ཟབ་མོ་ནང་དོན་གྱི་རྣམ་བཤད་མཐོང་བས་ཁོང་དུ་ཆུད་པ་ཞེས་བྱ་བ་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །ག མྦྷཱི ར ཨནྠཱ རྠ ཀྵྼ བི ཁྱ ཏ པ ཤྱ ནཱ རྠ བུ དྡྷཱ ནཱ དྷཱ མཱ མ བི ཧཱ ར ཏིསྨཱུ། །

༄༅། །ཟབ་མོ་ནང་དོན་གྱི་རྣམ་བཤད་མཐོང་བས་ཁོང་དུ་ཆུད་པ་ཞེས་བྱ་བ་བཞུགས་སོ། །[1]

༄༅། །བསམ་གྱིས་མི་ཁྱབ་སྐུ་གསུང་ཐུགས་མངའ་བ། །རྡོ་རྗེ་འཛིན་པའི་ཞབས་ལ་གུས་བཏུད་ནས། །ཟབ་མོ་ནང་གི་དོན་གྱི་བསྟན་བཅོས་ནི། །དཔལ་ལྡན་བླ་མའི་གསུང་བཞིན་འགྲེལ་བར་བྱ། དེ་ལ་འདིར་རྒྱལ་བ་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད་དཔལ་ཀརྨ་པ་རང་བྱུང་རྡོ་རྗེའི་ཞབས་ཀྱིས་མཛད་པའི་བསྟན་བཅོས་ཆེན་པོ་ཟབ་མོ་ནང་དོན་དུ་གྲགས་པ་འདི་ཉིད་འཆད་པར་བྱེད་པ་ལ། དང་པོར་དགེ་བ་བསྟན་བཅོས་ཀྱི་སྔོན་འགྲོ། བར་དུ་དགེ་བ་བསྟན་བཅོས་ཀྱི་དངོས་གཞི། ཐ་མར་དགེ་བ་བསྟན་བཅོས་ཀྱི་མཇུག་གི་དོན་ཏེ་རྣམ་པ་གསུམ་དུ་ཡོད། དང་པོ་ལ། མཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བ་གཉིས། དང་པོ་ལ། ཡི་གེ་པའི་མཆོད་བརྗོད། རྩོམ་པ་པོའི་མཆོད་བརྗོད་གཉིས། དང་པོ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དཔལ་དང་ལྡན་ཞིང་གཞི་ལམ་འབྲས་གསུམ་གྱིས་བསྡུས་པའི་ཐབས་རྡོ་རྗེ་དང་ཤེས་རབ་དྲིལ་བུ་དབྱེར་མེད་དུ་འཆང་བ་དེ་ལ། དེ་ཉིད་ཀྱི་རང་བཞིན་རྟོགས་པའི་ཕྱག་འཚལ་ལོ། །གཉིས་པ་ལ། དངོས་གྲུབ་ཀྱི་རྩ་བ་བླ་མ་ལ་ཕྱག་འཚལ་བ། རྣམ་པ་དང་བཅས་པ་བདེ་བ་ཆེན་པོའི་སྐུ་ལ་ཕྱག་འཚལ་བ། དེ་བསྐྱེད་པར་བྱེད་པའི་སྣ་ཚོགས་ཡུམ་ལ་ཕྱག་འཚལ་བ་དང་གསུམ། དང་པོ་ནི། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པས་བསྡུས་པའི་ཆོས་ཐམས་ཅད་གཞན་གྱི་བརྡ་དང་རྣམ་རིག་ལ་མ་ལྟོས་པར་རང་ཉིད་ཀྱིས་མཁྱེན་ཅིང་། དེ་ཐམས་ཅད་ཀྱི་མཚན་ཉིད་སྒྲིབ་བྲལ་དུ་མངོན་སུམ་དུ་གཟིགས་པ་ནི་མཁྱེན་པའི་ཡོན་ཏན། ཕྱི་འཇིག་རྟེན་གྱི་ཁམས་ནང་རྡོ་རྗེའི་ལུས་གཞན་དཀྱིལ་འཁོར་གྱི་འཁོར་ལོ་ཏེ་གསུམ་པོ་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོར་སྟོན་པར་མཛད་པ་ནི་བརྩེ་བའི་ཡོན་ཏན། སེམས་ཅན་ཐམས་ཅད་ཀྱི་གཉིད་དང་རྨི་ལམ་སྙོམས་འཇུག་ཐ་མལ་གྱི་དུས་ཏེ་གནས་སྐབས་གཞི་ཡི་འཁྲུལ་པ་སེལ་བར་མཛད་པ་ནི་ནུས་པའི་ཡོན་ཏན་ཏེ། དེ་ལྟར་མཁྱེན་བརྩེ་ནུས་པའི་ཡོན་ཏན་དང་ལྡན་པའི་དཔལ་ལྡན་བླ་མ་རྡོ་རྗེ་འཆང་ལ་ཕྱག་འཚལ་བ་ཡིན་ནོ། །གཉིས་པ་ནི། སྦྱང་གཞི་སེམས་ཉིད་ལྷན་ཅིག་སྐྱེས་པ་ལ་སྦྱོང་བྱེད་དེ་རྟོགས་པའི་ཡེ་ཤེས་ཀྱིས་སྦྱང་བྱ་ལྷན་ཅིག་སྐྱེས་པའི་མ་རིག་པ་སྦྱངས་པས་སྦྱངས་འབྲས་ལྷན་ཅིག་སྐྱེས་པ་གཅིག་གི་དངོས་པོ་གསང་ཆེན་རིགས་གཅིག་གི་སྐུ་མངོན་དུ་མཛད་པ་དང་། དེ་བཞིན་དུ་སྦྱང་གཞི་སོགས་སྦྱར་ནས། སེམས་ཀྱི་གསལ་སྟོང་ངམ་བདེན་པ་གཉིས་ལ་སྒྲིབ་བྱེད་གཟུང་འཛིན་ནམ་སྒྲིབ་གཉིས་སྨིན་གྲོལ་ལམ་བསྐྱེད་རྫོགས་གཉིས་ཀྱི་ལམ་གྱིས་བསལ་བས་འབྲས་བུ་དོན་གཉིས་སམ་སྤངས་རྟོགས་ཕུན་སུམ་ཚོགས་པའི་སྐུ་གཉིས་ཀྱི་བདག་ཉིད་དང་། རྡོ་རྗེའི་རྩ་རླུང་ཐིག་ལེ་གསུམ་ལ་སྒྲིབ་བྱེད་སྒོ་གསུམ་གྱི་དྲི་མ་རྡོ་རྗེ་གསུམ་གྱིས་བསལ་བས་འབྲས་བུ་སྐུ་གསུམ་གྱི་བདག་ཉིད་དང་། རྡོ་རྗེ་བཞི་ལ་སྒྲིབ་བྱེད་གནས་སྐབས་བཞི་པོ་རྣམས་རྫོགས་རིམ་རྩ་བའི་ཆོས་བཞིས་བསལ་བས་འབྲས་བུ་སྐུ་བཞིའི་བདག་ཉིད་དང་། ཕུང་པོ་ལྔ་ལ་སྒྲིབ་བྱེད་ཉོན་མོངས་པ་ལྔ་རྣམས་ལམ་རིམ་པ་ལྔ་སོགས་ཀྱིས་བསལ་བས་འབྲས་བུ་སྐུ་ལྔའི་གོ་འཕང་མངོན་དུ་མཛད་པ་དང་། མདོར་ན་རིགས་ཐམས་ཅད་ཀྱི་བདག་ཉིད་བླ་མ་རྡོ་རྗེ་འཆང་དེ་རྣམ་པ་དང་བཅས་པའི་སྐུར་བཞེངས་པ་ལ་ཕྱག་འཚལ་བ་ཡིན་ནོ། །གསུམ་པ་ནི། རྡོ་རྗེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་གཅིག་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཀུན་གྱི་རང་བཞིན་ཅན་དུ་གནས་ལ། དེའི་མཚན་གྱི་རྣམ་གྲངས་སུ་མཐའ་ཐམས་ཅད་དང་བྲལ་བས་དབུ་མ་དང་། རྩ་དབུ་མ་དང་། ཡེ་ཤེས་ཀྱི་རླུང་དང་། བདེ་བ་ཆེན་པོའི་ཐིག་ལེ་གཅིག་བུ་ཉིད་ཞེས་སོགས་གསུངས་ལ། དེ་ཡང་གང་སྦྱོར་ལམ་གྱི་མཐར་མཐོང་ལམ་གྱི་ཡེ་ཤེས་དང་ས་བདུན་པའི་མཐར་ས་བརྒྱད་པ་མཉམ་རྗེས་བགྲོད་པ་ཅིག་པའི་ཡེ་ཤེས་དང་ས་བཅུའི་མཐར་མཐོང་བ་སྐྱེས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཀྱི་ངོ་བོ་ཉིད་དེ་སྣ་ཚོགས་ཡུམ་དང་རྡོ་རྗེ་ཕག་མོ་སོགས་ལྷ་མོའི་མིང་གིས་འབོད་པ་དེ་ལ་ཕྱག་འཚལ་ལོ། །གཉིས་པ་རྩོམ་པར་དམ་བཅའ་བ་ནི། བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་རྣམས་ཀུན་ཏུ་གསང་བར་མཛད་པ་གང་ཡིན་པ་ནི་རྒྱལ་བས་བླ་ན་མེད་པའི་རྒྱུད་དུ་རྒྱ་ཆེར་ཕྱེ་ནས་གསུངས་མོད་ཀྱང་། དེ་དག་རྡོ་རྗེའི་ཚིག་བརྗོད་བྱེད་མཐའ་དྲུག་ཚུལ་བཞིས་བཅིངས་པའི་བརྗོད་བྱ་ནང་གི་དོན་ཕྱི་ནང་གི་ཉན་ཐོས་དང་གྲུབ་མཐའ་སྨྲ་བའི་མུ་སྟེགས་བྱེད་རྣམས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་ཞིང་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་སུ་རབ་ཏུ་གསངས་པའི། ལུས་དང་ངག་དང་སེམས་བདེ་བར་གཤེགས་པའི་སྙིང་པོ་ནང་གི་བདག་ཉིད་མཆོག་ཏུ་རྟོགས་དཀའ་བ་དེ་ཉིད་འདིར་གསལ་བར་བཤད་པ་ཡིན་ནོ། །གཉིས་པ་བར་དུ་དགེ་བ་བསྟན་བཅོས་ཀྱི་དངོས་གཞི་ལ། ལུས་རྣམ་པར་བཞག་པ་དང་། ཡན་ལག་རྒྱས་པར་བཤད་པ་གཉིས། དང་པོ་ལ། དགོས་པ་དང་བཅས་པའི་ངོ་བོ་རྣམ་པར་བཞག་པ་དང་། དུམ་བུ་བཅུ་གཅིག་གི་ངེས་པ་བརྗོད་པ་གཉིས། དང་པོ་ནི། དྲི་མེད་རྒྱལ་བའི་སྙིང་པོ་བསམ་གྱིས་མི་ཁྱབ་པའི་གནས་བཞིས་འཁྱུད་པ་ནི་བརྗོད་བྱ་ཡིན་ལ། དེ་ཡང་བློ་བུར་གྱི་དྲི་མས་མ་དག་པ་དང་། ཅུང་ཟད་དག་ལ་ཅུང་ཟད་མ་དག་པ་དང་། ཤིན་ཏུ་རྣམ་པར་དག་པའི་དབྱེ་བས་གོ་རིམ་བཞིན་སེམས་ཅན་དང་ལམ་ལ་གནས་པ་དང་དེ་བཞིན་གཤེགས་པའི་གནས་སྐབས་སུ་གསུངས་པ་དང་བརྗོད་པ་ནི་བརྗོད་བྱེད་དང་། དེའི་དོན་རྟོགས་པ་ནི་དགོས་པ་དང་། བླ་མེད་ཀྱི་བྱང་ཆུབ་ཐོབ་པ་ནི་ཉིང་དགོས་དང་། ཕྱི་མ་ཕྱི་མ་སྔ་མ་སྔ་མ་ལ་རག་ལས་པ་ནི་འབྲེལ་པའོ། །གཉིས་པ་ནི། ཐོག་མར་རྒྱུ་རྐྱེན་བསྟན་པ་དང་། །མངལ་སྐྱེས་ལུས་ནི་འགྲུབ་པའི་ཚུལ། །དེ་ཉིད་རྩ་ཡི་རྣམ་བཤད་དང་། །རླུང་ནི་གནས་དང་རྒྱུ་བའི་ཚུལ། །ཐིག་ལེ་ཇི་ལྟར་རྒྱུ་བ་དང་། །རྣམ་ཤེས་ལ་སོགས་འབྲེལ་བའི་དོན། །དེ་དག་སྣོད་ལ་སྦྱར་བ་དང་། །བསྐྱེད་པའི་ལྷ་རྣམས་གང་ཡིན་དང་། །ཆོས་ཀྱི་སྦྱང་གཞིར་བསྟན་པ་དང་། ལམ་གྱི་རིམ་པར་བསྟན་པ་དང་། དེ་རྣམས་འཇིག་ཅིང་བསྡུད་པའི་ཚུལ་ཏེ་དུམ་བུ་བཅུ་གཅིག་གིས་རྒྱལ་བས་རྒྱུད་རྣམས་སུ་བསྟན་པ་བཞིན་བཤད་པར་བྱའོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ། །དུམ་བུ་བཅུ་གཅིག་ལས། །དང་པོ་རྒྱུ་རྐྱེན་བསྟན་པ་ལ། །སེམས་དག་པ་དང་མ་དག་པའི་ངོ་བོ་བཤད། ཇི་ལྟར་འཁྲུལ་བའི་ཚུལ། རྒྱུ་རྐྱེན་གྱི་དབྱེ་བ། གནས་སྐབས་གསུམ་གྱི་དབྱེ་བ་དང་བཞི། དང་པོ་ལ། ངོ་བོ་དང་། རྣམ་པ་གཉིས། དང་པོ་ནི། འཁོར་འདས་ཐམས་ཅད་ཀྱི་རྒྱུ་ནི། དག་མ་དག་རྣམ་པར་མ་ཕྱེ་བའི་སེམས་ཉིད། ཀུན་གཞི་དང་དེ་བཞིན་ཉིད་དང་བདེ་བར་གཤེགས་པའི་སྙིང་པོ་དང་རང་བཞིན་གནས་རིགས་དང་ཐོག་མེད་དུས་ཀྱི་དབྱིངས་སོགས་ཀྱི་སྒྲས་བསྟན་པ་དེ་ཡིན་ནོ། །དེ་སྐད་དུ་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པར་འགྱུར། ཞེས་གསུངས་སོ། །སེམས་དེ་ནི་དུས་མ་ཡིན་པའི་ཕྱིར་ཐོག་མ་མ་མེད་འཁོར་འདས་གང་རུང་གི་རྒྱར་མ་ཆད་ཅིང་རྟག་ཆད་ཀྱི་ཕྱོགས་ལྷུང་མ་མཆིས་པ་ཞིག་གོ །གཉིས་པ་ནི། དེ་ཉིད་རང་ངོ་ཡོངས་སུ་མ་འགགས་པའི་རོལ་པ་ལས་ངོ་བོ་སྟོང་པ་སྤྲོས་པ་དང་བྲལ་ལ་རང་བཞིན་མྱོང་བ་འོད་གསལ་བའི་ཆ་དང་སེམས་སེམས་བྱུང་གི་རྣམ་པ་འགག་པ་མེད་པར་སྐད་ཅིག་ཏུ་ཅིར་ཡང་འཆར་བ་དེ་དག་ལ་མ་དག་པའི་ཚེ་སེམས་ཡིད་རྣམ་ཤེས་གསུམ་དང་། དག་པའི་ཚེ་སྐུ་གསུམ་ཡེ་ཤེས་སུ་བཤད་དོ། །ཇི་ལྟར་འཁྲུལ་པའི་ཚུལ་ལ། ཀུན་གཞི་དང་དེ་ལ་བརྟེན་པའི་ཉོན་མོངས་པ་ཅན་དང་བཅས་པ་དང་། ཚོགས་དྲུག་དང་ཕུང་པོ་ལྔའི་རིམ་པ་བསྟན་པའོ། །དང་པོ་ནི། སེམས་རང་ཉིད་རང་གིས་རང་མ་རིག་པས་འཁྲུལ་ནས་འཁོར་བར་སྣང་ངོ་། །དེ་ཡང་གང་མ་རིག་ན་རང་ངོ་རང་བཞིན་གྱི་དག་པ་དེའོ། །གང་གིས་མ་རིག་ན་རང་ངོ་ལ་ཡུལ་དང་ཡུལ་ཅན་ལྟར་སྣང་བའི་རྩལ་གྱིས་སོ། །ཚུལ་ཇི་ལྟར་མ་རིག་ན་འདུ་བྱེད་ཉོན་ཡིད་ཀྱི་གཡོ་བ་ནི་ཀུན་གཞི་དང་ཆུ་དང་རླབས་ལྟ་བུར་གཡོས་ནས་ཕན་ཚུན་གཟུང་འཛིན་དུ་འཁྲུལ་པ་ལས་སོ། །གཉིས་པ་ནི། དེ་ལྟར་འཁྲུལ་བས་དོན་ཡུལ་དྲུག་དང་འཛིན་པའི་རྣམ་ཤེས་དྲུག་པོ་རྣམས་མེད་བཞིན་དུ་གཟུང་འཛིན་གཉིས་ལྟར་སྣང་བས་རང་གིས་རང་ལ་གཏད་ཅིང་ཡུལ་དུ་གཟུང་བ་ཉིད་དོ། །དོན་དུ་མ་གྲུབ་ཀྱང་ཡིད་དེ་ཕྱིར་འགྱུས་པའི་སྣང་ཆ་ལས་ཡུལ་རྣམས་ལ་བདེན་པའི་དོན་དུ་བཟུང་བས་རྣམ་པར་ཤེས་པ་བྱུང་ལ། དེ་ལས་ཡུལ་ལ་བླང་དོར་བྱེད་པ་ལས་ཚོར་བ་བདེ་སྡུག་བཏང་སྙོམས་སྐྱེ་ཞིང་དེ་ལ་བརྟེན་ནས་མཚན་མར་འཛིན་པའི་འདུ་ཤེས་སྐྱེ་སྟེ་དེ་ལྟར་འདུས་བྱས་པ་ལས་ཡུལ་སྣང་ལ་གཞན་དུ་བཏགས་པའི་བག་ཆགས་ཀྱི་ཞེན་པས་གཟུགས་ཀྱི་ཕུང་པོ་གྲུབ་སྟེ། དེ་ལྟར་མེད་བཞིན་རྟེན་ཅིང་འབྲེལ་འབྱུང་ཙམ་ལས་སྣང་བའི་ཕུང་པོ་ལྔ་ནི་འཁོར་བའི་རང་བཞིན་ནོ། །གསུམ་པ་རྒྱུ་རྐྱེན་གྱི་དབྱེ་བ་ལ། རྒྱུ་དྲུག་དང་རྐྱེན་བཞིར་བསྟན་པའོ། །དང་པོ་ནི། ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔ་རྣམ་པར་ཤེས་པ་དང་དྲུག་པོ་ནི་ཐེག་པ་ཐམས་ཅད་ཀྱི་སྤྱིའི་སྐད་སྣོད་བཅུད་གཉིས་ཀའི་རྒྱུ་ཡིན་ནོ་ཞེས་རྟོགས་པས་ཐ་སྙད་བྱས་སོ། །གཉིས་པ་ནི། ཉོན་ཡིད་དེའི་བག་ཆགས་ཀུན་གཞི་ལ་བསགས་པ་ས་བོན་ཐམས་ཅད་པ་ནི་རྒྱུའི་རྐྱེན་ཞེས་བྱའོ། །བདག་པོའི་རྐྱེན་ནི་ཡུལ་ཡུལ་ཅན་གྱི་བར་དུ་སྣང་བའི་མིག་གི་དབང་ཤེས་ལ་སོགས་པའི་གཟུགས་ཅན་དང་བ་རྣམས་ཡིན་ནོ། །དམིགས་པའི་རྐྱེན་ནི་གཟུགས་ལ་སོགས་པ་ཡུལ་དུ་སྣང་བའི་རྣམ་རིག་གོ །དེ་མ་ཐག་པའི་རྐྱེན་ཞེས་པ་ནི་ཚོགས་དྲུག་པོ་གང་གང་འགག་པ་འམ། སྐྱེས་པའི་དེ་མ་ཐག་པའི་སེམས་ས་བོན་ཐམས་ཅད་པ་དེ་ཡིན་ཏེ། དྲུག་པའི་ཡིད་དང་བཅས་ཞེས་པས་དེ་དྲུག་ཡིད་ཡིན་པ་བསལ་ནས་བདུན་ཡིད་ཀྱི་ཆར་བསྟན་པའོ། །བཞི་པ་གནས་སྐབས་གསུམ་གྱི་དབྱེ་བ་ལ། སྤྱིར་བསྟན་པ་དང་། གསུམ་སོ་སོར་བཤད་པའོ། །དང་པོ་ནི། དེ་ལྟར་རྒྱུ་རྐྱེན་ཚོགས་པ་ལས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་གིས་འཁོར་བ་དང་ལུགས་བཟློག་གིས་མྱང་འདས་ཀྱི་ཆོས་ཀུན་སྣང་བར་འགྱུར་རོ། །གཉིས་པ་ལ་གསུམ། དང་པོ་ནི། དེ་ནས་མ་རིག་པ་ནས་སྲེད་ལེན་གྱི་བར་གྲུབ་པ་དེས་མཚམས་སྦྱར་བས་སྲིད་པའི་རྟེན་འབྲེལ་གྲུབ་སྟེ། ཐོག་བཅས་ཀྱི་གཟུགས་མེད་པ་གཟུགས་མེད་ཁམས་དང་ཐོག་བཅས་ཀྱི་གཟུགས་ཁམས་དང་འདོད་པའི་ཁམས་ཏེ་སྲིད་པ་གསུམ་པོ་དེ་དག་ནི་རིམ་བཞིན་ཡུལ་ལ་མཚན་མར་འཛིན་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཅན་ཡིན་ལ། ཁམས་གསུམ་པོ་དེར་གནས་པ་ཐམས་ཅད་ཀྱང་བླང་དོར་དུ་རྟོག་པའི་སེམས་དང་ལྡན་པ་ཡིས་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་རྣམས་པ་གསུམ་འདུ་བྱེད་པའི་རྐྱེན་ལས་ནི་ལྷ་མིའི་བདེ་བ་དང་ངན་འགྲོའི་སྡུག་བསྔལ་དང་ཁམས་གོང་མའི་སྙོམས་འཇུག་དང་བཅས་པའི་འབྲས་བུ་སྤྱོད་པ་དེ་ཐམས་ཅད་ཀྱང་ཉོན་མོངས་པ་ཅན་གྱི་སེམས་ཉིད་མ་དག་པའི་གནས་སྐབས་ཁོ་ན་ཡིན་ནོ། །གཉིས་པ་ནི། དྲི་མ་དེ་ཉིད་གནས་ཚུལ་དུ་མ་ཞུགས་པའི་གློ་བུར་བར་ཤེས་ནས་ཐབས་དང་བཅས་པས་སྦྱོང་བ་ལ་ལམ་ལ་གནས་པ་ཞེས་བྱར་རྒྱལ་བས་གསུངས་སོ། །གསུམ་པ་ནི། གློ་བུར་གྱི་དྲི་མ་མེད་པར་དག་པས་སངས་རྒྱས་ཏེ་དེ་དག་ཏུ་རུང་བ་དེའི་ཕྱིར་རང་བཞིན་རྣམ་དག་གི་ཆ་ནས་འགྲོ་བ་ཀུན་ཀྱང་སངས་རྒྱས་ཉིད་ཡིན་ནོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་མདོར་བསྟན་པ་དང་རྒྱུ་རྐྱེན་སྤྱིར་བསྟན་པ་སྟེ་དང་པོའོ། །གཉིས་པ་ལུས་འགྲུབ་པའི་ཚུལ་བཤད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བ་དང་གསུམ། དང་པོ་ནི། སྔགས་ཀྱི་ཐེག་པ་འདིར་གཞི་ལུས་སེམས་གཉིས་གསུངས་ལ་དེ་ཡང་བརྟེན་པའི་སེམས་འཆིང་བ་ལ་རྟེན་ལུས་འཆིང་དགོས་པས་ཐོག་མར་ལུས་ནི་ཇི་ལྟར་འགྲུབ་པའི་ཚུལ་བཤད་པ། གང་འཁྲིད་པར་བྱ་བ་མ་སྒྲིབས་ལུང་མ་བསྟན་དུ་གྱུར་པ་ཆོས་ཀུན་གྱི་གཞི་རྩའི་སེམས་དེ་སྒྲིབ་པའི་ལུང་མ་བསྟན་ཉོན་ཡིད་སྲོག་རླུང་གི་མིང་ཅན་གྱིས་ཁྲིད་པའམ་ཡོངས་སུ་གོས་པ་དང་བཅས་པ་ལས་ཁམས་གསུམ་དུ་སྐྱེ་བ་ཉེ་བར་སྦྱོར་བའི་ཚེ་ན་ལུས་གྲུབ་བོ། །གཉིས་པ་ལ། ཁམས་གསུམ་གྱི་སྐྱེ་བ་ལེན་ཚུལ་སྤྱིར་བསྟན་པ། མིའི་ལུས་འགྲུབ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། གསུམ་ལས། དང་པོ་ནི། གཟུགས་མེད་དུ་སྐྱེ་བའི་འཕེན་འགྲུབ་ཀྱི་ལས་འདུ་བྱེད་པ་དང་བཅས་པའི་རྣམ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའ་ལྟར་མཐའ་ཡས་སོ་སྙམ་པ་ལ་སོགས་པ་བཞི་ཡུལ་དུ་བྱས་ནས་རྒྱུའི་སྙོམས་འཇུག་བསྒོམས་པས་འབྲས་བུའི་ཏིང་ངེ་འཛིན་དེ་དག་ཐོབ་པ་ལ་དེར་སྐྱེ་བ་ཞེས་བརྗོད་ཅིང་དེར་ནི་གནས་དང་ཐོགས་བཅས་ཀྱི་གཟུགས་མེད་ཀྱང་རྣམ་པར་ཤེས་པའི་ང་རྒྱལ་ཙམ་ལ་བརྟེན་ནས་བག་ཆགས་དང་བཅས་པའི་ཡིད་ལུས་ཅན་ནོ། །གཉིས་པ་ནི། རྒྱུ་སྙོམ་འཇུག་གི་བསམ་གཏན་བཞི་ལ་བརྟེན་ནས་འབྲས་བུ་ཚང་རིགས་ནས་འོག་མིན་གྱི་བར་གང་རུང་དུ་སྐྱེ་བ་ནི་གཟུགས་ཀྱི་ཁམས་ཡིན་ཏེ་དེ་ཐམས་ཅད་ཀྱང་འདོད་པའི་སྲེད་པ་ནི་རགས་པ་ཙམ་མགོ་གནོན་པའི་ཚུལ་གྱིས་བཅོམ་ནས་མངོན་གྱུར་དུ་མི་ལྡན་པ་རྫུས་ཏེ་སྐྱེ་བ་ཡིན་ནོ། །ཁམས་གོང་མ་བ་དེ་རྣམས་ཀྱང་ལུས་ངག་ཡིད་གསུམ་གྱི་འཛག་པ་དང་བཅས་པ་སྟེ། ཟད་པར་ནམ་མཁའ་དང་མེ་དང་ཆུ་དང་ས་རྣམས་ལ་ནང་གསེས་ཀྱི་འབྱུང་ཆུང་རླུང་མེ་ཆུ་ས་བཞི་རྣམ་པར་ཕྱེ་བའི་ཟག་པ་ཉི་ཤུ་ཡོད་ལ། གོང་མའི་གནས་གཞན་ཉི་ཤུར་གང་སྐྱེས་པའི་སེམས་ཅན་རྣམས་དང་དེའི་འཛག་པ་གོ་རིམ་བཞིན་སྦྱར་བས་གཟུགས་མེད་ན་ཟད་པར་ནམ་མཁའི་ཁམས་ཀྱི་ཟག་པ་གཅིག་ནས་ནི་བསམ་གཏན་དང་པོར་ཁམས་ལྔའི་ཟག་པའི་བར་ལྡན་པས་ཐམས་ཅད་ཀྱང་མ་རིག་པས་བསྐྱེད་པ་རྟེན་འབྲེལ་བཅུ་གཉིས་ལུགས་སུ་འབྱུང་ཞིང་སྐྱེ་བ་དང་བཅས་པ་སྟེ་རྒྱས་པར་དྲུང་ཉིད་ཀྱིས་མཛད་པའི་བསྟན་བཅོས་དྲན་པ་ཉེར་བཞག་བསྟན་ཏོ། །གསུམ་པ་ནི། འདོད་པ་དང་ལྡན་པའི་ཁམས་ན་འགྲོ་བའི་རིགས་དྲུག་ཏུ་ཡོད་ལ་དེ་ཐམས་ཅད་ཀྱང་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་ཁམས་དྲུག་དག་དང་སེམས་ཀྱི་ཟག་པ་བཞི་ལུས་ཀྱི་ཟག་པ་བཞིའི་ཁམས་ལྟུང་བ་དང་ལྡན་པ་ཡིན་ནོ། །འདོད་པའི་ཁམས་ཀྱི་དུད་འགྲོ་ཕྲ་རགས་དང་མི་རྣམས་ལ་ནི་སྐྱེ་གནས་བཞི་ག་དང་ལྡན་པ་ཡོད་ལ་དེ་ལས་གཞན་པའི་ལྷ་དང་ཡི་དྭགས་དམྱལ་བ་འགྲོ་བ་དག་ཕལ་ཆེ་བ་རྣམས་ནི་རྫུས་སྐྱེས་ཡིན་ལ་མངལ་ནས་སྐྱེས་པ་མང་དུ་བཤད་དོ། །འདོད་ཁམས་ཀྱི་འགྲོ་བ་དེ་དག་ལས་ངན་སོང་གསུམ་ནི་སྡུག་བསྔལ་རབ་ཏུ་ཆེ་བས་མི་ཁོམ་པའི་གནས་ཡིན་ཞིང་ལྷ་དང་ལྷ་མ་ཡིན་དང་སྒྲ་མི་སྙན་པ་རྣམས་ནི་དགེ་བའི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་ཙམ་ཏེ་སོ་ཐར་གྱི་རྟེན་དུ་མི་རུང་བས། དམ་པའི་ཆོས་སྒྲུབ་པའི་རྒྱུ་དམན་པ་ཡིན་ལ་ཤར་ལྷོ་ནུབ་སྟེ་གླིང་གསུམ་དུ་སྐྱེས་པའི་ཁམས་དྲུག་ལྡན་གྱི་མི་ལུས་ནི་རྟེན་མཆོག་ཡིན་ལ་ཁྱད་པར་དུ་འཛམ་བུའི་གླིང་དུ་ལེགས་པར་སྐྱེས་པའི་དལ་འབྱོར་གྱི་ལུས་ནི་དགེ་སྡིག་གི་ནུས་པ་མཐུ་ཆེ་བས་ལས་ཀྱི་ས་པར་རབ་ཏུ་གྲགས་སོ། །གཉིས་པ་མིའི་ལུས་འགྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་ལ། བསྐལ་པ་དང་པོའི་ལུས་གྲུབ་ཚུལ་མངལ་སྐྱེས་ཀྱི་ལུས་གྲུབ་ཚུལ་གཉིས། དང་པོ་ནི། འཛམ་བུའི་གླིང་གི་ཡུལ་འདིར་སྐྱེ་བ་གྲུབ་པའི་ཚུལ་ནི་བསྐལ་པ་དང་པོར་མི་ཐམས་ཅད་ཀྱང་རྫུས་ཏེ་སྐྱེས་པ་གཟུགས་ཁམས་འོད་གསལ་གྱི་ལྷ་བཞིན་ལུས་དང་ཚེ་དཔག་ཏུ་མེད་པ་ཟས་སུ་དགའ་བ་ཟ་བ་ལས་དེ་ནས་རིམ་གྱིས་སྲེད་པའི་དབང་གིས་སའི་ཞག་སོགས་ཀྱིས་དྲི་དང་རོ་ལ་ཆགས་ཤིང་མྱང་བ་དང་། ཡུལ་དུ་སྣང་བའི་རྣམ་པར་ཤེས་པ་ལ་བླང་དོར་བྱས་པས་ལུས་ཁམས་ནི་རགས་པར་སྣང་ནས་ཕོ་མོའི་དབང་པོ་དང་སྣང་མུན་དང་བདེ་སྡུག་སོགས་འདོད་སྲེད་རགས་པ་བརྟས་པར་འགྱུར་ཏོ། །གཉིས་པ་ལ། ཁམས་དྲུག་གི་རྒྱུ་རྐྱེན་བསྟན་པ། དེ་ལ་བརྟེན་ནས་འབྱུང་པའི་རིམ་པ་དང་བཅས་པ། མངལ་དུ་ཇི་ལྟར་འཇུག་པའི་ཚུལ། སྐྱེ་བའི་རིམ་པ་བསྟན་པ་དང་བཞི། དང་པོ་ནི། བསྐལ་པ་དང་པོའི་རྗེས་དེ་ནས་རིམ་གྱིས་མངལ་སྐྱེས་ཀྱི་ཚུལ་གྲུབ་པ་ནི་འདི་ལྟར་དུས་འཁོར་ལས་གསུངས་ཏེ། ལུས་ཆགས་པའི་ཚུལ་འདི་ལ་ནི་རུས་པ་ལ་སོགས་པའི་ཁམས་སུམ་ཅུ་སོ་དྲུག་གི་ཚོགས་རྣམས་ཀྱང་བསྡུས་ན་ཁམས་དྲུག་ཏུ་འདུས་ལ་དེ་རྣམས་མ་ལུས་པ་ནི་རོ་དྲུག་གི་བཟའ་བཏུང་ཟོས་ཤིང་འཐུངས་པ་འབྱུང་བཞི་གྲུབ་པའི་རྐྱེན་བྱེད་དོ། །དེ་ཡང་རོ་དྲུག་ནི་འབྱུང་བ་ལྔའི་ཁམས་ལས་འབྱུང་སྟེ་སྐྱུར་བ་དང་བསྐ་བ་ནི་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས། ཁ་བ་ནི་རླུང་། མངར་བ་ནི་ཆུ། ཚ་བ་ནི་མེ། ལན་ཚ་ནི་ས་ཁམས་སོ། །དེ་ལྟར་ནམ་མཁས་གོ་འབྱེད་པ་དང་བདེ་བ་ཡེ་ཤེས་ཀྱི་སྦྱོར་བས་འབྱུང་བཞི་བརྟན་པར་འགྲུབ་པ་ཡིན་ནོ། །དེ་ཡང་བར་དོའི་རྣམ་ཤེས་ཀྱིས་དཀར་དམར་གྱི་དྭངས་མ་ལ་བདག་ཏུ་བཟུང་ནས་དེ་གསུམ་འདྲེས་ཏེ་མངལ་གྱི་པད་མར་ཆུད་པའི་ས་བོན་དེ་ནི་མི་ལྟུང་བར་འཛིན་པས་ཁམས་ཀྱི་རང་བཞིན་ཆུས་ནི་བསྐྱེད་པར་བྱེད་མེ་ཡིས་སྨིན་པར་བྱེད་རླུང་གིས་འཕེལ་བར་བྱེད་ནམ་མཁས་ནི་ཐམས་ཅད་ཀྱི་གོ་སྐབས་འབྱེད་པར་བྱེད་པ་ཡིན་པས་དེ་ལྟར་གཟུགས་སྣང་བར་བྱེད་དོ། །གཉིས་པ་ནི། ཁམས་དེ་དག་ཉིད་རིམ་པས་སྐྱེ་བར་བྱེད་པའི་ཚུལ་ཡང་དགྱེས་རྡོར་ལས། བོ་ལ་དང་ཀཀྐོ་ལ་སྦྱོར་བ་ལས་དྲི་ཟ་ཉེ་བར་འོངས་ནས་རེག་པ་སྲ་བ་བདག་གིར་འཛིན་པའི་བག་ཆགས་ཉིད་འབྱུང་ལ་དེ་ལས་ནི་ས་ཁམས་སྐྱེ་བར་འགྱུར་ལ། བྱང་སེམས་གཤེར་བ་ཁུ་བའི་རང་བཞིན་ལ་བདག་གིར་བཟུང་བ་ལས་ཆུའི་ཁམས་འབྱུང་ལ། གཉིས་ཀྱིས་བསྐྱོད་པ་ལས་ནི་དྲོད་སྐྱེ་ལ་དེ་བདག་གིར་བྱས་པས་མེ་ཁམས་འབྱུང་། གཡོ་བའི་རླུང་བདག་གིར་བཟུང་བས་རླུང་གི་ཁམས་སྐྱེ་བར་རབ་ཏུ་གྲགས་ལ། བདེ་བ་ལ་བདག་གིར་བྱས་པས་ནམ་མཁའ་ཉིད་ཀྱི་ཁམས་སྐྱེ་བ་ཡིན་པས་དེ་ལྟར་ཁམས་ལྔའི་རང་བཞིན་ཕུང་པོ་ལྔ་པོས་རྣམ་པར་ཤེས་པ་ལ་བསྐོར་ཏེ་གནས་སོ། །གསུམ་པ་མངལ་དུ་ཇི་ལྟར་འཇུག་པའི་ཚུལ་ནི། དེའི་རྒྱུ་ནི་སྲིད་པ་བར་དོའི་རྣམ་ཤེས་ཏེ། དེ་ཡང་བག་ཆགས་འཛིན་པའི་ཉོན་མོངས་ཅན་གྱི་ཡིད་ཀུན་ཏུ་གཡོ་བའི་རླུང་གི་ངོ་བོས་མེད་བཞིན་དུ་གང་དུ་སྐྱེ་བའི་ཕ་མའི་གཟུགས་གཞན་མཐོང་ཞིང་དེའི་ཚེ་རྒྱུ་རྐྱེན་གྱི་སྲིད་པ་ལེན་པའི་དོན་ནི་ངེས་པར་མི་ཤེས་ཤིང་སྲོག་གི་རླུང་ཙམ་གཅིག་པུ་ལ་བརྟེན་པའི་རྨོངས་པ་མ་རིག་ཉོན་ཡིད་ཀྱི་འདུ་བྱེད་ལས་ཀུན་གཞིའི་རྣམ་ཤེས་ཐིག་ལེའི་ནང་དུ་བཀུག་ནས་ནི་མངལ་དུ་འཇུག་པར་བཤད་རྒྱུད་རྡོ་རྗེའི་ཕྲེང་བ་ནས་གསུངས་ལ་དེས་ན་སྔོན་གྱི་བག་ཆགས་ལ་རྣམ་པར་སྤྱོད་པའི་མཐུས་ཉོན་མོངས་དང་ལས་ཀྱི་བག་ཆགས་ཉིད་ཀྱིས་ཀུན་གཞིའི་རྣམ་ཤེས་འདྲེན་ཅིང་བཟུང་ནས་འཇུག་གོ །ཞུགས་ཟིན་པ་དེའི་ཚེ་ཕ་མའི་ཁུ་ཁྲག་ཞུ་ཐིགས་དང་རྣམ་ཤེས་འདྲེས་པ་རྒྱུ་ནི་གྱུར་པ་ན་ཀུན་གཞིའི་རྣམ་ཤེས་རྒྱུ་ཉོན་ཡིད་དང་བཅས་པ་ལ་གཏོགས་པའི་ཚོགས་དྲུག་རྣམས་མི་བསལ་བ་ཇི་ལྟར་ཆང་གི་རོས་མྱོས་པ་བཞིན་དུ་གྱུར་ལ། འདི་ནི་གསང་འདུས་སུ་དང་པོའི་མགོན་པོ་དང་། རྒྱུད་གཞན་དུ་རྒྱུའི་རྡོ་རྗེ་འཆང་དུ་བཤད་དོ། །བཞི་པ་ཇི་ལྟར་སྐྱེ་བའི་རིམ་པ་བསྟན་པ་ལ། སྲོག་ཆེན་པོའི་རླུང་ཇི་ལྟར་འབྱུང་བ། ཟླ་བ་བཅུར་ཇི་ལྟར་འཕེལ་བའི་རིམ་པ་རྒྱས་བཤད། རྩ་རླུང་ཐིག་ལེ་རྫོགས་ཤིང་སྐྱེ་བའི་ཚུལ་དང་གསུམ། དང་པོ་ནི། མངལ་དུ་ཞུགས་པའི་དེ་མ་ཐག་ཏུ་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་དཀར་དམར་གྱི་དངས་མ་ལས་སྲོག་གི་རླུང་ཉིད་བསྐྱེད་ཅིང་། དེ་ནས་ལས་རླུང་སྐད་ཅིག་སྐད་ཅིག་ལ་ཡང་བསྐྱེད་པས་འོ་མ་ལས་ཞོར་འགྱུར་བ་ལྟར་གནས་སྐབས་གཞན་དུ་ཡང་དག་པར་འགྲོ་སྟེ། གསང་བ་འདུས་པར་དང་པོའི་མགོན་པོ་དེ་ཞེ་སྡང་རྡོ་རྗེ་ཞལ་གསུམ་པར་གྱུར་ཏོ། །ཞེས་པའི་དོན། གཉིས་པ་ལ། ཕྲ་བའི་རླུང་གི་བྱེད་ལས། རྩ་བའི་རླུང་ལྔས་ཕུང་པོ་ལྔ་རྫོགས་ཚུལ། ཡན་ལག་གི་རླུང་ལྔས་དབང་པོ་རྣམས་བསྐྱེད་ཚུལ་དང་གསུམ། དང་པོ་ནི། གནས་སྐབས་གཞན་དུ་འགྲོ་བ་དེ་ཡང་བདུན་ཕྲག་དང་པོ་ལ་ནུར་ནུར་པོ་གཉིས་པ་ལ་མེར་མེར་པ་གསུམ་པ་ལ་ལྟར་ལྟར་པོ་བཞི་པ་ལ་གོར་གོར་པོའི་གནས་སྐབས་ཏེ་དེ་དག་ནི་རིམ་བཞིན། སྲོག་དང་ཀུན་ནས་སྡུད་པ་དང་མཛོད་དཀའ་དང་རབ་ཏུ་འབྱེད་པ་ཞེས་བྱ་བའི་ལས་རླུང་དག་གིས་ཁུ་ཁྲག་གི་རྡུལ་ཕྲ་རབ་ཐམས་ཅད་དཀྲུགས་ཤིང་སྡུད་པར་བྱེད་དོ། །བདུན་ཕྲག་ལྔ་པ་མཁྲང་འགྱུར་གྱི་གནས་སྐབས་སུ་ནི་ཡང་དག་པར་སྡུད་པའི་རླུང་གིས་སོ། །གཉིས་པ་ནི། བདུན་ཕྲག་ལྔ་པའི་ཞག་དང་པོ་ནས་བརྩམས་ཏེ། སེམས་ཅན་དེ་ཉིད་ཀྱི་རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་དང་ལྡན་པའི་དབུ་མ་སྲོག་རླུང་དང་བཅས་པ་བསྐྱེད་ནས་དེ་ལས་སྙིང་གར་རླུང་བཅུའི་རྟེན་དང་ལྟེ་བར་དུས་སྦྱོར་བཅུ་གཉིས་ཀྱི་རྟེན་དུ་གྱུར་པའི་འཁོར་ལོ་ཆགས་པས་ཉའི་རྣམ་པ་ལྟ་བུར་གྱུར་པ་ནི་ཁྱབ་འཇུག་གི་འཇུག་པ་བཅུའི་དང་པོ་ཉའི་གནས་སྐབས་སོ། །དབུ་མ་དེའི་རྩ་ཞིག་ལྟེ་བ་ནས་མའི་རྩ་རོ་མར་འབྲེལ་བས་མའི་རླུང་ཁྲག་གི་དྭངས་མས་ལུས་རྒྱས་པར་བྱེད་པར་འགྱུར་རོ། །དེ་ནས་ཟླ་བ་གཉིས་པ་ནས་རྩ་རྣམས་འཕེལ་ཏེ་ཟླ་བ་བཅུ་གཉིས་སུ་ཞག་རེ་ལ་རྩ་ནི་ཉིས་རྒྱ་རེ་ཆགས་སོ། །སྲོག་གི་རླུང་དེ་ལས་ཐུར་སེལ་གྱི་རླུང་ས་ཁམས་འོག་ཏུ་འཕྲོས་ནས་ནི་ལུས་རུས་སྦལ་གྱི་རྣམ་པ་ལྟ་བུར་བྱེད་པར་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་ཀྱང་དུས་འཁོར་ལས་དེ་ལ་སྦྲུལ་ལྟ་བུར་གསུངས་ནས་རུས་སྦལ་ལྟ་བུ་འོག་ཏུ་བཤད་པས་དེ་ལྟར་བྱའོ། །ཟླ་བ་གསུམ་པར་གྱེན་རྒྱུ་ཡི་རླུང་གིས་ལུས་ཀྱི་སྟོད་རྣམས་སྒྲུབ་པར་བྱེད་ལ་ཟླ་བ་བཞི་པར་ཁྱབ་བྱེད་ཀྱི་རླུང་གིས་ནི་ཡན་ལག་གི་རྩ་རྣམས་སྣང་བར་བྱེད། དེ་རྐང་ལག་དང་མགོའི་གནས་འབུར་དུ་དོད་པས་རུས་སྦལ་གྱི་གནས་སྐབས་སོ། །དེའི་ཚེ་མགྲིན་པའི་འཁོར་ལོ་ཆགས་ཤིང་ཟླ་བ་ལྔ་པར་མཉམ་གནས་ཀྱི་རླུང་འཕྲོས་ནས་ནང་གི་གནས་གཞན་ནང་རོལ་དང་སྟོད་གསེང་རྣམས་འགྲུབ་པར་བྱེད་དེ་ཚོར་བའི་སྡུག་བསྔལ་མྱོང་བ་སྟེ་ཕག་རྒོད་སེང་གེའི་གནས་སྐབས་ཡིན་ནོ། །དེ་ལྟར་མཉམ་གནས་དང་ཁྱབ་བྱེད་གཉིས་ཀྱི་སྟོབས་རྫོགས་པས་ལུས་ནི་འགུལ་བ་དང་འདར་བར་འགྱུར་ལ་དེའི་དུས་རུས་ཚིགས་ཀྱི་དུམ་བུ་ནི་སུམ་བརྒྱ་དྲུག་ཅུ་ཆགས་པར་འགྱུར་ལ། དེ་ལྟར་རྩ་བའི་རླུང་ལྔས་ཟླ་བ་དང་པོ་གསུམ་ལས་འདུ་བྱེད་དང་རྣམ་ཤེས། བཞི་པ་དང་ལྔ་པར་འདུ་ཤེས་དང་ཚོར་བ། དྲུག་པར་གཟུགས་ཀྱི་ཕུང་པོ་སྟེ་ལྔ་རྫོགས་པར་བྱེད་དོ། །གསུམ་པ་ནི། དེ་ནས་ཟླ་བ་དྲུག་པར་ཕྱིན་པ་ན་ཡེ་ཤེས་ཀྱི་ཆ་ཀླུའི་རླུང་གིས་སྟོབས་བསྐྱེད་ནས་ས་ཁམས་ཀྱི་ཆ་ལས་མིག་གི་དབང་པོ་གཉིས་བསྐྱེད། དེ་ལས་བདུན་པར་རུས་སྦལ་གྱི་རླུང་རླུང་གི་ཁམས་སྤྲོས་ནས་ཆུ་ཁམས་རྣ་བའི་བུག་པ་དོད། བརྒྱད་པར་མེ་ཁམས་རྩངས་པའི་རླུང་སྤྲོས་ནས་རླུང་ཁམས་སྣ་བུག་བསྐྱེད་པར་བྱེད། དགུ་པར་ཆུ་ཁམས་ལྷ་སྦྱིན་གྱི་རླུང་འབྱུང་སྟེ་རོ་མྱོང་བ་ཅན་ལྕེ་མེའི་རང་བཞིན་ནི་བསྐྱེད་པར་བྱེད། བཅུ་པར་ས་ཁམས་ནོར་ལས་རྒྱལ་གྱི་རླུང་གིས་རེག་བྱ་རླུང་གི་ཁམས་མྱོང་བའི་ལུས་ཀྱི་དབང་པོ་སྐྱེད་པར་བྱེད་པས་དེས་ན་རླུང་བཅུའི་ནུས་པ་རྫོགས་ཤིང་། དབང་པོ་དེ་དག་རྣམ་པར་དག་པ་ན་གཏི་མུག་རྡོ་རྗེ་ལ་སོགས་པའི་རང་བཞིན་ཏེ། དེ་དག་གིས་ཡུལ་ཀྱང་ཆུ་ནམ་མཁའ་ས་མེ་རླུང་རྣམས་ལས་སྐྱེས་པའི་དོན་ལྔ་འཛིན་ཏེ་ལུས་བསམ་པའི་ཐབས་དང་ཤེས་རབ་ཏུ་གྲུབ་པོ། གསུམ་པ་རྩ་རླུང་ཐིག་ལེ་རྫོགས་ཤིང་སྐྱེ་བའི་ཚུལ་ནི། དེ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་རྫོགས་ཤིང་ཞག་རེ་ལ་རྩ་ཉིས་བརྒྱ་རེ་ཆགས་པ་བསྡོམས་པས་ཟླ་བ་རེ་ལ་དྲུག་སྟོང་རེའི་རྩ་ཆགས་པས་མངལ་དུ་ཟླ་བ་དགུར་རྩ་སྟོང་ཕྲག་ལྔ་བཅུ་རྩ་བཞི་དང་ཕྱིར་སྐྱེས་ནས་ཟླ་བ་གསུམ་རྫོགས་པ་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩ་རྣམས་ཀྱང་རྫོགས་པར་འགྱུར་རོ། །མངལ་དུ་ཟླ་བ་དགུ་པ་ནས་ནི་མའི་མི་གཙང་བ་ཟ་ཞིང་དེ་ནས་བཤང་གཅི་སོགས་སྙིགས་མའི་ཁམས་འབྱུང་ངོ་། །དེ་ནས་བཀྲེས་སྐོམ་གྱི་ཉེན་ཞིང་རླུང་གིས་བསྐྱེད་པའི་ཚོར་བའི་སྡུག་བསྔལ་དྲག་པོ་མྱོང་བར་འགྱུར་ལ་དེ་ཚེ་འབྱིན་པའི་རླུང་གིས་ནི་ལུས་བསྒྱུར་ནས་ཕྱིར་སྐྱེ་བར་བྱེད་པ་ཡིན་ཏེ་མིའི་སེང་གེའི་གནས་སྐབས་སོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་ཕུང་པོ་ལྔ་དང་ཁམས་དྲུག་དང་སྐྱེ་མཆེད་བཅུ་གཉིས་རྣམས་ནི་རྩ་རླུང་ཐིག་ལེ་ལས་གྲུབ་པ་དྲི་མར་བཅས་པའི་སེམས་ཀྱི་སྣང་ཆ་ཉིད་ལས་བྱུང་སྟེ་དྲི་བཅས་སྐྱེ་བ་སྤྲུལ་པའི་སྐུར་གསུངས་སོ། །ཟབ་མོ་ནང་གི་དོན་རྒྱས་པར་བཤད་པ་ལས་མངལ་དུ་ལུས་འགྲུབ་པའི་ཚུལ་ཏེ་གཉིས་པའོ། །གསུམ་པ་དེ་ཉིད་རྩའི་རྣམ་བཤད་ལའང་གསུམ་ལས་དང་པོ་མདོར་བསྟན་པ་ནི། ལུས་དེ་ལ་རྩ་ཇི་ལྟར་གནས་པ་ཤེས་དགོས་པས་དེ་ནས་རྩ་རྣམས་ཀྱི་གནས་ཚུལ་བཤད་པ་དབུ་མ་དང་། རོ་རྐྱང་གཉིས་དང་། རྩའི་གཙོ་མོ་ཉི་ཤུ་རྩ་བཞི་དང་། སུམ་ཅུ་སོ་བདུན་གྱི་ངེས་པ་དང་། འཁོར་ལོ་བཞི་དང་དྲུག་དང་བཅོ་བརྒྱད་ཀྱི་རྒྱས་བཤད་དང་། ནད་བསྐྱེད་པའི་རྩར་བཅས་པ་དང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་བཤད་པ་དང་། དེ་དག་ལས་ཀྱང་ཕྲ་བའི་རྩ་དང་ཁམས་གང་གིས་བསྐྱེད་པའང་བཤད་པར་བྱ་བ་དང་དྲུག་གོ །གཉིས་པ་རྒྱས་པར་བཤད་པ་ལ། མདོར་བསྟན་ལྟར་དྲུག་ལས། དང་པོ་ལ། ངོ་བོ་བཤད་པ་དང་། ལུང་དང་སྦྱར་བ་གཉིས། དང་པོ་ནི། དེ་ལ་ཐོག་མར་ལུས་བསྐྱེད་པའི་གཞིར་གྱུར་པ་དབུས་ན་གནས་པའི་ཕྱིར་རྩ་དབུ་མ་ཞེས་བརྗོད་པ་དེ་ཉིད་སྲོག་གི་རླུང་དང་བཅས་པ་དེ་འཁོར་ལོ་དྲུག་གི་དབུས་ན་ནི་འཁོར་ལོ་སོ་སོར་བར་ཐག་རང་སོར་བཅུ་གཉིས་དང་ཕྱེད་བཅས་ཆགས་ནས་མར་སྣ་གསང་བ་དང་ཡར་སྣ་སྤྱི་གཙུག་གི་བར་དུ་འབྲེལ་བའི་ཡར་སྣའི་འཁྱོག་མཚམས་ལ་གདངས་དང་དབྱིབས་ཧཾ་གི་རང་བཞིན་གྱིས་གནས་པ་ཕ་ལས་ཐོབ་པའི་དཀར་ཆའི་དྭངས་མས་བཀག་པའི་ཚུལ་དང་ལྟེ་བ་རྩ་གསུམ་འདུས་མདོར་མ་ལས་ཐོབ་པའི་དམར་ཆ་ཁྲག་གི་དྭངས་མ་སྟེ་དབྱིབས་གདངས་ཨ་ཐུང་དུ་བརྗོད་པས་བཀག་པའི་ཚུལ་དུ་གནས་ལ། དེ་གཉིས་ཀྱི་བར་ན་ཀུན་གཞི་དང་དེའི་རྟེན་སྲོག་གི་རླུང་གནས་ཏེ་དེ་ནི་ནམ་མཁའ་དང་འདྲ་སྟེ་དུས་འཁོར་ལས། ནང་གི་སྒྲ་གཅན་དུ་གསུངས་སོ། །དབུ་མ་དེའི་ཆ་ལྟེ་འོག་འདུས་མདོ་མན་ཆད་ལ་དུང་ཅན་མ་ཞེས་བྱ་ལ་དེ་ལ་ཁམས་དཀར་ཆ་འབབ་པར་བྱེད་པ་ཡིན་ཞེས་དགྱེས་རྡོར་དུ་གསུངས་སོ། །གཉིས་པ་ནི། ཚུལ་འདི་ནི་སྡོམ་པ་འབྱུང་བ་དང་ཁ་སྦྱོར་ཐིག་ལེ་དང་ནག་པོ་པའི་དཔྱིད་ཐིག་རྣམས་ལས་གསུངས་ཏེ། འདི་ལྟར་སྐྱེ་བའི་ཚེ་སྙིང་གའི་འཁོར་ལོའི་དབུས་སུ་ཟུག་པས་སྙིང་གའི་ཆུ་སྐྱེས་དབུས་སུ་སོན་པ་ཞེས་བྱ་ལ་དེ་ནི་ཆུ་ཤིང་གི་མེ་ཏོག་ལྟར་སྟོང་བས་ཁུ་ཁྲག་མི་རྒྱུ་ལ་ཡར་སྣར་ཧཾ་ནི་འཕྱང་ཞིང་། དེའི་མགོ་འོག་ཏུ་བལྟས་པ། མར་སྣ་ཨ་ཐུང་མར་མེ་ལྟ་བུས་བརྒྱན་པ། དེའི་འོག་ནས་བྱང་ཆུབ་ཀྱི་སེམས་མཉམ་པར་འབབ་པ་སྟེ། དེ་ལ་མིང་གི་རྣམ་གྲངས་ཨ་ཝ་དྷཱུ་ཏི། སུ་སུ་མ་མ། དབུ་མ། ཕྲ་མོའི་གཟུགས། མར་སྣ་ལ་དུང་ཅན་མ། ཡར་སྣ་ལ་སྒྲ་གཅན་གྱི་རྩ་སྲོག་རྩ། ནང་གི་ཤིང་གཅིག སྲོག་ཤིང་སྐུད་པ་ལམ་པོ་ཆེ་ཞེས་བྱ་སྟེ། དེར་རླུང་སེམས་འདུས་པ་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟེར་བར་བྱེད་པའོ། །ཞེས་གསུངས་ལ། དེ་ནི་དྭངས་མ་ལྔ་འདུས་ཀྱི་ཕུང་པོ་ཞེས་ཀྱང་བྱའོ། །མདོར་ན་རྩ་དབུ་མ་ནི་ལུས་ཅན་ཀུན་གྱི་སྲོག་རྩ་ཡིན་ནོ། །གཉིས་པ་རོ་རྐྱང་བཤད་པ་ལ། ངོ་བོ་དང་། ལུང་ལ་སྦྱར་བ་གཉིས། དང་པོ་ནི། དེའི་གཡས་གཡོན་གྱི་རྩ་རོ་རྐྱང་གཉིས་པོ་ནི་ལྟེ་བ་ནས་གྱེས་ནས་མཁལ་མར་འབྲེལ་ཞིང་དེ་ནས་སྙིང་གར་ཅུང་ཟད་འདུས་ལ་དེ་ནས་མཆན་འོག་གི་རྩ་གཡས་གཡོན་རྔུལ་འདུ་ལས་བརྒྱུད་ནས་མགྲིན་པར་འདུས་ཏེ་སླར་གྱེས་ནས་རྩེ་ཆུང་ནས་བརྒྱུད་དེ་གླད་པར་ལྗོན་ཤིང་གི་རྩར་གྱུར་ནས་སྤྱི་བོར་འབྲེལ་ལ་སྣ་བུག་གཉིས་སུ་ཡར་སྣ་འབྱུང་ངོ་། །འོག་ཏུ་རྩ་གསུམ་འདུས་མདོ་ནས་གྱེས་ཏེ་ཁྲག་དང་དྲི་ཆེན་འབྱིན་སྡོམ་གྱི་ལས་ནི་གཡས་པ་རོ་མའི་མར་སྣས་བྱེད་ཅིང་གཡོན་ནས་རྐྱང་མའི་མར་སྣས་དྲི་ཆུའི་འབྱིན་སྡོམ་བྱེད་དགྱེས་རྡོར་ལས་གསུངས་སོ། །ལྟེ་བའི་སྟེང་རྩ་གསུམ་འདུས་མདོ་མན་ཆད་རྣམས་ནི་རླུང་ཁོ་ན་རྒྱུ་བའི་རྩ་སྟེ། ལྟེ་བའི་འཁོར་ལོའི་རྩ་ནི་དྲུག་ཅུ་རྩ་བཞིའི་བདུན་ཅུ་རྩ་གཉིས་ཀྱི་ཕྱི་རོལ་ཏུ་ལུས་ཀུན་དང་ནང་དུ་སྲོག་གི་རླུང་ཀུན་སྲོག་གིས་གསོ་སྐྱེད་བྱེད་དོ། །གཉིས་པ་ནི། ཚུལ་འདི་ནི་དང་པོའི་སངས་རྒྱས་དུས་འཁོར་རྒྱུད་ལས་གསུངས་ཏེ། རྩ་དེ་དག་ནི་ཐུར་དུ་རྩེ་མོ་གསུམ་སྟེ། དེ་བཞིན་གྱེན་དུའང་རྩེ་མོ་གསུམ་ཡོད་ལ། གྱེན་གྱི་རྩེ་གསུམ་ནི། སྒྲ་གཅན་རྩེ་མོ་དབུས་ན་གནས། །ཉི་མའི་རྩེ་མོ་གཡས་པའོ། །ཟླ་བའི་རྩེ་མོ་གཡོན་གཡོན་པ་སྟེ་གཡོན་ནས་ཟླ་བ་ཆུའི་རླུང་དང་གཡས་ནས་ཉི་མ་མེའི་རླུང་དང་དབུས་ནས་སྒྲ་གཅན་ནམ་མཁའི་རླུང་རྒྱུའོ། །ཐུར་དུ་ཕྱོགས་པ་གཡས་གཡོན་དབུ་མའི་བར་སྣ་ནས་རིམ་བཞིན་བཤང་བ་གཅི་བ་ཁུ་བ་རྒྱུའོ། །དེ་དག་ཀྱང་ལྕགས་སྒྲོག་བཅིང་པ་ལྟ་བུའི་རྩ་ཡིན་ལ་སྟེང་ནས་སྲིད་པ་སྲོག་གི་རླུང་དང་འོག་ཏུ་ཐུར་སེལ་གྱི་རླུང་དང་ཟླ་ཉི་སྒྲ་གཅན་གྱི་ལམ་གསུམ་དང་ལྡན་པ་ཉིད་དོ། །གསུམ་པ་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་དང་སུམ་ཅུ་རྩ་བདུན་གྱི་ངེས་པ་བཤད་པ་ལ། སྤྱིར་བསྟན་པ། སོ་སོར་བཤད་པ། སྦས་པའི་རྩ་བཤད་པ་དང་གསུམ། དང་པོ་ནི། རྩ་གསུམ་པོ་འདི་ལས་གྱེས་པའི་རྩ་ཆེན་པོ་ཉི་ཤུ་རྩ་བཞི་ནི་ཕྱི་རོལ་དུ་གནས་ཉི་ཤུ་རྩ་བཞི་དང་ཐུགས་གསུང་སྐུའི་རྣལ་འབྱོར་པ་ཉི་ཤུ་རྩ་བཞིའི་རང་བཞིན་དུ་བདེ་མཆོག་ལས་གསུངས་སོ། །དེའི་སྟེང་དུ་སྙིང་ག་ཡི་འཁོར་ལོའི་ཡན་ལག་གི་རླུང་ལྔ་བརྟེན་པའི་རྩ་ལྔ་དང་རྩའི་གཙོ་བོ་གསུམ་དང་བཅས་པ་བསྣན་པས་སུམ་ཅུ་རྩ་གཉིས་ནི་ཕྱིར་ཡུལ་སོ་གཉིས་དང་ཟླ་བའི་ཡར་ངོ་མར་ངོ་དག་པ་བདག་མེད་ལྷ་མོ་བཅོས་ལྔའི་རང་བཞིན་དུ་ཧེ་བཛྭ་ལས་གསུངས་སོ། །དེའི་སྟེང་དུ་རྩ་བ་ཡི་རླུང་ལྔ་བརྟེན་པའི་རྩ་དང་བཅས་པས་སུམ་ཅུ་རྩ་དྲུག་དབུ་མ་ལ་སྲོག་དང་ཐུར་སེལ་རྒྱུ་བའི་ཆ་གཉིས་ཕྱེ་བས་སོ་བདུན་ནི་ལྷ་དང་རིགས་དང་བྱང་ཕྱོགས་སོ་བདུན་གྱི་རང་བཞིན་ནོ། །གཉིས་པ་ནི་ནཱ་རོའི་བརྟག་གཉིས་འགྲེལ་ཆེན་ལས་ནི་རོ་རྐྱང་ལས་གྱེས་པའི་རྩ་བཅོས་ལྔ་རེའི་སྦྱར་བཤད་དུ་གསུངས་ཀྱང་། འདིར་བདེ་མཆོག་སམྦུ་ཊ་དང་རྡོ་རྗེ་ཕྲེང་བ་ནས་གསུངས་པ་ལྟར་ལུས་ཀྱི་སྟོད་ན་རྐྱང་མ་ལས་གྱེས་པའི་རྩ་བཅུ་བཞི། སྨད་དུ་རོ་མས་གྱེས་པའི་བཅུ་ཞེས་འཆད་དེ། འདི་ལྟར་གཡོན་རྐྱང་མའི་ཆར་སྐྱེས་པ་བཅུ་བཞི་ནི། མི་ཕྱེད་མ་ནི་ཚོགས་མར་གནས། །ཕྲ་གཟུགས་མ་ནི་སྤྱི་གཙུག་འབྲེལ། །བརྩེ་བ་ལ་ནི་རྣ་གཡས་ཏེ། །གཡོན་པ་མ་ནི་ལྟག་རྩའོ། །ཐུང་ངུ་ཞེས་བྱ་རྣ་བ་གཡོན། །རུས་སྦལ་སྐྱེས་མ་སྨིན་དབུས་ཏེ། །མིག་གི་ཕྱི་རོལ་སྒོམ་པ་མོ། །དབང་མ་ཕྲག་པ་གཉིས་ཀྱི་རྩ། །སྐྱོན་མ་མཆན་ཁུང་རྩ་ཡིན་ཏེ། །མཇུག་པ་ཞེས་བྱ་ནུ་མའི་རྩ། །མ་མོ་ལྟེ་བའི་རྩ་ཡིན་ཏེ། །སྣ་རྩེར་ཟུག་པ་མཚན་མོའོ། །མཁའ་ལ་གནས་པ་བསིལ་སྦྱིན་མ། །མགྲིན་དབུས་ཚ་བ་མ་གནས་སོ། །རྐྱང་མ་དེ་དག་ཀུན་བརྟེན་པའོ། །འདི་རྣམས་ཤེས་རབ་རང་བཞིན་ནོ། །གཡས་རོ་མ་ལ་བརྟེན་པའི་ཐབས་ཀྱི་ཆར་གྱུར་པའི་རྩ་བཅུ་ནི། །གཞོལ་མ་བྲང་གི་གཞུང་དུ་གནས། །རང་མ་ལྒངས་པར་འབྲེལ་བ་སྟེ། །ཤིན་ཏུ་གཟུགས་ཅན་མཚན་མར་གནས། །སྤྱི་མ་འོག་སྒོར་འབྲེལ་བ་སྟེ། །རྒྱུ་སྦྱིན་རླ་ཡི་རྩ་ཆེན་ཡིན། །སྦྱོར་བྲལ་མ་ནི་བྱིན་པར་གནས། །སྡུག་གུ་རྐང་པའི་སོར་མོར་འབྲེལ། །གྲུབ་མ་བོལ་གོང་རྩ་ཡིན་ཏེ། །འཚེད་མ་རྐང་འཐེབ་སྤུ་འཁྱིལ་རྩ། །ཡིད་བཟང་པུས་མོའི་གཉེན་གོང་གནས། །དེ་ལྟར་ལུས་ཀྱི་གནས་སུ་འདོད། །གསུམ་པ་སྦས་པའི་རྩ་བཤད་པ་ནི། སུམ་སྐོར་མ་དང་འདོད་མ་དང་ཁྱིམ་མ་དང་གཏུམ་མོ། །ཞེས་བྱ་བའི་རྩ་བཞི་ནི་མིག་དང་རྣ་བ་དང་སྣ་དང་ལྕེར་སྙིང་དབུས་ནས་འབྲེལ་ཞིང་གཟུགས་སྒྲ་དྲི་རོ་འཛིན་པའི་བྱེད་ལས་ཅན་གྱི་ཡན་ལག་གི་རླུང་ཀླུ་སོགས་བཞི་རྒྱུ་བའི་རྩ་ཡིན་ལ། བདུད་བྲལ་མ་ནི་སྙིང་ནས་ལྕེ་ཆུང་གི་དབུས་སུ་ཟུག་ལ་གྱེན་དུ་ཁམས་འབབ་པ་དང་རེག་བྱ་འཛིན་པའི་ནོར་རྒྱལ་གྱི་རླུང་བརྟེན་ནོ། །དེ་ནས་འདིར་ནི་ལུས་ཀྱི་སྙིང་དབུས་སུ་རྩ་ལྔ་པོ་ནི་ཡང་དག་གནས་སོ། །སྲོག་རྩ་ནི་ཨ་ཝ་དྷཱུ་ཏི་སྟེ་སྲོག་ཐུར་གྱི་རླུང་གནས་ལ། དེ་ལས་གཞན་པའི་རྩ་བའི་རླུང་གསུམ་རྒྱུ་བའི་གནས་ནི། དུས་འཁོར་ལས་མདུན་དུ་སྣར་མ་དང་མེར་གླང་ཆེན་ལྕེ་དང་གཡས་རྒྱལ་བ་རྣམས་སུ་མེ་མཉམ་དང་གྱེན་རྒྱུ་དང་ཁྱབ་བྱེད་རྣམས་རིམ་བཞིན་རྒྱུ་བར་གསུངས་སོ། །བདེ་མཆོག་ལས། རྩ་བཅུ་ཀ་སྦས་ཤིང་དགྱེས་རྡོར་ལས་རྩ་བའི་རླུང་བརྟེན་པའི་རྩ་ལྔ་སྦས་ལ་དུས་འཁོར་ལས་གསལ བར་གསུངས་སོ། །བཞི་པ་འཁོར་ལོའི་རྒྱས་བཤད་ལ། མདོར་བསྟན་པ། ལྟེ་བ། སྙིང་ག མགྲིན་པ། སྤྱི་བོའི་འཁོར་ལོ་འཁོར་ལོ་དྲུག་གི་ངེས་པ། ཡན་ལག་གི་འཁོར་ལོ་བཅུ་གཉིས་རྒྱས་པར་བཤད་པ་དང་བདུན། དང་པོ་ནི། དེ་ནས་འཁོར་ལོ་བཞི་དང་དྲུག བཅོ་བརྒྱད་ལ་སོགས་དབྱེ་བ་ནི་བཤད་པར་བྱའོ། །གཉིས་པ་ནི། ལྟེ་བ་ནས་ལུས་བསྐྱེད་ཅིང་སྤྲུལ་བར་བྱེད་པ་ལ་སད་པའི་གནས་སྐབས་ཀྱི་དྲི་མ་གཅོད་པའི་འཁོར་ལོ་གནད་བཅིངས་ན་སྤྲུལ་པའི་སྐུ་ཐོབ་པར་འགྱུར་བ་དེ་བཤད་པ་ནི། རྩ་འདབ་ཇི་ལྟར་གྱེས་ཞེ་ན། དབུ་མ་ལས་ཐོག་མར་རྩ་བཞི་གྱེས་ལ་དེ་རེ་རེ་ལ་སྐུ་གསུང་ཐུགས་ཀྱི་གསུམ་གསུམ། དེ་རེ་རེ་ལ་འབྱུང་པ་ལྔ་ལྔར་གྱེས་པ་དྲུག་ཅུའམ། ཡང་ན་རྩ་བཞི་ལ་འཕོ་བ་བཅུ་གཉིས་ཀྱི་རིམ་པ་ལྔ་ཚན་རེ་རེར་གྱེས་པས་དྲུག་ཅུ་སྟེ་གཡས་རོ་མ་ལ་བརྟེན་པ་མཉམ་པའི་ཁྱིམ་དྲུག གཡོན་རྐྱང་མ་བརྟེན་པ་མི་མཉམ་པའི་ཁྱིམ་དྲུག་སྟེ་བཅུ་གཉིས་ཀྱི་འཕོ་བ་བརྟེན་ལ་དབུས་སུ་སྟོང་པ་བཞི་པོ་ནི་འཕོ་མཚམས་སུ་དབུ་མར་འབབ་པའི་འཕོ་བ་ཡིན་ནོ། །རྩ་འདབ་སོ་སོའི་མིང་ནི་རྡོ་རྗེ་ཕྲེང་བ་ལས་གསུངས་ཏེ། ཡང་དག་ཤུགས་དང་། ཤིན་ཏུ་ཤུགས་དང་། ཤིན་ཏུ་བཟང་དང་། བཟང་པོར་འགྲོ་སྟེ་དེ་བཞི་ནི་དབུ་མར་འཕོ་བའོ། །སྟོབས་ཆེན་དང་། མི་ཟད་ཆེ་དང་། མཛེས་ཆེན་དང་། མདུན་དུ་སྐྱེས་པ་ཆེ་དང་། རྒྱགས་པའི་རྟགས་བཞི་ལྔ་ནི་ལུག་གི་འཕོ་བའོ། །རྒྱགས་པའི་ཆ་དང་། རྒྱགས་པའི་ཆུ་དང་། རྒྱགས་སྨྱོ་བྱེད་དང་། རྒྱགས་དང་། རྒྱགས་པའི་རྒྱུ་མཐུན་དང་ལྔ་ནི་གླང་གིའོ། །རྒྱགས་པའི་རླན་དང་། རྒྱགས་པ་འཆང་དང་། རྩུབ་དང་། ཁ་ཆུ་དང་། གླང་པོ་དང་ལྔ་ནི་འཁྲིག་པའི་འོ། །དབུགས་མི་བདེ་དང་། གཡའ་ཁ་འགྲོ་དང་། འདབ་ཆགས་ཡན་ལག་དང་། ཁྲའི་གདོང་དང་། ཟ་ཕོད་དང་ལྔ་ནི་ཀརྐ་ཊའི་འོ། །མི་བཟད་པ་དང་། སྒྲ་སྒྲོགས་དང་། དྲི་ལྡན་དང་། བརྡེག་པ་དང་། བརཏལ་བ་དང་ལྔ་ནི་སེང་གེའི་འོ། །དབྱངས་དང་། དབྱངས་སྐྱེས་དང་། སྤྲིན་དང་། ཆུ་བ་མཐོ་དང་། རྒྱ་ལྟར་སྔོ་དང་ལྔ་ནི་བུ་མོའི་འོ། །ཡུད་ཙམ་གཙོ་བོ་དང་། ཡུད་ཙམ་སྐྱེས་དང་། རྒྱབ་ཏུ་ཁ་བལྟས་དང་། དབྱུག་པ་དང་། དབྱུག་སྙོམས་དང་ལྔ་ནི་སྲང་གིའོ། །རྙིངས་པ་དང་། ཚིགས་ཀྱི་ལྷ་དང་། ཚིགས་ཀྱི་ཚིགས་དང་། ཚིགས་ཀྱི་ཚད་དང་། བརཏལ་བ་དང་ལྔ་ནི་སྡིག་པའི་འོ། །ཚིགས་ཀྱི་གནས་དང་། ཚིགས་ཀྱི་གདོང་དང་། ཚིགས་འོད་དང་། ཚིགས་ཀྱི་ལུ་གུ་རྒྱུད་དང་། དུལ་བྱེད་དང་ལྔ་ནི་གཞུའི་འོ། །དུལ་འགྲོ་དང་། གཟི་བརྗིད་དང་། དྲི་མེད་དང་། དུལ་བའི་སྙེམས་པ་དང་། ཆུན་འཕྱང་ལྟོ་དང་ལྔ་ནི་ཆུ་སྲིན་གྱིའོ། །ཆགས་པ་ཆགས་དང་། ཆུན་འཕྱང་དང་། ཆུན་འཕྱང་ཕྱེད་དང་། སྦྲང་བུ་ཕྲུ་གུ་དང་། ཕྲུ་གུ་སྟེར་དང་ལྔ་ནི། བུམ་པའི་འོ། །འགྲོ་བ་དང་། ལོ་མ་དང་། ལོ་མའི་མགྲིན་པ་དང་། རབ་མཆོག་མ་དང་། རབ་གསལ་དང་ལྔ་ནི་ཉའི་འཕོ་བ་སྟེ་དེ་ལྟར་དྲུག་ཅུ་རྩ་བཞིའོ། །གསུམ་པ་ནི། ཆོས་འཛིན་པའི་རྟོགས་པ་འཕྲོ་ཞིང་གཉིད་འཐུག་གི་དྲི་མ་གཅོད་པ་གནད་བཅིངས་ན་ཆོས་ཀྱི་སྐུ་ཐོབ་པར་བྱེད་པའི་སྙིང་གའི་འཁོར་ལོའི་རྩ་བརྒྱད་ཀྱི་མིང་ནི། རིན་ཆེན་ཅོད་པན་དང་། པད་མ་ཆེ་དང་། རྡོ་རྗེ་ཆེན་པོ་དང་སྟོབས་པོ་ཆེ་རྣམས་རིགས་བཞི་དང་། མགོན་པོ་ཆེ་དང་། སྒྲ་ཆེ་དང་། ཉེར་དགའ་ཆེན་པོ་དང་། མྱོས་པ་ཆེན་པོ་རྣམས་གཟུགས་སྒྲ་དྲི་རོ་འཛིན་པ་སྟེ་འདི་རྣམས་ཀྱི་འཁོར་ལོས་ལུས་ཀུན་ཁྱབ་པོ། དུས་འཁོར་ལས་ནི་སྣར་མ་ལ་སོགས་པའི་མིང་བརྒྱད་ཀྱིས་གསུངས་སོ། །བཞི་པ་ནི། རོ་དྲུག་ལ་ལོངས་སྤྱོད་ཅིང་རྨི་ལམ་གྱི་དྲི་མ་གཅོད་པར་བྱེད་པ་གནད་བཅིངས་ན་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་འགྱུར་བ་མགྲིན་པའི་རྩ་འདབ་བཅུ་དྲུག་གི་མིང་ནི། ལོངས་སྤྱོད་དང་། ལོངས་སྤྱོད་སྟེར་དང་། གསང་བ་དང་། ཉི་འགྲོ་དང་། གསལ་དང་། སྐལ་བ་དང་། སྒོམ་པ་དང་། ཐལ་བའི་གདོང་དང་། བཟའ་སྟེར་དང་། ཟ་དང་། བཀྲེས་པ་དང་། བཅུད་ལེན་དང་། རོས་ནི་བཀུར་བ་དང་། རོ་འཇིག་པ་དང་། རོ་དང་། ཁྲུང་ཁྲུང་སྟེ་དེ་རྣམས་ལོངས་སྤྱོད་ཀྱི་འཁོར་ལོར་གནས་སོ། །དུས་འཁོར་ལས་ནི་རླུང་བྱང་སེམས་རྒྱུ་སྐར་ཉེར་བརྒྱད་ཀྱི་གྲངས་དང་སྟོང་པའི་རྩ་བཞི་དང་བཅས་ནས་སོ་གཉིས་སུ་གསུངས་སོ། །ལྔ་པ་ནི། སྤྱི་བོར་ཞུ་བའི་བདེ་ཆེན་བསྐྱེད་ཅིང་ཆགས་པའི་དྲི་མ་གཅོད་པའི་འཁོར་ལོར་གནད་བཅིངས་ན་བདེ་ཆེན་ཡེ་ཤེས་ཀྱི་སྐུ་འཐོབ་པར་འགྱུར་བའི་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་མིང་ནི། རིམ་རིགས་དང་། འདོད་པ་ཅན་དང་། འདོད་ཅན་མ་དང་། སྲོག་གི་ལུས་དང་། ཟླ་ཐུང་དང་། ཟླ་སྟེར་དང་། མཛེས་པ་དང་། འདོད་ཅན་དང་། ཀུ་ཤ་དང་། ཤི་བ་སྤོང་དང་། དག་པ་དང་། མེ་དང་། མེ་རོ་དང་། ནེ་ཚོ་དང་། བཅོ་ལྔ་ཟླ་བ་ཡར་ངོའི་ཆ་བཅོ་ལྔ་དང་། གང་བ་ནི་བཅུ་དྲུག་པ་ཉིད་དང་། རོ་ལྡན་དང་། ཀོས་རིངས་དང་། ཆང་སྟེར་དང་། བདུད་རྩི་དང་། དུང་ཅན་དང་། དུང་སྣ་དང་། དུང་གི་མིག་དང་། དུང་གི་རྣ་དང་། རྒྱགས་དང་། དབང་རྒྱགས་དང་། བསྐོམ་པ་དང་། རྒྱགས་པས་རྒྱལ་དང་། ངོ་མཚར་རྒྱགས་དང་། སྙོམས་པ་དང་བཅོ་ལྔ་ནི་ཟླ་བ་མར་ངོའི་ཆ་བཅོ་ལྔ་དང་། ཚིགས་ཀྱི་རྟེན་ནི་བཅུ་དྲུག་པ་སྟེ། གྲངས་སུམ་ཅུ་རྩ་གཉིས་ཞེས་ནི་བཤད་དོ། །དུས་འཁོར་ལས་ནི་ཟླ་བའི་རྐང་པ་བཅུ་བཞི། རྐང་མཚམས། རྐང་མཐའ་སྟེ་བཅུ་དྲུག་གི་དག་པར་གསུངས་སོ། །དེ་ལྟར་འཁོར་ལོ་བཞིའི་རྩ་བརྒྱ་དང་ཉི་ཤུ་ནི་རྩ་སོ་བདུན་གྱི་རྗེས་ནས་རྩའི་གཙོ་བོར་བཤད་པ་ཡིན་ནོ། །དྲུག་པ་ནི། སངས་རྒྱས་པའི་ཚེ་གཙུག་ཏོར་བསྐྱེད་པའི་རླུང་ཁམས་ཀྱི་རྩ་དྲུག་དང་། དེའི་མགྲིན་པ་བསྐྱེད་པའི་མེ་ཁམས་ཀྱི་གསུམ་སྟེ་དགུའི་མིང་ནི། སྨིན་མའི་དབུས་ན་རླུང་གི་འཁོར་ལོ་དྲུག་ལ། བྱེ་བ་དང་། འཁྱིལ་པ་དང་། མི་བཟད་པ་དང་། མིང་བཟང་དང་། བརྟན་པ་དང་། མཚན་ཉིད་ཅན་དང་དྲུག་རྣམས་སོ། །འཛིན་པ་དང་། རྟོག་མེད་དང་། གང་བ་དང་རྩ་གསུམ་ནི་མེ་དང་ལྡན་པའོ། །ཞེས་རྡོ་རྗེ་ཕྲེང་བ་ནས་གསུངས་ལ། དུས་ཀྱི་འཁོར་ལོ་ནས་གང་གསུངས་པ་ནི། ནོར་བུའི་རྩ་བཞི་དང་སྨིན་མཚམས་ཀྱི་རྩ་བཞི་མཐུན་པར་བརྩིས་ནས་གྲངས་དེའི་སྟེང་དུ་འོག་གི་ལམ་གསུམ་གྱི་རྩ་གསུམ་བསྣན་པ་འདི་བདུན་ནི་གསང་བའི་གནས་སུ་ཡོད་པར་གསུངས་ཤིང་། འདི་རྣམས་ཀྱི་ཕྱི་རིམ་ནས་སྤྱི་བོ་དང་མཚུངས་པར་གསང་གནས་ཀྱི་འཁོར་ལོ་སུམ་ཅུ་རྩ་གཉིས་ཀྱི་འདབ་མ་ཡིན་པར་གསུངས་ཀྱང་། དབུ་མ་ལ་ཆ་གཉིས་སུ་ཕྱེ་ནས་དགུར་འགྱུར་བའི་ཕྱིར་རྒྱུད་སྔ་ཕྱི་གཉིས་ཀྱང་དགོངས་པ་མཐུན་ནོ། །ཡང་ན་འཁོར་ལོ་དྲུག་པོ་དེ་དག་གི་དབུས་ན་གནས་པ་ནི་དབུ་མའི་ཆ་དྲུག་ལ་བྱེ་བ་ལ་སོགས་པ་དྲུག་གི་མིང་གིས་བསྟན་ཅིང་ཐིག་ལེ་སྟོང་པ་ཡིག་དྲུག་གི་རང་བཞིན་གྱི་རྩ་ཡིན་ལ་འདི་རྣམས་གཞན་དཀྱིལ་འཁོར་གྱི་འཁོར་ལོ་ལ་གསུང་གི་སྒོ་ཞེས་བྱའོ། །བདུན་པ་ནི། ལག་པ་གཡས་པའི་ཚིགས་ཆེན་གསུམ་ལ་རླུང་གི་ཁམས་ཀྱིས་བསྐྱེད་པའི་རྩའི་འཁོར་ལོ་ནི། སུམ་ཅུ་སུམ་ཅུ་གནས་པས་དགུ་བཅུ་དང་ཉིང་ལག་གི་སོར་མོའི་ཚིགས་ནི་རེ་རེ་ལ་ཡང་འཁོར་ལོའི་རྩ་དྲུག་དྲུག་ཏུ་འགྱུར་ཏེ་གྲངས་ནི་གོང་དང་མཚུངས་པའོ། །དེ་བཞིན་ལག་གཡོན་མེའི་ཁམས། རྐང་པ་གཡས་པ་ཆུ་ཁམས་ཏེ། གཡོན་པ་ས་ཁམས་རྣམས་ཀྱང་སྔ་མ་བཞིན་ཏེ་དེ་ལྟར་ཚིགས་ཆེན་གྱི་འཁོར་ལོ་བཅུ་གཉིས་ནི་ཟླ་བ་བཅུ་གཉིས་དག་པ་སྐུ་དཀྱིལ་གྱི་འཁོར་ལོ་བཅུ་གཉིས་ཀྱི་རང་བཞིན་ཡིན་ལ་དེ་དག་གི་རྩ་འདབ་སུམ་བརྒྱ་དྲུག་ཅུ་ནི་ཞག་དང་ཚེས་ལྷའོ། །སོར་ཚིགས་ཀྱི་རྩ་འདབ་ཀྱི་གྲངས་ཀྱང་དེ་དང་མཉམ་མོ། །ལྔ་པ་ནད་བསྐྱེད་པའི་རྩ་དང་སྟོང་ཕྲག་བདུན་བཅུ་རྩ་གཉིས་བཤད་པ་ནི། ནད་ནི་བསྐྱེད་པར་བྱེད་པའི་རྩ་གང་ཞེ་ན། གཙུག་ཏོར་རྩ་བཞི་དཔྲལ་བ་ཡི། བཅུ་དྲུག་བད་ཀན་སྐྱེད་པར་བྱེད། མགྲིན་པའི་རྩ་ནི་སུམ་བཅུ་གཉིས། སྙིང་གའི་བརྒྱད་རྣམས་འཁྲིས་པ་སྐྱེད། ལྟེ་བའི་དྲུག་བཅུ་རྩ་བཞི་དང་། གསང་བའི་ཕྱི་རོལ་བཅུ་དྲུག་གིས། རླུང་གི་ཁམས་དྲུག་གསང་བ་ཡི། ནང་རིམ་བཅུ་དྲུག་འདུས་པ་བསྐྱེད་པར་བྱེད་པ་ཡིན་ཏེ་དེ་ལྟར་བརྒྱ་དང་ལྔ་བཅུ་རྩ་དྲུག་ཡོད་ལ་འདི་རྣམས་ནི་འཁོར་ལོ་དྲུག་པོ་རེ་རེའི་ཕྱི་རིམ་དུ་ཡོད་པར་འདིར་འཆད་ལ་གཞན་དག་འཁོར་ལོ་ཉིད་དུ་འདོད་དོ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྣམ་དབྱེ་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཟླ་བ་འབབ་པ་རྐྱང་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཉི་མ་འབབ་པར་རོ་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་དབུ་མའི་རིགས་སུ་བརྗོད། ཅེས་གསུངས་པས། དེ་ཡང་ལུས་ལ་གནས་པས་ན། རྩ་ནི་ཉི་ཤུ་རྩ་བཞི་པོ་སྟེ་མི་ཕྱེད་མ་ནས་ཡིད་བཟང་མའི་བར་ལ་བྱ་བ་བྱས་ཟིན་པའམ་རླུང་རྒྱུ་བ་ཐིམ་པ། བྱེད་བཞིན་པའམ་དཀར་ཆ་རྒྱུ་བ་ལོངས་སྤྱོད་པ། བྱེད་པར་འགྱུར་བའམ་དམར་ཆ་རྒྱུ་བ་བདག་པོའི་དབྱེ་བས་གསུམ་གསུམ་དུ་ཕྱེ་བའི་བདུན་ཅུ་རྩ་གཉིས་དང་དེ་རེ་རེ་ལའང་འཁོར་ནི་སྟོང་སྟོང་ལྡན་པ་དཔེར་ན་སྡོང་པོ་གཅིག་ལས་ནི་ཡལ་ག་ལོ་འདབ་གྱེས་པ་བཞིན་ནོ། །དྲུག་པ་དེ་ལས་ཕྲ་བའི་རྩ་དང་ཁམས་གང་གིས་བསྐྱེད་བཤད་པ་ནི། དེ་དག་ལས་ཀྱང་ཕྲ་བའི་རྩ་རྣམས་ནི་བྱེ་བ་ཕྲག་ཕྱེད་དང་བཞི་ཡོད་ལ་ལུས་ཀྱི་བ་སྤུ་བསྐྱེད་པར་བྱེད་སྟེ་དུས་འཁོར་ལས་འབྱུང་པོའི་གྲངས་སུ་གསུངས་སོ། །རྩ་འདི་རྣམས་ཀྱི་ཁམས་ཀྱི་རིམ་པ་ནི། ལྟེ་བ་ས་ཏེ་སྙིང་ག་རླུང་། །མགྲིན་པ་མེ་ལ་སྤྱི་བོ་ཆུ། །གཙུག་ཏོར་ནམ་མཁའ་གསང་བ་ནི། །ཡེ་ཤེས་བདེ་བའི་རིགས་སུ་གསུངས་པ་དགྲ་གྲོགས་ཐབས་ཤེས་སུ་འགྱུར་ལ། དེ་བཞིན་བ་སྤུའི་མཐར་ཐུག་པར་ཡང་ཁམས་དྲུག་གིས་ནི་རིམ་པར་བསྐྱེད་ཅིང་ཐམས་ཅད་ཀྱང་བསྡུས་ན་གཡས་གཡོན་དབུ་མའི་དབྱེ་བ་ལས་སྐུ་གསུང་ཐུགས་ཀྱི་རིགས་གསུམ་དུ་འདུས་པ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་རྩའི་མཚན་ཉིད་ཤེས་པས་ལུས་ལ་རིལ་པོ་དང་བདག་གི་བར་འཛིན་པ་སྤོང་ཞིང་རྡོ་རྗེ་ལུས་ཀྱི་གནས་ལུགས་རྟོགས་ནས་སྦྱངས་འབྲས་སྐུ་རྡོ་རྗེ་ཐོབ་པར་འགྱུར་རོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་ལུས་ཀྱི་རྩ་རྒྱས་པར་བསྟན་པ་སྟེ་གསུམ་པའོ། །བཞི་པ་རླུང་གི་གནས་དང་རྒྱུ་བའི་ཚུལ་བཤད་པ་ལས་གསུམ་ལས། དང་པོ་མདོར་བསྟན་པ་ནི་རྩ་དེ་རྣམས་ལ་རླུང་ཇི་ལྟར་རྒྱུ་བ་ཤེས་དགོས་པས་དེ་བཤད་པ། དེ་ནས་རླུང་གི་ངོ་བོ་དང་། གནས་དང་བྱེད་ལས་རྒྱུ་བའི་ཚུལ། །སྟོབས་དང་སྟོབས་མེད་རིམ་པ་དང་། །འཇུག་ས་གཟུང་ཐབས་སྐྱོན་ཡོན་རྣམས། །རིམ་པ་བཞིན་དུ་འདིར་བཤད་བྱ། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། བསྐྱེད་བྱ་བསྐྱེད་བྱེད་ཀྱི་ངོ་བོ། གནས་བྱེད་ལས་དང་བཅས་པ། ཕྱི་ནང་དུ་རྒྱུ་བའི་རིམ་པ་བྱེད་ལས་དང་བཅས་པ། འཇུག་སྒོ་ཕན་ཡོན་དང་བཅས་པ། འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་གནས་པ་དང་ལྔ། དང་པོ་ནི། རླུང་གི་ངོ་བོ་ནི་ལུས་ཅན་རྣམས་ཀྱི་ངག་དང་དུས་སྦྱོར་གྱི་རང་བཞིན་ཏེ་ཡི་གེ་ཐམས་ཅད་ཀྱང་འདི་ལས་སྐྱེས་པའོ་ཞེས་སྤྱིར་བསྟན་ནས། བྲེ་བྲག་ཏུ་བཤད་པ། ཐོག་མར་ཀུན་གཞིའི་རྣམ་ཤེས་ལ་བརྟེན་པའི་ཉོན་མོངས་པ་ཅན་གྱི་ཡིད་སྲོག་གི་རླུང་ཨ་ཐུང་གི་གདངས་དང་རྣམ་པ་ཅན་དེ་ནི་ནམ་མཁའི་ཁམས་ཀྱི་རང་བཞིན་ཡིན་ནོ། །ཐུར་སེལ་ས་ཁམས་ལྀ་ཡིག་སྟེ། གྱེན་རྒྱུ་མེ་ཁམས་རྀ་ཡིན་ནོ། །མེ་ཁམས་རླུང་ཁམས་ཨི་ཞེས་བརྗོད། །ཁྱབ་བྱེད་ཆུ་སྟེ་ཨུ་རུ་འགྱུར། །ཞེས་རྩ་བའི་རླུང་ལྔ་བསྟན་ནས། །དེ་ནས་ཡན་ལག་རླུང་ལྔ་ནི། །ཀླུ་ནི་སས་བསྐྱེད་ནམ་མཁའ་ཨཱ། །རུས་སྦལ་རླུང་སྟེ་ཨེ་རུ་བཤད། །རྩངས་པ་མེ་སྟེ་ཨཱར་ཉིད་ཡིན། །ལྷ་སྦྱིན་ཆུ་ཁམས་ཨོ་རུ་འགྱུར། །ཨཱལ་ནི་ས་ཁམས་ནོར་ལས་རྒྱལ། དེ་རྣམས་ནི་ཐོག་མར་མངལ་དུ་ཟླ་བ་རེ་རེ་ལ་རིམ་པས་བསྐྱེད་ཅིང་ད་ལྟར་ལུས་ལ་གནས་ནས་ལས་ཀུན་བྱེད་ལ་སྡུད་པའི་ལོ་བཅུ་བཅུ་ན་རླུང་རེ་རེ་རྫོགས་པས་ལོ་བརྒྱ་ན་རྫོགས་པར་སྡུད་པར་བཤད་དོ། །འདི་རྣམས་ཕུང་པོ་དང་སྦྱོར་བ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། སེམས་ཉིད་འོད་གསལ་བ་ཡེ་ཤེས་ཀྱི་རླུང་དང་ཀུན་གཞིའི་རྣམ་ཤེས་ནི་ནམ་མཁའི་རླུང་ཡིན་ལ་གློ་བུར་གྱི་དྲི་མ་ཉོན་ཡིད་དང་བཅས་པའོ། །འདུ་བྱེད་ནི་གཡོ་བའི་ཕྱིར་རླུང་དང་། ཚོར་བ་ནི་རྒྱུད་བསྲེག་པས་མེ་དང་འདུ་ཤེས་ནི་མཚན་མར་འཛིན་པས་ཆུ་དང་།གཟུགས་ནི་སྲ་བ་ལ་སོགས་པའི་མཚན་ཉིད་འཛིན་པའི་ཕྱིར་སའི་རླུང་སྟེ་རིམ་པར་སྣང་བ་ལས་མཆེད་པ་མཆེད་པ་ལས་ཐོབ་པ་སྟེ་བསྐྱེད་བྱ་སྐྱེད་བྱེད་དུ་གསུངས་སོ། །གཉིས་པ་གནས་བྱེད་ལས་དང་བཅས་པ་བཤད་པ་ནི། རླུང་དེ་དག་ད་ལྟར་ལུས་གང་ན་གནས་ནས་ལས་གང་བྱེད་ཅེ་ན། སྤྱིར་ནི་ལུས་རྣམས་ཀུན་ལ་ཁྱབ་པར་གནས་ཀྱང་ཁྱད་པར་རྩ་དབུ་མའི་ནང་ན་སྲོག་གི་རླུང་ནི་དབུས་ན་གནས་ཤིང་ཀུན་གཞི་དང་རྒྱུ་འབྲས་ཀྱི་ཚུལ་དུ་བརྟེན་པར་བྱེད་ལ་མིང་དུ་ནམ་མཁའི་མགོན་པོ་ཞེས་སོགས་བྱ་བ་འཆི་བའི་ཚེ་ན་ཞག་གཅིག་ཡང་དག་པར་རྒྱུ་ཞིང་། ད་ལྟར་ཡང་དུས་སྦྱོར་ཀུན་གྱི་རྩ་བར་གྱུར་པ་བདག་འཛིན་དང་དྲན་པ་བསྐྱེད་པར་བྱེད་ཅིང་གནས་གཞན་དུ་ལོག་ན་བརྒྱལ་སྨྱོ་འཆི་བར་བྱེད་དོ། །དེ་ནི་སེམས་འོད་གསལ་བ་ཉོན་ཡིད་ཀྱི་སྒྲིབ་པའི་ཚུལ་དུ་ཡོད་པས་ལས་དང་ཡེ་ཤེས་ཀྱི་རླུང་འདྲེས་པར་གནས་པ་ཁ་དོག་མེད་པའི་ཁ་དོག་ཅན་ནམ་མཁའ་ལྟ་བུར་བཤད་དོ། །ཐུར་སེལ་འོག་ཏུ་གསུམ་འདུས་ནས། འོག་འགྲོ་དངས་སྙིགས་འབྱིན་སྡོམ་བྱེད། དུང་ཅན་ནང་དུ་གནས་ནས་བདེ་བའི་ཁམས་བསྐྱེད་པར་བྱེད་ལ་ལོག་ན་སྨད་ཀྱི་ནད་བསྐྱེད་པར་བྱེད་དོ། །གྱེན་རྒྱུ་མེ་མཚམ་རྩ་ལས་བྱུང་། །མགྲིན་པའི་གནས་སུ་ལས་ཀུན་བྱེད། །ལུས་ངག་གླུ་གར་སོགས་རྣམས་ཡིན། །ལོག་ན་སྟོད་ནད་ཕལ་ཆེར་བྱེད། །མེ་མཉམ་མདུན་ཕྱོགས་རྩ་ལ་རྒྱུ། །ཕོ་བར་ཟུག་སྟེ་དྭངས་སྙིགས་འབྱེད། དྭངས་མ་ལུས་ཀུན་ཏུ་ཁྱེར་ཞིང་ལོག་གྱུར་ན། སྦོ་འཁྲོགས་འཁྲུ་དང་མ་རུངས་བྱེད། །ཁྱབ་བྱེད་གཡས་ནས་རོ་མ་དང་། །འབྲེལ་ནས་ལུས་ཚིགས་ཀུན་ལ་གནས། །ལུས་ཀྱི་སྟོབས་བྱེད་དེ་ལོག་པས། །ཡན་ལག་ཞ་རེངས་ནད་ཀུན་བྱེད། །བདེན་བྲལ་རྒྱབ་ཕྱོགས་རླུང་མཚམས་དང་། །གཡོན་ཕྱོགས་དབང་ལྡན་རིམ་པ་ལྟར། །ཀླུ་སོགས་ཡན་ལག་རླུང་ལྔ་སྟེ། །ཀླུ་ཡི་གཟུགས་འཛིན་ལུས་སྒེག་བྱེད། །རུས་སྦལ་སྒྲ་འཛིན་རྐང་ལག་བསྐྱོད། །རྩངས་པ་དྲི་འཛིན་ཁྲོ་འཁྲུགས་བྱེད། །ལྷ་སྦྱིན་རོ་འཛིན་གླལ་བར་བྱེད། །ནོར་རྒྱལ་རེག་འཛིན་ལུས་འདི་ལ། །ཤི་ནས་མ་འཐོར་བར་དུ་གནས། །དེ་ལྟར་རླུང་བཅུ་པོ་དེ་དག་ནི་ད་ལྟ་ཐུན་ཆེན་པོ་བརྒྱད་ལ་སོགས་པའི་རང་བཞིན་ཡིན་ཏེ་འདི་རྣམས་ནི་གཙོ་བོར་བསྟན་པ་ཡིན་ནོ། །གསུམ་པ་ཕྱི་ནང་དུ་རྒྱུ་བའི་རིམ་པ་བྱེད་ལས་དང་བཅས་པ་ལ། ནང་དུ་རྒྱུ་བ། ཕྱི་རོལ་ཏུ་རྒྱུ་བའི་ཚུལ། ཇི་ལྟར་རྒྱུ་བའི་རིམ་པ་ཁ་དོག་སྟོབས་ཡོན་ཏན་བཤད། རྒྱུད་ཕན་ཚུན་གྱི་དགོངས་པ་མི་འགལ་བར་བསྟན་པ་དང་བཞི། དང་པོ་ལ། འཁོར་ལོ་བཞིར་རྒྱུ་ཚུལ། སྤྱིའི་ཁམས། ཚིགས་ཀྱི་འཁོར་ལོ། རྩ་ཐམས་ཅད་དུ་རྒྱུ་ལུགས། འགག་པའི་ངེས་པ་བསྟན་པ་དང་ལྔ། དང་པོ་ནི་རླུང་རྒྱུ་བའི་ཚུལ་ཕྱི་ནང་གཉིས་ཡིན་ལ་ནང་དུ་རྒྱུ་ཚུལ་ནི་ཐོག་མར། སྲོག་རླུང་སྒྲ་གཅན་རང་བཞིན་ནི་མངལ་དུ་ལུས་གྲུབ་པ་ནས་མ་ཤིའི་བར་དུ་དབུ་མར་རྒྱལ་པོ་ལྟ་བུར་གནས་སོ། །ཇི་ལྟར་སྙིང་གའི་འཁོར་ལོ་ལ་རྩ་བའི་རླུང་བཞི་འབྱུང་བ་བཞིའི་རང་བཞིན་ཐབས་དང་ཡན་ལག་གི་རླུང་བཞི་འབྱུང་བ་བཞིའི་རང་བཞིན་ཤེས་རབ་ནམ་མཁའ་ལ་ཐབས་ཤེས་གཉིས་སུ་ཕྱེ་ནས་རྒྱུ་བ་ལྟར་འཁོར་ལོ་གཞན་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བས་སྡེ་ཚན་དྲུག་ཅུ་ཐམས་པའོ། །སྤྱི་བོའི་འཁོར་ལོ་ལ་རྩ་སུམ་ཅུ་རྩ་གཉིས་ལས་ཕྱི་རིམ་བཅུ་དྲུག་ཏུ་ཁྲག་གཙོ་བོར་རྒྱུ་ལ་ནང་རིམ་བཅུ་དྲུག་ལ་ཟླ་བའི་རྐང་པ་དང་མཚུངས་པའི་རླུང་དང་བྱང་སེམས་རྒྱུ་བས་དེའི་ཕྱིར་དུས་འཁོར་ལས་བཅུ་དྲུག་ཏུ་བཤད་ལ། དེ་ཡང་དཔྲལ་བ་དང་ལྟག་པའི་དབུས་གཉིས་ནི་རྐང་མཐའ་དང་རྐང་མཚམས་ཀྱི་སྟོང་པའི་རང་བཞིན་ཏེ་དེ་ལས་གཞན་དག་རྐང་པ་བཅུ་བཞི་ནི་རིམ་པ་ལྟར་གཡོན་ཕྱོགས་སུ་ས་ལ་རྡུལ་མུན་སྙིང་སྟོབས་གསུམ་དུ་ཕྱེ་ནས་དེ་རེ་རེ་ལ་གཟུགས་སྒྲ་དྲི་རོ་རེག་བྱའི་ཡོན་ཏན་ལྔ་ལྔ་དང་ལྡན་པ་སྟེ། ལྔ་པ་གསུམ་དང་ཆུ་ལ་དྲི་མ་གཏོགས་པའི་བཞི་དང་། མེ་ལ་དྲི་རོ་མ་གཏོགས་པའི་གསུམ་དང་། རླུང་ལ་དེའི་སྟེང་དུ་གཟུགས་མ་གཏོགས་པའི་གཉིས་དང་། ནམ་མཁའ་ལ་སྒྲའི་ཡོན་ཏན་གཅིག་དང་ལྡན་པར་རིམ་བཞིན་རྒྱུ་བ་ཡིན་ལ་ཕྱི་མའི་རྩ་བདུན་དུ་རྒྱུ་བ་ནི་ནམ་མཁའ་རླུང་མེ་ཆུ་ས་སོགས་རིམ་པ་བཟློག་གོ །དེ་དག་ཡོན་ཏན་གྱི་རིམ་པས་ཕྱེ་བ་སྔ་མ་ལྟར་རོ། །མདོར་ན་ཞག་གཅིག་ལ་དབྱུག་གུ་ཉེར་བརྒྱད་སྟོང་པ་བཞི་དང་བཅས་པས་ཆུ་ཚོད་སུམ་ཅུ་རྩ་གཉིས་དང་ཡུད་ཙམ་སུམ་ཅུའི་བདག་ཉིད་ཡིན་པར་བརྗོད་དོ། །མགྲིན་པར་རྩ་འདབ་ནི་བཅུ་དྲུག་པོ་དེ་ལ་ཐབས་ཤེས་གཉིས་གཉིས་སུ་ཕྱེ་བས་སུམ་ཅུ་རྩ་གཉིས་གནས་ལ། དེ་ལ་རྩ་བའི་རྩ་བཞིར་ནི་སྟོང་པ་ཡེ་ཤེས་ཀྱི་རླུང་རྒྱུ་ཞིང་གཞན་དག་ནི་ཕྱོགས་བཞིར་བདུན་བདུན་དུ་རྒྱུ་སྐར་ཉེར་བདུན་གྱི་རང་བཞིན་རྒྱུ་སྐར་གྱི་ལོངས་སྤྱོད་སྟོང་དྲུག་བརྒྱ་ཉི་ཤུ་དང་མཚུངས་པར་རྒྱུའོ། །གསང་འདུས་དང་དགྱེས་རྡོར་སོགས་གཞན་ནས་འཕོ་བ་བཅུ་དྲུག་གི་རང་བཞིན་དུ་བཤད་དོ། །ལྟེ་བར་རྩ་ནི་དྲུག་ཅུ་རྩ་བཞི་པོ་ལ་ཁྱིམ་གྱི་དབྱེ་བས་ཕྱེ་བ་ན་ལྔ་ཚན་བཅུ་གཉིས་དྲུག་ཅུ་སྟེ། ཞག་གཅིག་ལ་དབྱུག་གུ་དྲུག་ཅུའི་བདག་ཉིད་དུ་རླུང་རྒྱུ་ལ་བཞི་ནི་སྟོང་པ་ཡེ་ཤེས་ཀྱི་ཆ་དབུ་མར་རྒྱུའོ། །གཉིས་པ་ནི། འཁོར་ལོ་ཀུན་ཀྱང་མདུན་ཕྱོགས་ཐམས་ཅད་རླུང་གཡས་མེ་གཡོན་རྒྱབ་ཕྱོགས་སའི་ཁམས་ཀྱི་རླུང་རྒྱུ་བ་མཚམས་དང་བཅས་པ་ནི་རགས་པར་བསྟན་པ་ཡིན་ནོ། །གསུམ་པ་ནི། དེ་བཞིན་ཚིགས་ཆེན་བཅུ་གཉིས་ཀྱི། འཁོར་ལོར་རྒྱུ་བ་སུམ་ཅུ་སྟེ། ཀུན་ལ་ཡུམ་བརྒྱ་དྲུག་ཅུའི་སྲོག །ཉིང་ལག་དེ་དང་མཚུངས་པ་ཡིན། བཞི་པ་ནི། དེ་ནས་གསང་བ་འདུས་པའི་རྒྱུད་ཀྱི་དགོངས་པས། སྟོང་ཕྲག་ཉི་ཤུ་རྩ་བཞིའི་གྲངས་ཀྱི་འབྱུང་བ་ལྔའི་རླུང་ཁོ་ན་དབུ་མར་འགྲོ་བ་སྒྲ་གཅན་གྱི་བདག་ཉིད་ཐུགས་རྡོ་རྗེར་གསུངས་ལ། དེ་བཞིན་དུ། དཀར་དམར་གྱིས་ཕྱེ་དེ་དང་མཉམ། ཞེས་པས་དཀར་ཆ་དང་དམར་ཆ་རྒྱུ་བའི་ཟླ་ཉིའི་སྐུ་དང་གསུང་རྡོ་རྗེའི་བདག་ཉིད་དོ། །མདོར་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་དེ་ལྟར་ནང་དུ་རྒྱུ་བར་འགྱུར་རོ། །ལྔ་པ་ནི། གང་གི་ཚེ་ལུག་སོགས་ཀྱི་རྩ་གཅིག་ཏུ་དེའི་ནང་དུ་རྒྱུ་བའི་རླུང་འགགས་ན་དེ་ཚེ་ཕྱོགས་གཞན་ཀུན་ལ་ཡང་དེ་དང་འདྲའོ། །འདི་ལ་དབྱེ་བ་དཔག་མེད་ཀྱང་། །ཕྱི་རོལ་རྩིས་དང་མཚུངས་པ་ཡིན། །དེའི་ཕྱིར་བློ་གྲོས་ཀྱི་ནུས་པ་དང་ལྡན་པ་དག་གིས་དོན་དུ་གཉེར་ན། དྲུང་ཉིད་ཀྱིས་མཛད་པའི་རྩིས་ཀུན་བསྡུས་པའི་ནང་དུ་ལྟོས་ཤིག །གཉིས་པ་ཕྱི་རོལ་ཏུ་རྒྱུ་བའི་ཚུལ་ལ། སྤྱིར་བསྟན་པ། དུས་སྦྱོར་རྒྱས་པར་བཤད་པ། ཡེ་ཤེས་ཀྱི་རླུང་བཤད་པ་དང་གསུམ། དང་པོ་ནི། དེ་ནས་རླུང་ཕྱི་རོལ་དུ་རྒྱུ་བའི་ཚུལ་བཤད་དེ། ཤིན་ཏུ་ཕྲ་བ་བ་སྤུའི་སྒོ་དང་ཕྲ་བ་དབང་པོའི་སྒོ་ཀུན་ནས་རླུང་རྒྱུ་མོད་ཀྱང་ཁྱད་པར་སྟོབས་ཆེ་བར་འཇུག་པའི་སྒོ་ནི་ལྟེ་བའི་འཁོར་ལོ་ནས་རོ་རྐྱང་གི་རྩ་ཆེན་པོ་གཉིས་ལ་བརྒྱུད་ནས་སྣ་བུག་ཏུ་འབྱུང་བ་འདི་ཡིན་ལ། སྣ་གཡས་པ་ནས་ཉི་མའི་རང་བཞིན་སྡུད་རིམ་གྱིས་རྒྱུ་བ་དུག་གི་རླུང་དང་གཡོན་པ་ནས་ཟླ་བའི་རང་བཞིན་བསྐྱེད་རིམ་གྱིས་རྒྱུ་བ་བདུད་རྩིའི་རླུང་སྟེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །ཞག་རེ་བཞིན་དུ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་སྤྱིར་རྒྱུ་བ་ལས་བྱེ་བྲག་ཏུ་རོ་བརྐྱང་གཉིས་པོ་དེའི་ཐོབ་སྐལ་གྱི་རླུང་ནི་ཁྲི་དང་བཞི་བརྒྱ་དྲུག་ཅུ་རྩ་གཉིས་ཕྱེད་དང་བཅས་པ་རྒྱུ་བ་དེ་ནི་ཉི་ཟླའི་རླུང་དུ་བརྗོད་དོ། །དེ་གཉིས་ཀྱི་དབུས་དབུ་མ་ནས་རྒྱུ་བའི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ནི་སྒྲ་གཅན་ནའམ་ཡེ་ཤེས་ཀྱི་རླུང་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཐུགས་རྡོ་རྗེའི་རྒྱུའོ། །རོ་རྐྱང་གི་རླུང་དེ་ལ་ངོ་བོས་དབྱེ་ན་ས་ལ་སོགས་པའི་འབྱུང་བ་ལྔའི་བདག་ཉིད་དོ། །མངལ་ནས་སྐྱེ་བའི་དུས་མ་དང་འབྲེལ་བའི་རླུང་ཆད་ཅིང་། དེ་མ་ཐག་མའི་རླུང་སྣ་བྱུག་གཡས་གཡོན་གང་ནས་རྒྱུ་བ་དང་མཐུན་པར་བྱིས་པའི་སྣ་ནས་རྒྱུ་བས་དེ་ལ་ཀརྐ་ཊའི་ཁྱིམ་དུ་བཤད་སྟེ་ཕྱི་རོལ་དུ་ཉི་མ་ཀརྐ་ཊའི་ཁྱིམ་དུ་དང་པོར་སྐྱེས་པ་དང་མཐུན་ནོ། །གཉིས་པ་ནི། ད་ནི་ནང་གི་དུས་སྦྱོར་བཤད་པར་བྱ་སྟེ། རྩ་བ་ཡན་ལག་དང་བཅས་པའི་རླུང་བཅུ་པོ་རྣམས་ཀྱི་ལུས་ཀྱི་རྩ་ཀུན་དང་འཁོར་ལོ་རྣམས་རིམ་པར་བརྒྱུད་དེ་ལྟེ་བར་སྲོག་འཛིན་པའི་ནུས་པ་བསྐྱེད་ཅིང་རོ་རྐྱང་ནས་སྣ་སྦུག་ཏུ་འབྱུང་ངོ་། །དེའི་ཚུལ་ཡང་། གླང་ལ་སོགས་པ་མཉམ་པའི་ཁྱིམ་དྲུག་དང་ལུག་ལ་སོགས་པ་མི་མཉམ་པའི་ཁྱིམ་དྲུག་སྟེ་བཅུ་གཉིས་རེ་མོས་སུ་སྣ་བུག་གཡས་དང་གཡོན་གང་རུང་ནས་འབྱུང་བས། ཉི་མ་ལྷོར་བགྲོད་ཀྱི་ཁྱིམ་ཟླ་དང་པོ་ལ། མའི་དུས་སྦྱོར་གཡས་ནས་རྒྱུ་བའི་ཚེ་སྐྱེས་པ་ཞིག་གཞིར་བྱས་ན། སྣ་སྦུག་གཡས་ནས་ཀརྐ་ཊའི་ཁྱིམ་དུ་འབྱུང་བར་འགྱུར་བའི་རླུང་། ས་ཆུ་མེ་རླུང་ནམ་མཁའི་ཁམས་སྡུད་རིམ་བཞིན་རེ་རེ་ལ་སུམ་བརྒྱ་དྲུག་ཅུ་དྲུག་ཅུ་རེར་ཕྱེ་བས་ཀུན་ལ་བསྡོམས་ན་སྟོང་དང་བརྒྱད་བརྒྱ་རྒྱུའོ། །དེ་འོག་གཡོན་ནས་ཆུ་སྲིན་གྱི་ཁྱིམ་དུ་ཟླ་བའི་རླུང་ནའམ་རླུང་མེ་ཆུ་སའི་རླུང་བསྐྱེད་པའི་རིམ་པས་གྲངས་ནི་གོང་དང་མཚུངས་སོ། །དེ་ལྟར་ཉིན་ཞག་གཅིག་གི་འཕོ་བ་བཅུ་གཉིས་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་རྒྱུའོ། །གསུམ་པ་ནི། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་དེ་ལ་དབུ་མའི་ཐོབ་སྐལ་གྱི་ཡེ་ཤེས་རླུང་གི་རྒྱུ་ཚུལ་བཤད་པ་ནི་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་རྒྱུ་བ་ཡིན་ཏེ་འཕོ་བ་རེའི་མཚམས་སུ་རླུང་ཁུག་ལྔ་བཅུ་རྩ་དྲུག་དང་བཞི་ཆ་དབྱུག་གུ་རེའི་མཚམས་སུ་བཅུ་གཅིག་དང་བཞི་ཆ་ཐོབ་སྟེ། མདོར་ན་དབུགས་ཁུག་པ་གཅིག་ལ་དུམ་བུ་སོ་གཉིས་སུ་དགོས་པའི་ཆ་གཅིག་ཡེ་ཤེས་ཀྱི་རླུང་སྟེ་དེ་བསགས་པས་དེ་ལྟར་དུ་འགྱུར་བ་ཡིན་ནོ། །ཡེ་ཤེས་ཀྱི་རླུང་དེ་ཡང་ཕྱེད་ནི་ཕྱི་རོལ་ཏུ་རོ་རྐྱང་གི་རླུང་དང་མཉམ་དུ་རྒྱུ་ལ་ཕྱེད་ནི་དབུ་མར་རྒྱུ་བས་འཕེལ་བར་བྱེད་ལ་དབུ་མའི་རླུང་འདི་ནི་ཕྱི་རོལ་དུ་གཟའ་ཀུན་གྱི་རྐང་པ་སྟེ་རྩིས་ཀྱི་གཞི་ཡིན་ཞིང་འདི་ཕྱིར་འགྲོ་བ་འཕེལ་བས་འཆི་ལྟས་ཡིན་ལ་ནང་དུ་ཟིན་ན་འཆི་མེད་འགྲུབ་པར་འགྱུར་རོ། །མདོར་ན་ལོ་བརྒྱའི་ཡེ་ཤེས་ཀྱི་རླུང་གི་རྒྱུ་བ་བསྡོམས་པ་ན་ལོ་གསུམ་དང་ཟླ་བ་ཕྱེད་དང་གཉིས་སུ་འགྱུར་ལ་ཞག་སོགས་ཀྱི་ཤོལ་དང་འཕེལ་འགྲིབ་རྣམས་ཀྱང་འདི་དོན་རྟོགས་པས་མ་ནོར་བར་འཆར་རོ། །གསུམ་པ་ཇི་ལྟར་རྒྱུ་བའི་རིམ་པ་ཁ་དོག་སྟོབས་ཡོན་ཏན་བཤད་པ་ནི། རྒྱུ་བའི་རིམ་པ་དང་ཁ་དོག་དང་སྟོབས་དང་བྱེད་ལས་ཀྱི་ཡོན་ཏན་བཤད་པ་ལས་དང་རྒྱུ་རིམ་ཁམས་ཀྱིས་ཕྱེ་བ་ནི། སྣའི་ཀ་བ་ནི་བྱང་སྟེ་གཉིས་ཀ་ཆུའི་རླུང་ཡིན་ལ། ཕྱི་རོལ་གཤོག་པའི་ཕྱོགས་གཉིས་ནི་མེ་དང་ལྷོ་རུ་འདོད། སྟེང་གཉིས་ནུབ་དང་རླུང་སྟེ་འོག་གཉིས་ཤར་དང་ས་རླུང་རྒྱུ་ལ་གཉིས་ཀའི་དབུས་ན་ནམ་མཁའ་ཡེ་ཤེས་ཀྱི་རླུང་རྒྱུ་བ་ཡིན་ནོ། །ཁ་དོག་ནི་ས་ཆུ་མེ་རླུང་ནམ་མཁའ་རྣམས་རིམ་བཞིན་སེར་དཀར་དམར་ནག་སྔོ་བར་འདོད་དོ། །རླུང་འདི་དག་གཟའ་དང་སྦྱར་བའི་སྟོབས་ནི། གཡས་ནས་རྒྱུ་བ་ལྔ་རྣམས། སྤེན་པ། ཕུར་བུ། བཀྲ་ཤིས། ཉི་མ། དུས་མེ་དང་དྲག་གཟའ་ལྔ་སྟེ་དབྱངས་རིང་བ་ལྔ་ལུགས་བཟློག་གི་ངོ་བོས་ས་སོགས་བསྡུད་པའི་རིམ་པས་རྒྱུ་ལ། གཡོན་པ་རྣམས་སྒྲ་གཅན། ཟླ་བ། གཟའ་ལྷག པ་སངས། མཇུག་རིང་སྟེ་ཞི་གཟའ་ལྔ་དང་དབྱངས་ཐུང་བ་ལྔ་ལུགས་འབྱུང་གི་ངོ་བོས་ནམ་མཁའ་སོགས་བསྐྱེད་པའི་རིམ་པ་བཞིན་རྒྱུའོ། །བྱེད་ལས་ནི། ཕུང་པོ་ཁམས་སྐྱེ་མཆེད་སོགས་ཀྱི་ཆོས་ཐམས་ཅད་རང་གི་ནུས་པ་འཛིན་པ་དེར་མཐུན་པའི་ཕྱིར། ནམ་མཁས་བསད་གསོའི་ལས་ཀུན་འགྲུབ། །རླུང་གིས་བསྐྲད་དང་བསད་པ་སྟེ། དབང་དང་དགུག་པ་མེ་ཡིས་བྱེད། ཆུས་ནི་ཞི་དང་རྒྱས་པའོ། །རེངས་དང་རྨོངས་པ་ས་ཡི་ལས། ཡེ་ཤེས་ལས་ནི་ཐམས་ཅད་པ། ཞེས་པ་ལྟར་སྟེ། ཡེ་ཤེས་ཀྱི་རླུང་ནི་ཐུན་མཚམས་ཀྱི་མཉམ་དུ་རྒྱུ་བའི་དུས་སོ། །ཕྱི་རོལ་དུ་རྒྱུ་བའི་ཚེ་ས་རླུང་ནི་སྣ་ནས་སོར་བཅུ་གཉིས་ཀྱི་བར་ལྷུང་ཐབས་སུ་ཐུར་དུ་རྒྱུ་ལ། ཆུ་མེ་རླུང་ནམ་མཁའ་རྣམས་སོར་བཅུ་གསུམ་ནས་བཅུ་དྲུག་གི་བར་ཡོན་ཏན་རེ་རེ་འབྲི་བའི་དབང་གིས་རིམ་པས་རིང་ཞིང་གྱེན་ཐབས་སུ་རྒྱུའོ། །ཕྱི་ནང་གི་ལྟས་དགེ་མི་དགེ་སོགས་ཀྱི་རྟེན་འབྲེལ་གྱི་རྩིས་དང་རླུང་དང་དབྱངས་སྦྱར་བ་རྣམས་ནི་དཔལ་རང་བྱུང་བ་ཁོ་བོས་རྩིས་ཀུན་བསྡུས་པར་བཤད་དོ་ཞེས་ཁ་འཕངས་པའོ། །བཞི་པ་རྒྱུད་ཕན་ཚུན་གྱི་དགོངས་པ་མི་འགལ་བར་བསྟན་པ་ནི། རླུང་རྒྱུ་བའི་ཚུལ་དུས་འཁོར་ནས་གསུངས་པ་དང་གསང་འདུས་ནས་གསུངས་པ་འགལ་བར་ལ་ལ་དག་སེམས་ན། འདི་ནི་རྡོ་རྗེ་ཕྲེང་བ་ལས། སྣ་ཡི་བུ་ག་ལས་བྱུང་ཞིང་། །རླུང་ལྔ་སྟེང་དུ་ཡང་དག་རྒྱུ། །གཡོན་པ་གཡས་དང་གཉིས་ཀ་དང་། །དལ་བར་རྒྱུ་བ་རྣམ་པ་བཞི། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། ཁ་དོག་དམར་པོ་བཟང་པོ་ནི། །པདྨའི་མགོན་པོ་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་དང་འདྲེས་པ། །ལྗང་སེར་དག་ཏུ་སྣང་བ་ནི། །ལས་ཀྱི་མགོན་པོ་རྒྱུ་བའོ། །གཉིས་ཀ་ནས་ནི་འབྱུང་བའི་ཁམས། །གསེར་མདོག་དབང་ཆེན་དཀྱིལ་འཁོར་ནི། རིན་ཆེན་མགོན་པོ་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པར་ཤེལ་ལྟར་སྣང་བ་ནི། །འདི་ནི་ཆུ་ཡི་དཀྱིལ་འཁོར་ཏེ། །རྡོ་རྗེའི་མགོན་པོ་རྒྱུ་བའོ། །ཁམས་ཀུན་ལས་ནི་ཡང་དག་འབྱུང་། །རྟེན་དང་བརྟེན་པས་བཟུང་བ་ནི། །རྣམ་པར་སྣང་མཛད་རང་བཞིན་ཏེ། །འཆི་བའི་མཐར་ནི་འབྱུང་བར་འགྱུར། །དཀྱིལ་འཁོར་བཞི་པོ་འདི་དག་ནི། །མཉམ་པར་གཞག་པས་དྲག་ཏུ་ཟློས། ཞེས་གསུངས་པ་འདིའི་དོན་ནི། །དཀྱིལ་འཁོར་བཞི་པོ་འདི་དག་དང་གོ་རིམ་བཞིན་ཡི་གེ་ཨ་དང་ཨོཾ་དང་གོང་བུའི་གཟུགས་དང་ཧུཾ་ཡིག་ལ་སོགས་པ་ལྷན་ཅིག་ཏུ་རྡོ་རྗེའི་བཟླས་པ་བྱེད་པའི་དག་པ་བསྟན་པ་ཡིན་གྱི་གོང་མ་དུས་འཁོར་གྱི་ལུགས་དང་འགལ་བའི་ཐེ་ཚོམ་བསྐྱེད་པར་མི་བྱ་སྟེ། སླར་ཡང་གསུངས་པ། དེ་ལྟར་རླུང་ནི་སྣ་རྩེར་ནི། ཁ་དོག་ལྔ་པར་རྣམ་པར་སྒོམ། སྔགས་བཟླས་པ་ཡི་གྲངས་ཀྱིས་ནི། ཉིན་མཚན་རྟག་ཏུ་ཟློས་ཞེས་བཤད། ཞེས་པས་སོ། །བཞི་པ་འཇུག་སྒོ་ཕན་ཡོན་དང་བཅས་པ་ནི། རླུང་འཇུག་པའི་སྒོ་ནི་གཙོ་ཆེ་བར་སྟེང་ནས་མེ་དང་རླུང་གི་རླུང་གཉིས་སྣ་བུག་གཉིས་ནས་དང་། ཆུའི་རླུང་ཁ་དང་། ས་དང་ནམ་མཁའ་འོག་གི་ལམ་གསུམ་ནས་འཇུག་ལ། ཕྲ་བ་ལུས་ཀྱི་བ་སྤུའི་སྒོ་ཀུན་ནས་ཀྱང་འཇུག་པ་ཡིན་ཏེ་དེ་ལྟར་རྣམ་པ་བཞིའོ། །རླུང་བཟུང་བའི་ཐབས་ནི། དབྱུང་རྔུབ་གནས་པ་ལ་སེམས་འཛིན་པ་དང་། རླུང་ལུས་ཀྱི་ཆ་གཅིག་ལ་རྒྱུ་བའམ་ཆ་ཀུན་ལ་ཁྱབ་པར་རྒྱུ་མཉམ་དུ་འཇུག་ལྡོག་དང་། རླུང་སྣང་སྟོང་དབྱེར་མེད་དུ་དག་པ་དང་། རླུང་ཁུག་པ་བགྲང་ཞིང་རྩི་བ་ལ་སེམས་འཛིན་པ་དང་། མི་རྟོག་རྒྱ་ཡན་དུ་བཅིང་བ་རྣམས་ནི་ཞི་གནས་སྐྱེད་པར་བྱེད་པའི་ཐབས་སུ་གསུངས་པ་ཡིན་ལ། ཁ་དོག་དབྱིབས་དང་སྒྲ་གདངས་ཀྱི་རྡོ་རྗེའི་བཟླས་པ་ལ་རྣམ་པར་སྦྱངས་པས་མངོན་ཤེས་དང་ཟད་པར་འབྱུང་བའི་རྒྱུར་འགྱུར་རོ། །བུམ་ཅན་སྟེང་འོག་བར་གསུམ་དུ་བཅིང་བ་དང་སེང་གེ་རྣམ་གྲོལ་དང་བཅས་པས་འཆི་བ་བཟློག་པ་དང་བྱང་སེམས་བརྟན་ཁྱབ་ཀྱི་ལས་ཀུན་བྱེད་དོ། །དེ་ལྟར་རླུང་བཅིངས་པའི་ཕན་ཡོན། རྡུལ་མུན་སྙིང་སྟོབས་ཏེ་ཉི་མའི་ཡོན་ཏན་གསུམ་དང་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ཟླ་བའི་ཡོན་ཏན་ལྔ་སྟེ་རྣམ་པ་བརྒྱད་ཐོབ་པ་ཡིན་ཏེ། སྟེང་དུ་ཉི་མའི་རང་བཞིན་ཉི་ཟླ་སྒྲ་གཅན་ཏེ་རླུང་གཙོ་བོ་གསུམ་ཟིན་པས་དུག་གསུམ་རྣམ་རྟོག་འཇོམས་པ་རྡོ་རྗེ་རྣམ་གསུམ་ཐོབ་པར་བྱེད་པ་ཉི་མའི་ཡོན་ཏན་དུ་གསུངས། གཟུགས་སྒྲ་དྲི་རོ་རེག་བྱ་ཡུལ་ལྔ་ལ་ཟླ་བའི་རླུང་འོག་ཏུ་ཟིན་པས་རྡོ་རྗེའི་སྐྱེ་མཆེད་ཐོབ་པར་བྱེད་དོ། །མཐར་ཐུག་རོ་རྐྱང་གི་རླུང་དེ་ནི་ཟིན་པས་གཟུང་འཛིན་གྱི་དྲི་མ་དག་པར་བྱེད་ལ། གནས་སྐབས་སུ་ཡང་ལུས་བརྟེན་པ་དང་སྣུམ་པ་དང་གསལ་བ་དང་མགྱོགས་པ་དང་དག་ཅིང་ཤེས་རབ་ཆེན་པོ་དང་ལྡན་པ་ལ་སོགས་པ་རྣམས་ས་ཆུ་མེ་རླུང་ནམ་མཁའ་ལ་སོགས་པའི་རླུང་ལུས་ཀྱི་ནང་ལ་ཟིན་པའི་ཡོན་ཏན་དུ་བཤད་དོ། །ལྔ་པ་འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་བསྟན་པ། མདོར་ན་ལས་རླུང་ནི་རྣམ་པར་རྟོག་པའི་རང་བཞིན་ཏེ། གཡོ་བ་དང་ཕྲ་བ་དང་གཞན་ནས་གཞན་དུ་སྐྱོད་པར་བྱེད་པས་སོ། །སེམས་ཉིད་གསལ་ལ་མི་རྟོག་པའི་ངོ་བོ་ནི་ཡེ་ཤེས་ཀྱི་རླུང་ཆེན་པོ་ཡིན་ལ། དེ་དང་རྒྱུ་མཐུན་པའི་གཉེན་པོ་ཡེ་ཤེས་ཀྱི་རླུང་ཆེན་པོ་ནི་ཡང་དག་པར་རྟོག་པའི་དགེ་བའི་འདུ་བྱེད་དུ་བཤད་དོ། །ཀུན་གཞི་ལ་གནས་ཉོན་ཡིད་ནི། གཏི་མུག་བསྐྱེད་པའི་རླུང་དུ་བཤད། ཡེ་ཤེས་ཀྱི་སྣང་ཆ་ལ་གཞན་དུ་རྟོག་པའི་འདུ་བྱེད་ནི་ཆགས་པའི་རླུང་ཞེས་བྱ་ལ་རྣམ་ཤེས་ཀྱི་བླང་དོར་དཔྱོད་པའི་རླུང་ནི། ཞེ་སྡང་རླུང་སྟེ་དེས་བསྐྱེད་ནས། ཁམས་གསུམ་རླུང་གི་འདུ་བྱེད་ཅེས། གསུངས་པས་འཁོར་འདས་ཀྱི་སྐྱོན་དང་ཡོན་ཏན་ཀུན་རླུང་ལ་བརྟེན་ནས་འབྱུང་བས་དེ་ལྟར་རྟོགས་པར་བྱས་ནས་རླུང་གི་གནད་འཆིང་བར་བྱ་དགོས་སོ། །དེ་སྐད་དུ་རྡོ་རྗེ་ཕྲེང་བ་ལས། རླུང་གིས་སྦྱོར་ཤེས་ཕ་རོལ་འགྲ།ོ །རླུང་གིས་འཁོར་བར་འཁོར་བྱེད་ལ། །དེ་གཅོད་བྱེད་པའང་འགྲུབ་པར་འགྱུར། །ཞེས་གསུངས་སོ། །གསུམ་པ་འཇུག་བསྡུ་བ་ནི། །ཕྱི་ནང་རླུང་མིང་བྱེད་ལས་ནི། །རྒྱལ་བ་མདོ་རྒྱུད་ལས་གསུངས་པ། །འདིར་ནི་བསྡུས་ཏེ་བསྟན་པ་ཡིན། །ཟབ་མོ་ནང་གི་དོན་རྣམས་པར་བཤད་པ་ལས་རླུང་གི་རྒྱུ་ཚུལ་བསྟན་པ་སྟེ་བཞི་པའོ། །ལྔ་པ་ཐིག་ལེ་ཇི་ལྟར་རྒྱུ་བའི་ཚུལ་བསྟན་པ་ལ་གསུམ་ལས། མདོར་བསྟན་པ་ནི། དེ་ནས་རྩ་དང་རླུང་གཉིས་ལ་བརྟེན་ནས་ཐིག་ལེ་ཇི་ལྟར་གནས་པ་དང་རྒྱུ་བའི་ཚུལ་ཤེས་དགོས་པས་དེ་བཤད་པ་ལ་རྣམ་པ་གསུམ་དུ་འདུས་ཏེ། རྩ་བ་སྤྲོས་བྲལ་ཐིག་ལེ་དང་། །འཁྲུལ་པ་མ་རིག་ཐིག་ལེ་དང་། །དེ་ཡི་གཉེན་པོ་ཐིག་ལེ་གསུམ། ཞེས་པ་སྟེ། ཐིག་ལེའི་དོན་ནི་བདེ་ཆེན་མི་འགྱུར་བ་ལ་བྱའོ། །གཉིས་པ་བརྒྱས་པར་བཤད་པ་ལ། རྩ་བ་སྤྲོས་བྲལ་ཐིག་ལེ། འཁྲུལ་པ་མ་རིག་པའི་ཐིག་ལེ་མདོ་ཙམ་བསྟན། །རྫས་ཀྱི་ཐིག་ལེ་བརྒྱས་པར་བཤད། །གཉེན་པོའི་ཐིག་ལེ་འཆིང་བའི་རིམ་པ་ཞར་ལ་སྐྱོན་བསལ་བ་བསྟན་པ་དང་ལྔ་ལས། དང་པོ་ནི། དང་པོ་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ནི། རང་གི་སེམས་དག་པའི་གནས་སྐབས་ལྷན་ཅིག་སྐྱེས་པ་འདི་ཉིད་ཡིན་ལ། དེ་ཡང་ངོ་བོ་སྟོང་པ་སྤྲོས་པ་དང་བྲལ་བ་ཆོས་སྐུ། རང་བཞིན་འོད་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ། འགག་པ་མེད་པའི་ཐུགས་རྗེ་ཅིར་ཡང་གྲུབ་པ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་གྱི་རང་བཞིན་དུ་གདོད་མ་ནས་བཞུགས་པའོ། །དེ་གསུམ་གྱི་རྟགས་ནི་ད་ལྟར་སོ་སྐྱེའི་གནས་སྐབས་ལ་ཡང་ཕྱི་རོལ་གྱི་བར་མཚམས་ཐམས་ཅད་སྟོང་པར་སྣང་བ་དང་ལམ་བསྒོམ་པའམ་གཉིད་ལ་སོགས་པའི་ཚེ་དབྱིངས་རིག་གིས་རྟགས་བཅུ་འཆར་བ་དང་ཚོགས་དྲུག་གི་ཡུལ་སྣང་ནུས་པ་འབྱིན་པ་སྟེ་གསུམ་པོ་ནི་བསླུ་བ་མེད་པའི་ཡུལ་རྟགས་ཡིན་ལ་ཡུལ་ཅན་གྱི་རྟགས་ཀྱང་ཡུལ་དེ་དང་འབྲེལ་བའི་རོ་གཅིག་པའི་ཤེས་པ་གསུམ་སྟེ་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུན་མི་འཆད་པའི་ཚུལ་དུ་གནས་པ་འདིའོ། །དག་པའི་སེམས་སམ་ཀུན་གཞིའི་ཡེ་ཤེས་དེ་ནི་རྟོག་པ་དང་བྲལ་ཞིང་ལྷན་གཅིག་སྐྱེས་པའི་མ་རིག་པས་མ་འཁྲུལ་བ་བསྒོམ་པར་བྱ་བའི་མཐར་ཐུག་ཀྱང་ཡིན་ཏེ། ཕྱག་རྒྱ་བཞི་རིམ་ལས། མངོན་སུམ་རྟོག་བྲལ་རྒྱུན་བསྲིངས་ལ། །སྒོམ་མོ་ཞེས་ནི་ཐ་སྙད་འདོགས། ཞེས་བཤད་དོ། །དེ་ལྟ་བུ་ནི་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ཡིན་ལ་རྒྱས་པར་མདོ་རྒྱུད་ཀུན་ལས་གསུངས་སོ། །གཉིས་པ་ནི། འཁྲུལ་པ་མ་རིག་པའི་ཐིག་ལེ་ནི་མ་རིག་པ་ལས་འདུ་བྱེད་དེ་ལས་རྣམ་པར་ཤེས་པ་དེས་ཀུན་ནས་བཏགས་པའི་མིང་གཞིའི་ཕུང་པོ་ལས་གྱུར་པ་དང་དེའི་གཉེན་པོ་ལྷ་སྔགས་སོགས་རྟོག་དཔྱོད་དང་བཅས་པ་རྣམས་ནི་ཀུན་བརྟགས་པ་སྔགས་ཀྱི་ཐིག་ལེ་ཡིན་ལ། དེ་རྣམས་བསྐྱེད་པར་བྱེད་པའི་གཞན་དབང་ཡིད་ཀྱི་ནུས་པ་གཉེན་པོ་དང་བཅས་པ་རྣམས་ལ་ནི་རླུང་གི་ཐིག་ལེ་ཞེས་སུ་བཤད་དོ། །ཡུལ་དུ་སྣང་བའི་གཟུགས་ཀྱི་ཕུང་པོ་ཁམས་ལྔ་དང་ལྡན་པ་ནི་རྫས་ཀྱི་ཐིག་ལེ་ཞེས་རྒྱལ་བས་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་ཕྲེང་བར་གསུངས་སོ། །གསུམ་པ་ལ། བར་དོར་རྐྱེན་ཉེ་བར་སྦྱོར་བ། དང་མ་གཉིས་འབྱུང་ཚུལ། །སྙིགས་མ་ཇི་ལྟར་འབྱུང་ཚུལ། ཁམས་སུམ་ཅུ་སོ་དྲུག་གི་རྒྱས་བཤད། །དཀར་ཆ་འཕོ་བའི་རིམ་པ་དང་ལྔ། དང་པོ་ནི། གོང་དུ་བསྟན་པ་དེ་དག་ལས་རྫས་ཀྱི་ཐིག་ལེ་ལ་ཕྱི་ནང་གཉིས་ཕྱེ་སྟེ། ནང་གི་དོན་ནི་དང་པོ་མངལ་དུ་སྐྱེ་བ་སྦྱོང་བའི་ཚེ་བར་དོའི་ཤེས་པའི་ངོ་བོ་དེས་ཕ་མ་འདུ་འཕྲོད་ཀྱི་རྐྱེན་ལ་ཞེན་པ་ཡིས་མངལ་དུ་ཞུགས་ནས་ལུས་ཁམས་རགས་པར་འགྱུར་བའི་ཚུལ་ནི་གོང་དུ་ལེའུ་གཉིས་པར་བསྟན་པ་བཞིན་ནི། གཉིས་པ་ནི། དེ་ཡང་ད་ལྟར་གནས་པའི་ཚེ་དྭངས་སྙིགས་གཉིས་སུ་ཡོད་པ་ལས་རླུང་སེམས་ཀྱི་དངས་མ་སྔགས་བསྟན་ཟིན་ཏེ། དམ་པ་དག་གི་སེམས་དང་ཡེ་ཤེས་སྲོག་གི་རླུང་རྣམས་ཡིན་ནོ། །ཐིག་ལེའི་དངས་མ་ལ་ཡང་དཀར་དམར་གཉིས་སུ་ཡོད་པ་ལས་དཀར་ཆའི་དངས་མ་ནི་དབུ་མའི་མར་སྣ་ན། ཧཾ་གི་རང་བཞིན་ཡུངས་ཀར་ཙམ། །དཀར་ལ་སྣུམ་པ་ཤེས་དང་མཚུངས། །ཕ་ལས་ཐོབ་པ་ཀུན་གྱི་མཆོག་དེའོ། །དམར་ཆའི་དངས་མ་ནི་རྩ་གསུམ་འདུས་པ་ན། དམར་གསལ་རྒོད་མའི་མེ་འདྲ་བ། །ཨ་ཐུང་ཕག་མོའི་རང་བཞིན་དེའོ། །དཀར་ཆ་ལ་ལུས་ཅན་རྣམས་དགའ་བར་བྱེད་པས་དཔྱིན་དང་། དམར་ཆ་ལ་གོང་བུར་གནས་པས་ཐིག་ལེ་ཞེས་ཀྱང་བཤད་དོ། །དེ་གཉིས་ཀྱིས་ཀུན་གཞི་དང་སྲོག་རླུང་བརྟེན་ཞིང་ཕྱི་རོལ་ཏུ་སྦྱར་ན་བྱང་ཆུབ་སྙིང་པོ་རྡོ་རྗེ་གདན་གྱི་ངོ་བོ་ཞེས་སྡོམ་འབྱུང་དང་རྡོ་རྗེ་མཁའ་འགྲོ་ལས་གསུངས་སོ། །གསུམ་པ་ནི། དྭངས་མ་དེ་ལ་བརྟེན་པའི་སྙིགས་ཀྱང་དྭངས་སྙིགས་གཉིས་སུ་འགྱུར་ལ། དེ་ལས་མེ་རླུང་གི་རང་བཞིན་དམར་ཆ་རྣམས་ནི་ཨ་ཐུང་གི་མེས་བསྐྱེད་པས་གྱེན་དུ་འགྲོ་ཞིང་ས་ཆུའི་རང་བཞིན་དཀར་པོའི་ཆ་རྣམས་ནི་སྤྱི་བོ་ནས་འོག་ཏུ་འགྲོའོ། །དྭངས་སྙིགས་དེ་དག་ཀྱང་དང་པོ་ནང་གི་སྦྱིན་སྲེག་གི་རྒྱུས་བསྐྱེད་པ་སྟེ། ཕྱི་རོལ་ཟས་ཀྱི་དངོས་པོ་རྣམས། བསྲེག་རྫས་ལག་པ་དག་བླུགས་ཏེ། ཐབ་ཁུང་གི་བདག་ཉིད་ཁར་ནི། ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་ལ་མཆོད་པར་བྱེད་ལ། ཕོ་བར་ལས་བྱེད་པའི་མེ་ལྷ་ཞལ་གསུམ་པའི་ཚུལ་དུ། མེ་མཉམ་གྱི་རླུང་དང་། བད་ཀན་མྱགས་བྱེད་དང་། མཁྲིས་པ་མདོག་འགྱུར་དང་གསུམ་གནས་སོ། །དེ་གསུམ་གྱི་འཕོ་བའི་གནས་སུ་ཟས་རྣམས་བསྲེག་བཞུས་སྦྱངས་ནས་བད་ཀན་གྱི་གནས་སྐབས་དེ་དྭངས་སྙིགས་གཉིས་ཕྱེ་བ་ལས། སྙིགས་མ་ལ་སྐ་སླ་གཉིས་སུ་འགྱུར་ལ་སྐ་བ་རྒྱུ་མར་བརྒྱུད་ནས་བཤང་པའི་དངོས་པོར་འགྲོ་ཞིང་སླ་བ་རྒྱུ་སྒྲོག་ནས་སོང་ནས་ལྒངས་པ་ནས་དྲི་ཆུའི་དངོས་པོར་འབབ་པར་བྱེད་དོ། །དེ་ཡི་དྭངས་མ་མཆིན་པར་རྩ་ཆེན་བཞི་ལ་བརྒྱུད་ནས་ཁྲག་ཆེན་དུ་འགྱུར་ཏེ་ལུས་ཀྱི་རྩ་ཀུན་ཏུ་འགྲོའོ། །དེ་ནས་ཞག་རེ་ལ་བསྲེག་བཞུས་སྦྱངས་པས་དྭངས་སྙིགས་གཉིས་གཉིས་སུ་ཕྱེ་སྟེ། ཞག་གཉིས་པ་ལ་ཁྲག་གི་སྙིགས་མ་མཆིན་པ་ལས་བརྒྱུད་དེ་མཁྲིས་པ་ནི་བསྐྱེད་ནས་དེའི་སྙིགས་མ་འོག་ཏུ་འགྲོ་སྟེ་མཁྲིས་པའི་སྙིགས་མ་ཆུའི་ཀུ་ཡ་དང་དྲི་ཆེན་གྱི་དྲི་ང་བ་དང་སེར་པོ་རྣམས་བྱེད་དོ། །གསུམ་པ་ལ་ཁྲག་གི་དངས་མས་ཤ་བསྐྱེད་དེ་ཤའི་སྙིགས་མ་ལྤགས་པ་དང་དྲི་མའོ། །བཞི་པ་ལ་ཤའི་དངས་མས་ཚིལ་བསྐྱེད་དེ་དེའི་སྙིགས་མ་རྨེན་བུར་འགྱུར་བ་དེའོ། །ལྔ་པ་ལ་ཚིལ་གྱི་དྭངས་མས་རུས་པ་བསྐྱེད་དེ་དེའི་སྙིགས་མ་སོ་དང་སེན་མོ་ཡིན་ནོ། །དྲུག་པ་ལ་རུས་པའི་དྭངས་མས་རྐང་མར་བསྐྱེད་དེ་དེའི་སྙིགས་མ་རྐང་སྦུབས་ཀྱི་མཆིལ་སྣབས་སུ་བཤད་དོ། །བདུན་པ་ལ་རྐང་གི་དངས་མས་ཁུ་བ་བསྐྱེད་དེ་དེའི་སྙིགས་མ་འོག་ཏུ་འབབ་ཅིང་དངས་མས་ནི་ལུས་ཀྱི་སྟོབས་དང་ཁ་དོག་རྣམས་བྱེད་དོ། །དེ་ནས་བད་ཀན་གྱི་གནས་སྐབས་ནས་ཁུ་བའི་བར་གྱི་དངས་མའི་ཆ་རྣམས་ལ་ལུས་ཟུངས་དངས་མ་བདུན་ཞེས་པ་དང་ནང་གི་སྐྱེ་བ་བདུན་པ་ཞེས་ཀྱང་བྱའོ། །དེ་རྣམས་ནི་སྤྱི་ཙམ་ནས་བཤད་པ་ཡིན་ནོ། །བཞི་པ་ལ། དངས་མ་བཅུ་གཉིས་བཤད་པ། སྙིགས་མ་ཉི་ཤུ་རྩ་བཞི་བཤད་པ་གཉིས། དང་པོ་ནི། རྒྱས་པར་བཤད་ན་དྭངས་མའི་ཁམས་བཅུ་གཉིས་དང་སྙིགས་མའི་ཁམས་ཉི་ཤུ་རྩ་བཞི་སྟེ་བསྡོམས་པས་ཁམས་སུམ་ཅུ་རྩ་དྲུག་ཏུ་འགྱུར་བ་ལས་དངས་མ་བཤད་པ། ཡན་ལག་གི་རྩ་བཞི་ནི་མིག་ལ་སོགས་པའི་ཤེས་པའི་བརྟེན་དང་འབྲེལ་བར་གནས་ཤིང་དེ་དག་ལ་བརྟེན་པའི་ཁམས་བཞི་ནི་བདེ་མཆོག་གི་དཀྱིལ་འཁོར་དུ་བཞི་མཉམ་གླ་རྩི་ག་པུར་སིས་གང་བའི་ཐོད་པ་དང་བཅས་པའི་རང་བཞིན་དུ་གསུངས་པས་ནང་གི་མཆོད་པ་བཞི་ཞེས་བྱ་ལ། དབུ་མའི་ཆ་བདུད་བྲལ་མ་ནས་བྱུང་བའི་ཁམས་དེ་ནི་སྟེང་དུ་འགྲོ་ཞིང་ལྕེ་ཆུང་གི་དབུས་སུ་ཟུག་སྟེ་དཀར་ཆ་ལུགས་བཟློག་ཏུ་འབབ་པའི་རྒྱུ་དེས་ཟླ་བའི་ནག་ཕྱོགས་དང་མཐུན་པར་དགྱེས་རྡོར་ལས་བཤད་ཅིང་འདི་ཡང་བྱེད་ལས་ཀྱི་ཕྱོགས་གཅིག་རེག་བྱ་འཛིན་པ་སྟེ། མཆོད་པ་ལྔ་པ་དབུས་གནས་བཅུད་ཀྱི་ངོ་བོའོ། །རྩ་བའི་རླུང་ལྔ་དང་འབྲེལ་བའི་རྩ་ལྔར་ཁམས་གནས་པའི་ཚུལ་ལྟར་བཤད་ཀྱང་འདིར་ཡང་ཅུང་ཟད་སྟོན་ཏེ། དབུ་མའི་ཆ་དེ་ལ་སྟེང་དུ་རླུང་གསུམ་ལ་བརྟེན་པའི་ཁམས་གསུམ་དང་འོག་ཕྱོགས་སུ་དྲི་ཆེན་དྲི་ཆུ་ཁུ་བ་རྣམ་གསུམ་ལ་བརྟེན་པའི་ཁམས་གསུམ་སྟེ་དྭངས་མ་བཅུ་གཉིས་སོ། །ཁྱད་པར་དུ་མར་སྣ་དུང་ཅན་མ་ནི་དཀར་ཆ་བཅོ་ལྔའི་ཆའི་ཐིག་ལེས་བདེ་བ་སྐྱེ་བའི་རྩ་ཡིན་ལ་རོ་མའི་མར་སྣས་དམར་ཆ་ཁྲག་གི་ཁམས་འཛིན་པས་མདུད་པ་ཡོད་མེད་ཀྱིས་སྐྱེས་པ་བུད་མེད་ཁྱད་པར་འབྱེད་ཅིང་སྐྱེས་པའི་དབང་པོ་མཆོག་བསྐྱེད་པར་བྱེད་པའོ། །འདི་དག་ནི་ཁ་སྦྱོར་ཐིག་ལེ་ལས་སྙིང་གའི་ཕྱོགས་བཞིའི་འདབ་མར་རྩ་བའི་རླུང་རྒྱུ་བའི་གནས་ཀྱི་རྩ་བཞི་པོ་ལ་གནས་པའི་ཁམས་བཞི་ནི། འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ལྕགས་ཀྱུ་བཞི་དང་མཁའ་འགྲོ་མ་བཞིའི་རང་བཞིན་དང་། སྙིང་གའི་མཚམས་ཀྱི་ཡན་ལག་གི་རྩ་བཞི་བདུད་བྲལ་མ་དང་ལྔར་གནས་པའི་ཁམས་ནི་མར་མེ་ལྔའི་དངོས་པོ་བདུད་རྩི་ལྔ་འབབ་པའི་གནས་སོ། །རྩ་བཞི་པོ་དེར་བརྟེན་པའི་ཁམས་ནི་མཆོད་པ་བཞིའི་རང་བཞིན་ཡིན་ནོ་ཞེས་བཤད་དོ། །དེས་ན་སྐབས་འདིར་ནི་ལུས་ཀྱི་སྙིང་དབུས་སུ་ཡན་ལག་གི་རླུང་རྒྱུ་བའི་རྩ་ལྔ་པོ་ནི་ཡང་དག་པར་གནས་སོ། །གཉིས་པ་ནི། ས་འོག་སྤྱོད་པ་སྐུའི་འཁོར་ལོ་ས་སྟེང་སྤྱོད་པ་གསུང་གི་འཁོར་ལོ་ནམ་མཁར་སྤྱོད་པ་ཐུགས་ཀྱི་འཁོར་ལོ་རེ་རེ་ལ་བརྒྱད་བརྒྱད་དུ་ཕྱེ་བའི་བྱེ་བྲག་གིས་རྩ་དང་ཁམས་དང་གནས་རེ་རེ་ལ་ཉི་ཤུ་རྩ་བཞི་རེ་རེར་ཉེ་བར་བརྗོད་ལ། ཕྱིར་དཔའ་བོ་མཁའ་འགྲོ་དང་ནང་དུ་དཀར་ཆ་རྟག་ཏུ་གནས་པ་དང་རེས་འགའ་གནས་པ་ལ་སོགས་པའི་བྱེ་བྲག་ལ་བརྟེན་ནས་གནས་དང་ཉེ་གནས་ལ་སོགས་སུ་ནི་ཉེ་བར་བརྗོད་དོ། །དེ་ནས་རྩ་དེ་རྣམས་ལས་བྱུང་བའི་ཁམས་ནི་ཉི་ཤུ་རྩ་བཞི་པོ་དག་ཧེ་རུ་ཀ་ཡབ་ཡུམ་གྱི་ངོ་བོ་འམ་ཡང་ན་ལུས་ཀྱི་ཆ་རྣམས་གནས་སུ་བྱས་ནས་ཁམས་རྣམས་ཐོད་པའི་དུམ་བུ་ལ་སོགས་པའི་ཧེ་རུ་ཀ་དང་རྩ་རྣམས་རབ་གཏུམ་ལ་སོགས་པའི་ཡུལ་རྣམས་སུ་བཤད་ཀྱང་རུང་ངོ་། །འདིར་ནི་ལུགས་སྔ་མར་བཤད་པ་ལྟར་རྩ་ཁམས་དང་བཅས་པ་ཕྱི་རོལ་གྱི་གནས་དཔའ་བོ་མཁའ་འགྲོ་དང་བཅས་པར་རིམ་པས་སྦྱར་བ་ནི། རྩ་མི་ཕྱེད་མ་ནི་ཡུལ་པུ་ལླི་ར་མ་ལ་ཡ་ཡིན་ཏེ་ཁམས་སོ་དང་སེན་མོ་འབབ་པར་བརྗོད་དོ། །དེ་བཞིན་དུ་སྦྱར་ནས། ཕྲ་མོ་ནི་ཛཱ་བ་འཛིན་ལན་ནྡྷ་ར་ཏེ། དེ་བཞིན་སྐྲ་དང་བ་སྤུ་འབབ། རྩེ་བ་མ་ནི་ཨུ་རྒྱན་ཏེ། རྣ་གཡས་བརྟེན་ལྤགས་པ་འབབ། གཡོན་པ་མ་ནི་ཨར་པུ་ཆུ་བུར་ཅན་ཏ་སྟེ་རྒྱབ་དང་ཚང་ར་ལ་སོགས་པའི་ཤ་རྣམས་འབབ་པའོ། །དེ་དག་ཏུ་ཕྱིར་དཔའ་བོ་མཁའ་འགྲོ་ནང་དུ་དཀར་ཆ་རྟག་ཏུ་གནས་པས་ཕྱི་ནང་གི་གནས་ཞེས་བྱ་ལ་བདེ་མཆོག་གི་ཐུགས་ཀྱི་འཁོར་ལོའི་ཕྱོགས་བཞིའི་ལྷ་དང་ས་དང་པོའོ། །ཡུལ་གོང་བའི་མཆོག་ཕྱིར་ཝ་རི་ནི་ཐུང་ངུ་མ་སྟེ་རྒྱུས་པ་བསྐྱེད་པའི་ཁམས་རྣམས་འབབ། ཡུལ་ར་མི་ཤྭ་ར་དགའ་བའི་དབང་ཕྱུག་ནི་རུས་སྦལ་སྐྱེས་མ་སྟེ་རུས་པའི་ཕྲེང་བ་འབབ་པ་ཡིན། ཡུལ་དེ་ཝི་ལྷ་མོའི་མཁར་ཀོ་ཊ་ནི་སྒོ མ་པ་མོ། །སྟེ་མཆིན་པའི་ཤ་ཀུན་བསྐྱེད་པ་ཡིན། དབང་བསྐུར་མ་ནི་ཡུལ་མཱ་ཕྲེང་བ་ཅན་ལ་ཝ་ཞེས་བྱ་སྟེ་སྙིང་གི་ཤ་སྐྱེད་བྱེད་པ་སྟེ། དེ་དག་ནི་ཕྱི་རོལ་དཔའ་བོ་མཁའ་འགྲོ་དང་ནང་དུ་དཀར་ཆ་རེས་འགའ་གནས་པས་རྟག་ཏུ་ཉེ་བའི་གནས་ཞེས་བརྗོད་ལ་ཐུགས་འཁོར་གྱི་མཚམས་བཞིའི་ལྷ་དང་ས་གཉིས་པའོ། །སྐྱོན་མ་ཞེས་བྱ་བ་ནི་ཀཱ་འདོད་པའི་གཟུགས་མ་རཱུ་པ་སྟེ་མིག་འབྲས་ཤ་རྣམས་འབབ་པ་ཡིན། མཇུག་མ་ཞེས་བྱ་བ་ནི་ཨོ་ཊེ་ཡ་ཡིན་ཏེ་ནུ་མཚམས་ནས་བརྒྱུད་མཁྲིས་པ་བསྐྱེད། མ་མོ་ནི་ཏྲི་ཤ་དགེ་བ་གསུམ་ཀུ་ནི་སྟེ་གློ་བ་སྐྱེད་པར་བྱེད་པའོ། །མཚན་མོ་ཞེས་བྱ་བ་ནི་ཡུལ་ཀོ་ས་མཛོད་ལྡན་ལ་སྟེ་རྒྱུ་མའི་ཕྲེང་བ་འབབ་པ་ཡིན། དེ་དག་ལ་དང་པོ་གཉིས་ནི་དཔའ་བོ་མཁའ་འགྲོ་འདོད་ཡོན་ལ། ལོངས་སྤྱོད་པ་དང་ནང་དུ་ཁམས་ལ་ལོངས་སྤྱོད་པས་ཞིང་དང་ཕྱི་མ་གཉིས་སུ་རེས་འགའ་ལོངས་སྤྱོད་པས་ཉེ་བའི་ཞིང་དུ་བརྗོད་དོ། །བསིལ་སྦྱིན་མ་ནི་ཀ་ལིངྐ་སུ་མཚན་ཡིན་ཏེ་ཟུར་ནས་འབྲེལ་དྲོད་པ་བསྐྱེད། ཚ་བ་མ་ནི་ལམྦ་འཕྱང་བ་ཅན་ཀ་སྟེ་ལྟོ་བའི་གཉེ་མ་བསྐྱེད་པ་ཡིན། གཞོལ་མ་ནི་ཀཉྩྨིར་བཤད་པ་སྟེ་བཤང་བ་འབབ་པའི་བདག་རྐྱེན་བྱེད། རངས་མ་ནི་ཧེ་མ་གངས་ལྡན་ལ་ཡ་སྟེ་མཚམས་དབུས་ཀྱི་ཚིགས་འགེངས་པའི་རྒྱུངས་པ་འབབ། དེ་དག་ལས་དང་པོ་གཉིས་ནི་ཕྱིར་ལས་དང་ཡེ་ཤེས་ཀྱི་དཔའ་བོ་མཁའ་འགྲོ་རྟག་ཏུ་འདྲེས་པར་གནས་པ་དང་ནང་དུ་དངས་སྙིགས་སམ་དཀར་དམར་འདྲེས་པར་གནས་པ་ན་འདུན་རྟོག་ཙྪནྡོ་ཧ་དང་ཕྱི་ལ་གཉིས་སུ་རེས་འགའ་འདྲེས་མར་གནས་པས་ཉེ་བའི་འདུན་རྟོག་ཙྪནྡོ་ཧར་བཤད་དོ། །དེ་རྣམས་ནི་གསུང་འཁོར་གྱི་ལྷ་དང་ས་གསུམ་པའོ། །ཡུལ་པྲེ་ཏ་ཡི་དྭགས་གྲོང་པུ་རི་ནི་གཟུགས་ཅན་མ་སྟེ་རྟག་ཏུ་རྣག་ནི་འབབ་པ་ཡིན། ཡུལ་གྲྀ་ལྷ་ཁྱིམ་ཧ་དེ་ཝ་ནི་བད་ཀན་འབབ་པར་བྱེད་པའོ། །རྒྱུ་སྦྱིན་མ་ནི་ཡུལ་འཁོར་བཟང་པོ་སཽ་རཥྚ་སྟེ་ཁྲག་གི་ནུས་པ་བསྐྱེད་པར་བྱེད། ཡུལ་སུ་གསེར་གླིང་ཝརྑ་དྭི་ནི་རྩ་སྦྱོར་བྲལ་མ་སྟེ་རྟག་ཏུ་རྔུལ་ནི་འབབ་པར་བྱེད། དེ་དག་ལས་དང་པོ་གཉིས་ནི་ཕྱིར་དཔའ་བོ་མཁའ་འགྲོ་ཚོགས་ཀྱི་འཁོར་ལོར་འདུ་བ་དང་ནང་དུ་དངས་སྙིགས་འདུ་བས་འདུ་བ་དང་ཕྱི་མ་གཉིས་སུ་རེས་འགའ་འདུ་བས་ཉེ་བའི་འདུ་བར་གསུངས་པའོ། །གདུ་གུ་ཞེས་བྱ་བ་ནི་ན་གྲོང་ག་ར་སྟེ་ཚིལ་ནི་འབབ་པར་བྱེད་པ་ཡིན། གྲུབ་མ་ཞེས་བྱ་བ་ནི་ན་གྲོང་ག་ར་སྟེ་ཚིལ་ནི་འབབ་པར་བྱེད་པ་ཡིན། གྲུབ་མ་ཞེས་བྱ་བ་ནི་སིནྡྷུར་རྒྱ་མཚོ་བརྗོད་དེ་མཆི་མ་བསྐྱེད་པར་བྱེད་པ་ཡིན། མ་མྱ་ངམ་རུ་ཞེས་བྱ་བ་ནི་འཚེད་མ་སྟེ་ལུད་པ་མཆིལ་མ་བསྐྱེད་ཅིང་འབབ། ཡུལ་ཀུ་མུ་ཏ་ནི་ཡིད་བཟང་མ་སྟེ་རྟག་ཏུ་སྣ་ཆུ་འབབ་པ་ཡིན། དེ་དག་ལས་དང་པོ་གཉིས་ནི་ཕྱི་རུ་ཁམས་འདོར་བ། དང་ནང་དུ་བདེ་བ་མེད་པའི་ཕྱིར་དུར་ཁྲོད་དང་ཕྱི་མ་གཉིས་ནི་རེས་འགའ་འདོར་བས་ཉེ་བའི་དུར་ཁྲོད་དོ། །དེ་རྣམས་ནི་སྐུ་འཁོར་གྱི་ལྷ་དང་ས་བཞི་པའོ། །ལྔ་པ་ནི། དེ་ལྟར་ཁམས་ཉི་ཤུ་རྩ་བཞི་ལ། ཐིམ་པ་སྟེ་བྱ་བ་བྱས་ཟིན་ནས་སྙིགས་མར་གྱུར་པ་འདས་པ་དང་། ལོངས་སྤྱོད་དེ་དྭངས་མ་དཀར་ཆའི་རང་བཞིན་ད་ལྟར་བ་དང་། བདག་པོ་སྟེ་དཀར་ཆའི་རྒྱུའི་རྩ་བ་རླུང་ཁྲག་འདྲེས་པར་གནས་པ་མ་འོངས་པའི་ཆ་རེ་རེ་སྟོང་ཕྲག་གསུམ་གསུམ་སྟེ་རླུང་དང་དཀར་ཆ་དང་དམར་ཆ་གསུམ་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཀྱི་ཁམས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་གྱུར་པ་དེ་རྣམས་ཀྱི་ལུས་ཀྱི་བ་སྤུའི་མཐར་ཐུག་པ་ཀུན་ཏུ་ཁྱབ་ཅིང་། ཁྱད་པར་དྭངས་མ་ཟླ་བའི་རང་བཞིན་བྱང་ཆུབ་སེམས་ཀྱི་འཕོ་བ་ནི། སྤྱི་བོ་ནས་ནི་བཅུ་དྲུག་གི་རྩ་ལས་བྱུང་བའི་ཁམས་བཞི་འབྱུང་ཆུང་གི་དབྱེ་བ་དང་ལྡན་པའི་ཐིག་ལེ་བཅུ་དྲུག་མགྲིན་པར་འབབ་ཅིང་། མགྲིན་པ་ནས་ནི་བཅུ་དྲུག་པོ་དེའི་ཕྱེད་སྙིང་གར་འབབ། སྙིང་ག་ནས་ཀྱང་དེའི་ཕྱེད་ལྟེ་བར་འབབ་སྟེ་དེ་རྣམས་འདུས་མ་རོ་གཅིག་ཏུ་གྱུར་པའི་ཐིག་ལེ་ཅན་དམར་ཆའི་མེ་ལ་གཅིག་ཏུ་འབབ་པས་ན་གནད་འཆིང་བར་ནུས་པ་རྣམས་ལ་མཆོག་གི་ཡེ་ཤེས་བསྐྱེད་ཅིང་། དེ་ལྟར་མི་ནུས་པ་རྣམས་ལ་དུང་ཅན་གྱི་མཐར་ནི་འཛག་པར་བྱེད་དོ། །འདིར་དབྱངས་ཡིག་བཅུ་དྲུག་གི་རང་བཞིན་གྱི་ཡར་ངོ་ལ་དཀར་ཆའི་འཕོ་བ་བཅུ་དྲུག་དང་མར་ངོ་ལ་དམར་ཆའི་འཕོ་བ་བཅུ་དྲུག་ལུས་ཀྱི་གནས་ཐམས་ཅད་དུ་འཕོ་བ་བླ་གནས་དང་གནད་གཅིག་པ་ཡང་གསུངས་སོ། །དེ་ནས་ཁམས་དང་པོར་གཡོ་བའི་ཚེ་ལུས་ཅན་ཀུན་གྱི་སྙིང་དགའ་བས་ཆགས་པ་བསྐྱེད། བདེ་བའི་རང་བཞིན་མི་ཤེས་པའི་གཏི་མུག་གིས་རྨོངས་པར་བྱས། ཕྱི་རོལ་ཏུ་འཕོས་ཟིན་པ་ན་ཞེ་སྡང་གི་སེམས་སྐྱེ་བས་དེའི་མཐར་ཐབས་ཀྱིས་མ་ཟིན་ན་འཁོར་བ་བསྐྱེད་བྱེད་ཀྱི་གཞིར་གྱུར་ཏོ། །བཞི་པ་གཉེན་པོའི་ཐིག་ལེ་འཆིང་བའི་རིམ་པ་བཤད་པ་ལ། གང་གི་འཆིང་བ། བཅིང་བའི་རིམ་པ་བཅིངས་པའི་འབྲས་བུ་དང་གསུམ། དང་པོ་ནི། བྱང་ཆུབ་ཀྱི་སེམས་དེ་ཡང་རྒྱལ་བས་རྡོ་རྗེ་ཐེག་པར་རྒྱུད་དུ་གསུངས་པའི་ཐབས་དང་ལྡན་པས་སྒོ་གསུམ་གྱི་འཛག་པ་དང་བྲལ་བར་འཆིང་བ་ནི་དཔེར་ན་དངུལ་ཆུའི་དགྲ་མེ་ཡིན་ཀྱང་དངུལ་ཆུ་འཆིང་བ་ལ་མེ་ཉིད་དགོས་པ་ལྟ་བུར། འདིར་ཡང་བྱང་སེམས་ཀྱི་དགྲ་ཆགས་པ་ཡིན་ཀྱང་དེ་འཆིང་བ་དེ་ཉིད་ལམ་དུ་བྱེད་པ་ལ་ཕྱགས་པའི་མེ་དགོས་པས་རིམ་བཞིན་འདོད་པའི་དངོས་གྲུབ་དང་གཟུགས་ཀྱི་དངོས་གྲུབ་དང་མཆོག་གི་དངོས་གྲུབ་རྣམས་སྒྲུབ་པར་བྱེད་པའི་རྒྱུར་ལས་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་མོ་གསུམ་གྱིས་བཅིངས་ནས་སྒྲུབ་པའོ། །གཉིས་པ་ནི། དེ་དག་གང་རུང་དང་ལྡན་པས་ནོར་བུའི་རྒྱལ་མཚན་གྱི་རྩ་བཞི་རྣམ་པར་དག་པ་རུ་རླུང་དང་བྱང་སེམས་བསྐ་སླ་འགགས་པས་བདེན་པ་མཐོང་བའི་དོན་ལ་སྦྱོར་ཞིང་། རྗེས་དྲན་ནམ་དགའ་བ་བཅུ་དྲུག་མས་བརྟན་དུ་ལྡན་པས་བརྟན་པར་བྱས་ནས་གཙུག་ཏོར་གྱི་བར་དུ་གྱེན་དུ་འགྲོ་བ་ཡིན་པས་རགས་པར་འཁོར་ལོ་དྲུག་པོ་རེ་རེར་དུས་སྦྱོར་གྱི་རླུང་ཐིག་གཉིས་གཉིས་འགག་ལ་དེའི་རིམ་པས་མོས་སྤྱོད་ཀྱི་ས། བྱང་སེམས་ཀྱི་ས་བཅུ་སངས་རྒྱས་ཀྱི་ས་སྟེ་བཅུ་གཉིས་རིམ་པ་ལྟར་ཐོབ་པར་བྱེད་ཅིང་སྐུ་གསུང་ཐུགས་ཡེ་ཤེས་རེ་རེ་ལ་དགའ་བ་བཞི་བཞིར་ཆེ་བའི་བཅུ་དྲུག་ནི་མཐར་སོན་ནས་རྟེན་འབྲེལ་བཅུ་གཉིས་དག་པས་བདེན་དོན་བཅུ་གཉིས་ལྡན་པའོ། །གསུམ་པ་ནི། དེ་ལྟར་གྲུབ་པའི་འབྲས་བུར། ལུས་ཀུན་མཚན་དཀར་ཆས་དཔེའི་དམར་ཆས་མེ་ཏོག་རྒྱས། སྐད་ཅིག་མངོན་པར་བྱང་ཆུབ་ཅེས། བཅོམ་ལྡན་དེ་ཉིད་གཟིགས་པས་རྣལ་འབྱོར་གྱི་རྒྱུད་ལས་གསུངས་སོ། །ལྔ་པ་ཞལ་ལ་སྐྱོན་བསལ་བསྟན་པ་ནི། རྩ་རླུང་ཐིག་ལེའི་སྙིགས་མ་ཕལ་ཆེར་ནི་ནད་སྐྱེད་པར་བྱེད་པ་ཡིན་ཏེ། གླད་པ་ལ་གནས་པའི་དཀར་ཆའི་སྙིགས་མ་ནི་བད་ཀན་ཏེ། སྟེང་དུ་གནས་ཀྱང་ས་ཆུའི་རང་བཞིན་ལྕི་བས་ཐུར་ལ་འབྱུང་བ་སྟེ་བད་ཀན་གྱི་ནད་བསྐྱེད་དོ། །ལྟེ་བ་དང་གསང་བར་གནས་པ་ནི་རླུང་གི་རང་བཞིན་ཏེ་འོག་ཏུ་གནས་ཀྱང་ཆོས་ཉིད་ཀྱིས་གྱེན་དུ་འགྲོ་ཞིང་རླུང་གི་ནད་བསྐྱེད་དོ། །མཁྲིས་ཁྲག་ནི་མཆིན་པ་ལ་བརྟེན་ནས་བར་ན་གནས་ཀྱང་།གྲོགས་རླུང་དང་ལྡན་པའི་ཚེ་མེ་བཞིན་གྱེན་དུ་འབར་ལ་བད་ཀན་དང་ལྡན་པའི་ཚེ་ཆུ་བཞིན་འོག་ཏུ་འགྲོ་ཞིང་མཁྲིས་པའི་ནད་བསྐྱེད་དོ། །བད་ཀན་ནི་གཏི་མུག་གིས་བསྐྱེད་ཅིང་ལྡན་པ་དང་མཁྲིས་པ་ནི་ཞེ་སྡང་དང་ལྷན་ཅིག་པ་ཉིད་དང་རླུང་ནི་ཆགས་པ་དང་ལྡན་ཞིང་བད་འཁྲིས་ཀུན་གྱི་གྲོགས་བྱེད་ལ་དེ་གསུམ་ལས་རྒྱས་པར་ཕྱེ་ན་ནད་རིགས་བཞི་རྩ་བའི་བཞིར་འགྱུར་བའོ། །དེས་ན་ཆུ་མེ་རླུང་གསུམ་པོ་དེས་ནད་བསྐྱེད་པ་ཡིན་ཏེ་ལུས་ལ་ནད་བྱེད་པར་མ་ཟད་སེམས་ལ་ཡང་དགའ་བདེ་དང་རྟོག་དཔྱོད་དང་འདུ་བྱེད་ཀྱི་རྟོག་པ་རླུང་ལྟར་གཡོ་བ་གསུམ་དུ་འགྱུར་ཞིང་དེ་དག་ནི་བསམ་གཏན་བཞིའི་དང་པོ་གསུམ་ལ་ཡང་རིམ་པར་ལྡན་པའི་སྐྱོན་ཡིན་ལ་དེ་ཡི་རྒྱུ་ཡིས་ཕྱིའི་འཇིག་རྟེན་མེ་ཆུ་རླུང་གིས་འཇིག་གོ །ནམ་མཁའ་དང་ས་ནི་དེ་དག་ཉིད་ཀྱི་རྟེན་བྱེད་པ་ཡིན་གྱི་འཇིག་པའི་སྐྱོན་ནི་མེད་པ་ཡིན་པས་དེའི་ཕྱིར་མཁས་པས་སྲོག་རྩོལ་གྱི་རླུང་ཕྱིར་དབྱུང་བ་དང་ནང་དུ་སྡོམ་པ་ནམ་མཁའི་རང་བཞིན་གྱི་རླུང་གི་བད་མཁྲིས་ཀྱི་སྐྱོན་སེལ་བ་དང་། ཐུར་སེལ་སའི་རང་བཞིན་གྱི་རླུང་བཅིངས་པས་རླུང་གི་སྐྱོན་སེལ་བས། དེས་ན་གཉིས་ཀྱི་གནད་ཤེས་པར་བྱས་ནས་གསུམ་པོའི་སྐྱོན་གཞོམ་པར་བྱའོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་རྫས་སྔགས་རླུང་གསུམ་གྱི། །ཐིག་ལེ་མ་རིག་དང་འབྲེལ་བས། །འཁོར་བ་བསྐྱེད་པར་གསུངས་པ་སྟེ། །ཐབས་ཀྱིས་ཟིན་པས་གཉེན་པོར་བཤད། །སྒོམ་པར་བྱེད་པའི་རྒྱུ་མཚན་ཡང་། བཅོམ་ལྡན་རྡོ་རྗེ་སེམས་དཔའི་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་པ། །ཡུན་རིང་ཆགས་ཆེན་དབང་སོང་བས། །སྲིད་པ་གསུམ་དུ་སྐྱེ་བ་རྣམས། །དེ་དག་གྲོལ་བའི་དོན་དུ་ནི། །རྫས་ཀྱི་ཐིག་ལེ་གསུངས་པ་ཡིན། ཞེ་སྡང་ཆེན་པོའི་དབང་སོང་བས། །མི་གང་མི་བསྲུན་པ་ཡི་ལུས། །དེ་རྣམས་མྱུར་དུ་གྲོལ་དོན་དུ། །སྔགས་ཀྱི་ཐིག་ལེ་གསུངས་པ་ཡིན། །གཏི་མུག་ཆེན་པོས་ཀུན་ནས་འཁྲུལ། །སྲིད་སྐྱོབ་དངོས་གྲུབ་འབྲས་བུ་བརྒྱད། །ཐོབ་ཕྱིར་ཡེ་ཤེས་འབྲས་བུ་ནི། །རླུང་གི་ཐིག་ལེ་གསུངས་པ་ཡིན། མདོར་ན། དེ་ལྟར་རྩ་རླུང་ཐིག་ལེ་གསུམ། རྟེན་ཅིང་འབྲེལ་པར་སྣང་བ་ཡིན། རྟེན་གྱུར་རྡོ་རྗེའི་ལུས་ཞེས་གསུངས། ཟབ་མོ་ནང་གི་དོན་གསལ་བར་བྱེད་པ་ལས་ཐིག་ལེ་གསུམ་བསྟན་པ་སྟེ་ལྔ་པའོ། །དྲུག་པ་རྣམ་ཤེས་ལ་སོགས་འབྲེལ་བའི་དོན་བཤད་པ་ལས། དང་པོ་ནི། རྟེན་རྩ་རླུང་བྱང་ཆུབ་སེམས་ཀྱི་གནས་ཚུལ་བསྟན་པའི་རྗེས་དེ་ནས་བརྟེན་པ་རྣམ་པར་ཤེས་པའི་ཚོགས་བརྒྱད་པོ་དེ་ཡེ་ཤེས་ལྔ་ཕྱག་རྒྱ་བཞི་དང་སྐུ་བཞི་ལ་སོགས་པ་དང་འབྲེལ་བའི་ཚུལ་མདོར་བསྡུས་རགས་པ་བཤད་པར་བྱའོ། །གཉིས་པ་བརྒྱས་པར་བཤད་པ་ལ། སྤྱིར་བསྟན་པ་དང་། གཉིད་འཐུག །རྨི་ལམ། ཆགས་པ། ཐ་མལ་གྱི་གནས་སྐབས་བཤད་པ་དང་ལྔ། དང་པོ་ནི། ཐོག་མར་ལུས་བསྐྱེད་པའི་ཚུལ་གོང་དུ་བསྟན་ནས་འདིར་བཤད་པར་བྱ་བ་ནི་གནས་པའི་དུས་ཀྱི་གནས་སྐབས་བཞི་ཡིན་ཏེ། གཉིད་དང་རྨི་ལམ་སྙོམས་འཇུག་དང་། །ཐ་མལ་དུས་དང་རྣམ་པ་བཞི། །མ་དག་སྐུ་བཞིའི་གནས་སྐབས་ཡིན། །ཞེས་པའོ། །གཉིས་པ་ནི་རྒྱུད་འགྲེལ་རྣམས་ལས་གཞི་ལམ་འབྲས་བུའི་དབྱེ་བ་རྣམ་པ་མང་དུ་བཤད་ཀྱང་། འདིར་ནི་སྦྱངས་གཞི་གནས་སྐབས་བཞི་དང་སྦྱོང་བྱེད་ཕྱག་རྒྱ་བཞི་དང་སྦྱང་འབྲས་སྐུ་བཞི་རྣམས་སྦྱར་ནས་སྟོན་ཏེ། དེ་ཡང་གཉིད་ཀྱི་དུས་སུ་ཀུན་གཞིའི་རྣམ་ཤེས་གཙོ་བོ་དེ་སྙིང་ག་ཆོས་ཀྱི་འཁོར་ལོར་གནས་ཤིང་ཚོགས་དྲུག་མི་གསལ་བར་གཅིག་ཏུ་བསྡུས་པའི་ངོ་བོ་སྟེ། དྲི་མས་དག་ན་རང་བཞིན་གྱིས་འོད་གསལ་ཞིང་ཀུན་གཞི་དེ་གནས་གྱུར་པའི་འབྲས་བུ་ནི་མེ་ལོང་ལྟ་བུ་ཞེས་ཀྱང་བྱ་ལ་ཆོས་སྐུ་སྤྲོས་བྲལ་གྱི་ངོ་བོ་ཉིད་ཡིན་པས་ཆོས་དབྱིངས་ཡེ་ཤེས་ཀྱང་བཤད་རུང་ངོ་། །བག་ཆགས་ས་བོན་ཐམས་ཅད་པ་བརྟེན་ཀྱང་མི་གསལ་ཞིང་བདུན་ཡིད་འདུ་བྱེད་གཡོ་བའི་རྐྱེན་ཡོད་པའི་ཕྱིར་མ་རིག་དྲི་མ་ཅན་ཞེས་བྱའོ། །དྲི་མ་དེ་སྤོང་བའི་ཚུལ་ཡང་། ཉན་ཐོས་ཀྱི་ཐེག་པར་གང་ཟག་དང་རང་རྒྱལ་གྱི་ཐེག་པར་དེའི་སྟེང་དུ་ཆོས་གཟུང་བ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་དེ་དག་གི་སྟེང་དུ་ཆོས་འཛིན་པའི་བདག་སྟེ། གཅིག་དང་ཕྱེད་དང་གཉིས་དང་། གཉིས་རྣམས་མེད་པར་བསྒོམ་པ་ནི་རིམ་པར་ཐེག་པ་གསུམ་གྱིས་གཉེན་པོའི་ཤེས་པ་སྟེ། དེ་ཡིས་སྦྱངས་པས་ཐེག་པ་གསུམ་སོ་སོའི་མཐོང་སྒོམ་གྱི་ལམ་བགྲོད་ནས་རང་རང་གི་སྒོམ་ལམ་གྱི་རྒྱུན་མཐའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དྲི་མ་གསུམ་བཅོམ་ནས་འབྲས་བུ་དག་པ་གསུམ་ཐོབ་གསུངས་པར་ཤིང་། རྡོ་རྗེ་ཐེག་པ་འདིར་ནི་རང་བཞིན་ཤེས་གཙོ་བོར་བྱེད་པ་དེའི་ཕྱིར་གསལ་ལ་མི་རྟོག་པའི་ཉིན་མཚན་གཉིས་ཀྱི་འོད་བསལ་སྒོམ་ཞིང་སྦྱིན་སོགས་དགེ་ཆོས་ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཕྱག་རྒྱ་ཆེན་པོ་ལ་རོལ་བར་བྱའོ། །གསུམ་པ་རྨི་ལམ་གྱི་གནས་སྐབས་ལ། དག་མ་དག་གི་ངོ་བོ། རྨི་ལམ་གྱི་སྣང་བ་རྒྱས་པར་བཤད་པ། གནད་བཅིངས་པས་འབྲས་བུ་དང་བཅས་པ་གསུམ་ལས། དང་པོ་ནི། གཉིས་པ་རྨི་ལམ་གྱི་དུས་ནི་ཀུན་གཞིའི་རྣམ་པར་ཤེས་པ་བག་ཆགས་ཐམས་ཅད་པ་ཉོན་མོངས་པ་ཅན་གྱི་ཡིད་སྲོག་གི་རླུང་དང་། འདུ་བྱེད་དྲུག་ཡིད་ཀྱི་ཆ་ཤས་དང་བཅས་ཏེ་ལངས་ནས་རྩ་གནས་རྣམས་སུ་བརྒྱུད་དེ། མེད་བཞིན་དུ་གཟུང་འཛིན་གཉིས་སུ་སྣང་བས་འཁྲུལ་བར་བྱེད་པ་ཡིན་ལ། དེ་ཉིད་དག་ན་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་དག་མ་དག་གང་གི་གནས་སྐབས་སུ་ཡང་རང་ངོ་གསལ་ལ་མ་འདྲེས་སྟོང་པར་གནས་པའོ། །གཉིས་པ་ནི་རྨི་ལམ་གྱི་ཚེ་མ་དག་འཁྲུལ་པའི་སྣང་བ་འབྱུང་ཚུལ་ཡང་། རླུང་སེམས་སྟེང་དུ་སོང་བའི་དུས་སྤྱི་བོར་ལྷ་ཡུལ་དང་། མཁའ་སྣང་མཐོར་ཕྱིན་གྱེན་དུ་འགྲོ། དབང་པོའི་རྩར་སོང་བའི་ཚེ། གཟུགས་སྒྲ་ལ་སོགས་མ་འདྲེས་འཆར། སྙིང་གའི་འོག་ཏུ་འགྲོ་ན་དམྱལ་བ་སོགས་སྣང་བ་དང་། འཐུར་འགྲོ་བྲག་རོ་ཐིབས་པོ་དང་། །མུན་ཁུང་སོགས་འཆར་སྣང་བ་འབྱུང་། ལུས་ཀྱི་བར་དུ་སོང་ན་གླིང་བཞི་ས་སྟེང་སྟེ། མདུན་གཡས་རྒྱབ་དང་གཡོན་ཕྱོགས་སུ། ཤར་ལྷོ་ནུབ་བྱང་སྣང་བ་འབྱུང་། །རྩ་གནས་ཡངས་ལ་ཡངས་པར་སྣང་། །དོག་ལ་དོག་སྣང་དེ་བཞིན་དུ། གྲོགས་ཁམས་ཀྱི་རྐྱེན་གྱིས་རྨི་ལམ་གྱི་ཡུལ་དེར་ཡང་། །རླུང་ལ་རྫས་དང་གོས་སྔོ་ནག །བྱ་ནག་འཕུར་དང་རྟ་ཞོན་དང་། །ནོར་བུ་སྔོ་དང་རིག་པ་དྭངས། །ཡང་ན་མི་བརྟན་དུ་མ་འཆར། །འཁྲིས་ཁྲག་གནས་སོང་མེ་དང་ནི། །གོས་དམར་ས་དང་གསེར་སྣང་དང་། བཙུན་པ་དང་དེ་བཞིན་དུ། འཇིགས་སྐྲག་ལ་སོགས་པ་སྣ་ཚོགས་སྣང་ངོ་། །བད་ཀན་དཀར་ཆའི་གནས་རེག་ན། །ཆུ་དང་ཁ་བ་མུ་ཏིག་དང་། །གོས་དཀར་བུ་མེད་གླང་པོ་དང་། དངུལ་སོགས་དང་། རེག་བདེར་སྤྱོད་པ་སོགས་དུ་མ་སྣང་སྟེ། ཇི་ལྟར་རྩ་ཁམས་ཀྱི་རིམ་པས་བག་ཆགས་ལ་བརྟེན་པའི་རྨི་ལམ་གྱི་སྣང་བ་འབྱུང་ཚུལ་རྒྱལ་བས་འཇམ་དཔལ་རྩ་རྒྱུད་དུ་རྒྱས་པར་གསུངས་སོ། །གསུམ་པ་ནི། དེའི་ཕྱིར་རྣལ་འབྱོར་པས་ལམ་བསྒོམས་པ་ན་འཁོར་བའི་གནས་གང་དང་གང་དུ་རྩ་ཁམས་དང་བག་ཆགས་རྣམས་ཀྱི་སྣང་ཚུལ་ལ་བརྟེན་ནས་དག་པ་དང་མ་དག་པའི་སྐྱེ་གནས་གང་དུ་འགྱུར་བ་རྣམས་རྨི་ལམ་གྱི་དུས་འདིར་ཤེས་ཤིང་། བར་དོ་ནས་སྐྱེ་བ་ཕྱི་མར་འཕོ་བ་ཡི་སྣང་བ་ཡི་ཚོད་འཛིན་ཀྱང་འདིས་བྱེད་ནུས་པ་ཡིན་ཏེ། རྨི་ལམ་དང་བར་དོའི་སྣང་བ་ཅུང་ཟད་མཚུངས་པས་སོ། །དེའི་ཕྱིར་ཆོས་ཀྱི་ཕྱག་རྒྱའི་བྱེ་བྲག་ཡེ་ཤེས་ཀྱི་ཕྱག་རྒྱ་སྒྱུ་མ་གསུམ་རྒྱུད་བཅིང་བར་བྱའོ། །དེ་སོགས་རྒྱུ་འབྲས་དུ་མ་རྣམས། འདིར་ནི་རྒྱས་པར་མ་བསྟན་ཏོ། །ཅི་རྨི་ལམ་ནི་འཁྲུལ་པ་ཁོ་ནའམ་གཉེན་པོའི་ཆ་ཡང་ཡོད་ཅེ་ན། འཁྲུལ་པའི་རྨི་ལམ་འཁོར་བ་སྟེ། རང་བཞིན་ཤེས་ཤིང་མ་འཁྲུལ་པའི་རྨི་ལམ་ནི་འཁོར་བའི་གཉེན་པོ་ཡིན་ནོ། །དེའི་ཕྱིར་རྒྱལ་སྲས་ས་བཅུ་པ་ལ་གནས་པ་ལ་ཡང་རྨི་ལམ་བསྟན་པ་མདོ་ལས་གསུངས་གླང་པོ་དང་། དངུལ་སོགས་དང་། རེག་བདེར་སྤྱོད་པ་སོགས་དུ་མ་སྣང་སྟེ། ཇི་ལྟར་རྩ་ཁམས་ཀྱི་རིམ་པས་བག་ཆགས་ལ་བརྟེན་པའི་རྨི་ལམ་གྱི་སྣང་བ་འབྱུང་ཚུལ་རྒྱལ་བས་འཇམ་དཔལ་རྩ་རྒྱུད་དུ་རྒྱས་པར་གསུངས་སོ། །གསུམ་པ་ནི། དེའི་ཕྱིར་རྣལ་འབྱོར་པས་ལམ་བསྒོམས་པ་ན་འཁོར་བའི་གནས་གང་དང་གང་དུ་རྩ་ཁམས་དང་བག་ཆགས་རྣམས་ཀྱི་སྣང་ཚུལ་ལ་བརྟེན་ནས་དག་པ་དང་མ་དག་པའི་སྐྱེ་གནས་གང་དུ་འགྱུར་བ་རྣམས་རྨི་ལམ་གྱི་དུས་འདིར་ཤེས་ཤིང་། བར་དོ་ནས་སྐྱེ་བ་ཕྱི་མར་འཕོ་བ་ཡི་སྣང་བ་ཡི་ཚོད་འཛིན་ཀྱང་འདིས་བྱེད་ནུས་པ་ཡིན་ཏེ། རྨི་ལམ་དང་བར་དོའི་སྣང་བ་ཅུང་ཟད་མཚུངས་པས་སོ། །དེའི་ཕྱིར་ཆོས་ཀྱི་ཕྱག་རྒྱའི་བྱེ་བྲག་ཡེ་ཤེས་ཀྱི་ཕྱག་རྒྱ་སྒྱུ་མ་གསུམ་རྒྱུད་བཅིང་བར་བྱའོ། །དེ་སོགས་རྒྱུ་འབྲས་དུ་མ་རྣམས། འདིར་ནི་རྒྱས་པར་མ་བསྟན་ཏོ། །ཅི་རྨི་ལམ་ནི་འཁྲུལ་པ་ཁོ་ནའམ་གཉེན་པོའི་ཆ་ཡང་ཡོད་ཅེ་ན། འཁྲུལ་པའི་རྨི་ལམ་འཁོར་བ་སྟེ། རང་བཞིན་ཤེས་ཤིང་མ་འཁྲུལ་པའི་རྨི་ལམ་ནི་འཁོར་བའི་གཉེན་པོ་ཡིན་ནོ། །དེའི་ཕྱིར་རྒྱལ་སྲས་ས་བཅུ་པ་ལ་གནས་པ་ལ་ཡང་རྨི་ལམ་བསྟན་པ་མདོ་ལས་གསུངས་ཏེ་རྨི་ལམ་དེའི་རྒྱུ་ཡང་ཟག་མེད་ཀྱི་ལས་ཀྱིས་བསྐྱེད་པའི་ལུས་ཁམས་བཟུང་བའི་ཕྱིར་ཡིན་ནོ། །བཅོམ་ལྡན་འདས་ནི་རྨི་ལམ་དང་བྲལ་བ་སྟེ་ཟག་མེད་ཀྱི་རྐྱེན་དང་ཡང་བྲལ་བའི་ཕྱིར་རོ། །བཞི་པ་སྙོམས་འཇུག་གིས་གནས་སྐབས་ལ། དག་མ་དག་གི་ངོ་བོ། འཁོར་བར་བསྐྱེད་པའི་ཚུལ་མྱ་ངན་ལས་འདས་པའི་འགྲོ་བའི་གོ་རིམ། གནད་བཅིང་བ་བཤད་པ་བཞི། དང་པོ་ནི། གསུམ་པ་སྙོམ་འཇུག་གི་གནས་སྐབས་ཆགས་པ་དང་བཅས་པ་དེའི་ཚེ་ནི། དགའ་བ་བཞི་ཇི་ལྟར་སྐྱེ་བའི་གོ་རིམ་གྱིས་རྣམ་ཤེས་དང་ལྡན་པས། འདོད་པའི་སྲེད་པ་དང་པོར་གཡོ་བའི་གནས་སྐབས་ནི་སྤྱི་བོར་ཏེ། གཉིས་པ་དགའ་བའི་གནས་སྐབས་མགྲིན་པ་དང་། གསུམ་པ་མཆོག་དགའ་ནི་ལྟེ་བར་ཏེ་གསུམ་མདོར་རྣམ་པར་ཤེས་པ་འདུས་པའི་མེ་དང་ཟླ་བ་གཉིས་འདྲེས་པའི་ཚེ་དུང་ཅན་གྱི་ནང་དུ་ལྷན་སྐྱེས་ཀྱི་ཡེ་ཤེས་མྱོང་ཞིང་དེའི་ངོ་བོ་ནི་ཤིན་ཏུ་ཕྲ་བ་སྐད་ཅིག་མ་གཅིག་གིས་ཤེས་པ་སྟེ་ཚོགས་བརྒྱད་ཀྱི་ཤེས་པ་མ་འགགས་ཤིང་སོ་སོར་གསལ་བ་བདེ་ལ་མི་རྟོག་ཅིང་ཉོན་མོངས་པས་གོས་པ་ཅན་མ་ཡིན་པའོ། །དེའི་ཕྱིར་ཡེ་ཤེས་ཀྱི་སྐུ་ཞེས་དེ་ལ་བརྗོད་ཅིང་གནད་འཆིང་མི་ཤེས་པ་རྣམས་ལ་མཐར་དགའ་བྲལ་དུ་འགྱུར་རོ། །དྲི་མས་དག་ན་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་རོ་གཅིག་པའི་ཕྱིར། ཚོགས་བརྒྱད་ཀྱི་རང་ངོ་འགག་པ་མེད་པ་སྤྲུལ་སྐུ་འཛག་པ་ཐམས་ཅད་དང་བྲལ་བ་ལོངས་སྐུ་རང་བཞིན་སྟོང་པ་དང་ལྡན་པ་ཆོས་སྐུ་ཡིན་པས་གཞི་ལམ་འབྲས་བུ་ཀུན་ཏུ་འགྲོ་ཞིང་ཆོས་ཀུན་གྱི་ཁྱབ་བདག་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ལ་གནད་དུ་བསྣུན་པར་བྱའོ། །གཉིས་པ་ནི། མ་དག་པ་འཁྲུལ་པའི་སེམས་ཅན་རྣམས་ཀྱིས་ནི་སྐད་ཅིག་མའི་བདེ་ཆེན་དེ་ངོ་མ་ཤེས་པས་རང་ལ་གནས་པའི་ཆོས་ཉིད་སོ་སོ་རང་གི་རིག་པར་བྱ་བ་ལས་ཡུལ་དང་ཡུལ་ཅན་གཞན་དུ་བཟུང་བས་བདེ་བའི་ཡེ་ཤེས་དེ་ཉམས་ནས་དུག་གསུམ་བསྐྱེད་པར་བྱེད་ཅིང་མི་འདོད་བཞིན་དུ་འཁོར་བར་རྒྱུ་ཞིང་། དེ་ཡང་དང་པོར་དགའ་བའི་སྲེད་པ་དང་ལྡན་པས་འདོད་ཆགས་ཡིན་ལ་བར་མར་རང་བཞིན་མ་གཏོགས་པའི་གཏི་མུག་སྟེ་རྗེས་ལ་བདེ་བ་ཉམས་པས་ཆགས་བྲལ་ཞེ་སྡང་གི་སེམས་ཏེ་དུག་གསུམ་དང་། དེ་ནས་བདེ་བ་མངོན་པར་འདོད་པའི་རང་ལ་ཆགས་པའི་སེར་སྣ་དང་གཞན་ལ་ཕྲ་དོག་ཀུན་བསྐྱེད་ཅིང་། ཉོན་མོངས་པ་དེ་དག་གི་མཐུས་མི་དགེ་བ་སྤྱོད་ཅིང་དེ་ཡིས་ངན་འགྲོ་ཀུན་བསྐྱེད་པར་བྱེད་དོ། །གསུམ་པ་ནི། དང་པོར་སྐྱེས་བུ་ཆུང་ངུའི་དབང་དུ་བྱས་ནས། མི་དགེ་བ་དེ་ལས་ཅུང་ཟད་ལོག་པར་བྱས་ནས། རང་གཞན་ལ་ཕན་པར་འདོད་པའི་བློ་བསྐྱེད་ནས་སེར་སྣ་དང་ཕྲག་དོག་དང་ཆགས་པ་དོར་བར་བྱས་ཏེ། སྦྱིན་དང་ལྡན་ཞིང་ཁྲོ་བ་དོར་ནས་ཚུལ་ཁྲིམས་དང་ལྡན་པས། བདེ་བ་ཐོབ་པར་འདོད་པའི་ཕྱིར་དེ་རྣམས་ལ་འབད་པ་ནི་མཐོ་རིས་འདོད་པའི་ལྷ་མིའི་གོ་འཕང་སྒྲུབ་བྱེད་ཀྱི་ལམ་ཙམ་དང་། འདོད་པའི་སྲེད་པ་བཅད་ནས་བསམ་གཏན་གྱི་བདེ་བ་འཚོལ་ཞིང་གཟུགས་དང་གཟུགས་མེད་གང་རུང་གི་སྲིད་པ་ལེན་པ་ནི་ཁམས་གོང་གི་ལམ་ཕྱི་རོལ་པ་རྣམས་ཀྱི་དོན་དུ་གཉེར་བྱ་ཙམ་སྟེ། དེར་ཡང་སྔར་གྱི་འདོད་སྲེད་ལྟར་ཏིང་ངེ་འཛིན་གྱི་བདེ་བའི་རོ་མྱོང་ནས་ཆགས་པ་དང་ལྡན་ཞིང་དེའི་རང་བཞིན་མི་ཤེས་པས་གཏི་མུག་དང་དེ་ལས་ཉམས་པ་ལས་ཞེ་སྡང་བ་སོགས་དུག་གསུམ་གྱི་དབང་གིས་འཁོར་བ་ཉིད་ལས་མ་འདས་པའོ། །སྐྱེས་བུ་འབྲིང་གི་དབང་དུ་བྱས་ན། ཆོས་རྣམས་སེམས་སུ་ཤེས་ནས་ཁམས་གསུམ་གྱི་ཆགས་སོགས་མཐོང་སྒོམ་གྱིས་བཅོམ་ནས་རང་ཉིད་ཁོ་ན་མྱ་ངན་ལས་འདས་བར་སྲེད་ཅིང་། ཞི་བ་དེ་ཐོབ་པའི་ས་དེར་གནས་པ་ལ་ནི་ཉན་རང་ཞེས་བརྗོད་དེ་གནས་སྐབས་ཀྱི་མྱང་འདས་སོམ་མོ། །སྐྱེས་བུ་ཆེན་པོའི་དབང་དུ་བྱས་ན། སྲིད་པ་དང་ཞི་བ་གཉིས་ཀ་ལ་སྲེད་པ་སྤངས་ཤིང་སྒོ་གསུམ་གྱི་འཛག་པ་མེད་པའི་ལམ་ལ་དབང་ཐོབ་པར་བྱེད་པའི་ཐབས་ནི་ཐེག་པ་ཆེན་པོ་རྡོ་རྗེའི་ཐེག་པར་གསུངས་པ་ཡིན་ནོ། །བཞི་པ་ནི། དགའ་བཞིའི་ངོ་བོའི་གོ་རིམ་དང་། དབྱེ་བ་འཛག་སྐྱོན་བཅིང་ཐབས་དང་། ཕན་ཡོན་རྣམ་པར་དག་པ་དང་། རྒྱུ་འབྲས་ལུགས་འབྱུང་ལུགས་བཟློག་ཀུན། །རྒྱལ་བས་བླ་མེད་རྒྱུད་ཀུན་གསུངས། དེ་ཕྱིར་ལས་ཀྱི་ཕྱག་རྒྱ་བཅིངས། །འདིར་ནི་རྒྱས་པར་མ་བྲིས་སོ། །ལྔ་པ་ཐ་མལ་སད་པའི་གནས་སྐབས་ལ། ངོ་བོ། རྣམ་པར་དག་པ། སྤང་གཉེན་འབྲས་བུ་དང་བཅས་པ་དང་གསུམ། དང་པོ་ནི། བཞི་པ་ཐ་མལ་སད་པའི་དུས་ཀྱི་ཤེས་པ་ནི་འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཉོན་ཡིད་ཀྱི་འདུ་བྱེད་ཀྱིས་སྔར་ལེའུ་དང་པོར་བཤད་པ་ལྟར་རྐྱེན་བཞི་ཉེ་བར་སྦྱོར་བས་མིག་ལ་སོགས་པའི་རྣམ་ཤེས་དྲུག་པོ་རྣམས་དབང་པོ་དྲུག་དང་འབྲེལ་བར་བྱས་ཏེ་དེ་ལས་གཟུགས་སོགས་ཡུལ་དྲུག་རྣམས་སུ་སྣང་ཞིང་། དེ་བདག་ཏུ་བཟུང་བས་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་གསུམ་འབྱུང་ཞིང་དེ་ལ་བརྟེན་ནས་ཆགས་པ་དང་ཞེ་སྡང་དང་གཏི་མུག་གསུམ་བསྐྱེད་ལ་དེ་རྣམས་དེ་མ་ཐག་པའི་ཡིད་ཀྱིས་ཁྱེར་ནས་ཀུན་གཞིའི་སྟེང་དུ་བཞག་ཅིང་སླར་ཡང་ཆུ་དང་རླབས་ལྟར་རྣམ་སྨིན་དང་ས་བོན་འདུ་བྱེད་དོ། །གཉིས་པ་ནི། སད་པའི་གནས་སྐབས་འདི་ཉིད་དག་པ་ནི་ཡེ་ཤེས་གསུམ་སྟེ། བདུན་ཡིད་ནི་མི་གཡོ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས། ཀུན་རྟོག་དྲུག་ཡིད་དག་པ་སོ་སོར་རྟོག་པའི་ཡེ་ཤེས། སྒོ་ལྔའི་ཡུལ་ཡུལ་ཅན་རྣམས་དག་པ་བྱ་བ་སྒྲུབ་པའི་ཡེ་ཤེས་ཡིན་ལ། དེ་གསུམ་ཡང་ཀུན་གཞི་གནས་གྱུར་པའི་མེ་ལོང་ཡེ་ཤེས་ལ་བརྟེན་ཞིང་ཐམས་ཅད་ཀྱང་རང་བཞིན་གྱིས་དག་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །གསུམ་པ་ནི། དེ་རྣམས་སྒྲིབ་བྱེད་ཀྱི་སྒྲིབ་པ་ནི་མཐོང་སྤངས་སྒོམ་སྤངས་དང་སྒྲིབ་གཉིས་ཡིན་ལ་དེ་སྤོང་བའི་གཉེན་པོ་ནི་ཐེག་ཆེན་གྱི་ཆོས་ལ་མོས་པ་དང་བདག་མེད་རྟོགས་པའི་ཤེས་རབ་དང་སྲིད་ཞི་མཉམ་ཉིད་ཀྱི་ཏིང་ངེ་འཛིན་དང་དམིགས་པ་མེད་པའི་སྙིང་རྗེ་རྣམ་པ་བཞི་པོ་དེས་སྦྱངས་ནས་སྒོ་ལྔའི་རྣམ་ཤེས་དང་དྲུག་ཡིད་ཀྱི་ཆ་གཅིག་རྣམ་པར་དག་པས་སྤྲུལ་སྐུས་འགྲོ་དོན་མཛད་ལ་ཡིད་དང་རྨི་ལམ་གཅིག་པའི་ཕྱིར་དེ་དག་པ་ལོངས་སྐུར་བརྗོད་ཅིང་ཀུན་གཞི་གནས་གྱུར་པའི་ཆོས་སྐུ་སྟེ་སྐུ་གསུམ་ནི་འབྲས་བུ་ཡིན་ནོ། །རྒྱས་པར་ཆོས་རྣམས་ཐམས་ཅད་དུ། །གསུངས་ཕྱིར་འདིར་ནི་བསྡུས་པ་ཡིན། །དེ་ཕྱིར་ཚོགས་བརྒྱད་གསལ་རྟོག་པ་མེད་པ་ལྷན་སྐྱེས་ཀྱི་ཡེ་ཤེས་ལམ་དུ་འཁྱེར་བ་ཆོས་ཀྱི་ཕྱག་རྒྱ་བཅིངས་བར་བྱའོ། །གསུམ་པ་མཇུག་བསྡུ་བ་ནི། གནས་སྐབས་བཞི་དང་འཁྲུལ་པ་དང་། །མ་འཁྲུལ་ཡེ་ཤེས་ལམ་རིམ་དང་། ཕྱག་རྒྱ་བཞི་དང་སྐུ་བཞི་སྟེ། །འབྲེལ་བའི་རྟེན་དང་བརྟེན་པ་ཡིན། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་རྣམ་ཤེས་དང་ཡེ་ཤེས་དང་གཞི་ལམ་འབྲས་བུའི་འབྲེལ་པ་བསྟན་པ་སྟེ་དྲུག་པའོ། །བདུན་པ་དེ་དག་སྣོད་ལ་སྦྱར་བ་བསྟན་པ་ལ། གསུམ་ལས། དང་པོ་མདོར་བསྟན་པ་ནི། ཆོས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ་སྟོན་པའི་ཕྱིར། དེ་ནས་ཇི་ལྟར་ནང་གི་ལུས་འདི་ཡང་ཕྱི་རོལ་འཇིག་རྟེན་གྱི་ཁམས་ཇི་ལྟ་བ་བཞིན་དུ་གནས་པ་ཡིན་ལ། ཕྱི་རོལ་ཡང་ན་ཇི་ལྟ་བ་བཞིན་དུ་གནས་པ་ཡིན་པས་ཕྱི་འཇིག་རྟེན་གྱི་ཁམས་དང་ནང་རྡོ་རྗེའི་ལུས་དང་གཞན་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ཀྱང་ཕན་ཚུན་དབྱེར་མེད་པ་ཉིད་ཀྱི་ཁམས་གསུམ་པོ་ཡང་ནང་ལུས་སེམས་ཀྱི་བདག་ཉིད་ཡིན་པར་བཤད་དོ། །གཉིས་པ་རྒྱས་པར་བཤད་པ་ལ། གནས་གཞན་བསྟན་པ། འབྱུང་བ་རིམ་བརྩེགས། རི་རྣམས་བཤད་པ། གླིང་བདུན། ནང་གི་འབྱུང་བ་ལྔ། རྒྱ་མཚོ་བདུན། གཟའ་སོགས་བསྟན་པ། མེ་གསུམ། སྐྱེ་གནས་དུས་སྦྱོར་ལ་སོགས་པ་བཤད་པ་དང་དགུ་ལས། དང་པོ་ནི། སྤྱི་བོ་ནས་འོག་ཏུ་ནི་སོར་བཞི་པོ་སྟོང་པའི་ཆ་དེ་གཟུགས་མེད་བཞིའི་གནས་དང་། དེའི་འོག་ཏུ་སོར་ནི་བཅུ་དྲུག་གཟུགས་ཁམས་གནས་རིགས་བཅུ་དྲུག་ཉིད་དོ། །དེའི་འོག་ཏུ་ནི་འདོད་ལྷ་དྲུག་མི་དང་བཅས་པ་སྟེ་ལྟེ་བ་ཡན་ཆད་ནི་བདེ་འགྲོའོ། །ལྟེ་བ་ནས་རྐང་མཐིལ་གྱི་བར་འབྱུང་བཞིའི་རང་བཞིན་ལས་ལྟེ་བ་ནས་སུམ་མདོའི་བར་སའི་རང་བཞིན་ལ་ལྷ་མིན་ཀླུ་དང་ཡི་དགས་དང་སའི་དམྱལ་བ་གཅིག་དང་། བརླ་ཆུའི་རང་བཞིན་ལ་ཆུའི་དམྱལ་བ་གཉིས། རྗེ་ངར་མེའི་རང་བཞིན་ལ་མེའི་དམྱལ་བ་གཉིས། བོལ་ལོ་རླུང་གི་རང་བཞིན་ལ་རླུང་གི་དམྱལ་བ་གཉིས། རྐང་མཐིལ་དུ་རྡོ་རྗེའི་དམྱལ་བ་སྟེ་བརྒྱད་ཀྱི་ཚུལ་དུ་ངན་འགྲོའི་གནས་རིམ་བཞིན་གསུངས་སོ། །གཉིས་པ་ནི། ཡང་ན་རྐང་ལག་རེ་རེའི་ཚིགས་གསུམ་རིམ་པ་ལྟར་རླུང་མེ་ཆུའི་དཀྱིལ་འཁོར་ཡིན་ཞིང་བྲང་ནི་ས་ཡི་དཀྱིལ་འཁོར་ཡིན་ལ། རྒྱུད་གཞན་ནས་རྐང་མཐིལ་རླུང་སོགས་ཀྱི་རིམ་པ་ཡང་བཤད་དོ། །གསུམ་པ་ནི། སྒལ་ཚིགས་ནི་རི་རབ་དེ་བཞིན་རི་བདུན་ནི་བརླ་དང་རྗེ་ངར་དང་དེ་འོག་བོལ་གོང་གི་རུས་པ་དང་དཔུང་པ་དང་ལག་ངར་དང་ལག་པ་དང་སེན་མོའི་བར་དུ་རིམ་པ་ལྟར་སྔོན་པོ་དང་། མནྡ་ར་དང་། མཚན་མོ་དང་། ནོར་བུ་བྱེད་དང་བྲེའོ་དང་ཁ་བ་ཅན་དང་རྡོ་རྗེའི་རི་རྣམས་སོ། །བཞི་པ་ནི། གླིང་དྲུག་ནི་ནང་ན་བད་ཀན་དང་རྒྱུ་མ་དང་ཚིལ་དང་སྙིང་དང་མཆིན་པ་དང་ཤ་སྟེ་ཕྱིར་ཟླ་བ་དང་དཀར་པོ་དང་ཀུ་ཤ་དང་མིའམ་ཅི་དང་ཁྲུང་ཁྲུང་དང་དྲག་པོའི་གླིང་རྣམས་རིམ་པས་ཡིན་ལ། བདུན་པ་འཛམ་གླིང་ཆེན་པོ་ནི་ནང་དུ་རྐང་ལག་དུམ་བུ་བཅུ་གཉིས་པོ་དེ་ཕྱིར་འཛམ་བུའི་གླིང་སོགས་གླིང་ཕྲན་དང་བཅས་པ་ཡིན་ཏེ། དེ་ཡང་ལག་པ་གཡས་པ་ཤར་གླིང་། ལག་གཡོན་ལྷོ། རྐང་པ་གཡས་ནུབ། རྐང་གཡོན་བྱང་ངོ་། །ལྔ་པ་ནི། སྲ་བ་རླན་དང་དྲོད་དང་དབུགས་རྣམས་ཁམས་བཞི་དང་བུ་ག་དག་ནམ་མཁའི་ཁམས་ཡིན་ནོ། །དྲུག་པ་ནི། ཁུ་བ་དང་ཞག་དང་ཀླད་པ་དང་སྐྱེས་པའི་བད་ཀན་བུད་མེད་ཀྱི་འོ་མ་གང་རུང་དང་མཆིལ་མ་དང་རྔུལ་དང་། དྲི་ཆུ་རྣམས་ནང་གི་རྒྱ་མཚོ་བདུན་ཏེ་ཕྱིར་སྦྲང་རྩི་དང་མར་དང་ཞོ་དང་འོ་མ་དང་ཆུ་དང་ཆང་དང་བ་ཚྭའི་རྒྱ་མཚོའི་རང་བཞིན་ནོ། །བདུན་པ་ནི། དབང་པོ་རྣམས་ནི་བཟའ་དགུའི་རང་བཞིན་ཏེ། སྣ་བུག་གཉིས་རླུང་གི་བཟའ་ཉི་ཟླ། མིག་གཉིས་མེའི་བཟའ་མིག་ཕུར། ཁ་དང་དྲི་ཆུའི་སྒོ་གཉིས་ཆུའི་བཟའ་པ་སངས་བཟའ་ལྷག བཤང་སྒོ་དང་སྤྱི་གཙུག་གཉིས་སའི་བཟའ་སྤེན་མཇུག་རྣམས་སོ། །སོ་རྣམས་ནི་རྒྱུ་སྐར་ཉེར་བརྒྱད་རྩ་སྟོང་ཕྲག་དོན་གཉིས་ཁམས་དང་བཅས་པ་ནི་གླིང་བཞི་པོ་རེ་རེའི་ཆུ་བོ་སྟོང་ཕྲག་དོན་གཉིས་རྒྱུ་མ་ནི་སྤྲིན་དང་ཕྱི་ནང་གི་རླུང་དབྱེར་མེད་ཅིང་། སྙིང་གའི་སྒྲ་ནི་ཐོག་ཡིན་ཏེ། ལྟོ་བའི་སྒྲ་ནི་འབྲུག་ཏུ་གསུངས་སོ། །བརྒྱད་པ་ནི། སྙིང་ག་མགྲིན་པ་ལྟེ་བ་ན་རིམ་བཞིན་སྐྱེད་བྱེད་གློག་གི་མེ་དང་ཉི་མའི་དྲོད་དང་སྲོག་བྱེད་ཤ་ཟའི་མེ་ཟས་སྲེག་པའི་བྱ་བ་བྱེད་པ་རྣམས་སོ། །དགུ་པ་ནི། གཞན་ཡང་ལྤགས་པ་དྲོད་དང་སྤུ་རྣམས་ནི་མེའི་ཁམས་དང་རླུང་གི་རང་བཞིན་ནོ། །ལུས་སྐྱེས་ཀྱི་སྲིན་བུ་རྣམས་ནི་སྐྱེ་གནས་བཞི་ལྡན་དང་ཆར་ནི་ལྕེའུ་ཆུང་ནས་འབབ་པའི་བདུད་རྩི་ཡིན་ནོ། །ཐུན་ནས་སྐད་ཅིག་བར་གྱིས་ནི། །དུས་སྦྱོར་ཐམས་ཅད་སྔར་བསྟན་པའི། རྩ་རླུང་ཐིག་ལེ་སེམས་བཅས་སོ། །ཞེས་པ་ནི་སྔར་བསྟན་ཟིན་པའོ། །ནང་དུ་སྲོག་གི་རླུང་ཁམས་དཀར་དམར་དང་སྦྱོར་བ་ན་ཕྱིར་ཟླ་ཉི་གཟས་འཛིན་པར་སྣང་བ་སྟེ། དེ་ཡང་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་ཁམས་དྲུག་རྫོགས་པའི་མཐར་ཟླ་བའི་ཐིག་རླུང་དབུ་མར་སྦྱོར་བ་ལས་ཕྱིར་ཟླ་བ་དྲུག་དྲུག་ཟླ་བ་གཟས་འཛིན་པར་སྣང་བ་དང་རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་རྫོགས་པའི་མཐར་ཟླ་ཉིའི་རླུང་དབུ་མར་སྦྱོར་བའི་ཚེ་དུས་གསུམ་གསུམ་ན་ཟླ་ཉི་གཉིས་ཀ་སྒྲ་གཅན་གྱིས་འཛིན་པར་སྣང་བ་ཡིན་ནོ། །དེ་ལ་སོགས་པའི་རྣམ་བཤད་དུ་མ་རྣམས་ནི་ཕྱི་དང་ནང་དང་གཞན་གསུམ་ཡང་ཡེ་ཤེས་སུ་རོ་གཅིག་པར་སྦྱོར་བའི་ཕྱིར་དུས་ཀྱི་འཁོར་ལོ་ལ་སོགས་པར་དཔག་ཏུ་མེད་པ་གསུངས་སོ། །གསུམ་པ་འཇུག་བསྡུ་བ་ནི། དེ་སོགས་ཕྱི་ནང་ཕན་ཚུན་གྱི་རྟེན་འབྲེལ་རྟོགས་པ་ན་ཐབས་དང་ཤེས་རབ་སོགས་ཀྱི་གནས་ལུགས་སྦྱོར་བར་ཤེས་པས་གནས་སྐབས་དང་མཐར་ཐུག་གི་སྣ་ཚོགས་པའི་ཡོན་ཏན་ཐོབ་པར་འགྱུར་བའི་ཕྱིར་འདིར་ནི་མདོར་བསྡུས་ཅུང་ཟད་བརྗོད་པ་ཡིན་ནོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་སྣོད་ལ་སྦྱར་བ་བསྟན་པ་སྟེ་བདུན་པའོ། །བརྒྱད་པ་བསྐྱེད་པའི་ལྷ་རྣམས་སྒོམ་པའི་ཚུལ་གང་ཡིན་པ་དེ་བཤད་པ་ལ། གསུམ་ལས། མདོར་བསྟན་པ་ནི། དེ་ནས་སེམས་ཅན་རྣམས་ཀྱི་ཀུན་རྟོག་ལ་བདེན་པ་མེད་བཞིན་དུ་ཀུན་བཏགས་པའི་ལྷ་རྣམས་ཀྱི་དཀྱིལ་འཁོར་བསྒོམ་པའི་དོན་གང་ཡིན་ཞེ་ན། ལས་དང་པོ་པ་རྣམས་སེམས་འཛིན་སླ་བར་བྱ་བ་དང་། ཕྱི་ནང་གཞན་གསུམ་ཡེ་ཤེས་སུ་སྦྱོར་བའི་དོན་ཤེས་པར་བྱ་བ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་དབང་འབྱོར་བས་གཞན་དོན་དུ་གཟུགས་སྐུ་སྟོན་པར་བྱ་བའི་ཕྱིར་དུ་ལྷ་དཔའ་བོ་གཅིག་པ་ནས་འཁོར་མཐའ་ཡས་པའི་བར་གྱི་རིམ་པ་གསུངས་པའི་ངེས་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པར་བཤད་པ་ལ། ལྷའི་གྲངས་ཀྱི་ངེས་པ་དཀྱིལ་འཁོར་གྱི་ངེས་པ། ཐབས་ཤེས་ཀྱི་རང་བཞིན། བསྐྱེད་རྫོགས་ཀྱི་ངེས་པ་དང་བཞི་ལས། དང་པོ་ནི། སྦྱང་གཞི་རྩ་དབུ་མ་དང་ཀུན་གཞི་དང་ཆོས་ཉིད་ཡང་དག་པའི་དོན་དང་ཡེ་ཤེས་ཀྱི་རླུང་དང་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ལྟ་བུ་གང་རུང་གཅིག་དང་སྦྱང་བྱ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་སྦྱོང་བྱེད་ལྷན་སྐྱེས་ཡེ་ཤེས་དང་སྦྱངས་འབྲས་གསང་ཆེན་རིགས་གཅིག་སོགས་གཅིག་ཆོས་ཀྱི་ཕྱིར་ལྷ་དཔའ་བོ་གཅིག་པ་ཧེ་རུ་ཀ་དང་ཞལ་གཅིག་པ་དང་སྔགས་ཡི་གེ་གཅིག་སོགས་བསྟན་པའོ། །དེ་བཞིན་དུ་སྐུ་གཉིས་ཐབས་དང་ཤེས་རབ་དང་དབུ་མའི་སྟེང་འོག་གཉིས་དང་དཀར་དམར་དང་བདེན་གཉིས་དང་དེ་སོགས་གཉིས་ཆོས་ལ་བརྟེན་ནས་ཡབ་ཡུམ་གཉིས་པ་བསྟན་པའོ། །ལུས་ངག་ཡིད་དང་ཐིག་ལེ་གསུམ་རྩ་གསུམ་དབུ་མའི་སྟེང་འོག་བར་གསུམ་ཡི་གེ་གསུམ་རླུང་གསུམ་སོགས་ཀྱི་ཕྱིར་ལྷ་གཙོ་འཁོར་གསུམ་པོ་སོགས་སོ། །འབྱུང་བའི་ཁམས་བཞི་བདེན་པ་བཞི་ཉན་ཐོས་རྩ་བའི་སྡེ་བཞི་སྟེ་ཡེ་ཤེས་ཀྱི་ཁམས་ཁྱབ་བྱར་ལྡན་པ་བཞིའི་དབང་དུ་བྱས་ནས་ལྷ་བཞི་སོགས་སོ། །ཡེ་ཤེས་ལྔ་དང་། ཕུང་པོ་ལྔ་འཁོར་ལོ་ལྔ་རླུང་ལྔ་ཁམས་བཞིའི་སྟེང་དུ་ཁྱབ་བྱེད་ནམ་མཁའ་བསྣན་པའི་ལྔ་ལས་ལྷ་ལྔ་ལ་སོགས་པར་བསྟན་ཏེ་རྒྱུད་རྣམས་ལས་དུ་མར་གསུངས་སོ། །ཁམས་བཞིའི་ཐོག་ཏུ་ནམ་མཁའ་ཡེ་ཤེས་གཉིས་བསྣན་པས་དྲུག་རྣམ་ཤེས་ཚོགས་དྲུག་སོགས་ཀྱི་དབྱེ་བས་ལྷ་དྲུག་སོགས་སོ། །ཚོགས་དྲུག་ཉོན་ཡིད་དང་བཅས་པ་བདུན་སོགས་ལས་ལྷ་བདུན་པའོ། །རྣམ་ཤེས་ཚོགས་བརྒྱད་སོགས་དག་པའི་ཕྱིར་ལྷ་བརྒྱད་པ་སོགས་དང་། སྙིང་གའི་རྩ་བརྒྱད་དབུ་མ་དང་བཅས་པ་དགུ་སྲོག་ཐུར་གཅིག་ཏུ་བསྡོམས་པའི་རླུང་དགུ་སོགས་དང་། ས་བཅུ་དང་སྟོབས་བཅུ་སྟེ། དེ་ལ་སོགས་པའི་དགུ་དང་བཅུ་པའི་འགྲོས་ལས་ལྷ་གཙོ་འཁོར་སོགས་ཀྱང་དགུ་དང་བཅུ་པར་བསྟན་ནོ། །ཕུང་པོ་ལྔ་ཁམས་ལྔ་སྟེ་བཅུ་དབང་པོ་ལྔ་ཡུལ་དང་བཅས་པ་བཅོ་ལྔ་ལས་ལྷ་བཅོ་ལྔ་སོགས་དང་། ཕུང་པོ་དྲུག་ཁམས་དྲུག་དེ་བཞིན་ལས་བྱེད་པ་དབང་པོ་དྲུག་དེ་དག་གི་བྱ་བ་དྲུག་མིག་སོགས་དྲུག་དེ་དག་གི་ཡུལ་དྲུག་སོགས་དང་བཅས་པས་དྲུག་དྲུག་སུམ་ཅུ་སོ་དྲུག་ལས་དཀྱིལ་འཁོར་གྱི་ལྷ་གྲངས་སོགས་ཀྱང་དེ་ལྟར་འགྱུར་བའོ། །མདོར་ན། ལྷ་ལྔ་དགུ་དང་བཅུ་གསུམ་དང་། ཉེར་ལྔ་སོ་གཉིས་སོ་བཞི་དང་། སོ་བདུན་རིགས་བརྒྱ་ནས་དུ་མ་གྲངས་མེད་ཀྱི་བར་ཇི་སྙེད་ཅིག་སྒོམ་པའི་ཚུལ་གསུངས་པ་རྣམ་སྦྱང་གཞི་རྩ་རླུང་ཐིག་ལེ་འཁོར་ལོའི་གྲངས་དང་། སྦྱང་བྱ་རྣམ་རྟོག་གི་གྲངས་ཇི་ལྟ་བ་བཞིན་དུ་བསྟན་པ་སྟེ། ལྷ་གྲངས་སུ་མ་ཟད་ཞལ་དང་ཕྱག་དང་ཕྱག་མཚན་དང་སོགས་ཀྱང་དེ་དག་དང་མཚུངས་པའོ། །གཉིས་པ་ནི། ལུས་ལ་དཀྱིལ་འཁོར་གྱི་དག་པ་བཤད་པ་ནི་ཕྱི་རོལ་ལྟར་སྣང་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ས་ལ་སོགས་པའི་འབྱུང་བ་རིམ་བརྩེགས་དང་སིནྡྷུ་རྡོ་རྗེའི་ཐིག་ཟླུམ་པོ་དང་ལུས་གྲུ་བཞི་པ་དཀྱིལ་འཁོར་གྲུ་བཞི་པ་སྟེ་དེ་ལ་སོགས་པའི་དབྱིངས་ཀྱི་དབྱེ་བ་དང་བཅས་པ་བསྡུས་པ་ནི་ཁོ་བོས་དཀྱིལ་འཁོར་སྣང་བ་ཞེས་བྱ་བའི་བསྟན་བཅོས་སུ་བཤད་དོ། །ཞེས་གསུངས་སོ། །གསུམ་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཐབས་ཤེས་རབ་ཀྱི་རང་བཞིན་ཏེ། ཕན་ཚུན་ཐབས་དང་ཤེས་རབ་དང་། གཡས་གཡོན་ལུས་སེམས་དཀར་དམར་དང་། རྟེན་དང་བརྟེན་པ་མ་ལུས་པ། ཐབས་དང་ཤེས་རབ་རང་བཞིན་གསུངས། བརྗོད་བྱ་ཤེས་རབ་གཙོ་བོར་བསྟན་པ་ནི་ཤེས་རབ་མ་རྒྱུད་དང་། ཐབས་ཀྱི་ཆ་གཙོ་བོར་བསྟན་པ་ནི་ཕ་རྒྱུད་དེ། ཡང་དག་པར་བླ་མེད་ཀྱི་རྒྱུད་ཀུན་ཀྱང་བརྗོད་བྱ་ཐབས་ཤེས་རབ་གཉིས་མེད་ཀྱི་རང་བཞིན་ཉིད་སྟོན་པས་གཉིས་མེད་ཀྱི་རྒྱུད་ཁོ་ན་ཡིན་ཏེ། ཧེ་བཛྭ་ལས། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། ཅེས་དང་། གསང་འདུས་ལས། རྣལ་འབྱོར་ཐབས་ཀྱི་རྒྱུད་མིན་ཞིང་། ཤེས་རབ་གཅིག་བུ་ཉིད་ཀྱང་མིན། ཐབས་དང་ཤེས་རབ་སྙོམས་འཇུག་པ། རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། ཞེས་གསུངས་པའི་ཕྱིར། གཞན་ཡང་། མིག་ཐབས་སུ་གྱུར་པའི་ཚེ་གཟུགས་ཤེས་རབ་དང་དེ་བཞིན་དུ་རྣ་བ་དང་སྒྲ་ལ་སོགས་པར་ཡང་མཚུངས་ཤིང་། རོ་མ་ཐབས་ཏེ་རླུང་ཤེས་རབ། །རྐྱང་མ་ཤེས་རབ་རླུང་ནི་ཐབས། །སྐྱེས་བུ་ཐབས་ཏེ་སེམས་ཤེས་རབ། །བུད་མེད་ཤེས་རབ་སེམས་ནི་ཐབས། །དབུས་ནི་ཤེས་རབ་ཕྱོགས་ནི་ཐབས། །དོན་དམ་ཐབས་ཏེ་ཀུན་རྫོབ་ནི་ཤེས་རབ་སྟེ། དེ་བཞིན་དུ་དེ་རྣམས་ཕན་ཚུན་གོ་བཟློག་པའང་ཐབས་ཤེས་ཡིན་ནོ། །དེ་ལ་སོགས་པ་དགོས་པའི་དབང་གིས་ཐབས་ཤེས་ཀྱི་དབྱེ་བ་དཔག་མེད་གསུངས་པ་རྣམས་ཀྱང་ཤེས་པར་བྱའོ། །འབྱུང་བཞིའི་ཁ་དོག་དང་ཡོན་ཏན་ལ་སོགས་པའི་ཐབས་ཤེས་ཀྱི་རིམ་པ་རྣམས་ནི་རླུང་གི་སྐབས་སུ་ཇི་སྐད་བསྟན་པ་བཞིན་གསུངས་སོ། །བཞི་པ་ནི། དེ་བཞིན་དུ་ཆོས་ཐམས་ཅད་བསྐྱེད་རྫོགས་ཀྱི་རང་བཞིན་དུ་ཡང་གནས་པ་ཡིན་ཏེ། ཕྱི་ནང་གི་དབྱིབས་ཀྱི་རྣམ་པ་ནི་སྐུ་ཡིན་ལ་རླུང་དང་ངག་གི་བརྗོད་པ་རྣམས་ནི་སྔགས་ཏེ་བསྐྱེད་རིམ་དང་། ཡིད་དང་ཐིག་ལེ་ནི་རྫོགས་པའི་རིམ་པར་བརྗོད་ཅིང་། ཡང་སྣོད་བཅུད་ཀྱི་སྐྱེ་བ་ནི་བསྐྱེད་པའི་རིམ་པར་བསྟེན་པ་སྟེ་འཆི་བ་དང་འཇིག་པ་ནི་རྫོགས་པའི་རིམ་པ་ཉིད་ཡིན་ནོ། །དེ་བཞིན་དུ་ཀུན་བརྟགས་དབྱིབས་ཀྱི་རྣལ་འབྱོར་བསྐྱེད་རིམ་ཞེས་བྱ་སྟེ་གཞན་དབང་དང་འབྲེལ་བ་ཕྲ་ཐིག་གི་རྣལ་འབྱོར་ནི་རྫོགས་རིམ་དུ་བཤད་ལ། སྣང་བ་ཀུན་རྫོབ་ཀྱི་བདེན་པ་ནི་བསྐྱེད་རིམ་སྟོང་པ་དོན་དམ་པའི་བདེན་པ་ནི་རྫོགས་རིམ་དུ་བཤད་ཅིང་། ཡང་ན་བདེན་གཉིས་ལ་འཇུག་པའི་ཐབས་རྣམས་བསྐྱེད་རིམ་སྟེ་དེ་གཉིས་དབྱེར་མེད་དུ་རྟོགས་པའི་ཤེས་རབ་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྫོགས་རིམ་དུ་གསུངས་སོ། །གསུམ་པ་མཇུག་བསྡུ་བ་ནི། དེ་དག་ལ་སོགས་པ་ཐམས་ཅད་ཀྱང་ཕྱི་དང་ནང་དང་གཞན་གྱི་རིམ་པ་ལ་སོགས་པའི་ཆོས་རྣམས་ཡེ་ཤེས་ཕྱག་རྒྱ་ཆེན་པོ་གཅིག་ཏུ་སྦྱོར་བའི་ཕྱིར་བསྟན་པ་ནི་རྡོ་རྗེ་ཐེག་པའི་རྩ་བ་མདོར་བསྡུས་ནས་བརྗོད་པ་ཡིན་ཏེ། ཇི་ལྟར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཨེ་ཝཾ་གྱི་ནང་དུ་འདུས་པར་བཤད་པ་བཞིན་ཡིན་པས་དེས་ན་ཤེས་བྱ་ཐམས་ཅད་འཛིན་མེད་སྒྱུ་མ་ལྟ་བུའི་ངང་དུ་སྦྱང་ངོ་། །ཟབ་མོ་ནང་གི་དོན་རྒྱས་པར་བཤད་པ་ལས་ཀུན་བརྟགས་ཀྱི་ལྷ་འབྱུང་བའི་ཚུལ་བསྟན་པ་སྟེ་བརྒྱད་པའོ། ༈ །དགུ་པ་ཆོས་ཀྱི་སྦྱང་གཞི་སྦྱོང་བྱེད་བསྟན་པ་ལ་གསུམ་ལས། དང་པོ་མདོར་བསྟན་པ་ནི། དེ་ནས་ཕྱི་ནང་གཞན་གསུམ་གྱི་ཆོས་ཐམས་ཅད་ཀྱི་སྦྱང་གཞིའི་རང་བཞིན་དང་སྦྱོང་བྱེད་ཀྱི་གཉེན་པོ་གསུངས་པའི་ངེས་པ་འདིར་ནི་བསྟན་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ། ཡང་དག་པའི་བདེན་གཉིས་བཤད་པ། དེའི་ཚུལ་ལ་ལོག་པར་རྟོག་པ་སྤང་བ། སྤངས་གཉེན་གྱི་རྩ་བ། བྱེ་བྲག་ཏུ་རྒྱུད་སྡེའི་གཉེན་པོའི་ངེས་པ་མདོར་བསྟན་པ། དེ་རྒྱས་པར་བཤད་པ། དེ་ཉིད་རྒྱུད་ཐམས་ཅད་ཀྱི་ལྷ་ལ་སྦྱར་བ་དང་དྲུག་ལས། དང་པོ་ནི། བློས་ཀུན་ནས་བརྟགས་པའི་ཡུལ་ཡུལ་ཅན་རྣམས་ནི་སྦྱང་བྱ་གློ་བུར་གྱི་དྲི་མ་སྟེ་གནས་ཚུལ་དུ་མ་ཞུགས་པ་ཡིན་ལ། གང་གནས་ཚུལ་དུ་ཞུགས་ན་སེམས་ཅན་རྣམས་ཀྱི་སེམས་དང་དབྱེར་མི་ཕྱེད་པའི་ཁམས་སངས་རྒྱས་ཀྱི་རང་བཞིན་ནམ་སྙིང་པོ་བཟོད་མ་ནས་དྲི་མ་མེད་པ་རང་ངོ་བདེན་པ་གཉིས་དབྱེར་མེད་དུ་ལྡན་ཞིང་གཞི་ལམ་འབྲས་བུའི་བཏགས་པ་དང་བྲལ་བ་མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པ་འདིའོ། །བདེན་པ་གཉིས་པོའི་རྣམ་གཞག་འདི་ལ་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། ཀུན་རྫོབ་ནི་རྩལ་འགག་པ་མེད་པ་ལ་གཟུང་འཛིན་གཉིས་སུ་སྣང་བ་སྟེ་སོ་སྐྱེའི་མཐོང་བའོ། །དེའི་བདེན་པ་ནི་ཆུ་ཟླ་ལྟ་བུར་སྣང་སྟོང་དབྱེར་མེད་པ་སྟེ་འཕགས་པའི་རྗེས་ཐོབ་ཡེ་ཤེས་ཀྱི་གཟིགས་པའོ། །རྣམ་གྲངས་པའི་དོན་དམ་པ་ནི་སྟོང་པ་ཉིད་བཅོ་བརྒྱད་ལ་སོགས་པ་སྤྲོས་མཚན་འགོག་པའི་ཕྱིར་གསུངས་པ་སྟེ། དེའི་བདེན་པ་ནི་གཟོད་མ་ནས་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཡེ་ཤེས་ལ་བརྗོད་དོ། །ཞེས་གསུངས་སོ། །བདེན་པ་དེ་གཉིས་ཤེས་པའི་ཤེས་རབ་ནི་མིང་དང་ཐ་སྙད་དུ་རྟོག་པར་བྱེད་པའི་དགེ་བའི་རྟོག་པས་ཡང་དག་པའི་ལྟ་བ་དང་རྟོགས་པ་བསྐྱེད་ནས་བདེན་པ་གཉིས་ལ་འཇུག་པར་བྱེད་ཅིང་ཤེས་རབ་དེ་ནི་གཉེན་པོ་སྟེ་དྲི་མ་སྦྱོང་བྱེད་ཡིན་པར་བཤད་ལ། དེའི་ཕྱིར་སྦྱང་གཞི་རྣམ་རྟོག་གི་གྲངས་བཞིན་དུ་ཆོས་ཀྱི་རྣམ་གྲངས་ཀུན་ཀྱང་བསྟན་པ་ཡིན་ནོ། །གཉིས་པ་ལ། ཕྱི་རོལ་པའི་ལོག་རྟོག་དང་། རང་བདེའི་ལོག་རྟོག་གཉིས། དང་པོ་ནི། ཚངས་པ་པ་དང་ལ་སོགས་པས་དབང་ཕྱུག ཁྱབ་འཇུག་ཕུར་བུ། རཱ་མ་དགའ་བྱེད་དམ་རྩེ་བྱེད་ཎ་སོགས་ཀྱི་རྗེས་སུ་འཇུག་པ་དང་། གཅེར་བུ་པ་སོགས་ཀྱི་གྲུབ་མཐའ་ཐམས་ཅད་ཀྱང་རང་རང་གི་རྣམ་རྟོག་གིས་བྱས་པར་ཤེས་པར་བྱས་ནས་ལྟ་བ་ངན་པ་དེ་དག་བཟློག་པར་བྱ་བ་ཉིད་ཡིན་ཇི་ལྟར་ཤེས་པར་བྱ་ན། མུ་སྟེགས་ཀྱི་ལྟ་བ་ཐམས་ཅད་རྒྱུ་རྐྱེན་དང་ལྡན་པ་རྟག་པར་འཛིན་པ་དང་མེད་པ་ཆད་པར་འཛིན་པ་གཉིས་སུ་འདུས་ལ། དེ་ལ་སོགས་པའི་ལྟ་བ་སྣ་ཚོགས་པ་ཐམས་ཅད་ཀྱང་ལུས་སེམས་ཀྱི་གཟུང་འཛིན་ལ་བརྟེན་ནས་བྱུང་བར་བཅོམ་ལྡན་འདས་ཀྱི་མདོ་ལས་རྒྱ་ཆེར་གསུངས་པ་དེ་ལྟར་རོ། །གཉིས་པ་ནི། ཕྱི་རོལ་གྱི་རྡུལ་ཕྲ་རབ་རང་མཚན་པར་འདོད་པ་བྲེ་སྨྲ་དང་། རྣམ་པ་གཏད་བྱའི་ཡུལ་ཕག་ན་མོ་ལྐོག་གྱུར་དུ་ཡོད་པར་མདོ་སྡེ་པ་སྟེ་ཉན་ཐོས་སྡེ་གཉིས་ཀྱི་འདོད་པ་དེ་དག་ཀྱང་ཀུན་གཞི་ཡིད་དང་བཅས་པའི་རང་རྩལ་ལས་ཕྱི་རོལ་ཡུལ་དུ་སྣང་བའི་ནུས་པ་ཡིན་པར་མ་རྟོགས་པའི་དབང་གིས་འཁྲུལ་བ་ཡིན་ནོ། །འོན་ཀྱང་བདག་ལ་སོགས་པ་བྱེད་པ་པོར་འདོད་པ་དགག་པའི་ཕྱིར་རྒྱལ་བས་ཕུང་ཁམས་སྐྱེ་མཆེད་དང་རགས་པ་རྩོམ་བྱེད་རྡུལ་ཕྲ་རབ་སོགས་གསུངས་པ་ཡང་ཡོད་དོ། །རང་བདེ་ཁ་ཅིག་བདག་བདེན་གྲུབ་ཏུ་འདོད་ལ། དེ་དགག་པ་ནི། བདག་དང་གང་ཟག་ནི་མིང་དུ་བཏགས་པ་ཙམ་དུ་བརྗོད་ཀྱི་བདེན་པའི་རྫས་སུ་གྲུབ་པ་ནི་རྡུལ་ཙམ་ཡང་མེད་དེ། དེ་མྱང་འདས་ཀྱི་ཕྱོགས་སུ་ཡོད་ན་འབད་མེད་དུ་གཏན་ནས་ཐར་བའི། འཁོར་བའི་ཕྱོགས་སུ་ཡོད་ན་གཏན་ནས་ཐར་པ་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་ཞེས་སོགས་དབུ་ཚད་ཀྱི་གཞུང་ལས་རྒྱ་ཆེར་བསྟན་ནོ། །དེ་སོགས་སེམས་ལ་སྣང་བའི་སྤང་གཉེན་གྱི་ཚུལ་ནི་མཁས་པ་ཤིང་རྟའི་སྲོལ་འབྱེད་རྣམས་ཀྱིས་གསུངས་པ་བཞིན་ནོ། །གསུམ་པ་སྤང་གཉེན་གྱི་རྩ་བ་བཤད་པ་ནི། རྡོ་རྗེ་ཐེག་པ་འདིར་ནི་སེམས་ཀྱི་ཡུལ་དུ་སྣང་བའི་ལུས་འདི་ལ་རྩ་རླུང་ཐིག་ལེའི་ངེས་པ་ཡིས་སྤང་གཉེན་དུ་འགྱུར་ཚུལ་དེ་བཞིན་གཤེགས་པས་གསུངས་ལ་ཁྱད་པར་རྡོ་རྗེའི་ལུས་དང་ལྡན་པའི་སྐྱེས་བུ་ཚེ་ལོ་བརྒྱ་པའི་ལས་ཇི་སྙེད་པ་བསྡོམས་ན་བྱེ་བ་བདུན་ཅུ་བདུན་དང་ས་ཡ་བདུན་དང་འབུམ་ཕྲག་དྲུག་ཡོད་པས་སྦྱང་གཞི་དེ་སྦྱོང་བའི་ཕྱིར་ཆོས་སྒོའི་གྲངས་ཀྱང་དེ་དང་མཉམ་པར་གསུངས་པ་ཡིན་ཅིང་། བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་ནི་རགས་རིམ་གྱི་གྲངས་སོ། །བཞི་པ་བྱེ་བྲག་ཏུ་རྒྱུད་སྡེའི་གཉེན་པོའི་ངེས་པ་མདོར་བསྟན་པ་ནི། ལས་རླུང་དེ་ལ་ཡེ་ཤེས་ཀྱི་རླུང་ཇི་སྙེད་རྒྱུ་བ་ནི་གནས་པའི་མྱ་ངན་ལས་འདས་པའི་ལམ་དང་ལྡན་པ་གཉེན་པོའི་མཆོག་སྟེ་བླ་ན་མེད་པའི་རྒྱུད་ཀྱི་རང་བཞིན་ཡིན་ལ། དེའི་ཕྱིར་ལོ་བརྒྱའི་ལས་རླུང་གི་སོ་གཉིས་ཀྱི་ཆ་ཡེ་ཤེས་ཀྱི་རླུང་ཀུན་བསྡོམས་པས་ལོ་གསུམ་ཕྱོགས་གསུམ་དུ་གྱུར་ཞིང་ལོ་གསུམ་ལ་ནི་ཞག་བརྒྱད་ཅུ་ཡོད་ལ་སྐུ་གསུང་ཐུགས་ཀྱི་དབྱེ་བས་སྐུ་གསུང་ཐུགས་ཀྱི་རྩ་བའི་རྒྱུད་གསུམ་དུ་འགྱུར་ཏེ། གསུམ་པོ་རེ་རེ་ལ་ཐབས་ཤེས་ཀྱི་བགྲོད་པ་གཉིས་གཉིས་སུ་ཕྱེ་བས་དྲུག་ནི་རིགས་ལྔ་རྡོ་རྗེ་སེམས་དཔའ་དང་དྲུག་གི་རྒྱུད་དུ་བཤད་དོ། །ལོ་གསུམ་པོ་རེ་རེ་ལ་ཟླ་བའི་དབྱེ་བས་བཅུ་གཉིས་རེར་ཡོད་པས་རིགས་རྣམས་ནི་སུམ་ཅུ་སོ་དྲུག་གི་རྒྱུད་དུ་ཡང་བཤད་ཅིང་། དེ་རེ་རེ་ལ་གཡས་གཡོན་ནམ་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ཐབས་ཀྱི་རྒྱུད་སོ་དྲུག་སྟེ་རྩ་རྒྱུད་བདུན་ཅུ་རྩ་གཉིས་ཡོད་ལ་འདི་ནི་ལྟེ་བའི་དུས་སྦྱོར་བཅུ་གཉིས་དབུ་མའི་འཕོ་བ་དང་བཅས་པ་དང་མཁའ་འགྲོ་རྒྱ་མཚོའི་ཕྱག་གྲངས་ཀྱི་དག་པར་གསུངས་པ་ཡིན་ནོ། །ལྔ་པ་དེ་རྒྱས་པར་བཤད་པ་ལ། འདི་ལྟར། ཨ་ཨེ་རྀ་ཨུ་ལྀ་ཏེ་རྩ་བའི་དབྱངས་ལྔ། ཨ་ཨེ་ཨར་ཨོ་ཨལ་ཏེ་ཡོན་ཏན་རྣམས་འཕེལ་བ་ལྔ། ཧ་ཡ་ར་ཝ་ལ་ཏེ་རྐྱེན་ལས་གྱུར་པ་ལྔ་སྟེ་བཅོ་ལྔ། དེ་རྣམས་རིང་པོ་བཅོ་ལྔ་སྟེ་དབྱངས་སུམ་ཅུ། དེའི་སྟེང་དུ་ཨཾ་ཨཿརིང་ཐུང་གཉིས་ཧཾ་ཧཿདང་དྲུག་བསྣན་པས། ཨ་ལ་སོགས་པའི་དབྱངས་ནི་སུམ་ཅུ་དྲུག་གོ །ཀ་ལ་སོགས་པའི་གསལ་བྱེད་ལ་ཡང་སྡེ་པ་ལྔ་པ་སྡེ་དང་སུམ་ཅུ་དེའི་སྟེང་ཧ་ཡ་ར་ཝ་ལ་ཀྵ་དང་དྲུག་བསྣན་པས་དབྱངས་དེ་དང་མཉམ་པར་སུམ་ཅུ་རྩ་དྲུག་ཏུ་གནས་ལ་དབྱངས་གསལ་དེ་རྣམས་ནི་བརྗོད་བྱེད་ཡི་གེའི་གཙོ་བོར་གསུངས་སོ། །དེས་ན་གསལ་བྱེད་སུམ་ཅུ་པོ་རེ་རེ་ལ་དབྱངས་སུམ་ཅུས་བསྒྱུར་བས་ཀ་རྡོ་རྗེའི་རྒྱུད་ལ་སོགས་པའི་རྒྱུད་ཕྲན་སུམ་ཅུ་སུམ་ཅུ་སྟེ་བསྡོམས་པས་དགུ་བརྒྱ། དེ་རེ་རེ་ལ་རིང་ཐུང་ལ་ཐབས་ཤེས་ཀྱིས་ཕྱེ་བས་སྟོང་དང་བརྒྱད་བརྒྱ་ཡིན་པར་བཤད་ལ་དེ་ནི་དུས་སྦྱོར་གཅིག་དང་ཟླ་བ་གཅིག་ལ་འཆར་བ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རྒྱུད་ཀྱི་བཅུ་གཉིས་ཆའི་ཡན་ལག་དང་ལྡན་པ་ཡིན་ཞིང་དེ་ཚན་པ་བཅུ་གཉིས་ནི་ཞག་གཅིག་གི་རླུང་དང་ལོ་གཅིག་གི་ཆུ་ཚོད་དང་མཉམ་པར་འཆར་བའོ། །ཡི་གེ་དེ་རྣམས་ལ་སྐུ་ཐིག་ལེ་དང་གསུང་ཚིག་དྲག་གང་རུང་དང་ལྡན་པ་དང་གཉིས་ཀ་དང་ལྡན་པ་ཐུགས་གྲི་གུག་གི་དབྱེ་བས་ཐུང་རིང་ཤིན་ཏུ་རིང་པོ་གསུམ་དུ་ཕྱེ་བ་ནི་ལོ་གསུམ་ལ་འཆར་བའོ། །དེ་བཞིན་དུ་གསལ་བྱེད་སུམ་ཅུ་ལ་རྩ་བའི་དབྱངས་ལྔ་ཨཾ་ཡིག་དང་དྲུག་གིས་བསྒྱུར་བས་བརྒྱ་དང་བརྒྱད་ཅུ། དེ་ལ་ཐབས་ཤེས་སམ་རིང་ཐུང་གཉིས་གཉིས་སུ་ཕྱེ་བས་སུམ་བརྒྱ་དྲུག་ཅུ་ནི་རྩ་བའི་དབྱངས་དང་བརྗོད་པའོ། །ཉིན་མོ་དབྱངས་སུམ་ཅུ་མཚན་མོ་དབྱངས་སུམ་ཅུ་སྟེ་ཉིན་མཚན་གཉིས་སུ་འཆར་བའི་དབྱངས་ཀྱང་དྲུག་ཅུ་ཡོད་དོ། །དེའི་ཕྱིར་ཞག་གཅིག་གི་ཆུ་ཚོད་དང་དེ་ལ་འཆར་བའི་དབྱངས་དང་རྩ་བའི་རྒྱུད་ཀྱི་དབྱེ་བ་ཡང་དེ་དང་མཐུན་ཞིང་གསལ་བྱེད་རྣམས་ཀྱང་དེ་དང་མཚུངས་པ་ཡིན་ནོ། །ཞིབ་པར་ནི་རྩིས་ཀུན་བསྡུས་པའི་དབྱངས་འཆར་ནང་དུ་ལྟོས་ཤིག་དེ་དག་ནི། བླ་ན་མེད་པའི་རྒྱུད་ཀྱི་ཚོགས། རྣམ་དབྱེ་བསྡུས་ཏེ་བསྟན་པ་ཡིན། ཞེས་གསུངས་སོ། །དྲུག་པ་དེ་ཉིད་རྒྱུད་ཐམས་ཅད་ཀྱི་ལྷ་ལ་སྦྱར་བ་ལ། ཡེ་ཤེས་ཀྱི་རླུང་དང་སྦྱར་བ། རྩ་ཁམས་དང་སྦྱར་བ་གཉིས། དང་པོ་ལ། དུས་ཀྱི་འཁོར་ལོ། སྡོམ་པ་ཆེ་ཆུང་། སྒྱུ་འཕྲུལ་དྲ་བ། གསང་བ་འདུས་པ། རྒྱུད་གཞན་དང་སྦྱར་བ་དང་ལྔ། དང་པོ་ནི། ད་ནི་གཉེན་པོ་ལམ་གྱི་མཆོག་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་དེ་དག་ཡེ་ཤེས་ཀྱི་རླུང་ལ་འཆར་བའི་ཚུལ་གྱིས་གཙོ་བོ་རྣམས་ཅུང་ཟད་བརྗོད་པར་བྱའོ། །དེ་ཡང་ལོ་གསུམ་གྱི་ཞག་སྟོང་བརྒྱད་ཅུ་ལ་བདུན་གྱིས་དགོས་པས་བརྒྱ་དང་ལྔ་བཅུ་ང་བཞི་ཐོབ་སྟེ། དེ་ནི་དུས་འཁོར་ཉུང་ངུ་ཐུགས་དཀྱིལ་གྱི་ལྷའི་རང་བཞིན་ཡིན་ལ། དེ་ཡང་ལྷ་གྲངས་ལྔ་བཅུ་ང་བརྒྱད། དེའི་སྟེང་དུ་བུམ་པ་བཅུ་མཚན་མ་བཞི་བསྣན་པས་དོན་གཉིས་དེའི་སྟེང་དུ་གཙོ་བོ་ལ་མི་བསྐྱོད་པ་ཡབ་ཡུམ་གཉིས་སྣ་ཚོགས་ཡུམ་ལ་རྡོ་རྗེ་དབྱིངས་ཕྱུག་མ་ཡབ་ཡུམ་གཉིས་བསྣན་པས་དོན་དྲུག །དེ་རྣམས་ཀྱི་རིགས་བདག་དོན་གྲུབ་བསྣན་པས་བརྒྱ་དང་ལྔ་བཅུ་ང་གཉིས། དེའི་སྟེང་དུ་ནུས་མ་གཉིས་སྣ་ཚོགས་ཡུམ་ལ་བསྣན་པས་བརྒྱ་དང་ལྔ་བཅུ་དང་བཞིའི་གྲངས་དང་ལྡན་པ་ཡིན་ཏེ། བགོས་པའི་ལྷག་མ་གཉིས་ཐབས་ཤེས་ཀྱི་བདག་ཉིད་རྩ་བའི་རྒྱུད་དུ་གསུངས་སོ། །གཉིས་པ་ནི། ཟླ་བའི་ཆ་ནི་བཅོ་ལྔ་སྟེ་དེས་ལོ་གསུམ་གྱི་ཞག་ལ་ཕྱེ་བས་བདུན་བཅུ་རྩ་གཉིས་ཏེ་བདག་པོ་འཁྲིག་བཅས་ཏེ་གཙོ་བོ་ཡབ་ཡུམ་གཅིག་ཏུ་བགྲངས་པའི་རྣལ་འབྱོར་མ་བདུན་ཅུ་རྩ་གཉིས་ནི་ངེས་བརྗོད་འབུམ་པའི་རྒྱུད་ཀྱི་ལྷ་རུ་བཤད་དོ།། བསྡུས་ན་དཔའ་མོ་གསུམ་ཅུ་རྩ་བདུན་ཐབས་ཉེར་བཞི་གཅིག་ཏུ་བསྡོམས་པ་དང་བཅས་པས་ལུས་ལ་གནས་པ་ནི་བདེ་མཆོག་རྩ་བརྒྱུད་ཀྱི་ལྷ་གྲངས་སོ། །གསུམ་པ་ནི། དེ་ལྟར་ལོ་གསུམ་པོ་དེ་དུས་འཁོར་དང་མ་རྒྱུད་ཀྱི་རང་བཞིན་དུ་བསྟན་ནས་ཟླ་བ་ཕྱེད་པ་མཚན་གསུམ་གྱི་ཞག་དེ་དག་ཁྱད་པར་ཐབས་ཀྱི་རྒྱུད་ཀྱི་རང་བཞིན་ཡིན་ལ། དེ་ལ་དུས་སྦྱོར་རྒྱུ་བ་བཅུ་གཉིས་ཀྱིས་དབྱེ་བ་ལྔ་བརྒྱ་དང་བཞི་བཅུར་འགྱུར་བ་ཡིན་ནོ། །དེ་ལ་རྣམ་སྣང་སྒྱུ་འཕྲུལ་དྲ་བ་ནི། རྣམ་པ་གསུམ་སྟེ་ལྷ་ཞེ་དགུའི་དཀྱིལ་འཁོར་དང་ཞེ་ལྔ་དང་ཞེ་གསུམ་པ་སྟེ་བསྡོམས་ན་བརྒྱ་དང་སོ་བདུན་དེ་ལ་ཐབས་ཤེས་ཟུངས་རྣམས་ཀྱི་བྱེ་བས་ཉིས་བརྒྱ་བདུན་ཅུ་རྩ་བཞི་ཡིན་ནོ། །བཞི་པ་ནི། དཔལ་ལྡན་བསང་བ་འདུས་པ་ལ་ནི་རྣམ་པ་དྲུག་སྟེ། ལྷ་དགུ་པ་དང་བཅུ་གསུམ་དང་བཅུ་དགུ་དང་ཉེར་ལྔ་དང་སོ་གཉིས་དང་སོ་བཞི་སྟེ་བསྡོམས་པས་བརྒྱ་དང་བཅུ་གཉིས། དེ་ལ་ཐབས་དང་ཤེས་རབ་ཀྱི་དབྱེ་བ་ཡིས་ཉིས་བརྒྱ་དྲུག་ཅུ་རྩ་བཞིའོ། །མདོར་ན་ཐམས་ཅད་ཀྱང་ཐབས་ཤེས་དང་བཅས་པའི་གྲངས་རྣམས་སོ། །ལྔ་པ་ནི། སངས་རྒྱས་ཐོད་པ་དང་རྡོ་རྗེ་བདུད་རྩི་དང་དགྱེས་རྡོར་སོགས་རྣམས་མ་རྒྱུད་ཀྱི་སྡོམ་པའི་ནང་དུ་འདུས་པར་གསུངས་ལ། གཤིན་རྗེའི་གཤེད་སོགས་ནི་གསང་བ་འདུས་པར་བསྡུ་ཞིང་། ཆོས་དབྱིངས་ངག་དབང་དང་དུས་ཀྱི་འཁོར་ལོ་ལ་སོགས་ནི་དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན་ཡིན་ནོ། །རྣལ་འབྱོར་རྒྱུད་ཀུན་ཀྱང་འདིའི་ཡན་ལག་ཏུ་འདུ་ཞིང་བྱ་སྤྱོད་ནི་དེ་ཡི་ཡང་ཡན་ལག་ཡིན་ལ་དེ་རྣམས་ནི་ཡེ་ཤེས་ཀྱི་རླུང་དང་སྦྱར་ནས་བཤད་པའོ། །གཉིས་རྩ་ཁམས་དང་སྦྱར་བ་ལ། དུས་འཁོར། སྡོམ་པ་ཆེ་ཆུང་། འདུས་པ། རྒྱུད་གཞན་དང་སྦྱར་བདང་བཞི་ལས། དང་པོ་ནི། རྩ་དང་ཁམས་རྣམས་ལ་ཡང་དེ་བཞིན་དུ་སྦྱར་ཚུལ་གསུངས་པ་ནི། སྙིང་ག་ལ་སོགས་པའི་སྲོག་གི་རྩ་རླུང་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཉིད་ཡིན་ལ་རོ་རྐྱང་ནི་དེའི་ཞབས་དཀར་དམར་གྱི་རང་བཞིན་ཏེ། སྙིང་གའི་རྩ་བརྒྱད་ནི་སངས་རྒྱས་ལྷ་མོ་བརྒྱད་ཡིན་ལ་ཡེ་ཤེས་དང་ནུས་མ་གཉིས་ནི་སྣ་ཚོགས་ཡུམ་དུ་བརྗོད་དོ། །བུམ་པ་བཅུ་ནི་བཤང་གཅི་ཤ་དང་རྐངྎ ཁུ་ཁྲག་ཡིན་ཏེ་གཙུག་གཏོར་རྩ་བཞི་ནི་ནོར་བུ་གཎྜྻི་ཤིང་དང་དུང་སྟེ་མཚན་མ་བཞི། ཕུང་པོ་དྲུག་དང་ཁམས་དྲུག་རྣམས་ནི་སངས་རྒྱས་དྲུག་ཡུམ་དྲུག །མིག་སོགས་དྲུག་དང་ཡུལ་དྲུག་རྣམས་ནི་བྱང་ཆུབ་སེམས་དཔའ་དྲུག་ལྷ་མོ་དྲུག་དང་བཅས་པ། རྐང་པ་སོགས་ལས་དབང་དྲུག་བྱ་བ་དང་བཅས་པ་དེའི་སྟེང་དུ་རྐང་ལག་གི་མཐིལ་བཞི་བསྣན་པས་བཅུ་ནི་ཁྲོ་བོ་བཅུའི་རབ་བཞིན་ཡིན། ལྟེ་བའི་རྩ་རྣམས་འཇིགས་མ་ལ་སོགས་པའི་གསུང་གི་དཀྱིལ་འཁོར་གྱི་རྣལ་འབྱོར་མ་དོན་གཉིས་ཀྱི་རང་བཞིན་ཡིན་ནོ། །ཚིགས་ཆེན་བཅུ་གཉིས་རྩའི་འཁོར་ལོ་སྐུའི་དཀྱིལ་འཁོར་ལ་གནས་པའི་ཚེས་ལྷ་སུམ་བརྒྱ་དྲུག་ཅུའི་རང་བཞིན་ཡིན་ལ། སོར་ཚིགས་རྣམས་ནི་ཀླུ་བཅུ་དང་གཏུམ་མོ་བཅུ་སྟེ་བ་སྤུ་རྣམས་ནི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞིའི་རང་བཞིན་ནོ། །འདོད་པ་དང་མི་འདོད་པའི་རྟོག་པ་ཀུན་ནི་གསུང་དཀྱིལ་གྱི་འདོད་མ་སོ་དྲུག་སྐུ་དཀྱིལ་གྱི་མི་འདོད་མ་སོ་དྲུག་མཆོད་པའི་ལྷ་མོ་བཅུ་གཉིས་དང་བཅས་པའི་རང་བཞིན་ཡིན་ལ། མདོར་ན་རྩ་ཁམས་ཐབས་ཤེས་རབ་ཀྱི་དབྱེ་བས་སྟོང་དང་བརྒྱད་ཅུའོ། །གཉིས་པ་ནི། དཔལ་ལྡན་འཁོར་ལོ་སྡོམ་པ་དང་སྦྱར་བ་ནི། རྩ་གསུམ་བདུད་བྲལ་དང་བཅས་པ་ནི་གཙོ་བོ་ཡབ་ཡུམ་སྙིང་གར་ཕྱོགས་ཀྱི་རྩ་བཞི་ཡུམ་བཞི། མཚམས་ཀྱི་རྩ་བཞི་མཆོད་པ་བཞི། རྩ་ཆེན་ཉེར་བཞི་ནི་རྣལ་འབྱོར་མ་རབ་གཏུམ་མ་ལ་སོགས་ཉེར་བཞི་ཡིན་ཞིང་དེ་ནང་གི་ཁམས་རྣམས་ནི་ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོར་གསུངས་ལ་ཁྭ་གདོང་ལ་སོགས་པའི་སྒོ་མཚམས་མ་བརྒྱད་ནི་ཁྲོ་བོ་བཅུའི་རང་བཞིན་ཡིན་ཏེ་དེ་རྣམས་ནི་རྩ་རྒྱུད་སྡོམ་བྱུང་གི་ལྷའོ། །རྩ་ཉེར་བཞི་པོ་རྣམས་ལ་ཐིམ་པ་དང་ལོངས་སྤྱོད་བདག་པོའི་དབྱེ་བའི་ཕྱིར་ལྷ་བདུན་ཅུ་རྩ་གཉིས་ཀྱི་རང་བཞིན་སྡོམ་ཆེན་གྱི་ལྷ་གྲངས་སོ། །འཁོར་ལོའི་རྩ་འདབ་བརྒྱ་དང་ཉི་ཤུ་རྣམས་ནི་ལྷ་རུ་བཤད་རྒྱུད་རྡོ་རྗེའི་མཁའ་འགྲོ་དང་ངེས་བརྗོད་བླ་མར་གསུངས་སོ། །གསུམ་པ་ནི། དཔལ་ལྡན་འདུས་པ་དང་སྦྱར་བ་བཤད་པར་བྱ་བ་ནི། ཕུང་པོ་སངས་རྒྱས་ལྔ་ཡིན་ཏེ། ཁམས་བཞི་རེག་བཅས་ལྷ་མོ་ལྔ། །མིག་གཉིས་ས་ཡི་སྙིང་པོ་སྟེ། །རྣ་བ་ཕྱག་ན་རྡོ་རྗེའོ། །སྣ་ནི་ནམ་མཁའི་སྙིང་པོ་སྟེ། ལྕེ་ལ་བཞུགས་པ་འཇིག་རྟེན་དབང་། ཡིད་ནི་འཇམ་དཔལ་ཁམས་རྣམས་ལ། སྒྲིབ་སེལ་ཡིན་ཏེ་ལུས་ལ་ནི། ཀུན་ཏུ་བཟང་པོ་ཉིད་ཅེས་བྱ། །རྩ་རྒྱུས་བྱམས་པ་ཉིད་ཡིན་ནོ། །སེམས་དཔའ་དེ་བརྒྱད་ཀྱི་རོ་མཉམ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་བཞི་དང་ཉེ་བའི་གཟུགས་རྡོ་རྗེ་མ་ལ་སོགས་པ་བཞི་ཡིན་པར་གཉིས་མེད་རྣམ་རྒྱལ་ཆེན་པོ་ལས་གསུངས་ལ། །ཡན་ལག་གི་ཚོགས་དང་ཁ་དང་གསང་བ་ནི་ཁྲོ་བོ་བཅུའི་རང་བཞིན་ཏེ་རྩ་རྒྱུད་ཀྱི་ལྷའོ། །ལྟེ་བར་ལས་ཀྱི་རིགས་སྐྱེས་པ། མཁྱེན་དང་གཏུམ་སོགས་ལྷ་མོ་ནི། དྲུག་ཅུ་རྩ་བཞི་གསུངས་པ་ཡིན། རྡོ་རྗེ་དབྱིངས་སོགས་སྙིང་གར་དགུ། རྡོ་རྗེའི་རིགས་སུ་གསུངས་པ་སྟེ། པད་མའི་སྒྲོལ་མ་སོགས་བཅུ་དྲུག །མགྲིན་པར་པད་མའི་རང་བཞིན་ལ། སྤྱི་བོར་རབ་ཏུ་སད་ལ་སོགས། འཁོར་ལོའི་རིགས་ལྡན་སུམ་ཅུ་གཉིས། རྒྱས་པར་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་སོ། །བཞི་པ་ནི། དེ་སོགས་དཀྱིལ་འཁོར་དུ་མ་རྣམས། རྐྱང་པ་ཕྱོགས་རེའི་ཆ་ལྡན་པ། གསུངས་པ་ཐམས་ཅད་འདིར་འདུས་ཏེ། དཔེར་ན་དགྱེས་རྡོར་ལྷ་དགུ་ནི། སྙིང་གའི་འཁོར་ལོ་རྐྱང་ཡིན་ཞིང་། ཐམས་ཅད་ལུས་ཀྱི་རྩ་རླུང་ཡིན། ཞེས་སོ། །གསུམ་པ་མཇུག་བསྡུ་བ་ནི། མདོར་བསྡུ་ན་རྩ་རྣམས་ནི་སྐུ་དང་བསྐྱེད་པའི་རིམ་པ་ཡིན་ལ་རླུང་རྣམས་ནི་སྔགས་དང་ཡི་གེ་དང་ཐིག་ལེ་ནི་ཕྲ་མོའི་རྫོགས་རིམ་སྟེ། སྔར་བསྟན་པའི་ཆོས་ཐམས་ཅད་ཀྱི་གནས་ཚུལ་བདེན་པ་གཉིས་བརྟེན་ནས་རྩ་རླུང་ཐིག་ལེ་སེམས་ཀྱི་རིམ་པར་འཆར་བ་རྣམས་ཀྱང་ཡང་དག་པའི་དོན་དུ་ན་བཟོད་མ་ནས་དྲི་མས་མ་གོས་པའི་ངོ་བོར་སྟོན་པ་ཡིན་ལ་དེའི་ཕྱིར་ཆོས་རྣམས་ཀྱི་རང་རང་གི་གནས་ལུགས་ཤེས་པ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་མཆོག་ཡིན་ནོ། །དེ་བཞིན་སྦྱིན་སྲེག་ལ་སོགས་པའི་ལས་རབ་འབྱམས་ཀུན་ཀྱང་ནང་གི་སྦྱང་གཞི་སྦྱོང་བྱེད་ཉིད་ཡིན་ལ། དེས་ན་འདིར་ནི་ཕྱོགས་ཙམ་བརྗོད་པ་ཡིན་གྱི། རྒྱས་པར་ན་སྔ་མ་དེ་བཞིན་དུ་ས་དང་ལམ་དང་གཟུངས་དང་ཏིང་ངེ་འཛིན་རབ་འབྱམས་ཐམས་ཅད་ལྷ་སྔགས་ཀྱི་རིམ་པར་ལུས་ཀྱི་གནས་ལུགས་དང་སེམས་ཀྱི་སྣང་བའི་དབྱེ་བ་ལ་བརྟེན་ནས་ཐམས་ཅད་གཟིགས་པས་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསུངས་སོ། །ཟབ་མོ་ནང་གི་དོན་སྣང་བར་བྱེད་པ་ལས་ཆོས་ཀྱི་སྦྱང་གཞི་དང་སྦྱོང་བྱེད་བསྟན་པ་སྟེ་དགུ་པའོ། །བཅུ་པ་ལམ་གྱི་རིམ་པ་བསྟན་པ་ལ། གསུམ་ལས། དང་པོ་མདོར་བསྟན་པ་ནི། གསང་སྔགས་ཀྱི་ལམ་གྱི་རང་བཞིན་དེ་ལྟར་བསྟན་ནས་ལམ་དེ་སྒྲུབ་པའི་ཚུལ་ནི། རྩ་རླུང་ཐིག་ལེ་གསུམ་སེམས་ཀྱི་ཆ་ལས་སྣང་ཞིང་དེ་དག་གི་གནད་བཅིངས་ན་སེམས་ཀྱང་གྲོལ་བར་འགྱུར་བས། དེ་ཕྱིར་འདི་དོན་གནད་འཆིང་བ་ལམ་རིམ་ཀུན་ལས་ཁྱད་པར་དུ་འཕགས་པ་རྡོ་རྗེ་ཐེག་པའི་ལམ་མོ། །གཉིས་པ་རྒྱས་པར་བཤད་པ་ལ། ཐུན་མོང་གི་ལམ་དང་། ཐུན་མོང་མ་ཡིན་པའི་ལམ་གཉིས། དང་པོ་ལ། ཉན་ཐོས། རང་རྒྱལ། བྱང་སེམས་གསུམ། དང་པོ་ནི། ལྟ་བ་གང་ཟག་གམ་བདག་མེད་པ་ལ་དམིགས་ནས་ལམ་བསླབ་པ་གསུམ་ལ་ཞུགས་ཏེ་ཉེ་བར་ཞི་བ་གནས་སྐབས་ཀྱི་མྱང་འདས་ཙམ་མངོན་དུ་བྱེད་པ་ཡིན་ལ། དེ་ཡང་བགྲོད་པ་མྱུར་བ་ནི་རྒྱུན་ཞུགས་ཀྱི་འབྲས་བུ་ནས་ཁམས་གསུམ་གྱི་ཉོན་མོངས་རྣམས་ཅིག་ཅར་དུ་སྤངས་ནས་ཚེ་གཅིག་ལ་མྱང་འདས་ཐོབ་པ་དང་། རྒྱུན་ཞུགས་དབང་འབྲིང་འདོད་པར་སྲིད་པ་ལེན་གཉིས་སམ་གསུམ་བླངས་ནས་དེ་མཐར་ཐོབ་པ་དང་། རྒྱུན་ཞུགས་དབང་རཏལ་མགོར་ན་ཡང་སྲིད་པ་ལན་བདུན་འདོད་ཁམས་སུ་བླངས་པའི་མཐར་རྟེན་དེ་ལས་མྱ་ངན་འདའ་བ་ཡིན་ལ། དེ་ལྟར་ལམ་མྱུར་བུལ་གྱི་ཁྱད་པར་ཕྱིར་འོང་ཕྱིར་མི་འོང་རྣམས་ལ་ཡང་སྦྱར་དུ་ཡོད་ཅིང་། དེ་རྣམས་ནི་རང་དོན་ཞི་བ་ཙམ་ཡིན་ནོ། །གཉིས་པ་ནི། རང་རྒྱལ་གྱི་རིགས་ཅན་རང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་གང་ཟག་མེད་པའི་སྟེང་དུ་གཟུང་བ་རང་བཞིན་མེད་པར་རྟོགས་ལ་ལམ་གྱི་མཐར་སློབ་དཔོན་ལ་མ་བརྟེན་པར་བྱང་ཆུབ་མངོན་དུ་བྱེད་པ་སྟེ། ཚོགས་སྤྱོད་ཆུང་ངུ་བསྐལ་པ་ཉི་ཤུ། ཚོགས་སྤྱོད་ཆེན་པོ་བསྐལ་པ་ལྔ་བཅུ། བསེ་རུ་ལྟ་བུ་བསྐལ་པ་བརྒྱར་ཚོགས་བསགས་པས་མྱང་འདས་འགྲུབ་པ་ཡིན་ལ་དབང་པོ་རཏལ་འབྲིང་རྣོ་གསུམ་མོ། །གསུམ་པ་ནི། སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པའི་སེམས་བསྐྱེད་བླ་ན་མེད་པའི་བྱང་ཆུབ་སེམས་དཔའ་རྣམ་ནི་བསྐལ་ཆེན་གྲངས་མེད་གསུམ་དུ་རིམ་པས་མོས་སྤྱོད། མ་དག་ས་བདུན། དག་པ་ས་གསུམ་རྣམས་བགྲོད་ནས་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ནོ། །གཉིས་པ་ལ། རྒྱུད་སྡེ་བཞིའི་དུས་ཀྱི་ཁྱད་པར། ལམ་དངོས་བཤད་པའོ། །དང་པོ་ནི། སྔགས་ཀྱི་ཐེག་པ་འདིར་ནི་ཐབས་ཀྱི་ཕ་རོལ་ཏུ་སའི་ཁྱད་པར་གྱིས་འཕགས་ཏེ། ཕ་རོལ་དུ་ཕྱིན་པའི་ལམ་གྱི་རང་བཞིན་དེ་ལ་བྱ་སྤྱོད་ཀྱི་ཚུལ་གྱི་ཐབས་མཁས་ཙམ་གྱིས་ཟིན་ཅིང་ལྡན་ཡང་ཚེ་ལོ་བརྒྱ་པའི་མི་ཚེ་དྲུག་ཅུ་སྟེ་དྲུག་སྟོང་ན་མཆོག་འགྲུབ་པར་གསུངས་ལ། རྣལ་འབྱོར་རྒྱུད་ཀྱི་ཐབས་མཁས་དང་ལྡན་པས་མི་ཚེ་བཅུ་དྲུག་སྟེ་ལོ་སྟོང་དྲུག་བརྒྱ་ན་མ་ཆགས་པདྨ་ཅན་གྱི་གོ་འཕང་ཐོབ་པ་ཡིན་ནོ། །རྣལ་འབྱོར་བླ་ན་མེད་པའི་ཐབས་ཀྱི་ཟིན་པས་ཚེ་གཅིག་ལུས་གཅིག་གིས་བརྩོན་འགྲུས་དང་ལྡན་པ་ནི་ངེས་པར་སངས་རྒྱས་འགྲུབ་པར་འགྱུར་རོ། །གཉིས་པ་ལ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་པའི་ལམ་དང་ལྔ་ལས། དང་པོ་ནི། དཔལ་ལྡན་བླ་མ་ལས་དབང་དབང་ཐོབ་ཅིང་སྐྱེད་རྫོགས་ཀྱི་ཚུལ་ལེགས་པར་ཤེས་ནས་མོས་པས་སྒྲུབ་པ་ནི་ཚོགས་ལམ་སྟེ། ཚོགས་ལམ་ཆེན་པོའི་མཚན་ཉིད་ཀྱང་དེ་ལ་ཚང་ངོ་། །གཉིས་པ་ནི། རྩ་རླུང་ཐིག་ལེ་འཆིང་བའི་གནད་ཤེས་ནས་རྩེ་གཅིག་ཏུ་སྒྲུབ་པ་ནི་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་གནས་པ་སྟེ་རིམ་པས་དྲོད་ཐོབ་པ་ཡིན་ལ་མཐོང་ལམ་ལ་སྦྱོར་བའི་ལམ་ཉིད་ལ་གནས་པ་ཡིན་ནོ། །དྲོད་ཆེན་པོ་ཐོབ་པ་དེའི་ཚེ་འདོད་ན་རིག་པ་རཏལ་ཞུགས་ཀྱི་སྤྱོད་པ་དང་མི་འདོད་ན་སྤྲོས་མེད་ཀྱི་སྤྱོད་པས་སྦྱོར་ལ མ་བསྒྲོད་ནས་མཐོང་བར་སྦྱོར་ལ་འདི་ནི་སོ་སོར་སྡུད་པ་དང་བསམ་གཏན་བཞི་དང་ལྡན་པའི་ལམ་ཡིན་ཏེ་ཚོགས་དྲུག་གི་གཏུམ་མོའི་རྩ་ནི་སྦྱང་བ་ཞེས་ཀྱང་བཤད་དོ། །བསམ་གཏན་ཡན་ལག་དང་བཅས་པ་རྫོགས་པ་ཡིས་རྡོ་རྗེའི་མིག་ལ་སོགས་པའི་མངོན་པར་ཤེས་པ་ལྔ་ཐོབ་པར་གསུངས་ཤིང་ལམ་གྱི་གནས་སྐབས་སུ་རྣམ་པར་དག་པས་སྐུའི་དཀྱིལ་འཁོར་དུ་ཞུགས་ཞེས་བྱའོ། །གསུམ་པ་ནི། དེ་ནས་སྲོག་རྩོལ་གཅིག་ཏུ་སྦྱོར་བ་དང་ལྡན་པས་མཐོང་ལམ་ནི་སྦྱོར་བར་བྱེད་ལ་རྟག་ཏུ་བྱང་སེམས་འཛིན་པའི་སྟོབས་ཀྱིས་ནི་རྡོ་རྗེ་སེམས་དཔའ་མཐོང་ལམ་གྱི་ངོ་བོར་ཡང་དག་པར་འཇུག་ཅིང་། དུས་སྦྱོར་བཅུ་གཉིས་ཀྱི་རླུང་འཆིང་བར་ནུས་པས་ལམ་གྱི་ཚེ་རླུང་གི་རྣལ་འབྱོར་ཞེས་བྱ་ཞིང་གསུང་གི་དཀྱིལ་འཁོར་དུ་ཞུགས་པའོ། །བཞི་པ་ལ། སྒོམ་ལམ་གྱིས་ངོ་བོ། མཐོང་སྒོམ་གྱི་རླུང་འགག་ཚུལ་གཉིས། དང་པོ་ནི། སྤྲོས་མེད་ཀྱི་སྤྱོད་པའམ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པས་ཤེས་རབ་ཀྱི་ཆགས་པ་རྗེས་སུ་དྲན་པའི་ཡན་ལག་དྲུག་གམ་བཅུ་སྦྱང་བར་བྱས་ནས་མཆོག་ཏུ་མི་འགྱུར་བའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ལ་དངོས་སུ་སྦྱོར་བ་ནི། ལྟེ་བ། ལས་ཉོན། བདུད་ཀྱི་ཕྱོགས་གསུམ་ལས་རྣམ་པར་རྒྱལ་བའི་སྤྱོད་པས་འགྲུབ་སྟེ་ཚར་གཅོད་རྗེས་འཛིན་གྱིས་གཞན་དོན་སྒྲུབ་པའི་ཚོགས་ཀྱི་སྤྱོད་པ་ཆེན་པོ་དང་བཅས་པ་སྟེ་ལམ་དུས་ཀྱི་ཐུགས་སམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས་པའོ། །གཉིས་པ་ནི། དང་པོ་བརྒྱ་ཕྲག་བཅོ་བརྒྱད་དེ། དུས་སྦྱོར་གཅིག་གི་རླུང་དང་རྟོག་པ་ཐིག་ལེ་ལྷན་ཅིག་དུ་དུང་ཅན་གྱི་མར་སྣར་འགག་ཅིང་དག་པ་དེ་ནི་འཇིག་རྟེན་པའི་ལམ་མོས་སྤྱོད་ཀྱི་གནས་སྐབས་ས་དང་པོའོ། །གནས་སྐབས་གཉིས་པར་དུས་སྦྱོར་གཅིག་གི་རླུང་དང་ཐིག་ལེ་ལྷན་ཅིག་ཏུ་གསང་བར་འགག་པ་ནི་མཐོང་བའི་ལམ་མོས་སྤྱོད་ལ་ལྟོས་པའི་ས་གཉིས་པ་རབ་ཏུ་དགའ་བ་ཐོབ་པོ། དུས་སྦྱོར་དེ་གཉིས་འགགས་པའི་ཚེ་སྐྱེ་ཤིའི་རྒྱུ་མ་རིག་པ་དང་འདུ་བྱེད་གཉིས་འགག་གོ །གསུམ་པར་གསང་བ་དེ་ཉིད་དུ་དུས་སྦྱོར་གཅིག་དག་པས་ས་གསུམ་པ་དྲི་མ་མེད་པ་ཐོབ་ལ། དེ་བཞིན་དུ། ལྟེ་བར་དུས་སྦྱོར་གཉིས་དག་པས་ས་བཞི་པ་དང་ལྔ་པ་སྙིང་གར་དུས་སྦྱོར་གཉིས་དག་པས་ས་དྲུག་པ་དང་བདུན་པ། མགྲིན་པར་དུས་སྦྱོར་གཉིས་དག་པས་ས་བརྒྱད་པ་དགུ་པ། སྤྱི་བོར་དུས་སྦྱོར་གཉིས་དག་པས་ས་བཅུ་པ་དང་བཅུ་གཅིག་པ་ཆོས་ཀྱི་སྤྲིན་ཐོབ་པར་བཤད་ལ། དུས་ཀྱི་འཁོར་ལོར། འཁོར་ལོ་དྲུག་གི་འཁོར་ལོ་རེ་རེར་དུས་སྦྱོར་གཉིས་གཉིས་དག་པར་གསུངས་པ་ནི་རགས་པའི་དབང་དུ་མཛད་པ་ཡིན་པས་འདི་གཉིས་ཀྱང་མི་འགལ་ལོ། །ལྔ་པ་ནི། དེ་ནས་གཙུག་གཏོར་དུ་དུས་སྦྱོར་གཅིག་གི་རླུང་འགགས་པས་དེ་ཚེ་སངས་རྒྱས་ཀྱི་ས་ཐོབ་པར་གསུངས་ལ། དུས་སྦྱོར་བཅུ་གཉིས་འགག་པ་དང་དུས་མཉམ་པར་རྟེན་འབྲེལ་བཅུ་གཉིས་འགག་པ་དང་མས་བརྟན་གྱི་དགའ་བ་བཅུ་དྲུག་མཐར་སོན་པ་ཡིན་ཞིང་། སྟོང་པ་བཅུ་དྲུག་དབྱེར་མེད་དུ་འགྲུབ་པར་ཡེ་ཤེས་ཀྱི་རླུང་བསྡོམས་པའི་ལོ་གསུམ་ཟླ་ཕྱེད་གསུམ་དག་པས་ཡེ་ཤེས་ཀྱི་སྐུ་ཉིད་འགྲུབ་པ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། རྩ་རླུང་ཐིག་ལེ་རྣམ་གསུམ་གྱི་འཆིང་ཚུལ་བསྡུས་ན་སྦྱོར་དྲུག་ཏུ་འདུས་ལ་དེ་མཐར་ཕྱིན་པའི་འབྲས་བུ་ནི་སངས་རྒྱས་ཉིད་ཡིན་ཞིང་ལམ་དང་འབྲས་བུ་དེའི་དབྱེ་བ་དཔག་ཏུ་མེད་ཀྱང་འདིར་མ་བརྗོད་ལ། ཡེ་ཤེས་རིམ་པ་ཐམས་ཅད་ཀྱང་སྔ་མའི་སྦྱང་གཞི་རྣམ་ཤེས་ཚོགས་བརྒྱད་སོགས་དང་མཚུངས་པར་ཐོབ་པ་ཡིན་ནོ། །ཟབ་མོ་ནང་གི་སྣང་བར་བྱེད་པ་བཤད་པ་ལས་ལམ་གྱི་རིམ་པ་དང་སྦྱར་བ་སྟེ་བཅུ་པའོ། །བཅུ་གཅིག་པ་དེ་རྣམས་འཇིག་ཅིང་བསྡུད་པའི་ཚུལ་བཤད་པ་ལ་གསུམ་ལས། དང་པོ་མདོར་བསྟན་པ་ནི། དེ་ནས་རྫོགས་རིམ་གྱི་སྦྱང་གཞི་ངོ་ཤེས་པ་དང་སྣོད་བཅུད་དང་ཐམས་ཅད་མི་རྟག་པ་སྒྱུ་མ་ལྟ་བུར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ལུས་ཀྱི་རྩ་རླུང་ཐིག་ལེ་རྣམས་སྡུད་པའི་རིམ་པ་གསལ་བར་བཤད་པར་བྱ་ལ། དེ་ཡང་ཡེ་ཤེས་ཀྱི་རྣལ་འབྱོར་གྲུབ་པ་དང་རྫས་སྔགས་ཀྱི་ནུས་པ་དང་ལྡན་པ་རྣམས་ལ་ནི་འདི་ལྟའི་ངེས་པ་མེད་དེ། སྔ་མ་ནི་སེམས་ལ་དབང་ཐོབ་པའི་ཕྱིར་དང་སྔགས་དང་རྫས་ཀྱི་ནུས་པ་ཡང་བསམ་གྱི་མི་ཁྱབ་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། རྩ་བསྡུད་པའི་རིམ་པ་རླུང་གི་འཆི་ལྟས། ཐིག་ལེ་འགག་པའི་རིམ་པ། ཞར་ལ་རྣམ་ཤེས་འཕོ་བའི་ངེས་པ་བསྟན་པ་དང་བཞི། དང་པོ་ལ། རྩ་ཕལ་པ། འཁོར་ལོ་བཅོ་བརྒྱད་ཀྱི་རྩ། རྩ་ཆེན་ཉེར་བཞི་སྡུད་པའི་ཚུལ་དང་གསུམ། དང་པོ་ནི། བྱིས་པ་ཐ་མལ་པའི་རྡོ་རྗེའི་ལུས་འདི་ལ་དབུ་མ་སྐྱེས་ནས་ལོ་གཅིག་བར་དུ་ནི་རྩ་ཐམས་ཅད་སྐྱེད་པར་བྱེད་པ་སྟེ། དེ་ནས་ནི་ཞག་རེ་རེ་ལ་རྩ་གཉིས་གཉིས་ཀྱི་ནུས་པ་སྐམ་པ་སྟེ་རྩ་ཕྱི་མ་ཕྱི་མས་འཕྲོག་པར་བཤད་པ་ཡིན་ནོ། །ཚུལ་དེ་ལྟ་བུས་ལོ་བརྒྱ་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྡུད་པ་ནི་རགས་པའི་རིམ་པའོ། །དུས་འཁོར་ལྟར་ཞིབ་པར་བརྩིས་ན། ལོ་ནི་དགུ་བཅུ་གོ་དྲུག་དང་ཟླ་བ་ཕྱེད་དང་བཅུ་གཅིག་གི བར་དུ་ཕྲ་བའི་རྩ་ཀུན་སྡུད་པ་སྟེ། རྩ་ཕྲ་མོ་དྲུག་ཁྲི་དགུ་སྟོང་བདུན་བརྒྱ་དང་ལྔ་བཅུ་ཡོད་པ་ལས་ཉིན་ཞག་རེ་ལ་རྩ་གཉིས་གཉིས་སྡུད་པའི་ཕྱིར་རོ། །གཉིས་པ་ནི། དེའི་འོག་ཏུ་ལོ་གསུམ་ཕྱོགས་གསུམ་ལ་རྩ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་པོ་སྡུད་པར་འགྱུར་ཏེ། དེ་ཡང་ཚིགས་ཆེན་གྱི་འཁོར་ལོའི་རྩ་སུམ་བརྒྱ་དྲུག་ཅུ་རྣམས་ནི་ཞག་གསུམ་གསུམ་ན་རེ་རེ་སྐམ་ཞིང་སོར་ཚིགས་ཀྱི་རྩ་ཡང་དེ་དང་མཉམ་ལ། ལྟེ་བར་ཁྱིམ་བཅུ་གཉིས་ཀྱི་རྩ་དྲུག་ཅུ་ནི་དུས་སྦྱོར་གྱི་རླུང་གི་ནུས་པ་དང་མཚུངས་པར་སྡུད། སྤྱི་བོར་ཟླ་རྐང་གི་རྩ་བཅུ་བཞི་ནི་ཞག་བཅོ་ལྔར་སྡུད། མགྲིན་པར་རྩ་སུམ་ཅུ་ལས་རྒྱུ་སྐར་གྱི་རྩ་ཉེར་བརྒྱད་ནི་ཟླ་བ་གཅིག་ལ་སྡུད། གསང་བའི་རྩ་སོ་གཉིས་ཀྱང་དེ་དང་མཚུངས་པར་སྡུད། སྙིང་གའི་རྩ་བརྒྱད་ཞག་བརྒྱད་ཀྱི་ནང་དུ་འདོར་ལ། དེ་ལྟར་སྤྱི་བོར་རྩ་འདབ་སོ་གཉིས། མགྲིན་པར་བཅུ་དྲུག སྙིང་ཁར་བརྒྱད། གསང་བར་སོ་གཉིས། ལྟེ་བར་རྩ་བའི་བཞི་དེ་ལས་གྱེས་པ་བརྒྱད་དེ་ལས་གྱེས་པ་དྲུག་ཅུ་སྟེ་ཀུན་ལ་དོན་གཉིས་ཏེ་ཐམས་ཅད་བསྡོམས་པས་འཁོར་ལོའི་རྩ་བརྒྱ་དྲུག་ཅུ་གཙུག་ཏོར་གྱི་རྩ་བཞི་དང་བཅས་པ་རྣམས་ཀྱིས་ནི་དབུ་མའི་ཆ་མ་གཏོགས་པ་རྣམས་འདོར་བའི་ཚུལ་ཡིན་ལ། ལྟེ་བའི་རྩ་འདབ་ལ་བཞི་བཅུ་གཉིས་དྲུག་ཅུའི་རིམ་པས་བཀོད་པ་དང་བཞི་བརྒྱད་དྲུག་ཅུའི་རིམ་པས་འགོད་པ་སྟེ་འགྲེལ་ཆེན་དྲི་མེད་འོད་ལས་ལུགས་གཉིས་ཀ་དགོས་པའི་དབང་གིས་སོ་སོར་བཤད་དོ། །གསུམ་པ་ནི། རྩ་ནི་ཉི་ཤུ་རྩ་བཞི་པོ་རེ་རེ་ལ་རྩ་ཆེན་དྲུག་ཅུ་དྲུག་ཅུ་ལས་དབུ་མའི་ཆ་ཉེར་བཞི་མ་གཏོགས་པ་རྣམས་ལྟེ་བ་དང་མཚུངས་པར་ལོ་གསུམ་གྱི་སྡུད་ལ་ཉེར་བཞི་པོ་དེ་ལ་ཐིམ་དང་ལོངས་སྤྱོད་བདག་པོ་གསུམ་གྱིས་ཕྱེ་བ་ཡིས་རྩ་བའི་རྩ་བདུན་ཅུ་རྩ་གཉིས་པོ་ནི་ཕྱོགས་གསུམ་གྱི་ནང་དུ་སྡུད་པ་ཡིན་ནོ། །དེ་ལྟར་འཁོར་ལོའི་རྩ་ཆེན་རྣམས། བསྐམས་ཏེ་རླུང་རྣམས་མི་རྒྱུ་བ། དེ་ལས་ཞག་གཅིག་ནས་རྣམ་ཤེས་ཕ་རོལ་ཏུ་འཕོ་ལ་དེའི་ཚེའི་དབུ་མའི་ཆའི་རྩ་སོ་དྲུག་ཞག་གཅིག་ལ་འདོར་བའོ། །གཉིས་པ་རླུང་གི་འཆི་ལྟས་བསྟན་པ་ལ། སྤྱིར་རླུང་བཅུ་སྡུད་པའི་རིམ་པ། དབུ་མའི་དུས་དང་དུས་མ་ཡིན་པའི་འཆི་ལྟས། གཡས་མའི་འཆི་ལྟས། གཡོན་ཟླ་བའི་འཆི་ལྟས། དེ་དག་གི་ངེས་པ་བསྟན་པ་དང་ལྔ། དང་པོ་ནི། རླུང་གི་སྡུད་རིམ་བསྟན་པ་ནི་རྩ་བ་དང་ཡན་ལག་གི་རླུང་བཅུ་མངལ་དུ་ཟླ་བ་བཅུ་ནས་རྫོགས་ཏེ་ཕྱིར་སྐྱེས་ནས་ལོ་བརྒྱའི་དུས་སུ་འཆི་བ་གང་ཡིན་པ་དེ་ནི་ལོ་ནི་བཅུ་བཅུའི་མཚམས་སུ་རིམ་པ་ལྟར། ནོར་རྒྱལ་ལྷ་སྦྱིན་རྩངས་རུས་སྦལ། །ཀླུ་དང་ཁྱབ་བྱེད་མཉམ་གནས་དང་། །གྱེན་རྒྱུ་ཐུར་སེལ་སྲོག་རླུང་གི སྟོབས་རྣམས་གཅིག་ལ་གཅིག་ཐིམ་པར། །འགྱུར་ཞེས་རྡོ་རྗེ་ཕྲེང་བར་གསུངས། གཉིས་པ་ནི། རྒྱས་པར་དུས་ཀྱི་འཁོར་ལོ་ལས་འབྱུང་བའི་ཚུལ་ནི། སྐྱེས་བུ་རང་དབུགས་ཀྱི་ཚེ་ལོ་བརྒྱ་གང་ཡིན་པ་དེ་ལ། དབུ་མ་སྐྱེས་ནས་རགས་པར་ལོ་གཅིག་དང་ཕྲ་བར་ཞག་གཅིག་གི་བར་དུ་དུས་སྦྱོར་རླུང་གྲངས་ཀུན་མཉམ་པར་རྒྱུ་བ་ཡིན་ནོ། །གཡོན་གྱི་དུས་སྦྱོར་ལ་སྐྱེས་པ་ཞིག་གི་དབང་དུ་བྱས་ཏེ། དེ་ནས་བགྲོད་པ་གསུམ་པ་ལ་ནམ་མཁའི་དཀྱིལ་འཁོར་དུ་འཆི་ལྟས་ཡེ་ཤེས་ཀྱི་རླུང་དབུགས་གཅིག་གི་རྒྱུ་བ་ལྷག་པ་རུ་འཕེལ་ཞིང་བགྲོད་པ་བཞི་པའི་ཚེ་འཕེལ་འགྲིབ་མེད་དོ། །ལོ་གཉིས་པ་ལ་སའི་རླུང་དུ་སྣ་གཡས་པར་འཆི་ལྟས་ཀྱི་རླུང་གཉིས་འཕེལ་བ་ཡིན་ནོ། །དེ་ལྟར་སྣ་གཡས་གཡོན་རེ་མོས་རླུང་རེ་རེ་འཕེལ་བས་ཕྱོགས་གསུམ་གྱིས་མ་ཚང་བའི་ལོ་བདུན་ན་དབུགས་དྲུག་སྟེ་ཆུ་སྲང་གཅིག་འཕེལ་བར་འགྱུར་ལ་དེ་ནས་ནི་གཡོན་དང་གཡས་སུ་རིམ་པ་བཞིན་ལོ་རེ་ལ་ཆུ་སྲང་རེ་རེ་འཕེལ་བས་ལོ་དྲུག་ཅུ་རྩ་བདུན་ལོན་ནས་ནི་ཆུ་ཚོད་གཅིག་ཏུ་འགྱུར་ལ་སྣ་གཡོན་པའི་མཁའ་རླུང་ནས་རྒྱུའོ། །དེ་ནས་བགྲོད་པ་རེ་རེ་བཞིན་རེ་རེ་འཕེལ་བས་ལོ་ནི་སུམ་ཅུའི་བར་དུ་དབྱུག་གུ་རེ་རེ་འཕེལ་ལོ། །དེ་ལྟར་གཡོན་དང་གཡས་པ་རིམ་པ་བཞིན། མཁའ་དང་ས་རླུང་གནས་དེར་འབྱུང་། ཞེས་དང་། དེ་ལྟར་ལོ་དགུ་བཅུ་གོ་དྲུག་དང་ཟླ་བ་ཕྱེད་དང་བཅུ་གཅིག་ལོན་ནས་སྣ་གཡོན་དུ་ནི་ནམ་མཁའི་རང་བཞིན་གྱི་རླུང་ཞིག་གཅིག་རྒྱུ་ལ། དེ་ལས་ལོ་གསུམ་ཕྱོགས་གསུམ་ན། འཕོ་བར་འགྱུར་བས་ལོ་བརྒྱ་ཡིན། གཡས་ཀྱི་དུས་སྦྱོར་ལ་སྐྱེས་པ་ཡང་འདི་དང་མཚུངས་པར་སྦྱར་རོ། །གཉིས་པ་ནི། ད་ནི་ལོ་གསུམ་ཕྱོགས་གསུམ་གྱིས། དབུ་མའི་འཆི་ལྟས་ངེས་པ་ནི་བཤད་པར་བྱ་སྟེ། །ལོ་གསུམ་ཕྱོགས་གསུམ་གྱི་ཟླ་བ་སོ་བདུན་ཕྱེད་བཅས་ལ་འཆི་ལྟས་ཀྱི་ཞག་གི་འཕེལ་བ་ནི་སོ་གསུམ་སྟེ། དེ་ཡང་དག་པར་ན་སོ་བཞི་ཕྱེད་བཅས་ཀྱི་ཞག་གྲངས་ལ་འཆི་ལྟས་ཞག་རེ་རེ་འཕེལ་བར་འགྱུར་བས་ཞག་སུམ་ཅུའི་བར་དུ་འཕེལ་བར་བཤད་དོ། །ཞིབ་པར་བརྩིས་ན་སྐབས་འདིར་ལྟེ་བའི་ཁྱིམ་གྱི་ཕྱི་རིམ་ལ་རྩ་དྲུག་ཅུ་བར་རིམ་ལ་དུས་སྦྱོར་བཅུ་གཉིས་ཀྱི་རྩ་བའི་རྩ་བཅུ་གཉིས་ནང་རིམ་ལ་དབུ་མའི་རྩ་བཞི་ཡོད་པའི་དྲུག་ཅུ་པོ་ལ་གཡོན་ནས་ལུག་དང་འཁྲིག་པ་སོགས་མི་མཉམ་པའི་ཁྱིམ་དྲུག གཡས་ནས་གླང་དང་ཀརྐ་ཊ་སོགས་མཉམ་པའི་ཁྱིམ་དྲུག་ཏུ་རྒྱུ་བ་ལ། དང་པོར་གཡོན་དུ་ཞག་སོ་བཞི་ཕྱེད་བཅས་ལ་འཆི་ལྟས་ཀྱི་ནམ་མཁའི་རླུང་ཞག་གཅིག་འཕེལ་བ་དང་། དེ་ནས་སོ་གསུམ་ཕྱེད་བཅས་ལ་འཆི་ལྟས་ཀྱི་ནམ་མཁའི་རླུང་ཞག་གཅིག་འཕེལ་བ་དང་། དེ་ནས་སོ་གསུམ་ཕྱེད་བཅས་ལ་གཡས་སུ་ས་རླུང་ཞག་གཉིས་འཕེལ་བ་དང་། དེ་ནས་སོ་གཉིས་ཕྱེད་བཅས་ལ་གཡོན་དུ་མཁའ་རླུང་ཞག་གསུམ་འཕེལ་བ་ནས་མཐར་ཞག་ཕྱེད་དང་དྲུག་ལ་གཡས་སུ་མཁའ་རླུང་ཞག་སུམ་ཅུ་འཕེལ་བའི་རིམ་པ་ལྟར་འཆི་ལྟས་ཀྱི་རླུང་ཞག་རེ་རེ་འཕེལ་ཞིང་འཚོ་བའི་རླུང་ཞག་རེ་རེ་འགྲིབ་ལ། འཆི་ལྟས་ཞག་གསུམ་གསུམ་འཕེལ་བ་ཡིས་ནི་ཁྱིམ་གྱི་རྩ་དྲུག་དྲུག་སྐམ་ཞིང་གཡོན་ནས་ཞག་གཅིག་དང་གསུམ་སོགས་མི་མཉམ་པའི་རྒྱུ་བ་འཕེལ་བ་དང་ནམ་མཁའ་རླུང་མེ་སོགས་སྡུད་ཅིང་དེ་བཞིན་གཡས་ནས་མཉམ་པ་རུ་གཉིས་དང་བཞི་ལ་སོགས་པ་སུམ་ཅུའི་བར་པའི་རླུང་སོགས་སྡུད་རིམ་གྱིས་འགག་ཅིང་ཁྱིམ་དྲུག་སྟོངས་པར་འགྱུར་རོ། །དེ་ལྟར་ཟླ་བ་ཕྱེད་དང་སོ་བཞིར་ལྟེ་བའི་ཕྱི་རིམ་གྱི་རྩ་རྣམས་སྟོངས་ནས་དེ་རྗེས་ལྷག་མ་ཟླ་བ་གསུམ་དང་མངལ་གྱི་ཟླ་བ་དགུ་པོ་བསྡུས་པ་ལ་ཞག་དགུ་འམ་བདུན་རྒྱུའོ། །གཡོན་ནས་ཞག་སོ་གཅིག་རྒྱུ་བས་ནི་དཀར་ཆ་སྙིང་སྟོབས་དང་བད་ཀན་གྱི་ཁམས་ཟད་པར་བྱེད་ལ། གཡས་ནས་སོ་གཉིས་རྒྱུ་བས་ནི་དམར་ཆ་རྡུལ་དང་མཁྲིས་པའི་ཁམས་ཟད་པར་བྱེད་ལ། ཚུལ་དེས་རེ་མོས་གཡས་གཡོན་དུ་རྒྱུ་བས་དུས་སྦྱོར་གྱི་རྩ་བའི་རྩ་ཆེན་དྲུག་དྲུག་སྟེ་བཅུ་གཉིས་འགག་གོ། །དེ་རྗེས་ཞག་སོ་གསུམ་ན་དབུ་མའི་ཆུ་མ་གཏོགས་པའི་འཁོར་ལོའི་རླུང་ཀུན་ཟད་ཅིང་། དེ་ནས་སྲོག་གི་བདག་ཉིད་མུན་པ་ཆེན་པོ་ཟད་བྱེད་ཀྱི་རླུང་སྣ་གཉིས་ནས་མཉམ་པོར་ཞག་གཅིག་རྒྱུ་ཞིང་དབུ་མའི་ཆ་ཀུན་ཟད་ནས་རྣམ་ཤེས་འཕོ་བར་བྱེད་དོ། །མདོར་ན་ལོ་གསུམ་ཕྱོགས་གསུམ་གྱི་ཞག་ལ་སོ་གཉིས་ཕྱེད་བཅས་ཀྱིས་བགོས་པས་ཐོབ་པ་ནི་དབུ་མའི་འཆི་ལྟས་ཀྱི་ངེས་པ་ཡིན་ནོ། །གསུམ་པ་ནི། དབུ་མའི་འཆི་ལྟས་དེ་ནི་ཚེ་ལོ་བརྒྱ་པའི་དུས་སུ་འཆི་བའི་དབང་དུ་བྱས་པ་ཡིན་ལ། ད་ནི་དེ་ནས་དུས་མིན་གྱི་འཆི་ལྟས་གཡས་གཡོན་དུ་འཕེལ་ཚུལ་གཉིས་ལས་དང་པོ་གཡས་ཉི་མའི་དུས་མིན་གྱི་འཆི་ལྟས་ཀྱི་ངེས་པ་བཤད་པར་བྱ་བ་ནི་འདི་ལྟ་སྟེ། གཡས་སུ་ཞག་གཅིག་རྒྱུ་བ་ནི། ལོ་གསུམ་ཕྱོགས་གསུམ་ན་འཆིའོ། །གཡས་སུ་ཞག་ལྔ་རྒྱུ་ན་གླང་གི་ཁྱིམ་གཅིག་སྟོངས་ཤིང་ལོ་གསུམ་གྱི་ཚེའོ། །བཅུ་རྒྱུ་ན་ཁྱིམ་གཉིས་སྟོངས་ཤིང་ལོ་གཉིས་ཀྱི་ཚེ་ཡིན་ནོ། །བཅོ་ལྔ་རྒྱུ་ན་ཁྱིམ་གསུམ་སྟོངས་ཤིང་ལོ་གཅིག་གི་ཚེའོ། །ཉི་ཤུ་རྒྱུ་ན་ཁྱིམ་བཞི་སྟོངས་ཤིང་ཟླ་དྲུག་འཚེའོ། །ཉེར་ལྔ་རྒྱུ་ན་ཁྱིམ་ལྔ་སྟོངས་ཤིང་ཟླ་བ་གསུམ་མོ། །དེ་རྣམས་ནི་ཞག་ལྔ་ཚན་རེ་འཕེལ་བ་སྟེ་ཁྱིམ་སྟོངས་པར་འགྱུར་བ་ཡིན་ལ། དེ་ནས་ཞག་རེ་རེས་ཁྱིམ་རེ་འདོར་བས་ཉེར་དྲུག་རྒྱུ་ན་ཁྱིམ་དྲུག་པ་སྟོངས་ཤིང་ཟླ་བ་གཉིས་ཀྱི་ཚེ་ཡིན་ནོ། །དེ་ཡན་ལག་རྣལ་འབྱོར་གྱི་སྟོབས་ཀྱིས་འཆི་བ་བསླུ་བར་ནུས་སོ། །ཉེར་བདུན་རྒྱུ་བས་ཁྱིམ་བདུན་པ་སྟོངས་ཤིང་ཚེ་ཟླ་གཅིག་ཐུབ་པོ། ཁྱིམ་བདུན་འདས་ནས་རྒྱས་པ་སྟེ། དེ་ནས་སུས་ཀྱང་བཟློག་མི་ནུས། དེ་ནས་ཞག་སོ་གསུམ་ན་འཆི་བར་འགྱུར་ནི་ཞག་བཅོ་ལྔ་དང་བཅུ་དང་ལྔ་དང་གསུམ་རྣམས་ལ་ཁྱིམ་བཞི་རིམ་པས་འདོར་བར་བྱེད་པས་ཁྱིམ་བཅུ་གཅིག་པ་སྟོངས་སོ།། ཉི་མའི་སྟོབས་ཟད་དེ་འོག་ཏུ། ཟླ་བ་ཟད་པར་བྱེད་པའི་རླུང་། གཡོན་ནས་ཞག་གཅིག་རྒྱུ་བར་བྱེད། ཁྱིམ་ནི་བཅུ་གཉིས་པ་ལུག་ཁྱིམ་ཡང་སྟོངས། དེ་ནས་དབུ་མར་ཞག་གཅིག་རྒྱུ། རྣམ་ཤེས་ཕ་རོལ་འགྲོ་བར་བྱེད། བཞི་པ་ནི། གཉིས་པ། གཡོན་གྱི་ཟླ་བའི་དུས་མིན་གྱི་འཆི་ལྟས་བཤད་པ། །གཡོན་ནས་ཞག་གཅིག་རྒྱུ་བ་ནི། ལོ་གསུམ་ཕྱོགས་གསུམ་ནང་འཕོའི་རྟགས། དེ་ནས་ཟླ་བ་དྲུག་པོ་ལ་ཟླ་བ་གསུམ་གསུམ་དུ་འཆི་ལྟས་ཞག་རེ་རེ་འཕེལ་བས་ཞག་གསུམ་རྒྱུ་ཞིང་། དེ་ནི་ཟླ་བ་སུམ་ཅུའི་ཚེ་ཡིན་ཞིང་ལྟེ་བའི་ལུག་གི་ཁྱིམ་གཅིག་སྟོངས་པ་ཡིན་ནོ། །དེ་ནས་ཟླ་བ་རེ་རེ་བཞིན། །འཆི་ལྟས་ཞག་ནི་རེ་རེ་འཕེལ། །ཟླ་བ་གསུམ་གྱི་ཁྱིམ་རེ་འདོར། །གཡོན་རླུང་ཞག་གྲངས་འཕེལ་བ་བཞིན། འཚོ་བའི་ཟླ་བ་འབྲི་བ་ཡིན། གང་ཚེ་ཞག་ནི་སོ་གསུམ་རྒྱུ། །ངེས་པར་ཞག་ནི་གསུམ་ན་འཆི། །ཁྱིམ་ནི་བཅུ་གཅིག་སྟོངས་པ་ཡིན། །དེ་ནས་ཞག་གཉིས་ཉི་མའི་ཁམས། །ཟད་པར་བྱེད་པ་གཡས་ནས་རྒྱུ། །དེ་འོག་དབུ་མར་ཞག་གཅིག་ནས། །རྣམ་ཤེས་གཞན་དུ་འཕོ་བ་ཡིན། ལྔ་པ་ནི། དེ་ལྟར་ཉི་ཟླའི་འཆི་ལྟས་ཀྱི་རྟགས་འབྱུང་བ་ནི། ལྟེ་བའི་མཉམ་པ་ལུག་སོགས་ཀྱི། ཁྱིམ་ནས་ཐོག་མར་ལུག་རྒྱུ་བ། །ཟླ་བའི་འཆི་ལྟས་གཙོ་བོ་སྟེ། །གླང་སོགས་མི་མཉམ་ཁྱིམ་རྣམས་ལ། །རླུང་འབྱུང་ཉི་མ་གཙོ་བོ་ཡིན། །སྔ་མ་རྩ་ཀུན་ལ་རྒྱུ་བ་ན་ལོ་བརྒྱ་ཐུབ་པ་ནས་དབུ་མ་རྐྱང་པར་རྒྱུ་བ་ན་སྐྱེས་ནས་ཞག་གཅིག་ཐུབ་པའི་བར་ཚེ་ཇི་ལྟ་བས་རྒྱུ་བའི་རིམ་པ་སོ་སོར་གསུངས་པ་ཡིན་ནོ། །གང་ཚེ་དུག་དང་མཚོན་དང་ནད། །དྲག་པོས་རྣ་རྣམས་ཅིག་ཅར་འགག །རྒྱུ་དེ་རྣམས་ཀྱི་ནི་ངེས་པ་མེད་པར་གློ་བུར་དུ་འཆི་བར་གསུངས་སོ། །ཇི་ལྟར་ལྟེ་བར་དུས་སྦྱོར་འགགས་པའི་ཚུལ་རྒྱས་པར་བསྟན་པ་བཞིན་སྙིང་གར་ཐུན་བརྒྱད་དང་མགྲིན་པར་རྒྱུ་སྐར་དང་སྤྱི་བོར་ཟླ་རྐང་གི་རིམ་པས་འཁོར་ལོ་གཞན་ལ་ཡང་མཚུངས་སོ། །འཁོར་ལོ་ལྔ་དང་ཚིགས་ཀུན་ལ། །དབྱུག་གུ་བཅུ་གཉིས་བཅུ་གཉིས་ནི། །ཞག་དྲུག་རྒྱུས་ནས་ཟད་པ་ཡིན། །དེ་རྣམས་ནི་རླུང་གི་འཆི་ལྟས་བསྟན་པའོ། །གསུམ་པ་ཐིག་ལེ་འགག་པའི་རིམ་པ་ལ། །ལོ་གོ་བདུན་གྱི་སྟོབས་འདོར་ཚུལ། །ལོ་གསུམ་གྱི་འཆི་ལྟས་དངོས་གཉིས། དང་པོ་ནི། དེ་ནས་ཐིག་ལེ་འགག་པའི་རིམ་པ་བཤད་པ་ཡིན་ཏེ། ལོ་གཅིག་ནང་དུ་རྩ་རླུང་ཐིག་ལེའི་ཁམས་འཕེལ་ནས་དེ་རྗེས། །རླུང་གི་ནུས་པ་ཕྱིར་ཤོར་བས། །དཀར་ནག་རྩ་འགྲིབ་སྔ་མ་བཞིན། དེ་ནས་ལོ་ནི་བཅུ་དྲུག་བར། དཀར་ཆ་ཐིག་ལེ་འཕེལ་ཏེ་དེ་ནས་ནི་རིམ་པས་དཀར་བ་འགྲིབ་ཅིང་འདོར་བར་བྱེད་དོ། །དེ་ནས་ལོ་བཅུ་དྲུག་བར་དམར་ཆ་ཁྲག་ནི་འཕེལ་བ་ཡིན་ལ་ལོ་སོ་གཉིས་ནས་ནི་དེ་ཡང་འདོར་རོ། །དེ་ནས་རླུང་དང་མེ་དང་ཆུ་དང་སའི་སྟོབས་རྣམས་ལོ་བཅུ་དྲུག་བཅུ་དྲུག་རེ་ནས་འགྲིབ་པ་སྟེ་རགས་པར་ལོ་དགུ་བཅུ་གོ་བདུན་དུ། སྟོབས་ཀུན་དོར་ནས་ལོ་གསུམ་ན། །འཆི་བའི་ངེས་པ་ཤེས་པར་བྱ། གཉིས་པ་ནི། ལྟེ་བའི་རྩ་ལྔ་པ་གཅིག་ཆད་པ་དང་གཡས་གཡོན་གང་རུང་གི་ཞག་གཅིག་གི་དུས་སྦྱོར་བཅུ་གཉིས་ཉམས་པ་ལྷན་ཅིག་ཏུ་འབྱུང་བ་གོང་དུ་བསྟན་པ་བཞིན་ནོ། །ཉེ་བའི་ལྟས་ནི། གཅི་བ་རོ་སྐྱུར་བར་འགྱུར་བ་ན་ཟླ་དྲུག་གི་ཚེ་ཡིན་ཏེ། རྣ་བའི་འུར་སྒྲ་དོར་བ་ཞག་དྲུག་སྟེ། ལྕེ་ཡི་རོ་དོར་ཞག་ལྔ་ཡིན། །མིག་དབུས་ཚང་པའི་རི་མོ་སྔར་མེད་བྱུང་བ་ནི་ཞག་བཞིའི་ཚེ། སྣ་ཞོམ་དྲི་དོར་ཞག་གསུམ་མོ། །རེག་བྱ་དོར་བ་ཞག་གཉིས་ཡིན། ཆོས་ཁམས་ཁུ་བ་ཉམས་པ་ནི། །ཞག་གཅིག་བདས་ནི་ཕ་རོལ་འགྲོ། །དེ་ཡང་དཀར་ཆ་འོག་ཏུ་ལྟུང་བ་སྟེ། །དམར་ཆ་གྱེན་དུ་འགྲོ་བ་ཡིན། །དེ་དང་མཚུངས་པར་རླུང་རྣམས་སྣ་སྒོ་ནས་འགྲོ་སྟེ་རྣམ་ཤེས་འཕོའོ། །བཞི་པ་ཞར་ལ་རྣམ་ཤེས་འཕོ་བའི་ངེས་པ་བསྟན་པ་ནི། དེ་ནས་རྣམ་ཤེས་ཀུན་གཞི་ནི་སྲིད་པའི་རྟེན་འབྲེལ་ནི་ཇི་ལྟར་སད་པ་བཞིན་དུ་འཕོ་སྟེ། དེ་ཡང་ཚངས་བུག་གི་སྒྲས་བསྟན་བསྟན་པའི་སྤྱི་བོ་སྟོང་པའི་གནས་སུ་རླུང་སེམས་འདུས་ཞིང་འཕོས་པ་ནི་གཟུགས་མེད་དུ་སྐྱེ་བའོ། །སྨིན་མཚམས་ཀྱི་ཐིག་ལེ་ལས་ནི་ལྷ་ལུས་ཆེན་མོ་ཅན་གཟུགས་ཁམས་སུ་སྐྱེའོ། །ལྟེ་བ་ལས་ནི་འདོད་ཁམས་ཀྱི་ལྷ་སྟེ་ལྷ་མ་ཡིན་དུ་ཡང་སྐྱེ་བར་བཤད་དོ། །མིག་ལས་འདོད་པའི་མིའི་དབང་པོ་དང་མི་ཕལ་པ་རྣམས་སོ། །སྣ་ལས་གནོད་སྦྱིན་གནས་སུ་སྟེ། རྣ་བ་ལས་ནི་གྲུབ་པའི་ལྷ་རིག་པ་འཛིན་པའོ། །སྲིད་པའི་སྒོ་ཁུ་བའི་ལམ་དང་ཁ་ནས་ཡི་དགས་སུ་བཤད་དོ། །ཆུ་ཡི་ལམ་ནས་དུད་འགྲོར་འགྱུར། །འོག་སྒོ་ནས་ནི་དམྱལ་བ་བརྒྱད། །གསུམ་པ་མཇུག་བསྡུ་བ་ནི། འཆི་སྲིད་ཀྱི་རྗེས་དེ་ནས་བར་དོ་འབྱུང་བ་ཡིན་ཏེ། སྣང་མཆེད་ཐོབ་གསུམ་ཐིམ་པ་ནི་སྐུ་གསུམ་གྱི་རང་བཞིན་ཉིད་ཡིན་ནོ། །འོད་གསལ་དེ་མ་ཤེས་པས་ནི་སྣང་བ་སྟེ། དག་པའི་སེམས་དང་དེ་མ་རྟོགས་པའི་མུན་པའི་ཚོགས་དྲུག་ཐིམ་པ་སྟོང་པ་ཆེན་པོ་དང་ཀུན་གཞིའི་རྣམ་ཤེས་ཐིམ་པའི་ཤིན་ཏུ་སྟོང་པ་རྣམས་མ་གཏོགས་པར་འཁོར་བའི་འཁོར་ལོར་འཁྱམས་སོ། །དེ་ཉིད་འོད་གསལ་གྱིས་སྦྱངས་པས་ལམ་གྱི་ཡེ་ཤེས་ཏེ་རྣམ་པར་དག་པས་འབྲས་བུའི་འོད་གསལ་དུ་མྱ་ངན་ལས་འདའ་བར་འགྱུར་ཞིང་དབང་པོ་འབྲིང་དང་ཐ་མས་འཕོ་བ་དང་བར་དོའི་མན་ངག་ཁོང་དུ་ཆུད་པར་བྱའོ། །ཟབ་མོ་ནང་གི་དོན་སྣང་བར་བྱེད་པ་ལས་རྩ་རླུང་ཐིག་ལེ་བསྡུད་པའི་ཚུལ་བསྟན་པ་སྟེ་བཅུ་གཅིག་པའོ།། །།གསུམ་པ་ཐ་མར་དགེ་བསྟན་བཅོས་ཀྱི་མཇུག་གི་དོན་ལ། སྤྱིའི་དོན་བསྡུ་བ། སྡེ་སྣོད་སོ་སོ་དང་སྦྱར་བ། བྱེ་བྲག་ཏུ་སྔགས་ཀྱི་ཚུལ་ཤེས་པའི་དགོས་པ། འབྲས་བུའི་རང་བཞིན་བསྡུ་བ། འདི་གང་ལས་རྙེད་པྎ བཅོམ་ལྡན་འདས་ཀྱི་ཕྲིན་ལས་ལ་བསྟོད་ཅིང་བསྔོ་བ་སྨོན་ལམ་དང་བཅས་པ་སྟེ་དྲུག །དང་པོ་ནི། རྒྱལ་བས་རྒྱུད་སྡེ་བཞི་པོ་ཐམས་ཅད་དུ། ཕྱི་རོལ་ཐུན་མོང་ལྟར་སྣང་བའི་འཇིག་རྟེན་གྱི་ཁམས་དང་། ནང་དུ་ལུས་ལ་རྩ་རླུང་ཐིག་ལེ་དང་། གཞན་དུ་ཀུན་རྟགས་ལྷ་དང་སྔགས་ལ་སོགས་པ་ཐམས་ཅད་ཅི་རིགས་པར་གསུངས་པ་ནི་སྦྱངས་གཞི་དྲི་མ་དང་བཅས་པའི་རྟོག་པ་སྦྱོང་བའི་ཆེད་དུ་ཡིན་ལ། སྦྱངས་འབྲས་དྲི་མེད་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་རྣམ་པ་གཉིས་ཐོབ་པར་གསུངས་ལ། ཐམས་ཅད་ཀྱང་དོན་དམ་དང་ཀུན་རྫོབ་ལ་ལྟོས་ནས། མིང་ཚིག་ཡི་གེ་ལ་སོགས་པའི་སྤྲོས་བཅས་དང་གཟུང་འཛིན་གྱི་སྤྲོས་པ་མེད་པར་གདུལ་བྱའི་རིམ་པས་མཐའ་ཡས་པར་གསུངས་སོ། །གཉིས་པ་ལ། མངོན་པ། མདོ་སྡེ། འདུལ་བའི་སྡེ་སྣོད་དང་སྦྱར་བ་དང་གསུམ། དང་པོ་ལ། ཕྱི་ནང་གཉིས་ལས། དང་པོ་ནི། ཕྱི་རོལ་གྱི་མངོན་པར་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་གསུངས་པ་རྣམས་ནི་སྣོད་བཅུད་ལ་བྱེད་པ་པོ་གཞན་མེད་པར་སྟོན་པ་དང་། རྟེན་ཅིང་འབྲེལ་པར་སྣང་བ་ཙམ་དང་། རང་གི་སེམས་སེམས་བྱུང་གི་སྣང་བ་ཙམ་དུ་སྟོན་པའི་ཆེད་དུ་སྟེ། རྟོག་པའི་གཉེན་པོ་བེམས་པོ་ཤེས་པ་ལྡན་མིན་འདུ་བྱེད་ཀྱི་གཞི་ལས། སྣོད་བཅུད་ཕྲ་རགས་མིང་དང་ཚིག །ཡི་གེ་ཕྱོགས་དུས་ལ་སོགས་པ། །གསུངས་པ་ཕྱི་རོལ་མངོན་པ་སྟེ། གཉིས་པ་ནི། ཇི་ལྟར་ཕྱིའི་འཇིག་རྟེན་བཞིན་ནང་ན་གནས་ཏེ། རྩ་དང་ལུས་དབྱིབས་འཇིག་རྟེན་ལ། རླུང་གིས་ངག་དུས་ཡི་གེ་བསྐྱེད། ཐིག་ལེ་གཟའ་དང་རྒྱུ་སྐར་དང་། ཆུ་བོ་མེ་སོགས་ངེས་པ་བསྟན། དེས་ན་འདི་ནི་ནང་དོན་གྱི་མངོན་པའོ། །ཇི་ལྟར་མིག་བཙུམས་པས་གཟུགས་མི་མཐོང་བ་ལྟར། ཕྱི་རོལ་གྱི་མངོན་པར་སྤངས་གཉེན་ཙམ་ཤེས་ཀྱང་། རྟེན་རྩ་རླུང་ཐིག་ལེའི་གནད་འཆིང་མ་ཤེས་པས་སྲིད་ཞི་མཉམ་པ་ཉིད་ལ་དབང་བྱེད་པའི་ཡེ་ཤེས་མཐོང་བ་མ་ཡིན་ནོ། །ཕྱེ་བས་སྣང་བར་འགྱུར་བ་ལྟར། རྡོ་རྗེ་ཐེག་པར་རྟེན་བཅིངས་པས་ལམ་གྱི་ཡེ་ཤེས་ཁྱད་པར་ཅན་མཐོང་ནུས་ཏེ་ཇི་ལྟར་མིག་བཙིར་བར་ཟླ་བ་གཉིས་སུ་མཐོང་བ་ལྟར། དེའི་མཐུ་ལས་ཕྱི་རོལ་ཏུ་གྲུབ་པ་མེད་ཀྱང་དུ་བ་ལ་སོགས་པའི་རྟགས་གཞན་ལྟར་སྣང་ལ་གོམས་པས་ཀུན་བརྟགས་ཀྱི་ལྷ་དང་དཀྱིལ་འཁོར་ཡང་སྣང་ཞིང་སྟོན་པར་ནུས་སོ། །དེའི་ཕྱིར་རྡོ་རྗེ་ཐེག་པ་ནང་དོན་གྱི་མངོན་པ་ནི་མཆོག་ཡིན་ནོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱི་མདོ་སྡེར་གསུངས་པ་ལྟར། འདིར་ཡང་གཞན་དུ་བཤད་པའི་ལྷ་དང་དཀྱིལ་འཁོར་ལ་སོགས་པ་ཡང་ནང་གི་གནས་ལ་སོགས་པའི། ས་དང་ལམ་དང་ཕ་རོལ་ཕྱིན། རིགས་སྔགས་གཟུངས་སྔགས་གསང་སྔགས་དང་བཅས་པ་དང་བྱང་ཆུབ་ཕྱོགས་ཆོས་སོ་བདུན་དང་། ཟད་པར་ཟིལ་གནོན་ལ་སོགས་སྒྲུབ་པའི་ཕྱིར་གསུངས་པ་ཡིན་ལ། དེ་ནི་ཟབ་པ་དང་རྒྱ་ཆེ་བའི་ཕྱིར་ནང་དོན་གྱི་མདོ་དང་ཕ་རོལ་ཏུ་ཕྱིན་པར་བརྗོད་དོ། །གསུམ་པ་ནི། ཕྱི་རོལ་ལུས་ངག་གི་བསྲུང་བསྡོམས་དང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྤོང་བར་ལྡན་པ་ནི་ཕྱི་རོལ་ཉན་རང་དང་ཐུན་མོང་བའི་འདུལ་བ་ཡིན་ལ། ནང་དུ་རང་དང་གཞན་དོན་ལ། མ་རྨོངས་ཐབས་མཁས་ཁྱད་པར་གྱིས། དུག་སྨན་དུ་བསྒྱུར་བ་ལྟར་ཉོན་མོངས་ཡེ་ཤེས་སུ་བསྒྱུར་བར་བྱེད་པ་དེའི་ཕྱིར་རྡོ་རྗེ་ཐེག་པ་ནི་ནང་གི་འདུལ་བར་གསུངས་སོ། །དེ་རྣམས་ནི་རིག་པ་འཛིན་པའི་སྡེ་སྣོད་མཆོག་ཏུ་གྱུར་པའོ། །གསུམ་པ་ནི། ཕྱི་རོལ་ཐེག་དམན་གྱི་འདུལ་བ་མདོ་སྡེ་མངོན་པ་ཤེས་ཤིང་ཉམས་སུ་བླངས་པས་ཉན་རང་གི་འབྲས་བུ་ཐོབ་པར་བྱེད་དོ། །དེ་ལ་ལྟོས་ཏེ་ཟབ་མོར་གྱུར་པ་ཕར་ཕྱིན་ཐེག་པའི་མདོ་འདུལ་མངོན་པ་རྣམས་སྤྱོད་པར་བྱེད་པས་ནི་བྱང་ཆུབ་སེམས་དཔའི་ས་ཐོབ་པར་འགྱུར་རོ། །ཐབས་མཁས་དང་ལྡན་པས་ནང་དོན་རིག་པ་འཛིན་པའི་སྡེ་སྣོད་རྒྱས་པར་ཤེས་པས་ནི་ལུས་ངག་ཡིད་གསུམ་གྱི་སངས་རྒྱས་སྙིང་པོའི་ཚུལ་རྟོགས་ནས་འབྲས་བུ་མངོན་གསུམ་དུ་རྟོགས་པ་ལམ་དུ་བྱེད་པས་བླ་ན་མེད་པའི་སངས་རྒྱས་མྱུར་དུ་ཐོབ་པར་བྱེད་དོ། །བཞི་པ་ནི། དེ་ལྟར་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ། འོན་ཀྱང་དེ་ལ་སྒྲིབ་བྱེད་ཀུན་གཞིའི་སྟེང་གི་མ་རིག་པ་བདག་ཏུ་ལྟ་བས་འཁྲུལ་རྟོག་ཉོན་ཡིད་བསྐྱེད་ལ་དེས་གཟུང་འཛིན་གྱི་ཤེས་པ་གློ་བུར་བསྐྱེད་ནས་འདུ་བྱེད་ཀྱི་ལས་མངོན་པར་འདུ་བྱས་ནས། རང་བཞིན་གྱིས་ཡོད་པའི་ཆོས་ཉིད་དག་པ་མ་མཐོང་བར་འཁྲུལ་ནས་མེད་པའི་གཟུང་འཛིན་གྱི་མཐོང་བས་རྣམ་རྟོག་འདམ་དུ་བྱིང་བར་གྱུར་པས་བྱིས་པ་རྣམས་འཁོར་བའི་ནང་དུ་བྱིང་བ་ཡིན་ནོ། །ཕྱི་ནང་གཞན་གསུམ་ཡེ་ཤེས་སུ་རྟོགས་པ་ནི་སངས་རྒྱས་ཀྱི་རང་བཞིན་ཏེ། སོ་སྐྱེ་ལ་ཀུན་རྫོབ་གཉིས་སུ་སྣང་བ་རྣམས་ཆུ་ཟླ་ལྟ་བུར་སྣང་སྟོང་དབྱེར་མེད་པའི་དོན་དུ་གཟིགས་ཤིང་ཆོས་ཐམས་ཅད་དོན་དམ་སྟོང་ཉིད་བཅོ་བརྒྱད་པོ་དབྱེར་མེད་གཅིག་ཏུ་གཟོད་ནས་བདེན་པ་སྟེ་མི་བསླུ་བ་བཅོས་མིན་དུ་ལྷུན་གྱི་གྲུབ་པར་གཟིགས་པས་ཉོན་མོངས་ཤེས་བྱ་སྙོམ་འཇུག་གི་སྒྲིབ་པ་གསུམ་དང་བྲལ་བ་རང་རིག་སེམས་ཀྱི་རྡོ་རྗེ་ཉིད་ཀྱི་གཤིས་སྐྱེ་བ་མེད་པ་ལ་གཟིགས་པ་རབ་ཀྱི་མཐར་སོན་པ་ཇི་ལྟ་བ་དང་། རྣམ་པ་འོད་གསལ་གཟིགས་པ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མངོན་དུ་བྱེད་པར་གསུངས་སོ། །ལྔ་པ་ནི། དེ་བས་རྡོ་རྗེ་ཐེག་པ་རུ། གསུངས་པའི་གནས་ལུགས་རྟོགས་བྱའི་ཕྱིར། འདིར་ནི་ཕྱོགས་ཙམ་བསྡུས་པ་ཡིན། །རྒྱས་པར་བསྟན་པ་དཔག་མེད་ཀྱང་། །རྒྱལ་སྲས་རྣམས་ཀྱིས་བསྟན་པ་ཡི། །རྒྱུད་འགྲེལ་རྣམས་ལ་བལྟ་བར་གྱིས། །འོ་ན་འདི་ཅི་ལ་དགོས་ཞེ་ན། མཛོད་ཀྱི་ནོར་བུའི་སྒྲོམ་ལ་འཇུག་པ་ལ་སྒྲོན་མེ་དང་ལྡེ་མིག་དགོས་པ་ལྟར། རྒྱུད་འགྲེལ་རྣམས་ལ་འཇུག་པ་ལ་འདི་ལྟ་བུ་དགོས་པས། དེ་རྣམས་ཀུན་ལ་འཇུག་པའི་སྒོ། ཟབ་མོ་ནང་གི་དོན་བཤད་པ། ཞེས་སོ། །འདི་གང་ལས་རྙེད་ཅེ་ན། །འདི་ནི་རང་བཟོ་མ་ཡིན་ཏེ། །ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །རྒྱལ་བས་གསུངས་པ་ཁོ་ནར་བྲིས། །དེ་རྟོགས་དཀའ་བ་མ་ཡིན་ནམ་ཞེ་ན། །གསང་བའི་བདག་པོ་མཁས་རྣམས་ཀྱི། །རྣམ་འགྲེལ་མཐུ་ལ་རབ་བསྟེན་ནས། །རྡོ་རྗེ་ཐེག་པའི་ནང་གི་དོན། །ཕྱིན་ཅི་མ་ལོག་རྙེད་པ་ཡིན། ཞེས་གསུངས་སོ། །དྲུག་པ་ལ། ཕྱག་འཚལ་བ། བསྔོ་བ། བཟོད་པར་གསོལ་བ་དང་གསུམ། དང་པོ་ནི། བདུད་བཞི་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ། ཀུན་གཞིའི་རྣམ་ཤེས་རྣམ་པར་དག་པས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་གོ་འཕང་བརྙེས་པ་ནི་ནམ་མཁའི་སྐུ་ཅན་ཏེ། ཐམས་ཅད་མཁྱེན་པ་དང་ཡེ་ཤེས་ཀྱི་སྐུ་ཡིན་ལ། དེ་དང་ཐ་མི་དད་པར་ཉིན་མོར་བྱེད་པ་ལོངས་སྤྱོད་རྫོགས་པའི་སྐུ་ཉི་མའི་དཀྱིལ་འཁོར་ལྟ་བུ་ལས་ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་པདྨ་རྒྱས་པ་ལྟ་བུའི་སྤྱན་གྱི་གཟུགས་སྐུ་འཁོར་བ་ཇི་སྲིད་པར་སྟེན་པ་ནི་སྐུའི་གསང་བ་དང་། ལྷའི་རྔ་སྒྲ་ལྟ་བུའི་གསུང་ཆོས་ཀྱི་དུང་ནི་མངོན་པར་འདུ་མི་མཛད་པར་ཡང་ནམ་མཁའི་ཁམས་དང་མཉམ་པར་འབད་མེད་དུ་གྲགས་པས་འགྲོ་བ་ཀུན་གྱི་ཐོས་ཤིང་སྨིན་པར་མཛད་པ་ནི་གསུང་གི་གསང་བ་དང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཐུགས་ནི་ཡིད་བཞིན་གྱི་ནོར་བུ་ལྟར་འབད་རྩོལ་མེད་པར་ཡེ་ཤེས་བཞི་དང་ལྷན་གཅིག་ཏུ་སྤྲོས་པ་མི་མངའ་ཡང་སྤྲོས་པ་དང་ལྡན་པའི་སེམས་ཅན་རྣམས་ལ་ཡིད་བཞིན་གྱི་རེ་བ་སྐོང་བ་ནི་ཐུགས་ཀྱི་གསང་བ་དང་། དེ་ལྟ་བུའི་སྐུ་གསུང་ཐུགས་སྲིད་པ་ཇི་སྲིད་པར་སེམས་ཅན་གྱི་ཉོན་མོངས་དང་ལྷན་ཅིག་ཏུ་འཇུག་ཅིང་སྲིད་ཞི་གཏན་གྲོལ་དུ་མཛད་ཀྱང་སྲིད་ཞིས་ཁྱོད་ལ་གོས་པ་མེད་པ་ནི་ཡོན་ཏན་དང་ཕྲིན་ལས་ཀྱི་གསང་བ་སྟེ། དེའི་ཕྱིར་སྐུ་གསུང་ཐུག་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་གསང་བ་མངའ་བ་རང་བྱུང་ཡང་དག་པར་རྫོགས་པའི་རྒྱལ་བ་ཁྱོད་ལ་བདག་ནི་གུས་པས་ཕྱག་འཚལ་ལོ། །ཞེས་གསུངས་ཏེ་འདིས་ནི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ། །གཉིས་པ་ནི། ཟབ་མོ་ནང་དོན་བཤད་པ་ལ། དགེ་བའི་མཐུ་ཡང་ཅི་ཡོད་པས། ནམ་མཁའ་མཉམ་པའི་འགྲོ་བ་ཀུན། ཡེ་ཤེས་སྐུ་ཉིད་ཐོབ་པར་ཤོག །གསུམ་པ་ནི། ཅུང་ཟད་འགལ་བར་འགྱུར་སྲིད་ན། །མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། ཅེས་རྡོ་རྗེ་ཐེག་པ་དམ་ཚིག་གིས་ཁྱད་པར་དུ་བྱས་པས་དེ་དང་མི་འགལ་བར་བྱོས་ཤིག་ཅེས་གདམས་པའོ། །ཟབ་མོ་ནང་གི་དོན་གསལ་བར་བྱེད་པའི་རྣམ་པར་བཤད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱུང་བ་དུམ་བུ་བཅུ་གཅིག་པ། རང་བྱུང་རྡོ་རྗེའི་མིང་ཅན་གྱིས་བླ་ན་མེད་པའི་རྒྱུད་འགྲེལ་ཇི་ལྟ་བར་ནང་གི་དོན་ཤེས་པར་འདོད་པ་རྣམས་ཀྱི་དོན་དུ་བསྟན་པའོ། །མཁས་པར་རློམ་པ་དང་། བསྒོམས་ནས་ཉམས་མྱོང་དང་མངོན་ཤེས་ཤར་བར་འདོད་པ་རྣམས་ཀྱིས་ཀྱང་ཕྱོགས་རེ་ལས་མ་གོ་བར་འདུག་པས་འདིར་བསྡུས་ཏེ་བསྟན་པ་ཡིན་ནོ། །དབེན་གནས་བདེ་ཆེན་སྟེང་དུ་ཁྱི་ལོ་ཟླ་བ་བདུན་པ་ལ་མཛད་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཅེས་པ་རྣམས་ཀྱིས་མཛད་བྱང་གནས་དུས་དགོས་པ་དང་བཅས་པ་བསྟན་པ་སྟེ། དེས་ན་འཇིག་རྟེན་གྱི་སྣང་བ་ལྟ་བུར་གྱུར་པའི་བསྟན་བཅོས་ཟླ་མེད་པ་འདི་ནི་དགེ་ལེགས་སུ་གྲུབ་པོ། དེ་ལྟར་རབ་གསང་རྒྱུད་ཀྱི་དོན། ཐོག་མེད་རྒྱུ་དང་ལུས་འགྲུབ་ཚུལ། །རྩ་རླུང་ཐིག་ལེ་དེར་བརྟེན་སེམས། །ནང་དུ་ཕྱི་དང་གཞན་སྡུད་དང་། །རང་བཞིན་རྣམ་དག་རྟོགས་བྱེད་ལམ། །སྡུད་རིམ་སྤྱི་ཡི་མཇུག་བསྡུ་བ། །དུམ་བུ་བཅུ་གཅིག་ཏུ་བསྡུས་ནས། །རྒྱལ་བའི་དབང་པོས་གསལ་བར་མཛད། དེ་དོན་ཅུང་ཟད་བཀྲོལ་བ་ཡིས། །འགྲེལ་པ་བླ་མའི་གསུང་བཞིན་བྲིས། །འདི་ནི་ཚིག་ཉུང་དོན་གསལ་ཕྱིར། མཐོང་བས་ཁོང་དུ་ཆུད་པར་བརྗོད། །འདི་ཡི་ཚིག་དོན་འཁྲུལ་སྲིད་ན། །དཔའ་བོ་མཁའ་འགྲོས་བཟོད་པར་མཛོད། །འདི་ཡི་དགེ་བས་འགྲོ་བ་ཀུན། །གཟོད་མའི་གནས་ལུགས་རྟོགས་པར་ཤོག །ཅེས་ཟབ་མོ་ནང་དོན་གྱི་རྩ་བའི་ཚིག་དོན་ཅུང་ཟད་གསལ་བར་བྱེད་པ་འདི་ནི། ཤཱཀྱའི་དགེ་སློང་དཔལ་དཀོན་མཆོག་ཤཱཀྱ་མཆོག་གི་གཙོ་བོའི་འབངས་རབ་ཏུ་ཚེས་པས་འཐུང་གཅོད་ཀྱི་གནས་ཆེན་པོ་ཙ་རི་རིན་ཕུགས་སུ་ཟིལ་གནོན་གྱི་ལོ་ཁྲུམས་བསྟོད་ཀྱི་ཟླ་བའི་ཚེས་བརྒྱད་ལ་གྲུབ་པར་བྱས་པའོ། །སྭསྟི་པྲ་ཛ་བྷྱཿ གཅིག་ཞུས་དག །སྐྱེ་དགུ་རྣམས་ལ་བདེ་ལེགས་སྩོལ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net