་པ་བརྒྱ་ཡིས་རང་གི་བྱང་ཆུབ་མངོན་དུ་འགྲུབ་བོ། །དེ་ཡང་རང་ལམ་ལ་ལྟོས་ནས་སྔ་མ་གཉིས་དབང་པོ་རྣོ་བ་ཡིན་ནོ། །ཞེས་བྲིས་པ་ནི། ཆ་མེད་པའི་གཏམ་དུ་སྣང་ལ། འགྲེལ་པར་ཚོགས་སྤྱོད་ཆེན་པོ་བསྐལ་པ་ལྔ་བཅུ་དང་། ཆུང་བ་བསྐལ་པ་ཉི་ཤུ་ཞེས་བྲིས་པ་ནི་ཡི་གེ་པས་ནོར་བ་ཡིན་ནམ་བརྟག་པར་བྱའོ། །ཞེས་ཀྱང་བྲིས་སྣང་སྟེ། བརྟག་མི་དགོས་སོ། །གསུམ་པ་ནི། སེམས་ཅན་ཞེས་སོགས་རྐང་པ་གཉིས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་བརྟེན་ནས་བསྐལ་བ་གྲངས་མེད་པ་གསུམ་གྱིས་རྣམ་པར་གྲོལ་བ་ཆོས་ཀྱི་སྐུ་མངོན་དུ་མཛད་དོ། །དེ་ཡང་སེམས་ཅན་གྱི་དོན་དུ་བརྩེ་བས་གྲངས་མེད་པར་བཞུགས་པར་ཟད་ཀྱི་རང་གི་དོན་འགྲུབ་པ་ལ་དེ་ལྟར་མ་ཡིན་ཏེ། རྫུ་འཕྲུལ་གྱི་རྣམ་པར་རོལ་པའི་མཐུ་དང་ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཀྱི་མཛད་པ་མཐའ་ཡས་པས་སོ། །དེ་ལྟ་མོད་ཀྱང་། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས། །བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པ། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། ཕ་རོལ་ཏུ་ཕྱིན་པ་ཕལ་ཆེ་བར་བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་བསག་དགོས་པར་བཤད་ལ། བརྒྱད་སྟོང་འགྲེལ་ཆེན་ལས་ནི། གྲངས་མེད་སུམ་བཅུ་སོ་བདུན་ལ་སོགས་པའི་ཚོགས་བསག་པར་ཡང་བཤད་དོ། །དེ་ཡང་དུས་དེ་སྲིད་དུ་ཚོགས་བསག་དགོས་པ་ནི་མ་ཡིན་གྱི་དུས་དེ་ཙམ་དུ་བསགས་པ་དང་མཉམ་པ་བསག་དགོས་པ་སྟེ། དཔེར་ན། རང་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་སྔོན་བྲམ་ཟེར་གྱུར་པ་ན་སངས་རྒྱས་ཀར་རྒྱལ་རིའི་ཕུག་ན་ཟད་པར་མེའི་ཏིང་ངེ་འཛིན་ལ་བཞུགས་པ་ལ་རྐང་པ་ཡ་གཅིག་གིས་འགྲེང་སྟེ་ཞག་བདུན་གྱི་བར་དུ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་ཡོད་མིན་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་དུ་ཡུལ་ཅིག་ག་ལ་ཡོད། ཅེས་བསྟོད་ཅིང་སྐོར་བ་བྱས་པས། བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པ་དང་། བསྐལ་པ་དགུའི་ཚོགས་ཟླུམས་པར་གསུངས་ཏེ། སངས་རྒྱས་ཀར་རྒྱལ་གྱིས། བྲམ་ཟེ་དམ་པ་དེ་རིང་དུ། །དེ་བཞིན་གཤེགས་པ་ལེགས་བསྟོད་པའི། །སྟོབས་དང་བརྩོན་འགྲུས་འདི་ཡིས་ནི། །བསྐལ་པ་དགུ་ཞིག་ཟླུམས་པར་འགྱུར་ཞེས་གསུངས་པར་ལུང་ལས་འབྱུང་བས་སོ། །སའི་བསྟོད་འགྲེལ་ལས་ཀྱང་། བྱང་སེམས་ཐབས་ལ་མཁས་པས་སྐད་ཅིག་མ་གཅིག་ལའང་བསྐལ་པ་བརྒྱ་ཕྲག་དུ་མའི་ཚོགས་ཟླུམས་པར་གསུངས་ཤིང་། གྲངས་མེད་པ་ཟླུམས་པ་ནི་འགའ་ཡང་མེད་དོ། །ཞེས་བསྐལ་པ་མང་པོའི་ཚོགས་ཟླུམས་ཀྱང་གྲངས་མེད་ཟླུམས་ནས་གྲངས་མེད་ཅིག་གམ་གཉིས་ཙམ་ལ་སངས་རྒྱ་བ་མེད་པར་གསུངས་སོ། །འདིའི་ཐད་ཀྱི་འགྲེལ་པར། སྨོན་འཇུག་གི་བདག་ཉིད་ཅན་ཀུན་རྫོབ་པ་དང་མི་རྟོག་ཡེ་ཤེས་ཀྱི་རང་བཞིན་དོན་དམ་པ་སྟེ་ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་གནས་པས། ཤེས་བྱ་ལམ་གསུམ་ལ་ཤེས་བསྐྱེད་རྫོགས་གསུམ་བྱེད་པའི་ཤེས་རབ་ཁྱད་པར་ཅན་དང་རྫོགས་སྨིན་སྦྱང་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་མི་བྱེད་པའི་ཐབས་མཁས་ཁྱད་པར་ཅན་ཟུང་ཏུ་འཇུག་པས་ཚོགས་བསགས་ཏེ་སྒྲིབ་གཉིས་སྦྱངས་ནས་ཡེ་ཤེས་མངོན་དུ་བྱེད་པའི་སླད་དུ་གཟུངས་དང་ཏིང་ངེ་འཛིན་དང་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ཀྱི་རྣམ་པར་རོལ་པས་སེམས་ཅན་སྨིན་པར་བྱེད་པའི་ཚུལ་ལ་སོགས་པ་བསྐལ་པ་གྲངས་མེད་གསུམ་གྱིས་རྣམ་པར་གྲོལ་བ་ཐོབ་པར་ཐུན་མོང་བའི་ཐེག་པར་བསྟན་པའི་ཚུལ་ནི་ཀླགས་པ་ཙམ་གྱིས་རྟོགས་པར་ནུས་ལ། དེ་ཡང་འདུལ་བ་ལུང་ལས་ཞེས་པ་ཡི་གེ་པའི་བྲིས་ནོར་ཏེ། ཆོས་མངོན་པ་མཛོད་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། ཞེས་གསུངས་པའི་ལུང་དང་ཡང་སྦྱར་བར་མཛད་དོ། །ལུང་གཞི་ལས་ནི། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །དེ་བར་བདུན་ཁྲི་ལྔ་སྟོང་གི། སངས་རྒྱས་རྣམས་ནི་ངས་མཆོད་དོ། །གྲངས་མེད་གཅིག་ནི་འདས་པ་ཡི། །རྒྱལ་བ་ངས་ནི་མཆོད་བྱས་ཏེ། །སངས་རྒྱས་ཉིད་ནི་འདོད་པའི་ཕྱིར། །ང་ལ་སྐྱོ་བའི་སེམས་མེད་དོ། །ཞེས་དང་། སངས་རྒྱས་མར་མེ་མཛད་ནས་ནི། །དབང་པོའི་རྒྱལ་མཚན་ཐུབ་པའི་བར། །བདུན་ཁྲི་དྲུག་སྟོང་དག་གི་ནི། །སངས་རྒྱས་རྣམས་ནི་ང་ཡིས་མཆོད། །གྲངས་མེད་གཉིས་པོ་ཚང་བར་ནི། །རྒྱལ་བ་ང་ཡིས་མཆོད་བྱས་ཏེ། །སྐྱེ་བ་དེ་དང་དེ་དག་ཏུ། །ང་ལ་སྐྱོ་བའི་སེམས་མེད་དོ། །གྲངས་མེད་གསུམ་པ་དག་ལ་ཡང་། །སངས་རྒྱས་ལེགས་མཛད་ནས་གཟུང་སྟེ། །སངས་རྒྱས་འོད་སྲུངས་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ང་ཡིས་མཆོད། །གྲངས་མེད་གསུམ་པོ་དེ་ལ་ནི། །རྒྱལ་བ་ངས་ནི་མཆོད་བྱས་ཏེ། །བྱང་ཆུབ་ཕྱིར་ནི་སྤྱོད་པ་ན། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་འབྱུང་ངོ་། །དོན་དམ་པར་སེམས་ཅན་རྣམས་ཀྱི་ནས་དེ་ལྟ་མ་ཡིན་ནོའི་བར་གྱི་ཤེས་བྱེད་དུ། གྲངས་མེད་ལ་སོགས་བསྟན་པ་རྣམས། །ཤེས་སོགས་ཕར་ཕྱིན་གྱི་ལུང་དྲངས་པ་ནི། བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་བསག་པར་གསུངས་པ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པ་ལ་དགོངས་ནས་ཀུན་རྫོབ་དྲང་དོན་ཙམ་དུ་གསུངས་ཀྱི། ངེས་དོན་དོན་དམ་པའི་དབང་དུ་བྱས་ནས་རང་དོན་ཆོས་སྐུ་འགྲུབ་པ་ལ་དེ་ལྟ་མ་ཡིན་ཏེ། དཔེར་ན་ཐེག་ཆེན་སྒོམ་ལམ་གྱི་འབྲས་བུ་བསོད་ནམས་གྲངས་མེད་གཞལ་མེད་སོགས་སུ་བསྟན་པ་རྣམས་ཀུན་རྫོབ་ཙམ་དུ་རྒྱུ་ཇི་སྙེད་ཡོད་པ་ལས་འབྲས་བུ་དེ་སྙེད་འབྱུང་པའི་རྟེན་འབྲེལ་གྱི་རྒྱུ་མཐུན་པར་ཐུབ་པ་བཞེད་ཀྱི་འབྲས་བུ་དེ་དག་དམ་པའི་དོན་དུ་བསྐྱེད་པར་བཟོད་པ་མ་ཡིན་པ་བཞིན་ནོ། །ཞེས་པའི་དོན་ཅན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་ལམ་ལ་གཉིས། །རྒྱུད་སྡེ་བཞིའི་དུས་ཀྱི་ཁྱད་པར་བསྟན་པ་དང་། ལམ་དངོས་སོ། །དང་པོ་ལ་གསུམ། ཕ་རོལ་ཏུ་ཕྱིན་པ་ལས་སྔགས་ལམ་ཁྱད་འཕགས་པར་བསྟན་པ། རྒྱུད་སྡེ་འོག་མ་གསུམ་གྱི་ལམ་བགྲོད་པའི་དུས། བླ་ན་མེད་པའི་ལམ་བགྲོད་པའི་དུས་སོ། །དང་པོ་ནི། འདིར་ནི་སོགས་རྐང་པ་གཉིས་ཏེ། ལམ་བགྲོད་པའི་རིམ་བ་དུ་མ་ཞིག་ཡོད་ཀྱང་རྡོ་རྗེ་ཐེག་པའི་སྐབས་འདིར་ནི་སྨིན་གྲོལ་གྱི་ཐབས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། ཕ་རོལ་ཏུ་ཕྱིན་པའི་ལམ་དེ་རྣམས་ལས་ཆེས་མྱུར་ཞིང་ཁྱད་པར་དུ་འཕགས་པ་ཡིན་ནོ། །འདིའི་མཚམས་སྦྱོར་དུ། དེ་ཡང་ནས། གསུངས་ཏེ་ཞེས་གནས་ལུགས་རྟོགས་པའི་ལམ་གྱི་དངོས་གཞི་མདོ་སྔགས་གཉིས་མཚུངས་ཀྱང་ཐབས་ཀྱི་སྒོ་ནས་སྔགས་ལམ་མྱུར་ཞིང་ཁྱད་འཕགས་པའི་ཤེས་བྱེད་དུ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོས་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཤེས་དྲངས་པ་བཞིན། མ་རྨོངས་པ་དང་ཐབས་མང་བ་དང་དཀའ་བ་མེད་པ་དང་དབང་པོ་རྣོན་པོས་དབང་བྱས་པ་སྟེ་ཁྱད་ཆོས་བཞིའི་སྒོ་ནས་ཁྱད་པར་དུ་འཕགས་པ་ཡིན་ནོ། །གཉིས་པ་ལ་གཉིས། བྱ་སྤྱོད་ཀྱི་དུས་དང་། རྣལ་འབྱོར་རྒྱུད་ཀྱི་དུས་སོ། །དང་པོ་ནི། བྱ་སྤྱོད་སོགས་རྐང་པ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ལམ་དེའི་ཐོག་ཏུ་བྱ་བ་དང་སྤྱོད་པའི་རྒྱུད་ནས་གསུངས་པའི་མཚན་བཅས་མཚན་མེད་ཀྱི་ཚུལ་གྱིས་ཐབས་ལ་མཁས་པ་ཙམ་དང་ལྡན་པས་ཀྱང་ཚེ་ལོ་བརྒྱ་པའི་དབང་དུ་བྱས་ན་མི་ཚེ་དྲུག་བཅུ་སྟེ་ལོ་དྲུག་སྟོང་ཙམ་གྱིས་སངས་རྒྱས་འགྲུབ་པོ། །དེ་ལ་ཁ་ཅིག་ན་རེ། འཇམ་དཔལ་རྩ་རྒྱུད་ལས། ཚེ་འདིར་དཀའ་བ་ལེགས་སྤྱད་ཅིང་། །ལེགས་ལྡན་ཚེ་ནི་འདི་ལ་ཡང་། །འབད་པ་མེད་པར་སྔགས་རྣམས་འགྲུབ། །ལས་ནི་དེ་ལའང་སྣང་བར་འགྱུར། །སྐྱེ་བ་འདི་ལའང་འགྲུབ་པར་འགྱུར། །ཞེས་དང་། རྣམ་སྣང་སྔོན་བྱང་ལས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་རྣམས་ཀྱིས། ཚེ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་ཚེ་གཅིག་ལ་འཚང་རྒྱ་བར་གསུངས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། །འཇམ་དཔལ་རྩ་རྒྱུད་ལས། རས་རིས་བླངས་ཏེ་རྨ་བྱའི་གདན་དེ་ལ་འདུག་ན་ཡུན་ཙམ་གྱིས་ཚངས་པའི་འཇིག་རྟེན་གནོན་པར་འགྱུར་རོ། །རིག་པ་འཛིན་པ་བྱེ་བ་ཕྲག་ཁྲིག་ཕྲག་བརྒྱད་སྟོང་གི་འཁོར་དུ་མ་དང་ལྡན་པ་རིག་པ་འཛིན་པའི་འཁོར་ལོ་སྒྱུར་བར་འགྱུར་རོ། །བར་གྱི་བསྐལ་པ་དྲུག་བཅུར་འཚོ་བར་འགྱུར་རོ། །ཇི་ལྟར་འདོད་པར་འགྱུར་ཞིང་སྤྱོད་པར་འགྱུར་རོ། །ཞེས་སོགས་ནས། མཐར་ཡང་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །ཞེས་གསུངས་པས། ཐོག་མར་གསང་སྔགས་ལ་བརྟེན་ནས་ཚེའི་རིག་འཛིན་བསྒྲུབས་ཏེ་ཚེ་བསྐལ་པ་མང་པོ་ཐུབ་པར་བྱས་ནས་རྟེན་དེ་ལ་སངས་རྒྱས་འཐོབ་པ་ལ་དགོངས་པ་ཡིན་ནོ། །གཉིས་པ་ནི། ལམ་དེ་རྣམས་ཀྱི་སྟེང་དུ་རྣལ་འབྱོར་གྱི་རྒྱུད་ལས་གསུངས་པའི་ཕྱག་རྒྱ་བཞི་དང་ཏིང་ངེ་འཛིན་གསུམ་ལ་སོགས་པའི་ཐབས་ལ་མཁས་པས་ཟིན་ན་མི་ཚེ་བཅུ་དྲུག་སྟེ་ལོ་སྟོང་དྲུག་བརྒྱ་ན་སངས་རྒྱ་བ་ཡིན་ནོ་ཞེས་རྐང་པ་གཅིག་གསུངས་སོ། །འགྲེལ་པར་དེའི་ཤེས་བྱེད་དུ། ཕྱག་རྒྱ་ལ་འཇུག་པ་བསྡུས་པའི་རྒྱུད་ཚིག ལོ་སྟོང་དྲུག་བརྒྱས་མ་ཆགས་པདྨ་ཅན་དུ་གནས་པར་འགྱུར། ཅེས་པ་དྲངས་ཤིང་། རྡོ་རྗེ་རྩེ་མོ་ལས། རབ་ཏུ་དགའ་བའི་ས་ཐོབ་ནས། །རྡོ་རྗེ་ཉིད་ནི་ཐེ་ཚོམ་མེད། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདས། ཤེས་དང་། སོ་སོ་སྐྱེ་བོས་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །ཞེས་ཀྱང་འབྱུང་ལ། དམ་ཚིག་ལྔ་པ་ལས་ཀྱང་། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། ཅེས་གསུངས་སོ། །ཕྱི་མ་འདིའི་བཞེད་པ་འཆད་པ་ན། །སྡོམ་གསུམ་རབ་དབྱེ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་ཚུན་ཆད་དུ། འགྲུབ་པར་རྫོགས་པའི་སངས་རྒྱས་གསུང་། ཞེས་ཀྱང་འབྱུང་སྟེ། དེར་ནི་བླ་མེད་ཀྱི་དབང་དུ་མཛད་ལ། འདིར་ནི་རྣལ་འབྱོར་རྒྱུད་དང་སྦྱར་བས་ཁྱད་པར་ཡོད་དོ། །གསུམ་པ་ནི། བླ་ན་སོགས་རྐང་པ་གཉིས་ཏེ། ལམ་དེ་ལ་གསང་སྔགས་བླ་ན་མེད་པའི་ཐབས་མཁས་པའི་ཁྱད་པར་དབང་བཞི་དང་རིམ་པ་གཉིས་ཀྱིས་ཟིན་ཅིང་བརྩོན་འགྲུས་དྲག་པོ་དང་ལྡན་ན་ངེས་པར་ཡང་མིའི་ཚེ་གཅིག་གིས་སངས་རྒྱས་འགྲུབ་པར་འགྱུར་རོ། །སློབ་དཔོན་དཔལ་དབྱངས་ལ་སོགས་པའི་བཞེད་པས། དང་པོར་བཅུད་ལེན་ལ་སོགས་པས་ཚེ་དཔག་ཏུ་མེད་པ་བསྒྲུབས་ནས། དེ་ནས་ལམ་བསྒོམས་ཏེ་སངས་རྒྱས་པར་བཞེད། ཅེས་བུ་སྟོན་ཐམས་ཅད་མཁྱེན་པ་གསུང་ལ། ཁ་ཅིག་རྡོ་རྗེ་རྩེ་མོ་ལས། །ཆོ་ག་ཆོས་དང་རྣལ་འབྱོར་ཏེ། །གསང་བའི་ཐེག་པ་ཡང་དག་བསྟེན། །ཚེ་འདི་ཉིད་ནི་ཁོ་ན་ལ། །རབ་དགའ་འབྱིན་པར་བྱེད་པ་ཡིན། །ཞེས་གསུངས་པས། ཚེ་གཅིག་ལ་སངས་རྒྱ་བར་གསུངས་པ་དེ་ནི་རྫོགས་པའི་སངས་རྒྱས་མ་ཡིན་གྱི། ས་དང་པོ་ཐོབ་པ་ལ་དགོངས་ནས་སངས་རྒྱས་ཐོབ་པར་གསུངས་པ་ཡིན་ནོ། །དེའི་ཕྱིར། རྡོ་རྗེ་ཐེག་པ་ལས་གསུངས་པའི་ས་བཅུ་གཉིས་ནི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་ལ་ཆུང་འབྲིང་ཆེན་པོར་ཕྱེ་བ་ཡིན་ཞིང་། བཅུ་གསུམ་རྡོ་རྗེ་འཛིན་པའི་སའམ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ནི་རབ་ཏུ་དགའ་བའི་ས་ཐོབ་པ་ཁོ་ནའོ། །ཞེས་ཟེར་རོ། །བདག་གི་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། སྨྲ་བ་པོ་དེས་ནི་སྔགས་ཀྱི་ལུགས་ལ་བྱང་སེམས་འཕགས་པའི་ས་གཉིས་པ་ནས་བཅུ་པའི་བར་བགྲོད་པའི་ལམ་རྣམ་པར་དག་པ་མེད་པར་སྨྲས་ཏེ། རྣལ་འབྱོར་ཡན་ལག་དྲུག་གི་ཏིང་ངེ་འཛིན་གྱི་ཡན་ལག་མཐར་ཕྱིན་པས་ཐོབ་པའི་སངས་རྒྱས་ནི་རབ་ཏུ་དགའ་བའི་ས་ཡིན་ལ། ཡན་ལག་དེ་ལ་ལམ་གཞན་གྱི་བསྣོན་པ་རྒྱབ་ནས་རྫོགས་པའི་སངས་རྒྱས་བསྒྲུབ་པར་ནི་མི་བཞེད་དོ། །ཞེས་གསུང་ངོ་། །དཔལ་རང་བྱུང་གི་བཞེད་པ་ལ། དམ་ཚིག་དང་སྡོམ་པ་རྣམ་པར་དག་ཅིང་བརྩོན་འགྲུས་དྲག་པོས་ཚེ་ལ་བར་ཆད་མེད་པར་ལམ་ཟབ་མོ་ཉམས་སུ་བླངས་ནས་ཚེ་གཅིག་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གསུངས་པ་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པ་ལ་བཞེད་དེ། འདི་ཉིད་དུ། རྡོ་རྗེ་ཐེག་པ་བླ་ན་མེད་པ་ཉིད་ཀྱི་ཐབས་མཁས་པས་ཟིན་ན་སྐྱེས་བུ་ཚེ་ལོ་བརྒྱ་པའི་རྩ་རླུང་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཡེ་ཤེས་ཀྱི་གནས་ལུགས་སུ་དག་པས། བླ་ན་མེད་པ་ཚེ་གཅིག་གིས། །བརྩོན་ལྡན་ངེས་པར་འགྲུབ་པར་འགྱུར། །ཞེས་བྱ་སྟེ་འདི་ནི་ངེས་པ་ཁོ་ནའོ། །ཞེས་གསུངས་པ་ལྟར་གོང་འོག་རྣམས་སུའང་འབྱུང་ལ། བཀའ་འབུམ་གྱི་སྟོད་སྨད་གཞན་དུ་ཡང་འབྱུང་ངོ་། །སྔགས་ལ་ཞུགས་པ་ནས་མཚུངས་སོའི་བར་ནི་ཀླགས་པ་ཙམ་གྱིས་ཆོག་སྟེ། གསང་སྔགས་ཀྱི་ཐབས་མཁས་པའི་ཁྱད་པར་འགའ་ཞིག་བསྣན་པས་ཆེས་མྱུར་བ་ཡིན་གྱི་ལམ་གྱི་ངོ་བོ་ཕལ་ཆེ་བ་ནི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་ནོ། །ཞེས་དགོངས་པའོ། །གཉིས་པ་ལམ་དངོས་ལ་ལྔ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་པའི་ལམ་མོ། །དང་པོ་ནི། དང་པོར་སོགས་རྐང་པ་གཉིས་ཏེ། དང་པོར་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ་ཆོ་ག་རྣམ་པར་དག་པའི་སྒོ་ནས་དབང་དོན་ངོ་འཕྲོད་པའི་སྨིན་བྱེད་ཀྱི་དབང་བཞི་ཐོབ་ཅིང་བསྐྱེད་རིམ་དང་རྫོགས་རིམ་ནི་ཡན་ལག་དང་བཅས་པ་ལེགས་པར་ཤེས་ནས་དམ་ཚིག་དང་སྡོམ་པ་ལ་གནས་ཏེ་བདེན་པ་གཉིས་ཟུང་དུ་འཇུག་པའི་དེ་ཁོ་ན་ཉིད་ལ་མོས་པ་ཡིད་ལ་བྱེད་པའི་ཚུལ་གྱིས་སྒྲུབ་པ་ལ་ཞུགས་པ་ནི་ཚོགས་ཀྱི་ལམ་ཡིན་ཏེ། གསང་སྔགས་བླ་ན་མེད་པའི་ལས་དང་པོ་པའི་ས་ཡིན་པས་སོ། །འགྲེལ་པར། ཚོགས་ལམ་ཆེན་པོ་ཡིན་ཏེ། ཞེས་གསུངས་པ་ནི་ཐེག་པ་འོག་མ་ལ་ལྟོས་ནས་ཚོགས་ལམ་ཆེན་པོའམ། །ཡང་ན་འདི་ལ་མདོའི་ཕྱོགས་ནས་གསུངས་པའི་ཚོགས་ལམ་ཆེན་པོའི་མཚན་ཉིད་ཚང་བས་ཚོགས་ལམ་ཆེན་པོ་ཞེས་འཆད་དགོས་ཀྱི། ལམ་རང་གི་ངོ་བོའི་སྒོ་ནས་འདི་ཉིད་དབྱེ་བའི་གཞིར་བྱས་ཏེ་གསང་སྔགས་བླ་ན་མེད་པའི་ཚོགས་ལམ་ལ་ཆུང་འབྲིང་ཆེན་པོ་གསུམ་དུ་དབྱེར་མི་རུང་བ་མ་ཡིན་ནོ། །འགྲེལ་ཆེན་གྱི་ལུང་། རྡོ་རྗེ་ཆོས་འབྱུང་གི་ཁང་པ་སྟེ་ཕྱི་རྡོ་རྗེ་ཆོས་འབྱུང་ནི་རི་ཁྲོད་དབེན་པ་དང་ནང་རྡོ་རྗེ་ཆོས་འབྱུང་ནི་སྒོ་འཁྱོག་སུམ་རིམ་དང་ལྡན་པའི་མུན་ཁང་ཚད་ལྡན་དང་གསང་བ་རྡོ་རྗེ་ཆོས་འབྱུང་ནི་བདེ་སྟོང་དབྱེར་མེད་དོ། །དེར་ཞུགས་ཤིང་ཚོགས་དྲུག་གི་ཡུལ་དུ་གཟུགས་སོགས་དྲུག་གི་བདུད་འཇུག་པའི་སྒོར་བྱམས་སོགས་ཚད་མེད་དང་སྦྱིན་སོགས་དྲུག་དང་བྱང་ཆུབ་ཕྱོགས་མཐུན་གྱི་སྒོ་གླེགས་བཅུག་ནས་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བ་བསྒྲུབ་པར་བྱེད་ན་ངེས་པར་སྔགས་ལ་མ་ཞུགས་པའི་སྔོན་དུ་མཚམས་མེད་པ་བྱས་པ་ཡང་མིའི་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་འགྱུར་གྱི། དེ་ལས་གཞན་དུ་ན་སྔགས་ཀྱི་ཐེག་པར་ཞུགས་ཤིང་དེའི་རྗེས་སུ་མཚམས་མེད་པ་ལ་སོགས་པ་ལས་ངན་པ་བྱེད་པ་ནི་མིའི་སྐྱེ་བ་འདི་ཉིད་ལ་སངས་རྒྱ་བ་མ་ཡིན་ནོ། །ཞེས་གསུངས་པ་དང་སྦྱར་བ་ནི་ཐེག་པ་ཆེན་པོའི་ཚོགས་ལམ་དུ་ཐོས་བསམ་གཙོ་བོར་གྱུར་པ་ཡིན་མོད་ཀྱི་སྒོམ་བྱུང་ཀྱང་ཡོད་པས་གཞུང་རྩ་བར་ལེགས་ཤེས་མོས་སྒྲུབ་ཅེས་གསུངས་པའི་ཤེས་བྱེད་དང་ཚོགས་ལམ་གྱི་སྐབས་འདིར་རྣལ་འབྱོར་ཡན་ལག་དྲུག་ལས་སོར་བསྡུད་གཙོ་བོར་སྒོམ་པའི་དབང་དུ་མཛད་ནས་སྦྱར་བའོ། །དེ་ལྟ་བུའི་ཚོགས་ལམ་ལ་གནས་པ་དེ་ཡང་སྔོན་ལམ་དུ་མ་ཞུགས་པའི་སྐྱེ་བ་དཔག་ཏུ་མེད་པར་སྦྱངས་པ་ལས་བྱུང་སྟེ། རྣལ་འབྱོར་མའི་ཀུན་སྤྱོད་ལས། དད་པ་ཡང་དག་བསྐྱེད་པ་དང་། །རྣལ་འབྱོར་བརྩོན་ལ་གནས་པ་ནི། སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་ཡིན། །ཞེས་འབྱུང་བས་སོ། །འོ་ན་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ལས་གསུངས་པའི་ཚོགས་ལམ་ཆེན་པོའི་མཚན་ཉིད་དེ་གང་ཞེ་ན། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། བསྐལ་པ་དཔག་མེད་ངེས་འབྱུང་ཞིང་། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུ་ཡིས་རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱིས་ཡོངས་སུ་རྫོགས། །དེ་བཞིན་དུ་ནི་ཚོགས་བསགས་པའི། །རྒྱལ་སྲས་གཟོད་ནས་དག་པའོ། །ལེགས་པར་ཤེས་ཤིང་སེམས་དགེ་བས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་གསུངས་པ་བཞིན་ཏེ། ཞི་ལྷག་གི་ནས་ཏིང་ངེ་འཛིན་འབྱུང་བའི་ཕྱིར་རོའི་བར་གྱིས་དེའི་ཚིག་དོན་བསྡུས་ཏེ་བསྟན་ལ། འདི་ལ་ནས་མ་སྨོས་སོའི་བར་གྱིས་དོགས་པ་བཅད་པ་སྟེ། ཁ་ཅིག་ཚོགས་ལམ་ཆེན་པོ་བ་ལ་གདམས་ངག་སྟོན་པ་པོ་དེ་སངས་རྒྱས་སྤྲུལ་པའི་སྐུ་ཡིན་ན་མཚན་དཔེ་དང་ལྡན་དགོས་པ་ལས་དེ་དང་མི་ལྡན་པས་སངས་རྒྱས་མ་ཡིན་ནོ། །ཞེས་སྨྲ་བ་ཡོད་ཀྱང་། སངས་རྒྱས་ཀྱི་སྤྲུལ་པའི་སྐུ་མཐའ་ཡས་པའི་ཕྱིར་མཚན་དཔེ་དང་ལྡན་པར་མ་ངེས་ལ། སངས་རྒྱས་ཀྱི་མཛད་པ་སྟོན་པའི་ཕྱིར་གདུལ་བྱ་ལ་སྣང་བའི་སངས་རྒྱས་ཀྱི་གཟུགས་སྐུ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའི་དགག་སྒྲུབ་ཀྱི་སྤྲོས་པ་མང་པོ་ཡོད་ཀྱང་ཡི་གེ་མང་བར་འགྱུར་བས་སྤྲོ་བར་མ་མཛད་པའོ། །གཉིས་པ་ལ་བཞི། སྦྱོར་ལམ་གྱི་ས་མཚམས་དང་། དེ་སྦྱོང་བྱེད་ཀྱི་སྤྱོད་པ་བཤད་པ། མཚན་གཞི་ངོས་གཟུང་བ། ཡོན་ཏན་ཐོབ་ཚུལ་ལོ། །དང་པོ་ནི། རྩ་རླུང་སོགས་རྐང་པ་གསུམ་སྟེ། རྫོགས་རིམ་གྱི་ཉམས་མྱོང་ཁྱད་པར་ཅན་ལ་འཇུག་པར་བྱེད་པ་ནས་སྦྱོར་ལམ་གྱི་ས་མཚམས་སོ། །དེའི་ཕྱིར་དེ་ལ་ཞུགས་ཏེ་རྩ་རླུང་ཐིག་ལེའི་གནད་འཆིང་ཚུལ་ཤེས་ནས་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་གནས་ཤིང་དྲོད་ཀྱི་རྟགས་དུ་སོགས་ཀྱིས་མཚོན་པའི་བདེ་གསལ་མི་རྟོག་པའི་ཉམས་མྱོང་ཐོབ་པ་ནས་གཟུང་སྟེ་མཐོང་ལམ་ལ་སྦྱོར་བས་ན་སྦྱོར་ལམ་ཉིད་ལ་གནས་པ་ཡིན་ནོ། །ཀུན་བཟང་སྤྱོད་གནས་ནི། རྫོགས་རིམ་གྱི་ཉམས་མྱོང་རྒྱུན་མི་འཆད་པར་སྐྱོང་བའི་སྤྱོད་པ་ལ་གནས་པ་སྟེ། འགྲེལ་པར། ཀུན་ཏུ་བཟང་པོའི་སྤྱོད་པ་ནི་རྫོགས་པའི་རིམ་པའི་ཉམས་མྱོང་རྒྱུན་མ་ཆད་པར་སྐྱོང་བ་ལ་བརྗོད་ལ་ཞེས་གསུངས་པས་སོ། །ཊཱིཀ་བྱེད་དག བྱང་སེམས་མི་འགྱུར་བའི་བདེ་བའི་ངོ་བོར་འཛག་མེད་ཀྱི་འཆིང་བྱེད་ཀྱི་ལམ་རྫོགས་རིམ་བསྒོམ་པ་ནི་ཀུན་བཟང་གི་སྤྱོད་པའོ། །ཞེས་བཤད་ནས་འགྲེལ་ཆེན་ལས། འདིར་གལ་ཏེ་གསུམ་པ་འགྱུར་བའི་བདེ་བ་ཤེས་རབ་ཡེ་ཤེས་ཀུན་དུ་བཟང་པོ་བདེ་བ་ཆེན་པོ་བཞི་པ་ཡིན་ན། དེའི་ཚེ་མངོན་པར་བརྗོད་ཟིན་པ་བརྗོད་པར་འགྱུར་རོ། །ཞེས་པ་འདྲེན་མོད། དབང་གོང་མ་གཉིས་ཀྱི་ལམ་བསྒོམ་པ་ཙམ་གྱིས་དེའི་སྤྱོད་པར་མི་འགྱུར་རོ། །སྒྲའི་དོན་ནི། མཐོང་བའི་ལམ་ལ་དངོས་སུ་སྦྱོར་བའི་ལམ་ཡིན་པས་སྦྱོར་ལམ་དང་། མཐོང་ལམ་མྱུར་དུ་སྐྱེ་བའི་ནུས་པ་མངོན་དུ་གྱུར་པས་དྲོད་ཅེས་བྱའོ། །དེ་ཡང་མེ་མྱུར་དུ་འབར་བའི་ནུས་པ་མངོན་དུ་གྱུར་པ་ན་བུད་ཤིང་དྲོས་པར་འགྱུར་བ་དང་མཚུངས་ཏེ། འགྲེལ་པ་དོན་གསལ་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་ཡིན་པའི་ཕྱིར་དྲོ་བར་གྱུར་པ། ཞེས་གསུངས་པས་སོ། །ཊཱིཀ་བྱེད་དག དྲོད་ཀྱི་རྟགས་དུ་བ་ལ་སོགས་པ་ཡང་དབང་པོ་ལ་བརྟེན་པའི་མངོན་སུམ་གྱི་ཡུལ་དུ་མཐོང་ནས། ཤེས་དུ་སོགས་ཀྱི་རྟགས་མཐོང་བ་སྦྱོར་ལམ་དྲོད་ཐོབ་པའི་རྟགས་སུ་སྨྲ་བ་ནི་མ་ངེས་ཏེ། དང་པོའི་སངས་རྒྱས་ལས། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉི་མ་གཅིག་ནི་ཡོངས་སུ་བརྟག །དེ་ལ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་ཡིན། །ཞེས་གསུངས་པས། དུ་སོགས་ཀྱི་རྟགས་མཐོང་བ་ནི་ཚོགས་ལམ་ན་ཡང་ཡོད་དོ། །དེ་ལྟ་མོད་ཀྱི་འགྲེལ་པ་ལས། དྲོད་ཀྱི་རྟགས་ཀྱང་དུ་བ་ལ་སོགས་པས་མཚོན་པའི་བདེ་གསལ་མི་རྟོག་པའི་ཉམས་མྱོང་ཐོབ་པ་དང་། ཞེས་གསུངས་པའི་དོན་ནི། དུ་སོགས་ཀྱི་རྟགས་མཐོང་པའི་དོན་ལ་སྒོམ་བྱུང་གཙོ་བོར་གྱུར་ཏེ་བདེ་གསལ་མི་རྟོག་པའི་ཉམས་སུ་མྱོང་བ་ནང་ནས་ཤར་བ་ཉིད་དྲོད་ཀྱི་རྟགས་སུ་བཞེད་པ་ཡིན་གྱི་དུ་སོགས་མཐོང་ཙམ་དེའི་རྟགས་སུ་བཞེད་པ་ནི་མ་ཡིན་ནོ། །གཞན་ཡང་བསྐྱེད་རིམ་བསྒོམ་པ་ནི་ཚོགས་ལམ་མན་ཆད་དུ་འཇིག་རྟེན་པའི་དངོས་གྲུབ་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་བསྒྲུབ་པའི་ཡན་ལག་ཏུ་དགོས་པ་ཡིན་གྱི། འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྒྲུབ་པ་ལ་བསྐྱེད་རིམ་ལ་ལྟོས་པ་མེད་པར་རྫོགས་པའི་རིམ་པ་ཉིད་གཙོ་ཆེ་བ་ཡིན་པས། ཤེས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར་བསྐྱེད་རིམ་བསྒོམ་གྱི་འདས་པའི་དངོས་གྲུབ་བསྒྲུབ་པ་བསྐྱེད་རིམ་ལ་ལྟོས་པ་མེད་པར་སྨྲ་བ་ནི། ཧེ་བཛྭ་ལས། རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་དང་། ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་ནུས། །དེ་བཞིན་གཟུགས་སོགས་དངོས་མེད་པར། །བདེ་བ་ཉིད་ཀྱང་དམིགས་མི་ནུས། །ཤེས་གསུངས་པ་དང་འགལ་ཞིང་། རྡོ་རྗེ་ཐེག་པ་མཐའ་བྲལ་ཆེན་པོའི་བདེན་པ་གཉིས་ཀྱི་གནས་ལུགས་ཟུང་འཇུག་ལ་སྐུར་པ་བཏབ་པ་སྟེ། བསྐྱེད་རིམ་ལ་ལྟོས་པ་མེད་པའི་རྫོགས་རིམ་རྐྱང་པ་བཞེད་ན་གཞི་དུས་སུ་སྣང་བ་ལ་ལྟོས་པ་མེད་པའི་སྟོང་རྐྱང་དང་འབྲས་དུས་སུའང་གཟུགས་སྐུ་ལ་ལྟོས་པ་མེད་པའི་ཆོས་སྐུ་རྐྱང་པ་བཞེད་དགོས་པས། གཞི་ལམ་འབྲས་བུའི་གནས་སྐབས་ཀྱི་ཟུང་འཇུག་གི་རྣམ་གཞག་ཐམས་ཅད་འཇིག་པར་འགྱུར་རོ། །འོ་ན་དྲི་མ་མེད་པའི་འོད་ལས། །གཟུགས་ལ་སོགས་པར་རྟོག་པ་དཀྱིལ་འཁོར་གྱི། །ཞེས་སོགས་དང་། གལ་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པའི་སྟོབས་ཀྱིས། ཤེས་སོགས་ཊཱིཀ་དེར་དྲངས་པའི་ལུང་གི་དོན་ཇི་ལྟ་བུ་ཞེ་ན། དེ་ནི་བསྐྱེད་རིམ་ལ་ལྟོས་པ་མེད་པའི་རྫོགས་རིམ་རྐྱང་པ་བཞེད་པའི་ལུང་མ་ཡིན་ཀྱི། བསྐྱེད་རིམ་རྐྱང་པས་འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་འགྲུབ་པ་སྲིད་ཀྱང་། འདས་པའི་དངོས་གྲུབ་བསྒྲུབ་པ་ལ་རྫོགས་རིམ་དང་ཟུང་དུ་འཇུག་དགོས་པའི་ལུང་ཡིན་ནོ། །རྟགས་གཞན་ཡང་། ཀྱཻ་རྡོ་རྗེ་ལས། འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང་། །མྱ་ངན་གདུང་བའི་འཚེ་བ་དང་། །ཞེས་དེ་རྣམས་ཀྱིས་མི་གནོད་པ་དྲོད་ཆུང་ངུའི་རྟགས་དང་། འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །སྒྲུབ་པ་པོ་ཉིད་ཉོན་མི་མོངས། །ཤེས་རྐྱེན་ཆེན་པོས་བསྐྱེད་པའི་ཉོན་མོངས་ཀྱིས་ཀྱང་མི་གནོད་པ་དྲོད་འབྲིང་པོའི་རྟགས་དང་། །ཕན་དང་གནོད་པའི་འབྲས་འབྱུང་བ། །ཞེས་ཏིང་ངེ་འཛིན་གྱི་འབྲས་བུ་མངོན་ཤེས་རྫུ་འཕྲུལ་སོགས་ཀྱི་ཆ་འགྲུབ་པ་ནི་དྲོད་ཆེན་པོའི་རྟགས་སུ་བཤད་དོ། །དཔལ་རང་བྱུང་གི་ཞལ་སྔ་ནས་ཀྱིས་ནི་རྟག་གཉིས་ཀྱི་ཊཱི་ཀར་ཡང་འདི་ཁོ་ན་ལྟར་མཛད་ལ། གཞན་དག་ནི། ཤོ་ལོ་ཀ་གཅིག་གིས་དྲོད་ཆུང་ངུའི་རྟགས་དང་དེ་ནས་རྐང་པ་གཉིས་ཀྱིས་ཆེ་འབྲིང་གི་རྟགས་བསྟན་པར་བཞེད་ཅིང་། དེ་ཡང་ཕན་གནོད་ཀྱི་འབྲས་བུ་གང་རུང་འབྱུང་བ་འབྲིང་དང་གཉིས་ཀ་འབྱུང་བ་ཆེན་པོའི་རྟགས་ཡིན་གསུང་ངོ་། །གང་ལྟར་རུང་འདིར་བཤད་པའི་དྲོད་ཆུང་འབྲིང་ཆེ་གསུམ་པོ་དང་ཕར་ཕྱིན་ཐེག་པར་བཤད་པའི་དྲོད་རྩེ་བཟོད་གསུམ་པོ་གནད་གཅིག་པ་ཡིན་ནོ། །དེ་ལྟར་ན་རྩེ་མོ་དང་བཟོད་པ་ཡང་དྲོད་དུ་འགྱུར་རོ་སྙམ་ན། སྤང་བྱ་སྤོང་ཚུལ་ལས་སོ་སོར་བཤད་ན་གསུམ་ཡོད་མོད། གསུམ་ག་ལ་མཐོང་ལམ་མེ་ལྟ་བུ་སྐྱེ་བའི་སྔ་རྟགས་ཀྱི་དྲོད་ཁྱད་པར་ཅན་ཡོད་པའི་ཕྱིར་དྲོད་ཀྱི་སྒྲས་བཤད་པ་ལ་སྐྱོན་མེད་དོ། །དེར་མ་ཟད་ཆོས་མཆོག་ལ་ཡང་དྲོད་ཀྱི་སྒྲ་འཇུག་སྟེ། སྔ་མ་གསུམ་པོ་ལས་ཀྱང་མཐོང་ལམ་སྐྱེ་བའི་དྲོད་ཤིན་དུ་འབར་བས་སོ། །མདོར་ན་དྲོད་སོགས་བཞི་ཀས་མཐོང་ལམ་ལ་སྦྱོར་བས་སྦྱོར་ལམ་དང་བཞི་ཅར་ལ་མཐོང་ལམ་སྐྱེ་བའི་དྲོད་དང་ལྡན་པས་དྲོད་ཀྱི་སྒྲ་བཤད་དུ་རུང་ངོ་། །གཉིས་པ་ནི། དེ་ཚེ་སོགས་རྐང་པ་གཉིས་ཏེ། དྲོད་ཐོབ་པ་དེའི་ཚེ་དེ་ཉིད་སྦྱོང་བར་བྱེད་པའི་སྤྱོད་པ་ལ་སྤྲོས་བཅས་དང་སྤྲོས་མེད་གཉིས་ལས་སྤྲོས་བཅས་རིག་པ་བརཏལ་ཞུགས་ཀྱི་སྤྱོད་པ་ལ་སྤྱད་པ་ཡིས་སྦྱོར་ལམ་དེ་དག་རིམ་གྱིས་བགྲོད་ནས་མཐོང་བའི་ལམ་ལ་སྦྱོར་བར་བྱེད་དོ། །དེ་ལ་རིག་པ་བརཏལ་ཞུགས་ཀྱི་སྤྱོད་པ་ནི། སྔོན་གྱི་རྟགས་དང་ཆ་ལུགས་རྣམས་དོར་ནས་མི་ལྤགས་དང་སྟག་ལྤགས་གོས་དང་སྟན་དུ་སྤྱོད། རལ་པའི་ཅོད་པན་དང་རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་ཞིང་ཡན་ལག་རྣམས་སུ་ཟངས་མས་སྤྲས། ཅང་ཏེའུ་དང་རྐང་གླིང་། དྲིལ་བུ་ལ་སོགས་པ་འཁྲོལ་ཞིང་ཐོད་པ་དང་ཁ་ཊཱངྒ་ཐོགས་ནས་བཟའ་བ་ཤ་ལྔ་དང་བདུད་རྩི་ལྔ་ལ་སྤྱོད། ཕྱག་རྒྱ་མ་དང་བཅས་ཏེ་ཕྱི་རོལ་གྱི་དུར་ཁྲོད་བརྒྱད་ལ་སོགས་པ་རྣམས་སུ་སེང་གེ་ལྟ་བུར་འཇིགས་པ་མེད་པར་རྒྱུ་བས་བརཏལ་ཞུགས་ཀྱི་སྤྱོད་པ་ཐུག་ཕྲད་དུ་སྤྱོད་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཉམས་སུ་ལེན་ཞིང་མངོན་ཞེན་ལོག་ནས་མི་ཕོད་པ་ལ་ཐོག་རྫིས་བྱེད་པའི་སྤྱོད་པའོ། །སྤྲོས་བཅས་ཀྱི་སྤྱོད་པ་བྱ་བར་མི་འདོད་ན་ཤིན་དུ་སྤྲོས་མེད་ཀྱི་སྤྱོད་པས་ཀྱང་ལམ་དེ་ཉིད་སྦྱོང་བར་ནུས་ཏེ། བརྟག་གཉིས་ལས། ཅུང་ཟད་དྲོད་ནི་ཐོབ་པ་ནས། །གལ་ཏེ་སྤྱོད་པ་བྱེད་འདོད་ན། །འདིས་ནི་འགྲུབ་འགྱུར་འདོད་ཡོད་ན། །དེས་ནི་སྤྱོད་པ་སྤྱད་པ་ཉིད། །ཅེས་གལ་ཏེ་དང་བྱེད་འདོད་ན་དང་འདོད་ཡོད་ན་ཞེས་པས་སྤྲོས་བཅས་ཀྱི་སྤྱོད་པ་བྱེད་པར་མི་འདོད་ན་སྤྲོས་མེད་ཀྱིས་འགྲུབ་པར་གསུངས་ཏེ། དེའི་ཕྱིར་སྤྲོས་མེད་ནང་གི་སྤྱོད་པ་ནི་རྩ་རྒྱུད་ལས། ལས་ཀྱི་ཕྱག་རྒྱ་རྣམ་པར་སྤངས། །ཡེ་ཤེས་ཕྱག་རྒྱ་རྣམ་བཏགས་དོར། །ཕྱག་རྒྱ་ཆེན་མོ་ལས་བྱུང་བ། །ལྷན་སྐྱེས་གཞན་དུ་འགྲོ་བ་མིན། །རྣམ་རྟོག་སྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་མོ་འགྱུར་མེད་བདེ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ནི། འདི་ནི་སོགས་རྐང་པ་གསུམ་སྟེ། སྦྱོར་ལམ་འདིའི་མཚན་གཞི་ནི་རྣམ་པར་རྟོག་པ་སོ་སོར་བསྡུད་པའི་མན་ངག་དང་སེམས་རྩེ་གཅིག་ཏུ་གནས་པ་བསམ་གཏན་གྱི་མན་ངག་ཡན་ལག་བཞི་དང་ལྡན་པའི་ལམ་གཙོ་ཆེ་བ་ཡིན་ཏེ། ལུས་དབེན་པ་སྐུ་རྡོ་རྗེའི་ཁྲིད་ཀྱི་ཉམས་ལེན་ཡིན་ལ། གཙོ་བོར་རྩའི་བྱེད་པ་འཆིང་བར་བྱེད་པས་རྩ་རྣམས་ནི་སྦྱང་བར་བྱེད་པའི་ལམ་ཞེས་ཀྱང་བཤད་པས། རྩ་ལམ་སྦྱོང་བ་རླུང་སྦྱོར་ལའང་གནད་དུ་བསྣུན་དགོས་པས་ན་གསུང་རྡོ་རྗེ་སྲོག་འཛིན་གྱི་ཉམས་ལེན་ཀྱང་འདི་ཡིན་ནོ། །བཞི་པ་ནི། བསམ་གཏན་སོགས་རྐང་པ་གསུམ་སྟེ། བསམ་གཏན་གྱི་ཡན་ལག་ལྔ་པོ་རྫོགས་པར་སྒོམས་པས་རྒྱུའི་སྤྱན་ལྔ་དང་མངོན་པར་ཤེས་པ་ལྔའམ་དྲུག་གི་རྒྱུ་ཐོབ་པར་གསུངས་ཏེ། དུས་འཁོར་རྩ་རྒྱུད་ལས། སོ་སོར་བསྡུད་པ་སྙོམས་ཞུགས་པས། །སྔགས་རྣམས་ཐམས་ཅད་བྱིན་གྱིས་རློབ། །བསམ་གཏན་ཡན་ལག་ལྔ་བརྟན་པས། །མངོན་ཤེས་ལྔ་ཐོབ་མི་བདག་ཀྱཻ། །ཞེས་དང་། རྒྱུད་ཀྱི་རྒྱལ་པོ་ལས། མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡེ་བདག་པོ་བསམ་གཏན་སྦྱོར་བ་དག་པས་སོ། །ཞེས་དང་། མདོ་སྡེ་རྒྱན་ལས་ཀྱང་། བསམ་གཏན་ལ་ཐོབ་མངོན་པར་ཤེས། ཤེས་སོགས་གསུངས་པས་སོ། །འདིས་ནི་གཙོ་བོར་རྩ་དག་པར་འགྱུར་བས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ལས་སྐུའི་དཀྱིལ་འཁོར་དུ་ཞུགས་པ་ཞེས་བྱའོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པར་བཤད་པའི་སྦྱོར་ལམ་དེ་ཇི་ལྟ་བུ་ཞེ་ན། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། ཆོས་རྣམས་སྣང་བ་ཐམས་ཅད་དུ། །ཡོངས་སུ་ཆད་པ་མེད་རྟོགས་འགྱུར། །ཡང་དག་པ་ཡི་རྒྱུ་མཚན་ནི། །མ་བརྟགས་པ་དག་ཡོངས་སུ་མཐོང་། །དེ་བཞིན་ཆོས་སྐུ་རབ་རྫོགས་དང་། །རྣམ་པར་དག་པར་བྱ་བའི་ཕྱིར། །བློ་དང་ལྡན་པས་རྣམ་ཀུན་དུ། །ཀུན་ཏུ་རྒྱུ་ཡོངས་འཛིན་པར་བྱེད། །ཅེས་པའི་གཞུང་འདི་བོད་ཕལ་ཆེ་བས་ཚོགས་ལམ་ལ་སྦྱར་ཡང་དཔལ་རང་བྱུང་གི་ཞལ་སྔ་ནས། གཞུང་འདིས་ཆོས་རྣམས་ལ་རྟོག་པའི་སྣང་བ་ཐམས་ཅད་དུ་ཆད་པ་མེད་པར་རྟོགས་པར་འགྱུར་བར་གསུངས་པ་དང་ཡང་དག་པའི་རྒྱུ་མཚན་མ་བརྟགས་པ་དག་ཀྱང་རབ་ཏུ་མཐོང་བར་གསུངས་པ་དང་ཆོས་སྐུ་རབ་ཏུ་རྫོགས་པ་ས་བཅུ་ལ་སྦྱོར་བར་གསུངས་པ་དང་རྣམ་པར་དག་པ་སངས་རྒྱས་ལ་ཉེ་བར་གསུངས་པ་དང་བློ་ལྡན་དེས་རྣམ་པ་ཀུན་དུ་དེ་ཁོ་ན་ཉིད་ལ་གོམས་པར་བྱེད་པའི་རྒྱུ་ཡོངས་སུ་འཛིན་པར་གསུངས་པས་སྦྱོར་ལམ་གྱི་གཞུང་དུ་བཞེད་དོ། །ནང་སེལ་དུ་དྲོད་འཆད་པའི་གཞུང་ནི། དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱིས་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཞེས་པ་དང་། རྩེ་མོ་ནི། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་ཀུན་དུ་རྩོམ། །ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །ཞེས་དང་། བཟོད་པ་ནི། དེ་ནས་དོན་ཀུན་སྣང་བ་ནི། སེམས་སུ་རབ་ཏུ་མཐོང་བར་འགྱུར། །ཞེས་པའོ། །རྩེ་མོ་དང་བཟོད་པའི་གཞུང་རྐང་པ་དྲུག་པོ་འདི་རང་འགྲེལ་ན་མི་བཞུགས་པ་ཧོར་པར་བྱེད་པའི་ཚེ་ཡི་གེ་པས་འཕྲེང་ཆད་བྱུང་བ་སྟེ། མཁས་གྲུབ་ཆེན་པོ་རིགས་པའི་རལ་གྲིའི་ཞལ་སྔ་ནས་སོག་འགྲེལ་དུ། གཞུང་བཞིན་བྲིས་ནས་རྩེ་མོའི་ཚིགས་སུ་བཅད་པ་དང་ཚིག་རྐང་པ་འདི་གཉིས་སྐབས་འདིར་ཡོད་རྒྱུ་ཡིན་པ་ཡི་གེ་ཉམས་པ་འདྲ་བས་ཕྱིན་ཆད་ནང་དོན་གྱི་འགྲེལ་པའི་དཀྱུས་ལ་མཛད་པ་གལ་ཆེ་ཞེས་གསུངས་པས་སོ། །དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེས་སྤོང་འགྱུར། །ཞེས་པས། དེ་གསུམ་གྱི་སྤང་བྱ་སྤོང་བའི་ཚུལ་གསུངས་ནས་ཆོས་མཆོག་ནི། དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །དེ་ཚེ་བར་ཆོད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེ་ཡི་འཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བའང་སྤངས། །ཤེས་པ་དང་། འདི་དག་གོ་རིམས་བཞིན་དུ་ནི། །དྲོ་བར་གྱུར་སོགས་ཡིན་ཞེས་བྱ། །ཞེས་པས་དོན་བསྡུས་པར་བཞེད་དོ། །མདོ་སྔགས་ཀྱི་སྦྱོར་ལམ་དོན་གཅིག་པའི་ཤེས་བྱེད་དུ་རྩ་རྒྱུད་ཀྱི་ལུང་། སོ་སོར་བསྡུད་པ་སྙོམས་ཞུགས་པས། །ཤེས་སོགས་དྲངས་པ་ནི། ལུང་དེས་བསྟན་པའི་སོར་བསམ་གྱིས་ཐོབ་པའི་ཡོན་ཏན་རྣམས་དང་རྒྱན་ལས་གསུངས་པའི་དྲོད་སོགས་བཞིའི་ཡོན་ཏན་རྣམས་ཆ་འདྲ་ཞིང་བསམ་གཏན་དང་སྲོག་རྩོལ་གྱི་ཡན་ལག་གིས་མཐོང་ལམ་ལ་སྦྱོར་བས་སྦྱོར་བའི་ལམ་དུ་བཞེད་པས་ན་ལེགས་པར་བཤད་པའོ། །གསུམ་པ་མཐོང་ལམ་ལ་གཉིས། དངོས་དང་། རྩ་རྒྱུད་ཀྱི་ལུང་དང་སྦྱར་བའོ། །དང་པོ་ནི། དེ་ནས་སོགས་རྐང་པ་གཉིས་ཏེ། སྦྱོར་ལམ་ཐོབ་པ་དེ་ནས་རླུང་དག་པའི་ཕྱིར་སྲོག་རྩོལ་དང་འཛིན་པ་ལ་སྦྱངས་པའི་སྦྱོར་བ་དང་ལྡན་པས་གསུང་གི་དཀྱིལ་འཁོར་གྱི་སྒོ་ཞེས་བྱ་བ་རྩའི་འཁོར་ལོ་རྣམས་སུ་རླུང་གི་འགྲོ་འོང་ཤིན་ཏུ་སྦྱངས་པ་ལ་བརྟེན་ནས་ཞག་གཅིག་གི་དུས་སྦྱོར་བཅུ་གཉིས་ལས་གཅིག་འགོག་ནུས་པ་དེའི་ཚེ་ཐིག་ལེའི་གྲངས་དེ་སྙེད་རྩ་དུང་ཅན་མའི་མར་སྣ་གསང་བའི་འཁོར་ལོར་འཛག་མེད་དུ་འཆིང་ནུས་པས་རྣམ་རྟོག་བརྒྱ་ཕྲག་བཅོ་བརྒྱད་ཡེ་ཤེས་སུ་དག་ཅིང་འཇིག་རྟེན་གྱི་ཁམས་བཅུ་ལ་སོགས་པའི་མཐར་ཐུག་པར་མངོན་ཤེས་དང་རྫུ་འཕྲུལ་ལ་དབང་ཐོབ་པ་ནི། མཐོང་བའི་ལམ་ཐོབ་པའི་ཡོན་ཏན་ཏེ། མཐོང་ལམ་ལ་ནི་སྦྱོར་བར་བྱེད། །གསུངས་པ་ནི། སྦྱོར་ལམ་བསྒོམས་པས་བཤད་མ་ཐག་པའི་ཡོན་ཏན་དེ་དག་དང་ལྡན་པའི་མཐོང་ལམ་ཐོབ་པར་འགྱུར་ཞེས་པའི་དོན་ཅན་ནོ། །གཉིས་པ་ནི། རྟག་ཏུ་སོགས་རྐང་པ་གསུམ་སྟེ། དེའི་ཤེས་བྱེད་ནི། རྣལ་འབྱོར་པས་དུས་རྟག་ཏུ་རླུང་གི་སྦྱོར་བ་ལ་བརྟེན་ནས་བྱང་སེམས་མི་འཕོ་བར་འཛིན་པའི་སྟོབས་ཀྱིས་ནི་རྩའི་འཁོར་ལོ་རྣམས་སུ་རླུང་སེམས་དབྱེར་མེད་ཀྱི་རྡོ་རྗེ་སེམས་དཔའ་ཡང་དག་པར་འཇུག་ཅིང་འགྲུབ་པས་རླུང་གི་རྣལ་འབྱོར་རམ་སྲོག་རྩོལ་མཐར་ཕྱིན་པའི་འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་ཞེས་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་ལས་ཀྱང་། ཤེས་རབ་ཡེ་ཤེས་སོགས་ཚིགས་བཅད་གཅིག་གསུངས་ལ། རྒྱན་ལས་ཀྱང་། དེ་ནས་དེ་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་ན་མེད། །འཛིན་པ་གཉིས་དང་བྲལ་བ་ཐོབ། །དེ་འདིའི་གནས་ཡོངས་གྱུར་པ་སྟེ། །ས་ནི་དང་པོ་ཡིན་པར་འདོད། །ཅེས་གསུངས་ཏེ། དཔལ་རང་བྱུང་གི་ཞལ་སྔ་ནས་ནི་མདོ་སྔགས་ཀྱི་གཞུང་མཐའ་དག་དགོངས་པ་མཐུན་པར་བཞེད་པས་མདོའི་ཕྱོགས་ཀྱི་ལུང་དང་ཡང་དོ་གལ་གྱིས་སྦྱོར་བར་མཛད་དེ། འདི་ནི་མདོའི་ལུགས་སོ་ཞེས་ཕྱོགས་གཞན་དུ་འཕེན་པར་མི་མཛད་དོ། །བཞི་པ་སྒོམ་ལམ་ལ་གཉིས། ངོ་བོ་དང་། མཐོང་སྒོམ་སོགས་ཀྱི་རླུང་འགག་ལུགས་སོ། །དང་པོ་ནི། སྤྲོས་མེད་སོགས་རྐང་པ་དང་བཅས་པའི་ཚིགས་བཅད་གཅིག་སྟེ། མི་རྟོག་ཡེ་ཤེས་ཐོབ་ནས་ཉམས་སུ་ལེན་པའི་སྤྱོད་པ་ནི། སྤྲོས་མེད་ཀྱི་སྤྱོད་པ་རྗེས་ཐོབ་དང་ཤིན་དུ་སྤྲོས་མེད་ཀྱི་སྤྱོད་པ་མཉམ་བཞག་སྟེ་དེའི་ངང་ནས་རྗེས་དྲན་བཅུ་དྲུག་གི་ཡན་ལག་ལ་སྤྱད་པར་བྱས་ནས་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་སྦྱོར་བ་ལ་བརྟེན་ནས་སྒོམ་པའི་ལམ་འདི་ལ་གནས་པ་ནི་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པས་མཐར་ཕྱིན་པ་འགྲུབ་སྟེ་བདུད་ལ་སོགས་པས་མི་འཕྲོགས་པའོ། །དེ་ཐོབ་ནས་གཞན་དོན་ཕུན་ཚོགས་དང་འབྲེལ་ཞིང་སྒྲུབ་ནུས་པས་ཚོགས་ཀྱི་སྤྱོད་པ་ཆེན་པོ་དང་བཅས་པ་ཞེས་ཀྱང་བཤད་དེ་འདི་ལ་ནི་སྒོམ་ལམ་གྱི་མཚན་ཉིད་ཐམས་ཅད་ཚང་བར་ལྡན་ནོ། །འདིའི་ཐད་ཀྱི་འགྲེལ་པར། རྣམ་པར་མི་རྟོག་པའི་ནས་དང་ཞེས་སྤྲོས་མེད་ཀྱི་སྤྱོད་པ་དང་མཉམ་པར་ནས་ཚུལ་གྱིས་ཤེས་ཤིན་དུ་སྤྲོས་མེད་ཀྱི་སྤྱོད་པ་ངོས་བཟུང་ལ། རྗེས་དྲན་ཡན་ལག་ནས་ཞེས་གསུངས་ཏེའི་བར་གྱིས་སྤྱོད་པ་དེ་གཉིས་དང་ལྡན་པས་སྦྱང་བར་བྱ་བའི་རྗེས་དྲན་གྱི་ཡན་ལག་ནི་མི་རྟོག་ཡེ་ཤེས་ཐོབ་པའི་རྗེས་ལ་དྲན་པས་ན་རྗེས་དྲན་ཞེས་སྒྲ་བཤད་དང་རྗེས་དྲན་གྱི་ངོ་བོ་ནི་ཤེས་རབ་ཀྱི་ཆགས་པ་སྟེ་ཟུང་འཇུག་ཏུ་གསུངས་ནས་བདེ་བ་དང་སྙིང་རྗེ་གནད་གཅིག་པས་ཤེས་ཆགས་པའི་སྒྲས་གསུངས་པའི་བདེ་བ་ཆེན་པོ་དེ་ནི། སྙིང་རྗེ་ཆེན་པོ་ཡིན་ནོ་ཞེས་ཕྱག་འཛུབ་གཙུགས་སོ། །དེ་ནས་རྗེས་དྲན་ཞེས་པའི་བར་གྱིས་རྗེས་དྲན་བཅུ་དྲུག་གྲངས་སུ་བགྲངས་པ་སྟེ། དཀོན་མཆོག་གསུམ་དང་ལྷ་དང་གཏོང་བ་དང་ཚུལ་ཁྲིམས་དང་ཕར་ཕྱིན་བཅུ་རྗེས་སུ་དྲན་པས་ན་དེ་བཅུ་དྲུག་གོ །དེ་ལྟ་བུའི་རྗེས་དྲན་བཅུ་དྲུག་པོ་བསྒོམ་པའི་ཚུལ་ཡང་། གསང་འདུས་ལས། བྷ་གར་ལིངྒ་རབ་བཞག་ནས། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །ཞེས་དང་། མཆོག་གི་དང་པོའི་སངས་རྒྱས་ལས། །བྷ་གར་ལིངྒ་རབ་བཀོད་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར། ཏིང་ངེ་འཛིན་ཁྱད་པར་ཅན་རིགས་མི་འདྲ་བ་མང་པོ་ལ་སྦྱངས་པས་རྣམ་པར་དག་པའི་ཏིང་ངེ་འཛིན་མཐོང་ལམ་གྱི་ཁྱད་པར་ལམ་ནས་སངས་རྒྱས་ཀྱི་སའི་བར་རིམ་གྱིས་ཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་དང་ནས་འགྲུབ་སྟེའི་བར་ནི་རྒྱུད་གཞན་བདེ་དགྱེས་སོགས་ནས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ཞེས་གསུངས་པ་དེ་ནི་རྗེས་དྲན་ཉམས་ལེན་གྱི་སྤྱོད་པ་སྟེ་མི་མཐུན་ཕྱོགས་ཀྱིས་མི་འཕྲོགས་པས་སོ། །ཞེས་བཤད་ལ། གཞན་གྱི་དོན་སོགས་ཀྱིས་ཚོགས་ཀྱི་སྤྱོད་པ་ཆེན་པོ་ཡང་དེའི་རྣམ་གྲངས་སུ་བཤད་ནས་དེ་དག་སྒོམ་པའི་ལམ་ཡིན་པར་དམ་བཅས་ཏེ། དེ་སྒོམ་ལམ་དུ་གསུངས་པའི་ཤེས་བྱེད་དུས་འཁོར་རྩ་རྒྱུད་ལས། ཆུ་སྲིན་ལ་སོགས་ཁྱིམ་རྣམས་སུ། །མ་རིག་ལ་སོགས་འགགས་པ་ཡིས། །སྤྱན་ལྔ་མངོན་ཤེས་དྲུག་འབྱུང་སྟེ། །ས་ནི་བཅུ་གཉིས་ཐོབ་པར་འགྱུར། །ཞེས་དང་། རྒྱུད་ཀྱི་རྒྱལ་པོ་ལས་རྣམ་པ་ཐམས་ཅད་ཅེས་སོགས་གསུངས་པ་དྲངས་ཤིང་། ཕར་ཕྱིན་ལས། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་། །ལུགས་མི་མཐུན་ལ་རྟོག་པར་བྱེད། །འགག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་བཞག་མིན་པས་མཚམས་བཟུང་ནས། །ཐོང་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་གསུངས་པ་དྲངས་ཏེ་སྔགས་ནས་གསུངས་པའི་རྗེས་དྲན་དང་སེང་གེ་རྣམ་བསྒྱིངས་ཐོབ་ནས་ཐོད་རྒལ་སོགས་སྦྱོང་བ་གནད་གཅིག་པར་གསུངས་པ་ནི་ཕར་ཕྱིན་དུ་དང་པོའི་རྣམ་གྲོལ་ལམ་ནས་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་ཐོབ་སྟེ། དེ་ནས་སྦྱོར་བ་སེང་གེ་རྣམ་པར་བསྒྱིངས་པ་དང་དངོས་གཞི་ཐོད་རྒལ་ཆུང་འབྲིང་ཆེན་པོ་ལ་སྦྱངས་པས་ས་གཉིས་པ་ནས་བཅུ་པའི་བར་རིམ་གྱིས་བགྲོད་དེ་རྡོར་ཏིང་གིས་ཁམས་གསུམ་གྱི་གནས་ངན་ལེན་མཐའ་དག་བཅོམ་ནས་སངས་རྒྱ་བར་གསུངས་པའི་ལམ་དེ་རྣམས་ནི་རྡོ་རྗེ་ཐེག་པ་ལས་རྗེས་དྲན་དང་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་གྱུར་པའི་ཏིང་ངེ་འཛིན་རིགས་མི་འདྲ་བ་མང་པོ་ལ་རྩལ་སྦྱངས་ནས་སངས་རྒྱ་བར་གསུང་པ་དང་གནད་གཅིག་གོ །ཞེས་དགོངས་པ་ཡིན་ནོ། །གཉིས་པ་མཐོང་སྒོམ་སོགས་ཀྱི་རླུང་འགག་པའི་ཚུལ་ལ། འགྲེལ་པར་ཚིགས་བཅད་ཕྱེད་དང་གསུམ་དུ་གསུངས་པ་ནི་བྲིས་ནོར་ཏེ་རྐང་པ་བཅུ་གཅིག་ཡོད་དོ། །འདི་འཆད་པ་ལ་གསུམ། །མོས་སྤྱོད་དུ་འགག་པའི་ཚུལ། །མཐོང་ལམ་དུ་འགག་པའི་ཚུལ། །སྒོམ་ལམ་དུ་འགག་པའི་ཚུལ་ལོ། །དང་པོ་ནི། དང་པོར་སོགས་རྐང་པ་གསུམ་སྟེ། སོར་བསམ་ལ་བརྟེན་ནས་དང་པོར་དུས་སྦྱོར་གཅིག་གི་རླུང་བརྒྱ་ཕྲག་བཅོ་བརྒྱད་དང་དེ་དང་ལྷན་ཅིག་པའི་རྣམ་པར་རྟོག་པ་བརྒྱ་ཕྲག་བཅོ་བརྒྱད་ཡེ་ཤེས་སུ་རྣམ་པར་དག་ཅིང་རྡོ་རྗེ་ནོར་བུའི་རྒྱལ་མཚན་གྱི་རྩ་བཞིར་བྱང་སེམས་འགགས་པ་དེ་ནི་མོས་སྤྱོད་ཀྱིས་འཇིག་རྟེན་པའི་ལམ་ཡིན་ནོ། །གཉིས་པ་ནི། གཉིས་པ་སོགས་རྐང་པ་གསུམ་སྟེ། སྲོག་རྩོལ་དང་འཛིན་པ་ལ་བརྟེན་ནས་དུས་སྦྱོར་གཉིས་པའི་རླུང་དང་རྟོག་པ་བརྒྱ་ཕྲག་བཅོ་བརྒྱད་རེ་དང་དེ་དང་ལྷན་ཅིག་པའི་ཐིག་ལེ་སྐ་བ་རྣམས་གསང་བའི་འཁོར་ལོར་འགགས་པ་ནི་ཐེག་པ་ཆེན་པོའི་མཐོང་བའི་ལམ་སྟེ། དེ་ཐོབ་པ་ཡིས་མ་རིག་པའི་རྟེན་འབྲེལ་གྱི་ལུས་ཀྱི་ཆ་དེ་འགག་ཅིང་། དེ་ནས་རིམ་གྱིས་སྐྱེ་ཤི་སོགས་རྟེན་འབྲེལ་བཅུ་གཉིས་ལུགས་བཟློག་ཏུ་འགག་གོ །ཡང་ན་མ་རིག་པས་ཀུན་ནས་སླང་སྟེ་ཟག་བཅས་ཀྱི་ལས་མངོན་པར་འདུ་བྱེད་པ་ལས་བྱུང་བའི་ལས་ཉོན་གྱི་སྐྱེ་ཤི་འགག་གོ །དེ་ལྟར་འགགས་ཀྱང་མ་རིག་བག་ཆགས་ཀྱི་ས་དང་ཟག་པ་མེད་པའི་ལས་ཀྱིས་ཡིད་ཀྱི་རང་བཞིན་གྱི་ལུས་དང་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་སྟོན་པར་མཛད་དེ། རྒྱུད་བླ་ལས། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་དང་། སྐྱེ་འཆི་ན་དང་རྒ་བ་ལས་གྲོལ་ཞིང་། །ཞེས་སོགས་གསུངས་པས་སོ། །ས་འདི་ནས་ཐེག་ཆེན་འཕགས་པའི་ས་དང་པོ་རབ་ཏུ་དགའ་བ་ཐོབ་ཅིང་། འདིར་དོན་དམ་པའི་སེམས་བསྐྱེད་ཐོབ་པའི་ཕྱིར་རྟེན་གྱི་གང་ཟག་དེ་ལ་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། འཇུག་པ་ལས། དེ་ནས་བཟུང་སྟེ་དེ་ནི་ཐོབ་པར་གྱུར་པ་ཡིས། །བྱང་ཆུབ་སེམས་དཔའ་ཞེས་བྱའི་སྒྲ་ཉིད་ཀྱིས་བསྙད་དོ། །ཞེས་གསུངས་པས་སོ། །འགྲེལ་པར། འདི་གཉིས་ནས་གསུངས་ཀྱང་ཞེས་པ། སྲོག་འཛིན་གྱི་སྟོབས་ཀྱིས་རླུང་དང་རྟོག་པ་སྟོང་བརྒྱད་བརྒྱ་པ་གཉིས་དང་དེ་དང་ལྷན་ཅིག་པའི་ཐིག་ལེ་སྐ་བ་དང་སླ་བ་མི་གཡོ་བ་ཐོབ་སྟེ། ས་བཅུ་གཉིས་ལས་དང་པོ་གཉིས་ཐོབ་པར་བཤད་པ་འདི་རྒྱུད་འགྲེལ་གྱི་དངོས་བསྟན་ལ། གསང་བའི་འཁོར་ལོ་དུས་སྦྱོར་གཉིས་ཀྱི་རླུང་དང་རྟོག་པ་འགགས་པའི་དག་པར་གསུངས་ཀྱང་། སྦས་དོན་ལ། དུས་སྦྱོར་དང་པོའི་རླུང་རྟོག་སོགས་རྡོ་རྗེ་ནོར་བུར་འགགས་པ་མོས་སྤྱོད་ཀྱི་ས་དང་དུས་སྦྱོར་གཉིས་པ་དང་གསུམ་པའི་རླུང་རྟོག་སོགས་གསང་འཁོར་དུ་འགགས་པ་བྱང་སེམས་འཕགས་པའི་ས་དང་པོ་གཉིས་དང་སྦྱར་བར་དགོངས་ནས། ཕྱི་མ་དང་མཐུན་པར་འཆད་བཞེད་པའི་གསུང་ཡིན་ནོ། །འགྲེལ་པ་ལས། དེ་ཡིས་མ་རིག་པ་དང་། ཟག་པ་དང་བཅས་པའི་སྐྱེ་འཆི་འགགས་པས་སྒོམ་པའི་ལམ་གྱི་རླུང་དང་ལྷན་ཅིག་པའི་རྣམ་རྟོག་དག་པས་ན། ཞེས་གསུངས་པའི་དོན་ལ། ཊཱིཀ་བྱེད་དག་གིས། འགྲེལ་པར་སྐྱེ་ཤི་འགགས་པ་འདི་མཐོང་ལམ་ལ་མི་རིགས་ཏེ། རྒ་ཤི་འགགས་ན་ཆོས་ཀྱི་སྐུར་འགྱུར་བའམ་ཇི་ལྟར་ཡང་སྒོམ་ལམ་ཙམ་དུ་འགྱུར་དགོས་དགོངས་ནས་སྒོམ་ལམ་དུ་སྦྱར་བར་མཛད་ཀྱང་། སྐྱོན་མེད་དེ། འདིར་སྐྱེ་ཤི་སྤངས་པ་ནི་ལས་ཉོན་གྱིས་རང་དབང་མེད་པར་སྲོག་འགགས་པའི་སྐྱེ་ཤི་སྤངས་པ་ལ་དགོངས་པ་ཡིན་གྱི། ཟག་མེད་ཀྱི་ལས་ཀྱི་དབང་གིས་བསམ་གྱིས་མི་ཁྱབ་པའི་སྐྱེ་འཆི་མ་སྤངས་པའི་ཕྱིར། ཞེས་རང་འགྲེལ་ཕྱོགས་སྔར་བྱས་མོད། ཟག་བཅས་ཀྱི་སྐྱེ་འཆི་འགགས་པ་དང་ལས་ཉོན་གྱིས་རང་དབང་མེད་པར་སྲོག་འགགས་པའི་སྐྱེ་ཤི་སྤངས་པ་གནད་གཅིག་པས། བཏགས་ཟིན་འཐག་མི་དགོས་ལ། སྒོམ་ལམ་གྱི་རླུང་དང་ལྷན་ཅིག་པའི་རྣམ་རྟོག་དག་ཅེས་པ་ཚིག་གོང་མ་རྣམས་དང་འབྲེལ་བས། ས་དེར་སྒོམ་སྤངས་མངོན་གྱུར་པས་བསྡུས་པའི་མ་རིག་པ་ནས་རྒ་ཤིའི་བར་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྤངས་པའི་དོན་ཡིན་གྱི་རྒ་ཤི་འགགས་པ་ཆོས་སྐུའམ་སྒོམ་ལམ་དུ་འགྱུར་བར་དགོངས་ནས་སྒོམ་ལམ་དུ་སྦྱར་བར་མཛད་པ་མ་ཡིན་ནོ། །གསུམ་པ་ནི། གསུམ་པར་སོགས་ཚིག་རྐང་ལྔ་སྟེ། རྗེས་དྲན་གྱི་སྟོབས་ཀྱིས་དུས་སྦྱོར་གསུམ་པའི་རླུང་དང་རྟོག་པ་བརྒྱ་ཕྲག་བཅོ་བརྒྱད་དང་ཐིག་ལེ་ལྷན་ཅིག་ཏུ་གསང་འཁོར་དེ་ཉིད་དུ་དག་པ་ནི་ས་གཉིས་པ་དྲི་མ་མེད་པའོ། །སྟེ་ཞེས་པ་སྔ་མ་དང་སྦྱར་བའི་ཚིག་གོ །དེ་བཞིན་དུ་ལྟེ་བའི་འཁོར་ལོར་དུས་སྦྱོར་བཞི་པ་དང་ལྔ་པའི་རླུང་དང་རྟོག་པ་སྟོང་བརྒྱད་བརྒྱ་པ་ཚན་པ་གཉིས་ཐིག་ལེ་དང་ལྷན་ཅིག་ཏུ་དག་པས་ས་གསུམ་པ་དང་བཞི་པ། སྙིང་གའི་འཁོར་ལོར་དུས་སྦྱོར་དྲུག་པ་དང་བདུན་པའི་རླུང་དང་རྟོག་པ་ཐིག་ལེ་དང་ལྷན་ཅིག་ཏུ་དག་པས་ས་ལྔ་པ་དང་དྲུག་པ་སྟེ། མགྲིན་པའི་འཁོར་ལོར་དུས་སྦྱོར་བརྒྱད་པ་དང་དགུ་པའི་རླུང་དང་རྟོག་པ་ཐིག་ལེ་དང་ལྷན་ཅིག་ཏུ་དག་པས་ས་བདུན་པ་དང་བརྒྱད་པ། ལ་ཞེས་པ་ཚིག་གི་ཕྲད་དོ། །སྤྱི་བོའི་འཁོར་ལོར་དུས་སྦྱོར་བཅུ་པ་དང་བཅུ་གཅིག་པའི་རླུང་དང་རྟོག་པ་ཐིག་ལེ་དང་ལྷན་ཅིག་དུ་དག་པས་ས་དགུ་པ་དང་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་པར་བཤད་དོ། །འདིའི་ཐད་ཀྱི་འགྲེལ་པར། ས་དང་པོའི་ནས་རིམ་པ་འདི་བསྟན་ཏེ་ཞེས་པ། ཕར་ཕྱིན་ལས། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ཤེས་སོགས་ས་དང་པོའི་ཡོངས་སྦྱོང་བཅུ་སྦྱངས་ནས་ས་གཉིས་པར་འཕར་བར་བཤད་པ་ལྟར། ནང་དོན་འདིར་ཡང་། རླུང་དང་རྟོག་པ་བརྒྱ་ཕྲག་བཅོ་བརྒྱད་པ་རེ་རེ་འགགས་ནས་ཡེ་རླུང་དང་ཡེ་ཤེས་སུ་དག་པས་ས་རེ་རེ་བགྲོད་དེ་ས་འོག་མ་ནས་གོང་མར་འཕར་བའི་རིམ་པ་འདི་བསྟན་ཏེ། ཞེས་བཞེད་པ་ཡིན་ལ། རྒྱུད་འགྲེལ་སོགས་ཀྱི་དོན་ནི། རྩ་འཁོར་ལོ་དྲུག་པོ་རེ་རེར་རླུང་དང་རྟོག་པ་བརྒྱ་ཕྲག་བཅོ་བརྒྱད་པ་ཚན་པ་གཉིས་གཉིས་དག་པ་ས་གཉིས་གཉིས་ཀྱི་རྣམ་དག་ཏུ་གསུངས་སོ། །ཞེས་རྒྱུད་འགྲེལ་གྱི་དངོས་བསྟན་ན་ཡམས་སུ་སྨོས་པ་ཏེ། དགོངས་པའི་སྙིང་པོ་ལ། རྒྱལ་མཚན་རྩ་བཞི་དག་པས་མོས་སྤྱོད་ཀྱི་ས་དང་གསང་བ་ནས་སྤྱི་བོའི་བར་རྩ་འཁོར་ལོ་ལྔ་པོ་རེ་རེས་ས་གཉིས་གཉིས་ཏེ་བྱང་འཕགས་ཀྱི་ས་བཅུ་དང་སྨིན་མཚམས་ཀྱི་འཁོར་ལོར་རྣམ་པར་དག་པས་ས་བཅུ་གཉིས་པ་རྫོགས་པའི་སངས་རྒྱས་ཀྱི་ས་ཐོབ་པའི་ཚུལ་གཞུང་འདིར་ཇི་སྐད་གསུངས་པ་ཁོ་ན་ལྟར་བཞེད་དོ། །ལྔ་པ་མཐར་ཕྱིན་པའི་ལམ་ལ་གཉིས། ངོ་བོ་མདོར་བསྟན་པ་དང་། ཡོན་ཏན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་སོགས་རྐང་པ་གཉིས་ཏེ། ས་བཅུ་བགྲོད་པ་དེ་ནས་གཙུག་ཏོར་གྱི་འཁོར་ལོར་དུས་སྦྱོར་གཅིག་གི་རླུང་དང་རྟོག་པ་བརྒྱ་ཕྲག་བཅོ་བརྒྱད་པ་རེ་ཐིག་ལེ་དང་ལྷན་ཅིག་ཏུ་འགགས་པས། རྟོག་པ་ཐམས་ཅད་མི་རྟོག་པར་དག །རྩ་རླུང་ཐིག་ལེ་ཐམས་ཅད་ཡེ་ཤེས་ཀྱི་རྩ་རླུང་དང་ཐིག་ལེར་གྱུར་པ་དེའི་ཚེ་འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་པར་རྒྱུད་སྡེ་ལས་གསུངས་སོ། །འདིའི་འགྲེལ་པར། ས་བཅུའི་རྒྱུན་མཐའ་མན་ནས་སངས་རྒྱས་ཀྱི་ས་ཞེས་བྱ་བ་ཞེས་པ། སངས་རྒྱས་ཀྱི་སའི་སྔ་ལོགས་ས་བཅུའི་རྒྱུན་མཐའ་མེད་ལ་སངས་རྒྱས་ཀྱི་སའི་སྦྱོར་བ་ཞེས་བྱ་སྟེ། ཕར་ཕྱིན་ལས། གསུམ་ནི་སྦྱོར་བ་དང་དངོས་དང་འཇུག་གི་སྒོ་ནས་སངས་རྒྱས་ཀྱི་སས་བསྡུས་ཏེ། ཞེས་འབྱུང་བས་སོ། །སྙམ་དུ་དགོངས་པ་ཡིན་གྱི། རྫོགས་པའི་སངས་རྒྱས་ཀྱི་ས་དངོས་སུ་བཞེད་པ་ནི་མ་ཡིན་ནོ། །འོད་ཟེར་ཆེན་པོའི་དབང་བསྐུར་བ་ཞེས་ཀྱང་བྱ་ཞེས་པ། མདོའི་ཕྱོགས་ལས་གསུངས་པ་སྟེ། སངས་རྒྱ་ཁ་མའི་བྱང་སེམས་དེ། ཏིང་ངེ་འཛིན་གྲངས་མེད་པ་ལ་སྙོམས་པར་ཞུགས་པའི་མཐར། ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་མངོན་དུ་གྱུར་མ་ཐག སྟོང་གསུམ་བརྒྱ་ཕྲག་བཅུའི་གཏོས་དང་མཉམ་པའི་རིན་པོ་ཆེའི་རྒྱལ་པོའི་པདྨ་ངོ་མཚར་ཅན་འཇིག་རྟེན་གྱི་ཡུལ་ལས་འདས་པ། འདས་པའི་དགེ་རྩ་ལས་བྱུང་བ། སྒྱུ་མའི་རང་བཞིན་གྱི་སྤྱོད་ཡུལ། ཆོས་དབྱིངས་ལ་གནས་པ་སོགས་ཀྱི་ཡོན་ཏན་དང་ལྡན་པ། སྟོང་གསུམ་སྟོང་ཕྲག་བཅུའི་རྡུལ་སྙེད་ཀྱི་པདྨའི་འཁོར་དང་ལྡན་པ་ཅིག་འབྱུང་ཞིང་། བྱང་སེམས་དེའི་ལུས་ཀྱང་དེ་དང་འཚམ་ཞིང་རྐྱེན་དུ་བབ་པར་གནས་པའི་འཁོར་དུ་བྱང་ཆུབ་སེམས་དཔའ། པདྨའི་འཁོར་རྣམས་གང་བར་གནས་ནས། བྱང་སེམས་དེའི་ཞབས་ལ་སོགས་པ་སྐུའི་གནས་སོ་སོ་ནས་འོད་ཟེར་བྱེ་བ་བརྒྱ་སྟོང་གནས་སོ་སོར་སྤྲོས་པས་དམྱལ་བ་ནས་སངས་རྒྱས་ཀྱི་ཞིང་ཁམས་ཀྱི་བར་སྣང་བར་བྱས་པས། སྣོད་བཅུད་ཀྱི་སྐྱོན་བསལ། སེམས་ཅན་གྱི་སྡུག་བསྔལ་ཞི། སངས་རྒྱས་བྱང་སེམས་ལ་མཆོད་པ་དུ་མས་མཆོད། སངས་རྒྱས་བྱང་སེམས་རྣམས་ཀྱིས་སངས་རྒྱ་ཁ་མའི་བྱང་སེམས་དེ་ལ་དབང་བསྐུར་བའི་དུས་ལ་བབ་པར་དགོངས་ནས་ཐམས་ཅད་གནས་དེར་བྱོན་ཏེ། དབང་ཐོབ་པའི་བྱང་སེམས་རྣམས་ཀྱི་དཔལ་བེའུ་སོགས་ནས་འོད་ཟེར་སྤྲོ་བསྡུས་བྱང་སེམས་དེའི་མཐུ་སྟོབས་འཕེལ་བར་བྱས། སངས་རྒྱས་རྣམས་ཀྱི་མཛོད་སྤུ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་འཁོར་འོད་ཟེར་གྲངས་མེད་བརྒྱ་སྟོང་ཕྲག་བཅུ་སྤྲོ་བསྡུ་སོགས་ཀྱི་སྒོ་ནས་སངས་རྒྱས་ཀྱི་ཡུལ་ལ་མངོན་པར་དབང་བསྐུར་བའི་ཚུལ་ས་བཅུ་པ་ལས་རྒྱས་པར་འབྱུང་བ་ལྟར་རོ། །རྡོ་རྗེ་སློབ་དཔོན་ནས་འབྲས་བུ་སྟེ་ཞེས་པའི་བར་ནི། གོང་གི་ཞེས་ཀྱང་བྱ་ཞེས་པ་དང་འབྲེལ་བས། འོད་ཟེར་ཆེན་པོའི་དབང་ཐོབ་པ་ནི། དུས་འཁོར་ལས་གསུངས་པའི་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་མཐར་ཕྱིན་པ་གྲུབ་པའི་རྗེས་སུ་འབྱུང་སྟེ། དེ་ཡང་ཆུ་ནས་ཤེས་རབ་ཡེ་ཤེས་ཀྱི་བར་འཇིག་རྟེན་པའི་དབང་བཅུ་དང་། འཇིག་རྟེན་ལས་འདས་པ་དབང་བཞི་པ་ཕྱག་རྒྱ་ཆེན་པོ་སྟེ་དབང་བཅུ་གཅིག་མཐར་ཕྱིན་པའི་འབྲས་བུ་ཡིན། ཞེས་པའི་དོན་ཅན་ནོ། །སྟེ་ཞེས་པ་ཕྱི་མ་འདྲེན་པ་སྟེ། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་པའི་ལུང་དང་མཚམས་སྦྱར་བའོ། །གཉིས་པ་ལ་གཉིས། དངོས་དང་། ཡེ་ཤེས་ཀྱི་རིམ་པའོ། །དང་པོ་ནི། རྟེན་འབྲེལ་སོགས་རྐང་པ་དང་བཅས་པའི་ཚིགས་བཅད་གཅིག་སྟེ། སངས་རྒྱས་ཐོབ་པ་དེ་ནི་མ་རིག་པ་ལ་སོགས་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་བཟློག་ཏུ་འགགས་ཤིང་དག་པ་དང་མས་བརྟན་པའི་དགའ་བ་བཅུ་དྲུག་ཡོངས་སུ་རྫོགས་ཤིང་སྟོང་པ་ཉིད་བཅུ་དྲུག་དང་སྙིང་རྗེ་ཆེན་པོ་བཅུ་དྲུག་ཡེ་ཤེས་ཀྱི་ངོ་བོར་དབྱེར་མི་ཕྱེད་པ་མཐར་ཕྱིན་པ་གྲུབ་པ་སྟེ། སྔར་དུམ་བུ་དྲུག་པ་དང་དགུ་པར་བཤད་པ་ལྟར་སྐྱེས་བུ་ཚེ་ལོ་བརྒྱ་པའི་ལས་ཀྱི་རླུང་ཇི་སྙེད་པ་ཡེ་ཤེས་ཀྱི་རླུང་ལོ་གསུམ་དང་ཟླ་བ་ཕྱེད་པ་གསུམ་གྱི་རང་བཞིན་དུ་དག་པས་ཡེ་ཤེས་ཀྱི་སྐུ་ཉིད་དུ་འགྲུབ་པ་ཡིན་ནོ། །འགྲེལ་པར། རྟེན་འབྲེལ་ནས་ཕྱིན་པ་སྟེ་ཞེས་པའི་བར་ནི་རྐང་པ་དང་པོ་གསུམ་ལ་འབྲུ་གཉེར་བ་ཡིན་ལ། འདི་རྣམས་ཀྱང་ནས་སྙིང་རྗེ་ཆེན་པོ་སྟེ། ཞེས་པའི་བར་ནི། སྟོང་ཉིད་སྙིང་རྗེ་བཅུ་དྲུག་གི་རྒྱས་བཤད་དོ། །དེ་ནི་དྲི་མ་མེད་པའི་འོད་ལས། སྟོང་པ་ཉིད་བཅུ་དྲུག་ཅེས་པ་ནི་ནག་པོའི་ཕྱོགས་དང་ཉི་མ་དང་ཤེས་རབ་བོ། །སྙིང་རྗེ་བཅུ་དྲུག་ཅེས་པ་ནི་དཀར་པོའི་ཕྱོགས་དང་ཟླ་བ་དང་ཐབས་སོ། །སྟོང་པ་ཉིད་ལ་དབྱེ་བ་གསུམ་སྟེ་སྟོང་པ་ཉིད་དང་ཆེན་པོ་སྟོང་པ་ཉིད་དང་དོན་དམ་པ་སྟོང་པ་ཉིད་དོ། །དེ་ལ་སྟོང་པ་ཉིད་ནི་ཕུང་པོ་ལྔ་སྟོང་པ་ཉིད་དེ་ནག་པོའི་ཚེས་གཅིག་ལ་སོགས་བ་ཚེས་ལྔའོ། །ཆེན་པོ་སྟོང་པ་ཉིད་ནི་ཁམས་ལྔ་སྟོང་པ་ཉིད་དེ་དྲུག་པ་ལ་སོགས་པ་ཚེས་ལྔའོ། །དོན་དམ་པ་སྟོང་པ་ཉིད་ནི་དབང་པོ་ལྔ་སྟོང་པ་ཉིད་དེ་བཅུ་གཅིག་པ་ལ་སོགས་པ་ཚེས་ལྔའོ། །དེ་ནས་གནམ་སྟོང་གི་མཐར་ཐུག་པ་ཚེས་བཅོ་ལྔ་ནི་སྟོང་པ་ཉིད་བཅོ་ལྔའོ། །གནམ་སྟོང་གི་མཐའ་དང་དཀར་པོའི་ཚེས་གཅིག་འཇུག་པའི་དང་པོའི་དབུས་སུ་བཅུ་དྲུག་པ་རྣམ་པ་ཐམས་ཅད་སྟོང་པ་ཉིད་དོ། །དེ་བཞིན་དུ་སྙིང་རྗེ་རྣམ་པ་གསུམ་སྟེ་སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པ་དང་དམིགས་པ་མེད་པའོ། །དེ་ལ་སེམས་ཅན་ལ་དམིགས་པ་ནི་དཀར་པོའི་ཚེས་གཅིག་ལ་སོགས་པ་ཚེས་ལྔའོ། །ཆོས་ལ་དམིགས་པ་ནི་དྲུག་པ་ལ་སོགས་ཚེས་པ་ལྔའོ། །དམིགས་པ་མེད་པ་ནི་བཅུ་གཅིག་པ་ལ་སོགས་པ་ཚེས་ལྔ་སྟེ་ཉའི་མཐར་ཐུག་པའོ། །ཉའི་མཐའ་དང་ནག་པོའི་ཚེས་གཅིག་འཇུག་པ་དང་པོའི་དབུས་སུ་སྙིང་རྗེ་བཅུ་དྲུག་པའོ། །ཞེས་གསུངས་སོ། །འགྲེལ་ཆེན་དུ་སྟོང་པ་ཉིད་དང་ཆེན་པོ་སྟོང་པ་ཉིད་དང་དོན་དམ་པ་སྟོང་པ་ཉིད་ཅེས་གསུངས་པ་ལ་རང་འགྲེལ་དུ་ཕྱི་སྟོང་པ་ལ་སོགས་པ་ལྔ་དང་ཆེན་པོ་སྟོང་པ་ཉིད་ལ་སོགས་པ་ལྔ་དང་དོར་བ་མེད་པ་སྟོང་པ་ཉིད་ལ་སོགས་པའི་སྟོང་པ་ཉིད་ལྔར་གསུངས་པ་དང་། དབང་པོ་ལྔ་ཞེས་གསུངས་པ་ལ་སྐྱེ་མཆེད་ལྔར་གསུངས་པས་དཔྱད་པར་བྱ་དགོས་སོ། །གཉིས་པ་ནི། དེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་དེ་ཡང་གྲངས་ཀྱི་རིམ་པ་ཇི་ཙམ་ཞིག་ཐོབ་ཅེ་ན། ཡེ་ཤེས་སོགས་རྐང་པ་གཉིས་འོག་ནས་བླངས་ཏེ་བཤད་པར་བྱའོ། །ཡེ་ཤེས་ཀྱི་སྐུ་དེ་ལ་གྲངས་ཀྱི་རིམ་པ་འདི་ཙམ་ཞེས་མཐའ་གཅིག་ཏུ་ངེས་བཟུང་མེད་མོད་ཀྱི། ཡེ་ཤེས་ཐམས་ཅད་ཀྱང་རིགས་བསྡུ་ན་ལྔའི་རིམ་པར་འདུས་ཏེ། སྔ་མ་གཞི་དུས་ཀྱི་སྦྱང་གཞི་ཕུང་པོ་ལྔ་དག་པའི་རིམ་པ་དང་མཚུངས་པར་ཐོབ་པས་སོ། །དེ་ཡང་། གཟུགས་ཕུང་མེ་ལོང་ལྟ་བུའི་ཡེ་ཤེས་ཚོར་ཕུང་མཉམ་ཉིད་ཡེ་ཤེས་འདུ་ཤེས་ཀྱི་ཕུང་པོ་སོར་རྟོག་ཡེ་ཤེས་འདུ་བྱེད་ཀྱི་ཕུང་པོ་བྱ་གྲུབ་ཡེ་ཤེས་རྣམ་ཤེས་ཀྱི་ཕུང་པོ་ཆོས་དབྱིངས་ཡེ་ཤེས་ཡིན་ཏེ། མཆོག་མི་འགྱུར་དུ་རྩ་རྒྱུད་ཀྱི་ལུང་དྲངས་པ་ལས། སྟོང་པ་ལ་ནི་དངོས་པོའི་ཚོགས། བརྟགས་པའི་གཟུགས་སྤངས་བེམས་པོ་མིན། །འདི་ནི་མཐོང་སྟེ་མེ་ལོང་ལ། །པྲ་ཕབ་གཞོན་ནུ་མ་ཡིས་བཞིན། །ཞེས་པ་ནི་འཇིག་རྟེན་ལས་འདས་པའི་བདེན་པ་ལ་གཟུགས་ཀྱི་ཕུང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དངོས་ཀུན་མཉམ་པ་ཉིད་གྱུར་ནས། དངོས་པོ་གཅིག་ཏུ་མི་འགྱུར་གནས། །མི་འགྱུར་ཡེ་ཤེས་ལས་བྱུང་བ། །ཆད་པ་མ་ཡིན་རྟག་པའང་མིན། །ཞེས་པ་ནི། ཚོར་བའི་ཕུང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མིང་གི་བདག་ཉིད་ཡི་གེ་ཀུན། །ཨ་ཡིག་རིགས་ལས་ཡང་དག་འབྱུང་། །མི་འགྱུར་ཆེན་པོའི་གནས་ཐོབ་པ། །མིང་མེད་མིང་ཅན་དག་ཀྱང་མེད། །ཅེས་པ་ནི་འདུ་ཤེས་ཀྱི་ཕུང་པོ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །སྐྱེས་པ་མ་ཡིན་པ་ཡི་ཆོས། །འདུ་བྱེད་བྲལ་བ་རྣམས་ལ་ཡང་། །སངས་རྒྱས་ཉིད་མེད་བྱང་ཆུབ་མེད། །སེམས་ཅན་མེད་ཅིང་སྲོག་ཉིད་མེད། །ཅེས་པ་ནི་འདུ་བྱེད་ཀྱི་ཕུང་པོ་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། ཡེ་ཤེས་དག་པ་གོས་པ་མེད། །རང་བཞིན་འོད་གསལ་ཆོས་རྣམས་ནི། །ཆོས་ཀྱི་དབྱིངས་ཀྱི་བགྲོད་པར་གནས། །ཤེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །ཞེས་འབྱུང་བས་སོ། །རང་འགྲེལ་དུ་དྲངས་པའི། སྟོང་པའི་དངོས་པོ་དངོས་འདི་ལ། །ཞེས་སོགས་རྩ་འགྱུར་ཏེ། ཅུང་ཟད་འགྱུར་གྱོང་བར་སྣང་བས་འདིར་ཤོང་འགྱུར་བྲིས་པའོ། །གསུམ་པ་འཇུག་བསྡུ་བ་ནི། རྩ་རླུང་སོགས་རྐང་པ་གསུམ་སྟེ། ལེའུ་འདིར་བཤད་པའི་ལམ་གྱི་རིམ་པ་འདི་ནི། རྣལ་འབྱོར་ཡན་ལག་དྲུག་ཉམས་སུ་བླངས་པས་ལམ་ལྔ་བགྲོད་པའི་རིམ་པ་སྟེ། དེ་ཡང་སྔར་བཤད་པའི་རྩ་དང་རླུང་དང་ཐིག་ལེ་སྟེ་རྣམ་པ་གསུམ་ནི་གཞི་དུས་ཀྱི་སྐུ་གསུམ་དུ་བཞུགས་པས་སྒྲིབ་པ་དང་བཅས་པའི་ཕྱིར། །དེའི་བྱེད་པ་མ་བཅིངས་ན་འཁོར་བར་འཁོར་ལ། བྱེད་པ་བཅིངས་ན་མྱང་འདས་འགྲུབ་པར་བྱེད་དོ། །བྱེད་པ་འཆིང་པའི་ཐབས་ཀྱང་། རྩ་དག་པར་བྱེད་པ་སོར་བསམ་རླུང་དག་པར་བྱེད་པ་སྲོག་འཛིན་ཐིག་ལེ་དག་པར་བྱེད་པ་རྗེས་ཏིང་སྟེ་རྡོ་རྗེ་རྣམ་པ་གསུམ་གྱི་ཉམས་ལེན་སྦྱོར་བ་ཡན་ལག་དྲུག་ནི་སློབ་པའི་ལམ་སྟེ། གོང་དུ་རྒྱས་པར་བཤད་པ་ལྟར་རོ། །དེ་མཐར་ཕྱིན་པའི་འབྲས་བུ་ནི་སངས་རྒྱས་ཀྱི་ས་ཏེ། རྩ་འཆིང་བྱེད་སོར་བསམ་གྱིས་མ་དག་པའི་ལུས་ཀྱི་བྱེད་པ་བཅིངས་པ་ལས་སྐུ་རྡོ་རྗེ་མངོན་དུ་འགྱུར་བར་བྱེད། རླུང་འཆིང་བྱེད་སྲོག་འཛིན་གྱིས་མ་དག་པའི་ངག་གི་བྱེད་པ་བཅིངས་བ་ལས་གསུང་རྡོ་རྗེ་མངོན་དུ་འགྱུར་བར་བྱེད། ཐིག་ལེ་འཆིང་བྱེད་རྗེས་ཏིང་གིས་མ་དག་པའི་སེམས་དང་ཡེ་ཤེས་ཀྱི་བྱེད་པ་བཅིངས་པ་ལས་ཐུགས་རྡོ་རྗེ་དང་ཡེ་ཤེས་རྡོ་རྗེ་བསྒྲུབ་པར་བྱེད་པས་སོ། །དེའི་ཤེས་བྱེད་དུ་དྲངས་པའི་འགྲེལ་ཆེན་གྱི་ལུང་དེ་ནི། རྣམ་གཉིས་འགྱུར་ལས། མཚན་མ་ཡང་རྣམ་པ་གསུམ་སྟེ་དང་པོའི་མཚན་མ་དང་བར་མའི་མཚན་མ་དང་མཐའ་མའི་མཚན་མའོ། །དང་པོའི་མཚན་མ་ནི་དུ་བ་ལ་སོགས་པའི་ལམ་སྦྱོར་བ་ཡན་ལག་དྲུག་གིས་གཟུགས་རྫོགས་ནས་འགྱུར་བ་མེད་པའི་སྐད་ཅིག་ཐོབ་པའོ། །བར་མའི་མཚན་མ་ནི་མཆོག་ཏུ་མི་འགྱུར་པའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ས་དང་པོ་ཐོབ་པ་དང་མངོན་པར་ཤེས་པ་ལྔ་དང་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་དང་འཇིག་རྟེན་པའི་དངོས་གྲུབ་ཐོབ་པའོ། །མཐའ་མའི་མཚན་མ་ནི་སངས་རྒྱས་ཉིད་དང་རྡོ་རྗེ་འཆང་ཉིད་དེ་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་ས་བཅུ་གཉིས་པ་ཐོབ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །ཞེས་འབྱུང་བས། དང་པོའི་མཚན་མ་ནི་ཚོགས་སྦྱོར་དང་བར་མའི་མཚན་མ་ནི་མཐོང་སྒོམ་དང་མཐའ་མའི་མཚན་མ་ནི་མི་སློབ་ལམ་མོ། །དེ་ཡང་། དང་པོའི་མཚན་མ་རུ་སོགས་རྟགས་བཅུ་རྫོགས་པས་འགྱུར་མེད་བདེ་བའི་སྐད་ཅིག་ཐོབ་ཅེས་པ་མཐོང་ལམ་ལ་སྦྱོར་བའི་དོན་ཏེ། རྒྱལ་མཚན་རྩ་བཞི་དག་པས་མཐོང་ལམ་ལ་སྦྱོར་བར་གསུངས་པས་སོ། །བར་མའི་མཚན་མ་གསང་བར་དུས་སྦྱོར་གཅིག་གི་རླུང་གི་གྲངས་དང་མཉམ་པའི་འགྱུར་མེད་བདེ་བའི་སྐད་ཅིག་སྟོང་བརྒྱད་བརྒྱས་བྱང་འཕགས་གྱིས་དང་པོ་ཐོབ་ཅིང་། མངོན་ཤེས་ལྔ་མཚན་ཉིད་པ་དང་ཟག་ཟད་རྗེས་མཐུན་པ་ཐོབ་ལ། སྔར་མ་མཐོང་བའི་དོན་ཆོས་ཉིད་ཀྱི་བདེན་པ་ཡང་དག་པར་མཐོང་བ་དང་། འོག་མིན་གྱི་མཐར་ཐུག་པའི་འཇིག་རྟེན་པའི་དངོས་གྲུབ་ཐོབ་པ་སོགས་ནས་ས་བཅུ་གཅིག་པའི་བར་ཐོབ་པའོ། །ཁ་ཅིག་རྟགས་བཅུ་མཐོང་བ་ལ་ཆོས་ཉིད་ཀྱི་བདེན་པ་མཐོང་པར་འདོད་མོད། ས་དང་པོར། མ་མཐོང་བའི་དོན་ཡང་དག་པར་མཐོང་བ་དང་། ཞེས་གསུངས་པས། སྔར་མཐོང་བའི་རྟགས་བཅུ་སོགས་མཐོང་བ་ཆོས་ཉིད་ཀྱི་བདེན་པ་མཐོང་བ་མ་ཡིན་པར་བསྟན་ནོ། །མཐའ་མའི་མཚན་མ་ནི་ཕ་རོལ་ཏུ་ཕྱིན་པར་རྫོགས་པའི་སངས་རྒྱས་སུ་བཤད་པ་དང་རྡོ་རྗེ་ཐེག་པར་རྡོ་རྗེ་འཆང་དུ་བཤད་པ་དེ་ཉིད་ཐོབ་པ་སྟེ། དེ་ནི་དུས་སྦྱོར་བཅུ་གཉིས་ཀྱི་རླུང་གི་གྲངས་དང་མཉམ་པའི་འགྱུར་མེད་བདེ་བའི་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་ས་བཅུ་གཉིས་པ་རྫོགས་པའི་སངས་རྒྱས་ཀྱི་སའམ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མཐར་ཐུག་པ་ཐོབ་པའོ། །དང་པོའི་མཚན་མ་ནི་སྒོམ་པ་གོམས་པའི་རྟགས་ཡིན་གྱི་གྲུབ་པ་ཐོབ་པའི་རྟགས་ནི་མ་ཡིན་ཏེ། ཕྱག་རྡོར་སྟོད་འགྲེལ་ལས། དང་པོར་དུ་བ་ལ་སོགས་པའི་མཚན་མ་ནི་སྒོམ་པའི་དུས་ན་རྟགས་སུ་འགྱུར་རོ། །ཁ་ཅིག་གྲུབ་པའི་དུས་ན་ཞེས་སྨྲ་བ་དེ་རྣམས་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱི་དམ་བཅའ་བ་ཉམས་པར་བྱེད་པ་སྟེ། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་པའི་བཅོམ་ལྡན་འདས་ཀྱི་བཀའ་སུན་འབྱིན་པའོ། །ཞེས་སོགས་གསུངས་པས་སོ། །རྣལ་འབྱོར་ཡན་ལག་དྲུག་པོ་འདིར་ས་དང་ལམ་གྱི་རིམ་པ་སོགས་གསུང་རབ་ཀྱི་དོན་མ་ལུས་པ་འདུས་པའི་ཚུལ་དང་ས་ལམ་གྱི་རྣམ་པར་དབྱེ་བ་དཔག་ཏུ་མེད་པ་མདོ་རྒྱུད་བསྟན་བཅོས་རྣམས་ལས་མཐའ་ཡས་པ་གསུངས་ཀྱང་འདིར་མ་བརྗོད་དེ། ཡི་གེ་མངས་བར་དོགས་པས་སོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་དོན་གྱི་རྣམ་བཤད་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་ཕྲེང་བ་ལས། ལམ་གྱི་རིམ་པ་དང་སྦྱར་བ་སྟེ་ལེའུ་བཅུ་པའི་བཤད་པའོ།། །།དེ་ལྟར་ལེའུ་བཅུ་པས་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་བའི་ས་དང་ལམ་གྱི་རིམ་པ་དང་རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་ས་ལམ་གྱི་རིམ་པ་རྣམས་བསྟན་ནས། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་སྤྲོས་པ་དང་བྲལ་བའི་དེ་ཁོ་ན་ཉིད་ལས་མ་འདས་པའི་ཕྱིར། ད་ནི་དུམ་བུ་བཅུ་གཅིག་པ་རྩ་རླུང་ཐིག་ལེ་བསྡུད་པའི་རིམ་པ་བཤད་པར་བྱ་སྟེ། དེ་ལ་ལེའུའི་འབྲེལ་ནི་རང་གི་འགྲེལ་པ་ལས། སྔར་གསུངས་པ་རྣམས་ཀྱིས་རང་བཞིན་གྱིས་རྫོགས་པའི་རིམ་པ་དང་ཆོས་མཐུན་པའི་བསྡུད་པ་གོ་བར་འགྱུར་མོད་ཀྱང་། ལུས་ཅན་རྣམས་འཆི་བའི་ལྟས་ཀྱི་རིམ་པ་ལུས་རྫོགས་པ་ཉིད་ནས་འཇིག་པའི་རིམ་པ་སྐྱེ་བ་དང་འཇིག་པའི་མི་རྟག་པ་སྒྱུ་མ་ལྟ་བུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྒྱུད་ཐམས་ཅད་ལས་གསུངས་པ་འདིར་གསལ་བར་བཤད་པར་བྱའོ། །ཞེས་གསུངས་པ་ལྟར། བཤད་ཟིན་པའི་གཞུང་རྣམས་སུ་རྫོགས་པའི་རིམ་པ་ཕྱིན་ཅི་མ་ལོག་པར་བསྟན་པས། དེ་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ལ་འཇུག་པའི་རིམ་པ་དང་མཐུན་པར་མཐར་སྟོང་པ་ཉིད་དུ་བསྡུད་པར་འགྱུར་བའི་ཚུལ་རྣམས་གོ་བར་འགྱུར་མོད་ཀྱང་། བྱེ་བྲག་ཏུ་རྩ་རླུང་ཐིག་ལེ་ལས་གྲུབ་པའི་ལུས་ཅན་རྣམས་རྩ་རླུང་སོགས་རྫོགས་མ་ཐག་པ་ན ས་འཇིག་པ་ལ་འཇུག་པར་འགྱུར་བས་སྐྱེ་འཇིག་གི་རང་བཞིན་མི་རྟག་པ་སྒྱུ་མ་ལྟ་བུ་ཡིད་ལ་ངེས་པར་བྱ་བའི་ཕྱིར་དུ། འཆི་བའི་ལྟས་ཀྱི་རིམ་པ་རྩ་རླུང་ཐིག་ལེ་ལ་སོགས་པ་རྣམས་བསྡུད་པའི་ཚུལ་རྒྱུད་སྡེ་ལས་གསུངས་པ་བཞིན་ཤེས་དགོས་པས། དེ་དག་ལེའུ་བཅུ་གཅིག་པ་འདིར་འཆད་པ་འབྲེལ་ལོ། །དེ་ལ་འཆི་བ་ཞེས་བྱ་བ་ཡང་རྣམ་པར་རྟོག་པ་ལ་སྣང་བ་ཙམ་ཡིན་གྱི། ཡང་དག་པར་ན་འཆི་བའི་སྤྲོས་པ་རང་བཞིན་གྱིས་རྣམ་པར་དག་པ་སྟེ། འཁོར་ལོ་བདེ་མཆོག་གི་རྩ་བ་དང་བཤད་པའི་རྒྱུད་རྣམས་ལས། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་གསུངས་པས་སོ། །དེའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པའི་ངོར་འཆི་བའི་སྣང་བ་འཆར་བ་དེའི་ཚེ་ན། ནཱ་རོ་པས། སྣང་བ་ཐིམ་དང་རྟོག་པ་ཐིམ། །རགས་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་ཡིས། །རང་བཞིན་གྱིས་ནི་འོད་གསལ་འབྱུང་། །ཞེས་གསུངས་པ་ལྟར། རགས་པ་ས་ཆུ་མེ་རླུང་ནམ་མཁའ་རྣམས་རིམ་པས་རྣམ་ཤེས་ལ་ཐིམ། ཕྲ་བ་སྣང་མཆེད་ཐོབ་གསུམ་འོད་གསལ་ལ་དང་རང་བཞིན་བརྒྱད་བཅུའི་རྟོག་པ་ཆོས་དབྱིངས་ལ་ཐིམ་པའི་རྗེས་སུ་སྔོན་གྱི་གོམས་པའི་དབང་ལས་ལུས་ཅན་མཐའ་དག་ལ་རང་བཞིན་གྱིས་འོད་གསལ་བ་གཞི་དུས་ཀྱི་ཆོས་སྐུ་མངོན་འགྱུར་དུ་འཆར་རོ། །དེ་ཡང་ཐིམ་རིམ་གྱི་སྐབས་སུ་སྤང་བར་བྱ་བའི་རྟོག་པ་མ་ལུས་པ་ཀུན་གཞི་ལ་བསྡུས་ཤིང་ཀུན་གཞི་འོད་གསལ་བའི་བདག་ཉིད་པས། སྤང་བྱ་མངོན་འགྱུར་བ་ས་བོན་དང་བཅས་པ་ནི་མ་སྤངས་གནས་སུ་དག་ནས། དེའི་ཚེ་སྤང་བྱའི་ལྷག་མ་ནི་གནས་ངན་ལེན་གྱི་སྒྲིབ་པ་ཞེས་བྱ་བ་རང་ངོ་མ་ཤེས་པའི་ཆ་གཅིག་པུ་སྟེ། དེ་ནི་རང་ངོ་ཤེས་པ་ཁོ་ནས་འདག་པའི་ཕྱིར། རྣལ་འབྱོར་བ་རྣམས་ལ་འཆི་བ་ཉིད་ལམ་གྱི་གྲོགས་སུ་འགྱུར་ཏེ། ཕ་དམ་པའི་ཞལ་ནས། འཆི་བ་འཆི་བ་མ་ཡིན་རྣལ་འབྱོར་པ་སངས་རྒྱ་བ་ཡིན། ཞེས་གསུངས་སོ། །དེས་ན་འཆི་བ་འོད་གསལ་དེ་ཉིད་རང་ངོ་ཤེས་ན་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡིན་པས། དེ་ལས་གཞན་དོན་དུ་གཟུགས་ཀྱི་སྐུའི་བཀོད་པ་གང་ལ་གང་འདུལ་འབད་མེད་ལྷུན་གྲུབ་ཏུ་འབྱུང་ལ། ཐ་མལ་པ་རྣམས་ཀྱིས་རང་ངོ་མ་ཤེས་པའི་དབང་གིས་ཡིད་གཡོས་ཏེ་སྲོག་གི་རླུང་འདུ་བྱེད་དང་བཅས་ནས་ལངས་པ་ལས་སྒོ་དགུ་པོ་གང་རུང་ནས་འཕོས་ཏེ་བར་དོའི་སྣང་བ་འཆར་ཞིང་སླར་ཡང་འཁོར་བར་འཁོར་རོ། །དེས་ན་རྣམ་པར་རྟོག་པ་དང་བཅས་པའི་ཚེ་འཆི་བར་སྣང་བ་ནི། འཁོར་པའི་གནས་སུ་སྲོག་གི་དབང་པོ་འགགས་ནས་རིགས་མཐུན་པའི་ལུས་འདོར་བར་བྱེད་པ་ལ་འཆི་བའི་ཐ་སྙད་དུ་བཏགས་པའོ། །ཁ་ཅིག་ལུས་སེམས་ཐ་དད་དུ་འབྲལ་བ་ལ་འཆི་བར་འདོད་མོད། གཟུགས་མེད་ཁམས་ན་ལུས་སེམས་ཐ་དད་དུ་འབྲལ་བ་མེད་པས་མ་ངེས་སོ། །སྲོག་དེ་ཡང་གང་ཞེ་ན། མཛོད་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་དང་། ཀུན་ལས་བསྡུས་ལས། སྲོག་གང་ཞེ་ན་ཁམས་གསུམ་པའི་ཚེའོ། །ཞེས་གསུངས་པས། ཕུང་པོའི་རིགས་འདྲ་གནས་པའི་རྟེན་བྱེད་པའི་ཚེ་ནི་སྲོག་གི་ངོ་བོ་ཡིན་ལ། བྱེད་ལས་ནི་དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད་པར་བཤད་ཀྱང་གཟུགས་མེད་ཁམས་སུ་ནི་མ་ངེས་སོ། །སྒྲའི་དོན་ནི། ཕུང་པོའི་རིགས་རྒྱུན་གནས་པའི་སྲོག་དང་ཟུངས་སུ་གྱུར་པས་སྲོག་སྟེ། འདིའི་གནད་བཅད་ནས་རྒྱུན་འགགས་ཏེ་རྒྱུན་ཆད་པ་ལ་སྲོག་ཆད་པར་གྲགས་པས་སོ། །དུས་ཀྱི་འཁོར་ལོ་ལས་ནི་རླུང་ལ་སྲོག་དུ་གསུངས་པ་དང་ཉོན་ཡིད་ལ་སྲོག་ཆེན་པོའི་རླུང་ཞེས་ཀྱང་བཤད་དེ། རྩའི་ནང་གི་སྲོག་དུ་གྱུར་པས་ན་སྲོག་གམ་ལུས་གནས་པའི་སྲོག་ཀྱང་དབུགས་ཉིད་ཡིན་པས་སྲོག་ཅེས་གསུངས་པར་སྣང་ཞིང་། དབུགས་ཟད་པས་འཆི་བའི་ཕྱིར་ཚེ་ཟད་མ་ཟད་ཅེས་པ་དང་ཐ་སྙད་མཐུན་ལ། དབུགས་ཆད་པ་ལ་ཤི་བར་གྲགས་པས་སྲོག་ཆད་མ་ཆད་ཅེས་པ་དང་ཡང་མཐུན་ནོ། །དྲོད་དང་རྣམ་ཤེས་ཀྱང་དབུགས་ལ་བརྟེན་པ་ལྟར་སྣང་ལ། ཚེ་གཅིག་གི་ལུས་གནས་པ་ལ་དབང་བྱེད་པས་དབང་པོའི་སྒྲ་བཤད་ཀྱང་འཇུག་པའི་ཕྱིར། མདོ་སྔགས་དགོངས་པ་མཐུན་པར་འཆད་རུང་ངོ་། །སྲོག་གི་དབང་པོ་དེ་ཡང་རིམ་གྱིས་འགག་པའི་ཚེ་ན་རྩ་རླུང་ཐིག་ལེ་རྣམས་རིམ་གྱིས་ནུས་པ་བསྡུད་ཅིང་གཅིག་ལ་གཅིག་ཐིམ་པར་འགྱུར་བས་དེ་དག་གི་ཚུལ་བཤད་པར་བྱ་སྟེ། འདི་ལ་གཉིས། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་ལ་གཉིས། དམ་བཅའ་བ་དང་། གྲུབ་པའི་རྣལ་འབྱོར་བ་ལ་ངེས་མེད་དུ་བསྟན་པའོ། །དང་པོ་ནི། དེ་ནས་སོགས་རྐང་པ་གཉིས་ཏེ། ལེའུ་བཅུ་པའི་རྗེས་དེ་ནས་ཐ་མལ་པའི་རྡོ་རྗེའི་ལུས་ལ་རྩ་དང་རླུང་དང་ཐིག་ལེ་རྣམས་བསྡུད་པའི་རིམ་པ་འཆི་བའི་ལྟས་རྣམས་རྒྱུད་ལས་གསུངས་པ་ལྟར་འདིར་གསལ་བར་བཤད་པར་བྱའོ། །གཉིས་པ་ནི། ཡེ་ཤེས་སོགས་རྐང་པ་གཉིས་ཏེ། གནས་ལུགས་མངོན་སུམ་ཏུ་མཐོང་བའི་ཡེ་ཤེས་ཀྱི་རྣལ་འབྱོར་གྲུབ་པ་རྣམས་ཀྱི་འཆི་འཕོ་བའི་རིམ་པ་ནི་ངེས་པ་མེད་དེ། སེམས་ལ་དབང་ཐོབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པོ། དེས་ན་དེ་དག་གི་ཚུལ་འདིར་དངོས་སུ་མི་འཆད་ཅིང་ཁམས་དྲུག་ལྡན་ཐ་མལ་པ་རྣམས་ཀྱི་བསྡུད་རིམ་འཆད་པར་མཛད་དོ། །གཉིས་པ་རྒྱས་བཤད་ལ་བཞི། རྩ་བསྡུད་པའི་རིམ་པ། རླུང་གི་འཆི་ལྟས། ཐིག་ལེ་འགག་པའི་རིམ་པ། ཞར་ལ་གང་དུ་འཕོ་བའི་ངེས་པའོ། །དང་པོ་ལ་གསུམ། རྩ་ཕལ་པ་བསྡུད་པའི་ཚུལ། འཁོར་ལོ་བཅོ་བརྒྱད་བསྡུད་པའི་རིམ་པ། རྩ་ཉི་ཤུ་རྩ་བཞི་པོ་བསྡུད་པའི་ཚུལ་ལོ། །དང་པོ་ལ་གཉིས། རགས་པ་ཙམ་བཤད་པ་དང་། ཞིབ་ཏུ་བཤད་པའོ། །དང་པོ་ནི། ཐ་མལ་ཞེས་སོགས་རྐང་པས་དམན་པའི་ཚིགས་བཅད་གཉིས་ཏེ། ཐ་མལ་པའི་རྡོ་རྗེའི་ལུས་འདི་ལ་མངལ་དུ་ཞག་བདུན་ཕྲག་བཞི་སོང་རྗེས་རྩ་རྣམས་ཀྱི་དང་པོ་དབུ་མ་སྐྱེས་པ་ནས་ལོ་གཅིག་གི་བར་དུ་ནི་རྩ་ཁམས་ཐམས་ཅད་བསྐྱེད་པར་བྱེད་པ་སྟེ། ཕྱིར་བཙས་ནས་ཟླ་བ་གསུམ་པ་ན་རྩ་ཐམས་ཅད་རྫོགས་པའི་ཕྱིར་རོ། །དེའི་ཕྱི་དེ་ཉིན་ཟླ་བ་བཞི་པའི་ཞག་དང་པོ་ནས་ཞག་རེ་བཞིན་ཐབས་ཤེས་ཀྱི་རྩ་གཉིས་གཉིས་ཀྱི་ནུས་པ་སྐམས་པར་དུས་འཁོར་དུ་བཤད་པ་ཡིན་པས་ལོ་བརྒྱ་རྫོགས་པ་ན་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་བསྡུད་པར་འགྱུར་བ་ནི་རགས་པའི་རིམ་པ་བརྗོད་པའོ། །གཉིས་པ་ནི། ཞིབ་པར་སོགས་ཚིག་རྐང་ལྔ་སྟེ། དུས་འཁོར་ལས་གསུངས་པའི་རིམ་པས་ཞིབ་པར་བརྩིས་ན་ལོ་ནི་དགུ་བཅུ་རྩ་དྲུག་དང་ཟླ་བ་ཕྱེད་དང་བཅུ་གཅིག་གི་བར་ལ་ཕྲ་བའི་རྩ་ཀུན་ཉིན་ཞག་རེ་ལ་རྩ་གཉིས་གཉིས་བསྡུད་པ་སྟེ་དེ་ལྟར་ན་རྩ་ཕྲ་མོ་དྲུག་ཁྲི་དགུ་སྟོང་བདུན་བརྒྱ་དང་ལྔ་བཅུ་བསྡུད་པར་འགྱུར་རོ། །དེའི་ལྷག་མ་རྩ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་ལུས་པ་ནི་ལོ་གསུམ་ཕྱོགས་གསུམ་པོའི་ནང་དུ་བསྡུད་ཚུལ་འོག་ནས་འཆད་དོ། །གཉིས་པ་འཁོར་ལོ་བཅོ་བརྒྱད་བསྡུད་པའི་རིམ་པ་ལ་གསུམ། ཉིས་སྟོང་ཉི་བརྒྱ་ལྔ་བཅུ་སྤྱིའི་དོན་དང་། འཁོར་ལོ་རྣམས་བསྡུད་ཚུལ་རྒྱས་པར་བཤད་པ། དེའི་དོན་བསྡུ་བའོ། །དང་པོ་ནི། དེ་འོག་ཅེས་སོགས་ཚིག་རྐང་གཉིས་ཏེ། རྩ་ཕྲ་མོ་རྣམས་བསྡུས་ཟིན་པ་དེའི་འོག་ཏུ་ལོ་གསུམ་དང་ཕྱོགས་གསུམ་ལ་རྩ་ཆེན་པོ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་བསྡུད་དོ། །འདི་ནི་འཁོར་ལོའི་རྩ་དང་རྩ་ཆེན་ཉེར་བཞིའི་སྤྱིའི་དོན་ཏེ། དེ་ཡང་ལས་རླུང་རྒྱུ་བའི་རྩ་ནི་སྤྱི་བོར་བཅུ་བཞི། མགྲིན་པར་ཉེར་བརྒྱད། སྙིང་གར་བརྒྱད། ལྟེ་བར་དྲུག་བཅུ་སྟེ། འཁོར་ལོ་བཞི་ལ་བརྒྱ་དང་བཅུ་ཡར་མར་གྱི་རོ་རྐྱང་གི་སྣ་བཞི་བསྣན་པས་བརྒྱ་དང་བཅུ་བཞི། ཚིགས་ཆེན་དང་ཚིགས་ཕྲན་གྱི་འཁོར་ལོའི་རྩ་བདུན་བརྒྱ་ཉི་ཤུ། རྩ་ཉི་ཤུ་རྩ་བཞི་པོ་ལ་དྲུག་བཅུ་དྲུག་བཅུ་ཕྱེ་བའི་ཐོག་ནས་དབུ་མའི་ཆ་ཉེར་བཞི་མ་གཏོགས་པའི་རྩ་སྟོང་དང་བཞི་བརྒྱ་བཅུ་དྲུག་རྣམས་བསྡོམས་པས་ཉི་སྟོང་ཉི་བརྒྱ་ལྔ་བཅུ་པོ་ལོ་གསུམ་ཕྱོགས་གསུམ་གྱི་ནང་དུ་བསྡུད་ཚུལ་གྱི་སྤྱིའི་དོན་ཡིན་པས་སོ། །དབུ་མའི་ཆ་རྣམས་ནི་ཞག་གཅིག་གི་ནང་དུ་བསྡུད་པར་འོག་ཏུ་འཆད་དོ། །གཉིས་པ་ནི། ཚིགས་ཆེན་སོགས་ཚིགས་བཅད་གཉིས་ཏེ། འཁོར་ལོ་ཆེ་ཆུང་རྣམས་ལས། ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོའི་རྩ་སུམ་བརྒྱ་དྲུག་བཅུ་ནི་ཞག་གསུམ་གསུམ་ན་རྩ་རེ་རེ་སྐམས་པར་འགྱུར་ལ་སོར་ཚིགས་ཀྱི་རྩ་སུམ་བརྒྱ་དྲུག་བཅུ་ཡང་དེ་དང་མཉམ་པས་ཉི་མ་སྟེ་ཞག་གསུམ་གསུམ་ལ་རེ་རེ་སྐམས་པར་འགྱུར་བའི་ཕྱིར་ལོ་གསུམ་གྱི་ནང་དུ་བསྡུད་ཅིང་། ལྟེ་བའི་ཁྱིམ་བཅུ་གཉིས་ལས་གྱེས་པའི་རྩའི་རྩེ་མོ་དྲུག་བཅུ་ནི་དུས་སྦྱོར་གྱི་རླུང་གི་ནུས་པ་དང་མཚུངས་པར་ལོ་གསུམ་གྱི་ནང་དུ་བསྡུད་ལ། སྤྱི་བོའི་ཟླ་རྐང་གི་རྩ་བཅུ་བཞི་པོ་ཕྱོགས་གཅིག་གི་ཞག་ནི་བཅོ་ལྔའི་ནང་དུ་བསྡུད་དེ། མགྲིན་པའི་རྒྱུ་སྐར་དང་མཚུངས་པའི་རྩ་ཉེར་བརྒྱད་པོ་ཕྱོགས་གཉིས་ཀྱི་ཞག་བསྡོམས་པ་ཟླ་གཅིག་གི་ནང་དུ་བསྡུད་དེ་གསང་བའི་འཁོར་ལོའི་རྩ་ཡང་མགྲིན་པ་དང་མཚུངས་པས་ལོགས་སུ་མི་བགྲང་ངོ་། །སྙིང་གའི་རྩ་བརྒྱད་པོ་མགྲིན་གསང་བསྡུད་པའི་ཟླ་བ་གཅིག་པུའི་ཞག་བརྒྱད་ཀྱི་ནང་དུ་འདོར་བས་ཞག་བརྒྱད་པོ་ཐུན་མོང་བ་ཡིན་ནོ། །གསུམ་པ་ནི། དེ་ལྟར་སོགས་ཚིག་རྐང་གཉིས་ཏེ། དེ་ལྟར་བཤད་པ་ནི་སྤྱི་བོར་རྩ་འདབ་བཅུ་དྲུག་མགྲིན་པར་སོ་གཉིས་སྙིང་གར་བརྒྱད་ལྟེ་བར་བདུན་བཅུ་རྩ་གཉིས་གསང་བར་སོ་གཉིས་ཏེ་འཁོར་ལོ་ལྔའི་རྩ་འདབ་བརྒྱ་དང་དྲུག་བཅུ། གཙུག་ཏོར་གྱི་རྩ་བཞི་དང་བཅས་པའི་དབུ་མའི་ཆ་མ་གཏོགས་པ་འགག་པའི་རིམ་པ་ཡིན་ནོ། །སོག་འགྲེལ་ལས། རྩ་བརྒྱ་དང་བཅུ་བཞི་གཙུག་ཏོར་གྱི་རྩ་བཞི་ནས་ཡིན་ནོ། །ཞེས་པར་འབྲུ་མནན་ནས། འདིར་བརྒྱ་དྲུག་བཅུ་ཞེས་པ་ནོར་བ་ཡིན་གསུང་། ཞེས་བྲིས་པ་ནི། རང་འགྲེལ་དུ་དེ་ལྟར་འཁོར་ལོ་བཞིའི་རྩ་བརྒྱ་དྲུག་བཅུ་ཞེས་ཤིན་ཏུ་བརླིང་བར་གསུངས་པའི་དབང་གིས་ཏེ། གོང་དུ་གསང་བའི་རྩ་དང་ཡང་མཚུངས་པས་ལོགས་སུ་མི་བགྲང་ངོ་། །ཞེས་སྤྱི་གསང་ཟླ་གཅིག་གི་ནང་དུ་བསྡུད་པར་མཚུངས་པས་གསང་འཁོར་བསྡུད་ཚུལ་འཁོར་ལོ་བཞི་ལས་ལོགས་སུ་མི་དགོས་ཤིང་། གཙུག་ཏོར་གྱི་རྩ་བཞི་པོ་དམིགས་ཀྱིས་བསལ་བས་འོག་ཏུ་འཁོར་ལོ་བཞིའི་རྩ་ཞེས་གསུངས་ཀྱང་རྩ་འདབ་རྒྱ་དྲུག་བཅུ་འདྲེན་པའི་ཚེ་འཁོར་ལོ་དྲུག་ཀའི་དབུ་མའི་ཆ་མ་གཏོགས་པ་རྣམས་དང་རོ་རྐྱང་གི་སྣ་མོ་བཞི་འདྲེན་དགོས་ཤིང་། ལྟེ་བར་ཡང་དོན་གཉིས་འདྲེན་ལ། རྩ་བརྒྱ་དང་བཅུ་བཞི་འདྲེན་ཚུལ་སྤྱིའི་དོན་གྱི་སྐབས་སུ་བཤད་ཟིན་པ་ལྟར་གསང་གཙུག་མི་གཏོགས་ཤིང་ལྟེ་བར་དྲུག་བཅུ་འདྲེན་པས། ལུགས་གཉིས་པོ་མ་འདྲེས་པར་འཆད་དགོས་སོ། །དེས་ན་འདིའི་ཐད་ཀྱི་རྩ་འགྲེལ་གཉིས་ཀ་ལ་ནོར་འཁྲུལ་མི་འདུག་གོ །གསུམ་པ་རྩ་ཉི་ཤུ་རྩ་བཞི་བསྡུད་ཚུལ་ལ་གཉིས། དངོས་དང་། ཐུན་མོང་གི་བསྡུ་བའོ། །དང་པོ་ནི། རྩ་ཉེར་བཞི་པོ་བསྡུད་རིམ་དུས་འཁོར་ལས་ཞིབ་ཏུ་མ་བཤད་ཀྱང་རྒྱུད་ཕན་ཚུན་དགོངས་པ་གཅིག་པས་གསང་འདུས་ལས་གསུངས་པ་དང་བསྟུན་ནས་བཤད་ན། རྩ་ནི་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། མི་ཕྱེད་མ་ལ་སོགས་པའི་རྩ་ནི་ཉི་ཤུ་རྩ་བཞི་པོ་རེ་རེ་ལ་ཡང་རྩ་ཆེན་དྲུག་བཅུ་དྲུག་བཅུ་རེ་ཡོད་དེ། དེ་རྣམས་ལས་དབུ་མའི་ཆ་མ་གཏོགས་པ་ལྟེ་བའི་འཁོར་ལོ་དང་མཚུངས་པར་ལོ་གསུམ་ཕྱོགས་གསུམ་གྱི་ནང་དུ་བསྡུད་དགོས་པས། རྩ་ཉི་ཤུ་རྩ་བཞི་ལ་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོས་དབྱེ་བའི་རྩ་བ་དོན་གཉིས་པོ་མ་གཏོགས་གཞན་རྣམས་ལོ་གསུམ་གྱི་ནང་དུ་བསྡུད། བདུན་བཅུ་རྩ་གཉིས་པོའི་དཀར་དམར་གྱི་ཆ་ཞེ་བརྒྱད་པོ་ཕྱོགས་གསུམ་གྱི་ནང་དུ་བསྡུད་པ་ཡིན་ཅིང་། དབུ་མའི་ཆ་ཉེར་བཞི་པོ་ཞག་གཅིག་ལ་བསྡུད་དོ། །གཉིས་པ་ནི། དེ་ལྟར་སོགས་ཚིག་རྐང་གསུམ་སྟེ། བཤད་པ་དེ་ལྟར་དབུ་མའི་ཆ་མ་གཏོགས་པ་འཁོར་ལོའི་རྩ་དང་རྩ་ཆེན་པོ་ཉེར་བཞི་ལས་ཕྱེ་བ་རྣམས་སྐམས་ཏེ་རླུང་དང་བྱང་སེམས་རྣམས་མི་རྒྱུ་བ་དེ་ནས་ཞག་གཅིག་ནས་འཇིག་རྟེན་ཕྱི་མར་འཕོ་བའོ། །ཞག་གཅིག་པོ་དེར་ནི་དབུ་མའི་ཆར་གྱུར་པའི་རྩ་རྣམས་སུ་མུན་པ་ཆེན་པོའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུས་ཏེ་མཐར་དབུ་མའི་རྩ་སྤྱི་བོར་གཉིས་མགྲིན་པར་བཞི་པོ་ཐབས་ཤེས་སྦྱར་བས་གཉིས་སྙིང་གའི་ཡར་མར་གྱི་རྩ་གཉིས་ལྟེ་བའི་བཞི་ཚངས་བུག་དང་དུང་ཅན་གྱི་རྩ་སྟེ་འཁོར་ལོ་སོ་སོའི་དབུ་མའི་འཕོ་བའི་རྩ་བཅུ་གཉིས་རྩ་ཆེན་ཉེར་བཞིའི་དབུ་མའི་ཆ་སྟེ་རྩ་ཆེན་པོ་སུམ་བཅུ་སོ་དྲུག་ཕྲན་དང་བཅས་པ་ཞག་གཅིག་པོ་དེ་ལ་སྐམས་པར་འགྱུར་རོ། །གཉིས་པ་རླུང་གི་འཆི་ལྟས་ལ་ལྔ། སྤྱིར་རླུང་བཅུ་བསྡུད་པའི་རིམ་པ། དབུ་མའི་དུས་དང་དུས་མ་ཡིན་པར་འཆི་ལྟས། གཡས་པ་ཉི་མའི་འཆི་ལྟས། གཡོན་པ་ཟླ་བའི་འཆི་ལྟས། དེ་དག་གི་ངེས་པ་བསྟན་པའོ། །དང་པོ་ལ་གསུམ། བསྟན། བཤད། ཁུངས་སྨོས་པས་མཇུག་བསྡུ་བའོ། །དང་པོ་ནི། རྩ་བསྡུད་རིམ་བསྟན་ནས་ད་ནི་རླུང་གི་བསྡུད་རིམ་བསྟན་པ་ནི་འཆད་དོ། །ཞེས་རྐང་པ་གཅིག་གསུངས་སོ། །གཉིས་པ་ནི། རླུང་བཅུ་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། རྩ་བ་དང་ཡན་ལག་གི་རླུང་བཅུ་པོ་རྣམས་ལུས་འགྲུབ་ཚུལ་གྱི་སྐབས་སུ་བཤད་པ་ལྟར་ཟླ་བ་རེ་རེ་ལ་རྫོགས་པས་ཟླ་བ་བཅུ་ལོན་པ་ནས་རྫོགས་ཤིང་། ཕྱིར་སྐྱེས་ནས་ཚེ་ལོ་བརྒྱ་ལོན་པའི་དུས་སུ་འཆི་བ་གང་ཡིན་པ་དེའི་རླུང་བཅུའི་ནུས་པ་རྣམས་ལོ་ནི་བཅུ་བཅུར་རིམ་པ་ལྟར་གཅིག་ལ་གཅིག་བསྡུད་པ་སྟེ། དེ་ཡང་། སྐྱེས་ནས་ལོ་བཅུ་ལོན་པའི་ཚེ་ནོར་རྒྱལ་གྱི་རླུང་གི་སྟོབས་ལྷ་སྦྱིན་གྱི་རླུང་གི་སྟོབས་དང་གཅིག་ཏུ་འགྱུར་ཞིང་། ལོ་ཉི་ཤུ་པ་ལ་དེ་དག་རྩངས་པའི་རླུང་གི་སྟོབས་སུ་འགྱུར་ལ། ལོ་སུམ་བཅུ་པ་ལ་དེ་དག་རུ་སྦལ་གྱི་རླུང་གི་སྟོབས་སུ་འགྱུར་ཏེ། བཞི་བཅུ་པ་ལ་ཀླུའི་རླུང་དང་སྟོབས་གཅིག་ཏུ་འགྱུར་རོ། །དེ་ལྟར་ཡན་ལག་གི་རླུང་ལྔའི་ནུས་པ་གཅིག་ལ་གཅིག་ཐིམ་པས་མིག་ལ་སོགས་པའི་དབང་བོ་རྣམས་ཉམས་ཤིང་ལུས་ཀྱི་རྩལ་ཡང་ཅུང་ཟད་འཆོར་རོ། །ལྔ་བཅུ་པ་ལ་དེ་དག་ཁྱབ་བྱེད་ཀྱི་རླུང་དང་སྟོབས་གཅིག་ཏུ་འགྱུར་ཏེ། དྲུག་བཅུ་པ་ལ་མཉམ་གནས་དང་སྟོབས་གཅིག་ཏུ་འགྱུར་ཞིང་། བདུན་བཅུ་པ་ལ་གྱེན་རྒྱུ་དང་སྟོབས་གཅིག་ཏུ་འགྱུར་ལ། བརྒྱད་བཅུ་པ་ལ་ཐུར་སེལ་དང་སྟོབས་གཅིག་ཏུ་གྱུར་ནས། དགུ་བཅུ་པ་ལ་རླུང་ཐམས་ཅད་ཀྱི་ནུས་པ་སྲོག་རླུང་གི་སྟོབས་སུ་འགྱུར་རོ། །དེ་ཡང་རླུང་སྔ་མའི་ནུས་པ་ཅུང་ཟད་ཉམས་ནས་ཕྱི་མའི་སྟོབས་འཕེལ་བར་འགྱུར་བའི་དོན་ཡིན་གྱི་སྔ་མའི་ནུས་པ་གཏན་མེད་དུ་འགྱུར་བ་ནི་མ་ཡིན་ནོ། །གསུམ་པ་ནི། སྟོབས་རྣམས་སོགས་རྐང་པ་གཉིས་ཏེ། དེ་ལྟར་རླུང་བཅུའི་སྟོབས་རྣམས་གཅིག་ལ་གཅིག་ཐིམ་པར་འགྱུར་རོ་ཞེས་རྒྱུད་རྡོ་རྗེ་ཕྲེང་བར་གསུངས་པའི་ལུང་ནི་ལེའུ་བཞི་པར་དྲངས་ཟིན་ཏོ། གཉིས་པ་དབུ་མའི་དུས་དང་དུས་མ་ཡིན་པའི་འཆི་ལྟས་ལ་གཉིས། འཕེལ་བའི་རིམ་པ་དང་། ལོ་གསུམ་ཕྱོགས་གསུམ་གྱི་འཆི་ལྟས་དངོས་སོ། །དང་པོ་ལ་བཞི། ཁུངས་སྨོས་པས་བསྟན་པ། རླུང་བཅུ་མ་ཉམས་ཤིང་མཉམ་པའི་དུས། འཆི་ལྟས་འཕེལ་ཚུལ་རྒྱས་བཤད། འཕོ་བའི་ངེས་པ་དངོས་སོ། །དང་པོ་ནི། དབུ་མའི་འཆི་ལྟས་ཀྱི་རིམ་པ་ནི་རྒྱས་པར་དུས་ཀྱི་འཁོར་ལོའི་ནང་ལེ་ལས་འབྱུང་བ་དང་མཐུན་པར་འཆད་དོ་ཞེས་རྐང་པ་གཅིག་གསུངས་སོ། །གཉིས་པ་ནི། སྐྱེས་བུ་སོགས་ཚིག་རྐང་གསུམ་སྟེ། ཁམས་དྲུག་ལྡན་གྱི་སྐྱེས་བུ་ཚེ་ལོ་བརྒྱ་པ་གང་ཡིན་པ་དེ་ནི་མངལ་དུ་རྩ་དབུ་མ་སྐྱེས་པ་ནས་བཟུང་སྟེ་ལོ་གཅིག་ལོན་པ་བཙས་ནས་ཟླ་བ་གསུམ་རྫོགས་ཀྱི་བར་དུ་རླུང་བཅུ་པོ་རིམ་གྱིས་རྫོགས་པར་འགྱུར་བས། བཅུ་ཀ་རྫོགས་མ་ཐག་པའི་ཚེ་དུས་སྦྱོར་བཅུ་གཉིས་ཀྱི་རླུང་རྣམས་ཕན་ཚུན་མང་ཉུང་མེད་པར་གྲངས་ཀུན་མཉམ་པར་དུས་སྦྱོར་རེ་ལ་སྟོང་བརྒྱད་བརྒྱ་རེ་རྒྱུ་སྟེ། ཆད་ལྷག་མེད་དོ། །གསུམ་པ་ལ་བཞི། འཆི་ལྟས་དབུགས་སུ་འཕེལ་བའི་ཚུལ། དེ་ཆུ་སྲང་དུ། དེ་ཆུ་ཚོད་དུ། འཆི་ལྟས་ཞག་གྲངས་སུ་འཕེལ་ཚུལ་ལོ། །དང་པོ་ནི། དེ་ནས་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། རླུང་བཅུ་རྫོགས་རྫོགས་ཀྱི་བར་ལོ་གཅིག་གམ་བགྲོད་པ་གཉིས་སོང་བའི་རྗེས་དེ་ནས་བགྲོད་པ་གསུམ་པའི་ཟླ་བ་དྲུག་གི་རིང་ཆ་ཤས་རེ་རེ་འཕེལ་བས་ནམ་མཁའི་རླུང་གི་མཚམས་སུ་རླུང་གཅིག་རྒྱུ་བ་འཕེལ་ཏེ་དུས་སྦྱོར་གཞན་རྣམས་དང་མི་མཉམ་པར་སུམ་བརྒྱ་དང་དྲུག་བཅུ་རྩ་གཅིག་རྒྱུ་ཞིང་། །བགྲོད་པ་བཞི་པའི་ཟླ་བ་དྲུག་ལ་འཕེལ་འགྲིབ་མེད་དོ། །དེ་ནི་རྩ་དབུ་མ་སྐྱེས་པ་ལ་ལྟོས་པའི་ལོ་གཉིས་པ་ཡིན་ཀྱང་། བཙས་ནས་འཆི་ལྟས་འཕེལ་བ་ལ་ལྟོས་པའི་ལོ་དང་པོ་ཡིན་ནོ། །ལོ་གཉིས་པའི་བགྲོད་པ་དང་པོའི་ཟླ་བ་དྲུག་གི་རིང་ལ་ཆ་ཤས་རེ་རེ་འཕེལ་བས་སྣ་གཡས་པར་ས་རླུང་དུ་རླུང་གཉིས་རྒྱུ་བ་འཕེལ་ཏེ་སུམ་བརྒྱ་དང་དྲུག་བཅུ་རྩ་གཉིས་རྒྱུ་བ་ཡིན་ནོ། །ལོ་གསུམ་པ་ལ་སྣ་གཡོན་དུ་མཁའ་རླུང་དུ་དབུགས་གསུམ་འཕེལ། བཞི་པ་ལ་གཡས་སུ་ས་རླུང་དུ་དབུགས་བཞི། ལྔ་པ་ལ་གཡོན་དུ་མཁའ་རླུང་དུ་དབུགས་ལྔ། ལོ་དྲུག་པ་ལ་ཟླ་བ་ཕྱེད་དང་གཉིས་ཀྱི་མ་ཚང་བའི་མཚམས་སུ་སྣ་གཡས་པར་ས་རླུང་དུ་དབུགས་དྲུག་འཕེལ་བས་སུམ་བརྒྱ་དང་དྲུག་བཅུ་རྩ་དྲུག་རྒྱུའོ། །གཉིས་པ་ནི། དེ་ལྟར་སོགས་ཚིག་རྐང་ལྔ་སྟེ། བཤད་པ་དེ་ལྟར་སྣ་གཡས་གཡོན་རེ་མོས་ཀྱིས་ལོ་རེ་རེ་ལ་དབུགས་ཀྱི་རྒྱུ་བ་རེ་རེ་འཕེལ་ནས་ཕྱོགས་གསུམ་སྟེ་ཟླ་བ་ཕྱེད་དང་གཉིས་ཀྱིས་མ་ཚང་བའི་ལོ་བདུན་ན་ཆུ་སྲང་གཅིག་འཕེལ་བར་འགྱུར་རོ། །དེ་ནས་ནི་སྣ་གཡོན་པ་དང་སྣ་གཡས་སུ་རེ་མོས་ཀྱིས་རིམ་པ་བཞིན་དུ་ལོ་རེ་ལ་ཆུ་སྲང་རེ་རེ་འཕེལ་བར་འགྱུར་བས། ལོ་བརྒྱད་པ་ལ་སྣ་གཡོན་པའི་མཁའ་རླུང་དུ་ཆུ་སྲང་གཉིས་འཕེལ་བས་སུམ་བརྒྱ་དང་དོན་གཉིས་རྒྱུ་ཞིང་། ལོ་དགུ་པ་ལ་གཡས་པའི་ས་རླུང་དུ་ཆུ་སྲང་གསུམ། བཅུ་པ་ལ་གཡོན་པའི་མཁའ་རླུང་དུ་ཆུ་སྲང་བཞི་འཕེལ་བས་སུམ་བརྒྱ་དང་བརྒྱད་བཅུ་རྩ་བཞི་རྒྱུའོ། །གསུམ་པ་ནི། དེ་ལྟར་ལོ་དྲུག་བཅུའི་བར་དུ་ལོ་རེ་ལ་ཆུ་སྲང་རེ་རེ་འཕེལ་བས་ལོ་དྲུག་བཅུ་རྩ་བདུན་ལོན་ནས་ནི་ཆུ་ཚོད་གཅིག་འཕེལ་བར་འགྱུར་ཏེ་སྣ་གཡོན་ནས་མཁའ་རླུང་བཞི་བརྒྱ་དང་ཉི་ཤུ་རྒྱུའོ། །ཞེས་རྐང་པ་གཉིས་གསུངས་སོ། །བཞི་པ་ནི། དེ་ནས་སོགས་རྐང་པས་དམན་པའི་ཚིགས་བཅད་གཉིས་ཏེ། དེའི་རྗེས་ནས་བགྲོད་པ་རེ་རེ་བཞིན་ཆུ་ཚོད་རེ་འཕེལ་བས་ལོ་ནི་སུམ་བཅུའི་བར་བགྲོད་པ་རེ་རེ་ལ་དབྱུག་གུ་རེ་རེ་འཕེལ་བ་རིམ་པ་བཞིན་སྣ་གཡོན་པར་མཁའ་རླུང་དང་གཡས་པར་ས་རླུང་གི་གནས་དེར་རེ་མོས་ཀྱིས་འབྱུང་བ་བསགས་པས་ལོ་དགུ་བཅུ་གོ་དྲུག་དང་ཟླ་བ་ནི་ཕྱེད་དང་བཅུ་གཅིག་ལོན་ནས་སྣ་གཡོན་དུ་ནི་ནམ་མཁའི་རླུང་གི་རང་བཞིན་ཞག་གཅིག་ཏུ་འཕེལ་བས་འཆི་ལྟས་ཀྱི་རླུང་རྒྱུ་བར་འགྱུར་རོ། །འདི་ནི་དཀྱིལ་འཁོར་ལྔའི་ནང་ཚན་གྱི་མཁའ་རླུང་ཡིན་གྱི། ནམ་མཁའི་མགོན་པོ་དང་ནོར་བར་མི་བྱའོ། །བཞི་པ་འཕོ་བའི་ངེས་པ་དངོས་ནི། དེ་ནས་སོགས་རྐང་པ་གཉིས་ཏེ། ལོ་གོ་བདུན་དུ་ཟླ་བ་ཕྱེད་དང་གཉིས་ཀྱིས་མ་ཚང་པའི་མཚམས་སུ་གཡོན་པར་མཁའ་རླུང་ཞག་གཅིག་འཕེལ་བ་དེ་ནས་ལོ་གསུམ་དང་ཕྱོགས་གསུམ་ན་སྲིད་པ་གཞན་དུ་འཕོ་བར་འགྱུར་བས་ན། སྔ་མ་དང་བསྡོམས་པས་ལོ་བརྒྱ་ཐམ་པ་རྫོགས་པ་ཡིན་ནོ། །གཉིས་པ་ལོ་གསུམ་ཕྱོགས་གསུམ་གྱི་འཆི་ལྟས་དངོས་ལ་བཞི། མཚམས་སྦྱར་བ། བསྟན། བཤད། བསྡུ་བའོ། །དང་པོ་ནི། ལོ་གོ་བདུན་ཅུང་མེད་ཀྱི་རིང་ལ་འཆི་ལྟས་འཕེལ་ཚུལ་བཤད་ནས། ད་ནི་ལོ་གསུམ་ཕྱོགས་གསུམ་གྱི་ནང་དུ་དབུ་མའི་འཆི་ལྟས་འཕེལ་བའི་ངེས་པ་ནི་བཤད་པར་བྱའོ་ཞེས་ཚིག་རྐང་གཉིས་ཀྱིས་མཚམས་སྦྱར་ཏེ། གཉིས་པ་ནི། ཟླ་བ་སོགས་ཚིགས་བཅད་གཅིག་སྟེ། ལོ་གསུམ་ཕྱོགས་གསུམ་གྱི་ཟླ་བའི་གྲངས་སུམ་བཅུ་སོ་བདུན་ཕྱེད་བཅས་ཏེ་ཕྱེད་དང་སོ་བརྒྱད་ཡོད་པ་ལ། འཆི་ལྟས་དངོས་ཞག་གི་འཕེལ་བ་ནི་ཞག་སོ་གསུམ་འཕེལ་བ་ཡིན་ཅིང་། ཇི་ལྟར་འཕེལ་བའི་ཚུལ་ནི་ཟླ་བ་ཕྱེད་དང་སོ་ལྔའི་རིང་ལ་འཆི་ལྟས་ཞག་སུམ་བཅུའི་བར་དུ་རིམ་གྱིས་འཕེལ་བ་ཡིན་པས་ཞག་གི་གྲངས་སོ་བཞི་ཕྱེད་དང་བཅས་པ་ལ་སྣ་གཡས་གཡོན་རེ་མོས་ཀྱིས་འཆི་ལྟས་ཞག་རེ་རེ་འཕེལ་ཞིང་རྒྱུ་བར་འགྱུར་བས་འཆི་ལྟས་ཟླ་བ་གཅིག་འཕེལ་བ་ཡིན་ལ། ལྷག་མ་ཟླ་བ་གསུམ་ལ་འཆི་ལྟས་ཞག་གསུམ་འཕེལ་བའི་ཚུལ་ནི་འོག་ཏུ་འཆད་དོ། །གསུམ་པ་ལ་གཉིས། འཆི་ལྟས་འཕེལ་བས་ཁྱིམ་བཅུ་གཉིས་སྟོངས་བའི་ཚུལ་དང་། ཁྱིམ་སྟོངས་ནས་ཚོར་བ་གསུམ་གྱི་རླུང་ཟད་དེ་འཕོ་བའི་ངེས་པའོ། །དང་པོ་ལ་གཉིས། གཡོན་གྱི་ཁྱིམ་དྲུག་སྟོངས་ཚུལ་དང་། གཡས་ཀྱི་ཁྱིམ་དྲུག་སྟོངས་ཚུལ་ལོ། །དང་པོ་ནི། ལྟེ་བའི་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟ་བུའི་འཆི་ལྟས་ཞག་སུམ་བཅུར་འཕེལ་བ་དེ་ཡང་ཁྱིམ་བཅུ་གཉིས་ཀྱི་རྩ་དང་སྦྱར་ནས་ཅུང་ཟད་རྒྱས་པར་བཤད་ན། ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་རྩ་ལས་གྱེས་པའི་རྩའི་རྩེ་མོ་དྲུག་བཅུ་ལས། གཡོན་དུ་ལུག་འཁྲིག་སེང་སྲང་གཞུ་བུམ་སྟེ་ཁྱིམ་དྲུག་ལ་ནམ་མཁའི་རླུང་ནས་རིམ་པ་ལྟར་རླུང་མེ་ཆུ་སའི་རིམ་པས་འཆི་ལྟས་འཕེལ་བའི་ཞག་གསུམ་གསུམ་གྱིས་ནི་རྩ་དྲུག་དྲུག་སྐམས་ཤིང་གཅིག་དང་གསུམ་དང་ལྔ་སོགས་མི་མཉམ་པའི་རྒྱུ་བས་འཆི་ལྟས་འཕེལ་ལོ། །གཉིས་པ་ནི། དེ་བཞིན་སོགས་ཚིག་རྐང་གསུམ་སྟེ། གཡོན་པ་ལ་བཤད་པ་དེ་བཞིན་དུ་གཡས་ནས་གླང་ཀར་བུ་མོ་སྡིག་སྲིན་ཉ་སྟེ་ཁྱིམ་དྲུག་ལ་ས་རླུང་ནས་ཆུ་མེ་རླུང་ནམ་མཁའ་སྟེ་བསྡུད་རིམ་གྱིས་གཉིས་དང་བཞི་དང་དྲུག་ལ་སོགས་པ་མཉམ་པ་རུ་རྒྱུ་བས་འཆི་ལྟས་འཕེལ་བའི་ཞག་དྲུག་རེ་ལ་རྩ་གསུམ་རེ་འགག་ཅིང་སྐམས་པས་ཞག་བཅོ་ལྔ་འཕེལ་བ་ན་ཁྱིམ་དྲུག་གི་རྩ་སུམ་བཅུ་སྟོངས་སོ། །གཉིས་པ་ཁྱིམ་སྟོངས་ནས་ཚོར་བ་གསུམ་གྱི་རླུང་ཟད་དེ་འཕོ་བའི་ངེས་པ་ནི། དེ་རྗེས་སོགས་རྐང་པས་དམན་པའི་ཚིགས་བཅད་གཉིས་ཏེ། དེ་ལྟར་ཟླ་བ་ཕྱེད་དང་སོ་ལྔའི་བར་དུ་འཆི་ལྟས་ཟླ་བ་གཅིག་འཕེལ་བའི་རྗེས་ནས་ཟླ་བ་གསུམ་པོ་ལ་འཕེལ་ཚུལ་ནི། ཟླ་བ་དང་པོ་ལ་གཡོན་ནས་འཆི་ལྟས་ཞག་གཅིག་འཕེལ་ནས་ཞག་སོ་གཅིག་རྒྱུ་བས་བད་ཀན་གྱི་ཁམས་དང་ཟླ་བའི་རླུང་ཐམས་ཅད་ཟད་དེ་གཡོན་གྱི་ཁྱིམ་དྲུག་གི་རྩ་སྟོངས་པ་ལ་སྙིང་སྟོབས་ཟད་པར་བརྗོད་ལ། དེ་ནས་ཟླ་བ་གཉིས་པ་ལ་གཡས་སུ་འཕོས་ནས་འཆི་ལྟས་ཞག་གཉིས་འཕེལ་ཏེ་ཞག་སོ་གཉིས་རྒྱུ་པས་འཁྲིས་པའི་ཁམས་དང་ཉི་མའི་རླུང་ཐམས་ཅད་ཟད་དེ་གཡས་ཀྱི་ཁྱིམ་དྲུག་གི་རྩ་སྟོངས་པ་ལ་རྡུལ་ཟད་པར་བྱེད་ཅེས་བརྗོད་དོ། །དེ་ལྟར་ཟླ་བ་གཉིས་དང་ཞག་གསུམ་གྱིས་རྡུལ་སྟོབས་ཟད་པས་འཕོ་ཆུང་དྲུག་བཅུའི་རྩ་བར་གྱུར་པའི་རྩ་ཆེན་པོ་གཡས་གཡོན་ནས་དྲུག་དྲུག་སྟེ་འཕོ་ཆེན་ནམ་ཁྱིམ་བཅུ་གཉིས་ཀྱི་རྩ་ཆེན་བཅུ་གཉིས་འགག་པའོ། །དེའི་རྗེས་སུ་ཟླ་བ་གསུམ་པ་ལ་གཉིས་ཀ་ནས་འཆི་ལྟས་ཞག་གསུམ་འཕེལ་ནས་ཞག་སོ་གསུམ་རྒྱུ་བས་རླུང་གི་ཁམས་དང་སྒྲ་གཅན་གྱི་ཁམས་ཀུན་ཟད་པར་བྱེད་ལ། སྤྱི་བོའི་རྩ་བཅུ་བཞི་དང་མགྲིན་པའི་ཉེར་བརྒྱད་དང་སྙིང་གའི་བརྒྱད་དང་གསང་བའི་ཉེར་བརྒྱད་རྣམས་སྐམས་ཤིང་། དེ་ནས་ཕུང་ཁམས་སྐྱེ་མཆེད་རྣམས་ཡུལ་ཡུལ་ཅན་ཇི་ལྟ་བ་བཞིན་སྦྱོར་བ་མེད་པས་ཞག་གཅིག་ཏུ་མུན་པ་ཆེན་པོའི་རླུང་རྒྱུ་བས་ཡེ་ཤེས་ཀྱི་རླུང་ཟད་ནས་ཕྱི་མར་འཕོ་བར་བྱེད་པས་མུན་པ་ཟད་པར་བརྗོད་དོ། །བཞི་པ་འཇུག་བསྡུ་བ་ནི། ལོ་གསུམ་ཕྱོགས་གསུམ་གྱི་དབུ་མའི་འཆི་ལྟས་དེའི་ངེས་པ་ནི་མདོར་བསྡུ་ན་ལོ་གསུམ་ཕྱོགས་གསུམ་གྱི་ཞག་སྟོང་དང་བརྒྱ་ཉི་ཤུ་རྩ་ལྔ་པོ་ལ། སུམ་བཅུ་སོ་གཉིས་ཕྱེད་བཅས་ཀྱིས་བགོས་པའི་ཐོབ་ནོར་གྱིས་ཤེས་པ་ཡིན་ནོ། །དེ་ཡང་བགོད་བྱེད་ལ་ཕྱེད་མ་འཇུག་པའི་ཕྱིར། གཉིས་ཀྱིས་བསྒྱུར་བས་མདའ་རོ་འབྱུང་ལ། ཤེད་མཚུངས་ཀྱི་དོན་དུ་བགོ་བྱའང་གཉིས་ཀྱིས་བསྒྱུར་བས་ནམ་མཁའ་དེ་ཉིད་མིག་འབྱུང་ངོ་། །དེ་ལྟར་བསྒྱུར་བའི་བགོ་བྱ་ལ་བགོད་བྱེད་ཀྱིས་བགོས་པས། ཞག་སོ་བཞི། ཆུ་ཚོད་སོ་དྲུག །སྲང་ལྔ་བཅུ་རྩ་ལྔ། དབུགས་གཉིས། དབུགས་ཀྱི་ཕྱེད་བཅས་སོ་གཉིས་ཆ་བཅུ་ཐོབ་པ་ནི་དབུ་མའི་སྒྲ་གཅན་གྱི་འཆི་ལྟས་ཀྱི་ངེས་པ་སྟེ་སྐལ་པ་ཡིན་ལ་གཡས་གཡོན་ཉི་ཟླའི་རླུང་གཉིས་པོའི་སྐལ་པ་ལ་སོ་སོར། ཞག་ལྔ་བརྒྱ་དང་ཞེ་ལྔ། ཆུ་ཚོད་བཅུ་གཅིག སྲང་སོ་གཉིས། དབུགས་གཅིག དབུགས་ཀྱི་ཕྱེད་བཅས་སོ་གཉིས་ཆ་ཉེར་བདུན་རེ་ཡོད་པས་སོ། །ཞེས་རྐང་པ་གཉིས་གསུངས་སོ། །གསུམ་པ་གཡས་པ་ཉི་མའི་འཆི་ལྟས་ལ་གཉིས། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ནས་སོགས་ཚིག་རྐང་གཉིས་ཏེ། སྐྱེས་བུ་ཚེ་ལོ་བརྒྱ་པའི་དུས་སུ་འཆི་ཉེ་བའི་དབང་དུ་བྱས་ནས་དབུ་མའི་འཆི་ལྟས་བཤད་པའི་རྗེས་དེ་ནས་སྔོན་གྱི་ལས་ཀྱི་དབང་གིས་དུས་མ་ཡིན་པར་འཆི་བ་འབྱུང་བས། དེ་ལ་གཉིས་ཡོད་པའི་གཡས་པ་ཉི་མའི་ཁམས་ཟད་པ་ལས་བྱུང་བའི་འཆི་ལྟས་ཀྱི་ངེས་པ་འབྱུང་བའི་ཚུལ་འོག་ནས་འཆད་པ་འདི་ལྟ་སྟེའོ། །གཉིས་པ་ལ་གཉིས། འཆི་བ་བླུ་ནུས་པའི་འཆི་ལྟས་འཕེལ་ཚུལ་དང་། མི་ནུས་པའི་འཆི་ལྟས་འཕེལ་ཚུལ་ལོ། །དང་པོ་ལ་གསུམ། དུས་མཚམས། འཆི་ལྟས་ལྔ་ཚན་དུ་འཕེལ་ཚུལ། འཆི་ལྟས་ཞག་རེ་འཕེལ་བའི་ཚུལ་ལོ། །དང་པོ་ནི། གཡས་སོགས་རྐང་པ་གཉིས་ཏེ། ཉི་མའི་འཆི་ལྟས་དེ་ཡང་སྣ་གཡས་སུ་འཆི་ལྟས་ཞག་གཅིག་རྒྱུ་བ་ནི་འཆི་བ་མ་བླུས་ན་ལོ་གསུམ་ཕྱོགས་གསུམ་ན་ངེས་པར་འཆི་བའི་ལྟས་ཡིན་པས་མཚམས་ཀྱི་ངེས་པ་བཟུང་བའོ། །གཉིས་པ་ནི། ལྔ་རྒྱུ་སོགས་རྐང་པས་དམན་པའི་ཚིགས་བཅད་གཉིས་ཏེ། དེ་ནས་སྣ་བུག་གཡས་སུ་ཞག་ལྔ་རྒྱུ་བ་ན་ཚེའི་ལྷག་མ་ལོ་གསུམ་ཡིན་ཏེ། གླང་ཁྱིམ་གྱི་རྩ་ལྔ་འགགས་པའི་རྟགས་སོ། །དེ་ནས་ལོ་གཅིག་གི་བར་དུ་འཆི་ལྟས་རིམ་གྱིས་འཕེལ་ཏེ་གཡས་སུ་ཞག་བཅུ་རྒྱུ་ན་ཚེའི་ལྷག་ལོ་གཉིས་ཡིན་ཏེ་འཁྲིག་ཁྱིམ་གྱི་རྩ་ལྔ་འགགས་པའི་རྟགས་སོ། །ཡང་ལོ་གཅིག་གི་བར་དུ་འཕེལ་ནས་སྣ་གཡས་སུ་ཞག་བཅོ་ལྔ་རྒྱུ་བ་ན་ཚེའི་ལྷག་མ་ལོ་གཅིག་སྟེ་ཀརྐ་ཊའི་ཁྱིམ་གྱི་རྩ་ལྔ་འགགས་པའི་རྟགས་སོ། །དེ་ནས་ཟླ་བ་རེར་འཆི་ལྟས་ཞག་རེ་འཕེལ་པས་ཟླ་བ་དྲུག་ན་སྣ་གཡས་སུ་ཞག་ཉི་ཤུ་རྒྱུ་བ་ན་ཚེའི་ལྷག་མ་ཟླ་བ་དྲུག་ཏུ་འཚོ་སྟེ་སེང་གེའི་ཁྱིམ་གྱི་རྩ་ལྔ་སྟོངས་པའི་རྟགས་སོ། །དེ་ནས་ཟླ་བ་གསུམ་གྱི་རིང་ལ་འཆི་ལྟས་ཞག་ལྔ་འཕེལ་བས་སྣ་གཡས་སུ་ཞག་ཉེར་ལྔ་རྒྱུ་བ་ན་ཚེའི་ལྷག་མ་ཟླ་བ་གསུམ་སྟེ་བུ་མོའི་ཁྱིམ་གྱི་རྩ་ལྔ་སྟོངས་པའི་རྟགས་སོ། །དེ་རྣམས་ནི་ལོ་དང་ཟླ་བ་ལ་འཆི་ལྟས་ཀྱི་ཞག་ལྔ་ཚན་དུ་འཕེལ་བའི་རིམ་པ་སྟེ་དེའི་དབང་གིས་ཁྱིམ་ལྔའི་རྩ་ཉེར་ལྔ་སྟོངས་པར་འགྱུར་བ་ཡིན་ནོ། །གཉིས་པ་ནི། དེ་ནས་སོགས་ཚིག་རྐང་གསུམ་སྟེ། དེའི་རྗེས་ནས་ཞག་རེ་ལ་འཆི་ལྟས་ཞག་རེ་འཕེལ་བས་ཁྱིམ་རེ་རེ་འདོར་བར་འགྱུར་ཏེ། སྣ་གཡོན་ནས་ཞག་བཞི་གཡས་ནས་ཞག་ཉེར་དྲུག་རྒྱུ་བས་ཚེའི་ལྷག་མ་ཟླ་བ་གཉིས་ཏེ་སྲང་ཁྱིམ་གྱི་རྩ་ལྔ་སྟོངས་པའི་རྟགས་སོ། །དེ་ནས་ཡང་སྣ་གཡོན་ནས་ཞག་གསུམ་གཡས་ནས་ཉེར་བདུན་རྒྱུ་བས་ཚེའི་ལྷག་མ་ཟླ་བ་གཅིག་ཐུབ་སྟེ། སྡིག་ཁྱིམ་གྱི་རྩ་ལྔ་སྟོངས་པའི་རྟགས་སོ། །འདི་ཚུན་ནི་རྣལ་འབྱོར་གྱི་སྟོབས་ཀྱིས་འཆི་བ་བླུ་བར་ནུས་སོ། །གཉིས་པ་འཆི་བ་བླུ་མི་ནུས་པའི་འཆི་ལྟས་འཕེལ་ཚུལ་ལ་གཉིས། བླུ་མི་ནུས་པའི་མཚམས་ངོས་བཟུང་བ་དང་། དེ་ནས་འཆི་ལྟས་འཕེལ་ཚུལ་ལོ། །དང་པོ་ནི། འཆི་ལྟས་འཕེལ་བའི་དབང་གིས་གླང་ནས་ཀྱི་ཁྱིམ་བདུན་པ་སྡིག་ཁྱིམ་འདས་པ་སྟེ། སྟོངས་པ་དེ་ནས་འཆི་བའི་ལྟས་རྒྱས་པ་ཡིན་པས་སུས་ཀྱང་འཆི་བ་བཟློག་པར་མི་ནུས་སོ། །ཞེས་རྐང་པ་གཉིས་གསུངས་སོ། །གཉིས་པ་ལ་གཉིས། དངོས་དང་། གཡོན་ཟླ་བའི་རླུང་ཟད་ནས་འཕོ་བར་བསྟན་པའོ། །དང་པོ་ནི། ཞག་ནི་སོགས་རྐང་བ་ཕྱེད་ཀྱིས་དམན་པའི་ཚིགས་བཅད་གཅིག་སྟེ། འཆི་ལྟས་རྒྱས་པ་དེ་ནས་ཞག་ནི་སུམ་བཅུ་སོ་གསུམ་ན་ངེས་པར་འཆི་བ་ཡིན་པས་ཚེ་ལྷག་ཟླ་གཅིག་ཞག་གསུམ་པོ་ལ་འཆི་ལྟས་འཕེལ་ཚུལ་ནི། ཞག་བཅོ་ལྔའི་རིང་ལ་འཆི་ལྟས་འཕེལ་བས་གཞུ་ཁྱིམ་གྱི་རྩ་ལྔ་སྟོངས་པར་བྱེད་ལ། དེ་ནས་ཞག་བཅུའི་རིང་ལ་ཆུ་སྲིན་གྱི་ཁྱིམ་གྱི་རྩ་ལྔ་དང་། དེ་ནས་ཞག་ལྔའི་རིང་ལ་བུམ་པའི་ཁྱིམ་གྱི་རྩ་ལྔ་དང་། དེ་ནས་ཞག་གསུམ་གྱི་རིང་ལ་ཉ་ཁྱིམ་གྱི་རྩ་ལྔ་སྟོངས་ཏེ། དེ་ལྟར་ཞག་སོ་གསུམ་དུ་གཡས་ནས་རྒྱུ་བས་ཁྱིམ་བཞི་འདོར་བར་བྱེད་ཅིང་ཁྱིམ་བཅུ་གཅིག་པུ་དེ་སྟོངས་ནས་ཉི་མའི་སྟོབས་ཟད་པ་ཡིན་ནོ། །གཉིས་པ་ནི། དེ་འོག་སོགས་ཚིག་རྐང་ཕྱེད་དང་དྲུག་སྟེ། ཁྱིམ་བཅུ་གཅིག་སྟོངས་པ་དེའི་འོག་ཏུ་ཟླ་བའི་སྟོབས་ཟད་པར་བྱེད་པའི་རླུང་སྣ་གཡོན་ནས་ཞག་གཉིས་རྒྱུ་བར་བྱེད་དེ། ཁྱིམ་ནི་བཅུ་གཉིས་པ་ལུག་ཁྱིམ་གྱི་རྩ་ལྔ་ཡང་སྟོངས་ནས་ལྟེ་བའི་རྩ་འདབ་དྲུག་བཅུ་པོར་རླུང་མི་རྒྱུ་བས་དེ་ནས་དབུ་མར་མུན་པ་ཆེན་པོའི་རླུང་ཞག་གཅིག་རྒྱུས་ནས་རྣམ་པར་ཤེས་པ་ཕ་རོལ་ཏུ་འགྲོ་བར་བྱེད་དོ། །འདིར་ཊཱིཀ་བྱེད་ཁ་ཅིག་གིས་ཁྱིམ་བཅུ་གཉིས་པ་ལུག་གི་ཁྱིམ་གྱི་རྩ་ལྔ་ཡང་སྟོངས་ཏེ། ལྟེ་བའི་རྩ་ཐམས་ཅད་དུ་གོང་དུ་བཤད་པ་ལྟར་མུན་པ་ཆེན་པོའི་རླུང་རྒྱུས་ནས་དབུ་མར་ཞག་གཅིག་ན་གནས་ཏེ། དེ་ནས་རྣམ་པར་ཤེས་པ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་བྱེད། ཞེས་བྲིས་པ་ནི་མ་བསམས་པའི་ཚིག་སྟེ། རྩ་བར་དེ་ནས་དབུ་མར་ཞག་གཅིག་རྒྱུ། ཞེས་དང་། འགྲེལ་པར། ཁྱིམ་བཅུ་གཉིས་པ་ལུག་གི་ཁྱིམ་གྱི་རྩ་ལྔ་ཡང་སྟོངས་ནས་ལྟེ་བའི་རྩ་ཐམས་ཅད་དུ་རླུང་མི་རྒྱུ་བས་གོང་དུ་བཤད་པ་ལྟར། དེ་ནས་དབུ་མར་ཞག་གཅིག་རྒྱུས་ནས་རྣམ་པར་ཤེས་པ་ཕ་རོལ་ཏུ་འགྲོ་བར་བྱེད་དེ། ཞེས་གསུངས་པ་དང་འགལ་བར་མ་ཟད། རང་ཉིད་ཀྱིས་ཀྱང་ཁྱིམ་བཅུ་གཉིས་ཀྱི་རྩ་སྐམས་ཟིན་པར་བཤད་པ་དང་འགལ་བས་སོ། །དཔལ་རང་བྱུང་གི་བཞེད་བ་ནི། མུན་པ་ཆེན་པོའི་རླུང་དེ་འཆི་བ་ལ་ཕྱོགས་པའི་སྔ་རོལ་དུ་དབུ་མར་རྒྱལ་པོ་ལྟ་བུར་གནས་ཤིང་། དེ་ལས་འཕྲོས་པའི་རླུང་གིས་ལས་བྱེད་པས། དུས་སྦྱོར་གྱི་རླུང་རྒྱུ་བའི་རྩ་རྣམས་མ་སྐམས་ཀྱི་བར་དུ་མུན་པ་ཆེན་པོའི་རླུང་མི་རྒྱུ་བར་བཞེད་ཅིང་། གོང་དུ་བཤད་པ་ལྟར་རྩ་གཞན་རྣམས་རིམ་གྱིས་སྐམས་ནས། དབུ་མའི་ཆར་གྱུར་པའི་རྩ་ཆེན་པོ་སུམ་བཅུ་སོ་དྲུག་ཕྲན་དང་བཅས་པ་མ་བསྡུས་པར་འཆི་བ་ལ་ཕྱོགས་པའི་ཞག་གཅིག་ཏུ་རྩ་དེ་རྣམས་སུ་མུན་པ་ཆེན་པོའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུས་ནས་རྣམ་ཤེས་འཕོ་བར་བཞེད་ལ། དུས་འཁོར་བ་གཞན་དག་ནི། མུན་པ་ཆེན་པོའི་རླུང་དེ་དབུ་མ་ཉིད་དུ་རྒྱུ་བ་ཡིན་པས། རྩ་གཞན་གང་དུའང་མི་རྒྱུ་བར་འདོད་ཅིང་། རླུང་དེ་ཕྱི་རོལ་དུ་རྒྱུ་བའི་ཚུལ་ནི་སྣ་གཉིས་ཀ་ནས་ཤོ་ཤོ་ཤོ་རྒྱུས་ཏེ་ནང་དུ་མི་འཇུག་གོ་ཞེས་ཟེར་རོ། །བཞི་པ་གཡོན་པ་ཟླ་བའི་འཆི་ལྟས་ལ་གཉིས། བསྟན་པ་དང་། བཤད་པའོ། །དང་པོ་ནི། །དེ་ནས་འགའ་ཞིག་ལ་དུས་མ་ཡིན་པའི་འཆི་ལྟས་སྣ་གཡོན་གྱི་ཟླ་བའི་སྟོབས་ཉམས་པའི་རྟགས་ཀྱང་ཡོད་པས་དེ་རྣམས་བཤད་པར་བྱའོ་ཞེས་རྐང་པ་གཅིག་གསུངས་སོ། །གཉིས་པ་ལ་བཞི། དུས་མཚམས་དང་། ཟླ་བ་གསུམ་ན་འཆི་ལྟས་རེ་འཕེལ་ཚུལ། ཟླ་རེ་ལ་འཆི་ལྟས་རེ་འཕེལ་ཚུལ། གཡས་ཉི་མའི་རླུང་ཟད་ནས་འཕོ་བར་བསྟན་པའོ། །དང་པོ་ནི། གཡོན་ནས་སོགས་ཚིག་རྐང་གཉིས་ཏེ། ཟླ་བའི་འཆི་ལྟས་དེ་ནི་སྣ་གཡོན་ནས་འཆི་ལྟས་ཞག་གཅིག་རྒྱུ་བ་ནི་ལོ་གསུམ་ཕྱོགས་གསུམ་གྱི་ནང་དུ་སྲིད་པ་གཞན་དུ་ངེས་པར་འཕོ་བའི་རྟགས་ཡིན་ནོ་ཞེས་མཚམས་ཀྱི་ངེས་པ་བཟུང་བ་ནི་རགས་པ་ཙམ་སྟེ། ཞིབ་ཏུ་ན་འདི་ནས་ལོ་གསུམ་ནས་འཕོ་བ་ཡིན་གྱི་ཕྱོགས་ཞག་ཞེ་ལྔའི་ཚེ་ལུས་པ་མེད་དོ། །གཉིས་པ་ནི། དེ་ནས་སོགས་ཚིགས་བཅད་གཅིག་སྟེ། དེ་ནས་ནི་ཟླ་བ་གསུམ་ལ་འཆི་ལྟས་ཞག་རེ་འཕེལ་བས་ཟླ་བ་དྲུག་འདས་པ་ན་སྣ་གཡོན་དུ་ཞག་གསུམ་རྒྱུ་བས་སྐྱེ་བོ་དེ་ལ་ནི་ཚེའི་ལྷག་མ་ཟླ་བ་སུམ་བཅུ་ཡོད་དེ། ལྟེ་བའི་ཁྱིམ་གཅིག་སྟེ། ལུག་ཁྱིམ་གྱི་རྩ་ལྔ་སྟོངས་པའི་རྟགས་ཡིན་ནོ། །གསུམ་པ་ནི། དེ་ནས་ཤེས་སོགས་ཚིགས་བཅད་གཉིས་གསུངས་ཏེ། །དེའི་རྗེས་ནས་ཟླ་བ་རེ་རེ་བཞིན་དུ་ཟླ་རེ་ལ་འཆི་ལྟས་ཀྱི་ཞག་ནི་རེ་རེ་འཕེལ་བར་འགྱུར་བས། ཟླ་བ་གསུམ་གསུམ་གྱིས་ལྟེ་བའི་ཁྱིམ་རེའི་རྩ་ལྔ་ལྔ་འདོར་སྟེ། འཆི་ལྟས་ཞག་གསུམ་རེ་འཕེལ་བ་ན་ཁྱིམ་རེ་སྟོངས་པའི་རྟགས་ཡིན་ནོ། །དེས་ན་སྣ་གཡོན་དུ་ཟླ་བའི་འཆི་ལྟས་ཀྱི་རླུང་ཞག་གྲངས་ཇི་ཙམ་འཕེལ་བ་བཞིན་དུ་ཚེའི་ལྷག་འཚོ་བའི་ཟླ་བའི་གྲངས་བྲི་བར་འགྱུར་བ་ཡིན་ཏེ། གཡོན་ནས་འཆི་ལྟས་ཞག་དྲུག་རྒྱུ་བ་ན་ཚེ་ལྷག་ཟླ་བ་ཉེར་བདུན་ཏེ་གླང་ཁྱིམ་གྱི་རྩ་ལྔ་སྐམས་པའི་རྟགས་སོ། །དེ་བཞིན་དུ་ཞག་དགུ་རྒྱུ་ན་ཚེ་ལྷག་ཟླ་བ་ཉེར་བཞི་སྟེ་འཁྲིག་ཁྱིམ་སྟོངས་པའོ། །བཅུ་གཉིས་རྒྱུ་ན་ཚེ་ཟླ་བ་ཉེར་གཅིག་དང་སྦལ་ཁྱིམ། བཅོ་ལྔ་རྒྱུ་ན་ཚེ་ཟླ་བ་བཅོ་བརྒྱད་དང་སེང་ཁྱིམ། བཅོ་བརྒྱད་རྒྱུ་ན་ཚེ་ཟླ་བ་བཅོ་ལྔ་དང་བུ་མོ། ཉེར་གཅིག་རྒྱུ་ན་ཚེ་ཟླ་བ་བཅུ་གཉིས་དང་སྲང་། ཉེར་བཞི་རྒྱུ་ན་ཚེ་ཟླ་བ་དགུ་དང་སྡིག་ཁྱིམ། ཉེར་བདུན་རྒྱུ་ན་ཚེ་ཟླ་བ་དྲུག་དང་གཞུ། ཟླ་བ་གཅིག་རྒྱུ་ན་ཚེ་ཟླ་བ་གསུམ་དང་ཆུ་སྲིན་གྱི་ཁྱིམ་སོགས་གོ་རིམ་བཞིན་སྦྱར་རོ། །དེ་ནས་ཟླ་བ་གསུམ་སོང་བ་གང་གི་ཚེ་སྣ་གཡོན་ནས་འཆི་ལྟས་ཞག་ནི་སུམ་བཅུ་སོ་གསུམ་རྒྱུ་སྟེ་ལྟེ་བའི་ཁྱིམ་ནི་བཅུ་གཅིག་པ་བུམ་པའི་ཁྱིམ་གྱི་རྩ་ལྔ་སྟོངས་པའི་རྟགས་ཡིན་པས། ཟླ་བའི་ནུས་པ་ཐམས་ཅད་ཟད་ནས་ངེས་པར་ཡང་ཞག་ནི་གསུམ་ན་འཆི་བར་འགྱུར་རོ། །བཞི་པ་ནི། དེ་ནས་ཤེས་སོགས་ཚིགས་བཅད་གཅིག་གསུངས་ཏེ། དེའི་རྗེས་ནས་ཞག་གཉིས་ཀྱི་རིང་ལ་ཉི་མའི་ཁམས་ཟད་པར་བྱེད་པའི་རླུང་སྣ་གཡས་ནས་རྒྱུ་བས་བུ་མོའི་ཁྱིམ་གྱི་རྩ་ལྔ་སྟོངས་ནས་དེའི་འོག་ཏུ་དབུ་མར་མུན་པ་ཆེན་པོའི་རླུང་ཞག་གཅིག་རྒྱུས་ནས་རྣམ་པར་ཤེས་པ་སྲིད་པ་གཞན་དུ་འཕོ་བ་ཡིན་ནོ། །ལྔ་པ་དེ་དག་གི་ངེས་པ་བསྟན་པ་ལ་གསུམ། ཉི་ཟླའི་འཆི་ལྟས་སོ་སོར་འབྱུང་བའི་རྒྱུ་མཚན་དང་། དུས་དང་དུས་མ་ཡིན་པའི་འཆི་ལྟས་ངེས་པའི་རྒྱུ་མཚན། བློ་བུར་དུ་རྩ་རླུང་འགག་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ་བཤད་པ་དེ་ལྟར་གཡས་གཡོན་གྱི་ཉི་མ་དང་ཟླ་བའི་འཆི་རྟགས་སོ་སོར་འབྱུང་བའི་རྒྱུ་མཚན་ནི། ལྟེ་བའི་མཉམ་པའི་ཁྱིམ་ལུག་ལ་སོགས་པ་མཐུན་པའི་དུས་སྦྱོར་ལ་ཁྱིམ་དེ་ནས་ཐོག་མར་རླུང་རྒྱུ་བ་ན་ཟླ་བའི་འཆི་ལྟས་གཙོ་བོར་གྱུར་པ་ཡིན་ཏེ། མི་མཉམ་པའི་ཁྱིམ་གླང་ལ་སོགས་པ་མཐུན་པ་མ་ཡིན་པའི་དུས་སྦྱོར་རྣམས་ལ་ཐོག་མར་རླུང་རྒྱུ་བ་འབྱུང་ན་ཉི་མའི་འཆི་རྟགས་གཙོ་བོར་གྱུར་པ་ཡིན་ནོ། །འདིར་ལུག་སོགས་ལ་མཉམ་པ་དང་། གླང་སོགས་ལ་མི་མཉམ་པར་བཤད་པ་དང་། གོང་དུ། ལུག་སོགས་མི་མཉམ་པ་དང་། གླང་སོགས་མཉམ་པར་བཤད་པ་འགལ་བ་ལྟར་སྣང་མོད་ཀྱིས། དེ་དག་མི་འགལ་བའི་ཚུལ་ལ། སོག་འགྲེལ་ལས་ནི། གོང་དུ་ལུག་ལ་སོགས་པའི་ཁྱིམ་དྲུག་མི་མཉམ་པའི་ཁྱིམ་དུ་བཤད་པ་དེ་རླུང་གཡོན་ནས་རྒྱུ་བ་ལ་བཤད་པ་ཡིན་ལ། འདི་ནས་མཉམ་པར་བཤད་པ་དེ་རླུང་གི་བདག་པོ་གཟའ་རྒྱུ་བའི་ཆ་ནས་བཤད་པ་ཡིན་ནོ། །ཞེས་གསུངས་སོ། །ཁོ་བོ་ཅག་གི་རྣམ་པར་རྟོག་པ་ལ། རྒྱུད་འགྲེལ་ལས་ལུག་སོགས་མཉམ་པར་བཤད་པ་འགའ་ཡང་མ་མཐོང་བས། འདིའི་ཐད་ཀྱི་རྩ་འགྲེལ་གཉིས་ཀ་ཧོར་པར་བྱེད་པའི་ཚེ་ཡི་གེ་པས་བྲིས་ནོར་བྱུང་ངམ་སྙམ་དུ་སེམས་པས། བློ་དང་ལྡན་པ་དག་གིས་དཔྱད་པར་བྱའོ། །གཉིས་པ་ནི། སྔ་མ་སོགས་ཚིགས་བཅད་གཅིག་སྟེ། དབང་ཕྱུག་གི་གཞུང་ལ་སོགས་པར་འཆི་ལྟས་ཀྱི་རླུང་རྣམས་ལ་སྣ་གཡས་ནས་ཆུ་ཚོད་ལྔ་རྒྱུ་ན་ལོ་བརྒྱད་ནས་འཆི་བ་དང་། ཞག་གཅིག་རྒྱུ་ན་ལོ་བཅུའི་ཚེ་ལ་སོགས་པ་ཡོད་དེ་ཞེས་བཤད་པ་མི་འཐད་པར་སྟོན་པ་ལ། པདྨ་དཀར་པོས་ཐོག་མར་སྐྱེས་པ་ནས་བཟུང་སྟེ་གཡས་གཡོན་དུ་དཀྱིལ་འཁོར་ལྔ་ལྔ་འབབ་པ་ཕལ་ཆེར་ལ་ཡོད་པས། མ་ངེས་ཤིང་། སྐྱེས་མ་ཐག་ཏུ་འཆི་བ་ལ་ཡང་ཚུལ་དེ་མེད་པས་མ་ངེས་པར་བསྟན་པ་ན། སྔ་མར་བསྟན་པ་ལྟར་ལོ་བརྒྱ་ཐུབ་པ་ནི་རྩ་མ་ལུས་པ་ཀུན་ཏུ་རླུང་རྒྱུ་བ་དང་། སྐྱེས་ནས་ཞག་གཅིག་ཐུབ་ཅིང་ཞག་གཅིག་ན་འཆི་བ་ལ་རྩ་གཞན་གང་དུ་ཡང་རླུང་མི་རྒྱུ་བར་དབུ་མ་རྐྱང་པར་རྒྱུ་བ་དང་། ནས་ཞེས་པ་དང་བར་ཞེས་པའི་ཚིག་གིས་བསྟན་པ། སྐྱེས་ནས་ལོ་གསུམ་ན་འཆི་བ་ནི་རྩ་ཉིས་སྟོང་ཉི་བརྒྱ་ལྔ་བཅུ་པོ་མ་གཏོགས་པར་རླུང་མི་རྒྱུ་བ་སོགས་ཚེ་རིང་ཐུང་ལ་རྩ་མང་ཉུང་དུ་རླུང་རྒྱུ་བའི་རིམ་པར་གསུངས་པ་ཡིན་པས་དུས་དང་དུས་མ་ཡིན་པའི་འཆི་ལྟས་འདི་དག་འཐད་ཅིང་ངེས་པ་ཡིན་ནོ། །དེ་ལྟར་དུས་དང་དུས་མ་ཡིན་པའི་རླུང་གི་འཆི་ལྟས་མེད་ཀྱང་སྔོན་གྱི་ལས་ཀྱི་དབང་གིས་བློ་བུར་དུ་འཆི་བ་ན་རྩ་རླུང་ཇི་ལྟར་འགག་ཅེ་ན། གསུམ་པ་ནི། གང་ཚེ་སོགས་ཚིགས་བཅད་ཕྱེད་དང་གསུམ་སྟེ། གང་གི་ཚེ་བློ་བུར་དུ་འཆི་བའི་རྐྱེན་དུག་དྲག་པོ་དང་མཚོན་བསྣུན་པ་དང་ནད་དྲག་པོས་རྩ་རླུང་རྣམས་ཅིག་ཅར་དུ་འགགས་ནས་རྒྱུ་དེས་འཆི་བ་ནི་བློ་བུར་དུ་འཆི་བ་ཞེས་བྱ་ལ། དེའི་རྩ་རླུང་ཐིག་ལེ་འགག་ཚུལ་དུ་གསུངས་པ་ནི། ཇི་ལྟར་ལྟེ་བའི་འཁོར་ལོ་བཞིན། །འཁོར་ལོ་གཞན་ཡང་དེ་བཞིན་ནོ། །ཞེས་པ་ལྟར་ལྟེ་བར་དུས་སྦྱོར་བཅུ་གཉིས་ཀྱི་འབྱུང་བ་ལྔའི་རླུང་དང་ཉི་ཟླ་སྒྲ་གཅན་གྱི་ཁམས་ཅིག་ཅར་དུ་འགག་པ་ཇི་ལྟ་བ་དེ་བཞིན་དུ། སྙིང་གར་ཐུན་བརྒྱད་དང་མགྲིན་པར་རྒྱུ་སྐར་དང་སྤྱི་བོར་ཟླ་རྐང་གི་རིམ་པ་རྣམས་ཀྱང་ཅིག་ཅར་དུ་འདོར་བར་བྱེད་ལ། དེའི་རིམ་པས་འཁོར་ལོ་གཞན་ལ་ཡང་མཚུངས་ཏེ། འཁོར་ལོ་ལྔ་དང་ཚིགས་ཀྱི་འཁོར་ལོ་སུམ་བཅུ་པོ་ཀུན་ལ་ཡང་འབྱུང་བ་ལྔའི་རླུང་རེ་རེ་ལ་དབྱུག་གུ་བཅུ་གཉིས་བཅུ་གཉིས་ནི་བསྐྱེད་བསྡུད་ཀྱི་རིམ་པ་ཡོད་པས། དེ་ལྟར་དཀྱིལ་འཁོར་དྲུག་བཅུ་པོ་ཞག་དྲུག་ཏུ་རྒྱུས་ནས་ཟད་པར་འགྱུར་བ་ཡིན་ནོ། །ཞེས་སོ་སོར་བཤད་ནས་ཐུན་མོང་དུ་བསྡུ་བ་ནི་དེ་ལྟར་ན་རླུང་གི་འཆི་ལྟས་ངེས་པ་དང་བཅས་པ་བསྟན་པའོ། །གསུམ་པ་ཐིག་ལེ་འགག་པའི་རིམ་པ་ལ་གཉིས། ལོ་དགུ་བཅུ་གོ་བདུན་གྱིས་སྟོབས་འདོར་བ་དང་། ལོ་གསུམ་གྱི་འཆི་ལྟས་དངོས་སོ། །དང་པོ་ལ་གསུམ། རྟེན་རྩ་རླུང་སོགས་འཕེལ་འགྲིབ་བྱེད་པའི་ཚུལ་དང་། བརྟེན་པ་ཁམས་འཕེལ་འགྲིབ་བྱེད་ཚུལ། དོན་བསྡུ་བའོ། །དང་པོ་ནི། དེ་ནས་སོགས་ཚིགས་བཅད་གཅིག་སྟེ། རྩ་རླུང་འགག་ཚུལ་བཤད་པའི་རྗེས་དེ་ནས་ཐིག་ལེ་འགག་པའི་ཚུལ་ནི་འཆད་དོ་ཞེས་སྤྱིར་བསྟན་ནས་ཐིག་ལེ་དེའི་རྟེན་རྩ་རླུང་འཕེལ་འགྲིབ་ཀྱི་ཚུལ་ནི་ལོ་གཅིག་གི་རིང་ལ་ནང་གི་ཁམས་རྩ་རླུང་བྱང་སེམས་སོགས་ཐམས་ཅད་འཕེལ་ལོ། །དེ་ནས་རླུང་གི་ནུས་པ་ཕྱིར་ཤོར་བས་ཞག་རེ་ལ་དཀར་ནག་གམ་ཐབས་ཤེས་ཀྱི་རྩ་གཉིས་གཉིས་འགྲིབ་པར་སྔ་མ་རྩའི་སྐབས་སུ་བསྟན་པ་བཞིན་ཡིན་ནོ། །གཉིས་པ་ལ་གསུམ། དཀར་ཆ་འཕེལ་འགྲིབ་ཀྱི་ཚུལ། དམར་ཆ་འཕེལ་འགྲིབ་ཀྱི་ཚུལ། ཁམས་གཞན་བཞི་འགྲིབ་ཚུལ་ལོ། །དང་པོ་ནི། དེ་ནས་སོགས་ཚིག་རྐང་གསུམ་སྟེ། རྩ་རྫོགས་པར་སྐྱེས་པ་དེ་ནས་སྐྱེས་པ་ལ་ལོ་བཅུ་དྲུག་གི་བར་དང་བུད་མེད་ལ་ལོ་བཅུ་གཉིས་ཀྱི་བར་དུ་ཐིག་ལེ་འཕེལ་ཏེ་ཡེ་ཤེས་ཀྱི་ཁམས་རྒྱས་པ་ཡིན་ལ། དེའི་རྗེས་སྐྱེས་པ་ལ་ལོ་བཅུ་བདུན་པ་དང་བུད་མེད་ལ་ལོ་བཅུ་གསུམ་པ་ནས་ནི་དཀར་བའི་ཆ་རྣམས་རིམ་གྱིས་འགྲིབ་ཅིང་འདོར་བར་བྱེད་དོ། །གཉིས་པ་ནི། དེ་ནས་སོགས་ཚིག་རྐང་གཉིས་ཏེ། དེའི་རྗེས་ནས་དམར་ཆ་ཁྲག་གི་ཁམས་ནི་ལོ་བཅུ་དྲུག་ཏུ་འཕེལ་བ་ཡིན་ཏེ། དེ་ལྟར་ལོ་སུམ་བཅུ་སོ་གཉིས་སོང་ནས་ནི་ཁྲག་གི་ཁམས་དེ་ཡང་འདོར་བར་འགྱུར་རོ། །གསུམ་པ་ནི། རླུང་དང་སོགས་ཚིག་རྐང་གཉིས་ཏེ། དེ་བཞིན་དུ་རླུང་གི་ཁམས་ཀྱི་སྟོབས་དང་། མེའི་ཁམས་ཀྱི་སྟོབས་དང་། ཆུའི་ཁམས་ཀྱི་སྟོབས་དང་། སའི་ཁམས་ཀྱི་སྟོབས་རྣམས་ཀྱང་སོ་སོར་ལོ་བཅུ་དྲུག་རེ་ན་འདོར་ཞིང་འགྲིབ་པ་སྟེ་རགས་རྩིས་ལ་ལོ་གོ་བདུན་པ་ལ་ལུས་ཀྱི་སྟོབས་ཐམས་ཅད་འདོར་བར་བྱེད་དོ། །གསུམ་པ་དོན་བསྡུ་བ་ནི། རགས་པར་སོགས་ཚིག་རྐང་གསུམ་སྟེ། བཤད་པ་དེ་ལྟར་དུ་རགས་པར་བརྩིས་ན་ལོ་དགུ་བཅུ་གོ་བདུན་པ་ན་སྟོབས་ཀུན་དོར་ཏེ་དེ་ནས་ལོ་གསུམ་ན་འཆི་བའི་དུས་སུ་འཆི་བའི་ངེས་པ་ཤེས་པར་བྱའོ། །འདི་ཡང་དབུགས་གྲངས་ཀྱི་ལོ་ཡིན་གྱི་ཕྱི་རོལ་གྱི་ལོ་ནི་མ་ཡིན་ནོ། །གཉིས་པ་ལོ་གསུམ་གྱི་འཆི་ལྟས་དངོས་ལ་གསུམ་དབང་རྟེན་རྩ་ཉམས་པའི་ལྟས། རྟེན་དབང་པོ་ཉམས་པའི་ལྟས། བརྟེན་པ་ཁམས་གསུམ་ཉམས་པའི་རིམ་པའོ། །དང་པོ་ནི། ལྟེ་བ་སོགས་ཚིག་རྐང་གསུམ་སྟེ། ངེས་པར་འཆི་བ་ལ་ཐུག་པའི་རྟགས་ནི་ལྟེ་བའི་དཀྱིལ་འཁོར་དྲུག་བཅུ་པོའི་རྩ་གཅིག་གི་འགྱུར་བ་འཆད་པ་དང་སྣ་བུག་གཡས་གཡོན་གང་རུང་གི་ཞག་གཅིག་གི་དུས་སྦྱོར་ཉམས་པ་གཉིས་དུས་མཉམ་ལ། དེའི་རྟགས་སུ་གཅི་བ་སྟེ་དྲི་ཆུ་ངེས་པར་འགྱུ་ནས་སྐྱུར་བར་གྱུར་ན་ཟླ་བ་དྲུག་ན་འཆི་བའི་རྟགས་ཡིན་ཏེ། དེ་ལྟ་བུའི་རིམ་པས་འགག་གོ །གཉིས་པ་ནི། རྣ་བ་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། དེ་ནས་གསང་གནས་ཀྱི་བར་སྐོར་གྱི་རྩ་སྒྲ་སོགས་དེ་ཙམ་ལྔ་འཛིན་པའི་འདབ་མ་བཅུ་པོ་རིམ་གྱིས་འགག་སྟེ། སྒྲ་འཛིན་པ་གཉིས་འགགས་པས་རྐྱེན་གཞན་མེད་པར་རྣ་བའི་རླུང་སྒྲ་དོར་ན་ཞག་དྲུག་ན་འཆི་བ་སྟེ། རོ་འཛིན་པ་གཉིས་འགགས་པས་ལྕེ་ཡིས་ཁ་ཟས་ཀྱི་རོ་འཛིན་པ་དོར་ན་ཞག་ལྔ་ན་འཆི་བའི་རྟགས་ཡིན་ཅིང་། གཟུགས་འཛིན་པ་གཉིས་འགགས་པས། གཟུགས་ཕྱིན་ཅི་ལོག་ཏུ་སྣང་བ་དང་མིག་གི་དབུས་སུ་ཚངས་པའི་རི་མོ་སྔར་མེད་པ་བྱུང་ན་ཞག་བཞིའི་ཚེ་ལས་མེད་ལ། དྲི་འཛིན་པ་གཉིས་འགགས་པས་སྣ་ཞོམ་ཞིང་དྲི་འཛིན་པ་དོར་ན་ཚེའི་ཞབས་ཞག་གསུམ་མོ། །རེག་བྱ་འཛིན་པ་གཉིས་འགགས་པས། ལུས་ཀྱིས་རེག་བྱ་མི་འཛིན་པ་དང་དྲོ་བའི་རེག་པའི་རང་བཞིན་དོར་ན་ཞག་གཉིས་ན་འཆི་བ་ཡིན་ནོ། །གསུམ་པ་ལ་གཉིས། དུས་མཚམས་དང་། འཕོ་ཚུལ་དངོས་སོ། །དང་པོ་ནི། དེའི་རྗེས་ནས་ཆོས་ཀྱི་ཁམས་ཁུ་བ་སྟེང་འོག་ཏུ་ཉམས་པ་ཡིས་ནི་ཞག་གཅིག་ནས་ནི་འཇིག་རྟེན་ཕ་རོལ་དུ་འགྲོ་བར་འགྱུར་རོ། །ཞེས་ཚིག་རྐང་གཉིས་གསུངས་ཤིང་གཞན་ཡང་རྒྱུད་ཀྱི་རྒྱལ་པོ་ལས། སྣ་ཡི་རྩེ་མོ་འཕྱང་བ་དང་ནི་སྤྱི་བོར་ལག་པ་བཞག་པ་དེ་ཡི་རང་བཞིན་དག་ཏུ་མཐོང་། །ལག་པ་གཉིས་ཀའི་མཐིལ་ལ་རྒྱ་སྐྱེགས་ཚོན་གྱིས་རབ་ཏུ་བྱུགས་ཀྱང་དམར་པོ་ཉིད་དུ་བྱེད་མ་ཡིན། །ཉི་མ་ཁ་དོག་ནག་པོ་དང་ནི་ཡོངས་སུ་གྱུར་པའི་རི་བོང་འཛིན་པ་ཁ་དོག་སེར་པོར་མཐོང་། །གཅིན་དང་ལུས་ཀྱང་བསིལ་བར་གྱུར་ན་མི་ཡི་བདག་པོ་དེ་ཡི་ཉིན་ཞག་ལ་ནི་འཆི་བ་ཉིད། །ལྕེ་འོག་ནག་པོའི་ཐིག་ཏུ་རབ་ཏུ་འགྱུར་ཏེ་མིག་ལ་ཚངས་པའི་རི་མོ་ཤིན་ཏུ་ཕྲ་མོ་དང་། །དབུགས་ནི་ཟླ་བ་ཉི་མའི་ལམ་དུ་འཕྲོ་སྟེ་མི་ཡི་བདག་པོ་མཁུར་ཚོས་གཉིས་པོ་དེ་བཞིན་ཉིད། །ནུ་མའི་སྟེང་ནི་མཆན་ཁུང་དུ་ཞུགས་གཟའ་ཡི་ཚོགས་རྣམས་མཐའ་དག་མེ་སྟག་དག་དང་བཅས་པར་མཐོང་། །མགྲིན་པ་ལུས་དང་བཅས་པ་རེངས་ཤིང་འཁོར་བ་ཡང་ནི་ལུས་ལ་འཆི་བའི་མཚན་ཉིད་དག་ཏུ་འདོད། །ཅེས་གསུངས་པའི་ཚིགས་བཅད་གཉིས་པོ་སོ་སོ་ལ་འགྲེལ་ཆེན་དུ། ཉིན་ཞག་དྲུག་གི་ནང་དུ་འཆི་བའི་མཚན་ཉིད་གཞན་ཡང་གསུངས་ཏེ། ཞེས་དང་། ཉིན་ཞག་དྲུག་གི་མཚམས་སུ་འཆི་བའི་མཚན་མ་གཞན་ཡང་གསུངས་ཏེ་འདིར་དུས་མ་ཡིན་པའི་འཆི་བས་ནོན་པའི། ཞེས་མཚམས་སྦྱོར་བར་མཛད་དོ། །གཉིས་པ་ནི། དཀར་ཆ་སོགས་ཚིག་རྐང་གསུམ་སྟེ། དེ་ལྟར་སྟོབས་ཉམས་ནས་ཕ་རོལ་ཏུ་འགྲོ་བའི་ཚེ་ཕ་ལས་ཐོབ་པའི་དཀར་ཆའི་དྭངས་མ་སྤྱི་བོ་ནས་འོག་ཏུ་ལྟུང་བ་སྟེ། མ་ལས་ཐོབ་པའི་དམར་ཆའི་དྭངས་མ་ལྟེ་བ་ནས་གྱེན་དུ་འགྲོ་བ་ཡིན་ཅིང་། དཀྱིལ་འཁོར་གྱི་རླུང་རྣམས་ནི་གོ་རིམས་མེད་པར་སྣའི་སྒོ་ནས་ཕྱིར་འགྲོ་སྟེ། དེའི་ཚེ་སྟེང་འོག་གི་དཀར་དམར་གཉིས་པོ་སྙིང་གར་ཁ་སྦྱར་བའི་དབུས་སུ་ཀུན་གཞི་གནས་པས་གཞིའི་འོད་གསལ་ཆོས་ཀྱི་སྐུ་ཉམས་སུ་མྱོང་ཡང་ཐ་མལ་པས་ངོ་མ་ཤེས་པའི་དབང་གིས་སྲིད་པ་གཞན་དུ་འཕོ་བར་བྱེད་དོ། །བཞི་པ་ཞར་ལ་གང་དུ་འཕོ་བའི་ངེས་པ་ལ་གསུམ། བདེ་འགྲོར་འཕོ་བ། ངན་འགྲོར་འཕོ་བ། བར་དོ་འབྱུང་ཚུལ་ལོ། །དང་པོ་ནི། དེ་ནས་སོགས་རྐང་པ་གཅིག་གིས་དམན་པའི་ཚིགས་བཅད་གཉིས་ཏེ། དཀར་དམར་རླུང་གསུམ་གྱི་དྭངས་མ་སྙིང་གར་འདུས་པའི་རྗེས་དེ་ནས་རྣམ་པར་ཤེས་པ་ཀུན་གཞི་ནི་སྤྱི་གཙུག་ཚངས་པའི་བུ་ག་ནས་འཕོས་ན་ནི་གཟུགས་མེད་བཞི་པོ་གང་རུང་དུ་སྐྱེ་བར་འགྱུར་ཏེ། གནས་དེ་ཉིད་དུ་གཟུགས་མེད་ཀྱི་ཏིང་ངེ་འཛིན་བཞི་པོ་གང་རུང་ལ་ཉེ་བར་བསྡུས་ཏེ་གནས་པ་ལ་གཟུགས་མེད་དུ་སྐྱེས་པ་ཞེས་བྱ་ཡི། གཟུགས་ཁམས་ཀྱི་སྟེང་ན་གཟུགས་མེད་པའི་གནས་ལོགས་པ་ཡོད་ནས་དེར་སྐྱེ་བ་ནི་མ་ཡིན་ལ། ཏིང་ངེ་འཛིན་དེ་ལ་བསྐལ་པའམ་བསྐལ་པ་ལས་ལྷག་པར་གནས་ཤིང་ནམ་ཞིག་གང་དུ་སྐྱེ་འགྱུར་གྱི་ལས་དང་མཐུན་པའི་རྣམ་རྟོག་གཞན་བྱུང་ནས་ཏིང་ངེ་འཛིན་དེ་ལས་ལངས་པ་ན་ཚེ་འཕོས་པར་འགྱུར་རོ། །སྨིན་མཚམས་ཀྱི་ཐིག་ལེ་ལས་འཕོས་ན་ནི་ལྷ་མོ་ཆེ་སྟེ་གཟུགས་ཁམས་གནས་རིགས་བཅུ་དྲུག་པོ་གང་རུང་གི་ལྷར་སྐྱེ་ལ། ལྟེ་བ་ལས་འཕོས་ན་ནི་འདོད་པའི་ཁམས་ཀྱི་ལྷ་རིགས་དྲུག་པོ་གང་རུང་དུ་སྐྱེ་ཞིང་། རྒྱུད་ཀྱི་དགོངས་པ་འགའ་ཞིག་ནས་ལྷ་མིན་དུ་སྐྱེ་བར་ཡང་གྲགས་སོ། །མིག་ལས་འཕོས་ན་འདོད་པའི་ཁམས་ཀྱི་མིའི་དབང་པོ་སྟེ་རྒྱལ་པོའི་རིགས་སུ་སྐྱེའོ། །སྣའི་བུ་ག་ལས་འཕོས་ན་གནོད་སྦྱིན་གྱི་གནས་བྱང་ཕྱོགས་ལྕང་ལོ་ཅན་དུ་སྐྱེ་བར་འགྱུར་ཏེ། རྣ་བ་ལས་འཕོས་ན་ནི་གྲུབ་པའི་ལྷ་སྟེ་སུམ་བཅུ་རྩ་གསུམ་པའི་ལྷ་རིག་པ་འཛིན་པ་རྣམས་སུ་སྐྱེ་བ་ཡིན་ནོ། །གཉིས་པ་ནི། སྲིད་པའི་སོགས་ཚིག་རྐང་གསུམ་སྟེ། སྲིད་པའི་སྒོ་སྟེ་ཁུ་བའི་ལམ་ལ་འཕོས་ན་ཡི་དྭགས་སུ་སྐྱེ་བར་བཤད་ལ། སྡོམ་འབྱུང་དུ་ཁ་ཡི་སྒོ་ལས་ཡི་དྭགས་སུ་གསུངས་པ་ལྟར། གདན་བཞིའི་འགྲེལ་པར་སྨྲི་ཏིས་སྲིད་པའི་སྒོ་ཡིས་ཡི་དྭགས་རྣམས་ཤེས་པ་ནི་དེ་ལ་སྲིད་པའི་སྒོ་ནི་ཁའོ། །དེ་ཅིའི་ཕྱིར་ཞེ་ན། སྲིད་པའི་ཕུང་པོ་ལྔ་དེ་གནས་པར་བྱེད་པའི་ཟས་དེ་ནས་བཅུག་པའི་ཕྱིར་ན། སྲིད་པའི་སྒོ་ཞེས་པའོ། །ཞེས་འབྱུང་བས་དཔྱད་དགོས་པར་སྣང་ངོ་། །དྲི་ཆུའི་ལམ་ནས་འཕོས་ན་དུད་འགྲོར་སྐྱེ་བར་འགྱུར་ཞིང་། འོག་སྒོ་ལས་འཕོས་ན་ནི་དམྱལ་བ་ཆེན་པོ་བརྒྱད་གང་རུང་དུ་སྐྱེ་བར་འགྱུར་རོ། །རང་འགྲེལ་ལས། གཞུང་ཚིགས་བཅད་ཕྱེད་དང་གསུམ་པོ་འདི་སམྤཱུ་ཊི་དང་སྡོམ་འབྱུང་གི་ཚིག་སྣ་བསྡུས་པར་གསུངས་པ་བཞིན། སྡོམ་པ་འབྱུང་བ་ལས། ལྟོ་རྒྱབ་བདེ་འགྲོའི་འདོད་པ་ཅན། །ཐིག་ལེ་ཡིས་ནི་གཟུགས་ཅན་ལུས། །སྟེང་གི་གཟུགས་མེད་ཁམས་སུ་ནི། །དེ་ནི་བཟང་པོར་འགྲོ་དབྱེའོ། །དེ་བཞིན་སྣ་ལས་གནོད་སྦྱིན་འགྱུར། །རྣ་བ་དག་ལས་མི་འམ་ཅི། །ལྷ་མོ་གལ་ཏེ་མིག་དག་ལས། །དེ་ཡི་རྒྱལ་པོ་འབྱུང་བར་འགྱུར། །ཁ་ཡི་སྒོ་ལས་ཡི་དྭགས་རྣམས། །དེ་བཞིན་གཅི་ལས་དུད་འགྲོ་སྟེ། །བཤང་ལམ་ལས་ནི་དམྱལ་བར་འགྲོ། །འགྲོ་བ་རྣམས་ཀྱི་འགྲོ་བ་གཞན། ཞེས་གསུངས་སོ། །གསུམ་པ་ནི། འཕོས་མ་ཐག་པའི་རྗེས་དེ་ནས་མཚམས་མེད་ཀྱི་ལས་བྱས་པ་དང་གཟུགས་མེད་དུ་སྐྱེ་འགྱུར་མ་གཏོགས་པ་ལ་བར་དོའི་སྣང་བ་འབྱུང་བ་ཡིན་ནོ་ཞེས་རྐང་པ་གཅིག་གསུངས་ཏེ། བར་དོའི་ཚུལ་འདི་ནི་རྗེ་ཉིད་ཀྱིས་དྲན་པ་ཉེར་བཞག་མདོར་བསྡུས་པ་དང་ཆོས་དྲུག་གི་བར་དོའི་སྐབས་སུ་གསུངས་པ་ལྟར་ཤེས་པར་བྱའོ། །ཊཱིཀ་བྱེད་དག་དེ་ལྟར་ལུས་ཀྱི་ནང་ནས་གནས་དེ་དང་དེ་དག་ཏུ་འཕོས་པའི་དེ་མ་ཐག་ཏུ་བར་དོའི་སྣང་བ་འབྱུང་བ་ཡིན་ཏེ། དེ་ཡང་གང་དུ་སྐྱེ་བར་འགྱུར་བ་དེའི་བྱད་གཟུགས་ཅན་གྱི་སྣང་བ་འབྱུང་བ་ཡིན་ནོ། །ཞེས་ཟེར་བ་ནི་རྩིང་གེ་སྟེ། ལུས་ཀྱི་གནས་སྤྱི་གཙུག་ཚངས་བུག་ནས་འཕོས་ཏེ་དེ་མ་ཐག་གཟུགས་མེད་དུ་སྐྱེ་འགྱུར་ལ་བར་དོ་དང་གཟུགས་མེད་ཁམས་པའི་བྱད་གཟུགས་ཀྱི་སྣང་བ་འབྱུང་རྒྱུ་མེད་ལ། མཚམས་མེད་བྱས་པ་ལུས་ཀྱི་འོག་སྒོ་ནས་འཕོས་ཏེ་དེ་མ་ཐག་མནར་མེད་དུ་སྐྱེ་འགྱུར་ལ་བར་དོ་མེད་པས་སོ། །གསུམ་པ་མཇུག་བསྡུ་བ་ནི། སྣང་མཆེད་སོགས་རྐང་པས་དམན་པའི་ཚིགས་བཅད་གཉིས་ཏེ། དེ་ལྟ་བུའི་བསྡུད་རིམ་དེ་ཡང་མདོར་བསྡུ་ན་སྣང་མཆེད་ཐོབ་གསུམ་ཐིམ་པའི་ཚེ་ན་ནི་གཟུགས་སྒྲ་སོགས་རགས་པ་དང་སྣང་བ་ཐིམ་པ་ནི་སྤྲུལ་སྐུ་བསྡུས་པ་དང་། རྟོག་པ་སོགས་ཕྲ་བ་དང་མཆེད་པ་ཐིམ་པ་ནི་ལོངས་སྐུ་བསྡུས་པ་དང་། ཀུན་གཞི་འོད་གསལ་ལ་ཞུགས་ཤིང་ཐོབ་བ་ཐིམ་པ་ནི་ཆོས་སྐུ་ལ་བསྡུས་པ་སྟེ་སྐུ་གསུམ་གྱི་རང་བཞིན་འོད་གསལ་བ་ཉིད་དུ་བསྡུས་པ་ཡིན་ཀྱང་དེ་ངོ་མ་ཤེས་པས་སེམས་འོད་གསལ་བའི་རང་བཞིན་བདེ་གཤེགས་སྙིང་པོ་ལ་སྣང་བ་ཞེས་བྱ་བ་དེ་དང་དེ་ལ་སྒྲིབ་པར་བྱེད་པ་མ་རིག་པའི་མུན་པའི་དོན་སོ་སོར་མ་ཕྱེད་ཅིང་། ཚོགས་དྲུག་ཡུལ་དང་བཅས་པ་བདེན་པར་མེད་པ་སྟོང་པ་དང་ཀུན་གཞི་ལ་གནས་པའི་ཡིད་འདུ་བྱེད་དང་བཅས་པ་བདེན་པར་མེད་པ་སྟོང་པ་ཆེན་པོ་དང་། རྣམ་པར་ཤེས་པ་ཀུན་གཞི་ཉིད་བདེན་པར་མེད་པ་ཤིན་དུ་སྟོང་པ་ཆེན་པོ་རྣམས་ཇི་ལྟ་བ་བཞིན་མ་རྟོགས་པས་སླར་ཡང་འཁོར་བའི་འཁོར་ལོར་འཁྱམས་པ་ཡིན་ལ། དྲི་མ་དེ་ཉིད་ལམ་གྱིས་སྦྱངས་པས་ཡེ་ཤེས་མངོན་དུ་འགྱུར་བ་ཡིན་ཏེ། ཤིན་དུ་རྣམ་པར་དག་པ་ན་མྱ་ངན་ལས་འདས་པ་མཐར་ཐུག་གི་ཆོས་ཀྱི་སྐུར་འགྱུར་བ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་དོན་གྱི་རྣམ་བཤད་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་འཕྲེང་བ་ལས། རྩ་རླུང་ཐིག་ལེ་བསྡུད་པའི་ཚུལ་བསྟན་པ་སྟེ་དུམ་བུ་བཅུ་གཅིག་པའི་བཤད་པའོ།། །།དེ་ལྟར་དུམ་བུ་བཅུ་གཅིག་གི་སྒོ་ནས་གཞི་དང་ལམ་དང་འབྲས་བུའི་གནས་ལུགས་ཕྱིན་ཅི་མ་ལོག་པ་རྒྱས་པར་བཤད་ནས་ད་ནི་དེ་ཐམས་ཅད་ཀྱི་དོན་བསྡུས་ཏེ་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་ཀྱི་རྒྱུ་མཚན་རྟོགས་པར་བྱ་བའི་ཕྱིར་ཕྱི་ནང་གི་སྡེ་སྣོད་གསུམ་སོ་སོར་སྦྱར་ཞིང་སྡེ་སྣོད་ཤེས་པའི་དགོས་པ་དང་གཞི་འབྲས་དབྱེར་མེད་ཀྱི་རང་བཞིན་ལ་སོགས་པ་བཤད་པར་བྱ་སྟེ། རྒྱས་པར་བཤད་པ་དེ་ཉིད་དོན་བསྡུས་པའི་སྒོ་ནས་ཤེས་དགོས་ཤིང་ལུང་གི་དམ་པའི་ཆོས་མཐའ་དག་ཀྱང་སྡེ་སྣོད་གསུམ་པོ་གང་རུང་ལས་མ་འདས་པས་སོ། །དེས་ན་སྤྱི་དོན་གསུམ་ལ་མཇུག་བསྡུ་བསྔོ་བ་དང་བཅས་པ་ལ་གསུམ། མཇུག་བསྡུ་བའི་སྒོ་ནས་རིག་འཛིན་སྡེ་སྣོད་བཤད་པ་དང་། ཕྲིན་ལས་ལ་བསྔགས་ཤིང་བསྔོ་བ་སྨོན་ལམ་དང་བཅས་པ། རྩོམ་པ་མཐར་ཕྱིན་པའི་ཚུལ་ལོ། །དང་པོ་ལ་ལྔ། སྤྱིའི་དོན་བསྡུ་བ། སྡེ་སྣོད་གསུམ་སོ་སོ་དང་སྦྱར་བ། བྱེ་བྲག་ཏུ་སྔགས་ཀྱི་ཚུལ་ཤེས་པའི་དགོས་པ། འབྲས་བུའི་རང་བཞིན་བསྡུ་བ། འདི་གང་ལས་རྙེད་པའོ། །དང་པོ་ནི། རྒྱལ་བ་སོགས་ཚིགས་བཅད་གཉིས་ཏེ། རྒྱལ་བ་སངས་རྒྱས་ཀྱིས་རྒྱུད་སྡེ་བཞི་པོ་རྣམས་ཐམས་ཅད་དུ་སེམས་ལས་དོན་གཞན་པ་མེད་ཀྱང་ཕྱི་རོལ་ཏུ་ཐུན་མོང་བ་ལྟ་བུའི་རྣམ་རིག་ལ་སྣང་བའི་ཕྱི་འཇིག་རྟེན་གྱི་ཁམས་དང་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་གསུངས་པ་དང་། རྡོ་རྗེ་ཐེག་པར་ནང་དུ་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་དང་གཞན་དུ་ཀུན་བརྟགས་པའི་བསྐྱེད་རིམ་གྱི་ལྷ་དང་སྔགས་ལ་སོགས་པ་གསུངས་པ་ཐམས་ཅད་ཀྱང་། དྲི་མ་དང་བཅས་པའི་རྟོག་པས་ཇི་སྲིད་སྦགས་ཀྱི་རིང་ལ་སྦྱང་གཞི་དང་དྲི་མ་མེད་པ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་རྣམ་པ་གཉིས་སུ་གྱུར་པ་ན་འབྲས་བུར་གསུངས་ཏེ། དེ་ཐམས་ཅད་ཀྱང་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་སྤྲོས་པ་དང་བཅས་པ་དང་། དོན་དམ་པའི་བདེན་པ་ལ་བརྟེན་ནས་སྤྲོས་པ་མེད་པ་དེ་ཁོ་ན་ཉིད་ཀྱི་རང་བཞིན་དུ་གསུངས་པ་ཡིན་ལ། དེ་ལྟར་ཆོས་ཐམས་ཅད་བདེན་གཉིས་ཟུང་འཇུག་ལས་མ་འདས་ཀྱང་རྣམ་པར་རྟོག་པ་དང་བཅས་པའི་སེམས་ཅན་རྣམས་ཀྱིས་རྟོགས་སླ་བའི་ཐབས་སུ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་མཚན་མཚོན་གཞི་གསུམ་དང་དེ་རེ་རེ་ལ་ཡང་གསུམ་གསུམ་དུ་དབྱེ་བ་སོགས་མཐའ་ཡས་པ་གསུངས་ཏེ། རྒྱན་ལས། སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ། །ཕན་གདགས་ཕྱིར་ན་མཚན་གཞི་དང་། །མཚན་ཉིད་དང་ནི་མཚོན་པ་དག །རབ་ཏུ་དབྱེ་བས་ཡང་དག་བཤད། ཅེས་གསུངས་སོ། །དེའི་ཕྱིར་སྡེ་སྣོད་གསུམ་སོ་སོ་དང་སྦྱར་ནས་བཤད་པར་བྱའོ། །གཉིས་པ་ལ་གསུམ། མངོན་པ་དང་སྦྱར་བ། མདོ་སྡེ་དང་སྦྱར་བ། འདུལ་བ་དང་སྦྱར་བའོ། །དང་པོ་ལ་གཉིས། ཕྱི་དང་། ནང་ངོ་། །དང་པོ་ནི། ཕྱི་རོལ་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། དེ་ཡང་གདུལ་བྱ་ལྟ་བ་ཐ་དད་པར་ལྷུང་བ་དག་དྲང་བའི་ཕྱིར། བཅོམ་ལྡན་འདས་ཀྱི་མདོ་རྣམས་སུ་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྣང་བ་འདི་ལ་བདག་དང་ཚངས་པ་ལ་སོགས་པའི་བྱེད་པ་པོ་གཞན་མེད་པར་བསྟན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་བ་རང་གི་སེམས་སྣང་ཙམ་ཡིན་ཏེ། ཕྱི་རོལ་ཏུ་མ་གྲུབ་ཀྱང་རྟོག་པས་བཏགས་པ་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱིས་བསྡུས་པ། རྟེན་སྣོད་དང་བརྟེན་པ་བཅུད་དང་ཕྲ་བ་སྐད་ཅིག་དང་རྡུལ་ཕྲན་སོགས་དང་རགས་པ་ཤེས་རྒྱུད་དང་རི་རབ་སོགས་དང་བུམ་པ་ཞེས་པ་ལྟ་བུ་མིང་དང་བུམ་པ་མི་རྟག་ཅེས་པ་ལྟ་བུ་ཚིག་དང་དེ་གཉིས་ཀྱི་གཞི་ཨ་ལ་སོགས་པ་ཡི་གེ་དང་ཤར་ལ་སོགས་པ་ཕྱོགས་དང་འདས་པ་སོགས་དུས་དང་ལ་སོགས་པས་སྤང་གཉེན་དང་སེམས་སེམས་བྱུང་སོགས་རྒྱས་པར་གསུངས་པ་རྣམས་ནི་རྡོ་རྗེ་ཐེག་པ་ལས་ཕྱི་རོལ་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཀྱི་ཆོས་མངོན་པ་སྟེ། དཔེར་ན་ཀུན་ལས་བཏུས་དང་མཛོད་ལ་སོགས་པར་གསུངས་པ་བཞིན་ནོ། །གཉིས་པ་ནང་གི་མངོན་པ་ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་ནི། དཔེ་ཇི་ལྟར་ན་ཕྱི་རོལ་གྱི་མངོན་པའི་སྐབས་སུ་བཤད་པ་བཞིན་དུ་ནང་ན་རྡོ་རྗེའི་ལུས་ལ་གནས་པ་ནི་གསང་སྔགས་ནང་གི་དོན་གྱི་མངོན་པའོ་ཞེས་རྐང་པ་གཅིག་གསུངས་སོ། །གཉིས་པ་ལ་གཉིས། ནང་གི་མངོན་པ་དངོས་དང་། ཕྱི་ནང་གི་མངོན་པའི་ཁྱད་པར་རོ། །དང་པོ་ནི། རྩ་དང་སོགས་ཚིགས་བཅད་གཅིག་སྟེ། བླ་ན་མེད་པའི་རྒྱུད་སྡེ་རྣམས་སུ་ནང་རྡོ་རྗེའི་ལུས་ལ་རྩ་དང་ལུས་ཀྱི་དབྱིབས་ལ་སོགས་པ་རྣམ་འཇིག་རྟེན་གྱི་ཁམས་ཀྱི་རི་མཚོ་གླིང་ལ་སྦྱར་བ་དང་། ནང་གི་རླུང་གིས་ངག་ཏུ་བརྗོད་པ་དང་དུས་ཀྱི་ཚད་དང་ཡི་གེ་ལ་སོགས་པ་བསྐྱེད་པ་དང་། ཐིག་ལེ་ནི་གཟའ་དང་རྒྱུ་སྐར་སོགས་སུ་བཤད་པ་དང་བཤེར་བའི་ཁམས་ཆུ་བོ་དང་དྲོ་བའི་ཁམས་མེ་གསུམ་དུ་བསྟན་པ་སོགས་ཕྱི་ནང་གི་ངེས་པ་སྔར་ནང་ལ་སྦྱར་བའི་སྐབས་སུ་བསྟན་པ་ལྟ་བུར་གསུངས་པ་རྣམས་ནི་ནང་གི་མངོན་པ་ཡིན་ནོ། །གཉིས་པ་ལ། ཇི་ལྟར་སོགས་རྐང་པ་གསུམ་གྱིས་དཔེ་དང་རྟེན་གྱི་སོགས་རྐང་པ་གཉིས་ཀྱིས་ཕྱིའི་མངོན་པའི་ཁྱད་པར་དང་རྟེན་བཅིངས་སོགས་རྐང་པ་གཅིག་གིས་རྫོགས་རིམ་གྱི་ཁྱད་པར་དང་ཕྱི་རོལ་སོགས་རྐང་པ་གཉིས་ཀྱིས་བསྐྱེད་རིམ་གྱི་ཁྱད་པར་དང་། དེ་ནས་གཅིག་གིས་དོན་བསྡུས་པ་སྟེ། དཔེ་དོན་སོ་སོར་སྦྱར་ནས་བཤད་ན། ཕྱིའི་མངོན་པའི་ཁྱད་པར། རྫོགས་རིམ་གྱི། བསྐྱེད་རིམ་གྱི་མངོན་པའི་ཁྱད་པར། དོན་བསྡུ་དང་བཞི་ལས་དང་པོ་ནི། དཔེ་ཇི་ལྟར་ན་མིག་བཙུམ་པས་གཟུགས་མི་མཐོང་བ་ལྟར་ཕྱིའི་མངོན་པར་གསུངས་པའི་སྤང་གཉེན་ཙམ་ཤེས་ཀྱང་རྟེན་རྩ་རླུང་བྱང་སེམས་ཀྱི་གནད་འཆིང་མ་ཤེས་པས་ནི་སྲིད་ཞི་དབྱེར་མེད་ལ་དབང་བྱེད་པའི་ཡེ་ཤེས་མངོན་སུམ་དུ་མཐོང་བ་མ་ཡིན་ནོ། །གཉིས་པ་ནི། དཔེ་ཇི་ལྟར་ན་མིག་སྐྱོན་མེད་པ་ཕྱེ་བས་ནི་ཟླ་བ་ལ་སོགས་པ་གཟུགས་ཀྱི་རྣམ་པ་གསལ་བར་སྣང་བར་འགྱུར་བ་ལྟར་རྟེན་རྩ་རླུང་བྱང་སེམས་ཀྱི་གནད་བཅིངས་ན་རྟགས་བཅུ་དང་བདེ་གསལ་མི་རྟོག་པའི་ཡོན་ཏན་སྣང་སྟོང་དབྱེར་མེད་ཀྱི་ལམ་གྱི་ཡེ་ཤེས་མངོན་སུམ་དུ་མཐོང་བར་འགྱུར་རོ། །གསུམ་པ་ནི། དཔེ་ཇི་ལྟར་ན་མིག་བཙིར་ནས་བལྟས་ན་ཟླ་བ་ལ་སོགས་པ་གཟུགས་གཅིག་ལས་མེད་ཀྱང་གཉིས་སུ་མཐོང་བ་སྟེ་མིག་བཙིར་བའི་འཁྲུལ་རྒྱུས་གཉིས་སུ་སྣང་བ་ལྟར་བསྐྱེད་རིམ་ཡན་ལག་དང་བཅས་པའི་དོན་ཡང་སེམས་ལས་ཕྱི་རོལ་ན་དོན་གཞན་དུ་གྲུབ་པ་མེད་ཀྱང་གཞན་སྣང་ལ་སྤྲུལ་པ་དུ་མ་སྟོན་པ་ལ་དབང་འབྱོར་བའི་ཕྱིར་རྟོག་པས་ཀུན་བརྟགས་པའི་ལྷ་དང་། དཀྱིལ་འཁོར་གྱི་འཁོར་ལོ་སྟོན་པར་མཛད་པའི་རྒྱུ་མཚན་ཡང་དེ་ཡིན་ལ། འདི་ནི་མིག་བཙིར་བས་ཟླ་བ་གཉིས་མེད་ཀྱང་གཉིས་སུ་སྣང་བ་དང་སེམས་ལས་དོན་གཞན་དུ་གཟུགས་སྐུ་བདེན་པ་བ་མེད་ཀྱང་བསྐྱེད་རིམ་ལ་བརྟེན་ནས་གཞན་དོན་དུ་གཟུགས་སྐུ་སྟོན་པ་དཔེ་དོན་དུ་སྦྱར་བ་ཡིན་ནོ། །དོན་བསྡུ་བ་ནི། ལམ་དང་འབྲས་བུའི་ཡེ་ཤེས་མངོན་སུམ་དུ་རྟོགས་པར་བྱེད་པ་དེའི་ཕྱིར་གསང་སྔགས་ཀྱི་གཞུང་ཐམས་ཅད་ལ་ནི་ནང་གི་དོན་གྱི་མངོན་པ་ཞེས་པའི་སྒྲ་འཇུག་པ་ཡིན་ནོ་ཞེས་རྐང་པ་གཅིག་གོ །གཉིས་པ་མདོ་སྡེ་དང་སྦྱར་བ་ནི། གཞན་བཤད་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། བཅོམ་ལྡན་འདས་ཀྱིས་ཕར་ཕྱིན་ཐེག་པའི་མདོ་སྡེ་ལས་གསུངས་པ་ལྟར་རྒྱུད་སྡེ་རྣམས་སུ་ཡང་གཞན་དཀྱིལ་འཁོར་གྱི་འཁོར་ལོར་བཤད་པའི་ལྷ་བསྒོམ་པ་དང་དཀྱིལ་འཁོར་བསྒྲུབ་པ་ལ་སོགས་པ་ཡང་གནས་དང་ཉེ་གནས་ལ་སོགས་པའི་ས་བཅུ་དང་ལམ་ལྔ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་དང་གཟུགས་སྔགས་དང་གསང་སྔགས་རིག་སྔགས་དང་བཅས་པ་རྣམས་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང་། བསྐྱེད་རྫོགས་ཀྱི་ཡན་ལག་ལ་ཟད་པར་དང་ཟིལ་གནོན་དང་ལ་སོགས་པས་སྤྱན་དང་མངོན་ཤེས་སོགས་རང་གཞན་གྱི་དོན་བསྒྲུབ་པའི་ཏིང་ངེ་འཛིན་དང་འབྲེལ་བའི་ཕྱིར་ན་ཟབ་པ་དང་རྒྱ་ཆེ་བ་དུ་མ་སྟོན་པའི་ཕྱིར། ནང་གི་མདོ་སྡེ་དང་ཕ་རོལ་ཏུ་ཕྱིན་པར་བརྗོད་དོ། །གསུམ་པ་འདུལ་བ་དང་སྦྱར་བ་ལ་གཉིས། ཕྱི་དང་། ནང་ངོ་། །དང་པོ་ནི། ཕྱི་རོལ་སོགས་རྐང་པ་གཉིས་ཏེ། འདུལ་བ་ལུང་ལས་གསུངས་པ་བཞིན་དུ་ཕྱི་རོལ་གྱི་ལུས་ངག་གི་སྤོང་བ་བདུན་འཁོར་བཅས་བསྲུང་ཞིང་སྡོམ་པ་དང་། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་སྤོང་བའི་ཚུལ་ཁྲིམས་དང་ལྡན་པས་ཞི་བ་བསྒྲུབ་པའི་ཐབས་སུ་གྱུར་པའི་འདུལ་བ་ནི་ཕར་ཕྱིན་ཐེག་པའི་འདུལ་བ་ཡིན་ནོ། །གཉིས་པ་ནི། ནང་དུ་སོགས་ཚིགས་བཅད་གཅིག་སྟེ། ནང་དུ་རྒྱུད་སྡེ་ལས་རང་དོན་དང་གཞན་དོན་ལ་མ་རྨོངས་པས་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་ནས་སྡོམ་པའི་ཚུལ་ཁྲིམས་བསྲུང་ཞིང་བསྐྱེད་རྫོགས་ཀྱི་ཐབས་མཁས་པའི་ཁྱད་པར་གྱིས་ཉོན་མོངས་ཐམས་ཅད་ཡེ་ཤེས་སུ་བསྒྱུར་བར་བྱེད་པའི་སྒོ་ནས་ཉོན་མོངས་པའི་ཁ་ན་མ་ཐོ་བ་འདུལ་ཞིང་འཁོར་བའི་ཉེས་པ་ནས་སེམས་ཅན་ཐམས་ཅད་སློང་བར་བྱེད་པ་དེའི་ཕྱིར། སྔགས་ཀྱི་ཐེག་པ་ནི་ནང་གི་དོན་གྱི་འདུལ་བར་གསུངས་སོ། །རང་འགྲེལ་ལས། དེ་ལྟར་སྡེ་སྣོད་གསུམ་ཐམས་ཅད་དང་མཐུན་པའི་ཕྱིར་ན། རིག་པ་འཛིན་པའི་སྡེ་སྣོད་ཞེས་བྱའོ། །ཞེས་གསུངས་པའི་དོན་ནི། གསང་སྔགས་རྡོ་རྗེ་ཐེག་པ་ཉིད་ལ་སྡེ་སྣོད་གསུམ་ཀ་ཚང་བས་རིག་པ་འཛིན་པའི་སྡེ་སྣོད་གསུམ་ཞེས་འཆད་དགོས་ཀྱི་སྡེ་སྣོད་གསུམ་ལས་ལོགས་སུ་རིག་པ་འཛིན་པའི་སྡེ་སྣོད་བཞི་པ་ཡིན་ནོ་ཞེས་འདོད་པར་མི་བྱ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་སྡེ་སྣོད་བཞི་པ་དང་། སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ལྔ་པ་སངས་རྒྱས་ཀྱི་དགོངས་པ་མིན་པར་གསུངས་པས་སོ། །གསང་སྔགས་ལ་སྡེ་སྣོད་གསུམ་ཀ་ཚང་བའི་ཚུལ་དེ་ཡང་དག་བསྡུ་ན། ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་མ་འདྲེས་པ་སོ་སོར་བསྟན་པ་དང་ཕྱི་རོལ་གྱི་རྟེན་བརྟེན་པ་ཐམས་ཅད་ནང་ལ་སྦྱར་བ་དང་ཡེ་ཤེས་མངོན་སུམ་དུ་རྟོགས་པར་བྱེད་པའི་ཆ་ནས་མངོན་པ་དང་། ས་ལམ་བྱང་ཕྱོགས་ཟད་པར་ཟིལ་གནོན་སྤྱན་མངོན་ཤེས་ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་རྣམས་ཇི་ལྟ་བ་བཞིན་སྟོན་པའི་ཆ་ནས་མདོ་སྡེ་དང་། ལུས་ངག་ཡིད་གསུམ་ཀའི་མི་མཐུན་ཕྱོགས་ཆ་མཉམ་དུ་བསྲུང་བ་ནང་གི་བཅས་པ་ཁྱད་པར་ཅན་ལ་བརྟེན་ནས་ཉོན་མོངས་པ་འདུལ་བའི་ཐབས་སྟོན་པའི་ཆ་ནས་འདུལ་བ་སྟེ་སྡེ་སྣོད་གསུམ་ཀ་ཚངས་པར་བཞེད་པ་ཡིན་ནོ། །ད་ནི་བྱེ་བྲག་ཏུ་སྔགས་ཀྱི་ཚུལ་ཤེས་པའི་དགོས་པ་བཤད་པར་བྱ་སྟེ། རྡོ་རྗེ་ཐེག་པ་འདི་ནི་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པའི་ཕྱིར། དེ་ཐམས་ཅད་ལ་བསླབས་ནས་ཕྱིན་ཅི་མ་ལོག་པར་ཤེས་པའི་དགོས་པ་བཤད་པར་བྱའོ། །དེ་ལ་གཉིས། ཐེག་དམན་གྱི་སྡེ་སྣོད་ཤེས་པའི་དགོས་པ་དང་། ཐེག་ཆེན་གྱི་སྡེ་སྣོད་ཤེས་པའི་དགོས་པའོ། །དང་པོ་ནི། འདུལ་དང་སོགས་རྐང་པ་གཉིས་ཏེ། ཐེག་དམན་གྱི་འདུལ་བ་དང་མདོ་སྡེ་མངོན་པ་སྟེ་སྡེ་སྣོད་གསུམ་པོ་ཕྱི་རོལ་གྱི་དོན་སྟོན་པའི་ཚུལ་དུ་ཤེས་པས་ནི་གནས་སྐབས་སུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུ་དགྲ་བཅོམ་པ་ཙམ་ཐོབ་པར་བྱེད་དོ། །དེ་ཞེས་པ་འོག་མ་དང་མཚམས་སྦྱར་བའི་ཚིག་གོ །གཉིས་པ་ལ་གཉིས། རྒྱུད་སྡེ་འོག་མ་མན་ཆད་ཤེས་པ་དང་། བླ་ན་མེད་པ་ཤེས་པའི་དགོས་པའོ། །དང་པོ་ནི། ཟབ་མོའི་སོགས་རྐང་པ་གཉིས་ཏེ། ཐེག་དམན་ལས་ཆེས་རྨད་དུ་བྱུང་བ་ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་དང་རྒྱུད་སྡེ་འོག་མ་རྣམས་ནས་འབྱུང་བ་དམན་པ་རྣམས་ཀྱིས་རྟོགས་དཀའ་བས་ཟབ་མོའི་དོན་གྱི་མདོ་སྡེ་དང་འདུལ་བ་དང་མངོན་པ་རྣམས་ཤེས་ཤིང་བསླབ་པ་གསུམ་ལ་སྤྱོད་པར་བྱེད་པ་ནི་བྱང་ཆུབ་སེམས་དཔར་འགྱུར་ཏེ་དེའི་འབྲས་བུ་ནི་བླ་ན་མེད་པའི་བྱང་ཆུབ་དུས་རིང་པོས་མངོན་དུ་བྱེད་དོ། །གཉིས་པ་ནི། ཐབས་མཁས་སོགས་ཚིགས་བཅད་གཅིག་སྟེ། དེའི་ཐོག་ཏུ་ཐབས་མཁས་པའི་ཁྱད་པར་གཞུང་འདིར་གསུངས་པ་ལྟ་བུའི་ནང་གི་དོན་རྒྱས་པར་ཤེས་ཤིང་། སངས་རྒྱས་ཀྱི་སྙིང་པོ་བདེན་གཉིས་དབྱེར་མེད་ཀྱི་ཚུལ་ཇི་ལྟ་བ་བཞིན་རྟོགས་ནས་གཞི་དང་འབྲས་བུ་ངོ་བོ་གཅིག་པར་རྟོགས་པའི་རྟོགས་པ་ལམ་དུ་བྱེད་པ་ནི་བླ་ན་མེད་པའི་སངས་རྒྱས་མྱུར་དུ་ཐོབ་པར་བྱེད་པའི་དགོས་པ་དང་ལྡན་པས། རྒྱུ་མཚན་དེའི་ཕྱིར་རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ལས་གསུངས་པའི་ཟབ་མོ་ནང་གི་དོན་གོ་བའི་ཐབས་སུ་ཟབ་དོན་རྣམས་མཚོན་པར་བྱེད་པའི་ཚིག་བསྡུས་ཏེ་བསྟན་བཅོས་འདི་ཉིད་མཛད་པ་ཡིན་ནོ། །བཞི་པ་འབྲས་བུའི་རང་བཞིན་བསྡུ་བ་ལ་གསུམ། གཞི་དུས་སུ་བསྒྲིབས་པའི་ཚུལ། ལམ་དུས་སུ་སྦྱང་བའི་ཚུལ། འབྲས་དུས་སུ་དག་པའི་ཚུལ་ལོ། །དང་པོ་ལ་གཉིས། ཡེ་ཤེས་ངོས་བཟུང་བ་དང་། དེ་ལ་སྒྲིབ་བྱེད་ཀྱི་དྲི་མའོ། །དང་པོ་ནི། གོང་དུ་བཤད་པ་བཞིན་དབང་མངོན་ཡིད་མངོན་རང་རིག་མངོན་སུམ་རྣམས་ཡང་དག་པའི་རྣལ་འབྱོར་གྱིས་ཟིན་པའི་དུས་ན་ཐམས་ཅད་ཀྱང་རྣལ་འབྱོར་མངོན་སུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་ལ་ཞེས་རྐང་པ་གཅིག་གསུངས་ཏེ། དེའི་ཚེ་ཤེས་བྱ་ཤེས་བྱེད་ཐམས་ཅད་ཡང་དག་པའི་ལྟ་བས་ཟིན་པས་རྒྱུ་འབྲས་སོ་སོར་རྟོག་པའི་ཡེ་ཤེས་དང་། རང་གི་ངོ་བོས་སྟོང་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། རྫུ་འཕྲུལ་ལ་སོགས་པ་མཐུའི་ཁྱད་པར་སྟོན་པ་བྱ་བ་གྲུབ་པའི་ཡེ་ཤེས་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་མཉམ་ཉིད་ཡེ་ཤེས་དང་། ཡེ་ཤེས་དེ་རྣམས་དེ་བཞིན་ཉིད་ལས་གཡོ་བ་མེད་པ་ཆོས་དབྱིངས་ཡེ་ཤེས་ཏེ། དེ་ལྟ་བུའི་ཡེ་ཤེས་ལྔ་ཀའང་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པར་བཞུགས་ཏེ། རྒྱུད་བླ་ལས། བརྫུན་མེད་སླུ་མེད་ཆོས་ཉིད་དང་། །རྣམ་ཀུན་མངོན་པར་བྱང་ཆུབ་དང་། །དྲི་མ་བག་ཆགས་བཅས་སྤངས་པ། །སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ཉིད། །ཅེས་གསུངས་སོ། །གཉིས་པ་ལ་གཉིས། དྲི་མ་བྱུང་བའི་ཚུལ་དང་། ཇི་ལྟར་བསྒྲིབས་པའི་ཚུལ་ལོ། །དང་པོ་ནི། དེ་སྒྲིབ་སོགས་རྐང་པ་གཉིས་ཏེ། ཡེ་ཤེས་དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་ནི་ཀུན་གཞི་འོད་གསལ་བ་དེ་ཉིད་རང་ངོ་མ་ཤེས་པས་གཡོས་ཏེ་ཉོན་ཡིད་ལངས་པ་ལས་ང་མ་ཡིན་པ་ལ་ང་དང་བདག་མ་ཡིན་པ་ལ་བདག་དུ་གཟུང་བས་སྤང་བྱ་འཁྲུལ་པའི་རྟོག་པ་གཟུང་བ་དང་འཛིན་པ་ཐ་དད་པའི་རྣམ་པ་ཅན་གྱི་ཤེས་པ་ཡེ་ཤེས་དང་འབྲལ་དུ་རུང་བས་བློ་བུར་བར་སྐྱེས་ནས་འཕེལ་ཞིང་ངོ་བོ་ལ་བསྒྲིབས་པས་ཉིད་འཁྲུལ་པར་གྱུར་ཏོ། །དེའི་ཕྱིར་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་ནི་རང་ངོ་མ་ཤེས་པའི་མ་རིག་པ་སྟེ། དེས་གཡོས་ནས་ཉོན་ཡིད་ཀྱིས་བདག་དུ་བཟུང་བས་བདག་འཛིན་དེའི་ཡུལ་དུ་བདག་ཡོད་པར་སྣང་བས་དེ་ལ་ལྟོས་ནས་གཞན་དུ་འདུ་ཤེས་ཤིང་བདག་གི་ཆ་ལ་ང་ཡིར་འཛིན་པའི་འདོད་ཆགས་དང་གཞན་གྱི་ཆ་ལ་མནར་སེམས་པའི་ཞེ་སྡང་དང་ངོ་མ་ཤེས་པའི་གཏི་མུག་སྟེ། དུག་གསུམ་པོ་བསྐྱེད་ནས་དེ་དང་རྗེས་སུ་འབྲེལ་བ་ལས་འཁོར་བའི་ཉེས་པ་ཐམས་ཅད་འབྱུང་བར་གསུངས་ཏེ། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་པས་སོ། །གཞན་ཡང་རྣམ་འགྲེལ་ལས། ཉེས་པ་རྣམ་པ་ཐམས་ཅད་དག། འཇིག་ཚོགས་ལྟ་ལས་སྐྱེས་པ་སྟེ། །དེ་མ་རིག་སྟེ་དེ་ལས་ཆགས། །དེ་ལས་ཞེ་སྡང་ལ་སོགས་འབྱུང་། །དེ་ཉིད་ཀྱིས་ན་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས། །ཤེས་གསུངས་པའི་དོན་ཀྱང་། འཁོར་བའི་ཉེས་པ་ཐམས་ཅད་ནི་འཇིག་ལྟ་ལྷན་སྐྱེས་ལས་སྐྱེས་ཤིང་། འཇིག་ལྟ་ལྷན་སྐྱེས་དེ་ནི་རང་ངོ་མ་ཤེས་པའི་མ་རིག་པ་ལས་བྱུང་སྟེ། དེ་ལྟར་བྱུང་བའི་འཇིག་ལྟ་དེ་ལས་འདོད་ཆགས་དང་དེ་ལས་ཞེ་སྡང་ལ་སོགས་ཉོན་མོངས་པ་ཐམས་ཅད་འབྱུང་ངོ་། །དེའི་ཕྱིར་ཉེས་པ་ཐམས་ཅད་ཀྱི་རྩ་བའམ་རྒྱུ་ནི་རང་ངོ་མ་ཤེས་པའི་གཏི་མུག་ཡིན། ཞེས་པའོ། །དེའི་ཕྱིར། ཀུན་གཞི་མི་གཡོ་ཞིང་རང་ངོ་ཤེས་པའི་ཐབས་སུ་མ་བཅོས་པ་ལྷུག་པར་འཇོག་པ་ཉིད་གནད་དུ་ཆེ་བ་ཡིན་ནོ། །གཉིས་པ་ནི། འདུ་བྱེད་སོགས་ཚིགས་བཅད་གཅིག་སྟེ། ཀུན་གཞིའི་སྟེང་ནས་ཉོན་ཡིད་ཀྱི་འདུ་བྱེད་ཀྱིས་ཁམས་གསུམ་མངོན་པར་འདུ་བྱེད་པས་དེ་ལ་བརྟེན་ནས་དོན་ལ་ཡོད་པ་ཡང་དག་པའི་གནས་ལུགས་མ་མཐོང་ཞིང་སྨིག་རྒྱུ་ལ་ཆུ་རུ་འཁྲུལ་པ་ལྟར་དེ་མ་ཡིན་ལ་དེར་འཛིན་གྱི་བློས་དོན་ལ་མེད་པ་འཁྲུལ་པའི་སྣང་བ་སྣ་ཚོགས་པ་མཐོང་ནས་རྣམ་པར་རྟོག་པའི་འདམ་དུ་ཡེ་ཤེས་བྱིང་བར་གྱུར་པས་བྱིས་པ་སོ་སོ་སྐྱེ་བོ་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་བྱིང་ཞིང་འཁོར་བ་ཡིན་ནོ། །གཉིས་པ་ལམ་དུས་སུ་སྦྱང་བའི་ཚུལ་ནི། ཕྱི་ནང་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། ལམ་གྱི་ཡེ་ཤེས་དེས་ནི་ཕྱི་འཇིག་རྟེན་གྱི་ཁམས་ནང་རྡོ་རྗེའི་ལུས་གཞན་དཀྱིལ་འཁོར་གྱི་འཁོར་ལོ་གསུམ་ཀ་དེ་ཁོ་ན་ཉིད་ཡེ་ཤེས་ཕྱག་རྒྱ་ཆེན་པོར་དབྱེར་མེད་དུ་རྟོགས་པས་ན་དོན་ལ་སངས་རྒྱས་ཀྱི་རང་བཞིན་ཡིན་ཏེ། སངས་རྒྱས་ཀྱི་སྐད་དོད་བུདྡྷཱ་ཞེས་པ། གོ་བ་དང་རྟོགས་པ་ལ་ཡང་འཇུག་པས་སོ། །དེས་ན། ནང་རྟོགས་ན་ནང་སངས་རྒྱ་ནུབ་རྟོགས་ན་ནུབ་སངས་རྒྱ། ཞེས་པ་དང་གནད་གཅིག་གོ །དེ་ཡང་ཉམས་སུ་ལེན་པ་ན་ཀུན་རྫོབ་དུ་གཟུང་འཛིན་གཉིས་སུ་སྣང་བ་སོགས་སྤྲོས་པའི་མཚན་མ་རྣམས་ཆུ་ནང་གི་ཟླ་བ་ལྟ་བུར་དོན་ལ་མེད་བཞིན་དུ་རྟོག་པའི་ངོར་ཕྱི་རོལ་གྱི་དོན་དུ་སྣང་བ་སེམས་ཀྱི་རང་གདངས་སུ་གཟིགས་ཤིང་། དོན་དམ་བདེན་པའི་ངོ་བོ་སྟོང་ཉིད་བཅོ་བརྒྱད་པོ་ཡུལ་ཡུལ་ཅན་དབྱེར་མེད་པའི་གནས་ཚུལ་གཅིག་ཏུ་བདེན་པར་གཟིགས་པ་སྟེ། བདེན་གཉིས་ཟུང་འཇུག་གི་ཤེས་རབ་ཉམས་སུ་བླངས་པས་སྒྲིབ་པ་མཐའ་དག་སྦྱོང་བར་བྱེད་པ་ཡིན་ནོ། །གསུམ་པ་འབྲས་དུས་སུ་དག་པའི་ཚུལ་ནི། ཉོན་མོངས་སོགས་རྐང་པ་གསུམ་སྟེ། དེ་ལྟར་ཟུང་འཇུག་གི་རྣལ་འབྱོར་ཉམས་སུ་བླངས་པས་ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་དང་འཁོར་གསུམ་དུ་རྟོག་པ་སོགས་ཤེས་བྱའི་སྒྲིབ་པ་དང་ཏིང་ངེ་འཛིན་ལ་གེགས་བྱེད་སོགས་སྙོམས་འཇུག་གི་སྒྲིབ་པ་སྟེ་སྒྲིབ་པ་གསུམ་བག་ཆགས་དང་བཅས་པ་དང་བྲལ་ནས་བདེན་གཉིས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་སོ་སོ་རང་གིས་རིག་པའི་ཡེ་ཤེས་དེ་ཉིད་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ཏེ། དེ་ལ་ཡུལ་གྱི་སྒོ་ནས་ཆོས་ཉིད་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་ཆོས་ཅན་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏེ་ཡེ་ཤེས་རྣམ་པ་གཉིས་སུ་གསུངས་སོ། །འདིའི་ཐད་ཀྱི་འགྲེལ་པར། རྒྱུད་བླའི་ལུང་། སེར་སྣ་སོགས་ཤོ་ལོ་ཀ་གཅིག་གིས་ཉོན་སྒྲིབ་དང་ཤེས་སྒྲིབ་ཀྱི་ངོ་བོ་ངོས་གཟུང་ནས་དེ་ལྟ་བུའི་སོགས་ཀྱིས་ཤེས་སྒྲིབ་ཀྱི་ཁོངས་སུ་གཏོགས་པའི་སྙོམས་འཇུག་གི་སྒྲིབ་པ་དང་དག་ནས་ཤེས་པའི་ཁོངས་ན་གནས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་ལ་སྙོམས་པར་འཇུག་པའི་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་སྟེ་སྒྲིབ་པ་གསུམ་པོ་ངོས་བཟུང་ནས་བདེན་པ་གཉིས་ཀྱི་སོགས་པས་མཐར་ཐུག་གི་ཡེ་ཤེས་དངོས་བཤད་དེ། དེའི་ཤེས་བྱེད་དུ་རྒྱུད་བླའི་དགེ་འདུན་དཀོན་མཆོག་གི་སྐབས་ནས་ཚིགས་བཅད་བཞི་དྲངས་ཏེ་འདི་ལྟར་རྟོགས་ན་སྔགས་ཀྱི་འབྲས་བུ་མཐར་ཐུག་པ་ཉིད་རྟོགས་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་པས་ནི། ཕར་ཕྱིན་ཐེག་པ་ནས་བཤད་པའི་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང་རྡོ་རྗེ་ཐེག་པ་ནས་གསུངས་པའི་ཡེ་ཤེས་དེ་གཉིས་ལ་ཁྱད་པར་མེད་པས་འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་པར་གཞག་པ་ལ་མདོ་སྔགས་དགོངས་པ་གཅིག་གོ །ཞེས་པའི་དོན་ཡིན་ཏེ། ཚུལ་གསུམ་གྱི་སྒྲོན་མེ་ལས་ཀྱང་། དོན་གཅིག་ན་ཡང་མ་རྨོངས་དང་། །ཞེས་མདོ་སྔགས་གཉིས་པོ་ཐོབ་བྱའི་འབྲས་བུ་དོན་གཅིག་པར་གསུངས་སོ། །ལྔ་པ་བསྟན་བཅོས་འདི་གང་ལས་རྙེད་པ་ལ་གསུམ། ཇི་ལྟར་བསྡུས་པའི་ཚུལ། དེའི་ཁུངས་བཀོད་པ། རང་བཟོ་མ་ཡིན་པར་བསྟན་པའོ། །དང་པོ་ནི། དེ་བས་སོགས་རྐང་པ་གསུམ་སྟེ། བསྟན་བཅོས་འདི་བརྩམས་པའི་རྒྱུ་མཚན་དང་དགོས་པ་མཐའ་ཡས་པ་གོང་དུ་བཤད་ཟིན་པ་དེ་ལྟ་བས་ན་རྡོ་རྗེ་ཐེག་པ་རུ་དཔག་དུ་མེད་པར་གསུངས་པའི་ཟབ་གནད་ཀྱི་ཚིག་དང་དོན་གལ་ཆེ་བ་རྣམས་གཞུང་འདིར་བསྡུས་པ་ཡིན་ཏེ། གཞི་ལམ་འབྲས་གསུམ་གྱི་ཟབ་མོའི་གནས་ལུགས་རྟོགས་པར་བྱ་བའི་ཕྱིར་དུའོ། །དེ་ཡང་གཙོ་གང་ཆེ་བ་རྣམས་ཀྱི་ཕྱོགས་རེ་ཙམ་བསྡུས་པ་ཡིན་གྱི་རྒྱས་པར་ནི་དཔག་དུ་མེད་དོ། །གཉིས་པ་ལ་གཉིས། དངོས་དང་། ཟློས་པ་སྤང་བའོ། །དང་པོ་ནི། རྒྱས་པར་སོགས་རྐང་པ་གསུམ་སྟེ། ཚུལ་འདི་ལྟ་བུ་རྒྱས་པར་བསྟན་པ་དཔག་ཏུ་མེད་ཀྱང་འདིར་ཚིག་མངས་སུ་དོགས་པས་ཐོས་པས་མི་ངོམས་པའི་བློ་གྲོས་རྒྱ་ཆེ་བ་དག་གིས་རྒྱུད་སྡེ་མ་ལུས་པ་དང་། རྒྱལ་བའི་སྲས་པོ་རིགས་གསུམ་མགོན་པོ་དང་ཀླུ་སྒྲུབ་ལ་སོགས་པ་རྣམས་ཀྱིས་རྒྱས་པར་བསྟན་པའི་འགྲེལ་པ་རྣམས་ལ་རྣམ་དཔྱོད་དང་ལྡན་པར་ལྟ་བར་གྱིས་ཤིག་ཅེས་ཁུངས་བསྟན་པའོ། །དེ་ལྟར་ན་གཞུང་འདི་ཉིད་རྒྱུད་འགྲེལ་དེ་རྣམས་དང་ཟློས་པར་མི་འགྱུར་རམ་ཞེ་ན། གཉིས་པ་ནི། གཞུང་འདི་དང་རྒྱུད་འགྲེལ་ཟློས་བར་མི་འགྱུར་ཏེ། རྒྱུད་འགྲེལ་དེ་དག་བལྟ་བར་བྱེད་པ་ལ་ཡང་གཞུང་འདི་ལྟ་བུ་དགོས་པས་ཁུངས་སུ་གྱུར་པའི་རྒྱུད་འགྲེལ་དེ་རྣམས་ཀུན་ལ་ཐོས་བསམ་སྒོམ་གསུམ་གྱིས་འཇུག་པའི་སྒོར་བསྟན་བཅོས་འདི་བརྩམས་པ་ཡིན་ནོ། །ཞེས་རྐང་པ་གཅིག་གོ །གསུམ་པ་རང་བཟོ་སྤང་བ་ལ་གཉིས། དངོས་དང་། ཕྱིན་ཅི་མ་ལོག་པར་ཤེས་པའི་རྒྱུ་མཚན་ནོ། །དང་པོ་ནི། ཟབ་མོ་སོགས་ཚིགས་བཅད་གཅིག་སྟེ། འོ་ན་རང་བཟོའི་སྐྱོན་མེད་དམ་ཞེ་ན། དཔལ་རང་བྱུང་གི་ཞལ་སྔ་ནས་ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་མཛད་པ་འདི་ལ་ནི་རང་བཟོའི་ཉེས་པ་ཡོད་པ་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་བདུད་བཞི་ལས་རྒྱལ་བ་ཉིད་ཀྱིས་གསུངས་པའི་མདོ་རྒྱུད་ཁོ་ན་བཞིན་དུ་བྲིས་པས་སོ། །དེ་ལྟར་ན་རྒྱལ་བས་གསུངས་པའི་རྒྱུད་སྡེ་རྣམས་མཐའ་དྲུག་དང་ཚུལ་བཞིའི་དབུས་སུ་ཆུད་པས་ཤིན་ཏུ་གོ་དཀའ་བ་མ་ཡིན་ནམ། དེས་ན་བཤད་མི་རིགས་སོ་སྙམ་ན། གཉིས་པ་ནི། གསང་བའི་སོགས་ཚིགས་བཅད་གཅིག་སྟེ། རྟོགས་དཀའ་བའི་དོན་ཕྱིན་ཅི་མ་ལོག་པར་རྙེད་པའི་རྒྱུ་ཡོད་དེ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བའི་བདག་པོ་བཀའ་བསྡུད་པ་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རིགས་གསུམ་མགོན་པོ་དང་། ས་ར་ཧ་དང་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་མཁས་ཤིང་གྲུབ་པ་ཐོབ་པས་རྡོ་རྗེ་ཐེག་པའི་དེ་ཁོ་ན་ཉིད་གཟིགས་པ་རྣམས་ཀྱི་རྣམ་པར་འགྲེལ་པ་དུ་མ་ལ་རྣམ་དཔྱོད་དང་ལྡན་པས་ཞུགས་པའི་མཐུ་ལ་རབ་ཏུ་བརྟེན་ནས་བློ་གྲོས་ཀྱི་མིག་གིས་མཐོང་ཞིང་རྡོ་རྗེ་ཐེག་པའི་ཟབ་མོ་ནང་གི་དོན་མ་ལུས་པ་ཕྱིན་ཅི་མ་ལོག་པར་རྙེད་པ་ཡིན་ཏེ། དེས་ན་རང་བཟོར་བཤད་པ་མ་ཡིན་ནོ། །གཉིས་པ་ཕྲིན་ལས་ལ་བསྔགས་ཤིང་བསྔོ་བ་སྨོན་ལམ་དང་བཅས་པ་ལ་གསུམ། བཅོམ་ལྡན་འདས་ཀྱི་ཕྲིན་ལས་ལ་གུས་པས་བསྟོད་པ་དང་། བསྔོ། བཟོད་པར་གསོལ་བའོ། །དང་པོ་ལ་བཞི། སྐུའི་གསང་བ་དང་། གསུང་གི། ཐུགས་ཀྱི་གསང་བ་ལ་བསྟོད་པ། ཐུན་མོང་དུ་ཕྱག་འཚལ་བའོ། །དང་པོ་ནི། རྒྱལ་བ་སོགས་རྐང་པ་གཉིས་ཏེ། རྡོ་རྗེ་ཐེག་པ་བླ་ན་མེད་པ་ལ་བརྟེན་ནས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་སངས་རྒྱས་ཀྱི་སྐུ་དེ་ནི་ནམ་མཁའི་སྐུ་ཅན་ཏེ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་རང་གི་ངོ་བོ་སེམས་ཀུན་གཞིའི་རྣམ་ཤེས་འགགས་ཤིང་དག་པས་སྐྱེ་འགག་དང་བྲལ་བའི་ཞི་བ་ཆེན་པོ་མཐར་སོན་པ་སྟེ། འཇུག་པ་པ་ཚབ་འགྱུར་དུ་ཡང་། །ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པའང་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་འབྱུང་ངོ་། །འདི་ནི་ངོ་བོ་ཉིད་སྐུ་འཆད་པའི་གཞུང་ཡིན་པས་ནམ་མཁའི་སྐུ་ཅན་ཞེས་པའི་ཤེས་བྱེད་དུ་དྲངས་པ་སྟེ། སྦྱང་གཞི་ཀུན་གཞིའི་རྣམ་པར་ཤེས་པ་འགགས་པས་ཡེ་ཤེས་ཀྱི་སྐུ་མངོན་དུ་མཛད་པ་དེའི་ཕྱིར་ཆོས་དབྱིངས་ཤིན་ཏུ་དྲི་མ་མེད་པ་ནི་ནམ་མཁའི་སྐུ་ཅན་ནོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུ་ལས་ཡེ་ཤེས་གཞན་གཞི་པོ་གཟུགས་ཀྱི་སྐུར་སྣང་བ་ནི་ནམ་མཁའ་ལས་ཉི་མའི་དཀྱིལ་འཁོར་སྣང་བ་ལྟ་བུ་སྟེ། དེའི་ཕྱིར་དུས་འཁོར་ལས་ཉིན་མོར་བྱེད་པའི་སྐུ་ཞེས་ཀྱང་གསུངས་སོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེའི་ཕྲིན་ལས་ཀྱི་རྣམ་པར་རོལ་པ་ནི་ཡེ་ཤེས་ཀྱི་སྐུ་དེ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་དུ་གཟུགས་ཀྱི་སྐུའི་བཀོད་པ་དཔག་ཏུ་མེད་པ་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་རྒྱུན་མི་ཆད་པར་སྟོན་པ་ནི་སྐུའི་གསང་བ་སྟེ། ནམ་མཁའི་སྐུ་ཅན་ལས་གཞན་དོན་ཕྲིན་ལས་མཐའ་ཡས་པ་མཐའ་ཡས་པར་འབྱུང་བ་འདི་ནི་བྱིས་པ་དག་གིས་བསམ་གྱིས་མི་ཁྱབ་པའི་ཕྱིར་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །གཉིས་པ་ནི། ལྷ་ཡི་སོགས་རྐང་པ་གཉིས་ཏེ། ལྷའི་རྔ་བོ་ཆེ་མ་བསྐུལ་བར་ཆོས་ཀྱི་སྡོམས་བཞིའི་སྒྲ་སྒྲོག་པས་སེམས་ཅན་རྣམས་ཉོན་མོངས་པ་དང་སྡུག་བསྔལ་གྱི་གནས་ལས་སྐྱོབ་ཅིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགའ་བདེ་འཕེལ་བར་བྱེད་པ་ལྟ་བུའི་སངས་རྒྱས་ཀྱི་གསུང་ཆོས་ཀྱི་དུང་ནི་ངག་གི་རྩོལ་བ་འདུ་མི་མཛད་པར་ཡང་སེམས་ཅན་གྱིས་གང་དུ་ཁྱབ་པའི་ནམ་མཁའི་ཁམས་དང་མཉམ་པར་འབད་རྩོལ་མེད་པར་གདུལ་བྱའི་འགྲོ་བ་ཇི་སྙེད་པ་ཀུན་གྱིས་ཉེ་རིང་མེད་པར་ཐོས་པར་མཛད་པ་ནི་གསུང་གི་གསང་བའོ། །གསུམ་པ་ནི། ཐུགས་སོགས་རྐང་པ་གཉིས་ཏེ། སངས་རྒྱས་ཀྱི་ཐུགས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དྲི་མ་དང་བྲལ་བ་ལས་དགོས་འདོད་འབྱུང་བ་ལྟར་འབད་རྩོལ་མེད་པར་སོ་སོར་རྟོག་པ་དང་བྱ་བ་གྲུབ་པའི་ཡེ་ཤེས་དང་ལྷན་ཅིག་ཏུ་སྤྲོས་པའི་མཚན་མ་ཅུང་ཟད་ཀྱང་མི་མངའ་བར་སྤྲོས་པ་དང་ལྡན་པའི་རིགས་ཅན་གསུམ་པོ་རྣམས་ལ་སོ་སོའི་ཡིད་ཀྱི་འདོད་པ་བཞིན་དུ་རེ་བ་བསྐོང་བར་མཛད་པ་ནི་ཐུགས་ཀྱི་གསང་བའོ། །གསུང་དང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་ཡང་སྔ་མ་ལྟར་ཤེས་པར་བྱའོ། །བཞི་པ་ནི། སེམས་ཅན་སོགས་རྐང་པ་གཉིས་ཏེ། དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱི་གསང་བ་ནི་སེམས་ཅན་གྱི་ཁམས་ཇི་སྙེད་པའི་ཉོན་མོངས་རྣམས་དང་ལྷན་ཅིག་ཏུ་འཇུག་ཅིང་མཁྱེན་ཀྱང་རྒྱལ་བ་ཁྱོད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ལ་ཉེས་པས་ཅུང་ཟད་ཀྱང་གོས་པ་མེད་པར་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་མཛད་པ་དང་། འཆད་པར་འགྱུར་བའི་ལུང་དང་རིགས་པས་ཀྱང་འཐད་པས་རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་ན་རང་བྱུང་གི་སངས་རྒྱས་བདུད་བཞི་ལས་རྒྱལ་བ་ཁྱོད་ལ་རྩོམ་པ་པོ་བདག་ནི་སྒོ་གསུམ་གྱིས་བཏུད་ནས་གུས་པས་ཕྱག་འཚལ་ལོ། །འདིའི་ཐད་ཀྱི་འབྲེལ་པ་ལས། ཉི་མའི་ནས་བཞིན་ནོའི་བར་གྱིས་སེམས་ཅན་ཉོན་མོངས་ལྷན་ཅིག་འཇུག་ཀྱང་ཁྱོད་ལ་གོས་པ་མེད། ཅེས་པ་དཔེ་དང་སྦྱར་ཞིང་། མཚན་བརྗོད་ལས། ནམ་མཁའི་མཐའ་ལ་རབ་གནས་པས། །ཤེས་པ་ཆོས་སྐུ་དང་། ཡིད་བཞིན་ནོར་བུ་ཆེན་པོ་འཆང་། ཞེས་པ་ལོངས་སྐུ་དང་། དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །ཅེས་པ་སྤྲུལ་སྐུ་དང་། བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཅེས་པས་ཕྲིན་ལས་ཏེ། ཐུགས་གསུང་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་ལུང་དང་སྦྱར་ནས་ངོ་བོ་ཉིད་སྐུ་སོགས་རྒྱུད་བླའི་ལུང་རྐང་པ་གསུམ་གྱིས་བསྟན་ནས་ཚིགས་བཅད་གཉིས་ཀྱིས་བཤད་པ་སྟེ། ཡེ་ཤེས་ཀྱི་སྐུ་རྒྱས་པར་གསུངས་ནས་དེའི་བདག་པོའི་རྐྱེན་ལས་བྱུང་བའི་ཕྲིན་ལས་ཀྱང་། བརྒྱ་བྱིན་རྔ་སྤྲིན་ཞེས་པས་སྤྲུལ་སྐུའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་དཔེའི་སྒོ་ནས་གསུངས་ལ། དེ་བཞིན་དུ་ཚངས་པ་དང་། ཉི་མ་ནོར་བུ་རིན་ཆེན་དང་། །ཞེས་པས་ལོངས་སྐུའི་དང་། རྐང་པ་ཕྱི་མ་གཉིས་ཀྱིས་ཆོས་སྐུའི་ཕྲིན་ལས་གསུངས་སོ། །ཀླུ་སྒྲུབ་ཀྱིས་བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་གནས། །སྤྱོད་པའི་འབྲས་བུར་ཡོངས་སུ་འཛིན། །ཞེས་གཞི་འབྲས་གཅིག་པར་བཤད་ནས། གནས་ནི་ཡོངས་སུ་གྱུར་པ་སྟེ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པས། གཞི་འབྲས་ངོ་བོ་གཅིག་ཀྱང་གཞི་དུས་སུ་རང་ངོ་མི་ཤེས་པའི་བག་ཆགས་དེ་གནས་གྱུར་ནས་འབྲས་དུས་སུ་རང་རིག་པ་ཉིད་ལ་འབྲས་བུ་ཆོས་སྐུར་བརྗོད་ཅིང་། བག་ཆགས་ལས་གྲོལ་བསམ་མི་ཁྱབ། །འཁོར་བའི་བག་ཆགས་བསམ་དུ་ཡོད། །ཁྱོད་ནི་ཀུན་དུ་བསམ་མི་ཁྱབ། །ཅེས་པ་འཁོར་འདས་ཀྱི་ཁྱད་པར་རིག་པ་དང་མ་རིག་པ་ཙམ་ཡིན་པའི་ཕྱིར་འཁོར་བའི་ཆོས་རྣམས་རྟོག་པས་བསམ་དུ་ཡོད་ཀྱང་མྱང་འདས་ནི་རྟོག་པས་བསམ་གྱིས་མི་ཁྱབ་པར་བསྟན་ནོ། །གང་གིས་ཁྱོད་ནི་ཤེས་པར་ནུས། །ངག་གི་སྤྱོད་ཡུལ་ཀུན་ལས་འདས། །དབང་པོ་ཀུན་གྱི་སྤྱོད་ཡུལ་མིན། །ཞེས་པ་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་སྐུ་དེ་ནི་ཤེས་བྱ་ཤེས་བྱེད་རྗོད་བྱ་རྗོད་བྱེད་རིག་བྱ་རིག་བྱེད་ལས་འདས་པའི་ཕྱིར་གང་གིས་ཀྱང་ཤེས་པར་མི་ནུས་སམ་ཞེས་འདྲི་བའོ། །ཡིད་ཀྱི་ཤེས་པས་རྟོགས་པར་བྱ། །གང་ཡང་རུང་ལ་ཕྱག་འཚལ་བསྟོད། །ཅེས་པ། ཡིད་གཡོ་བའི་དྲི་མ་དག་ནས་ཟག་པ་མེད་པའི་ཡིད་དུ་གྱུར་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་རང་རིག་པའི་ཚུལ་དུ་རྟོགས་པར་བྱ་བ་ཡིན་པས། ཡིད་བཞིན་གྱི་ནོར་བུ་ལྟར་དགོས་འདོད་གང་ཡང་རུང་བ་འབྱུང་ངོ་། །དེའི་ཕྱིར། འདི་ནི་མྱ་ངན་འདས་པ་ཉིད། །དྲི་མ་མེད་པར་སེམས་གྱུར་པའི། །སེམས་ཅན་ཀུན་གྱི་དངོས་མེད་པ། །ངོ་བོ་དེ་ཡང་དེའི་སྤྱོད་ཡུལ། །དེ་མཐོང་བྱང་ཆུབ་སེམས་དབང་པོ། །ཤིན་ཏུ་དྲི་མེད་ཆོས་ཀྱི་སྐུ། །ཞེས་པ་བཤད་མ་ཐག་པ་འདི་ནི་སངས་རྒྱས་ཀྱི་མྱང་འདས་ཉིད་ཡིན་ལ། དེ་ཡང་སེམས་ཀུན་གཞིའི་རྣམ་ཤེས་གནས་གྱུར་ནས་དྲི་མ་ཅུང་ཟད་ཀྱང་མེད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའོ། །ཡེ་ཤེས་དེ་ནི་སེམས་ཅན་གྱི་གཞལ་བྱའི་དངོས་པོར་མེད་པ་སྨྲ་བསམ་རྗོད་མེད་ཀྱི་ངོ་བོ་ཉིད་དེ་ཡང་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་དེ་མཐོང་བ་ན་བྱང་སེམས་ཀྱི་དབང་པོ་སངས་རྒྱས་ཤེས་ཀྱང་བྱ་ལ། མཐར་ཐུག་གི་ཆོས་སྐུ་ཐོབ་པ་ཞེས་བྱའོ། །དེའི་ཡོན་ཏན་གྱི་ཁྱད་པར་ཡང་། དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་གནས་གྱུར་ནས། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་རྣམས་མཛད། །ཅེས་མཛད་པ་ཕྲིན་ལས་དང་བཅས་པ་རྒྱས་པར་གསུངས་སོ། །འཇུག་པའི་ལུང་ཤོ་ལོ་ཀ་སྔ་མའི་རྐང་པ་དང་པོས་ངོ་བོ་ངེས་པ་དང་གསུམ་པས་དུས་ངེས་པ་དང་བཞི་པས་འཁོར་ངེས་པ་སྟེ་ལོངས་སྐུའི་ཁྱད་པར་གསུམ་གསུངས་ཤིང་། གཉིས་པས་ཐུགས་རྣམ་པར་མི་རྟོག་པ་དཔེ་དང་བཅས་པ་བསྟན་པའི་ཕྱིར་ལོངས་སྐུ་བསམ་གྱིས་མི་ཁྱབ་པར་གསུངས་ལ། དེ་ནས་ཤོ་ལོ་ཀ་གཅིག་གིས་ཆོས་ངེས་པ་བསམ་གྱིས་མི་ཁྱབ་པར་གསུངས་སོ། །ཤོ་ལོ་ཀ་ཕྱི་མས་ནི། འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །ཅེས་དུས་ངེས་པ་འཁོར་བ་ཇི་སྲིད་བར་དུ་རྟག་པར་གསུངས་པ་དེ་ཉིད་རྒྱུ་མཚན་གྱི་སྒོ་ནས་རྒྱས་པར་བཤད་པའོ། །དེ་ལྟར་ལུང་འདི་རྣམས་དང་སྦྱོར་བའི་དོན་ནི། །དིང་སང་གངས་ཅན་གྱི་ལྗོངས་འདིའི་མཁས་པའི་འདུན་ས་མང་པོ་ན། མདོ་སྔགས་ལྟ་བ་མི་ཅིག་པར་འདོད་པ་དང་མདོ་ཕྱོགས་ཀྱི་ལྟ་བ་ལ་ཡང་སློབ་དཔོན་ཀླུ་སྒྲུབ་དང་སངས་རྒྱས་སྐྱངས་དང་ཟླ་བ་གྲགས་པ་ལ་སོགས་པའི་ལྟ་བ་ལ་དབུ་མ་ཐལ་འགྱུར་བའི་ལྟ་བ་ཞེས་ལྟ་བ་རྣམས་ཀྱི་ཡང་རྩེ་དང་། ཀླུ་སྒྲུབ་ཀྱི་རྗེས་འབྲང་ལེགས་ལྡན་འབྱེད་སོགས་དང་བྱམས་ཆོས་རྗེས་འབྲང་དང་བཅས་པའི་ལྟ་བ་ལ་དབུ་མ་རང་རྒྱུད་པའི་ལྟ་བ་ཞེས་སྔ་མ་ལས་ཅུང་ཟད་དམན་པ་དང་། ཐོགས་མེད་སྐུ་མཆེད་ཀྱི་གསུང་རབ་ནས་བཤད་པའི་ལྟ་བ་ལ་ཐེག་ཆེན་སེམས་ཙམ་པའི་ལྟ་བ་ཞེས་དེ་པས་ཀྱང་དམན་པར་འདོད་ལ། དེའི་དབང་གིས་གཞི་ལམ་འབྲས་གསུམ་གྱི་འདོད་ཚུལ་ཀྱང་མི་མཐུན་པས། འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་པར་གཞག་པ་ལ་ཡང་ཁྱད་པར་དུ་མ་ཡོད་པར་སྒྲོག་ཅིང་། མཁས་པ་འགའ་ཞིག་ཀྱང་རི་བོང་གི་བཅལ་ལྟར་སྨྲ་བ་གཟིགས་ཏེ་དཔལ་རང་བྱུང་གི་ཞལ་སྔ་ནས། དེ་དག་ལ་ཐུགས་བརྩེ་བས། ལོག་པར་ལྟ་བ་ལས་སློང་བའི་ཐབས་སུ་སྦྱར་བ་སྟེ། འགྲེལ་པ་ཉིད་ལས། ལུང་འདི་རྣམས་སྨོས་པའི་དོན་ནི་སྔགས་ཀྱི་ཚུལ་དང་སློབ་དཔོན་འཕགས་པ་ཐོགས་མེད་དང་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་དང་ཟླ་བ་གྲགས་པ་ལ་སོགས་པ་རྣམས་ཀྱི་སངས་རྒྱས་ཀྱི་འབྲས་བུ་རྣམ་པར་གཞག་པ་མི་མཐུན་ནོ་སྙམ་པའི་སྐྱེ་བོ་རྣམས་ཀྱི་ལོག་རྟོག་བསལ་པའི་དོན་དུ་སྨོས་པར་ཟད་ཀྱི་བདག་ལ་ཐེ་ཚོམ་འགའ་ཡང་མེད་དོ། །ཞེས་གསུངས་པས་སོ། །དེའི་ཕྱིར་ཁོ་བོ་ཅག་ཀྱང་ངེས་པ་ཡང་དག་པར་འདྲོངས་སོ། །རྒྱུད་བླའི་ལུང་། དེ་བཞིན་དད་སོགས་དྲི་མེད་ཅན། །དད་སོགས་ཡོན་ཏན་བསྒོམས་པ་ཡི། །རང་སེམས་ལ་སྣང་ཞེས་གདུལ་བྱ་སེམས་དག་པའི་སྣང་བ་ལ་སངས་རྒྱས་ཀྱི་གཟུགས་སྐུ་འབྱུང་བར་གསུངས་ནས། དེ་ལ་གཟུགས་སྐུ་ཇི་ལྟར་སྣང་ཞེ་ན། དེའི་ཚུལ་ནི། གཟུགས་ཀྱི་སྐུ་རྫོགས་པའི་སངས་རྒྱས་ནི། རྫོགས་སངས་རྒྱས། མཚན་དང་དཔེ་བྱད་དང་ལྡན་པ། །འཆག་པ་དང་ནི་བཞེངས་པ་དང་། །བཞུགས་པ་དང་ནི་གཟིམས་པ་དང་། །སྤྱོད་ལམ་སྣ་ཚོགས་མཛད་པ་ཅན། ཞི་བའི་ཆོས་ནི་གསུང་བ་དང་། །མི་གསུང་མཉམ་པར་བཞག་གྱུར་པ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག །མཛད་པ་གཟིམས་མདངས་ཆེན་པོ་ཅན། །སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར། །ཞེས་གསུངས་སོ། །དེ་ལྟར་སྣང་བའི་རྒྱུ་ནི་གང་ཞེ་ན། དེ་མཐོང་ནས་ཀྱང་འདོད་ལྡན་པས། །སངས་རྒྱས་ཉིད་ཕྱིར་རབ་སྦྱོར་ཏེ། །དེ་རྒྱུ་ཡང་དག་སླངས་ནས་ནི། །འདོད་པའི་གོ་འཕང་ཐོབ་པར་བྱེད། །ཅེས་དད་པ་དང་འདོད་པ་ལས་བྱུང་བའི་ཚོགས་གཉིས་བསགས་པ་ལས་དག་སྣང་འཆར་བར་གསུངས་ལ། །གདུལ་བྱ་དག་པ་ལ་སྣང་རྒྱུའི་གཟུགས་སྐུའི་སྣང་བ་དེ་ཉིད་ནི་གང་ཞེ་ན། སྣང་བ་དེ་ནི་ཤིན་ཏུ་ཡང་། །རྟོག་མེད་གཡོ་བ་མེད་པ་ཉིད། ཅེས་ཆོས་སྐུ་ཉིད་ཡིན་པར་གསུངས་ནས། དེ་ལྟ་ན་ཡང་འཇིག་རྟེན་ན། །དོན་ཆེན་པོས་ནི་ཉེ་བར་གནས། །ཤེས་པས་གཟུངས་སྐུར་སྣང་བའི་ཆོས་སྐུ་ལ་སེམས་ཅན་གྱི་ཕན་བདེ་བསྒྲུབ་པ་སོགས་རྣམ་རྟོག་དང་གཡོ་བ་མེད་ཀྱང་གདུལ་བྱའི་འཇིག་རྟེན་ན་སྣང་བ་དེས་དོན་རྒྱ་ཆེན་པོ་བྱེད་པར་གསུངས་ལ། འདི་ནི་རང་སེམས་སྣང་བ་ཞེས། སོ་སོ་སྐྱེ་བོས་མི་ཤེས་མོད། །དེ་ལྟ་ན་ཡང་གཟུགས་མཐོང་དེ། །དེ་དག་ལ་ནི་དོན་ཡོད་འགྱུར། །ཞེས་གདུལ་བྱ་སོ་སྐྱེས་གཟུགས་སྐུ་སེམས་སྣང་ཙམ་དུ་མི་ཤེས་ཀྱང་དེ་མཐོང་བའི་གདུལ་བྱ་ལ་དོན་ཆེན་པོར་གསུངས་སོ། །ངེས་དོན་སྨྲ་བ་ཁ་ཅིག གཞུང་འདིས་གདུལ་བྱ་རང་གི་སེམས་གཟུགས་སྐུར་སྣང་བར་སྟོན་ནོ་ཞེས་སྨྲ་མོད། གཞུང་འདི་ནི་གཟུགས་སྐུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པ་བཀག་ནས་སེམས་སྣང་ཙམ་དུ་སྟོན་པ་ཡིན་གྱི། རང་གི་སེམས་ཕྱི་རོལ་ཏུ་གཟུགས་སྐུའི་རྣམ་པར་མཐོང་བར་སྨྲ་བ་ནི་རྣམ་པར་རིག་པར་སྨྲ་བའི་ལུགས་ཡིན་ནོ། །རང་བཞིན་གྱིས་མ་གྲུབ་པའི་གཟུགས་སྐུ་སེམས་ཀྱི་སྣང་བ་ཙམ་དེ་སྣང་བ་ལ་དོན་ཆེན་པོ་ཅི་ཞིག་ཡོད་ཅེ་ན། རིམ་གྱིས་དེ་མཐོང་ལ་བརྟེན་ནས། །ཐེག་པ་འདི་ལ་གནས་པ་རྣམས། །ནང་གི་དམ་པ་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་དེའི་རྒྱུན་བསྒོམས་པའི་དབང་གིས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་མཐོང་བ་མེད་པའི་ཚུལ་གྱིས་མཐོང་བར་འགྱུར་བ་ནི་མཐར་ཐུག་པའི་འབྲས་བུ་སྟེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ནི་རྟོགས་མ་རྟོགས་ཀྱི་སྣང་ཚུལ་ཙམ་ཡིན་པ་འདི་ལ་དཔལ་རང་བྱུང་གི་ཞལ་སྔ་ནས་ཐུགས་ཀྱི་ངེས་ཤེས་འཁྲུངས་པ་བཞིན་དུ་ཁོ་བོ་ཅག་ཀྱང་ལྷག་པར་ཡིད་ཆེས་སོ། །གཉིས་པ་བསྔོ་བ་ནི། ཟབ་མོ་སོགས་ཚིགས་བཅད་གཅིག་སྟེ། ལྷག་པའི་བསམ་པ་ཁོ་ནས་གསང་སྔགས་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་ཟབ་མོ་ནང་གི་དོན་བསམ་གྱིས་མི་ཁྱབ་པ་འདི་བཤད་པ་ལས་བྱུང་བའི་དགེ་བའི་མཐུ་ཡང་ཅི་ཡོད་པ་དེས་ནི་ནམ་མཁའ་དང་མཉམ་པའི་འགྲོ་བ་སེམས་ཅན་ཀུན་གྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཉིད་ཐོབ་པར་ཤོག་ཅིག་ཅེས་བསྟན་བཅོས་བརྩམས་པ་ལས་བྱུང་བའི་དགེ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་མཛད་པའོ། །གསུམ་པ་བཟོད་པར་གསོལ་བ་ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་གསང་བ་མཐའ་དག་ལ་ལྐོག་ཏུ་མ་གྱུར་པའི་སྤྱན་མངའ་བ་དཔལ་རང་བྱུང་གི་ཞལ་སྔ་ནས་ལ་ནོངས་པ་ཅུང་ཟད་ཀྱང་མ་མཆིས་པས་བཟོད་པར་གསོལ་རྒྱུ་ག་ལ་ཞིག་དེ་ལྟ་མོད་ཀྱིས་རྗེས་འཇུག་རྣམས་ལ་བླང་དོར་གྱི་གནས་སྟོན་པར་བཞེད་ནས། ཅུང་ཟད་སོགས་ཚིག་རྐང་གཉིས་གསུངས་ཏེ། གཞུང་འདི་ལྟ་བུ་བརྩམས་པ་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་སོགས་ཀྱི་ཉེས་པ་མེད་ཀྱང་རྒྱུད་སྡེའི་སྦས་དོན་ཟབ་མོ་གོ་གསལ་པོར་བྲིས་པ་ལ་དམ་ཚིག་དང་ཅུང་ཟད་འགལ་བར་གྱུར་པ་སྲིད་ན་ཆོས་བདག་མཁའ་འགྲོའི་ཚོགས་རྣམས་ཀྱིས་བཟོད་པར་མཛོད་ཅིག་ཅེས་པའི་ཞར་ལས་འཆད་ཉན་བྱེད་པ་རྣམས་ལའང་དམ་ཚིག་ལ་གནས་དགོས་པར་གདམས་སོ། །གསུམ་བ་རྩོམ་པ་མཐར་ཕྱིན་པའི་ཚུལ་ལ་གསུམ། རྫོགས་ཚིག་བསྟན་པ། བརྩམས་པའི་རྒྱུ་མཚན་གནས་དང་དུས་སྨོས་པའོ། །དང་པོ་ནི། རྡོ་རྗེ་ཐེག་པ་བླ་ན་མེད་པ་ཐམས་ཅད་ཀྱི་ཟབ་མོ་ནང་གི་དོན་གསལ་བར་བྱེད་པའི་རྣམ་པར་བཤད་པ་བླ་ན་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོ་ཕྱུང་བ་རབ་ཏུ་བྱེད་པའམ། ལེའུར་བཅད་པའི་དུམ་བུ་བཅུ་གཅིག་པ་འདི་ནི་སྔོན་གྱི་གསང་བའི་མཚན་ལས་དིང་ཡང་རང་བྱུང་རྡོ་རྗེའི་མིང་ཅན་དུ་གྲགས་པ་དེ་ཉིད་ཀྱིས་གསང་སྔགས་བླ་ན་མེད་པའི་རྒྱུད་འགྲེལ་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ་ནང་གི་དོན་ཕྱིན་ཅི་མ་ལོག་པར་ཤེས་པར་འདོད་པའི་བློ་ལྡན་རྣམས་ཀྱི་དོན་དུ་བསྟན་པ་དེའི་རྣམ་བཤད་བདེ་བར་གཤེགས་པའི་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་ཕྲེང་བ་ཞེས་བྱ་བ་ཡང་ལེགས་པར་གྲུབ་པའོ། །རྫོགས་སོ་ཞེས་པ་ལྷག་ཆད་མེད་པར་ཡོངས་སུ་རྫོགས་པ་ཚར་བའི་དོན་ནོ། །གཉིས་པ་ནི། ཐོས་པ་རྐྱང་པ་ལ་བརྟེན་ནས་མཁས་པར་རློམ་པ་ཕལ་ཆེ་བ་དང་། རྩེ་གཅིག་ཏུ་བསྒོམས་ནས་ཉམས་སུ་མྱོང་བ་ཕྱོགས་རེ་ཙམ་སྐྱེས་པ་དང་མངོན་པར་ཤེས་པ་ཕྲ་མོ་ཙམ་ཤར་བས་གོ་བར་འདོད་པའི་རྣལ་འབྱོར་པ་ཀུན་གྱིས་ཀྱང་གཞུང་འདིར་བཤད་པ་ལ་ལྟོས་ཏེ་ཟབ་དོན་གྱི་ཕྱོགས་རེ་ཙམ་ལས་ཇི་ལྟ་བ་བཞིན་མ་གོ་བར་འདུག་པས། སྟོན་སྒོམ་ཐམས་ཅད་ཀྱིས་ཟབ་གནད་ཕྱིན་ཅི་མ་ལོག་པར་ཤེས་པའི་ཕྱིར་དུ་གཞུང་འདིར་རྒྱུད་འགྲེལ་གྱི་ཟབ་དོན་གལ་གང་ཆེ་ཆེ་རྣམས་བསྡུས་ཏེ་བསྟན་པ་ཡིན་ནོ། །དེའི་ཕྱིར་ཡིད་ཆེས་པར་བྱོས་ཤིག་གསུམ་པ་ནི། གཞུང་རྩ་བ་འདི་ནི་འཁོར་ལོ་སྡོམ་པས་བྱིན་གྱིས་བརླབས་པའི་དབེན་གནས་མཚུར་གྱི་བདེ་ཆེན་སྟེང་དུ་ཆུ་ཕོ་ཁྱི་ལོ་ཟླ་བ་བདུན་པ་ལ་མཛད་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག་ཅེས་ཤིས་པ་བརྗོད་པ་དང་བཅས་པས་རྩོམ་པ་མཐར་ཕྱིན་པ་ཡིན་ནོ། །རྒྱལ་བ་ཉིད་ཀྱིས་རྒྱུད་སྡེ་དུ་མར་ནང་གི་དོན་འདི་མཐའ་དྲུག་ཚུལ་བཞིའི་ཕྱག་རྒྱས་བཅིངས་ཏེ་སྦས། །ལ་ལ་དག་ཏུ་ཕྱོགས་རེའི་ཆ་དང་ཕྱོགས་གཅིག་གསལ་བར་གསུངས་ཤིང་འགའ་ཞིག་ཏུ་ནི་མཚོན་པའི་ཚིག །གྲུབ་པའི་གནས་སུ་མཁའ་ལ་སྤྱོད་པའི་རིག་འཛིན་རྣམས་དང་ཌཱ་ཀིའི་ཚོགས་ཀྱིས་རྡོ་རྗེའི་ཚིག་ཏུ་བསྡུས། །འཕགས་པའི་ཡུལ་དུ་འགྲེལ་མཛད་མང་པོས་རྒྱུད་དོན་ཇི་བཞིན་གསལ་བར་ཕྱེ་ནས་བརྡ་ཡི་ཚིག་གིས་སྦས། །གངས་ཅན་འདིར་ཡང་སྔར་བྱོན་དུ་མས་རང་གཞུང་དག་དང་གཞན་འགྲེལ་ཉིད་དུ་བྱས་པ་མང་མོད་ཀྱི། །ལ་ལ་རྒྱས་དང་འགའ་ཞིག་བསྡུས་ཆེས་དེ་ཉིད་ཀྱིས་ན་མི་གསལ་འཐོར་དང་འཁྲུགས་ཤིང་མ་ཚང་བ། །ཇི་བཞིན་གཟིགས་པའི་ཡེ་ཤེས་སྤྱན་ཅན་རང་བྱུང་རྡོ་རྗེས་ཟབ་མོའི་གཞུང་མང་གཅིག་ཏུ་ལེགས་བསྡུས་ནས། །གབ་པ་མངོན་ཕྱུང་ཚང་ཞིང་མ་འཛིངས་རྒྱས་དང་བསྡུས་མིན་ཚིག་སྦྱོར་ལྡན་པའི་གཞུང་དེ་བསྡུ་བར་མཛད། །ཚུལ་འདི་བདག་གིས་རྒྱལ་བའི་དབང་པོ་ཉིད་ལས་ལན་མང་ནོད་ཅིང་མཁས་པ་གཞན་ལའང་དོགས་པ་བཅད། །རང་གི་འགྲེལ་པ་འགྲེལ་བཤད་བཅས་ལ་ནན་ཏན་གྱིས་སྦྱངས་ཁུངས་སུ་སྨོས་པ་ཕལ་མོ་ཆེ་ཡང་བལྟས། །མཁས་གྲུབ་དུ་མས་བྱིན་གྱིས་བརླབས་ཤིང་མན་ངག་མཐའ་དག་ལྷུག་པར་བསྩལ་ཉིད་ཉམས་སུ་བླངས་པ་ལས། །ནང་གི་དོན་ལ་ངེས་པ་རྙེད་ནས་གཞན་ལ་ཕན་ཕྱིར་གཞུང་དང་མཐུན་པའི་རྣམ་བཤད་འདི་བརྩམས་སོ། །འདི་ལ་མ་རྟོགས་ལོག་པར་རྟོག་དང་སོམ་ཉིའི་དབང་གིས་མ་བཤད་པ་དང་ལོག་བཤད་ཐེ་ཚོམ་དང་། །འགལ་ཟློས་འཁྲུགས་དང་སྡེབས་སྦྱོར་དམན་དང་ཌཱ་ཀིའི་གསང་གཏམ་གོ་སླ་ཉིད་དུ་བཤད་པ་ལ་སོགས་པའི། །ཉེས་པ་གང་དེ་བླ་མ་ལྷ་དང་མཁའ་འགྲོའི་ཚོགས་བཅས་མཁས་གྲུབ་རྣམས་ཀྱིས་བཟོད་པར་བཞེས་མཛོད་ལས། །བདག་ལ་ནམ་ཡང་སྒྲིབ་པར་མ་གྱུར་བློ་ལྡན་རྣམས་ལ་འདི་ཡིས་ཕན་པའི་སྐལ་བཟང་སྦྱིན་པར་མཛོད། །འདིར་འབད་ལས་བྱུང་དགེ་བའི་མཐུ་ནི་རྣམ་པར་དཀར་བའི་ཕུང་པོར་སྤུངས་པ་གང་ཞིག་ཐོབ་པ་དེས། །རྒྱ་ཆེན་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་འདི་ཀུན་སྲིད་པའི་མཚོ་ལས་ལེགས་པར་བསྒྲལ་ནས་ནི། །སྒྲིབ་ཀུན་བཅོམ་ཞིང་རྣམ་སྨིན་རྒྱས་པའི་ཡེ་ཤེས་འོད་འབར་ཐར་པ་ཆེན་པོའི་གླིང་མཆོག་དེར་ཕྱིན་ཏེ། ནམ་མཁའི་རང་བཞིན་ཡེ་ཤེས་སྐུ་ཉིད་མཚན་མཆོག་དུ་མས་ལེགས་པར་བརྒྱན་དེ་དེང་འདིར་ཐོབ་གྱུར་ཅིག །རྡོ་རྗེ་ཐེག་པའི་ནང་གི་དོན་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་ཟབ་མོ་ནང་གི་དོན་ཞེས་བྱ་བའི་རྣམ་པར་བཤད་པ་བདེ་བར་གཤེགས་པའི་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་ཕྲེང་བ་ཞེས་བྱ་བ་འདི་ནི། ལུང་དང་རྟོགས་པའི་ཡོན་ཏན་དུ་མས་ལེགས་པར་བརྒྱན་པ། ཤར་མི་ཉག་འདྲའི་ཡུལ་གྱི་དགེ་སློང་རྡོ་རྗེ་འཛིན་པ་ཆོས་ཀྱི་འོད་ཟེར་ཞེས་བྱ་བས་ནན་ཏན་གྱིས་བསྐུལ་ཞིང་ཐོག་མའི་ཡི་གེ་པ་བགྱིས་ལ། གཞན་ཡང་རྟོགས་པའི་བསྟན་པ་རིན་པོ་ཆེ་ལ་གཅེས་སྤྲས་སུ་མཛད་པའི་རྣལ་འབྱོར་གྱི་དབང་ཕྱུག་མང་པོ་དང་ལུང་གི་དམ་ཆོས་འཆད་ཉན་གྱི་སྒོ་ནས་འཛིན་པར་བཞེད་པའི་སྡེ་སྣོད་འཛིན་པ་དུ་མས་བསྐུལ་བའི་ངོར། སྙིགས་དུས་ཀྱི་སྐྱེ་དགུ་མ་ལུས་པའི་མགོན་གཅིག་པུར་གྱུར་པ་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ཆོས་གྲགས་རྒྱ་མཚོའི་ཞབས་ཀྱི་པད་མོ་ལ་ཡུན་རིང་དུ་གཏུགས་ནས་གསུང་གི་གསང་བ་རྣ་བའི་རྒྱན་དུ་བྱས་ཤིང་། ཁྱད་པར་དུ་གཞུང་ལུགས་འདི་ཉིད་ཡང་ནས་ཡང་དུ་ཞུས་ཏེ་ནན་ཏན་དུ་བྱས་པ། ཤར་དྭགས་པོའི་པཎྜྻི་ཏ་གསུམ་པ་དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ། མིང་གཞན་ཀརྨཱ་ཕྲིན་ལས་པ་ཞེས་བྱ་བས། རྒྱལ་དབང་མཆོག་གི་བཞེད་པ་ཇི་ལྟ་བ་བཞིན་དུ་དཀར་པོའི་ལོ་ལ་ཡོལ་གཟིམས་ཁང་ཞེས་བྱ་བའི་དགེ་གནས་སུ་མགོ་བརྩམས་ཏེ། བློ་གསལ་འདུ་བའི་བསྟི་གནས་ལེགས་བཤད་གླིང་དུ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་བྱམས་པ་རིགས་པའི་དབང་ཕྱུག་གིས་བགྱིས་པ་སྟེ། འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་དང་བདེ་བ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །སིདྡྷི་རིསྟུ། དམ་ཆོས་བདུད་རྩི་དཀར་པོའི་འོད་རིས་ཅན། །སྙན་གྲགས་ཤིང་རྟས་དྲངས་པ་མ་བཟློག་པར། །འགྲོ་སེམས་རྒྱ་མཚོར་སྣང་བའི་སྒྱུ་འཕྲུལ་མཁན། །ཀརྨ་པར་གྲགས་སྐྱེ་དགུའི་གཙུག་ན་མཛེས། །གང་དེའི་མཁྱེན་བཟང་གསེར་གྱི་ར་བར་ནི། །གཞུང་འདིའི་རྩ་འགྲེལ་ཀླུ་དབང་མཐུ་རྟས་པས། །ཟབ་གནད་ཆུ་གཏེར་འཕྱུར་བ་ལས་བྱུང་བའི། །གསུང་རྒྱུན་ལྷ་ཡི་གངྒཱ་སུ་ཡིས་བཟློག །དེ་དག་བློ་མཚོར་དྲངས་པའི་མངོན་རློམ་གྱིས། །འགྲེལ་བཤད་ཆུ་ཀླུང་སྤེལ་བ་མང་མོད་ཀྱང་། །གཞན་ཟེར་ཀུ་ཅོ་སྒྲོག་པ་ལྷུར་བླངས་ནས། །གཞུང་འདིའི་དགོངས་པར་འཆད་པ་མིན་ནམ་ཅི། །དུས་དེར་ཕྱོགས་ལས་རྣམ་རྒྱལ་འཇིགས་མེད་དེའི། །དྲི་མེད་མཁྱེན་པའི་མཁའ་ལ་རོལ་རྩེད་མཁན། །རྒྱལ་དབང་གསུང་རྒྱུན་རླུང་བཞོན་གྱིས་དྲངས་པའི། །རྣམ་བཤད་ཉིན་བྱེད་འོད་ཀྱི་འཕྲེང་བ་ཤར། །གཞུང་ཉིད་རྒྱ་ཆེར་འགྲེལ་པའི་འགྲོས་མཛེས་ཤིང་། །རང་འགྲེལ་དཀའ་གནས་འཆད་པའི་མདངས་གསལ་བས། །གསུང་རབ་ཀུན་གྱི་སྙིང་པོ་གསལ་བྱེད་མཆོག །ངེས་དོན་དྲང་པོའི་ལམ་ལ་ལྷང་ངེ་བ། །བླ་མེད་རྒྱུད་སྡེའི་དགོངས་པ་འདི་ཡིན་ཞེས། །ཕྱི་ནང་གཞན་གསུམ་སྦྱར་བའི་མན་ངག་གིས། །ཕྱག་ཆེན་རང་ཞལ་སྟོན་པའི་འགྲེལ་བཤད་འདི། །རང་བྱུང་རྡོ་རྗེའི་གདུང་འཚོབ་མིན་ནམ་ཅི། །གང་འདིའི་གླིག་བམ་མི་བཟད་བདུད་རྩིའི་ཆར། །སྤེལ་བྱེད་པར་གྱི་སྤྲིན་འཕྲེང་རོལ་པ་འདི། །ལུང་རིགས་འབྱུང་གནས་ཀརྨ་གྲྭ་ཚང་གི །རིགས་གྲོལ་འདུས་པའི་འབྱོར་ཚོགས་རྒྱ་མཚོ་ཆེ། །དགེ་ལེགས་ཤེས་བྱའི་དོན་དུ་རབ་དམིགས་ནས། །གྲུབ་པའི་དབང་པོ་གྲགས་པ་དཔལ་ལྡན་པའི། །གཏོང་བའི་ཆུ་བོས་བྲན་པའི་བྱེད་པ་ལས། །ཕུལ་བྱུང་བསོད་ནམས་མཁའ་ལ་འཁྲིགས་པར་གྱུར། །གཞུང་བརྒྱའི་དེ་ཉིད་སྨྲ་མཁས་རིགས་པའི་ལྕེ། །རིང་པོར་རྐྱོང་མཛད་དབང་ཕྱུག་རྒྱལ་མཚན་དང་། །གསང་སྔགས་ཀུན་རིག་བསྟན་པ་རྒྱ་མཚོ་བས། །དག་པར་མཛད་དོ་མཐུན་རྐྱེན་ཕྱག་ལེན་མཁན། །དཔལ་ལྡན་བླ་མའི་བཀའ་ལུང་མེ་ཏོག་ཐོར། །ཟུར་ཕུད་རྩེ་མོར་རབ་བཀོད་དད་པ་ཡི། །མིག་གི་ཟུར་མདས་བསྟན་དང་འདུས་པའི་སྡེ། །མཆོད་པ་ལྷུར་ལེན་རྒྱལ་མཚན་བཀྲ་ཤིས་ཀྱིས། །ཡི་གེར་བྱེད་པོ་ནམ་མཁའ་རྐོས་བྱེད་མཁན། །ཕག་དར་གྲགས་པ་རྣམ་རྒྱལ་དར་རྒྱས་ཀྱིས། །སྟོད་ཀྱི་ཆ་རྣམས་བརྐོས་པའི་མུ་མཐུད་དེ། །དཔལ་འབྱོར་དར་རྒྱས་དཔོན་སློབ་རྣམས་ཀྱིས་བརྐོས། །དགེ་འདིས་ཕག་ལོ་དར་དང་དགེ་ལེགས་གཉིས། །ངན་འགྲོའི་གཟེབ་ལས་ཐར་ནས་འཚང་རྒྱ་ཞིང་། །འདིར་གང་འབད་རྩོལ་བྱེད་པོ་གཞན་རྣམས་ཀྱང་། །གནས་སྐབས་མཐར་ཐུག་དོན་ལ་གེགས་མེད་ཤོག །ཅེས་བརྗོད་ཅིང་དབང་ཕྱུག་ཅེས་པ་མེ་མོ་གླང་གི་ལོ་ཆུ་སྟོད་ཀྱིས་ཉ་བའི་ལང་ཚོ་གསུམ་པ་ཉིད་ལ་རིན་ཆེན་རི་བོ་ལེགས་པར་བཤད་པའི་གླིང་ཞེས་བྱ་བའི་ཆོས་ཀྱི་གྲྭ་ཡངས་པོར་པར་དུ་གྲུབ་པ་འདིས་ནི་རྡོ་རྗེ་ཐེག་པའི་གཏམ་བཟང་པོས་ཕྱོགས་དང་དུས་ཐམས་ཅད་དུ་ཁྱབ་སྟེ་ཉམས་པ་མེད་པའི་རྒྱུར་གྱུར་ཅིག །ཤུབྷམསྟུསརྦྦཛགཏྃ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net