ཟབ་མོ་ནང་གི་དོན་གྱི་རྣམ་པར་བཤད་པའི་ཟིན་བྲིས་ལོ་ཆེན་ཞལ་ལུང་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །ཟབ་མོ་ནང་གི་དོན་གྱི་རྣམ་པར་བཤད་པའི་ཟིན་བྲིས་ལོ་ཆེན་ཞལ་ལུང་བཞུགས་པ་ལ་གཟིགས་སུ་གསོལ། །[1]

༄༅། །དཔལ་ལྡན་གདོད་ནས་རྙོག་བྲལ་བདེ་བ་ཆེ། །རྣམ་པ་ཀུན་ལྡན་སྒྱུ་མའི་རང་བཞིན་ཅན། །བརྟན་གཡོའི་ཆོས་རྣམས་ཀུན་ལ་ཁྱབ་པའི་བདག ལྷན་ཅིག་སྐྱེས་དངོས་བླ་མར་གུས་པས་འདུད། །ཟབ་མོ་རྡོ་རྗེ་ཐེག་པའི་ནང་གི་དོན། །མྱུར་བདེའི་ལམ་བཟང་ཀུན་གྱི་ཐེག་ལེ་ཆེ། །རྗེ་བཙུན་གསུང་གི་གསང་བས་ལེགས་བཀྲལ་བའི། །ངོ་མཚར་ལེགས་བཤད་གསར་པ་འདི་ལྟོས་ཤིག །དེ་ཡང་དཔལ་ཟབ་མོ་ནང་གི་དོན་ཞེས་བྱ་བའི་བསྟན་བཅོས་འདི་ནི་རྗེ་བཙུན་རང་བྱུང་གི་ཞལ་སྔ་ནས་ནང་གི་དོན་ཤེས་པར་འདོད་པ་རྣམས་ཀྱི་དོན་དུ་རྒྱལ་བའི་བཀའ་དང་བསྟན་བཅོས་ཅི་སྙེད་པ་ཐམས་ཅད་དང་། ཁྱད་པར་གསང་སྔགས་བླ་ན་མེད་པའི་རྒྱུད་འགྲེལ་པ་དང་བཅས་པའི་བཅུད་ཐམས་ཅད་གཅིག་ཏུ་བསྡུས་ནས་གཞུང་དུ་བསྡེབ་ཅིང་། སླར་འགྲེལ་པས་ཀྱང་གསལ་བར་མཛད་པ་ཡིན་ལ། དེ་ལ་ཟབ་མོ་ནང་གི་དོན་ཞེས་པའི་རྒྱུ་མཚན་ཡང་། རྗེ་བཙུན་ཏེ་ལོ་པས། རྗེ་ན་རོ་པ་ལ། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གསུངས་པའི་དངོས་པོའི་གནས་ལུགས་ལ། དངོས་པོའི་གནས་ལུགས་དང་། སེམས་དངོས་པོའི་གནས་ལུགས་གཉིས་ལས། དང་པོ་ནི་རྩ་ཐིག་རླུང་གསུམ་དང་། ཕྱི་མ་ནི་སེམས་ཀྱི་རང་བཞིན་ཡེ་ཤེས་ཡིན་པ་ལས། རྩ་ཐིག་རླུང་གསུམ་གྱི་ཡེ་ཤེས་ཀྱི་ཆ་ཟབ་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་འགྲེལ་པ་དང་། ཀླུ་སྒྲུབ་ལ་སོགས་པའི་བརྒྱུད་པའི་མན་ངག་ལ་བརྟེན་ནས་ནང་གཏམ་དུ་འཆད་པ་ཡིན་པས་ན་ཟབ་མོ་ནང་གི་དོན་ཞེས་བྱ་བ་ཡིན་ལ། དེ་ལྟ་བུའི་གཞུང་འདིའི་ཐོག་མར། གངས་ཅན་པ་རྣམས་ལ་ཡི་གེ་པའི་ཕྱག་ཏུ་གྲགས་པ། གླེགས་བམ་གྱི་ཀླད་ཏུ་སྨོས་པ་ལ། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཞེས་བྱུང་བའི་དཔལ་ནི། ཤྲི་ཡིག་ཡིན་ལ་དེ་ནི་གཉིས་སུ་མེད་པའི་བརྡ་ཡིན་ཞིང་། ཅི་ཞིག་གཉིས་སུ་མེད་པ་ཡིན་ཞེ་ན། བདེན་པ་གཉིས་སམ། བདེ་སྟོང་གཉིས་དབྱེར་མེད་པ་ཡིན་ཞིང་། དེ་གཉིས་གདོད་མ་ནས་མི་ཕྱེད་པ་ཡིན་པས་རྡོ་རྗེ་དང་། དེ་རང་གི་ངོ་བོ་ཉིད་དུ་སོ་སོ་རང་གི་རིགས་པ་ནི་འཆང་བའི་དོན་ཡིན་ལ། དེ་ལྟ་བུའི་རྡོ་རྗེ་འཆང་དེ་ལ་ཡང་གཞི་ལམ་འབྲས་བུ་གསུམ་ཡོད་པ་ལས། འདི་ནི་འབྲས་བུ་རྡོ་རྗེ་འཆང་རྒྱུད་སྟོན་པ་པོ་ཡིན་པས་ན་ཆེན་པོ་བླ་ཐབས་སུ་སྦྱར་བ་ཡིན་ལ། དེ་ཡང་གཟུགས་སྐུའི་རྡོ་རྗེ་འཆང་ལ་ཀུན་རྫོབ་ཀྱི་ཕྱག་བཙལ་བས་བསོད་ནམས་ཀྱི་ཚོགས་རྫོགས་ཏེ་བསྟན་བཅོས་རྩོམ་པ་མཐར་ཕྱིན་པར་འགྱུར་ཞིང་། ཐབས་དེ་དང་དོན་དམ་གྱི་རྡོ་རྗེ་འཆང་ལ། །རང་གི་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་པའི་ཚུལ་གྱི་དོན་དམ་གྱི་ཕྱག་འཚལ་བ་ལས་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ་ཟུང་འཇུག་དེ་མངོན་དུ་འགྱུར་བ་ཡིན་ནོ། །ད་ནི་གཞུང་ལ་འཇུག་པ་ལ། བསྟན་བཅོས་ལ་འཇུག་པའི་ཡན་ལག་དང་། འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་གཉིས་ལས། དང་པོ་དགོས་སོགས་ཆོས་བཞི་མ་སྨོས་ན། རྟོགས་ལྡན་རྣམས་བསྟན་བཅོས་ལ་འཇུག་པར་མི་འགྱུར་བས་རྗོད་བྱེད་དུམ་བུ་བཅུ་གཅིག་གིས་བདག་ཉིད་རྒྱུན་ཆགས་པ་ཉིད་ཁྱད་གཞི་བྱས་ནས། དེའི་བརྗོད་བྱ་གང་ཡིན་པ་དང་། བརྗོད་བྱ་དང་རྗོད་བྱེད་ཀྱི་འབྲེལ་པ། འབྲེལ་པ་བསྟན་པའི་དགོས་པ། དགོས་པའི་ཡང་དགོས་པ་སྟེ་བཞི་ལས། དང་པོ་བརྗོད་བྱ་ནི། ཕ་རྒྱུད་མ་རྒྱུད་ཐམས་ཅད་ཀྱི་དོན་བསྡུས་ནས་རྒྱུད་གསུམ་དུ་བཞག་སྟེ། དེ་ཡང་སྤྱིར་རྒྱུད་གསུམ་ནི། གསང་འདུས་རྒྱུད་ཕྱི་མ་ནས་བྱུང་བའི་རྒྱུད་ནི་རྒྱུན་ཆགས་ཅེས་བྱ་སྟེ། ཞེས་པ་ལ་སོགས་པ་ཡིན་ལ། ཁྱད་པར་དུ་དེ་དག་གི་ཟབ་མོ་ནང་གི་དོན་རྣམས་ཡིན་ནོ། །འོ་ན་རྒྱུད་གསུམ་པོ་ཇི་ལྟ་བུ་ཞེ་ན། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དང་། བདེ་བར་གཤེགས་པའི་སྙིང་པོ་ཅེས་བཤད་ཅིང་། སྔགས་ཀྱི་ཐེག་པ་འདིར་འོད་གསལ་བ་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། མན་ངག་གི་ལམ་དུ་གཞི་དངོས་པོའི་གནས་ལུགས་ཅེས་བྱ་ལ། དངོས་པོའི་གནས་ལུགས་དེ་ལ་ཡང་། ལུས་དངོས་པོའི་གནས་ལུགས་དང་། སེམས་དངོས་པོའི་གནས་ལུགས་གཉིས་སུ་བཤད་པ་ལས། དེ་ཡང་རྡོ་རྗེའི་ལུས་དང་རྡོ་རྗེའི་སེམས་ཡིན་ལ། རྣམ་གྲངས་དེ་རྣམས་དང་ལྡན་པའི་ཡེ་ཤེས་དེ་ལ་རྒྱུའི་རྒྱུད་ཅེས་བྱ་སྟེ། དེ་ཡང་རྒྱུ་ཡིན་ཏེ་མཐར་ཐུག་གི་ཟུང་འཇུག་གི་སྐུ་དེའི་རིགས་འདྲ་ཡིན་པའི་ཕྱིར་དང་། དེ་ཡང་རྒྱུད་ཡིན་ཏེ། སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་སྤུ་རིས་འགྱུར་བ་མེད་པར་རྒྱུན་བརྟན་པར་འཇུག་པའི་ཕྱིར་རོ། ལམ་སྨིན་བྱེད་ཀྱི་དང་། གྲོལ་བྱེད་ཀྱི་ལམ་ལ་རྟོག་པས། སྒོམ་པ་བསྐྱེད་རིམས་དང་། མི་རྟོག་པ་མངོན་སུམ་གྱི་ལམ་རྫོགས་རིམས་འཁོར་བཅས་ལ་ལམ་མམ་ཐབས་ཀྱི་རྒྱུད་ཅེས་བྱ་སྟེ། དེ་ཡང་ཐབས་ཡིན་ཏེ། མཐར་ཐུག་གི་ཟུང་འཇུག་གི་སྐུ་དེ་མངོན་དུ་བྱེད་པ་ལ། འདི་ཉིད་ནི་དངོས་སམ་བརྒྱུད་པའི་སྒོ་ནས་མངོན་པར་གསལ་བྱེད་ཡིན་པའི་ཕྱིར་རྒྱུད་ཡིན་ཏེ། དབང་བསྐུར་བ་དམ་ཚིག་དང་སྡོམ་པར་འབྲེལ། དེ་ལམ་བསྐྱེད་རྫོགས་གཉིས་དང་འབྲེལ། དེ་འབྲས་བུར་འབྲེལ་བའི་ཕྱིར་རོ། །དེ་ལྟར་རྒྱུད་གཉིས་པོ་དེའི་སྔ་མ་ནི་ཉེར་ལེན་གྱི་རྒྱུ་དང་། ཕྱི་མ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ལ། དེ་གཉིས་ཀ་ཡང་མངོན་པར་གསལ་བྱེད་ཡིན་གྱི། སྔོན་མེད་གསར་དུ་སྐྱེད་བྱེད་ནི་མ་ཡིན་ནོ། །དེ་ལྟར་རྒྱུའི་རྒྱུད་དེ་ཉིད་ཐབས་རྒྱུད་ཀྱི་གློ་བུར་གྱི་དྲི་མ་སྦྱངས་པ་ལས་སྒྲིབ་བྲལ་དུ་མངོན་དུ་གྱུར་པ་ནི་འབྲས་རྒྱུད་ཡིན་ཏེ། དེ་ནི་ནམ་མཁའ་ཇི་སྲིད་པར་རྐྱེན་གྱི་མི་འཕྲོག་པར་རྒྱུན་བརྟན་པར་གནས་པའི་ཕྱིར་རོ། །གཉིས་པ་འབྲེལ་པ་ནི། ངག་དང་ངག་ཅན་ནམ། བརྗོད་བྱ་དང་རྗོད་བྱེད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ཡིན་ཏེ། དེ་ཡང་སེམས་འགྲེལ་སྐོར་དུ། བརྗོད་བྱ་དང་བརྗོད་བྱེད་ཀྱི་མཚན་ཉིད་ནི་འདིར་འབྲེལ་པས་ཏེ། ཞེས་མཚན་ཉིད་འབྲེལ་པར་བཤད་ཅིང་། མཚན་ཉིད་དེ་ཡང་རྣམ་པ་ལམ་བྱེད་ཡིན་པས་ན། བརྗོད་བྱེད་དུམ་བུ་བཅུ་གཅིག་གི་མཚན་ཉིད་ཀྱི་བསྟན་བཅོས་ལ་བརྟེན་ནས་བརྗོད་བྱ་རྒྱུད་གསུམ་དང་ཁྱད་པར་བཅས་པའི་སྤྱི་རྣམས་འཆར་ཏེ། དེ་ནི་བསྟན་བཅོས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ཡིན་ནོ། བརྗོད་བྱ་རང་བཞིན་གྱི་འབྲེལ་པ་ནི། རྒྱུ་རྒྱུད་ཕྱིན་ཅི་མ་ལོག་པར་རྟོག་པ་ལས་སྨིན་གྲོལ་གྱི་ལམ་གྱིས་བྱེད་པ་འཆིང་བར་ནུས་ཤིང་། བྱེད་བཅིངས་འཁྲུལ་མེད་ལ་བརྟེན་ནས་འབྲས་བུ་གསུམ་མངོན་དུ་འགྱུར་བ་ཡིན་ནོ། །གསུམ་པར་དགོས་པ་ནི། རྣལ་འབྱོར་ཕ་མའི་རྒྱུད་རྣམས་སུ་རྩའི་རྣམ་བཞག་རྒྱས་བསྡུས་དང་། རླུང་དང་ཐིག་ལེ་དགོངས་པ་འདྲེས་པ་དང་། ཕྱི་སྣོད་ཀྱི་འཇིག་རྟེན། ནང་རྡོ་རྗེའི་ལུས་གཞན་བསྐྱེད་རིམས་ལ་དཀྱིལ་འཁོར་གྱི་འཁོར་ལོ་དང་། རྫོགས་རིམས་ལ་ཡེ་ཤེས་རྒྱས་གདབ་དང་བཅས་པ་རྣམས། ལ་ལར་རེ་རེ་དང་། ལ་ལར་གཉིས་གཉིས་དང་། གསུམ་གསུམ་སོགས་དང་ཡོངས་སུ་རྫོགས་པར་བརྟན་པ་རྣམས་ཀྱི་ཁོང་དུ་མ་ཆུད་པར། རྒྱུད་རྣམས་ཀྱི་དགོངས་པ་ཐ་དད་ཅིང་། དེ་དག་ལས་བཤད་པའི་མན་ངག་རྣམས་ཀྱང་ཐ་དད་པ་ཡིན་པར་སེམས་པས་ཟུང་འཇུག་གི་ལམ་ལ་ཞི་སྒོ་གཉིས་པ་ཡོད་པར་འཛིན་པ་རྣམས་བཟློག་པའི་དོན་དུ་བསྟན་བཅོས་རྩོམ་པ་རྣམ་དཔྱད་ཀྱི་དགོངས་པ་ཡིན་ཞིང་། རྩོད་དུས་ཀྱི་སྐྱེ་བོའི་འཇུག་པ་དགོངས་ནས། རྒྱུད་རྣམས་སུ་མན་ངག་གབ་སྟེ་གནས་པ་རྣམས་བྱང་ཆུབ་སེམས་དཔའི་འགྲེལ་པ་དང་། ཀླུ་སྒྲུབ་ལ་སོགས་པ་མཁས་གྲུབ་ཀྱི་གཞུང་རྒྱ་ཆེན་པོ་རྣམས་ལ་རྟོག་པར་བྱ་བ་ཡིན་ལ། དེ་དག་ལ་ཡང་འཐོར་བ་ལྟ་བུར་གྱུར་ནས། སྐྱེ་བོ་བློ་གྲོས་དམན་པ་རྣམས་ཀྱིས་རྟོགས་པར་མི་ནུས་པས་ན། དེ་དག་གི་དོན་བསྡུས་ཤིང་སྡུད་པ་པོ་ཡང་ཐོས་བསམ་གྱི་མིག་དང་ལྡན་པར་མ་ཟད། ནང་གི་ཉམས་མྱོང་གི་མིག་དང་ལྡན་པས་བསྡུས་པ་ལས། རྒྱུད་རྣམས་དགོངས་པ་གཅིག་ཅིང་མན་ངག་རྣམས་གནད་གཅིག་པར་འགྱུར་བ་ནི་ཡོངས་གཅོད་ཀྱི་དགོས་པ་ཡིན་ནོ། །བཞི་པ་དགོས་པའི་ཡང་དགོས་པ་ནི། གནད་མ་འཁྲུལ་བའི་མན་ངག་གཅིག་ཁོང་དུ་ཆུད་པ་ལས། མན་ངག་དང་རྒྱུད་ཀྱི་དགོངས་པ་མཐའ་དག་ཁོང་དུ་ཆུད་པར་གྱུར་ནས་ཟུང་འཇུག་གི་སྐུ་མངོན་དུ་འགྱུར་བ་ནི་ཉིང་དགོས་ཡིན་ནོ། །གཉིས་པ་འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་ལ། མཆོད་པར་བརྗོད་ཅིང་དམ་བཅའ་བ། བསྟན་བཅོས་ཀྱི་དོན་དངོས་མཇུག་བསྡུ་བ་བསྔོ་བ་དང་གསུམ་ལས། དང་པོ་ལ་མཆོད་བརྗོད་དང་། བཤད་པར་དམ་བཅའ་བ་གཉིས་ཀྱི་དང་པོ་ལ་ཡང་། དངོས་གྲུབ་ཀྱི་ལྷན་ཅིག་བྱེད་རྐྱེན་བླ་མ་ལ་ཕྱག་འཚལ་བ། རྣམ་པ་དང་བཅས་པའི་སྐུ་བདེ་བ་ཆེན་པོ་ལ་ཕྱག་འཚལ་བ། དེའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་བ་སྟེ་གསུམ་ལས། དང་པོ་ནི། ཕྱག་འཚལ་ཞེས་དྲང་། སུ་ཞིག་ལ་འཚལ་ན། རང་ལས་བླ་མའམ་གོང་མར་གྱུར་པ་དེ་ལ་ཕྱག་འཚལ་ལོ། །དེ་ལ་ཡོན་ཏན་གྱི་ཁྱད་པར་ཅི་ཞིག་དང་ལྡན་ནས་ཕྱག་འཚལ་ལོ་ཞེ་ན། དེ་ནི་དོན་གཉིས་ཀྱི་དཔལ་དང་ལྡན་པ་ཡིན་ཏེ། དེའི་རང་དོན་ནི་ཇི་ལྟ་བ་མཁྱེན་པའི་སྒོ་ནས་ཤེས་བྱ་ཐམས་ཅད་མཁྱེན་ཞིང་། མཁྱེན་པ་ཙམ་དུ་མ་ཟད་ཅི་ལྟ་བ་མཁྱེན་པའི་སྒོ་ནས་མཚན་ཉིད་སྒྲིབ་པ་དང་བྲལ་བར་གཟིགས་པ་ཡིན་ལ། ཐུན་མོང་བའི་བསྟན་པའི་དབང་དུ་ན། ཐམས་ཅད་མཁྱེན་པ་ལས་ཐམས་ཅད་གཟིགས་པ་ལ་ལོགས་སུ་སྨོས་པ་ནི། ཕྱི་རོལ་པ་རྣམས་ཁྱབ་འཇུག་སོགས་ལ་ཡང་ཐམས་ཅད་མཁྱེན་པར་བརྗོད་པས་དེ་དགག་པའི་སླད་དུ་ཡང་ཡིན་ནོ། །རང་གི་མཁྱེན་ནས་གཞན་ལ་མི་སྟོན་པ་རང་སངས་རྒྱས་ལྟ་བུ་མ་ཡིན་པར། གཞན་དོན་ཕུན་ཚོགས་ཀྱི་ཁྱད་པར་བྱས་པ་ཡིན་ཏེ། དེ་ཡང་། ཕྱི་འཇིག་རྟེན་གྱི་ཁམས། ནང་རྡོ་རྗེའི་ལུས། གཞན་བསྐྱེད་རིམས་དཀྱིལ་འཁོར་འཁོར་ལོ་དང་། རྫོགས་རིམས་ཕྱག་རྒྱ་ཆེན་པོ་སྣང་སྟོང་དབྱེར་མེད་བདེན་གཉིས་ཟུང་དུ་འཇུག་པའི་དེ་ཁོ་ན་ཉིད་སྟོན་པ་ཡིན་ལ། དེའི་བྱེད་ལས་ནི་ཕྲིན་ལས་ཕུན་སུམ་ཚོགས་པ་ཡིན་ཏེ། དེ་ཡང་། རྨི་ལམ། གཉིད་འཐུག སྙོམས་འཇུག་སྟེ་བཞི་པའི་གནས་སྐབས། སད་པའི་གནས་སྐབས་ཏེ་བཞིའི་སྒྲིབ་པ་སྦྱང་བ་ལས། སྐུ་བཞི་པོ་སེམས་ཀྱི་རང་བཞིན་ལ་གནས་པ་དེ་དབང་དུས་སུ་བརྡའི་སྒོ་ནས་སྨིན་པར་བྱས་ཤིང་། གྲོལ་བྱེད་ཀྱི་ཚད་མ་མངོན་སུམ་དུ་སྐྱེད་པར་བྱེད་པ་ནི་ལྷ་དང་བཅས་པའི་འཇིག་རྟེན་མཐའ་དག་གི་དཔལ་དུ་གྱུར་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་བདེན་པ་གཉིས། བདེ་སྟོང་ཟུང་དུ་འཇུག་པའི་བདག་ཉིད་ཅན་གྱི་ངེས་དོན་གྱི་དཔལ་ལྡན་བླ་མ་དེ་ཉིད་རྣམ་པ་དང་བཅས་པའི་སྐུའི་དབྱེ་བས་སངས་རྒྱས་སུ་བསྟན་པའི་ཕྱིར། ལྷན་སྐྱེས་གཅིག་དངོས་ཅེས་བྱ་བ་ལ་སོགས་པའི་ཤོ་ལོ་ཀ་གཅིག་གི་སྟོན་ཏེ། དེ་ཡང་། ཕྱག་འཚལ་ལོ་ཞེས་དྲངས། སུ་ཞིག་ལ་ཞེ་ན། ལྷན་སྐྱེས་གཅིག་པུ་དེ་ལ་ཕྱག་འཚལ་ལོ། དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། དེའི་སྣང་ཆ་སྒྲིབ་པ་དང་བྲལ་བའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་གཉིས་པོ་དེ་གདོད་མ་ནས་རོ་མཉམ་པའི་ངོ་བོ་ཉིད་རང་བྱུང་བ་ནི་ལྷན་སྐྱེས་ཡིན་ལ། སྐུ་ཐམས་ཅད་ནི་སྐུ་གཅིག་པུའི་དངོས་པོ་དེར་མུར་ཐུག་པ་ཡིན་ཞིང་། གཞི་གཅིག་པོ་དེ་ཉིད་དག་པ་ལ་ལྟོས་ན། གཉིས་དང་། གསུམ་སོགས་ནས། གྲངས་མེད་པའི་བར་དུ་འགྱུར་བ་ཡིན་ཏེ། དེ་ཡང་བདེན་པ་གཉིས་སམ་ཐབས་ཤེས་གཉིས་ཀྱི་དག་པ་ལས་དོན་དམ་ཆོས་དབྱིངས་ཤིན་ཏུ་དྲི་མ་མེད་པ་ཆོས་ཀྱི་སྐུ་དང་། ཀུན་རྫོབ་དེའི་རྒྱུ་མཐུན་ཟབ་པའི་སྐུ་སྟེ་སྐུ་གཉིས་ཀྱི་བདག་ཉིད་དུ་འགྱུར་ཞིང་གཉིད་འཐུག་དང་བཞི་པའི་གནས་སྐབས་དག་ཅིང་ཀུན་གཞི་གནས་གྱུར་པ་ལས་ཆོས་སྐུ་དང་། རྨི་ལམ་གནས་སྐབས་དག་ཅིང་ཉོན་ཡིད་གནས་གྱུར་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐ་མལ་པའམ་སད་པའི་གནས་སྐབས་དག་ཅིང་འཇུག་ཤེས་གནས་གྱུར་པ་ལས་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་དུ་འགྱུར་ཏེ་དེ་ཡང་། རྩ་སྤྲུལ་སྐུ་རླུང་ལོངས་སྐུ་ཐིག་ལེ་ཆོས་སྐུའི་ཆོས་ཅན་ཡིན་པས་དེ་རྣམས་ཀྱི་བྱེད་པ་བཅིངས་པ་ལས་སྐུ་གསུམ་པོ་དེ་མངོན་དུ་འགྱུར་བ་ཡིན་ལ། ལྷན་སྐྱེས་དེ་ཉིད་ཤིན་ཏུ་གཉིད་འཐུག་པ་སེམས་མེད་པའི་གནས་སྐབས་ཆོས་སྐུ། སྲོག་རླུང་གི་བསྐྱེད་པ་ཡོད་པ་དང་མེད་པའི་མཚན་ཉིད་ཅན་གྱི་རྨི་ལམ་ནི་ལོངས་སྐུ་སད་པའི་གནས་སྐབས་སྣང་བ་སྣ་ཚོགས་པ་ཅན་སྤྲུལ་སྐུ། བཞི་པའི་གནས་སྐབས་ཤིན་ཏུ་བཟློག་པར་དཀའ་བའི་མ་རིག་པ་གཞོམ་མེད་ནི་ཡེ་ཤེས་ཀྱི་སྐུ་སྟེ། དེ་ལྟར་སྐུ་བཞི་པོ་དེ་སེམས་ཅན་གྱི་གནས་སྐབས་སུ་སྒྲིབ་པ་དང་བཅས་པར་གནས་ཤིང་། སངས་རྒྱས་སྒྲིབ་པ་མེད་པ་གནས་པ་ལས། འདིར་མཆོད་བརྗོད་ཀྱི་ཡུལ་དུ་ཕྱི་མ་ཉིད་བཟུང་བར་བྱ་བ་ཡིན་ལ། ལྷན་སྐྱེས་དེ་ཉིད་ཕུང་ཁམས་ཀྱི་དག་པ་ལ་ལྟོས་ནས་སྐུ་ལྔར་ཡང་འགྱུར་ཏེ། དེ་ཡང་། གཟུགས་ཕུང་དག་པ་ཆོས་དབྱིངས་ཡེ་ཤེས་དང་རྣམ་པར་སྣང་མཛད། རྣམ་ཤེས་ཀྱི་ཕུང་པོ་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་མི་བསྐྱོད་པ། ཚོར་ཕུང་དག་པ་མཉམ་ཉིད་ཡེ་ཤེས་དང་རིན་ཆེན་འབྱུང་། འདུ་ཤེས་དག་པ་སོར་རྟོག་ཡེ་ཤེས་དང་འོད་དཔག་མེད། འདུ་བྱེད་ཀྱི་ཕུང་པོ་དག་པ་བྱ་གྲུབ་ཡེ་ཤེས་དང་དོན་ཡོད་འགྲུབ་པ་སྟེ་ལྔར་འགྱུར་ལ། འདི་དག་ཀྱང་རག་པ་ཡིན་གྱི། ཕྲ་བར་ན་བྱེ་བའི་རིགས་ལས་ནི་རིགས་ནི་གྲངས་མེད་ཉིད་དུ་འགྱུར་ཞིང་། རིགས་ཇི་སྙེད་པར་ཡང་སྐུ་ཡང་དེ་སྙེད་དུ་འགྱུར་བ་ཡིན་ནོ། །གསུམ་པ་ནི། དངོས་གཅིག་ཞེས་པ་ལ་སོགས་ཏེ། དེ་ཡང་དང་པོར་ཕྱག་འཚལ་ཞེས་དྲང་། སུ་ཞིག་ལ་ཞེ་ན། བདེ་ཆེན་གྱི་ཡུམ་ལྷ་མོ་དེ་ལ་ཕྱག་འཚལ་ལོ། །དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕུང་སོགས་ཀྱི་ཆོས་རྣམས་ཀྱི་རང་བཞིན་ནམ་དངོས་པོ་ནི་སྟོང་པ་ཉིད་གཅིག་གི་རང་བཞིན་ཅན་ཡིན་ལ། སྟོང་ཉིད་དེ་ཡང་ཆད་སྟོང་ངམ་བེམ་སྟོང་ལྟ་བུ་མ་ཡིན་གྱི། ནང་གི་སྟོང་པ་ཉིད་ཡུལ་ཡུལ་ཅན་གཉིས་སུ་མེད་པ་གཞོན་ནུ་མ་ལ་པྲ་ཕབ་ལྟར་སྣང་བའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཡིན་ལ། དེ་ཉིད་དབུ་མ་ཡིན་ཏེ་སྤྲོས་པ་དང་མཚན་མའི་མཐའ་ཐམས་ཅད་དང་བྲལ་བའི་ཕྱིར། བདེ་ཆེན་ཉིད་ཡིན་ཏེ། གདོད་མ་ནས་བདེ་བ་དང་འབྲལ་མ་མྱོང་བའི་ཕྱིར་ལ། དེ་ཉིད་རྟེན་གྱི་དབང་དུ་བྱས་ན། རྩ་ཐམས་ཅད་ཀྱི་ཁྱབ་བྱེད་རྩ་དབུ་མ། རླུང་ཐམས་ཅད་ཀྱི་ཁྱབ་བྱེད་དབུ་མ་ཡེ་ཤེས་ཀྱི་རླུང་། །ཐིག་ལེ་ཐམས་ཅད་ཀྱི་ཁྱབ་བྱེད་དགྲ་གཅན་ཡེ་ཤེས་ཀྱི་ཐིག་ལེ་ཡིན་ལ། དེ་ལྟ་བུའི་སྟོང་པ་ཉིད་དེ་གང་ཞིག་མཐར་ཐུག་སྐྱེད་པ་དེ་སྐྱེས་པ་སྟེ་འཆར་བའི་མཚན་ཉིད་ཀྱི་ཆོས་སོ། །མཐོང་སྒོམ་གཉིས་ཀ་རྫོགས་པའི་མཐར་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒྲིབ་པ་གསུམ་བཅོམ་པའི་མཐར་འབྲས་བུའི་ངོ་བོ་ཉིད་འཆར་ཞིང་། ས་བརྒྱད་པར་མཚན་རྩོལ་གྱི་རྟོག་པ་ལས་གྲོལ་ནས། སྒྲ་དོན་འདྲེས་འཛིན་གྱི་རྟོག་པས་མི་གཡོ་བའི་ངོ་བོ་ཉིད་དུ་འཆར་ཞིང་། མཐོང་ལམ་དུ་མཐོང་སྤོང་ཀྱི་ཀུན་སྦྱོར་ལས་གྲོལ་ཏེ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཏུ་འཆར་བ་ཡིན་ནོ། །འོ་ན་འཕགས་པ་ཁོ་ན་ལ་འཆར་བ་ཡིན་ན། བརྟག་གཉིས་ལས། མཆོག་མཐའ་དགའ་བྲལ་དང་པོ་ཅན། །མུན་པ་ལས་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས། །ཅེས་གསུངས་པ་ལས་དང་པོ་ལ་ཡང་དབང་དུས་སུ་འཆར་གསུངས་པ་དང་འགལ་བར་མི་འགྱུར་རམ་ཞེ་ན། རྒྱུད་ཚིག་དེའི་དགོངས་པ་ནི་རྗེས་དྲན་གྱི་དགའ་བ་བཅུ་དྲུག་གི་མཐར་རྡོ་རྗེ་ནོར་བུ་བྱང་ཆུབ་ཀྱི་སེམས་དཀར་པོའི་ཆ་བཅོ་ལྔ་རྫོགས་ཤིང་དགའ་བྲལ་ནག་ཕྱོགས་མ་ཞུགས་པ་ཆ་བཅུ་དྲུག་པའི་དུས་སུ་འཆར་བ་ལ་དགོངས་པ་ཡིན་ཡང་། དེ་ལྟར་འཕགས་པ་ལ་རྫོགས་པར་འཆར་བ་ཡིན་ཡང་རྗེས་མཐུན་པ་ནི་ལས་དང་པོ་པ་ལ་ཡང་དབང་དུས་སུ་མན་ངག་ལ་བརྟེན་ནས་མཆོག་དགའ་དང་དགའ་བྲལ་གྱི་དབུས་སུ་འཆར་ལ། དེར་མ་ཟད་ལམ་དུས་སུ་ཡང་སྤྱན་ལྔ་དང་མངོན་སུམ་བཞིའི་རང་བཞིན་ཅན་དུ་འཆར་བ་ཡིན་ལ། དེ་ལྟ་བུའི་སྟོང་ཉིད་དེ་ནི་ངེས་དོན་གྱི་ལྷ་མོ་སྣ་ཚོགས་ཡུམ་དང་། རྡོ་རྗེ་ཕག་མོ་དང་། བདག་མེད་མ་ལ་སོགས་པའི་ལྷ་མོ་ཐམས་ཅད་པ་ཡིན་ནོ། །དེ་ལྟར་མཆོད་པར་བརྗོད་པའི་ཡུལ་དོན་དམ་རྣམས་ལ་ནི་སོ་སོ་རང་རིག་གི་ཕྱག་དང་། ཀུན་རྫོབ་པ་རྣམས་ལ་བརྡའི་ཕྱག་བྱེད་པ་ཡིན་ནོ། །གཉིས་པ་བཤད་པར་དམ་བཅའ་བ་ནི། རྒྱུད་རྣམས་ཀུན་ཏུ་ཞེས་བྱ་བ་ལ་སོགས་པའི་ཤོ་ལོ་ཀ་ཕྱེད་དང་གཉིས་ཀྱི་སྟོན་ཏེ། དེ་ཡང་། དེ་ལྟར་མཆོད་པར་བརྗོད་ནས་བྱེད་ལས་ཅི་ཞིག་བྱེད་ཅེ་ན། ལུས་དང་སེམས་ཀྱི་དངོས་པོའི་གནས་ལུགས་སྤྱི་དང་། ནང་གི་བདག་ཉིད་རྡོ་རྗེའི་ལུས་དང་རྡོ་རྗེའི་སེམས་ཡེ་ཤེས་ཀྱི་ཆོས་ཅན་དེ་ཤིན་ཏུ་རྟོག་པར་དཀའ་བ་ཡིན་པས་ན་དེ་བཤད་པར་བྱ་བ་ཡིན་ལ། དེ་ཉིད་རྟོག་པར་དཀའ་བའི་རྒྱུ་མཚན་ཡང་། བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་རྣམས་ཀུན་ཏུ་རྩ་རླུང་ཐིག་ལེའི་གནས་ཚུལ་དང་། དབང་དེ་དག་བྱེད་ལས་འཆིང་ཚུལ་དང་། དབང་བཞི་པའི་ལམ་འཁོར་དང་བཅས་གསང་བ་ཡིན་པ་གང་ཞིག །རྒྱལ་བས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་འདིར་རྡོ་རྗེའི་ཚིག་གི་ཅུང་ཟད་ཕྱེ་ལ། རྡོ་རྗེའི་ཚིག་དེ་ཡང་ཤིན་ཏུ་བརླིང་བ་ཡིན་ཏེ། རྗོད་བྱེད་ལ་སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པ་གཉིས་དང་། བརྗོད་བྱའི་ཀུན་རྫོབ་ལ་དྲང་ངེས་གཉིས་དང་། དོན་དམ་ལ་དགོངས་པ་ཅན་དང་དགོངས་པ་ཅན་མ་ཡིན་པ་གཉིས་ཏེ་མཐའ་དྲུག་གི་བཅིངས་པའི་ནང་གི་དོན་ཡིན་པའི་ཕྱིར། དེ་ཉིད་ནི་ཕྱི་རོལ་པའི་ཙ་ར་ཀ་ལ་སོགས་པ་དང་། ནང་པའི་ཉན་ཐོས་ཀྱི་བྱེ་བྲག་ཏུ་སྨྲ་བའི་ནང་ཚན་འཕགས་པ་མང་པོས་བཀུར་བ་ལ་སོགས་པ་གང་ཟག་དུ་སྨྲ་བ་རྣམས་ཀྱི་རྟོག་པར་དཀའ་བས་དེ་དག་གིས་སྤྱོད་ཡུལ་མིན་ཞིང་། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་གཅིག་སྟོང་པ་ཉིད་ཀྱི་སེམས་གཡེང་བའི་མིང་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་རབ་ཏུ་གསང་བར་བྱ་བའི་ལུས་སེམས་ནང་གི་བདག་ཉིད་བཤད་པར་བྱའོ། གཉིས་པ་བསྟན་བཅོས་ཀྱི་དོན་དངོས་ལ། ལུས་རྣམ་པར་བཞག་པ་དང་། ཡན་ལག་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ལ་ཡང་། དགོས་པ་དང་བཅས་པའི་ངོ་བོ་རྣམ་པར་བཞག་པ་དང་། དུམ་བུ་བཅུ་གཅིག་ཀྱིས་ངེས་པ་བསྟན་པ་གཉིས་ཀྱི་དང་པོ་ནི། དྲི་མེད་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཡང་མཆོག་ཏུ་རྟོག་པར་དཀའ་བའི་རྡོ་རྗེ་ཐེག་པའི་བརྗོད་བྱའི་གཙོ་བོ་ནི་བསམ་གྱིས་མི་ཁྱབ་པའི་གནས་བཞིས་འཁྱུད་ཅིང་སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་པའི་བདེ་བར་གཤེགས་པའི་སྙིང་པོ་ཉིད་གཏན་ལ་འབེབས་ཅིང་རྟོག་པར་བྱ་བ་ཡིན་ལ། འོ་ན་གནས་དེ་ཅི་ལྟ་བུ་ཞེ་ན། རང་བཞིན་རྣམ་དག་ཡིན་པས་དྲི་མ་མེད་ཅིང་རྒྱལ་བ་རྣམས་ཀྱི་རང་བཞིན་ནམ་གཤིས་ཚུལ་ཡིན་པས་ན་རྒྱལ་བའི་སྙིང་པོ་ཅེས་བྱ་ལ། དེ་ནི་མ་དག་པའི་གནས་སྐབས་སུ་སེམས་ཅན་དང་། མ་དག་དག་པའི་གནས་སྐབས་སུ་ལམ་ལ་གནས་པ་བྱང་ཆུབ་སེམས་དཔའ་དང་། ཤིན་ཏུ་རྣམ་དག་གི་གནས་སྐབས་སུ་དེ་བཞིན་གཤེགས་པ་རྣམས་སུ་རིམ་པར་འགྱུར་བས་ན་དེ་ཉིད་ལ་གཞི་ལམ་འབྲས་གསུམ་དང་། རྒྱུ་རྒྱུད་ཐབས་རྒྱུད་འབྲས་རྒྱུད་སྟེ་གསུམ་དང་། གཞི་དངོས་པོའི་གནས་ཚུལ། ལམ་སྐྱེ་བའི་རིམ་པ་དང་། འབྲས་བུ་མངོན་དུ་འགྱུར་ཚུལ་ཏེ་གསུམ་རྣམས་སུ་མདོ་རྒྱུད་རྣམས་དང་། མཁས་གྲུབ་ཀྱི་གཞུང་རྣམས་སུ་གསུངས་པའི་ཕྱིར་ན་དེ་ཉིད་ཀྱི་དོན་རྟོག་པར་བྱའོ། །འོ་ན་བསམ་གྱིས་མི་ཁྱབ་པའི་གནས་བཞི་པོ་གང་ཡིན་ཞེ་ན། བདེ་གཤེགས་སྙིང་པོ་དེ་གདོད་མ་ནས་དྲི་མ་དང་བྲལ་བ་ཡིན་ཡང་། ཉོན་སྒྲིབ་དང་ཤེས་སྒྲིབ་ལས་མ་གྲོལ་བར་དུ་སངས་རྒྱས་སུ་མི་འགྱུར་བ་ཁམས་ཀྱི་དོན་དང་། གདོད་མ་ནས་དྲི་མ་དང་བྲལ་མ་མྱོང་ཡང་དྲི་མ་དེ་གློ་བུར་པ་ཡིན་པས་རྫས་སུ་མ་གྲུབ་པ་ནི་བྱང་ཆུབ་ཀྱི་དོན་དང་། གདོད་མ་ནས་སངས་རྒྱས་ཀྱི་ཡོན་ཏན་དྲུག་ཅུ་རྩ་བཞི་དང་ལྡན་ཡང་དཀར་པོའི་ཆོས་ཀྱི་སད་པར་མ་བྱས་ན་ནུས་པ་འབྱིན་མི་ནུས་པ་ཡོན་ཏན་གྱི་དོན། སེམས་ཅན་གྱི་ཕན་བདེ་ཐམས་ཅད་བསྐྱེད་པའི་འཕྲིན་ལས་ལྷུན་གྱི་གྲུབ་པ་ཡིན་ཡང་། བྱ་བྱེད་ཀྱི་རྟོགས་པ་མེད་པ་འཕྲིན་ལས་ཀྱི་དོན་ཏེ། དེ་དག་གི་ནི་རྟོག་གེ་བའི་བློས་བསམ་གྱི་མི་ཁྱབ་པ་ཡིན་ནོ། །སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་པ་ནི། གང་བྱང་ཆུབ་པ་རྒྱུའི་དོན། གང་གིས་བྱང་ཆུབ་པ་ལམ་གྱི་དོན། གང་བྱང་ཆུབ་པར་གྱུར་པ་འབྲས་བུའི་དོན་ཏེ། དེ་དག་ནི་བདེ་བར་གཤེགས་པའི་སྙིང་པོ་ཉིད་ལ་བརྟེན་པ་ཡིན་ནོ། །གཉིས་པ་ནི། ཐོག་མར་རྒྱུ་རྐྱེན་སྤྱིར་བསྟན་པ་དང་། མངལ་སྐྱེས་ཀྱི་ལུས་གྲུབ་པའི་ཚུལ་ལ་བྱེ་བྲག་ཏུ་བསྟན་པ་དང་། ལུས་དེ་ཉིད་ལ་གནས་པའི་རྩའི་རྣམ་པར་བཤད་པ་དང་། རྩ་ནང་དེ་དག་ཏུ་རླུང་གནས་པ་དང་རྒྱུ་བའི་ཚུལ་བསྟན་པ་དང་། དེ་དང་ལྷན་ཅིག་ཐིག་ལེ་ཇི་ལྟར་རྒྱུ་བའི་ཚུལ་དང་། དེ་རྣམས་དང་གནས་སྐབས་བཞིའི་རྣམ་ཤེས་ལ་སོགས་པ་འབྲེལ་པའི་དོན་དང་། དེ་དག་ཕྱི་སྣོད་ལ་སྦྱར་བ་དང་། གཞན་བསྐྱེད་པའི་ཕྱོགས་ལ་ལྷ་རྣམས་གང་ཡིན་པ་དང་། ཆོས་རྣམས་ཀྱི་སྦྱང་གཞི་སྦྱང་བྱེད་བསྟན་པ་དང་། རྫོགས་རིམ་གཙོ་བོར་གྱུར་པའི་ལམ་གྱི་རིམ་པ་དང་། ཕྱི་སྣོད་དང་ནང་ལུས་དང་དེ་རྣམས་འཇིགས་ཅིང་སྡུད་པའི་ཚུལ་ཏེ་བཅུ་གཅིག་པོ་འདི་ཉིད་རྒྱལ་བས་རྣལ་འབྱོར་ཕ་མའི་རྒྱུད་རྣམས་སུ་ལ་ལར་ཕྱོགས་རེ་བ་དང་ལ་ལར་རྫོགས་པར་བསྟན་པ་རྣམས་བསྡུས་ཏེ་བཤད་པར་བྱ་བ་ཡིན་ལ། འོ་ན་གོ་རིམ་དེ་ལྟར་འོང་བ་ཅི་ཞེ་ན། དང་པོ་རྒྱུ་རྐྱེན་སྤྱིར་བསྟན་པ་མ་ཤེས་ན་ཕྱི་རོལ་པ་དང་མཚུངས་པར་འགྱུར་དུ་དོགས་པས་དེ་བསལ་བའི་ཆེད་དུ་ཡིན་ལ། དེ་ནས་བསྐྱེད་རིམ་ཀྱི་སྦྱངས་གཞི་ཤེས་པར་བྱ་བའི་ཕྱིར་ལུས་གྲུབ་ཚུལ་ཤེས་དགོས་ལ། ལུས་དེ་ཡང་ཕྲ་བ་རྩ་ལ་རག་ལུས་པས་རྩའི་གནས་ཚུལ་ཤེས་དགོས་ཤིང་། རྩ་རྣམས་ཀྱང་རླུང་གི་བསྒྲུབ་ཤིང་རླུང་གནས་པ་ཡིན་པས་རླུང་རྒྱུ་བ་ལ་སོགས་པ་ཤེས་དགོས་ལ། རླུང་དང་ལྷན་ཅིག་དྭངས་སྙིགས་ཀྱི་ཐིག་ལེ་རྣམས་རྩ་ནང་དུ་གནས་ཤིང་དེ་རྩས་བརྟེན་པ་ཡིན་པས་ཐིག་ལེ་ཤེས་དགོས་ཤིང་། དེ་ལྟར་རྩ་རླུང་ཐིག་ལེ་གསུམ་གྲུབ་ནས་གནས་སྐབས་བཞི་འབྱུང་བ་ཡིན་པས་དེ་གཉིས་ཇི་ལྟར་འབྲེལ་བའི་དོན་ཤེས་དགོས་ལ། དེ་ལྟར་ན་ལུས་ལས་ཕྱི་རོལ་དུ་གྲུབ་པ་གཞན་མེད་པར་བསྟན་པའི་ཕྱི་ནང་ཉིད་ཀྱི་ཕྱི་སྣོད་ལ་སྦྱར་བ་ཤེས་དགོས་ཤིང་། དེ་ལྟར་ཕྱི་ནང་གཉིས་པོ་ཤེས་ནས། ཀུན་བརྟག་པའི་ཏིང་ངེ་འཛིན་ལ་དབང་འབྱོར་བའི་ཕྱིར གཞན་བསྐྱེད་པའི་རིམ་པ་ཤེས་དགོས་ལ། ཕྱི་ནང་གཞན་གསུམ་ཤེས་ནས། སྤང་གཉེན་ཤེས་དགོས་པའི་ཕྱིར་སྦྱངས་གཞི་སྦྱོངས་བྱེད་དང་། དེ་ནས་ལམ་གྱི་རིམ་པ་དང་། རྫོགས་རིམས་ཀྱི་སྦྱང་གཞི་ཤེས་པའི་ཕྱིར་སྣོད་བཅུད་ཀྱི་འཇིག་རྟེན་བསྡུད་པའི་ཚུལ་ཤེས་དགོས་པས་ན་གོ་རིམ་དེ་ལྟར་ངེས་པ་ཡིན་ཞིང་། དེའི་འོག་ཏུ་རིག་པ་འཛིན་པའི་སྡེ་སྣོད་ཇི་ལྟར་ཡིན་པའི་ཚུལ་བཤད་པར་བྱ་བ་ཡིན་ནོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་དུམ་བུ་བཅུ་གཅིག་གི་དང་པོ། རྒྱུ་རྐྱེན་སྤྱིར་བསྟན་ལ་སེམས་འཁྲུལ་པ་དང་མ་འཁྲུལ་པའི་ངོ་བོ་བཤད་པ། སེམས་ཇི་ལྟར་འཁྲུལ་པའི་ཚུལ་རྒྱུ་རྐྱེན་གྱི་དབྱེ་བ། གནས་སྐབས་གསུམ་གྱི་དབྱེ་བ་སྟེ་བཞི་ལས། དང་པོ་ལ་ཡང་། ངོ་བོ་བཤད་པ་དང་། རྣམ་པ་བཤད་པ་གཉིས་ལས། དང་པོ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་བདག་པོའི་དབང་གི་རྒྱུ་ནི་སེམས་ཉིད་ཡིན་ནོ་ཞེས་ཐེག་པ་སྤྱི་ལ་གྲགས་པ་ཡིན་ལ། སེམས་དེ་ལ་ཡང་དག་པ་དང་མ་དག་པ་གཉིས་ཡོད་པ་ལས། དག་པ་ནི། རྒྱུད་བླ་མ་ལས། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །ཅེས་པའི་སེམས་ཀྱི་དག་པ་བདེ་གཤེགས་སྙིང་པོ་ཉིད་ཡིན་ཞིང་། དེས་ན་སེམས་དག་པ་བ་ནི་མྱ་ངན་ལས་འདས་པའི་རིགས་འདྲའམ་རྒྱུ་ཡིན་ལ། མ་དག་པ་ཀུན་གཞིའི་རྣམ་ཤེས་ནི་འཁོར་བའི་རྒྱུ་ཡིན་ཏེ། ཀྱེའི་རྡོ་རྗེ་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །ཅེས་སོགས་དང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། བྲམ་ཟེ་ཆེན་པོས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །ཅེས་སོགས་གསུང་པའི་ཕྱིར་རོ། །འོ་ན་ཀུན་གཞིའི་རྣམ་ཤེས་ཇི་ལྟ་བུ་ཞེ་ན། སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་པར། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །རྟག་ཏུ་རེག་དང་ཡིད་བྱེད་དང་། །ཚོར་དང་འདུ་ཤེས་སེམས་དཔའ་ལྡན། །དེ་ནི་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་བསྒྲིབ་ལུང་མ་བསྟན། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བོ་ཉིད་ན་དེ་ལྡོག་གོ །ཞེས་གསུང་བ་དེ་ཡིན་ནོ། །འོ་ན་རྒྱན་སྟུག་པོ་བཀོད་པ་ལས། །ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེར་གཤེགས་སྙིང་པོ་དགེ་བའང་ཡིན། །ཞེས་གསུངས་པས་ན་ཀུན་གཞི་ཉིད་འཁོར་འདས་ཐམས་ཅད་ཀྱི་གཞིའམ་བདེར་གཤེགས་སྙིང་པོ་ཡང་མ་ཡིན་ནམ་ཞེ་ན། དེ་ལ་ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། ཞེས་པས་ཀུན་གཞི་རྣམ་ཤེས་དང་། བདེ་གཤེགས་སྙིང་པོ་དགེ་བའང་ཡིན་ཞེས་པས་ཀུན་གཞི་དག་པ་བདེ་གཤེགས་སྙིང་པོ་བསྟན་པ་ཡིན་ལ། དེའི་དབང་དུ་བྱས་ནས། ཐེག་བསྡུས་སུ་ཡང་། ཀུན་གཞི་ལ་དག་པ་དང་མ་དག་པ་གཉིས་སུ་བྱས་ནས་དག་པ་བ་ལ་མིང་ཐོས་པའི་བག་ཆགས་ཅེས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྐུའི་ཉེར་ལེན་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་གྲོལ་གྱི་སྐུའི་རྒྱུར་གྱུར་པ། དེ་ནི་ཀུན་གཞི་མ་ཡིན་པར་ཀུན་གཞིའི་གཉེན་པོ་ཡིན་པར་གསུངས་པ་ཡིན་ནོ། །དེ་ལྟ་བུའི་ཀུན་གཞི་དག་པ་ཡེ་ཤེས་ཀྱི་ཆ་དེ་ལ་ཐོག་མ་མེད་དེ། ཐོག་མ་ཐ་མ་ལ་སོགས་པ་ནི་རྣམ་པར་རྟོག་པས་བཏག་པ་ཡིན་ལ། དོན་དམ་པའི་རྟེན་འབྲེལ་ནི་རྟག་ཆད་དང་བྲལ་བ་ཡིན་པས་ཐོག་མཐའ་མེད་པ། ཀུན་གཞིའི་རྣམ་ཤེས་ནི། རྒྱུན་འཇུག་པ་ཡིན་པས་འདས་པའི་རིགས་འདྲ་དེ་བཞིན་གཤེགས་པས་ཀྱང་མི་མཁྱེན་པས་ཐོག་མ་མེད་ལ། དེ་ལ་ཐ་མ་ཡོད་པ་ཡིན་ཏེ། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཀུན་གཞིའི་ཡེ་ཤེས་ནི། སངས་རྒྱས་དང་སེམས་ཅན་ལ་སོགས་ལ་གཅིག་པ་དང་ཐ་དད་པར་བརྗོད་དུ་མེད་པས་ན་རྒྱ་ཆད་པ་མེད་ཅིང་རྟག་ཆད་དང་བྲལ་བ་ཡིན་པས་ཕྱོགས་ལྷུང་མ་མཆིས་ལ། ཀུན་གཞིའི་རྣམ་ཤེས་ནི་ལས་མཐུན་ལ་རྒྱ་ཆད་ཕྱོག་ལྷུང་མེད་པ་ཙམ་ཡིན་ནོ། །གཉིས་པ་ནི། རྒྱ་ཆད་ཕྱོགས་ལྷུང་མེད་པའི་སེམས་དེ་ཉིད་ཀྱི་རྣམ་རིག་ཙམ་གྱི་སྐད་ཅིག་མའི་རང་ངོ་མ་འགགས་པའི་རོལ་པ་ལས་ནི། ངོ་བོ་སྟོང་པ་ཉིད་ལ་མ་གཡོས་བཞིན་དུ་རང་བཞིན་ཏེ་རྣམ་པ་གསལ་བར་སྣང་བའི་སེམས་སྟོང་གསལ་དེ་ནི་འཁོར་འདས་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་ཞིང་། དེ་ལ་རྣམ་པའམ་འཛིན་སྟངས་ནི་གཙོ་བོར་རྣམ་ཤེས་བདུན་དང་འཁོར་སེམས་འབྱུང་ལྔ་བཅུ་རྩ་གཅིག་ལ་སོགས་པ་འགག་པ་མེད་པ་ཡིན་ལ། དེ་ཉིད་ནི་འཁོར་བའི་གནས་སྐབས་སུ་སེམས་ཡིད་རྣམ་ཤེས་གསུམ་དང་། སངས་རྒྱས་ལ་སྐུ་གསུམ་དང་ཡེ་ཤེས་བཞི་ལ་སོགས་པ་ཅིར་ཡང་འཆར་བ་ཡིན་ཏེ། ཆོས་དབྱིངས་བསྟོད་པ་ལས། ཉོན་མོངས་དྲ་བས་གཡོག་པ་ལས། །ཅེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་ཇི་ལྟར་འཁྲུལ་བའི་ཚུལ་ལ། ཀུན་གཞི་དང་དེ་ལ་བརྟེན་པའི་ཡིད་ཉོན་མོངས་ཅན་དང་བཅས་པ་དང་། ཚོགས་དྲུག་དང་ཕུང་པོ་ལྔའི་རིམ་པ་བསྟན་པ་གཉིས་ལས། དང་པོ་ནི། མ་རིག་པས་འཁྲུལ་པ་ཡིན་ལ། དེ་ལ་གང་མ་རིག་ན། སེམས་དེ་ཉིད་རང་གི་ངོ་བོ་གདོད་མ་ནས་དག་པ་དེ་རང་གི་རང་མ་རིག་པ་ཡིན་ཞིང་། སེམས་རང་གི་ངོ་བོ་ཡུལ་ཡུལ་ཅན་ལྟར་སྣང་བའི་མ་འགག་པའི་རྩལ་གྱིས་མ་རིག་པ་ཡིན་ལ། ཚུལ་ཇི་ལྟར་མ་རིག་ན། འདུ་བྱེད་ཡིད་ཀྱི་གཡོ་བ་རྒྱུ་རྐྱེན་ལྟར་སྣང་བའི་ཡིད་དང་། དེ་ལ་བརྟེན་ནས་ཉོན་མོངས་ཅན་དུ་བྱེད་པའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་མ་རིག་པ་སྐྱེ་ཞིང་། དེ་ལས་འདུ་བྱེད་ཀྱི་ལས་བསགས་པས་འཁོར་བ་གྲུབ་པ་ཡིན་ལ། དེས་ན་སེམས་མ་དག་པ་ནི་འཁོར་བའི་རྒྱུ་དང་ཡིད་གཉིས་པོ་ནི་རྐྱེན་ཡིན་ཞིང་། དེ་གཉིས་རྒྱུ་རྐྱེན་དུ་འགྱུར་བའི་ཚུལ་ཡང་། ཀུན་གཞི་ལས་ཡིད་དེས་ཆུ་རླབས་ལྟ་བུར་ཡང་དང་ཡང་དུ་གཡོས་ཤིང་འདུས་བྱས་པ་ལས་འཁོར་བ་འགྲུབ་པ་ཡིན་ལ། དེ་ལྟར་ཡིད་དེ་ལ་རྣམ་པ་གཉིས་སུ་མེད་པའི་ཚུལ་ཡང་། ཐེག་བསྡུས་ལས། ཡིད་ནི་རྣམ་པ་གཉིས་སྟེ། རྣམ་པར་ཤེས་པ་སྐྱེ་བའི་གནས་དང་། རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པར་བྱེད་པའི་ཡིད་ཏོ། །ཞེས་འབྱུང་བ་ལྟར་ཀུན་གཞི་ལས་ཚོགས་དྲུག་སྐྱེ་བའི་གནས་སུ་གྱུར་པའི་ཡིད་དང་། ཉོན་མོངས་པ་བཞི་དང་འབྲེལ་བའི་འདི་ཉིད་ཡོད་ལ། དེའི་ཡིད་སྔ་མ་ནི་དཀར་པོའི་ཆོས་དང་འགྲོགས་པ་ལས་སངས་རྒྱས་ཀྱི་བྱང་ཆུབ་ཏུ་འགྱུར་ཞིང་། ཉོན་མོངས་པ་བཞི་དང་། ལས་འཁོར་བའི་རྒྱུར་འགྱུར་བ་ཡིན་ལ། རྣམ་ཤེས་ཚོགས་བརྒྱད་དུ་བྱེད་པའི་ཚེ་ཡིད་གཉིས་གཅིག་ཏུ་བྱས་ནས་ཉོན་ཡིད་ཅེས་བརྗོད་པ་ཡིན་ཞིང་། དྲུག་པོ་འགག་མ་ཐག་པ་ཡིད། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཅེས་པའི་ཡིད་དེ་ཡང་སྔ་མ་དེ་ལ་བྱེད་དགོས་ཏེ། དྲུག་པོ་འགག་ཙམ་དེ་ནི་འགགས་པ་ཡིན་པས་རྒྱུར་མི་རུང་ལ། རྣམ་པར་ཤེས་པ་སྔ་མ་འགག་པ་ལས་ཕྱི་མ་སྐྱེ་བ་ཡིན་ན་ནི་རྒྱུ་འབྲས་རིགས་མི་མཐུན་དུ་འགྱུར་བའི་ཕྱིར་དང་། ཆུ་ལས་རླབ་ལྟར་ཀུན་གཞི་ལས་ཚོགས་དྲུག་ཐིམ་ཞིང་སླར་ལྡང་བའི་ཚུལ་ཡང་ཁོང་དུ་མི་ཆུད་པའི་ཕྱིར་རོ། །གཉིས་པ་ནི། དོན་སོགས་ཚིག་བཅད་གཉིས་ཀྱི་སྟོན་ནོ། །དོན་གཟུགས་སོགས་ཡུལ་དྲུག་དང་། འཛིན་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་ཤེས་དྲུག་པོ་གཉིས་དོན་ལ་ཐ་དད་མེད་ཀྱང་། ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གི་གཉིས་སུ་སྣང་བའི་ཤེས་པ་སྐྱེ་ལ། ཤེས་པའི་ཆ་ཡུལ་རང་གི་རང་ལ་རྣམ་པར་གཏད་ཅིང་བཟུང་བ་ལས་ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་རྟེན་འབྲེལ་ལས་སྣང་བ་སྐྱེ། དེ་ནས་སྣང་བ་དེ་ཡུལ་མཆེད་པའི་མཆེད་པ་སྐྱེ། དེ་རྣམ་པར་རྟོག་པ་དང་འབྲེལ་པ་ལས་ཡུལ་ལ་ཐོབ་པ་སྐྱེ་བ་ཡིན་ལ། ཚོགས་དྲུག་གི་སྣང་བ་སྐད་ཅིག་མ་དེའི་རང་ངོ་ལ་འཁྲུལ་པ་མེད་ཀྱང་། སྐད་ཅིག་མ་དེ་ལས་མུ་མཐུད་ནས་ཡིད་དེ་ཕྱིར་འགྱུས་པའི་སྣང་ཆ་ལས། ཡུལ་དེ་ཉིད་ལ་དོན་དུ་བཟུང་བ་འབྱུང་ཞིང་། དེ་ལས་རྣམ་ཤེས་ཚོགས་དྲུག་འབྱུང་བ་ཡིན་ནོ། །དོན་རྣམ་པར་འབྱེད་པའི་རྟེན་འབྲེལ་གྱི་ངོ་བོ་ཕུང་པོ་ལྔའི་གྲུབ་རིམས་ནི། སྔར་བཤད་པའི་སེམས་དེ་ཉིད་རྣམ་པར་ཤེས་པ་དང་། འདུ་བྱེད་ཡིད་ཀྱི་གཡོ་བ་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ལ། དེ་ལས་ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་ཐོབ་པ་དེས་བདེ་སྡུག་བར་མ་གསུམ་ཉམས་སུ་མྱོང་བའི་ཡུལ་ཡིད་དུ་འོང་བ་ལ་བླང་བྱ། ཡིད་དུ་མི་འོང་བ་ལ་དོར་བྱ་དང་། བར་མ་ལ་བཏང་སྙོམས་བྱེད་པའི་ཚོར་བ་སྐྱེ་ཞིང་། དེ་ལས་ཡུལ་དེ་ལ་ངོ་བོ་དང་ཁྱད་པར་གྱི་མཚན་མར་འཛིན་པའི་འདུ་བྱེད་སྐྱེ། འདུ་བྱེད་དེས་འདུས་བྱས་པའི་ཡུལ་སྣང་བ་གཞན་དུ་བརྟག་ཅིང་མངོན་པར་ཞེན་པ་ལས་གཟུགས་ཀྱི་ཕུང་པོ་གྲུབ་པ་ཡིན་ལ། མདོར་ན་ཕྱི་ནང་གི་ཆོས་ཐམས་ཅད་རྣམ་ཤེས་ཚོགས་བརྒྱད་དུ་འདུས་ཤིང་། དེ་ཕུང་ཁམས་སྐྱེ་མཆེད་རྣམས་སུ་བྱེད་པའི་ཚེ་དུ་མ་སྤུང་པ་ལས་ཕུང་པོ་དང་། བྱེད་པ་པོ་དོན་གཞན་མེད་ཅིང་རང་གི་མཚན་ཉིད་འཛིན་པས་ན་ཁམས་ཏེ་བཅོ་བརྒྱད་ཀྱི་དབྱེ་བ་དང་བཅས་པ་དང་། རྣམ་པར་ཤེས་པ་སྐྱེ་བའི་སྒོ་ཡིན་པས་ན་སྐྱེ་མཆེད་དེ། དེ་ལ་བཅུ་གཉིས་ཀྱི་དབྱེ་བ་ཡོད་པ་རྣམས་ཡིན་ནོ། །གསུམ་པ་རྒྱུ་རྐྱེན་གྱི་དབྱེ་བ་ལ་རྒྱུ་དྲུག་དང་རྐྱེན་བཞི་ལས། དང་པོ་རྒྱུ་དྲུག་ནི། ཁམས་སོགས་རྐང་པ་གཉིས་ཀྱི་སྟོན་ཏེ། དེ་ཡང་ས་ལ་སོགས་པའི་ཁམས་ལྔ་དང་། རྣམ་པར་ཤེས་པའི་ཁམས་ཏེ་དྲུག་པོ་ནི་ཕྱི་ནང་གི་ཆོས་རྣམས་ཀྱི་རྒྱུ་ཡིན་ཞེས་དོན་མཐུན་གྱི་རྟོག་པས་ཐ་སྙད་བྱས་པ་ཡིན་ལ། ས་ལ་སོགས་པའི་ངོ་བོ་ནི་སྲ་བ་སོགས་དང་། བྱེད་ལས་ནི་བརྟན་པ་སོགས་ཡིན་ནོ། །གཉིས་པ་ནི། དེའི་བག་ཆགས་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་། ཕྱི་ནང་གིས་ཆོས་རྣམས་ཀྱི་བག་ཆགས་ཀུན་གཞི་ལ་བསགས་པའི་ས་བོན་ཐམས་ཅད་པ་ལ་ནི་རྒྱུའི་རྐྱེན་ཞེས་བྱ་སྟེ། དེ་མེད་ན་སྣོད་བཅུད་རྣམས་སྣང་བར་བྱེད་པའི་རྒྱུ་གཞན་མེད་པའི་ཕྱིར་རོ། །བདག་པོའི་རྐྱེན་ནི་བར་དུ་སྣང་བའི་མིག་ལ་སོགས་པའི་དབང་པོ་ལྔ་དང་ཡིད་དེ་དྲུག་པོ་ཡིན་ལ། བར་དུ་སྣང་བའི་ཚུལ་ཡང་། འབྱུང་བ་ཆེན་པོ་བཞི་རྒྱུར་གྱུར་པས་ནང་གཟུགས་ཅན་དང་། མཚན་གཞི་ནི་མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ་ལ་སོགས་པའི་ནང་གི་བདག་ཉིད་ཀྱི་དང་བའི་རྡུལ་ཡིན་ལ། སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སོགས་པ། མིག་ཤེས་སྔ་མའི་སྟེང་ན། མིག་གཟུགས་ལ་འཇུག་པའི་ནུས་པ་ཁྱད་པར་བ་ཡོད་པ་ལ་མིག་དབང་ལ་སོགས་པར་འདོད་པ་ཡང་ཡོད་དོ། །ཡིད་ཀྱི་དབང་པོ་ནི། ཚོགས་དྲུག་སྐྱེ་བའི་གནས་སུ་གྱུར་པའི་ཡིད་དེའི་སྟེང་ན་མིག་ཤེས་ཡུལ་ལ་འཇུག་པ་ལ་སོགས་པའི་ནུས་པ་ཁྱད་པར་ཅན་ཡོད་པ་ལ་བྱེད་པ་ཡིན་ནོ། །དམིགས་རྐྱེན་ནི། གཟུགས་ལ་སོགས་པའི་ཡུལ་ལྔ་དང་། རྣམ་ཤེས་ཏེ་དྲུག་ཡིན་ལ། དེ་ཡང་གཟུགས་ལ་ཁ་དོག་དང་དབྱིབས་ལ་སོགས་པའི་དབྱེ་བ་དང་། རྣམ་ཤེས་ལ་འདུས་བྱས་དང་མ་བྱས་སུ་ཕྱེ་བ་རྣམས་ཡིན་ལ། དེ་མ་ཐག་པའི་རྐྱེན་ནི། རྣམ་པར་ཤེས་པ་གང་དང་གང་འགག་པའི་དེ་མ་ཐག་པའི་ཡིད་རྣམ་ཤེས་སྐྱེ་བའི་གནས་དེ་ཡིན་ཏེ། འགག་མ་ཐག་པ་ནི་མེད་དགག་ཡིན་པ་སོགས་སྔར་བཤད་པར་ལྟར་རོ། །བཞི་པ་གནས་སྐབས་གསུམ་གྱི་དབྱེ་བ་ལ། མ་དག་པའི་གནས་སྐབས། གཉིས་ལྡན་གྱི་གནས་སྐབས། ཤིན་ཏུ་རྣམ་དག་གི་གནས་སྐབས་དང་གསུམ་ལས། དང་པོ་ནི། དེ་ལྟར་རྒྱུ་རྐྱེན་སོགས་ཚིག་བཅད་གཉིས་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་། དེ་ལྟར་ངོ་བོ་རྣམ་པར་འབྱེད་པའི་རྒྱུ་རྐྱེན་རྟེན་འབྲེལ་ལས། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པའི་འཁོར་འདས་ཀྱི་ཆོས་ཀུན་བསྐྱེད་རིམས་དང་སྡུད་རིམས་དུ་སྣང་བར་འགྱུར་ཞིང་། སྐྱེད་རིམས་ལས་འཁོར་བ་དང་། སྡུད་རིམས་ལས་མྱང་འདས་སུ་འགྱུར་བ་ཡིན་ཏེ། བསྐྱེད་རིམ་དུ་འབྱུང་ཚུལ་ཡང་། མ་རིག་པས་འདུ་བྱེད་ཀྱི་ལས་བསགས་པ་ཀུན་གཞི་ལ་བགོས་པ་ལས་རྣམ་ཤེས་ནས་ཚོར་བའི་བར་འགྲུབ་ལ། དེ་ནས་སྐྱེ་བ་སྤྱིར་གྲུབ་པ་སྲེད་པ་དང་། བྱེ་བྲག་ཏུ་འགྲུབ་པ་ལེན་པས་འཚམས་སྦྱར་ནས་སྲིད་པ་འགྲུབ་པ་ལ། སྲིད་པ་དེ་ལས་གཟུགས་མེད་ཁམས་འདོད་པའི་ཁམས་རྣམས་ཡིན་པ་ལས་དེ་དག་ཡང་། རིམ་པ་བཞིན་གཟུགས་མེད་པ་ནི་གཟུགས་དང་འདོད་པའི་སྣང་བ་འགག་པས་ན་མཚན་འཛིན་ཆུང་ངུ་དང་། གཟུགས་ཁམས་ནི་འདོད་པ་ལ་ཆགས་པ་དང་བྲལ་ཞིང་བསམ་གཏན་ལ་གནས་པས་ན་མཚན་འཛིན་འབྲིང་དང་། འདོད་ཁམས་ནི་འདོད་ཡོན་ལྔ་ལ་ཁ་ཕྱིར་བལྟས་ཀྱི་རྣམ་རྟོག་དང་ལྡན་པས་ན་མཚན་འཛིན་ཆེན་པོ་ཡིན་ལ། དེ་ལྟར་ཁམས་གསུམ་པོ་ཐམས་ཅད་ཀྱང་སེམས་སུ་རོ་གཅིག་པར་མ་ཤེས་པར་བླང་དོར་དུ་རྟོག་པ་ཡིས། །དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་པ་དང་རྣམ་པ་གསུམ་གྱི་རྐྱེན་ལས་ནི། དགེ་བ་ཆུང་ངུས་འདོད་པ། མི་དགེ་བས་ངན་འགྲོ་དང་། རྒྱུ་སྙོམས་འཇུག་གི་བསམ་གཏན་གྱི་གཟུགས་དང་། ལྷག་མཐོང་དང་བྲལ་བའི་ཞི་གནས་ཕྱོགས་གཅིག་པས་གཟུགས་མེད་འགྲུབ་ཅིང་། དེ་ལྟར་འབྲས་བུ་བསྐྱེད་པ་ཡང་ཉོན་མོངས་པ་ཅན་གྱི་ཡིད་དང་མ་བྲལ་བས་ན་སེམས་ཉིད་མ་དག་པའི་གནས་སྐབས་ཡིན་ནོ། །གཉིས་པ་ནི། དྲི་མ་དེ་ཉིད་སོགས་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་། སེམས་ཀྱི་རང་བཞིན་དྲི་མ་མེད་པ་དེ་ཉིད་ལ། ཉོན་མོངས་ཤེས་བྱ་སྙོམས་འཇུག་སྟེ་ཐེག་པ་སྤྱི་སྐད་ལ་གྲགས་པའི་སྒྲིབ་པ་གསུམ་དང་། གསང་སྔགས་ལས་བཤད་པའི་འཕོ་བའི་བག་ཆགས་རྣམས་ཀྱི་བསྒྲིབ་ཀྱང་། སྒྲིབ་པ་དེ་གློ་བུར་བ་ཡིན་པས་གནས་ཚུལ་ལ་མ་ཞུགས་ཤིང་འབྲལ་རུང་ཡིན་པར་ཤེས་ནས། ཐེག་དམན་གྱི་ལམ་གཉིས་དང་། ཐེག་པ་ཆེན་པོའི་ལམ་སེམས་བསྐྱེད་དང་། ཐེག་པ་ཆེན་པོའི་ཡང་ཆེན་པོའི་ལམ་བསྐྱེད་རྫོགས་གཉིས་ཀྱི་ཐབས་དང་བཅས་པས་སྦྱོང་བ་ཡིན་ལ། དེ་ལྟར་ལམ་ལྔ་དང་ས་བཅུའི་གནས་སྐབས་ཀྱི་བདེ་གཤེགས་སྙིང་པོ་དེ་ལ་ལམ་པ་ཅེས་བྱ་བར་རྒྱལ་བས་སྙིང་པོའི་མདོ་རྣམས་དང་གསང་སྔགས་སུ་གསུང་། དེ་ཡང་དག་ལ་མ་དག་པའི་གནས་སྐབས་ཡིན་ཏེ། ཉན་རང་གི་ལམ་དུ་བདག་མེད་ཕྱེད་གཉིས་ཀྱི་དག་ཅིང་ལྷག་མ་རྣམས་ཀྱི་མ་དག་ལ། ས་དང་པོར་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཀྱི་དག་ཅིང་ལྷག་མ་གཞན་རྣམས་ཀྱི་མ་དག་ལ། ས་བརྒྱད་པར་མཚན་རྩོལ་གྱི་དག་ཅིང་ལྷག་མས་མ་དག་པ་དང་། ས་བཅུ་པར་སྒྲིབ་པ་གསུམ་དང་འཕོ་བའི་བག་ཆག་ཕྲ་ཞིང་ཕྲ་བས་མ་དག་པ་ཡིན་ནོ། །གསུམ་པ་ནི། དྲི་མེད་དག་པ་སོགས་ཚིག་རྐང་པ་གཉིས་ཀྱི་སྟོན་ཏེ། དེ་ཡང་། རང་བཞིན་གྱི་དྲི་མ་མེད་པ་དང་གློ་བུར་སྒྲིབ་བྲལ་གཉིས་ལས། དང་པོའི་དབང་དུ་བྱས་པ་དེའི་ཕྱིར་ན་འགྲོ་ཀུན་སངས་རྒྱས་ཉིད་དུ་བརྗོད་པ་ཡིན་ཏེ། བདེ་གཤེགས་སྙིང་པོ་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་སོགས་དང་། བྲམ་ཟེ་ཆེན་པོས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །ཞེས་སོགས་དང་། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་གསུངས་ལ། རང་བཞིན་རྣམ་དག་གི་ངོས་ནས་དེ་ལྟར་ཡིན་ཡང་། འོན་ཀྱང་གློ་བུར་དྲི་མས་བསྒྲིབ། དེ་བསལ་ནས་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར་གློ་བུར་དྲི་མས་དག་པའི་དག་པ་གཉིས་ལྡན་དེ་ཉིད་ཤིན་ཏུ་རྣམ་དག་གི་སངས་རྒྱས་ཅེས་བྱ་བ་ཡིན་ནོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས། གཞི་བདེ་བར་གཤེགས་པའི་སྙིང་པོ་མདོར་བསྟན་པ་དང་། དེ་ལས་འཁོར་བ་འགྲུབ་པའི་རྒྱུ་རྐྱེན་སྤྱིར་བསྟན་པའི་ལེའུ་དང་པོ་རྣམ་པར་བཤད་པའོ། །དེ་ལྟར་སེམས་དངོས་པོའི་གནས་ལུགས་ནི། ཆོས་ཅན་དང་ཆོས་ཉིད་ཀྱི་སེམས་གཉིས་སམ། རང་བཞིན་དང་རྣམ་འགྱུར་གྱི་སེམས་གཉིས་སམ། རྣམ་ཤེས་དང་ཡེ་ཤེས་ཀྱི་སེམས་གཉིས་ཀྱི་སྒོ་ནས་བསྟན་ཟིན་ནས། དུམ་བུ་གཉིས་པ་བྱེ་བྲག་ཏུ་ལུས་གྲུབ་པའི་ཚུལ་ནི། སྤྱིར་འཁོར་འདས་གཉིས་རྒྱུད་གཅིག་པར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཡང་གསུངས་ཏེ། འཁོར་བ་དང་ནི་མྱ་ངན་འདས། །གཉིས་སུ་ཡོད་པ་མ་ཡིན་ཏེ། །འཁོར་བའི་རང་བཞིན་ཤེས་པ་ལས། །མྱ་ངན་འདས་ཅེས་བརྗོད་པ་ཡིན། །ཞེས་གསུངས་ལ། སྔགས་སུ་ནི་རྡོ་རྗེ་རྩེ་མོའི་རྒྱུད་ལས། རྒྱུད་ནི་རྒྱུན་ཆགས་ཅེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཞེས་འཁོར་འདས་རྒྱུད་གཅིག་ཏུ་གསུངས་ཤིང་། རང་བཞིན་གྱི་དབང་དུ་བྱས་ན་ཀྱཻ་རྡོ་རྗེར། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །ཅེས་གསུངས་ལ། འོ་ན་འཁོར་འདས་གཉིས་སུ་འགྱུར་བའི་རྒྱུ་རྐྱེན་ཅི་ཞེ་ན། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཏེ། །རྨོངས་མེད་འཁོར་བ་དག་པ་ཉིད། །འཁོར་བ་ཉིད་ནི་མྱ་ངན་འདས། །ཅེས་གསུངས་པ་ན་འཁོར་བ་ཉིད་ཅེས་པ་ནི་རང་བཞིན་ཡིན་པས་དེ་ནི་འཁོར་བ་བྱས་པས་ངན་དུ་མ་སོང་ཞིང་། མྱ་ངན་ལས་འདས་པ་བྱས་པས་བཟང་དུ་མ་སོང་བར་འཕོ་འགྱུར་མེད་པར་གནས་པ་ཡིན་ལ། གང་ལས་རྨོངས་པར་འགྱུར་བ་ནི་རྟེན་གྱི་གཞན་དབང་ལས་ཡིན་པས། སེམས་དེ་རྟེན་ཁུ་རྡུལ་རླུང་གསུམ་དང་འགྲོག་པ་དེ་ལ་ཕྲ་བའི་ལུས་ཅེས་བྱ་ཞིང་། དེ་ཉིད་དུས་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མ་གཏོགས་པ་གང་གིས་ཀྱང་གཞིག་པར་མི་ནུས་པས་ན། དེ་ལ་རྣམ་ཤེས་ཀྱི་མི་ཤིག་པའི་ཐིག་ལེ་ཞེས་བྱ་ལ། དེ་ཡང་རྡུལ་གྱི་བཟུང་བའི་ཡུལ་དང་། ཁུ་བས་འཛིན་པ་ཡུལ་ཅན་བསྐྱེད་ཅིང་། དེ་གཉིས་རླུང་གི་དབྱེས་ཕྱེ་བ་ལ་བརྟེན་ནས་ཆགས་སྡང་རྨོངས་གསུམ་དང་། དེ་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་རིམ་པས་འཁོར་བ་འགྲུབ་པ་ཡིན་ལ། དེ་ལྟ་བུའི་ཕྲ་བའི་ལུས་དེ་ཡང་རག་པའི་ལུས་ལ་བརྟེན་པ་ཡིན་པས་ན་རྟེན་ལུས་ཀྱི་བྱེད་པ་བཅིངས་པ་ལས་བརྟེན་པ་སེམས་ཀྱི་དེ་ཁོ་ན་ཉིད་མངོན་དུ་འགྱུར་བ་རྡོ་རྗེ་ཐེག་པའི་ཁྱད་ཆོས་ཡིན་ལ། ལུས་ཀྱི་བྱེད་པ་འཆིང་བ་ཡང་། ལུས་འགྲུབ་པའི་ཚུལ་ཤེས་པ་ལ་རག་ལས་པས་ན་དེ་བཤད་པར་བྱ་སྟེ། དེ་ལ་ཡང་མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བ་གསུམ་གྱི་དང་པོ་ནི། ལུས་ནི་འགྲུབ་པའི་ཚུལ་བཤད་པ། །ཅེས་སོགས་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་ཁམས་གསུམ་གྱི་ས་གང་དང་གང་དུ་སྐྱེ་འགྱུར་གྱི་ལས་ཀྱི་བག་ཆགས་ཀྱི་གོས་པའི་ཀུན་གཞི་ལུང་དུ་མ་བསྟན་པ་དེ་ཉིད་འདུ་བྱེད་ཀྱི་ཡིད་ཀྱི་གཡོ་བ་སྲེད་པའི་མཚན་ཉིད་ཅན་གྱི་ཁ་དྲང་ནས་ཁམས་གསུམ་དུ་སྐྱེ་བར་ཉིང་འཚམས་སྦྱོར་ལ། དེའི་འདུ་བྱེད་ཡིད་ཀྱི་གཡོ་བ་དེ། རྡོ་རྗེ་ཐེག་པ་འདིར་སྲོག་གི་རླུང་ཞེས་བྱ་སྟེ། སྐྱེས་བུའི་སྲོག་འཛིན་པར་བྱེད་པ་དང་ཡང་ཞིང་གཡོ་བ་ཡིན་པའི་ཕྱིར་རོ། །དེའི་དབང་དུ་བྱས་ནས། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། སྙིང་པོར་གྱུར་པ་རང་སྲོག་ལས། ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མ་རླུང་གི་ཁམས་གསུམ་པ། །རྨི་ལམ་རྨི་བ་བཞིན་དུ་སྣང་། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། ཁམས་གསུམ་གྱི་སྐྱེ་བ་འགྲུབ་པའི་ཚུལ་སྤྱིར་བཤད་པ་དང་། སྔགས་ཀྱི་སྦྱངས་གཞི་མིའི་ལུས་འགྲུབ་པའི་ཚུལ་བྱེ་བྲག་ཏུ་བཤད་པ་ལས། དང་པོ་ལ་ཡང་གཟུགས་མེད། གཟུགས་འདོད་པ་གསུམ་གྱི། དང་པོ་ནི། འདུ་ཤེས་བཅས་པའི་རྣམ་ཤེས་ཀྱི། །ཅེས་སོགས་ཚིགས་བཅད་གཅིག་གི་སྟོན་ཏེ། དེ་ཡང་གཟུགས་མེད་ཀྱི་འདུ་ཤེས་ཀྱི་ཡིད་འབྱུང་བས་ཕྱེ་བ་ཡིན་པས་དེང་བཅས་པའི་ཀུན་གཞིའི་རྣམ་ཤེས་ཀྱི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། སོགས་པ་དེ། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་རྣམས་ཀྱི་སྙོམས་འཇུག་ཡུལ་དུ་བྱས་ནས། དེ་དང་དེའི་དངོས་པོའི་གསལ་སྣང་ཐོབ་ན་དེ་དང་དེར་སྐྱེ་བ་ཡིན་ལ། དེ་རྣམས་ལ་གཟུགས་མེད་ཅེས་བྱ་བ་ཡང་། དེར་སྐྱེས་པའི་འཕགས་པ་མ་གཏོགས་པ་རྣམས་ནི་ཉོན་ཡིད་ང་རྒྱལ་ཙམ་གྱི་ཡིད་ལུས་སོ། །འོ་ན་ཡིད་ལུས་ཡིན་ན་གཟུགས་མེད་པར་བཤད་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ་གཟུགས་མེད་པར་བཤད་པ་ནི་རྡུལ་ཕྲན་ཚོགས་པའི་ལུས་རག་པ་མེད་པ་ལ་དགོངས་པ་ཡིན་གྱིས། ཕྲ་བའི་ལུས་ཡོད་པར་ནི་མདོ་སྔགས་གཉིས་ཀ་ལས་གསུངས་ལ། གཟུགས་མེད་འདིར་འཕགས་པ་སྐྱེ་བ་ཡང་ཡོད་ཅིང་། འཕགས་པ་རྣམས་བསམ་བཞིན་དུ་སྐྱེ་བ་ལེན་པ་ནི་མེད་དེ། ནམ་ཏིང་ངེ་འཛིན་དེ་ལས་གཞན་དུ་འཕོ་བ་ན་རྣམ་པར་རྟོགས་པ་ན་གཞན་འབྱུང་བས་འཆི་བའི་ཐ་སྙད་བྱས་སོ། །གཉིས་པ་གཟུགས་ནི། བསམ་གཏན་བཞི་བསྟན་གང་སྐྱེ་བ། ཅེས་སོགས་རྐང་པ་གསུམ་གྱི་རྟེན་ཏེ། དེ་ཡང་ཀུན་གཞི་སྲོག་རླུང་དང་བཅས་པ་དེ་འདྲེན་པར་བྱེད་པའི་བསམ་གཏན་བཞི་པའི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ལ་བརྟེན་ནས། དེ་རྣམས་ཀྱི་འབྲས་བུ་སྐྱེ་བའི་བསམ་གཏན་ལ་གསལ་སྣང་ཆུང་འབྲིང་ཆེ་གསུམ་ཐོབ་པ་ལས་ཚང་རིས་ནས་འབྲས་བུ་ཆེ་བའི་བར་གྱི་གནས་གཞན་རྣམས་སུ་སྐྱེ་ཞིང་། བསམ་གཏན་དེ་ཟག་མེད་ཀྱི་ཤེས་རབ་དང་འབྲེལ་བ་ལས་གཙང་གནས་རྣམས་སུ་སྐྱེ། འདུ་ཤེས་མེད་པའི་གནས་གཞན་ནི་ལོགས་སུ་མི་བགྲང་སྟེ། འབྲས་བུ་ཆེ་བ་དང་གྲོང་དང་དགོན་པའི་ཚུལ་དུ་གནས་པ་ཡིན་པས་ས་དེ་དག་ནི་འདོད་པ་ལས་གྱེན་དུ་འཕགས་པ་དང་གཟུགས་ཀྱི་ང་རྒྱལ་དང་ལྡན་པས་ན་གཟུགས་ཁམས་ཡིན་ཞིང་། སྤངས་པ་ཡང་། འདོད་སྲེད་རག་པ་སྟེ་མངོན་དུ་གྱུར་པ་བཅོམ་པ་ཡིན་ལ། སྐྱེ་བ་ནི་སྐྱེ་གནས་བཞི་ལས་བརྫུས་སྐྱེས་ཏེ་ཀུན་རྫོབ་ཀྱི་ལུས་གོས་དང་བཅས་པ་ཡིད་ཞི་གནས་ཀྱི་འཁྱུད་པའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ཅུང་ཟད་མི་གསལ་བ་ཡིན་ནོ། །སྔགས་ཀྱི་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན། ནམ་མཁའ་རླུང་མེ་ཆུ་དང་ས། །ཅེས་སོགས་རྐང་པ་བདུན་གྱི་སྟོན་ཏེ། དེ་ཡང་ནམ་མཁའ། རླུང་མེ་ཆུ་ས་རྣམས་ལ། ནམ་མཁའི་རླུང་ནམ་མཁའི་མེ། ནམ་མཁའི་ཆུ། ནམ་མཁའི་སས་ཕྱེ་བ་བཞིན་དུ་སའི་འབྱུང་ཆུང་བཞི་བཞིས་ཕྱེ་བའི་འཛག་པའི་དབང་ལས་གཟུགས་བཅུ་དྲུག་དང་གཟུག་མེད་བཞི་སྟེ་གནས་གཞན་ཉི་ཤུར་སྐྱེ་བ་ཡིན་ལ། འཛག་པའི་གོ་རིམ་ཡང་། ནམ་མཁའི་རླུང་གི་འཛག་པས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་སྐྱེ་བ་ནས། སའི་འཛག་པས་ཚང་རིས་སུ་སྐྱེ་བའི་བར་ཡིན་ཞིང་། ཇི་ལྟར་འཛག་པ་ཡང་། ཁུ་བ་འཕོ་བ་ལྟ་བུའི་འཛག་པ་ནི་མ་ཡིན་གྱི། གཟུགས་མེད་རྣམས་ཀྱང་ནམ་མཁའ་བསྡུས་པའི་ཁུ་རྡུལ་རླུང་གསུམ་ཡོད་པས། དེའི་ཁུ་རྡུལ་གཉིས་རླུང་གི་དབྱེས་ཕྱེ་བ་ལས་བཟུང་འཛིན་དུ་འཛག་པ་སོགས་ཡིན་ལ། ཁམས་དེ་དག་ཇི་ལྟར་ལྡན་པའི་ཚུལ་ལ་ཡང་། །གཟུགས་མེད་ན་ནམ་མཁའི་ཁམས་གཅིག་པུ་དང་ལྡན་པ་ནས། བསམ་གཏན་དང་པོ་ཁམས་ལྔ་དང་ལྡན་པའི་བར་ཡིན་ཞིང་། དེ་དག་དུ་སྐྱེ་བ་ཡང་རྟེན་འབྲེལ་བཅུ་གཉིས་ཀྱི་རིམས་པས་སྐྱེ་བ་ཡིན་པ་ལས། དེའི་མ་རིག་པ་དེ་ལ་རྩ་བའི་མ་རིག་པ་དང་། ལས་ཀུན་ནས་སློང་བའི་མ་རིག་པ་གཉིས་ལས། སྔ་མ་ནི་སྔར་བཤད་པའི་འཛག་པ་དེ་ཉིད་ཡིན་ལ། ཕྱི་མ་འཛག་པ་དེ་ལས་ཆགས་སྡང་རྨོངས་གསུམ་དུ་སྐྱེ་བ་དེ་ཡིན་ནོ། །གནས་གཞན་དེ་དག་གི་བཀོད་པ་ལ་སོགས་པ་ནི་དྲན་པ་ཉེ་བར་བཞག་པའི་འགྲེལ་པར་བལྟ་བར་བྱའོ། །གསུམ་པ་འདོད་ཁམས་ནི། འདོད་ཁམས་རིགས་དྲུག་ཐམས་ཅད་ཀྱང་། །ཞེས་སོགས་ཚིག་བཅད་གཉིས་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པའི་ཕྱིར་འདོད་ཁམས་ཅེས་བྱ་ལ། དེ་ཡང་ངན་འགྲོ་གསུམ་དང་། བདེ་འགྲོ། མི། ལྷ་མིན། འདོད་པའི་ལྷ་གསུམ་སྟེ་རིགས་དྲུག དེ་ཐམས་ཅད་ཀྱང་ཡེ་ཤེས། ནམ་མཁའ། རླུང་། མེ། ཆུ། ས་སྟེ་ཁམས་དྲུག་དང་ལྡན་པ་ཡིན་ཞིང་། ལུས་རྟེན་གྱི་བོངས་ཚད་ཀྱང་གཅིག་ཏུ་མ་ངེས་སྟེ། ཕྲ་བ་སྲིན་བུ་ནས། རག་པ་འདོད་པའི་ལྷའི་བར་དུ་ཡོད་སྐྱེ་གནས་ཀྱང་བཞི་དང་ལྡན་པ་ཡིན་ལ། དེ་ལ་མི་མ་གཏོགས་པ་གཞན་རྣམས་ལས་ངན་སོང་གསུམ་ནི་དགེ་བའི་བློ་འབྱུང་བ་དཀོན་ཞིང་། མི་དགེ་བའི་ལས་ཀྱི་འབྲས་བུ་ཚན་པོ་ཆེ་ལ་སྤྱོད་པས་ན་མི་ཁོམ་པའི་གནས་ཡིན་ཞིང་། འདོད་པའི་ལྷ་དང་ལྷ་མིན་དང་སྒྲ་མི་སྙན་པ་གསུམ་ནི་བསོད་ནམས་གྱི་དངོས་འབྲས་ལ་ལོངས་སྤྱོད་པ་ཡིན་པས་གཉེན་པོ་སྟོབས་ཆེན་བསྐྱེད་པའི་རྒྱུ་དམན་ཏེ། དེས་ན་སོ་སོ་ཐར་པའི་སྣོད་དུ་ཡང་མི་རུང་ལ། གཞན་གླིང་གསུམ་དུ་སྐྱེས་པའི་ཁམས་དྲུག་ལྡན་ནི། སྤྱིར་སངས་རྒྱས་ཉིད་ཀྱི་བསྟན་པ། བྱེ་བྲག་དུ་སོ་སོ་ཐར་པའི་སྣོད་རུང་ཡིན་ཞིང་། དེ་ལས་ཀྱང་མཆོག་ཡིན་པ་ནི་འཛམ་བུའི་གླིང་འདིར་ལེགས་པར་སྐྱེས་པ་རྣམས་ཏེ། སོ་སོ་ཐར་པ་ནས་རྡོ་རྗེ་ཐེག་པའི་བར་གྱི་བསྟན་པ་མཐའ་དག་གི་སྣོད་རུང་ཡིན་ལ། དེས་ན་སངས་རྒྱས་རྣམས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་ཡང་གླིང་འདི་ཉིད་དུ་སྟོན་ཞིང་། བྱང་ཆུབ་བསྒྲུབ་པ་ལ་སོགས་དགེ་བ་དང་མི་དགེ་བའི་ལས་ཐམས་ཅད་སྟོབས་དང་ལྡན་པ་ཡིན་པས་ན་ལས་ཀྱི་ས་རབ་ཏུ་གྲགས་སོ། །གཉིས་པ་མིའི་སྐྱེ་བ་གྲུབ་པའི་ཚུལ་བྱེ་བྲག་ཏུ་བཤད་པ་ལ། བསྐལ་པ་དང་པོའི་མིའི་སྐྱེ་བ་འགྲུབ་པའི་ཚུལ་དང་། རྩོད་དུས་ཀྱི་མངལ་སྐྱེས་འགྲུབ་པའི་ཚུལ་གཉིས་ལས། དང་པོ་ནི། གསང་འདུས་ཀྱི་ལྷག་མོས་ཀྱི་སྦྱང་གཞི་ཡིན་ཏེ་ཀུན་གཞིའི་སྟེང་ན་བསྐལ་པ་དང་པོའི་བག་ཆགས་ཡོད་ལ། དེས་ན་ཡུལ་འདིར་སྐྱེ་བ་འགྲུབ་ཚུལ་ནི། ཞེས་སོགས་ཚིག་བཅད་གཉིས་ཀྱི་སྟོན་ཏེ། དེ་ཡང་དང་པོར་བར་བསྐལ་གཅིག་ཏུ་སྣོད་ཀྱི་འཇིག་རྟེན་ཆགས་ནས་དེ་ནས་ཡུལ་འདིར་སྐྱེ་བ་འགྲུབ་པའི་ཚུལ་ནི། མི་ཐམས་ཅད་དང་པོར་བརྫུས་ཏེ་སྐྱེས་པ་ཡིན་ཞིང་། དེ་ཡང་གཟུགས་ཁམས་ཀྱི་འོད་གསལ་གྱི་ལྷ་བཞིན་དུ། ལུས་ཀྱི་འོད། ཚེ་དང་། བསོད་ནམས་དང་། བོངས་ཚད་དང་། སྟོབས་ལ་སོགས་པ་ཐམས་ཅད་ཕུན་ཚོགས་པ་ཡིན་པས་དེ་ལ་རྫོགས་ལྡན་གྱི་དུས་ཅེས་བྱ་ལ། དེ་ནས་གསུམ་ལྡན་སོགས་སུ་རིམ་གྱི་བྲི་བ་ཡང་། འདོད་པའི་ས་ཡིན་པའི་དབང་གི་ནང་དུ་སྲེད་པ་བྱུང་། དེའི་དབང་གི་དྲི་རོ་འཛིན་པའི་དབང་པོ་གྲུབ། དེ་ལས་དབང་པོའི་བདག་འབྲས་ཕྱི་རོལ་དུ་ས་མོ་ཞག་ཞེས་བྱ་བ་དྲི་དང་རོ་ཕུན་སུམ་ཚོགས་པ་བྱུང་ཞིང་། དེ་ལ་ཆགས་ནས་བསྣམས་ཤིང་མྱངས་པ་ལས། དབང་པོའི་བདག་འབྲས་ཡུལ་དུ་སྣང་བའི་རྣམ་ཤེས་ལ་དྲི་རོ་བཟང་བ་ལ་བླང་བྱ་དང་ངན་པ་ལ་དོར་བྱར་བྱས་ནས་བླང་དོར་བྱས་པ་ལས་ལུས་ཁམས་དེ་ཡང་རག་པ་དང་ལྕི་བ་ལ་སོགས་བྱུང་ཞིང་། དེ་ལ་རྟེན་ནས་ཕོ་མོའི་དབང་པོ་གྲུབ། དེའི་དབང་གི་ནང་དུ་དཀར་དམར་གྲུབ། དེའི་དབང་གི་ཕྱི་རོལ་དུ་ཉི་ཟླ་གཉིས་གྲུབ། དེ་ལས་སྣང་མུན་གཉིས་བྱུང་བ་ཡིན་ལ། དེ་ལས་བདེ་བ་ལ་ཆགས་པ་དང་། སྡུག་བསྔལ་ལ་སྡང་བའི་ཆགས་སྡང་དང་། དེ་ལས་ཚོར་བ་རྩ་བར་གྱུར་པའི་འཐབ་རྩོད་འབྱུང་སྟེ། དེ་ཐམས་ཅད་ཀྱང་འདོད་སྲེད་མཐུ་བརྟས་པ་ཁོ་ན་ལས་བྱུང་བ་ཡིན་ནོ། །དེ་ལྟར་དུས་བཞིའི་འཇོག་ཚུལ་ལ་ཡང་། ལོངས་སྤྱོད་ལ་ཆ་བཞིར་བྱས་ནས་དེ་ཐམས་ཅད་རྫོགས་པ་ལ་རྫོགས་ལྡན། དེ་ལ་གཅིག་བྲི་བ་གསུམ་ལྡན། གཉིས་བྲི་བ་གཉིས་ལྡན། གཅིག་བྲི་བ་རྩོད་ལྡན་དུ་བཞག་པ་གཅིག་དང་། དགེ་བ་བཅུའི་རྐང་པ་ཐམས་ཅད་རྫོགས་པ་ལ་རྫོགས་ལྡན། །དེ་ལས་རྐང་པ་གཅིག་བྲི་བ་གསུམ་ལྡན་དུ་བྱས་པ་ལ་སོགས་ལ་བཞག་པ་གཅིག་སྟེ། ཚུལ་གཉིས་ཡོད་པ་ལས་གཉིས་ཀ་རྡོ་རྗེ་ཐེག་པའི་སྦྱང་གཞི་ཡིན་ནོ། །དེ་ལྟར་གཉིས་ལྡན་ཡན་རྫོགས་ནས། གཉིས་པ་རྩོད་དུས་ཀྱི་མངལ་སྐྱེས་འགྲུབ་པའི་ཚུལ། ཁམས་དྲུག་གི་རྒྱུ་རྐྱེན་ལ་བརྟེན་པའི་རིམས་པ། མངལ་དུ་འཇུག་པའི་ཚུལ། དེ་ལས་སྐྱེ་བའི་ཚུལ་ཏེ་གསུམ་ལས་དང་པོ་ནི། དེ་ནས་མངལ་སྐྱེས་གྲུབ་པ་ན། ཞེས་སོགས་ཚིགས་བཅད་ཕྱེད་དང་དྲུག་གི་སྟོན་ཏེ། དེ་ཡང་མངལ་སྐྱེས་སུ་ཉིང་འཚམས་སྦྱོར་བ་དེའི་ཚེ། སྤྱིར་ལུས་ངག་ཐམས་ཅད་སེམས་ཀྱི་རྣམ་འགྱུར་ཡིན་པས་ཐམས་ཅད་སེམས་ཀྱི་སྣང་བ་ཡིན་ཡང་། གཞན་རྟོགས་མཐུ་བརྟས་པའི་དབང་གིས་རང་ལས་དོན་གཞན་པའི་ཕ་མའི་དཀར་དམར་དང་། དྲི་ཟའི་སེམས་གསུམ་པོ་དེ་ཉེར་ལེན་དང་ཉེར་ལེན་ཅན་དུ་གྱུར་པ་ལས། ནང་གི་རུས་པ་ལ་སོགས་པའི་ཁམས་སོ་དྲུག་འགྲུབ་སྟེ། དེ་ཡང་ཁམས་ཀྱི་ཚོགས་པ་དེ་ཉིད་ལས་ལུས་ལ་རོ་དྲུག་བཟའ་བ་དང་བཏུང་བར་བྱས་པ་ལས། ནང་དུ་སྲ་བ་གཤེར་བ་དྲོ་བ་ཡང་བ་སྟེ་འབྱུང་བ་བཞི་འགྲུབ་པའི་རྐྱེན་བྱེད་པ་ཡིན་ལ། རོ་དྲུག་པོ་གང་དང་གང་གི་འབྱུང་བ་གང་དང་གང་སྐྱེད་ཅེ་ན། སྐྱུར་བ་ཡེ་ཤེས། སྐ་བ་ནམ་མཁའ། ཁ་བ་རླུང་། ཚ་བ་མེ། མངར་བ་ཆུ། ལན་ཚ་བ་ས་སྟེ། དེ་ལྟར་ཁྱབ་བྱའི་འབྱུང་བ་བཞིས་རྐྱེན་བྱས། ནམ་མཁའ་གོ་ཕྱེ་ཞིང་བདེ་བའི་ཡེ་ཤེས་སྟེ། ཕ་མའི་དཀར་དམར་ཕྲད་པའི་བདེ་བ་དྲིའི་སེམས་ཅན་གྱི་བདག་དུ་བཟུང་བ་དེས་དེ་ཐམས་ཅད་ཕྲད་པ་དང་སྦྱོར་བར་བྱས་པ་ལས་ལུས་བརྟན་པར་འགྲུབ་པ་ཡིན་ལ། དེ་ཡང་དཀར་དམར་གཉིས་ཁོ་ནས་མི་འགྲུབ་སྟེ། པད་མར་ཆུད་པའི་ས་བོན་དེ་ཕྱིར་མི་ལྷུང་བར་འཛིན་པར་བྱེད་པ་ནི་མའི་མངལ་གྱི་ཁམས་གྱི་རང་བཞིན་དང་། དེ་བཞིན་དུ་ཆུས་སྡུད་པར་བྱེད། མེས་སྨིན་པར་བྱེད། རླུང་གི་གོང་ནས་གོང་དུ་འཕེལ་བར་བྱེད་ཅིང་། ནམ་མཁས་འཕེལ་བ་དེའི་གོ་སྐབས་འབྱེད་པར་ཡིན་ལ། ཐུན་མོང་མ་ཡིན་པའི་ངེས་པ་ལས་ནི་ཡེ་ཤེས་ཀྱི་དེ་ཐམས་ཅད་ཀྱི་བདག་པོ་བྱེད་པ་ཡིན་ནོ། །དེ་ཉིད་དུ་སྐྱེ་བའི་ཕྲོད་སྦྱོར་བྱེད་པ་ཡང་། ཕ་མ་གཉིས་སྙོམས་འཇུག་བྱེད་པའི་ཁམས་ལྔའི་གནས་སྐབས་ཀྱི་འགྱུར་བ་ལྔ་ཡིན་ཏེ། དེ་ཡང་ཕ་མའི་བོ་ལ་དང་ཀ་ཀྐོ་ལ་སྦྱོར་བས་དཀར་དམར་ཕྲད་པའི་ཚེ་དྲི་ཟའི་སེམས་ཅན་འོང་ནས། དཀར་དམར་གྱི་དབུས་སུ་རེག་པའི་སྲ་བ་དེ་བདག་ཏུ་བཟུང་བའི་བག་ཆགས་དེ་ཉིད་ལས། རང་གི་ས་ཁམས་ནི་སྐྱེ་བར་འགྱུར་ལ། དེ་བཞིན་དུ་བྱང་སེམས་ཁུ་བའམ་གཤེར་བའི་རང་བཞིན་དེ་བདག་དུ་བཟུང་བ་ལས་ཆུ་ཁམས་འབྱུང་ཞིང་། བསྐྱོད་པ་བྱས་པ་ལས་ནི་དྲོད་སྐྱེ་སྟེ། དེ་བདག་ཏུ་བཟུང་བ་ལས་མེའི་ཁམས་དང་། ལུས་ཀྱི་རྩ་གནས་ཐམས་ཅད་ལས་བྱང་ཆུབ་ཀྱི་སེམས་གཡོ་བ་དེ་བདག་ཏུ་བཟུང་བས་རླུང་འབྱུང་བར་རབ་ཏུ་གྲགས་ལ། བདེ་བ་དེ་བདག་ཏུ་བཟུང་བ་ལས་ནམ་མཁའི་ཁམས་འབྱུང་ཞིང་། དེ་ལྟར་ཁམས་ལྔ་པོ་དེས་རྣམ་པར་ཤེས་པ་དེ་བསྐོར་ནས་གནས་པ་ཡིན་ཏེ། སེམས་ནི་ཆེན་པོ་གཅིག་ཉིད་ལས། །ལྔ་ཡི་གཟུགས་ཀྱི་རྣམ་པར་མཚོན། །ཞེས་གཙོ་བོ་སེམས་གཅིག་ལ་འཁོར་སེམས་འབྱུང་ལྔས་བསྐོར་བའི་དབང་ལས། རག་པ་ཕོ་མོའི་སྙོམས་འཇུག་གི་དུས་སུ་ཡང་འབྱུང་བ་ལྔའི་འགྲོས་སུ་འཆར་ཞིང་། ཕྲ་བ་སེམས་ཡུལ་གཅིག་ལ་འཇུག་པ་ཡང་འབྱུང་བ་ལྔའི་འགྲོས་སུ་འཆར་ལ། འདིའི་དབང་ལས་གཞི་ལ་རྟེན་ཕུང་པོ་ལྔ། ཁམས་འབྱུང་བ་ལྔ་ལ་སོགས་པར་འཆར་ཞིང་། ལམ་དུ་ལམ་གྱི་ཡེ་ཤེས་ལྔ་དང་། འབྲས་བུ་ལ་སྐུ་ལྔ་སོགས་གསལ་བར་འཆར་བ་ཡིན་ནོ། གཉིས་པ་མངལ་དུ་འཇུག་པའི་ཚུལ་ནི། རྒྱུ་ནི་བར་དོའི་རྣམ་ཤེས་སྟེ། །ཅེས་སོགས་ཚིགས་བཅད་གསུམ་གྱི་སྟོན་ཏེ། དེ་ཡང་མངལ་དུ་ཉིང་འཚམས་སྦྱོར་བའི་རྒྱུ་ནི་བར་དོའི་རྣམ་ཤེས་ཏེ་དྲིའི་སེམས་ཅན་དུ་གྲགས་པ་དེ་ཡིན་པ་ལས། བག་ཆགས་དང་བཅས་པའི་ཉོན་མོངས་པ་ཅན་གྱི་ཡིད་སྔར་བཤད་པའི་མཚན་ཉིད་ཅན་རླུང་གི་ངོ་བོ་ཡིན་པས་ཡང་ཞིང་གཡོ་བ་དེས་རྨི་ལམ་ལྟ་བུར་རང་ལས་དོན་གཞན་པའི་ཕ་མའི་གཟུགས་མཐོང་ཞིང་། དེ་ཡང་རྟེན་འབྲེལ་ལ་སོགས་པའི་རྒྱུ་རྐྱེན་གྱི་དོན་དང་རང་གི་ངོ་བོ་གང་ཡིན་པ་ནི་ངེས་པར་མི་ཤེས་པས་མ་རིག་པ་རླུང་ཙམ་གཅིག་པུས་རྨོངས་པ་དེ་སྲེད་པས་འཚམས་སྦྱར་བ་ལ་ལུས་མངོན་པར་འདུ་བྱེད་པ་ཡིན་ལ། དེས་ཀུན་གཞིའི་རྣམ་པར་ཤེས་པ་བཀུག་ནས་མངལ་དུ་འཇུག་གོ །དེའི་ཚེ་ཕོར་སྐྱེ་ན་མ་ལ་ཆགས་ཤིང་ཕ་ལ་སྡང་བ་དང་། མོར་སྐྱེ་ན་ཕ་ལ་ཆགས་ཤིང་མ་ལ་སྡང་བའི་ཆགས་སྡང་གི་བག་ཆགས་ལ་སྤྱོད་ལ། འདིར་ཉོན་ཡིད་སྲོག་རླུང་ལ་བྱེད་པས་ན་བག་ཆགས་ཉིད་ཀྱང་ཁམས་ཀྱི་དྭངས་མ་ཡིན་པས་དེས་རྟེན་དུ་བྱས་ནས་རྣམ་ཤེས་བརྟེན་པར་བཟུང་། དེའི་ཚེ་ཁུ་ཁྲག་ཞུ་བའི་ཐིག་པ་ལས་དྲི་ཟའི་སེམས་ཅན་འདྲེས་པར་གྱུར་པ་དང་། ཀུན་གཞིའི་རྣམ་ཤེས་རྒྱུ་དང་བཅས་པ་བདེ་བ་དམ་པས་བྱིན་གྱིས་བརླབས་ཏེ་ཇི་ལྟར་སྐྱེས་བུ་ཆང་གིས་མྱོས་པ་བཞིན་དུ་འགྱུར་ཞིང་། དུས་ནི་རྩ་མ་ཆག་པའི་ཟླ་བ་གཅིག་གི་བར་དུ་ཡིན་ལ། དེ་ལས་འཕྲོས་པའི་དོན་ནི། མངལ་དུ་འཇུག་པ། གནས་པ། སྐྱེ་བ་གསུམ་ཀ་མི་དྲན་མི་ཤེས་པ་ནི་ཐ་མལ་པ་དང་། འཇུག་པ་དྲན་ཞིང་ཤེས་ལ། གནས་པ་དང་སྐྱེ་བ་ལ་རྨོངས་པ་ནི་འཇིག་རྟེན་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། འཇིག་རྟེན་ལས་འདས་པ་ཉན་ཐོས་རྒྱུན་ཞུགས་ཡིན་ཞིང་། འཇུག་པ་དང་སྐྱེ་བ་གཉིས་ཀ་དྲན་ཞིང་ཤེས་ལ་གནས་པ་ལ་རྨོངས་པ་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དང་རང་སངས་རྒྱས་ཡིན་ཞིང་། གསུམ་དྲན་ཞིང་ཤེས་པ་ནི་བྱང་སེམས་དག་པའི་ས་ལ་གནས་པ་རྣམས་ཀྱི་སྐྱེ་བ་ལེན་ཚུལ་ཡིན་ལ། དེ་ཡང་མངལ་དུ་ཕ་མའི་ཁུ་ཁྲག་དང་དྲི་ཟའི་སེམས་ཅན་རླུང་དང་བཅས་པ་ཚོགས་པ་གཅིག་ཏུ་གྱུར་པ་ནི་རྒྱུ་རྡོ་རྗེ་འཛིན་པའམ། གསང་འདུས་པ་ཚོ་ལ་གྲགས་པའི་དང་པོའི་མགོན་པོ་ཡིན་ཏེ། གསང་འདུས་ཞལ་གསུམ་དུ་འོང་བ་ཡང་དཀར་དམར་རླུང་གསུམ་དག་པ་ཡིན་ལ། དཀར་དམར་རླུང་གསུམ་པོ་དེ་ཟླ་ཉིའི་ཐབས་ཤེས་གཉིས་ཀྱི་ཕྱེ་བ་ལས་ཕྱག་དྲུག་འབྱུང་བ་ཡིན་ཞིང་། དེ་ལྟར་ཚོགས་པ་ལས་གཞི་དུས་ཀྱི་ལྷ་རྫོགས་པའི་ཚུལ་ནི། བསྡུས་འབྲིང་རྒྱས་པ་གསུམ་ལས། དང་པོ་ནི། རྡོ་རྗེ་ཆོ་ག་གསུམ་བསྐྱེད་ཡིན་ཏེ། དྲི་ཟའི་སེམས་ཅན་ནི་ས་བོན། དེ་ཕ་མའི་དཀར་དམར་གྱི་དབུས་སུ་ཞུགས་པ་ནི་ཕྱག་མཚན། དེ་ལས་ལུས་ཡོངས་སུ་རྫོགས་པ་ནི་སྐུ་ཡོངས་སུ་རྫོགས་པ་ཡིན་ལ། གཉིས་པ་ནི། རྡོ་རྗེ་བཞིའམ་མངོན་བྱང་བཞི་ཡིན་ཏེ། འཆི་སྲིད་བར་དོ་དང་བཅས་པ་སྟོང་ཉིད་བྱང་ཆུབ་དྲི་ཟའི་སེམས་དཀར་དམར་གྱི་དབུས་སུ་ཞུགས་ཏེ་རྟེན་བརྟེན་པར་གྱུར་པ་ནི་ས་བོན་བསྡུ་བ། དེ་ལས་རིམ་གྱི་ལུས་འགྲུབ་པ་ནི་གཟུགས་རྫོགས་པ། ཕྱི་རོལ་དུ་བཙས་ནས་དབང་པོ་ཡུལ་ལ་སད་པ་ནི་ཡི་གེ་དགོད་པ་ཡིན་ལ། གསུམ་པ་ནི་མངོན་བྱང་ལྔ་ཡིན་ཏེ། ཕའི་ཁུ་བ་ནི་ཟླ་བ་ལས་མངོན་པར་བྱང་ཆུབ་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན། མའི་དམར་ཆ་ནི་ཉི་མ་ལས་མངོན་པར་བྱང་ཆུབ་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན། དྲི་ཟའི་སེམས་ཅན་ས་བོན་ལས་མངོན་པར་བྱང་ཆུབ་པ་དང་། དཀར་དམར་རྣམ་ཤེས་གསུམ་རྟེན་བརྟེན་པར་གྱུར་པ་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ་སྟེ། དེ་གཉིས་ཀ་སོ་སོར་རྟོག་པའི་ཡེ་ཤེས། དེ་རྣམས་རོ་གཅིག་ཏུ་གྱུར་པ་ནི་འདྲེས་པ་ལས་མངོན་པར་བྱང་ཆུབ་བྱ་བ་གྲུབ་པའི་ཡེ་ཤེས། དེ་ལས་ལུས་གྲུབ་པ་ནི་སྐུ་ཡོངས་སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་ཡིན་ནོ། གསུམ་པ་དེ་ལས་སྐྱེ་བའི་ཚུལ་ལ། སྲོག་ཆེན་པོའི་རླུང་ཇི་ལྟར་འགྲུབ་པའི་ཚུལ། ཟླ་བ་བཅུར་ཇི་ལྟར་འཕེལ་བའི་ཚུལ། རྩ་རླུང་ཐིག་ལེ་ཇི་ལྟར་འཕེལ་བའི་ཚུལ་སྟེ་གསུམ་ལས། དང་པོ་ནི། ཉོན་མོངས་ཅན་ཡིད་སྲོག་རླུང་ཉིད། །ཅེས་སོགས་རྐང་པ་གཉིས་ཀྱི་སྟོན་ཏེ། དེ་ཡང་དཀར་དམར་གྱི་དབུས་སུ་ཞུགས་པའི་ཀུན་གཞིའི་རྣམ་ཤེས་དེ་ལས་ཆུ་ལས་རླབས་ལྟར་ལངས་པའི་ཉོན་མོངས་ཅན་གྱི་ཡིད་གཡོ་བའི་མཚན་ཉིད་ཅན་དེ་དང་། དཀར་དམར་གྱི་སྟེང་གི་རླུང་གཉིས་པོ་དེ་རྐྱེན་དང་རྐྱེན་ཅན་དུ་གྱུར་པ་ལས་སྲོག་ཆེན་པོའི་རླུང་དེ་ཐོག་མར་གྲུབ་ཅིང། དེ་ནས་རང་དང་འགྲོག་པའི་འབྱུང་བ་བཞི་པོ་འཕེལ་བའི་རིམ་གྱི་སྐད་ཅིག་རེ་རེ་ཞིང་ལ་ཡང་གོང་ནས་གོང་དུ་ཡང་དག་པར་འགྲོ་བ་སྟེ་འཕེལ་བར་བྱེད་ལ། དེ་ཡང་དམར་ཆ་དང་འགྲོག་པ་སྟེང་དུ་སོང་བ་ལས་སྲོག་དང་། དཀར་ཆ་དང་འགྲོག་པ་འོག་ཏུ་སོང་བ་ལས་ཐུར་སེལ་ལོ། །གཉིས་པ་ཟླ་བཅུར་ཇི་ལྟར་འཕེལ་བའི་ཚུལ་ནི། ནུར་ནུར་མེར་མེར་ལྟར་ལྟར་པོ། །ཅེས་སོགས་ཚིག་བཅད་ཕྱེད་དང་བཅུས་སྟོན་ཏེ། དེ་ཡང་སྲོག་གྲུབ་ནས་བདུན་ཕྲག་གཅིག་ཏུ་སྲོག་ཉིད་དུ་གནས་ཤིང་། དེ་ནས་སྲོག་དེ་འབྱུང་བ་བཞི་དང་འགྲོག་པའི་དབང་ལས་གནས་སྐབས་བཞིར་འགྱུར་བ་ལས། དང་པོའི་ཀུན་ནས་བསྡུད་པའི་རླུང་གི་ཞག་བདུན་ཕྲག་གཉིས་པར་ནུར་ནུར་པོ་དང་། དེ་ནས་མཛོད་ཀའི་རླུང་གི་བདུན་ཕྲག་གསུམ་པར་མེར་མེར་པོ་དང་། དེ་ནས་རབ་ཏུ་འབྱེད་པའི་རླུང་གི་བདུན་ཕྲག་བཞི་པར་ལྟར་ལྟར་པོ་དང་། དེ་ནས་ཡང་དག་པར་སྡུད་པའི་རླུང་གི་བདུན་ཕྲག་ལྔ་པར་གོར་གོར་པོ་སྟེ། བདུན་ཕྲག་བཞིར་འཕེལ་ཞིང་། རླུང་དེ་རྣམས་ཀྱང་ལས་རླུང་ཡིན་པའི་དབང་གི་དཀར་དམར་གྱི་རྡུལ་ཕྲ་རབ་རྣམས་དཀྲུག་ཅིང་ལུས་ཀྱི་གནས་ཐམས་ཅད་དུ་གཏོར་ནས་འཁོར་ལོ་དྲུག་གི་གནས་སུ་སྡུད་པར་བྱེད་ལ། དེ་ནས་ཟླ་བ་གཉིས་པར་མཁྲང་གྱུར་ཞེས་བྱ་བའི་ཞག་གི་དང་པོ་ནས་སྲོག་གི་རླུང་གི་དཀར་དམར་གཉིས་སྟེང་འོག་དུ་དེད་ནས། ལུས་ཀྱི་དབུས་སུ་རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་དང་ལྡན་པའི་དབུ་མ། ནང་དུ་སྲོག་གི་རླུང་དང་། སྟེང་འོག་གི་སྣ་གཉིས་སུ་དཀར་དམར་གྱི་ཐིག་ལེ་དང་བཅས་པ་གྲུབ་ཅིང་། དེ་ནས་གཙོ་བོ་སྲོག་གི་རླུང་དང་། རྐྱེན་འབྱུང་བ་བཞི་དང་། སྒྱུ་མའི་ཁ་ཟས་ཀྱི་བསྐྱེད་ནས་སྙིང་གར་རླུང་བཅུའི་རྟེན་དུ་གྱུར་པའི་རྩ་བཅུ་དང་། ལྟེ་བའི་འཁོར་ལོ་དུས་སྦྱོར་གྱི་རྟེན་གྱི་རྩ་ཆགས་ནས། སེམས་ཀྱི་རྡོ་རྗེ་འཆང་ལས་ལུས་གྲུབ་པ་ལ་ཕྱི་རོལ་ན་ཁྱབ་འཇུག་གི་འཇུག་པ་བཅུ་ཡོད་པ་བཞིན་དུ་ནང་དུ་ཡང་འཇུག་པ་བཅུ་ཡོད་པའི་དང་པོ་ཉའི་རྣམ་པར་འགྱུར་ཞིང་། དེའི་ཚེ་ལྟེ་བའི་རྩ་དང་མའི་རོ་མའི་རྩ་གཉིས་འབྲེལ་པ་ལས་རླུང་ཁྲག་གི་ནུས་པ་རྒྱས་པར་བྱེད་པར་འགྱུར་ལ། དེ་ནས་ཟླ་བ་གཉིས་པ་ནས་ཞག་རེ་རེ་ལ་རྩ་ཉིས་བརྒྱ་ཉིས་བརྒྱ་ཆག་ཏེ། དེ་ཡང་སྲོག་ལས་ས་དང་ཡེ་ཤེས་ཀྱིས་ཆོས་ཅན་གྱི་ཐུར་སེལ་འོག་ཏུ་འཕྲོས་ནས། གསང་བའི་འཁོར་ལོ་ལ་སོགས་པའི་སྨད་ཀྱི་ཆ་ཐམས་ཅད་འགྲུབ་ཅིང་། རུས་སྦལ་གྱི་རྣམ་པ་ལྟ་བུར་བྱེད་པའི་མགོ་རྩོམ་ལ། ཟླ་བ་གསུམ་པར་གྱེན་རྒྱུའི་རླུང་གི་སྟོབས་ཀྱི་སྟོད་ཀྱི་ཆ་རྣམས་བསྒྲུབ་པར་བྱེད་ཅིང་། ཟླ་བ་བཞི་པར་ཁྱབ་བྱེད་ཀྱི་རླུང་གི་དཔྲལ་བ་མགྲིན་པའི་འཁོར་ལོ་དང་། ཡན་ལག་ལྔ་དང་ཚིག་ཆེན་བཅུ་གཉིས་འཁོར་ལོའི་རྩ་རྣམས་སྣང་བར་བྱེད་པས་དེའི་ཚེ་རུས་སྦལ་གྱི་གནས་སྐབས་རྫོགས་པ་ཡིན་ཞིང་ཟླ་བ་ལྔ་པར་མཉམ་གནས་ཀྱི་རླུང་འཕྲོས་ནས་ནང་གི་གནས་གཞན་རུས་པ་དང་། དེ་ལ་བརྟེན་པའི་ཤ་ལ་སོགས་པ་འགྲུབ་པར་བྱེད། དེ་ནི་ཕག་རྒོད་སེང་གེའི་གནས་སྐབས་ཡིན་ལ། དེ་ལྟར་མཉམ་གནས་དང་ཁྱབ་བྱེད་གཉིས་ཀྱི་སྟོབས་རྫོགས་ནས། མངལ་དུ་ལུས་འགུལ་བ་དང་འདར་བ་སོགས་སུ་འགྱུར་ཞིང་། དེའི་དུས་སུ་རུས་ཚིག་ཀྱི་དུམ་བུ་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་ཆགས་པ་དགའ་བོ་མངལ་གནས་ལས་གསུངས་ལ། དེ་ལྟར་ཟླ་བ་ལྔ་ལ་ཕུང་པོ་ལྔ་ཡང་རྫོགས་པར་འགྱུར་ཏེ། དེ་ཡང་ཟླ་བ་དང་པོ་གཉིས་རྣམ་ཤེས་དང་འདུ་བྱེད། གསུམ་པ་དང་བཞི་པ་ལ་ཚོར་འདུ་གཉིས་དང་། ལྔ་པ་ལ་གཟུགས་ཕུང་རྫོགས་ནས། ཟླ་བ་དྲུག་པར་ཕྱིན་པ་ནས་ཡན་ལག་གི་རླུང་རྣམས་ཀྱི་དབང་པོ་རྣམས་བསྐྱེད་པར་བྱེད་དེ། དེ་ཡང་ཀླུའི་རླུང་ཡེ་ཤེས་ཀྱི་ཁམས་པ་དེའི་སྟོབས་བསྐྱེད་པ་ལ། མིག་གཉིས་པ་ཁམས་པ་གཏི་མུག་རྡོ་རྗེའི་རང་བཞིན་ཅན་བསྐྱེད་དེ། དེ་གཉིས་ཕྲ་རག་ཡིན་པའི་ཕྱིར། དེ་ལས་ཟླ་བ་བདུན་པར་རུས་སྦལ་གྱི་རླུང་རླུང་ཁམས་པ་དེ་སྤྲོས་ནས། རྣ་བ་ཆུ་ཁམས་པ་ཞེ་སྡང་རྡོ་རྗེ་བསྐྱེད་པར་བྱེད་དེ། དེ་ཡང་ཕྲ་རག་ཡིན་པའི་ཕྱིར། ཟླ་བ་བརྒྱད་པར་རྩང་པའི་རླུང་མེ་ཁམས་པ་དེས་སྣ་བུག་རླུང་ཁམས་པ་སེར་སྣ་རྡོ་རྗེ་བསྐྱེད་དེ། དེ་གཉིས་གྲོགས་དང་གྲོགས་ཅན་ཡིན་པའི་ཕྱིར། ཟླ་བ་དགུ་པར་ལྷ་སྦྱིན་གྱི་རླུང་ཆུ་ཁམས་པ་དེས་ལྕེ་མེ་ཁམས་པ་འདོད་ཆགས་རྡོ་རྗེ་བསྐྱེད་། དེ་གཉིས་ཐབས་ཤེས་ཡིན་པའི་ཕྱིར། ཟླ་བ་བཅུ་པར་ནོར་ལས་རྒྱལ་པ་ཁམས་པ་དེས་ལུས་ཀྱི་དབང་པོ་རླུང་ཁམས་པ་ཕྲག་དོག་རྡོ་རྗེའི་ངོ་བོ་ཉིད་བསྐྱེད་དེ། དེ་ཡང་ཐབས་ཤེས་ཡིན་པའི་ཕྱིར། དེ་ལྟར་རླུང་བཅུའི་ནུས་པས་ཕྲ་རབ་དང་། གྲོགས་དང་གྲོགས་ཅན་དང་། ཐབས་ཤེས་ཀྱི་སྒོ་ནས་དབང་པོ་རྣམས་བསྐྱེད་ནས། དེ་དག་གི་ཡུལ་འཛིན་པ་ཡང་མིག་གི་ཆུའི་ཡོན་ཏན་གཟུགས་འཛིན། རྣ་བས་ནམ་མཁའི་ཡོན་ཏན་སྒྲ། སྣས་ས་ཡི་ཡོན་ཏན་དྲི། ལྕེས་མེའི་ཡོན་ཏན་རོ། །ལུས་ཀྱི་རླུང་གི་ཡོན་ཏན་རེག་བྱ་འཛིན་པར་བྱེད་དོ། །གསུམ་པ་རྩ་རླུང་ཐིག་ལེ་ཇི་ལྟར་གྲུབ་པའི་ཚུལ་ནི། དེ་ལྟར་ཁམས་དང་སྐྱེ་མཆེད་རྫོགས། །ཅེས་སོགས་ཚིག་བཅད་གསུམ་གྱི་སྟོན་ཏེ། དེ་ཡང་། དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རག་པ་རྫོགས་ནས། ཕྲ་བའི་རྩ་རྣམས་ནི། རྩ་འཆགས་པའི་ཉིན་ཞག་ནས་བཟུང་སྟེ། ཞག་རེ་ལ་རྩ་ཉིས་བརྒྱ་རེ་ཆག་པ་ལས་ཟླ་བ་རེ་ལ་རྩ་དྲུག་སྟོང་རེ་ཆགས་པས་མངལ་གྱི་ཟླ་བ་དགུ་ལ་རྩ་སྟོང་ཕྲག་ལྔ་བཅུ་རྩ་བཞི། དེའི་སྟེང་དུ་སྐྱེས་ནས་ཟླ་བ་གསུམ་དང་བཅས་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས་ལ། དེ་ལྟར་རྫོགས་མ་ཐག་ནས་ཞག་རེ་ལ་རྩ་གཉིས་གཉིས་སྐམ་པར་གསུངས་པ་ཡང་། རྩ་དེའི་བྱེད་པ་ཉམས་འགྲོ་བ་ཡིན་གྱིས་རྩ་བ་ནས་སྐམ་འགྲོ་བ་ནི་མ་ཡིན་ཞིང་། རྩ་ཕྲ་བ་ནི་ལུས་ཀྱི་སྟོབས་མ་རྫོགས་ཀྱི་བར་དུ་སྐྱེ་བ་ཡིན་པས་རྩ་བྱེ་བ་ཕྲག་ཕྱེད་དང་བཞི་དང་། མདོ་སྡེ་ལས་དེ་བས་ཀྱང་མང་བར་གསུང་པས་སོ། །དེ་ལྟར་ཟླ་བ་བརྒྱད་པ་ཕན་ཆད་ལ་ལྕེ་དབང་མ་གྲུབ་པས་མའི་རྩ་རོ་མའི་མར་སྣ་དང་རང་གི་ལྟེ་བའི་རྩ་འབྲེལ་པ་ལས། མའི་ཁ་ཟས་ཀྱི་དྭངས་མས་ལུས་བརྟས་པར་བྱེད་ལ། དེ་ནས་ལྕེ་སྐྱེད་པས་ཟླ་བ་དགུ་པ་ནས་མི་གཙང་བ་ཟ་ཞིང་། དེ་ནས་དྲི་ཆུ་ལ་སོགས་པའི་སྙིགས་མའི་ཁམས་རྣམས་འབྱུང་ཞིང་། བཀྲེས་སྐོམ་ཚོར་བ་ལ་སོགས་བདེ་སྡུག་ཡང་ཉམས་སུ་མྱོང་ལ། བཙའ་བའི་དུས་ལ་བབ་པ་དེའི་ཚེ་འབྱིན་པའི་རླུང་གི་མགོ་མཇུག་བསྒྱུར་ནས་སྐྱེ་བར་བྱེད་པ་ཡིན་ཞིང་། དེ་ཡི་ཚེ་མའི་ལྟོ་བ་འདྲལ་བར་བྱེད་པས་ན་མིའི་སིང་གེའི་གནས་སྐབས་སོ། །དེ་ལྟར་མངལ་དུ་གནས་པ་དང་། སྐྱེ་བ་ལ་སོགས་པའི་གནས་སྐབས་ཀྱི་རླུང་གི་སྡུག་བསྔལ་དྲག་པོ་མྱོང་བར་འགྱུར་ཏེ། མངལ་དུ་གནས་པའི་ཚེ་བུམ་ནང་དུ་འཚེད་པ་ལྟ་བུ་དང་། སྐྱེ་བའི་ཚེ་འཁྲུལ་འཁོར་གྱི་བཙིར་བ་ལྟ་བུ་དང་། སྐྱེས་ནས་ལྤགས་པ་བཤུས་ནས་ཚེར་མའི་དོང་དུ་བསྐྱུར་བ་ལྟ་བུ་འབྱུང་ཞིང་མངལ་གྱི་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་པོ་རེ་རེ་ལ་རླུང་མི་གཅིག་པ་རེ་རེ་བསྐྱེད་པར་བྱེད་དེ། དང་པོ་ལྔའི་མིང་ནི་བཤད་ཟིན་ལ། དེ་ནས་ཟས་ཀྱི་རླུང་ལ་སོགས་པའི་མིང་རྣམས་ནི་དགའ་བོ་མངལ་འཇུག་ལས་བཤད་དོ། གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་ཕུང་པོ་ཁམས་སྐྱེ་མཆེད། ཅེས་སོགས་ཚིག་བཅད་གཅིག་གི་སྟོན་ཏེ། དེ་ཡང་ཕུང་པོ་ཁམས་དང་སྐྱེ་མཆེད་རག་པ་དང་ཕྲ་བ་རྩ་རླུང་ཐིག་ལེ་ལས་གྲུབ་པ་ཐམས་ཅད་ཀྱང་དྲི་མ་དང་བཅས་པའི་སེམས་ཀྱི་བཞིན་ཉིད་རྒྱུ་རྒྱུད་འོད་གསལ་བ་ལས་བྱུང་ཞིང་། ཕྱི་རོལ་རྡུལ་ཕྲན་ལ་སོགས་པ་ལས་བྱུང་བ་མ་ཡིན་ཏེ་ཐམས་ཅད་སེམས་ཀྱི་སྣང་བ་ཡིན་པས་སོ། །དེ་ལྟར་ལུས་གྲུབ་ནས་སྐྱེ་བར་སྤྲུལ་སྐུར་གསུང་པའི་ངེས་པས་དྲི་མ་དང་བཅས་པའི་གཞི་དུས་ཀྱི་སྤྲུལ་པའི་སྐུ་ཡིན་ལ། དེ་ཡང་སྤྲུལ་སྐུ་ནི་ཆོས་ཀྱི་དབྱིངས་ལས་བྱུང་བ་ཡིན་པས་ན། མའི་ཆོས་ཀྱི་འབྱུང་གནས་ནི་ཆོས་དབྱིངས། ཟླ་བ་བཅུ་ནི་ས་བཅུ། མ་ནི་མཁན་པོ། ཕྲུ་མ་ཆོས་གོས། ཨ་ཧཾ་གི་སྒྲ་ངག་གི་བཟླས་པ། བཙས་ནས་འཁྲུ་བ་སོགས་བྱིས་པའི་དབང་བདུན་དང་། གནས་སྐབས་བཞིའི་སེམས་ཀྱི་རང་བཞིན་ནི་སྐུ་བཞི་ཡིན་ལ། རང་བཞིན་དེ་ཡང་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་འགྱུར་བ་མེད་པར་རྒྱུན་ཆག་པ་ཡིན་ཏེ། རྒྱུད་ནི་རྒྱུན་ཆག་ཅེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཅེས་གསུངས་སོ། །དེ་ལྟར་ཟབ་མོ་ནང་གི་དོན་རྒྱས་པར་བཤད་པ་ལས། མངལ་དུ་ལུས་འགྲུབ་པའི་ཚུལ་ཏེ་གཉིས་པའོ། །དེ་ནས་གསུམ་པ་རྩའི་བཀོད་པ་བཤད་པ་ནི། རག་པའི་ལུས་ལ་གནས་པའི་ཕྲ་བའི་རྩ་མ་ཤེས་ན་དེའི་ནང་དུ་གནས་པའི་རླུང་དང་ཐིག་ལེ་མི་ཤེས་ལ་དེ་མ་ཤེས་ན་ཟབ་མོའི་དོན་མི་ཤེས་པས་ཟབ་མོ་ནང་གི་དོན་དང་འགལ་བ་ཡིན་ལ་དེས་ན་རྩའི་བཀོད་པ་ལ། མདོར་བསྟན་ལ་རྒྱས་པར་བཤད་པ། མཇུག་བསྡུ་བ་གསུམ་གྱི་དང་པོ་ནི། དེ་ནས་རྩ་རྣམས་གནས་ཚུལ་བཤད། །ཅེས་སོགས་ཚིག་བཅད་གཅིག་དང་རྐང་པ་གཅིག་གི་སྟོན་སྟེ། དེ་ཡང་ལུས་གྲུབ་པའི་ཚུལ་བཤད་པ། དེ་ནས་རག་པའི་ལུས་དེ་ལ་ཕྲ་བའི་རྩ་རྣམས་གནས་པའི་ཚུལ་བཤད་པ་ནི། དབུ་མ་རོ་རྐྱང་གསུམ་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་ནས་སུམ་ཅུ་རྩ་གཉིས་དང་། བྱང་ཕྱོགས་སོ་བདུན་གྱི་རྩའི་བར་དང་། འཁོར་ལོ་བཞི་དང་། དྲུག་དང་། བཅོ་བརྒྱད་ཀྱི་བར་དང་། རླུང་མཁྲིས་བད་ཀན་གྱི་ནད་བསྐྱེད་པའི་རྩ་དང་བཅས་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། དེ་བས་ཀྱང་ཕྲ་བ་རྩ་བྱེ་བ་ཕྲག་ཕྱེད་བཞི་དང་། ཞར་ལ་རྩ་དེ་དག་ཁམས་གང་གི་བསྐྱེད་པ་སོགས་ཀྱང་བཤད་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ནི། མདོར་བསྟན་གྱི་གོ་རིམ་བཞིན་འབྱུང་བ་ལས། དང་པོ་དབུ་མ་ལ་ངོ་བོ་བཤད་པ་དང་། ལུང་གི་བསྒྲུབ་པ་གཉིས་ལས་དང་པོ་ནི། ཐོག་མར་ལུས་བསྐྱེད་གཞིར་གྱུར་པ། ཅེས་སོགས་ཚིག་བཅད་གསུམ་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་ཐོག་མར་རག་པ་ཕུང་ཁམས་སོ་དྲུག་དང་། ཕྲ་བ་རྩ་ལ་སོགས་པ་ལུས་བསྐྱེད་པའི་གཞིར་གྱུར་པའི་དབུ་མ་གང་ཡིན་པ་ལ། ཁ་གཅིག་གི སྒོམ་པའི་དབུ་མ་དང་གནས་པའི་དབུ་མ་གཉིས་ཡོད་པ་ལས། སྔ་མ་ནི་རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་ཅན་ལ་མཐོང་བ་ཡིན་ཞིང་། ཕྱི་མ་ནི་མ་ཤིའི་བར་དུ་ལུས་ཀྱི་དབུས་ན་གནས་ཤིང་། ཤི་ནས་འཇའ་བཞིན་ཡལ་འགྲོ་བར་བཤད་པ་དང་། ཁ་ཅིག་གི་སྒལ་ཚིག་གི་ནང་གི་གཞུང་པ་ལས་བཤད་ཅིང་། ཁ་ཅིག་གཞུང་པའི་དབུས་ན་ཡར་རྟ་རྔ་ཙམ་ཞིག་ཡོད་པར་བཤད་པ་སོགས་དུ་མ་བྱུང་ཡང་། དེ་དག་ནི་དཔྱད་པ་གསུམ་གྱི་དག་པའི་རྒྱུད་ཀྱི་ལུང་འགྲེལ་པ་མེད་ལ། དེས་ན་འདིར་ནི་དབུ་མ་ནི་སྔར་བཤད་པའི་སྲོག་རླུང་དེའི་རྟེན་བྱེད་པས་ན་དེ་དང་བཅས་པ། དེ་ཡང་འཁོར་ལོ་དྲུག་གི་དབུས་ན་དྲང་པོར་གནས་པ་ལས། འཁོར་ལོ་རྣམས་ཀྱི་བར་ཐག་ནི་རང་སོར་བཅུ་གཉིས་ཕྱེད་དང་བཅས་པ་སྟེ་ཕྱེད་དང་བཅུ་གསུམ་རེ་ཡོད་ཅིང་། དབུ་མ་དེ་དྲང་པོའི་དབང་དུ་ན་གསང་གནས་ནས་སྤྱི་གཙུག་གི་བར་དང་། འཁོར་དང་བཅས་པའི་དབང་དུ་ན། མར་སྣ་རྡོ་རྗེ་ནོར་བུ་དང་། ཡར་སྣ་སྨིན་འཚམས་ཀྱི་བར་དུ་ཡོད་ལ། དྲང་པོར་དེའི་ཡར་སྣར་ཧཾ་གི་རང་བཞིན་གྱིས་དཀར་ཆའི་དྭངས་མས་བཀག་པའི་ཚུལ་གྱི་གནས་ཤིང་མར་སྣ་ལྟེ་བའི་འོག་ཏུ་མ་ལས་ཐོབ་པའི་དམར་ཆ་ཁྲག་གི་དྭངས་མ་ལ་ཨ་ཐུང་གི་རྣམ་པར་བརྗོད་དེ། དེ་གཉིས་ཀྱི་བར་ན་ཀུན་གཞིའི་རྟེན་སྲོག་རླུང་གི་གང་ནས་གནས་ཏེ་སྟོང་སང་ངེ་བ་ནམ་མཁའ་དང་འདྲ་བ་ཡིན་ལ། དེ་ལ་དུས་ཀྱི་འཁོར་ལོ་ལས། ལྟེ་བ་ཡན་ཆད་དགྲ་གཅན་གྱི་རྩ་དང་། མན་ཆད་ལ་དུས་མེའི་རྩར་བཤད་པ་ཡིན་ནོ། །ཅི་འོ་ན། ཀྱེ་རྡོ་རྗེ་ལས། ཤེས་རབ་ཟླ་བ་འབབ་བཤད་པ། དེ་ནི་ཀུན་འདར་མར་རབ་གྲགས། །ཅེས་གསུང་པས། དབུ་མ་ལ་ཁུ་བ་འབབ་པ་མ་ཡིན་ནམ་ཞེ་ན། དེ་ནི་བདེན་ཏེ། ལྟེ་འོག་རྩ་གསུམ་འདུས་མདོ་མན་ཆད་ཀྱི་དབུ་མ་ལ་དུང་ཅན་མ་ཞེས་བྱ་ལ། དེས་ཁ་བདག་བྱས་ནས་རྩ་ཐམས་ཅད་ཀྱི་དཀར་ཆ་རྩ་གསུམ་འདུས་མདོ་ནས་རྒྱུད་གཅིག་ཏུ་འདྲིལ་ནས་འབབ་པས་བདེ་བའི་རྟེན་བྱེད་པས་དེ་སྐད་དུ་བཤད་པ་ཡིན་ནོ། །གཉིས་པ་ལུང་གི་བསྒྲུབ་པ་ནི། འདི་ནི་སྡོམ་པ་འབྱུང་བ་ལས། །ཅེས་སོགས་ཚིག་བཅད་གཉིས་དང་རྐང་པ་གཅིག་གི་སྟོན་པ་ལས། དེ་འབྲུ་ནོན་དང་སྦྱར་ན། དབུ་མ་ནི་སྙིང་གའི་ཆུ་སྐྱེས་ཀྱི་དབུས་སུ་སོན་པ་ལས་སྟེང་འོག་དུ་གྱེས་པ། ཆུ་ཤིང་གི་མེ་ཏོག་ལྟར་དྭངས་པ། དཀར་དམར་རྒྱུ་བ་མེད་པས་སྟོང་། དེའི་སྟེང་གི་རྩེ་མོར་ཧཾ་ནི་ཐུར་དུ་འཕྱང་ཞིང་མགོ་བོ་འོག་ཏུ་བལྟ་བས། མར་སྣ་ལྟེ་འོག་དུ་ཨ་ཤད་མར་མེ་ལྟ་བུ་གྱེན་དུ་འབར་བས་བརྒྱན་པ། དེའི་འོག་རྩ་གསུམ་འདུས་མདོ་ནས་རྩ་ཐམས་ཅད་ཀྱི་བྱང་སེམས་གཅིག་ཏུ་མཉམ་པར་བབ་པ། དེ་ཉིད་ཨ་བ་དྷུ་ཏིར་ཤེས་པར་བྱ་སྟེ། དེ་ནི་རྒྱུ་འབྲས་ཀྱི་མཚན་ཉིད་ཅན་གྱི་ལྷན་ཅིག་སྐྱེས་པ་སྟེར་བར་བྱེད་པའོ། །དེ་ཡང་མདོར་ན་ལུས་ཅན་རྣམས་ཀྱི་སྲོག་ཆེན་པོའི་རྩར་བཤད་པ་ཡིན་ལ། འདི་ལ་དབུ་མ་དང་། ཨ་བ་དྷུ་ཏི་ཏེ་ཀུན་སྤང་མ། ཡིད་བཟང་མ་དང་། ཕྲ་ཟུག་མ་དང་། ཐར་པའི་ལམ་པོ་ཆེ་དང་། གདན་བཞི་ལས། ནང་གི་ཤིང་གཅིག་ཅེས་སོགས་མིང་དུ་མས་བསྟན་པ་ཡིན་ལ། རྙིང་མ་བ་རྣམས་ཀྱི་བཤད་པའི་སྙིང་ག་ན་དྭངས་མ་ལྔའི་ཡེ་ཤེས་དང་། དེའི་རྟེན་དུ་གྱུར་པའི་ཐིག་ལེ་སྲན་མ་ཙམ་ཡོད་ཅེས་པ་ཡང་། ཤའི་དྭངས་མ་རྩ་དབུ་མ། ཁྲག་གི་དྭངས་མ་ཨ་ཤད། རུས་པའི་དྭངས་མ་ཧཾ་ཡིག །རླུང་གི་དྭངས་མ་སྲོག་ཆེན་པོ། དྭངས་མའི་དྭངས་མ་ཀུན་གཞི་ཡིན་པས་འདི་ལ་དགོངས་པ་ཡིན་ཞིང་། དེ་ལས་གཞན་པའི་ཐིག་ལེ་བསྒོམ་པ་ནི་གྲངས་ཅན་པའི་བདག་སྒོམ་པ་ལྟ་བུར་གྱུར་པས་སངས་རྒྱས་པ་རྣམས་ཀྱི་བཀག་པ་ཡིན་ལ། སྐྱེ་བ་བདུན་པ་བསྒྲུབ་པའི་སྐབས་སུ་རོ་ཙ་ནའི་ཐིག་ལེ་ཡོད་པར་བཤད་པ་ཡང་། རྣལ་འབྱོར་གྱི་སྟོབས་ཀྱི་སྙིང་གར་དཀར་དམར་ཕྲད་པའི་ཚེ་རོ་བཅུད་ཕུན་སུམ་ཚོགས་པ་འབྱུང་བའི་དེ་ལ་དགོངས་པ་ཡིན་གྱི། ཐིག་ལེའི་དོན་གཞན་ཡོད་པ་ནི་མ་ཡིན་ནོ། །འོ་ན་དབུ་མ་འདི་རྣམ་ཤེས་དང་། ཡེ་ཤེས་གཉིས་ལས་གང་ཡིན་ཞེ་ན། འདི་ནི་རོ་རྐྱང་ལ་ལྟོས་ནས་འདིས་རྟོག་མེད་ཀྱི་རྟེན་བྱེད་ཡེ་ཤེས་ལ་ཉེ་བའི་ཕྱིར་དབུ་མར་བཞག་པ་ཡིན་ཞིང་། རང་གི་ངོ་བོ་ནི་ལས་རླུང་གི་རྟེན་བྱེད་པའི་ཕྱིར་རྣམ་ཤེས་ཀྱི་ཕྱོགས་ཡིན་པས་ལས་ཀྱི་དབུ་མ་ཞེས་བྱ་བ་ཡིན་ལ། ཡེ་ཤེས་ཀྱི་དབུ་མ་ཆེན་པོ་ནི་རྩ་ཐམས་ཅད་ཀྱི་ཁྱབ་བྱེད་ཡིན་ཏེ། ཀྱཻ་རྡོ་རྗེ་ལས། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཅེས་དང་མཁའ་འགྲོ་རྒྱ་མཚོ་ལས། འདི་ལྟར་དབུ་མ་ཐམས་ཅད་ཀྱི། །ཁྱབ་བྱེད་ཏུ་ནི་རྣམ་པར་གནས། །ཅེས་གསུང་པའི་མཚན་ཉིད་ཅན་ཡིན་ནོ། །གཉིས་པ་རོ་རྐྱང་བཤད་པ་ལ། ངོ་བོ་དང་། ལུང་གི་སྒྲུབ་པ་གཉིས་ལས་དང་པོ་ནི། གཡས་གཡོན་རོ་རྐྱང་གཉིས་པོ་ནི། །ཞེས་སོགས་ཚིག་བཅད་ཕྱེད་དང་བཞིས་སྟོན་ཏེ། དེ་ཡང་དབུ་མའི་གཡས་གཡོན་དུ་རོ་རྐྱང་གཉིས་པོ་ནི། ལྟེ་བའི་འོག་རྩ་གསུམ་འདུས་མདོ་ནས་གྱེས་ནས་མཁལ་མའི་རྩ་བོ་ཆེ་ལ་འབྲེལ། དེ་ནས་སྙིང་གར་ཅུང་ཟད་འདུས་ཏེ་གཡས་ཁྱབ་བྱེད་ཀྱི་རྟེན་གྱི་རྩ་དང་འབྲེལ་ཞིང་། གཡོན་ནས་ལྷ་སྦྱིན་གྱི་རྟེན་གྱི་རྩ་དང་འབྲེལ་ནས་མཆན་འོག་བརྒྱུད་དེ་སྨན་དཔྱད་ནས་བཤད་པའི་རྩ་རྔུལ་འདུ་དང་འབྲེལ་ནས་མགྲིན་པར་འདུས་ཏེ་ལྕེའུ་ཆུང་དུ་ཟུག་ནས་རྣ་བའི་འོག་གཉིས་ཕུག་ཅིང་ལྗོན་ཤིང་རྩ་དང་འབྲེལ་ཏེ་ཀླད་རྒྱ་ཕུག་ནས་སྤྱི་བོར་འབྲེལ་ནས་སྣ་བུག་གཉིས་སུ་ཡར་སྣ་འབྱུང་བ་ཡིན་ལ། འོག་ཏུ་ཡང་རྩ་གསུམ་འདུས་མདོ་ནས་གྱེས་ཏེ། ཁྲག་དང་དྲི་ཆེན་གཉིས་ཀྱི་འབྱིན་སྡོམ་གྱི་ལས་ནི། གཡས་རོ་མས་བྱེད་ཅིང་། གཡོན་རྐྱང་མས་དྲི་ཆུའི་འབྱིན་སྡོམ་བྱེད་པར་བཤད་པ་ཡིན་ལ། ལྟེ་བའི་སྟེང་ཡན་ཆད་རླུང་རྒྱུ་བ་ཡིན་ཏེ། ལྟེ་བར་རྩ་ནི་དབུ་མ་ལས་གྱེས་པའི་རྩ་བཞི། དེ་ལས་བར་ཐག་དང་འབྲེལ་ཏེ་གསུམ་གསུམ་དུ་གྱེས་པས་བཅུ་གཉིས། དེ་ལས་ལྔ་ལྔ་གྱེས་པས་དྲུག་ཅུ་དང་སྟོང་པའི་རྩ་དང་སྟེ་དྲུག་ཅུ་རྩ་བཞི་ནི་དུས་སྦྱོར་གྱི་རྟེན་ཡིན་ལ། ལྟེ་བར་ཕུང་པོ་སུམ་ཅུ་རྩ་དྲུག་དང་ཁམས་སུམ་ཅུ་རྩ་དྲུག་སྟེ་བདུན་ཅུ་རྩ་གཉིས་ཀྱི་རྩ་ཡོད་པར་བཤད་པ་ཡང་དུས་སྦྱོར་གྱི་རྩ་ཡི་ཕྱི་སྐོར་ལ་བཤད་པ་ཡིན་ཞིང་། དེས་ནི་ཕྱི་རོལ་དུ་སྟེང་དུ་སྣ་བུག་དང་། འོག་གི་སྒོ་གསུམ་ནས་རྒྱུ་བའི་རླུང་དང་། ནང་དུ་སྲོག་ཆེན་པོའི་རླུང་ཀུན་གྱི་གསོ་བསྐྱེད་པ་ཡིན་ནོ། །གཉིས་པ་ལུང་གི་བསྒྲུབ་པ་ནི། འདི་ནི་དང་པོའི་སངས་རྒྱས་ལས། ཅེས་སོགས་ཚིག་བཅད་གཉིས་དང་རྐང་པ་གསུམ་གྱི་སྟོན་ཏེ། ལུང་དེ་འབྲུ་གནོན་དང་སྦྱར་ན། རྩ་དེ་ནི་ཐུར་དུ་གཤང་གཅི་ཞུ་བ་འབབ་པའི་རྩེ་གསུམ་སྟེ། དེ་བཞིན་དུ་གྱེན་དུའང་རྩེ་གསུམ་མོ། །རྩེ་གསུམ་པོ་དེ་ཡང་དགྲ་གཅན་ཏེ་དབུ་མའི་རྩེ་མོ་དབུས་ན་གནས་ཤིང་། ཉི་མ་སྟེ། རོ་མའི་རྩེ་མོ་གཡས་པ་ལའོ། །ཟླ་བ་སྟེ་རྐྱང་མའི་རྩེ་མོ་གཡོན་པ་ལའོ། །དེ་ཡང་རྐྱང་མ་ལས་ཆུ་རླུང་དང་། རོ་མ་ལས་མེའི་རླུང་དང་། དབུ་མ་ལས་ནམ་མཁའི་རླུང་རྒྱུ་ཞིང་། གཡས་གཡོན་དབུ་མ་གསུམ་པོའི་མར་སྣ་ནས་རིམ་པ་བཞིན་གཤང་བ་གཅི་བ་ཁུ་བ་རྣམས་རྒྱུ་ལ། འཁོར་ལོ་སོ་སོའི་ལྟེ་བར་ལྕགས་སྒྲོགས་བཅིངས་པ་ལྟ་བུར་རྩ་རྣམས་འདུད་ཏེ་གནས་ཤིང་། དེ་ལྟར་སྟེང་དུ་སྲོག་གི་ལམ་གསུམ་དང་འོག་ཏུ་ཐུར་སེལ་གྱི་ལམ་གསུམ་ཉིད་ཡིན་ཞེས་པའོ། །གསུམ་པ་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་ནས། སུམ་ཅུ་རྩ་གཉིས་དང་རྩ་བདུན་གྱི་བར་བཤད་པ་ལ། སྤྱིར་བཤད་པ། རྩ་ཉི་ཤུ་རྩ་བཞིའི་ངོ་བོ་བཤད་པ། སྦས་པའི་རྩ་ལྔ་བྱེ་བྲག་ཏུ་བཤད་པ་གསུམ་ལས། དང་པོ་ནི། འདི་ལས་གྱེས་པའི་རྩ་ཆེན་པོ། །ཅེས་སོགས་ཚིག་བཅད་ཕྱེད་དང་གཉིས་ཀྱི་སྟོན་ཏེ། དེ་ཡང་རྩ་གཙོ་མོ་གསུམ་པོ་འཁོར་ལོ་སོ་སོའི་གནས་སུ་འདུད་ཏེ་ནང་ཁོང་འབྲེལ་པ་འདི་ལ་གྱེས་པའི་མི་ཕྱེད་མ་ལ་སོགས་རྩ་ཉི་ཤུ་རྩ་བཞི་སྟེ། ནང་ལུས་ལ་རྩ་དང་། ཕྱི་རོལ་དུ་ཡུལ་ཉི་ཤུ་རྩ་བཞི། གཞན་དུ་ཐུགས་གསུང་སྐུའི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་ཡིན་ལ། དེའི་སྟེང་དུ་སྙིང་གའི་ཡན་ལག་གི་རླུང་བརྟེན་པའི་རྩ་ལྔ་དང་། རྩའི་གཙོ་མོ་གསུམ་སྟེ་བརྒྱད་དང་བཅས་པས་སུམ་ཅུ་རྩ་གཉིས་སྟེ། དེ་ནི་དཀར་ཕྱོགས་བཅོ་ལྔ་དང་ནག་ཕྱོགས་བཅོ་ལྔ་སྟེ་གཉིས་ཀྱི་ཆ་བཅུ་དྲུག་པ་རེ་སྟེ་སུམ་ཅུ་རྩ་གཉིས་ཀྱི་རྟེན་ཡིན་ཞིང་། དེ་ཡང་དཀར་ཕྱོགས་ཀྱི་ཆ་བཅུ་དྲུག་པའི་རྟེན་གྱི་ཀུན་འདར་མ་དང་། ནག་ཕྱོགས་ཀྱི་ཆ་བཅུ་དྲུག་པའི་རྟེན་བདུད་བྲལ་མ་ཡིན་ཏེ། དེ་ལྕེའུ་ཆུང་ལ་གནས་པ་ཀྱེའི་རྡོ་རྗེ་ལས་བཤད་དོ། །དེའི་སྟེང་དུ་རྩ་བའི་རླུང་ལྔའི་རྟེན་གྱི་རྩ་དང་བཅས་པས་སུམ་ཅུ་རྩ་བདུན་ཡིན་ལ། རྩ་བའི་རླུང་ལྔ་ཡི་རྟེན་གྱི་ངོ་བོ་ནི། ལྟེ་འོག་མན་ནི་ཡེ་ཤེས་ཀྱི་ཁམས་ཐུར་སེལ་འབབ་པའི་རྩ་དང་། ལྟེ་བ་ཡན་ནམ་མཁའི་ཁམས་སྲོག་གི་རྟེན་བྱེད་པའི་རྩ་དང་། སྙིང་གའི་མདུན་ནས་མེ་མཉམ་རྒྱུ་བའི་རྩ་སྣར་མ་དང་། འཚམས་ནས་གྱེན་རྒྱུའི་རྟེན་གླང་ཆེན་ལྕེ་དང་། ལྷོ་ནས་ཁྱབ་བྱེད་ཀྱི་རྟེན་སེར་སྐྱ་སྟེ། དེ་ལྟར་གཞི་ལ་ཕུང་སོགས་སོ་དྲུག་ཁྱབ་བྱེད་བསམ་དུ་མེད་པའི་ཐུགས་རྡོ་རྗེ་དང་སོ་བདུན་ལམ་དུ་བྱང་ཕྱོགས་སོ་བདུན། འབྲས་བུ་ལ་འབྲས་དུས་ཀྱི་བྱང་ཕྱོག་སོ་བདུན་དུ་འགྱུར་བ་ཡིན་ནོ། །གཉིས་པ་རྩ་ཉི་ཤུ་བཞིའི་ངོ་བོ་ནི། ནཱ་རོ་པས། དཀར་ཕྱོགས་བཅོ་ལྔ། ནག་ཕྱོགས་བཅོ་ལྔ་སྟེ་གཉིས་ཀྱི་ཆ་བཅུ་དྲུག་པ་རེ་རེ་སྟེ་སོ་གཉིས་པོ་དེའི་སྟེང་ནས། ཉི་ཤུ་རྩ་བཞི་ལ་མི་ཕྱེད་མ་སོགས་སུ་བྱས་ནས་ལྷག་མ་རྣམས་སྦས་པར་བཤད་པ་ཡིན་ལ། འདིར་ནི་བདག་པོ་དང་། སམྦུ་ཌི་ལས། རྐྱང་མ་དང་འབྲེལ་པའི་རྩ་བཅུ་བཞི་སྟོད་ཀྱི་ཆ་ལ་གནས་པ་དང་། རོ་མ་དང་འབྲེལ་པའི་རྩ་བཅུ་སྨད་ཀྱི་ཆ་ལ་གནས་པ་དང་། དབུ་མ་དང་འབྲེལ་བའི་རྩ་བཅུ་སྟེ་སོ་བཞིར་བཤད་པ་ལས་དབུ་མའི་བཅུ་སྦས་ནས་གཞན་རྣམས་ལ་མི་ཕྱེད་མ་ལ་སོགས་སུ་བཤད་དེ། དེ་ཡང་། འདི་ནི་གཡོན་གྱི་ཆར་སྐྱེས་པ། །ཅེས་སོགས་ཚིག་བཅད་བདུན་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་འདིའི་གཡོན་པ་རྐྱང་མའི་ཆ་ལས་གྱེས་པའི་རྩ་བཅུ་བཞི་ནི། མི་ཕྱེད་མ་ནི་ཚོགས་མར་གནས། །ཕྲ་གཟུགས་མ་ནི་སྤྱི་གཙུག་འབྲེལ། བརྩེ་བ་མ་ནི་རྣ་གཡས་ཏེ། །གཡོན་པ་མ་ནི་ལྟག་རྩའོ། །ཐུང་ངུ་ཞེས་བྱ་རྣ་བ་གཡོན། །རུས་སྦས་སྐྱེས་མ་སྨིན་དབུས་ཏེ། །མིག་གི་ཕྱི་རོལ་སྒོམ་པ་མོ། །དབང་མ་ཕྲག་པ་གཉིས་ཀྱི་རྩ། །སྐྱོན་མ་མཆན་ཁུང་རྩ་ཡིན་ཏེ། །འཇུག་མ་ཞེས་བྱ་ནུ་མའི་རྩ། །མ་མོ་ལྟེ་བའི་རྩ་ཡིན་ཏེ། །སྣ་རྩེར་ཟུག་པ་མཚན་མོའོ། །ཁ་ལ་གནས་པའི་བསིལ་སྦྱིན་མ། །མགྲིན་དབུས་ཚ་བ་མ་གནས་སོ། །ཅེས་སྟེ། དེ་ལྟར་རྐྱང་མ་ལ་བཅུ་བཞི་པོ་དེ་དག་ཀུན་བརྟེན་པ་ལས། འདི་དག་རྣམས་ཀྱང་བསམ་པའི་སྒོ་ནས་ཤེས་རབ་དང་། ལུས་ཀྱི་སྒོ་ནས་ཐབས་ཀྱི་རང་བཞིན་ཡིན་ནོ། །རོ་མ་ལ་བརྟེན་པ་བཅུ་པོ་ཡང་བསམ་པའི་སྒོ་ནས་ཐབས་དང་། ལུས་ཀྱི་སྒོ་ནས་ཤེས་རབ་ཀྱི་ཆ་ཡིན་ཏེ། དེ་ཡང་། གཞོལ་མ་བྲང་གི་གཞུང་དུ་གནས། །རངས་མ་ལྒངས་པར་འབྲེལ་བ་ཏེ། །ཤིན་ཏུ་གཟུགས་ཅན་མཚན་མར་གནས། །སྤྱི་མ་འོག་སྒོར་འབྲེལ་བ་སྟེ། །རྒྱུ་སྦྱིན་བརླ་ཡི་རྩ་ཆེན་ཡིན། །སྦྱོར་བྲལ་མ་ནི་དབྱིན་པར་གནས། སྡུག་གུ་རྐང་པའི་སོར་མོར་འབྲེལ། །གྲུབ་མ་བོལ་གོང་རྩ་ཡིན་ཏེ། །འཚེད་མ་རྐང་འཐེབ་སྤུ་འཁྱིལ་རྩ། །ཡིད་བཟང་པུས་མོའི་གཉན་གོང་གནས། །ཅེས་ཏེ། དེ་ལྟར་ལུས་ཀྱི་རྩ་གནས་དེ་རྣམས་སུ་ཁམས་ཀྱི་ནུས་པ་ཁྱད་པར་བ་རེ་ཡོད་པར་འདོད་པ་ཡིན་ནོ། །གསུམ་པ་སྦས་པའི་རྩ་ལྔ་བྱེ་བྲག་ཏུ་བཤད་པ་ནི། གསུམ་སྐོར་འདོད་པ་ཁྱིམ་མ་དང་། །ཞེས་སོགས་ཚིག་བཅད་གཉིས་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་། སུམ་སྐོར་མ་དང་། འདོད་མ་དང་། ཁྱིམ་མ་དང་། གཏུམ་མོ་ཞེས་བྱ་བའི་རྩ་བཞི་ནི། རིམ་པ་བཞིན་དུ་མིག་དང་རྣ་བ་དང་སྣ་དང་ལྕེར་འབྲེལ་ནས་གཟུགས་འཛིན་པ་ལ་སོགས་པའི་དབང་པོའི་བདག་རྐྱེན་བྱེད་ཅིང་། རྩ་བ་རྣམས་སྙིང་གི་དབུས་ནས་རླུང་རྒྱུ་ལ། དབང་པོའི་བདག་ཡང་ཕྱོགས་གཅིག་བྱེད་པ་ཡིན་གྱི་དབང་པོ་ཡོངས་སུ་རྫོགས་པ་ལ་ནི་རྩ་དང་། དེའི་ནང་དུ་རྒྱུ་བའི་རླུང་དང་དེ་དང་ལྷན་ཅིག་ཏུ་གནས་པའི་ཐིག་ལེ་སྟེ་ཐམས་ཅད་ཚོགས་པ་ལས་འབྱུང་བ་ཡིན་ལ། བཞི་པ་དེའི་སྟེང་དུ་བདུད་བྲལ་མ་ཞེས་བྱ་བ་རྩ་བ་སྙིང་དབུས་སུ་ཟུག་ནས་རྩེ་མོ་ལྕེའུ་ཆུང་གི་དབུས་སུ་ཟུག་སྟེ་ནོར་ལས་རྒྱལ་གྱི་ཕྱོགས་གཅིག་གི་རྟེན་བྱེད་ཅིང་། རེག་བྱ་འཛིན་པ་དང་ཁམས་གྱེན་དུ་འདྲེན་པའི་ལས་བྱེད་ལ་དེར་མ་ཟད་འདིར་ནི་ལུས་ཀྱི་སྙིང་གི་དབུས་སུ་གནས་པའི་རྩ་བའི་རླུང་གི་རྟེན་གྱི་རྩ་ལྔ་པོ་དེ་ཡང་དག་པར་གནས་པ་དེ་ལ་ཡང་སྦས་པའི་རྩ་ལྔར་བཤད་དེ། དེ་ཡང་སྲོག་གི་གནས་ནི་ཨ་བ་དྷུ་ཏི་དང་། གཞན་ཐུར་སེལ་གྱི་རྟེན་དུང་ཅན་མ་ཡིན་པ་སོགས་རྩ་བའི་རླུང་རྒྱུ་བའི་གནས་གོང་དུ་བཤད་པ་བཞིན་ཡིན་ལ། དེ་ལྟར་ཡན་ལག་གི་རླུང་གི་རྟེན་ལ་སྦས་པའི་རྩར་འཇོག་པ་ནི་ཡོན་ཏན་གྱི་སྒོ་ནས་བཞག་ཅིང་། རྩ་བའི་རླུང་ལྔའི་རྟེན་ལ་འཇོག་པ་ནི་ཁམས་ལྔའི་དབང་ལས་ཡིན་ལ། དེ་དག་ལ་སྦས་པའི་རྩར་འཇོག་པའི་རྒྱུ་མཚན་ཡང་། གཞི་ལ་སྙིང་གའི་མི་ཤིག་པ་སད་ནས་སྐྱེ་མཆེད་ཀྱི་སྒོ་ལས་ཡུལ་ལ་མཆེད་པར་བྱེད་པ་དང་། དེ་རྣམས་བྱེད་པ་བཅིངས་པ་ལས་ལམ་དུ་སོར་བསམ་དུ། དུ་བ་ལ་སོགས་པའི་རྟགས་བཅུ་འཆར་བ་དང་། སྲོག་འཛིན་དུ་ལུག་འབྱུང་ཟློག་གི་རྟེན་འབྲེལ་འགོག་པ་དང་། རྗེས་ཏིང་དུ་ལུག་ཟློག་གི་དགའ་བ་འཆར་བ་ལ་སོགས་པའི་རྩ་ཡིན་པས་ན་འདི་ལ་སྦས་པའི་རྩ་ཞེས་བྱ་བ་ཡིན་ནོ། །གཉིས་པ་འཁོར་ལོ་བཞི་དྲུག་བཅོ་བརྒྱད་ལ་སོགས་བཤད་པ་ལ། མདོར་བསྟན་པ། ལྟེ་བའི་འཁོར་ལོ་བཤད་པ། སྙིང་ག། མགྲིན་པ། སྤྱི་བོའི་འཁོར་ལོ་བཤད་པ། འཁོར་ལོ་དྲུག་བཤད་པ། བཅོ་བརྒྱད་དུ་བཤད་པ་སྟེ་བདུན་ལས། དང་པོ་ནི་དེ་ནས་འཁོར་ལོ་བཞི་དང་དྲུག། ཞེས་སོག་རྐང་པ་གཉིས་སྟེ། དེ་ཡང་འཁོར་ལོ་ཐམས་ཅད་ཀྱི་རྩ་བ་ནི་བཞི་ཡིན་པ་ལས། ལྟེ་བའི་འཁོར་ལོ་ལ་འདབ་མ་དྲུག་ཅུ་རྩ་བཞི་དང་། དེའི་ནང་སྐོར་ལ་འདབ་མ་བཅུ་གཉིས་ནི་དུས་སྦྱོར་གྱི་བདག་ཉིད་ཅན། དེར་བྱེད་པ་བཅིངས་པ་ལས་སད་པའི་གནས་སྐབས་དག་པར་བྱེད་ཅིང་། སྤྲུལ་པའི་སྐུའི་དགོངས་པ་འཆར་བར་བྱེད་དོ། །ལམ་གཏུམ་མོ་ལ་གནད་དུ་གཏོང་བའི་གནས་ཡིན་ནོ། །སྙིང་གའི་འཁོར་ལོ་འདབ་མ་བརྒྱད་ནི་ཐུན་ཚོད་ཀྱི་རང་བཞིན་ཅན། དེར་བྱེད་པ་བཅིངས་པ་ལས་གཉིད་འཐུག་གི་གནས་སྐབས་སྦྱོང་ཞིང་། ཆོས་སྐུའི་དགོངས་པས་འཆར་བར་བྱེད་ལ། ལམ་འོད་གསལ་ལ་གནད་དུ་གཏོང་བའི་གནས་ཡིན་ནོ། །མགྲིན་པའི་འཁོར་ལོ་འདབ་མ་བཅུ་དྲུག་ནི་འཕོ་བ་བཅུ་དྲུག་གི་བདག་ཉིད་ཅན། དེའི་བྱེད་པ་བཅིངས་པ་ལས་རྨི་ལམ་གྱི་གནས་སྐབས་སྦྱོང་ཞིང་། ལོངས་སྐུའི་དགོངས་པ་འཆར་བར་བྱེད་ལ། ལམ་སྒྱུ་ལུས་ལ་གནད་དུ་གཏོང་བའི་གནས་ཡིན་ནོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་འདབ་མ་སོ་གཉིས་ནི་ཆུ་ཚོད་ཀྱི་བདག་ཉིད་ཅན། དེའི་བྱེད་པ་བཅིངས་པ་ལས་བཞི་པའི་གནས་སྐབས་སྦྱངས་ཞིང་། བདེ་བ་ཆེན་པོའི་སྐུའི་དགོངས་པ་འཆར་བར་བྱེད་ལ། ལམ་ཐིག་ལེ་ལ་གནད་དུ་གཏོང་བའི་གནས་ཡིན་ནོ། །དེ་ལྟར་བཞི་པོ་དེ་ཁྱབ་བྱར་བྱས་ནས། ཁྱབ་བྱེད་གསང་གནས་ཡེ་ཤེས་ཀྱི་འཁོར་ལོ་དང་། གཙུག་གཏོར་ནམ་མཁའི་འཁོར་ལོ་གཉིས་བསྣན་པས་འཁོར་ལོ་དྲུག་དང་། ཡན་ལག་གི་ཚིག་ཆེན་བཅུ་གཉིས་ཀྱི་འཁོར་ལོ་བསྣན་པས་བཅོ་བརྒྱད་དང་། ཉིང་ལག་གི་འཁོར་ལོ་ལ་སོགས་སུ་དབྱེ་བའི་བར་དུ་ཡོད་དོ། །གཉིས་པ་ལྟེ་བའི་འཁོར་ལོ་བཤད་པ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་ནི། །ཞེས་སོགས་ཚིག་བཅད་བརྒྱད་དང་རྐང་པ་གཅིག་གི་སྟོན་སྟེ། དེ་ཡང་ལྟེ་བ་སྤྲུལ་པའི་འཁོར་ལོ་ཟེར་བའི་རྒྱུ་མཚན་ནི། ཐོག་མར་ལུས་བསྐྱེད་པ་དང་སྤྲུལ་པའི་གནས་ཡིན་པས་ན་དེ་སྐད་བརྗོད་པ་ཡིན་ལ། དེ་ཡང་དབུ་མ་ལས་གྱེས་པའི་སྟོང་པའི་རྩ་བཞི་ལས་བརྒྱུད་དེ། འཕོ་བ་བཅུ་གཉིས་ཀྱི་རིམ་པས་རྩ་བཅུ་གཉིས། དེ་རེ་རེ་ལ་ཁམས་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་འབབས་པའི་རྩ་ལྔ་ཚན་དུ་གྱེས་པས་དྲུག་ཅུ་སྟེ། དེ་ལས་གཡས་ཀྱི་སུམ་ཅུ་ནི་རོ་མ་དང་འབྲེལ་བ་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་དང་། གཡོན་པའི་སུམ་ཅུ་ནི་རྐྱང་མ་དང་འབྲེལ་བ་ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་འཕོ་བའི་རྟེན་ཡིན་ཞིང་། སྟོང་པའི་རྩ་བཞི་པོ་ནི་དབུ་མའི་འཕོ་བའི་རྟེན་ཡིན་ལ། དེ་དག་གིས་མིང་ནི། རྡོ་རྗེ་ཕྲེང་བ་ལས། ཡང་དག་ཤུག་དང་ཤིན་ཏུ་ཤུགས། །ཤིན་ཏུ་བཟང་དང་བཟང་པོར་འགྲོ། །ཞེས་པ་ནི་སྟོང་པའི་རྩ་བཞིའི་མིང་ཡིན་ལ། དེ་ཡང་ཤར་རླུང་། ལྷོ་མེ། བྱང་ཆུ། ནུབ་སའི་རང་བཞིན་ཡིན་ལ། རྩ་འདབ་དྲུག་ཅུ་པོའི་མིང་ནི། སྟོབས་ཆེན་དང་མི་བཟད་ཆེ། མཛེས་ཆེན་མདུན་དུ་སྐྱེས་པ་ཆེ། །རྒྱགས་པའི་རྟགས་དང་རྒྱགས་པའི་ཆ། རྒྱགས་པའི་ཆུ་དང་རྒྱགས་སྨྱོ་བྱེད། རྒྱགས་དང་རྒྱགས་པའི་རྒྱུ་མཐུན་དང་། རྒྱགས་པའི་རླན་དང་རྒྱགས་པ་འཆང་། །རྩུབས་དང་ཁ་ཆུ་གླང་པོ་དང་། །དབུགས་མི་བདེ་དང་གཡའ་ཁ་འགྲོ། །འདབ་ཆགས་ཡན་ལག་ཁྲ་ཡི་གདོང་། །ཟ་ཕོད་མི་བཟད་སྒྲ་སྒྲོགས་དང་། །དྲི་ལྡན་རྣོག་དང་བརྡུལ་བ་དང་། །དབྱངས་དང་དབྱངས་སྐྱེས་དང་ནི་སྤྲིན། །ཆུ་བོ་མཐོ་དང་རྒྱ་ལྟར་སྔོ། །ཡུད་ཙམ་གཙོ་བོ་ཡུད་ཙམ་སྐྱེས། །རྒྱབ་དུ་ཁ་བལྟས་དབྱུག་པ་དང་། །དབྱུག་སྙོམས་དང་ནི་རྙིང་པ་དང་། །ཚིག་ཀྱི་ལྷ་དང་ཚིགས་ཀྱི་ཚིགས། །ཚིག་ཀྱི་ཚད་དང་བརྡུལ་པ་དང་། །ཚིགས་ཀྱི་གནས་དང་ཚིགས་ཀྱི་གདོང་། །ཚིག་འོད་ཚིགས་ཀྱི་ལུ་གུ་རྒྱུད། །དུལ་བྱེད་དུལ་འགྲོ་གཟི་བརྗིད་དང་། །དྲི་མེད་དུལ་བའི་སྙེ་མ་དང་། །ཆུན་འཕྱངས་ལྟོ་དང་ཆགས་པ་ཆགས། །ཆུན་འཕྱངས་ཆུན་འཕྱངས་ཕྱེད་སྦྲང་བུ། །ཕྲུ་གུ་ཕྲུ་གུ་སྟེར་འགྲོ་བ། །ལོ་མ་ལོ་མའི་མགྲིན་པ་དང་། །རབ་མཆོག་མ་དང་རབ་གསལ་ཏེ། །དེ་ལྟར་དྲུག་ཅུ་རྩ་བཞིའོ། །ཞེས་ཏེ། དེ་ལ་ཡང། སྟོབས་ཆེན་ནས་རིམ་པ་བཞིན་ལྔ་ལྔ་ལ་ལུག་གླང་ལ་སོགས་པ་རིམ་པ་བཞིན་སྦྱོར་བར་བཤད་པ་གཅིག་དང་། སྟོབས་ཆེན་སོགས་དང་པོ་སུ མ་ཅུ་ནི་གླང་སོགས་མཉམ་པའི་དུས་སྦྱོར་དང་། དེ་ནས་སུམ་ཅུ་ལུག་སོགས་མི་མཉམ་པའི་དུས་སྦྱོར་ལ་སྦྱོར་བར་བཤད་པ་སྟེ། ཚུལ་གཉིས་ཡོད་པ་ལས་ཕྱི་མ་ཉིད་ལེགས་ཏེ། འདི་དུས་སྦྱོར་གྱི་རླུང་རྒྱུ་བའི་རྟེན་ལ་བཞག་པ་ཡིན་པའི་ཕྱིར་རོ། །གསུམ་པ་སྙིང་ག་བཤད་པ་ནི། སྙིང་གའི་འཁོར་ལོའི། ཞེས་སོགས་ཚིག་བཅད་ཕྱེད་དང་གཉིས་ཀྱི་སྟོན་ཏེ། དེ་ཡང་སྙིང་གའི་འཁོར་ལོ་ལ་ཆོས་ཀྱི་འཁོར་ལོ་ཟེར་བའི་རྒྱུ་མཚན་ནི། སྐྱེ་མཆེད་ལ་ཆོས་སུ་བྱས་ནས་དེ་ཡི་སྒོ་ནས་རྣམ་པར་ཤེས་པ་ཡུལ་ལ་མཆེད་ཅིང་རྒྱས་པར་བྱེད་པས་ན། དེ་སྐད་བརྗོད་པ་ཡིན་ལ། དེ་ལ་ཡང་འདབ་མ་བརྒྱད་ཡོད་པ་ལས། སོ་སོའི་མིང་ནི་རིན་ཆེན་ཅོད་པན་ཞེས་པ་རིན་པོ་ཆེའི་རིགས་དང་པད་མ་ཆེ་ཞེས་པས་པད་མའི་རིགས་དང་། རྡོ་རྗེ་ཆེན་པོ་ཞེས་པ་རྡོ་རྗེའི་རིགས་དང་། སྟོབས་པོ་ཆེ་ཞེས་པ་ལས་ཀྱི་རིགས་ཏེ་རིགས་བཞིའི་རྩེར་གྱུར་པའི་རྩ་ཡིན་ལ། དེའི་སྟེང་དུ་མགོན་པོ་ཆེ་ཞེས་གཟུགས་འཛིན་པའི་དོན་ཅན། སྒྲ་ཆེ་ཞེས་པ་སྒྲ་འཛིན་པའི་དོན་ཅན། ཉེར་དགའ་ཆེན་པོ་ཞེས་པ་དྲི་འཛིན་པའི་དོན་ཅན། མྱོས་པ་ཆེ་ཞེས་པ་རོ་འཛིན་པའི་དོན་ཅན་ཏེ། བརྒྱད་པོ་འདི་ནི་རྩ་བ་དང་ཡན་ལག་གི་རླུང་གི་སྐྱེ་གནས་ཡིན་ཞིང་། དུས་ཀྱི་འཁོར་ལོར་སྣར་མ་དང་གླང་ཆེན་ལྕེ་ལ་སོགས་པའི་མིང་གི་བསྙད་པ་ཡིན་ལ། སྟེང་འོག་གི་རྩ་གཉིས་ནི་ལྟེ་བར་བྱས་ནས་འདབ་མར་མ་བགྲང་པ་ཡིན་ནོ། །དེ་ལྟར་སྙིང་གའི་འཁོར་ལོ་ཐོག་མར་གྲུབ་ནས། དེ་ནས་རླུང་རྒྱུ་བའི་རྩ་ལུས་ཀྱི་སྟེང་འོག་ཏུ་ཀུན་ཏུ་ཁྱབ་པ་ཡིན་ལ། འོ་ན་གོང་དུ་ལུས་ཀྱི་ཐོག་མ་ལྟེ་བ་ནས་ཆགས་པར་བཤད་པ་དང་། འདིར་སྙིང་ག་ནས་ཆགས་པར་བཤད་པ་གཉིས་མི་འགལ་ལམ་ཞེ་ན་མི་འགལ་ཏེ་རག་པའི་ལུས་ནི་ཐོག་མར་ལྟོ་བ་ནས་ཆགས་ཤིང་ཕྲ་བའི་ལུས་ཀྱི་ཐོག་མ་སྙིང་ག་ནས་ཆགས་པ་ཡིན་པས་སོ། །བཞི་པ་མགྲིན་པའི་འཁོར་ལོ་ནི། མགྲིན་པར་རྩ་འདབ་བཅུ་དྲུག་ནི། ཞེས་སོགས་ཚིག་བཅད་གཉིས་ཀྱི་སྟོན་ཏེ། དེ་ཡང་མགྲིན་པའི་འཁོར་ལོ་ལ་ལོངས་སྤྱོད་ཀྱི་འཁོར་ལོ་ཟེར་བའི་རྒྱུ་མཚན་ནི། རོ་དྲུག་ཉམས་སུ་མྱོང་བའི་སྒོ་ནས་ལོངས་སྤྱོད་པས་ན། དེ་སྐད་ཅེས་བྱ་ལ་དེའི་འདབ་མ་ལ་ཡང་སྤྱི་མིང་བྱེ་བྲག་ལ་བཏགས་ནས། ལོངས་སྤྱོད་ལོངས་སྤྱོད་གཏེར་དང་གསང་། །ཉི་འགྲོགས་གསལ་དང་སྐལ་བ་དང་། །སྒོམ་པ་དང་ནི་ཐལ་བའི་གདོང་། །གཟའ་སྟེར་ཟ་དང་བཀྲེས་པ་དང་། །བཅུད་ལེན་རོས་ནི་བཀུར་བ་དང་། །རོ་འཇིགས་པ་དང་རོ་དང་ནི། །ཁྲུང་ཁྲུང་ལོངས་སྤྱོད་འཁོར་ལོར་གནས། །ཅེས་སོ། །ལྔ་པ་སྤྱི་བོ་ནི། སྤྱི་བོ་བདེ་ཆེན་འཁོར་ལོ་ནི། །ཞེས་སོགས་ཚིག་བཅད་བཞི་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་སྤྱི་བོའི་འཁོར་ལོ་ལ་བདེ་བ་ཆེན་པོ་ཟེར་བའི་རྒྱུ་མཚན་ནི། རྟེན་ལ་བརྟེན་པའི་མིང་གི་བཏག་པ་ཡིན་ཏེ། བདེ་བ་ཆེན་པོའི་རྟེན་བྱང་ཆུབ་ཀྱི་སེམས་དཀར་ཆ་ལྷག་པར་གནས་པས་ན་དེ་སྐད་དུ་བརྗོད་ལ། དེ་ཡང་རྩ་འདབ་སུམ་ཅུ་རྩ་གཉིས་ཡོད་པ་ལས། མིང་ནི། རིམ་རིག་དང་ནི་འདོད་པ་ཅན། །འདོད་ཅན་མ་དང་སྲོག་གི་ལུས། །ཟླ་ཐུང་ཟླ་སྟེར་མཛེས་པ་ནི། འདོད་ཅན་མི་སྨྲ་ཀུ་ཤ་དང་། །ཤི་བ་སྤངས་དང་དག་པ་དང་། །མེ་དང་མེ་རོ་ནེ་ཙོ་དང་། །གང་བ་ཉིད་དང་རོ་ལྡན་དང་། །ཀོས་རིངས་ཆང་སྟེར་བདུད་རྩི་དང་། །དུང་ཅན་དང་ནི་དུང་སྣ་དང་། །དུང་གི་མིག་དང་དུང་གི་རྣ། རྒྱགས་དང་དབང་རྒྱགས་བསྐམ་པ་དང་། །རྒྱགས་པས་རྒྱགས་དང་ངོ་མཚར་རྒྱགས། སྙོམས་པ་དང་ཚིག་གིས་རྟེན། །སུམ་ཅུ་རྩ་གཉིས་ཞེས་ནི་བཤད། །དེ་ལྟར་ལྟེ་བ་ས། །སྙིང་ག་ཆུ། མགྲིན་པ་མེ། སྤྱི་བོ་རླུང་རྣམས་ཀྱི་འཁོར་ལོ་དྲིལ་བས་རྩ་འདབ་བརྒྱ་ཉི་ཤུ་ནི་འཁོར་ལོ་ཐམས་ཅད་ཀྱི་གཙོ་བོ་དང་། འདབ་མ་རྣམས་རྩ་ཐམས་ཅད་ཀྱི་གཙོ་བོ་ཞེས་ནི་བཤད་པ་ཡིན་ནོ། །འོ་ན་འདིར་མགྲིན་པ་ལས་བཅུ་དྲུག་དང་། སྤྱི་བོ་ལ་སོ་གཉིས་སུ་བཞག་ཅིང་། དུས་ཀྱི་འཁོར་ལོར་དེ་གཉིས་བཟློགས་སྟེ་མགྲིན་པར་སོ་གཉིས་དང་། སྤྱི་བོར་བཅུ་དྲུག་ཏུ་བཞག་པ་ནི་གཞི་གཅིག་ལ་འགལ་བ་ཡིན་ནམ་ཞེ་ན། མི་འགལ་སྟེ། བྱེད་བཅིངས་ལ་སོགས་པའི་དགོས་པའི་དབང་ལས་འཁོར་ལོའི་ཕྱི་རིམ་དང་ནང་རིམ་བགྲང་པའི་ཁྱད་པར་ཡིན་ནོ། །དྲུག་པ་འཁོར་ལོ་དྲུག་བཤད་པ་ལ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་བཤད་པའི་ཚུལ་དང་། རྒྱུད་གཞན་གྱི་དགོངས་པ་དང་སྦྱར་བ་གཉིས་ལས། དང་པོ་ནི། གཙུག་ཏོར་རླུང་དང་མགྲིན་པ་མེད། །ཞེས་སོགས་རྐང་པ་བདུན་གྱི་སྟོན་ཏེ། དེ་ཡང་གཙུག་ཏོར་དང་སྨིན་འཚམས་ཀྱི་སྒྲས་བརྗོད་པའི་གཙུག་ཏོར་གྱི་འཁོར་ལོར་རླུང་གི་རང་བཞིན་རྩ་འདབ་མ་དྲུག་དང་། གཙུག་ཏོར་གྱི་མགྲིན་པར་མེའི་རང་བཞིན་འདབ་མ་གསུམ་སྟེ། དེ་ལྟར་གཙུག་ཏོར་དུ་གནས་པའི་རྩ་དགུ་ཡོད་དེ། དེ་དག་ལ་ཡང་རྩ་བ་སྨིན་མའི་དབུས་ནས་ཟུག་ཅིང་། རླུང་གི་འཁོར་ལོའི་རྩ་རྣམས་ཀྱི་མིང་ནི། བྱེ་བ་དང་། འཁྱིལ་པ་དང་། མི་ཟད་པ་དང་། མིང་བཟང་དང་། བརྟན་པ་དང་། མཚན་ཉིད་ཅན་ཞེས་བྱ་ལ། མགྲིན་པའི་རྩའི་མིང་ནི། འཛིན་པ། རྟོག་མེད། གང་བ་སྟེ་རྩ་གསུམ་པོ་ནི་ལྷག་པར་མེའི་ཁམས་དང་ལྡན་པའོ། །གཉིས་པ་ནི། དུས་ཀྱི་འཁོར་ལོ་ལས་གང་གསུང་པ་ནི། གོང་གི་དགུ་པོ་དེ་ལས་བདུན་ནི། རྡོ་རྗེ་ནོར་བུ་འདབ་མ་བཞི་དང་། རྩ་གསུམ་འདུས་མདོའི་མར་སྣར་གསང་གནས་སུ་གཤང་གཅི་ཁུ་བ་འབབ་པའི་རྩ་གསུམ་སྟེ་བདུན་དང་། དེའི་ཕྱི་སྐོར་ནི་བསྡུས་རྒྱུད་རྣམས་ནས་གསུངས་པའི་སྤྱི་བོའི་འཁོར་ལོ་དང་མཚུངས་པར་གསང་གནས་ཀྱི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་གནས་པ་ཡིན་ལ། དེ་ཡན་ཆད་ཀྱི་དབུ་མ་ལ་དགྲ་གཅན་དུས་མེའི་རྩ་གཉིས་སུ་ཕྱེ་བ་སྔར་གྱི་བདུན་པོའི་སྟེང་དུ་བསྣན་པ་ལས་དགུ་པོ་དེ་དབྱེ་བ་ལ་སོགས་པའི་མིང་གི་བསྟན་པ་ཡིན་ལ། དེ་ལྟར་རྩ་དགུ་པོ་དེ་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་སྟོད་དུ་གནས་པར། བཤད་པ་དང་དུས་ཀྱི་འཁོར་ལོ་སྨད་དུ་གནས་པར་བཤད་པ་གཉིས་ཀྱང་མི་འགལ་ཏེ། ལུས་བསམ་གྱིས་ངེས་པ་ལས་ཡིན་པས་སོ། །ཡང་ན་སེམས་འགྲེལ་རྣམས་སུ་རྒྱུད་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་སྦྱོར་བའི་ངེས་པས་འཁོར་ལོ་དྲུག་པོ་དེ་དག་གི་དབུས་ན་གནས་པའི་རྩ་དྲུག་ལ་བྱེ་བ་ལ་སོགས་པའི་མིང་དུ་བཤད་ཅིང་། དུས་ཀྱི་འཁོར་ལོ་སྟོང་པ་དྲུག་གི་རྩ་ཞེས་བཤད་པ་ཡིན་ལ། དེ་ལྟར་དྲུག་པོ་དེ་ལས་ཁྱབ་བྱའི་འཁོར་ལོ་བཞི་ནི་སྲོག་འབྱིན་འཇུག་བྱེད་པའི་ལམ་ཡིན་པས་ན་གཞན་དཀྱིལ་འཁོར་ལ་གསུང་དཀྱིལ་གྱི་སྒོ་བཞིར་དག་པ་ཡིན་ནོ། །དེ་ཡང་འགྲེལ་ཆེན་དྲི་མ་མེད་པའི་འོད་དང་སྦྱར་ཏེ་རྒྱས་པར་བཤད་ན། ལུས་ངག་ཡིད་གསུམ་གྱི་ཐིག་ལེ་འཛིན་པའི་དབང་ལས་ལྟེ་གསང་ནོར་བུ་གསུམ་དུ་རིགས་ཀྱི་དབང་ལས་འཁོར་ལོ་གསུམ་དང་། རིགས་དྲུག་གིས་དབང་ལས་སྟེང་དུ་རོ་རྐྱང་དྷུ་ཏི་གསུམ་དང་། འོག་ཏུ་གཤང་གཅི་ཁུ་བ་འབབས་པའི་རྩ་གསུམ་སྟེ་དྲུག །རིགས་སུམ་ཅུ་སོ་དྲུག་གི་ལས་འཁོར་ལོ་དྲུག་ལ་སྤྱིར་སྒྲ་འཛིན་པའི་རྩ་གཉིས། རེག་བྱ་འཛིན་པ་གཉིས། རོ་འཛིན་པ་གཉིས། གཟུགས་འཛིན་པ་གཉིས་དྲི་འཛིན་པ་གཉིས་སྟེ་བཅུ། དེའི་སྟེང་དུ་ལྟེ་བའི་དུས་སྦྱོར་གྱི་རྩ་བཅུ་གཉིས་དང་། སྙིང་གའི་ཐུན་བརྒྱད་ཀྱི་རྩ་བརྒྱད་དེ་ཉི་ཤུ་བསྣན་པས་སུམ་ཅུ། དེའི་སྟེང་དུ་གསང་གནས་ཀྱི་འཁོར་ལོའི་ལྟེ་བའི་འཁོར་ལོ་དྲུག་གི་ནུས་པ་འཛིན་པའི་རྩ་དྲུག་སྟེ་སུམ་ཅུ་སོ་དྲུག་ཡིན་ལ། དེ་ལས་ཕུང་པོའི་གཟུགས་ཅན་མ་དྲུག ཁམས་ཀྱི་དྲུག དབང་པོའི་དྲུག ཡུལ་གྱི་དྲུག་ལས་དབང་གི་དྲུག །དེའི་ཡུལ་གྱི་དྲུག་སྟེ། སུམ་ཅུ་རྩ་དྲུག་དང་། ཕུང་པོའི་དབང་དུ་ན། གཟུགས་འཛིན་པ། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པ། ཡེ་ཤེས་ཀྱི་ཕུང་པོ་རྣམས་འཛིན་པ་དྲུག་དྲུག་སྟེ་སུམ་རྩ་དྲུག དེ་དག་ཀྱང་ཐབས་ཤེས་གཉིས་སུ་དབྱེ་བ་ལས་རིག་བདུན་ཅུ་རྩ་གཉིས། དེ་རྣམས་སྟོང་སྟོང་གི་དབྱེ་བ་ལས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །དུས་ཀྱི་འཁོར་ལོ་ལས་གསུངས་པའི་འཁོར་ལོའི་གྲངས་ནི། གཙུག་ཏོར་དུ་ཐུན་ཆེན་པོ་བཞིའི་རང་བཞིན་རྩ་འདབ་བཞི། སྤྱི་བོར་ཚེས་བཅུ་དྲུག་གི་རང་བཞིན་རྩ་འདབ་བཅུ་དྲུག མགྲིན་པར་རྒྱུ་སྐར་ཉེར་བརྒྱད་དང་དབྱུ་གུ་བཞིའི་རང་བཞིན་རྩ་འདབ་སོ་གཉིས་སོ། །སྙིང་གར་གཟའ་བརྒྱད་ཀྱི་རང་བཞིན་རྩ་བརྒྱད། ལྟེ་བར་དབྱུ་གུ་དྲུག་ཅུ་རྩ་བཞིའི་རང་བཞིན་གྱི་རྩ་འདབ་དྲུག་ཅུ་རྩ་ཞི། གསང་གནས་སུ་ཚེས་སོ་གཉིས་ཀྱི་རང་བཞིན་རྩ་འདབ་སོ་གཉིས་སོ། །བདུན་པ་ཡན་ལག་གི་འཁོར་ལོ་རྒྱས་པར་བཤད་པ་ནི། ལག་པ་གཡས་པའི་ཚིག་གསུམ་ལ། ཞེས་ཚིག་བཅད་གསུམ་གྱི་སྟོན་ཏེ། དེ་ཡང་ལག་པ་གཡས་པའི་ས་ཁམས་ཀྱི་བསྐྱེད་པའི་ཚིག་གསུམ་ལ་རླུང་ཁམས་ཀྱི་བསྐྱེད་པའི་རྩ་འདབ་སུམ་ཅུ་སུམ་ཅུ་སྟེ་དགུ་བཅུ་གནས་ཤིང་། དེ་དང་འབྲེལ་བའི་ཉིང་ལག་སོར་མོའི་ཚིག་བཅོ་ལྔ་པོ་རེ་རེ་ལ་རྩ་འདབ་དྲུག་དྲུག་ཏུ་འགྱུར་ཏེ། དྲིལ་བས་གྲང་ནི་གོང་གི་ཚིག་ཆེན་གྱི་འཁོར་ལོ་གསུམ་དང་མཚུངས་ཏེ་དགུ་བཅུའོ། །དེ་བཞིན་དུ་ལག་པ་གཡོན་ཆུ་ལ་མེ་ཁམས་ཀྱི་བསྐྱེད་པའི་འཁོར་ལོ། རྐང་པ་གཡས་པ་མེ་ལ་ཆུ་ཁམས་ཀྱི་བསྐྱེད་པའི་འཁོར་ལོ། །གཡོན་པ་རླུང་ལ་ས་ཁམས་ཀྱི་བསྐྱེད་པའི་འཁོར་ལོ་གསུམ་གསུམ་སྟེ། དེ་ལྟར་ཡན་ལག་གི་འཁོར་ལོ་བཅུ་གཉིས་ལ་རྩ་འདབ་སུམ་བརྒྱ་དྲུག་ཅུ་དང་། ཉིང་ལག་གི་སོར་ཚིག་ཐམས་ཅད་དྲིལ་བ་ལ་ཡང་དེ་དང་མཉམ་པ་ཡིན་ནོ། །ལྔ་པ་ནད་བསྐྱེད་པའི་རྩ་བཤད་པ་ནི། ནད་ནི་བསྐྱེད་པའི་བྱེད་པའི་རྩ། །ཞེས་སོགས་ཚིག་བཅད་གསུམ་གྱི་སྟོན་ཏེ། དེ་ཡང་ནད་བསྐྱེད་པའི་རྩ་ནི། །གཙུག་ཏོར་གྱི་འདབ་མ་བཞི་དང་། དཔྲལ་བའི་འདབ་མ་བཅུ་དྲུག་སྟེ་ཉི་ཤུ་ལ་བད་ཀན་ལྷག་པར་གནས་ཤིང་། སྙིགས་མས་བད་ཀན་གྱི་ནད་བསྐྱེད་པར་བྱེད་ལ། མགྲིན་པའི་རྩ་སུམ་ཅུ་རྩ་གཉིས་དང་། སྙིང་གའི་བརྒྱད་དེ་བཞི་བཅུ་ལ་མཁྲིས་པ་ལྷག་པར་གནས་ཤིང་སྙིགས་མས་ནད་བསྐྱེད་ཅིང་། ལྟེ་བའི་དྲུག་ཅུ་རྩ་བཞི་དང་གསང་གནས་ཀྱི་ཕྱི་རོལ་གྱི་འདབ་མ་བཅུ་དྲུག་སྟེ་བརྒྱ་བཅུ་ལ་རླུང་ལྷག་པར་གནས་ཤིང་སྙིགས་མས་ནད་བསྐྱེད་ལ། གསང་གནས་ཀྱི་ནང་རིམ་བཅུ་དྲུག་གི་འདུས་པའི་ནད་བསྐྱེད་པར་བྱེད་དོ། །དེ་ལྟར་ནད་བསྐྱེད་པའི་རྩ་འདབ་བརྒྱ་དང་ལྔ་བཅུ་རྩ་དྲུག་པོ་འདི་རྣམས་ནི་འཁོར་ལོའི་ཕྱི་རིམ་ཡིན་ལ། གཞན་དག་འཁོར་ལོའི་ལྟེ་བ་དང་ནང་གི་སྟོང་པའི་རྩ་བཞི་ལ་ནད་བསྐྱེད་པའི་རྩར་འདོད་པ་ནི་མི་ལེགས་སྟེ། འདི་རྣམས་ལ་ཁམས་ཀྱི་དྭངས་མ་ལྷག་པར་གནས་པ་ཡིན་པའི་ཕྱིར་རོ། །དྲུག་པ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་བཤད་པ་ནི། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །ཅེས་སོགས་ཚིག་བཅད་ཕྱེད་དང་བཞིས་སྟོན་ཏེ། དེ་ཡང་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩའི་རྣམ་དབྱེ་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །དགྲ་གཅན་རླུང་གི་ཁམས་རྒྱུ་བ་དབུ་མའི་རིགས་སུ་བརྗོད་ལ། དེ་ལྟར་རྩའི་གཙོ་མོ་ཟླ་བ་ཁུ་བའི་ཁམས་འབབས་པ་རྐྱང་མའི་རིགས་དང་། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། ཉི་མ་ཁྲག་གི་ཁམས་འབབ་པ་རོ་མའི་རིག་དང་། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། དགྲ་གཅན་རླུང་གི་ཁམས་རྒྱུ་བ་དབུ་མའི་རིགས་སུ་བརྗོད་ལ། དེ་ལྟར་རྩའི་གཙོ་མོ་གསུམ་ལས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་ཚུལ་ཡང་། ལུས་ལ་གནས་པའི་རྩ་མི་ཕྱེད་མ་ལ་སོགས་ཉི་ཤུ་རྩ་བཞི་པོ་དེ་མི་ཕྱེད་མ་ནས་ཡིད་བཟང་མའི་བར་རེ་རེ་ཞིང་། ཐིམ་སྤྱོད་དང་དབང་བྱེད་པའི་བདག་པོའི་དབྱེ་བས་གསུམ་གསུམ་སྟེ་བདུན་ཅུ་རྩ་གཉིས་རྩ་གཉིས་སུ་འགྱུར་ལ། ཐིམ་ལོངས་སྤྱོད་དབང་བྱེད་ཅེས་པ་ཡང་བྱེད་ལས་ཀྱི་སྒོ་ནས་རྩ་ནང་དེ་དག་དུ་རླུང་དང་ཐིག་ལེས་བྱ་བ་བྱས་ཟིན་པ་ནི་ཐིམ་པ་ད་ལྟ་བ་བྱེད་བཞིན་པ་ནི་ལོངས་སྤྱོད་པ། མ་འོངས་པ་ན་བྱེད་འགྱུར་ནི་དབང་བྱེད་པའམ་བདག་པོ་ཡིན་ལ། ངོ་བོའི་སྒོ་ནས་རླུང་རྒྱུ་བ་ནི་ཐིམ་པ། ཁུ་བ་འབབ་པ་ནི་ལོངས་སྤྱོད་པ། རྡུལ་འབབ་པ་ནི་དབང་བྱེད་པ་ཡིན་ནོ། །དེ་རེ་རེ་ཡང་ཕུང་ཁམས་ཀྱི་དབྱེ་བས་བརྒྱ་བརྒྱ་དང་། དེ་རླུང་བཅུས་བསྒྱུར་བས་སྟོང་སྟོང་དུ་འགྱུ་བས་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས་འབྱུང་སྟེ། དེ་ཡང་རྣལ་འབྱོར་པ་ལ་ཉེ་བར་མཁོ་བའི་དབང་དུ་བྱས་པ་ཡིན་ནོ། །བདུན་པ་དེ་ལས་ཕྲ་བའི་རྩ་བཤད་པ་ནི། དཔེར་ན། སྡོང་པོ་གཅིག་ལས་ནི། །ཞེས་སོགས་ཚིག་བཅད་གཅིག་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་དཔེར་ན། སྡོང་པོ་གཅིག་ལ་ཡལ་ག་དང་། དེ་ལས་ལོ་འདབ་གྱེས་པ་བཞིན་དུ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་དེ་ལས་གྱེས་པའི་ཕྲ་བའི་རྩ་ནི་བྱེ་བ་ཕྲག་ཕྱེད་དང་བཞི་ལ་སོགས་པ་ཡོད་དེ། དེས་བ་སྤུའི་ཁམས་བསྐྱེད་པར་བྱེད་པ་ཡིན་ལ། དེ་དག་ཀྱང་མི་ཕྱེད་མ་ལ་སོགས་པའི་རྩ་ཉི་ཤུ་རྩ་བཞི་པོ་དེ་ལས་གྱེས་པ་ཡིན་ཞིང་། རྩ་སུམ་ཅུ་རྩ་དྲུག་ཏུ་བཤད་པའི་ཚེ་ན་ལྷག་མ་བཅུ་གཉིས་ཡོད་པས་དེ་ལས་གྱེས་པའི་རྩ་ཡང་ཡོད་པར་ངེས་ལ། དེར་མ་ཟད་དགའ་བོ་མངལ་འཇུག་ལས། ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་གནས་པས། དེའི་རྟེན་གྱི་རྩ་ཡང་བརྒྱད་ཁྲི་ཡོད་པར་གསུང་སྟེ། དེ་ཡང་བྱེ་བ་ཕྲག་ཕྱེད་དང་བཞིའི་ནང་དུ་འདུས་པའི་ངེས་པ་མེད་པ་ཡིན་ནོ། །ཞར་ལ་ཁམས་གང་གི་བསྐྱེད་པར་བསྟན་པ་ནི། འདི་རྣམས་ཁམས་ཀྱི་རིམ་པ་ནི། །ཞེས་སོགས་ཚིག་བཅད་གཉིས་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་རྩ་འདི་རྣམས་ཀྱི་ཁམས་ཀྱི་རིམ་པ་ནི། ལྟེ་བ་ས། སྙིང་ག་རླུང་། མགྲིན་པ་མེ། སྤྱི་བོ་ཆུ། གཙུག་ཏོར་ནམ་མཁའ། གསང་གནས་ཡེ་ཤེས་བདེ་བའི་རིགས་སུ་གསུངས་པ་ཡིན་ལ། དེ་དག་ལས་གཙུག་ཏོར་གསང་གནས་གཉིས་ཁྱབ་བྱེད་དང་། ལྷག་མ་རྣམས་ཁྱབ་བྱར་བྱས་པ་ཁྱབ་བྱ་ཁྱབ་བྱེད་ཀྱི་རིགས་དང་གསང་གནས་ཡེ་ཤེས་ཀྱི་ཁམས་ས་དང་། ལྟེ་བ་རླུང་དུ་བྱས་པ་དང་། ཡང་བཟློག་སྟེ་ལྟེ་བ་ས་དང་གསང་གནས་རླུང་དུ་བྱས་པའི་ཐབས་ཤེས། གཙུག་ཏོར་ཡེ་ཤེས་ཀྱི་ཁམས་ས། སྤྱི་བོ་རླུང་དུ་བྱས་པ་དང་། ཡང་དེ་ལས་བཟློག་པ། མགྲིན་པ་མེ། སྙིང་ག་ཆུ་ཐབས་ཤེས་སུ་བྱས་པ་སྟེ་ཐབས་ཀྱི་རིགས་དང་། དེ་དག་གི་ཐབས་རྣམས་ལ་ཕ་དང་། ཤེས་རབ་རྣམས་ལ་མའི་ཐ་སྙད་བྱས་པ་ཕ་མའི་རིགས་དང་། ཁྱབ་བྱེད་གཉིས་ལས་ཤེས་རབ་དང་། ཁྱབ་བྱ་བཞི་ཀ་ལ་ཐབས་སུ་བཞག་པའི་རིགས་གཅིག་དང་། ཁྱབ་བྱ་བཞི་པོ་དེ་ཡང་འཇིག་རྟེན་ཀུན་རྫོབ་ཏུ་དགྲ་གཤེད་ཡིན་པ་དེ་ཡེ་ཤེས་ཀྱི་ཕྱོགས་ལ་ཐབས་ཤེས་སུ་འགྱུར་བ་ན། ས་རླུང་ཐབས་ཤེས། ཆུ་མེ་ཐབས་ཤེས་སོ། །འཇིག་རྟེན་ཀུན་རྫོབ་ཏུ་ཐ་མལ་པ་ཡིན་པ་དེ་ཡེ་ཤེས་ལ་བསྐྱེད་བྱ་སྐྱེད་བྱེད་དུ་འགྱུར་ཏེ། རླུང་མེ་གཉིས་བསྐྱེད་བྱ་སྐྱེད་བྱེད། ས་ཆུ་གཉིས་བསྐྱེད་བྱ་སྐྱེད་བྱེད་དུ་འགྱུར་བ་ཡིན་ལ། དེ་ལྟར་འཁོར་ལོ་དྲུག་ཁམས་ཀྱི་བསྐྱེད་པ་དེ་བཞིན་དུ་བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞི་པའི་མཐར་ཐུག་པར་ཁམས་དྲུག་གི་རིམ་པར་བསྐྱེད་དེ། རིམ་པ་ཡང་། ཁམས་དྲུག་ལས་ཡེ་ཤེས་ཁྱབ་བྱེད་དུ་བཏང་ནས་ཁམས་ལྔར་བཞག་པ་དང་། མཁའ་ཡེ་གཉིས་ཀ་ཁྱབ་བྱེད་དུ་བཏང་ནས་ཁམས་བཞིར་བཞག་པ་དང་། མཁའ་ཡེ་གཉིས་ཀ་གཅིག་ཏུ་བྱས་རླུང་མེ་གཅིག་ཏུ་བྱས། ས་ཆུ་གཉིས་གཅིག་ཏུ་བྱས་ནས། གཡས་གཡོན་དུ་དབུ་མའི་དབྱེ་བ་ལས་སྐུ་གསུང་ཐུགས་རིགས་གསུམ་དང་། ས་མེ་ཡེ་ཤེས་གསུམ་པོ་ཤེས་རབ་དང་། ཆུ་རླུང་ནམ་མཁའ་གསུམ་པོ་ཐབས་སུ་བྱས་པས་ལས་རིགས་གཉིས་སུ་འགྱུར་བ་ཡིན་ནོ། །གསུམ་མཇུག་བསྡུ་བ་ནི། དེ་ལྟར་ཞེས་སོགས་རྐང་པ་གཉིས་སྟེ། དེ་ཡང་དེ་ལྟར་ཕྲལ་བའི་ལུས་རྩའི་མཚན་ཉིད་ཤེས་པ་ལས་རག་པའི་ལུས་ལ་གཅིག་དང་རྟག་པ་དང་རིལ་པོར་འཛིན་པ་ལ་སོགས་པའི་ལོག་རྟོག་ལྡོག་པར་ནུས་ལ། དེ་ལས་རྩ་ཐམས་ཅད་ཀྱི་ཁྱབ་བྱེད་དབུ་མ་ཆེན་པོ་གཞོམ་དུ་མེད་པའི་རྡོ་རྗེའི་སྐུའི་གནས་ལུགས་རྟོགས་པར་འགྱུར་བ་ཡིན་ནོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་ལུས་ཀྱི་རྩ་རྒྱས་པར་བསྟན་པ་སྟེ་གསུམ་པའོ། །ད་ནི་དུམ་བུ་བཞི་པ་རླུང་རྒྱས་པར་བཤད་པ་ནི། ཐོག་མར་རྩ་གྲུབ་ནས་དེ་ནས་རླུང་བཤད་པ་ནི་འབྲེལ་པ་ཡིན་ཏེ། རྩ་ནང་དེ་དག་ཏུ་རླུང་རྒྱུ་བ་ཡིན་པས་སོ། །དེ་བས་ན་རླུང་བཤད་པ་ལ། མཚམས་སྦྱོར་ཏེ་སྤྱིར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བ་སྟེ་གསུམ་ལས། དང་པོ་ནི། དེ་ནས་རླུང་གི་ངོ་བོ་དང་། །ཞེས་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་རླུང་དེ་དག་གི་ངོ་བོ་དང་། གནས་དང་། བྱེད་ལས་དང་། རྒྱུ་བའི་ཚུལ་དང་། སྟོབས་དང་། སྟོབས་མེད་པའི་རིམ་པ་དང་། འཇུག་པའི་སྒོ་དང་། བཟུང་ཐབས། སྐྱོན་དང་། ཡོན་ཏན་དང་། ཡོན་ཏན་དེ་ལ་ཡང་བསྒོམ་པའི་ཡོན་ཏན་དང་། རང་བཞིན་གྱི་ཡོན་ཏན་གཉིས་ཀྱི་ཕྱི་མ་འདི་ལས་འཁོར་འདས་ཐམས་ཅད་འཆར་བ་ལ་སོགས་པ་རིམ་པ་བཞིན་དུ་འདིར་བཤད་པར་བྱ་བ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། བསྐྱེད་བྱ་སྐྱེད་བྱེད་ཀྱི་ངོ་བོ་དང་། གནས་བྱེད་ལས་དང་བཅས་པ། རྒྱུ་བའི་ཚུལ་བྱེད་ལས་དང་བཅས་པ། འཇུག་པ་དང་བཟུང་ཐབས་དང་ཡོན་ཏན་དང་བཅས་པ། ཡོན་ཏན་དེ་ལས་ཀྱང་ཁྱད་པ ར་རང་བཞིན་གྱི་ཡོན་ཏན་ཏེ་ལྔ་ལས། དང་པོ་ལ་ཡང་མདོར་བསྟན་དང་། རྒྱས་བཤད་གཉིས་ཀྱི་དང་པོ་ནི། རླུང་ནི་ཞེས་སོགས་རྐང་པ་གཉིས་ཀྱི་སྟོན་ཏེ། དེ་ཡང་སྲོག་ཆེན་པོའི་རླུང་ནི་ལུས་ཅན་རྣམས་ཀྱི་ངག་ཐམས་ཅད་དང་། དབུགས་ནས་ཆུ་སྲང་ཆུ་ཚོད་དུས་སྦྱོར་ཞག་དང་ཟླ་བ་ལོ་དང་སྐལ་པའི་བར་ཐམས་ཅད་དང་། སྒྲ་དང་ཡི་གེ་ཐམས་ཅད་ཀྱང་འདི་ལས་སྐྱེས་པ་ཡིན་ཏེ། དེ་ཡང་ཐོག་མར་མངལ་ལ་ཉིང་འཚམས་སྦྱར་བས་ཀུན་གཞིའི་རྣམ་ཤེས་དང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཅེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ནི། ཐོག་མར་རྣམ་ཤེས་ལ་བརྟེན་པ་ཅེས་སོགས་ཚིག་བཅད་དྲུག་གི་སྟོན་ཏེ་དེ་ཡང་ཐོག་མར་མངལ་དུ་ཉིང་འཚམས་སྦྱར་བས་ཀུན་གཞིའི་རྣམ་ཤེས་དང་དེ་ལ་བརྟེན་པའི་འདུ་བྱེད་ཡིད་ཀྱི་གཡོ་བ་ལས་སྲོག་རླུང་ཨ་ཡིག་གི་རྣམ་པ་སྟེ་རང་བཞིན་ཅན་ནམ་མཁའི་ཁམས་པ་དེ་གྲུབ་ཅིང་། དེ་ནས་ཐུར་སེལ་རང་གི་ངོ་བོ་ཆུ་ཡིན་ཡང་འདིས་ཡེ་ཤེས་ཀྱི་རྟེན་བྱེད་པས་ན་ས་ཁམས་པ་ལམ་ཡིག་གི་རང་བཞིན་དེ་གྲུབ། དེ་ནས་མགྲིན་པར་གནས་པའི་གྱེན་རྒྱུ་མེ་ཁམས་པ་རམ་ཡིག་གི་རང་བཞིན་དང་། ལྟོ་བའི་མདུན་དུ་གནས་པའི་མེ་མཉམ་གྱི་རླུང་རླུང་ཁམས་པ་ཨི་ཡིག་གི་རང་བཞིན་དང་། ཚིག་ཐམས་ཅད་ལ་གནས་པའི་ཁྱབ་བྱེད་ཆུ་ཁམས་པ་ཨུ་ཡིག་གི་རང་བཞིན་ཅན་དེ་འགྲུབ་པར་འགྱུར་ལ། རྒྱུད་གཞན་ལས། གྱེན་རྒྱུ་ཆུ་ཁམས་དང་། མེ་མཉམ་མེ་ཁམས་དང་། ཁྱབ་བྱེད་རླུང་ཁམས་སུ་བཞག་པ་ཡོད་དོ། །དེ་ནི་བྱེད་ལས་ཀྱི་སྒོ་ནས་བཞག་པ་ཡིན་ཞིང་དེ་ཡང་གྱེན་རྒྱུ་ནི། ཁ་ནང་གི་རླུང་སོའི་བར་ནས་གྲངས་པས་བསིལ་བའི་བྱ་བ་བྱེད་ལ། མེ་མཉམ་གྱི་ཁ་ཟས་རྣམས་འཇུ་བར་བྱེད་པ་དང་། ཁྱབ་བྱེད་ཀྱི་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཕྱིར་རོ། །དེ་ལྟར་རྩ་བའི་རླུང་ལྔ་པོ་དེ་ཨ་ལ་སོགས་པ་རྩ་བའི་དབྱངས་ལྔར་འཇོག་པ་ཡང་། དེ་དག་གི་རྩ་བར་གྱུར་པའི་སྲོག་ཆེན་པོ་དེ་སྟོང་ཆེན་ཡིག་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ནས་ཡན་ལག་གི་རླུང་ལྔ་ནི། ཀླུའི་རླུང་ས་ཁམས་ཡེ་ཤེས་ཀྱི་བསྐྱེད་པ་ནམ་མཁའི་རང་བཞིན་ཨ། རུ་སྦལ་གྱི་རླུང་ནི་རླུང་ཁམས་པ་སྟེ་ཨོ། རྩང་པ་མེ་ཁམས་པ་སྟེ་ཨར། ལྷ་སྦྱིན་ཆུ་ཁམས་ས་སྟེ་ཨོ། ནོར་ལས་རྒྱལ་ས་ཁམས་པ་སྟེ་ཨལ་གྱི་རང་བཞིན་ཡིན་ལ། དེ་ལྟར་རྩ་བ་དང་ཡན་ལག་གི་རླུང་རྣམས་ནི་མངལ་གྱི་ཟླ་བ་གཉིས་པའི་ཐོག་མ་ནས་ཟླ་བ་རེ་རེ་ལ་རླུང་རེ་རེ་རིམ་པར་བསྐྱེད་དེ། དེ་ལྟར་རྩ་བའི་རླུང་ལྔས་ཕུང་པོ་ལྔའི་རྟེན་དང་། ཡན་ལག་གི་རླུང་ལྔས་དབང་པོ་ལྔའི་རྟེན་བྱེད་པ་ལ་སོགས་པའི་ལས་ཀུན་བྱེད་ཅིང་། སྡུད་པའི་ཚེ་ལོ་བཅུ་བཅུ་ལ་རླུང་རེ་རེའི་ངོ་བོའི་ནུས་པ་ཉམས་འགྲོ་བར་བཤད་དེ་ཚེ་ལོ་བརྒྱ་པའི་དབང་དུ་བྱས་པའོ། །ད་ནི་ཕུང་པོ་ལྔའི་ཁམས་གང་ཡིན་པ་དང་། དེའི་བསྐྱེད་བསྡུད་ཀྱི་རིམ་པ་ཡང་ཡེ་ཤེས་རྡོ་རྗེའི་ཀུན་ལས་བཏུས་པའི་རྒྱུད་ལས་གསུངས་སྟེ། དེ་ཡང་སེམས་ཉིད་རང་བཞིན་གྱི་འོད་གསལ་བ་ནི་ཡེ་ཤེས་ཀྱི་རླུང་དང་། མུན་པའི་རྣམ་པའི་མཚན་ཉིད་ཅན་ཀུན་གཞི་ཉོན་ཡིད་དང་བཅས་པ་ནམ་མཁའ་དང་། འདུ་བྱེད་ནི་གཡོ་བའི་མཚན་ཉིད་ཡིན་པའི་ཕྱིར་རླུང་ཚོར་བ་ནི་རྒྱུད་བསྲེགས་པར་བྱེད་པའི་ཕྱིར་མེ་དང་། འདུ་ཤེས་ནི་སྡུད་ཅིང་མཚན་མར་འཛིན་པས་ན་ཆུ་དང་། གཟུགས་ནི་ཕལ་ཆེར་རེག་པས་གཟུགས་སུ་ཡོད་པས་སྲ་བའི་ཕྱིར་ས་ཁམས་ཡིན་ལ། དེ་རྣམས་ཀྱི་རིམ་པ་བཞིན་དུ་འཁོར་བའི་བསྐྱེད་བྱ་སྐྱེད་བྱེད་དུ་གསུང་སྟེ། དེ་ཡང་རྣམ་ཤེས་ཀྱི་འཇུག་པ་གཅིག་ལ་ཡང་བསྐྱེད་བསྡུད་བྱེད་པའི་ཚུལ་ནི། ཐམས་ཅད་སྟོང་པ་འོད་གསལ་དེ་ལས་མུན་པའི་སྣང་བ་ཉེར་ཐོབ་རླུང་ཁམས་དང་། དེ་ལས་ཡུལ་དུ་སྣང་བའི་སྣང་བ་མཆེད་པ་མེ་ཁམས་པ་དང་དེ་ལས་ཡུལ་ལས་མཚན་མར་འཛིན་པའི་སྣང་བ་ཐོབ་པ་ཆུ་ཁམས་དང་། དེ་ལས་ཡུལ་ལས་མཚན་མར་འཛིན་པའི་སྣང་བ་ཐོབ་པ་ཆུ་ཁམས་དང་། དེ་ལས་ཕུང་ཁམས་ལ་སོགས་པའི་རག་སྣང་ས་ཁམས་པ་རྣམས་རིམ་པར་སྐྱེ་ལ། སྡུད་པའི་ཚེ་ཡང་རིམ་པ་བཞིན་རག་སྣང་ནས་ཐམས་ཅད་སྟོང་པ་འོད་གསལ་གྱི་བར་ཐིམ་འགྲོ་བ་ཡིན་ཏེ། ས་ལ་སོགས་པ་བཞི་པོ་དང་། །དེ་བཞིན་སྟོང་པ་བཞི་པོ་དག །སྐྱེ་དང་འཇིག་པའི་རྒྱུ་ཉིད་དུ། །དང་པོ་བརྒྱད་པོ་རྣམ་ཤེས་བྱ། །ཅེས་གསུང་པའི་ཕྱིར་རོ། །གཉིས་པ་གནས་བྱེད་ལས་དང་བཅས་པ་བཤད་པ་ནི། ད་ལྟར་ལུས་གནས་ལས་བྱེད་པ། ཅེས་སོགས་ཚིག་བཅད་དགུ་དང་རྐང་པ་གཅིག་གི་སྲོག་ལ་སོགས་པའི་རྩ་བ་དང་ཡན་ལག་གི་རླུང་བཅུའི་གནས་དང་བྱེད་ལས་རིམ་པར་སྟོན་ཏེ། དེ་ཡང་ཐོག་མར་སྲོག་འཛིན། ད་ལྟར་ལུས་ལ་གནས་པ་དང་ལས་བྱེད་པའི་ཚུལ་ནི། སྤྱིར་ནི་ཕྲ་བའི་ཚུལ་གྱི་ལུས་ཐམས་ཅད་ལ་ཁྱབ་ཀྱང་། རྩ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལས་ལངས་པའི་འདུ་བྱེད་ཡིད་ཀྱི་གཡོ་བ་སྲོག་རླུང་ནི་ལུས་ཀྱི་དབུས་ན་གནས་ནས། རྐྱེན་དང་རྐྱེན་ཅན་གྱི་ཚུལ་གྱི་ཀུན་གཞི་བརྟེན་པར་བྱེད་ལ། ས་ལ་ལྷ་སྦྱིན་བརྟེན་པ་ལྟ་བུའི་རྟེན་བརྟེན་པ་ནི་མ་ཡིན་ཞིང་། ཉོན་མོངས་ཅན་ཡིད་སྲོག་རླུང་ཉིད། །ཅེས་ཉོན་མོངས་ཅན་གྱི་ཡིད་དང་སྲོག་རླུང་གཅིག་པར་བཤད་པ་ཡང་། མཚན་གཞི་ལ་གཅིག་པ་ཡིན་གྱི་མཚན་ཉིད་ཀྱི་སྒོ་ནས་ནི་ཐ་དད་དུ་ཡོད་པ་ཡིན་ལ། སྲོག་དེའི་ཁམས་ནི་ནམ་མཁའ་དང་། གསང་འདུས་ལས་གསུང་པའི་མགོན་པོ་ལྔའི་རྒྱུ་བའི་ནང་ནས་ནམ་མཁའི་མགོན་པོ་རྣམ་པར་སྣང་མཛད་ཀྱི་རྒྱུ་བ་ཞེས་བྱ་ལ། འདིའི་ཆ་ཤས་ནི་དུས་སྦྱོར་ཐམས་ཅད་ཀྱི་མཐར་རྒྱུ་ཞིང་། འཆི་བའི་ཉིན་ཞག་གི་ཚེ་འབའ་ཞིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལོངས་པར་རྒྱུ་སྟེ། དུས་ཀྱི་འཁོར་ལོ་ལས། འཁོར་ལོའི་ལྟེ་བ་གཅོད་པའི་རླུང་ཞེས་བཤད་པ་དེ་ཡིན་ལ། ད་ལྟར་བྱེད་ལས་ནི། སྤྱིར་ཡིད་ཀྱི་ཤེས་པ་ལ་སྣང་བའི་རྣམ་རྟོག་དང་། བདག་འཛིན་ཐམས་ཅད་སྐྱེད་པ་ཡིན་མོད་ཀྱི། ཁྱད་པར་དུ་ཀུན་གཞི་ལ་དམིགས་ནས་བདག་ཏུ་འཛིན་པ་བསྐྱེད་ཅིང་། དྲན་པ་ཡང་སྤྱིར་ཡིད་ཤེས་རྟོགས་པའི་དྲན་པ་ཐམས་ཅད་དང་། ཁྱད་པར་དུ་མ་ཡེངས་པའི་དྲན་པ་རྒྱུན་བརྟེན་པ་བསྐྱེད་ལ། རང་གནས་སུ་ལོག་པ་ལས་བརྒྱལ་བ་དང་སྨྱོ་བ་སོགས་བྱེད་ཅིང་། གཞི་དུས་སུ་སྙིང་གར་ཐིམ་རིམ་དུ་ལོག་པ་ལས་འཆི་བར་བྱེད་ལ། ད་ལྟར་ལས་གཡོ་བའི་མཚན་ཉིད་ཅན་རྣམ་ཤེས་ཀྱི་རླུང་དང་། ཡེ་ཤེས་ཀྱི་རླུང་རྣམ་པར་མི་རྟོག་པ་པྲ་ཕབ་པའི་མཚན་ཉིད་ཅན་ཁྱབ་བྱ་ཁྱབ་བྱེད་དམ་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་གྱིས་འདྲེས་པར་གནས་ཤིང་། ཁ་དོག་མེད་པའི་ཁ་དོག་ཅན་ནམ་མཁའ་ལྟ་བུར་བཤད་པ་ཡིན་ནོ། །དེ་ནས་ཐུར་སེལ་ནི་ལྟེ་འོག་ཏུ་རྩ་གསུམ་འདུས་མདོར་གནས་ནས་འོག་ཏུ་འགྲོ་ཞིང་། བྱེད་ལས་གཤང་གཅི་ཁུ་བ་གསུམ་གྱི་དྭངས་སྙིགས་འབྱེད་ཅིང་། སྙིགས་མ་འབྱིན་པ་དང་། དྭངས་མ་སྡོམ་པ་ལ་སོགས་བྱེད་ལ། དུང་ཅན་གྱི་དུང་དུ་ཁམས་དཀར་ཆའི་བདེ་བའི་རྟེན་བྱེད་ཅིང་ལོག་པ་ལས་སྨད་ཀྱི་ནད་བསྐྱེད་པར་བྱེད་དོ། །གྱེན་རྒྱུ་ནི་ལྟེ་བའི་མདུན་ཕྱོགས་ཀྱི་རྩ་ལས་བྱུང་ཞིང་། མགྲིན་པའི་གནས་སུ་ཕལ་པའི་ཚུལ་གྱི་ལྷག་མྱང་ལ་སོགས་པའི་ལས་ཀུན་བྱེད་ལ། གཙོ་བོར་ངག་གི་རྣམ་པ་རིག་བྱེད་ཐམས་ཅད་དང་ཁྱད་པར་དུ་གླུ་དང་དེ་ལས་བྱུང་བའི་གར་ལ་སོགས་པ་བྱེད་ཅིང། ལོག་ན་སྟོད་ནད་ཕལ་ཆེར་བསྐྱེད་པར་བྱེད་དོ། །མེ་མཉམ་ནི་མེ་འཚམས་སྟེ་མདུན་ལས་གཡས་ཕྱོགས་ལ་ཉེ་བ་ལ་རྒྱུ་ཞིང་། ནད་གཞི་གསུམ་དང་འགྲོག་ནས་ཕོ་བར་ཟུག་སྟེ། ཁ་ཟས་ཀྱི་དྭངས་སྙིགས་འབྱེད་ཅིང་དྭངས་མ་ལུས་ཀྱི་གནས་ཀུན་ཏུ་འཁྱེར་བར་བྱེད་ལ། ལོག་ན་སྦོ་འཁྲོག་དང་འཁྲུ་བ་དང་མ་རུངས་པར་བྱེད་དོ། །ཁྱབ་བྱེད་ནི་གཡས་ནས་རོ་མ་དང་འབྲེལ་ནས་ལུས་ཚིག་ཀུན་ལ་གནས་ཤིང་། ལུས་ལྡེག་འཇོག་དང་སྟོབས་ལ་སོགས་པ་བྱེད་ལ། ལོག་པ་ལས་ཡན་ལག་ཞ་རེངས་ལ་སོགས་པའི་ནད་ཀུན་བྱེད་དོ། །དེ་ནས་སྙིང་གའི་བདེན་བྲལ་དང་། རྒྱབ་ཕྱོགས་དང་། རླུང་འཚམས་དང་། གཡོན་ཕྱོགས་དང་། དབང་ལྡན་རྣམས་ལ་རིམ་པ་ལྟར་ཀླུ་ལ་སོགས་པའི་ཡན་ལག་གི་རླུང་ལྔ་གནས་སྟེ། དེ་དག་གི་བྱེད་ལས་ནི། ཀླུའི་རླུང་ནི་གཟུགས་འཛིན་ཞིང་ལུས་ཀྱི་སྒེག་ཆོས་རྣམས་བསྐྱེད་པར་བྱེད་ལ། རུས་སྦལ་གྱི་སྒྲ་འཛིན་པ་དང་རྐང་ལག་བསྐྱེད་པ་སོགས་བྱེད། རྩང་པས་དྲི་འཛིན་པ་དང་ཁྲོ་འཁྲུག་བྱེད། ལྷ་སྦྱིན་གྱི་རོ་འཛིན་པ་དང་གླལ་བའི་ལས་བྱེད། ནོར་ལྷས་རྒྱལ་གྱི་རེག་བྱ་འཛིན་པ་དང་ལུས་འདི་ཤི་ནས་ཆ་ཤས་སུ་མ་འཐོར་གྱི་བར་དུ་གནས་པར་བྱེད་ལ། དེ་ལྟར་རླུང་བཅུ་པོ་ནི་ད་ལྟ་སྙིང་གའི་ཐུན་བརྒྱད་ཀྱི་རང་བཞིན་དུ་འབབ་ཅིང་། ཁམས་ཀུན་འབྱུང་ཡིན་པའི་ངེས་པས་རེ་རེ་ཡང་ཁམས་ལྔའམ་དྲུག་གི་བདག་ཉིད་ཅན་ཡིན་སྟེ། རླུང་ཕྱིར་འགྲོ་བ་ན་སྡུད་རིམ་དང་། ནང་དུ་བྱུང་བ་ན་བསྐྱེད་རིམ་དུ་འབྱུང་བ་ཡིན་ལ། དེ་ལྟར་རྩ་བ་དང་ཡན་ལག་གི་རླུང་འདི་རྣམས་ནི་གཙོ་བོར་བསྟན་པ་ཡིན་ནོ། །གསུམ་པ་རྒྱུ་བའི་ཚུལ་བྱེད་ལས་དང་བཅས་པ་བཤད་པ་ལ། ནང་དུ་རྒྱུ་བའི་ཚུལ། ཕྱིར་རྒྱུ་བའི་ཚུལ་རྒྱུ་བའི་རིམ་པ་ཁ་དོག་དང་སྟོབས་དང་ཡོན་ཏན་དང་བཅས་པ། རྒྱུད་ཕན་ཚུན་གྱིས་དགོངས་པ་གཅིག་ཏུ་བསྟན་པ་སྟེ་བཞི་ལས། དང་པོ་ནི། རྒྱུ་ཚུལ་ཕྱི་ནང་གཉིས་ཡིན་ཏེ། ཞེས་སོགས་ཚིག་བཅད་བཅུ་གཅིག་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་རྒྱུ་བའི་ཚུལ་ནི་ཕྱི་ནང་གཉིས་ལས། ནང་དུ་རྒྱུ་བ་ལ་དོན་ཚན་ལྔ་སྟེ། འཁོར་བཞིར་རྒྱུ་བ། སྤྱིའི་ཁམས་བསྟན་པ་ཚིག་ཆེན་བཅུ་གཉིས་ལ་རྒྱུ་བའི་ཚུལ། ཕྲ་མོ་རྣམས་ལ་རྒྱུ་བའི་ཚུལ། དེ་དག་དགག་པའི་རིམ་པ་རྣམས་སུ་ཡོད་པ་ལས། འཁོར་ལོ་བཞིར་རྒྱུ་བའི་ཚུལ་ནི། སྔར་བཤད་པའི་མཚན་ཉིད་ཅན་གྱི་སྲོག་རླུང་དགྲ་གཅན་གྱི་རང་བཞིན་ཅན་ནི། ལུས་ཀྱི་དབུས་དབུ་མའི་ནང་ན་གནས་ནས་རྩ་ཐམས་ཅད་ཀྱི་རྟེན་དང་འཕེལ་འགྲིབ་ཀྱི་བདག་པོ་བྱེད་དེ་དཔེར་ན་རྒྱལ་པོ་ལྟ་བུ་ཡིན་ལ། དེ་ནས་ཇི་ལྟར་སྙིང་གའི་འཁོར་ལོ་ལ་ནི་དབུ་མ་ལས་གྱེས་པའི་སྟོང་པའི་རྩ་བ་བཞི་དེ་ལས་གཉིས་གཉིས་སུ་གྱེས་པས་བརྒྱད་ཡོད་པ་ལྟར་གསང་གནས་དང་གཙུག་ཏོར་མ་གཏོག་པའི་འཁོར་ལོ་རྣམས་ལ་ཡང་བརྒྱད་ཀྱི་བར་དུ་ཡོད་དེ། དེ་ནི་ཁམས་བཞི་དང་ཡོན་ཏན་བཞིའི་རང་བཞིན་ཅན་ནི། ཡང་ན་ཕུང་ཁམས་གྱི་དབྱེ་བའི་དབང་ལས་ཡིན་ལ། དེ་དག་གི་སྟེང་འོག་ཏུ་ན་མཁའ་དང་ཡེ་ཤེས་ཀྱི་རྩ་གཉིས་གཉིས་དང་བཅས་པས་བཅུ་བཅུར་འགྱུར་བ་ལས། བྱེ་བྲག་ཏུ་སྤྱི་བོའི་འཁོར་ལོ་ནི་བསྡུས་རྒྱུད་ཐུན་མོང་བ་རྣམས་སུ་དེ་ལས་གྱེས་ནས་རྩ་འདབ་སུམ་ཅུ་རྩ་གཉིས་ཡོད་པར་བཤད་དོ། །དེ་ནི་ནང་སྐོར་གྱི་བཅུ་དྲུག་ལས་ཁམས་དཀར་ཆ་ལྷག་པར་གནས་ཤིང་། ཕྱི་བསྐོར་གྱི་བཅུ་དྲུག་ལ་དམར་ཆ་གནས་པ་ཡིན་པས་དེ་གཉིས་ཀ་བསྡོམ་པའི་དབང་དུ་བྱས་པ་ཡིན་ལ། དུས་ཀྱི་འཁོར་ལོ་ཟླ་བའི་རྐང་པ་དང་མཚུངས་པའི་རླུང་རྒྱུ་བའི་ཕྱིར་བཅུ་དྲུག་ཏུ་བཤད་ལ། དེ་ལ་ཟླ་རྐང་དུ་འཇོག་པའི་རྒྱུ་མཚན་ནི། འཁོར་ལོ་འདིར་དཀར་ཆ་ལྷག་པར་གནས་པ་ཡིན་པ་ལས་འཕེལ་འགྲིབ་ཀྱི་མཐའི་བརྒྱད་པ་གཉིས་ནི་སྟོང་པའི་རང་བཞིན་ཡིན་ཏེ། གཞན་བཅུ་བཞི་ནི་རིམ་པ་ལྟར། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ཡོན་ཏན་ལྔ་ལྔ་དང་ལྡན་པའི་རྩ་གསུམ་དང་། དེ་ལས་སྒྲས་དམན་པའི་ཡོན་ཏན་བཞི་དང་ལྡན་པ་གཅིག དེ་ལས་རེག་བྱས་དམན་པའི་ཡོན་ཏན་གསུམ་དང་ལྡན་པ་གཅིག །དེ་ལས་རོས་དམན་པའི་ཡོན་ཏན་གཉིས་ལྡན་གཅིག དེ་ལས་གཟུགས་ཀྱི་དམན་པའི་ཡོན་ཏན་གཅིག་ལྡན་གཅིག་སྟེ། དེ་ལྟར་བདུན་པོ་དེ་ནི་སྔ་རྐང་ཡིན་ལ། དེ་ལས་བཟློག་ཏེ་རྩ་དང་པོ་ཡོན་ཏན་གཅིག་ལྡན་ནས་ཐ་མ་གསུམ་ཡོན་ཏན་ལྔ་ལྡན་ཡིན་པའི་བར་ནི་ཕྱི་རྐང་ཡིན་ལ། བསྡུས་རྒྱུད་ཐུན་མོང་བ་ལས་བཤད་པའི་དག་པ་ནི། དབྱུག་གུ་ཉེར་བརྒྱད་དང་སྟོང་པ་གཞི་འབབ་པའི་དབང་ལས་སོ་གཉིས་སུ་བཞག་པ་དང་། སྤྱིར་ནི་ཞག་གཅིག་གི་ཉིན་མཚན་རེ་རེ་ལ་ཆུ་ཚོད་སུམ་ཅུ་སོ་གཉིས་རེ་ཡོད་པའི་དབང་ལས་རྩ་ཡང་དེ་སྙེད་དུ་བཞག་ཅིང་། རླུང་ཡང་དེ་སྙེད་དུ་རྒྱུ་བར་བཤད་པ་དང་། དེ་ལས་སྟོང་པའི་རྩ་གཉིས་གཅིག་ཏུ་བསྡོམ་ནས་སུམ་ཅུ་ནི་ཡུད་ཙམ་སུམ་ཅུའི་བདག་ཉིད་ཅན་ཡིན་པར་བརྗོད་དོ། །མགྲིན་པའི་འཁོར་ལོ་ལ། བསྡུས་རྒྱུད་ཐུན་མོང་བ་རྣམས་ལ་བཅུ་དྲུག་དུ་བཤད་ཅིང་། དུས་ཀྱི་འཁོར་ལོ་ལས་དེ་ལས་ཐབས་ཤེས་སུ་ཕྱེ་བས་སུམ་ཅུ་རྩ་གཉིས་སུ་བཤད་དེ། དེ་ལ་འཚམས་ཀྱི་རྩ་བཞི་སྟོང་པ་རྒྱུ་ཞིང་། ཕྱོགས་བཞིར་བདུན་བདུན་ཏེ་ཉི་ཤུ་རྩ་བརྒྱད་དུ་རྒྱུ་སྐར་གྱི་ལོངས་སྤྱོད་དང་མཚུངས་པའི་རླུང་རྒྱུ་བ་ཡིན་ལ། གཞན་བཤད་རྒྱུད་རྡོ་རྗེ་ཕྲེང་བ་དང་། བདེ་མཆོག་དང་ཀྱཻ་རྡོར་ལ་སོགས་པ་ནས་ཐུན་བརྒྱད་ལ་ཕྱེད་མར་བྱས་པའི་འཕོ་བ་བཅུ་དྲུག་གི་ངེས་པས་རྩ་འདབ་བཅུ་དྲུག་ཏུ་བཤད་པ་ཡིན་ནོ། །ལྟེ་བའི་འཁོར་ལོའི་རྩ་འདབ་དྲུག་ཅུ་རྩ་བཞི་ནི། ཁྱིམ་རེ་རེ་ལ་དཀྱིལ་འཁོར་ལྔ་ལྔའི་དབྱེ་བས་ཕྱེ་བས་ལྔ་ཚན་བཅུ་གཉིས། དེ་ཐམས་ཅད་བསྡོམ་པས་དྲུག་ཅུ་སྟེ། དེ་ཡང་གཡོན་ནས་ལུག་སོགས་མི་མཉམ་པའི་དུས་སྦྱོར་དང་། གཡས་ནས་གླང་སོགས་མཉམ་པའི་དུས་སྦྱོར་འབབ་པ་ལས། དབུགས་རེ་རེའི་ཡང་སོ་གཉིས་ཆ་དེ་ཡེ་ཤེས་ཀྱི་ཆ་ཡིན་པས་མི་རྒྱུ་ཞིང་། དེ་བསགས་པ་ལས་དཀྱིལ་འཁོར་སོ་སོའི་མཚམས་སུ་བཅུ་གཅིག་རྐང་བཅས་སུ་ལངས་སྟེ་དེ་ཡང་རྩིས་བསྡོམ་པ་ཡིན་ལ་དེ་དུས་སྦྱོར་དུ་ལོངས་པ་ན་ལྔ་བཅུ་རྩ་དྲུག་རྐང་བཅས་སུ་ལོངས་ནས་སྟོང་པའི་རྩ་བཞི་དབུ་མ་མཉམ་རྒྱུའི་ངོ་བོར་རྒྱུ་བ་ཡིན་ནོ། །དེ་ནས་སྤྱིའི་ཁམས་བཤད་པ་ནི། འཁོར་ལོ་དྲུག་པོ་ཀུན་ཡང་། མདུན་ཕྱོགས་ཐམས་ཅད་རླུང་དང་གཡས་མེ། གཡོན་ཆུ། རྒྱབ་ཕྱོགས་ས་ཡིན་ཞིང་། དཀྱིལ་འཁོར་འབབ་པའི་རྩ་རྣམས་ཀྱི་ཡང་དབུ་མ་ནམ་མཁའ་དང་། ཤར་རླུང་ཡིན་པ་སོགས་དང་། འཚམས་ཀྱི་རྩ་རྣམས་ཀྱང་ཕྱོགས་ཀྱི་རྗེས་སུ་འབྲང་ཏེ། ཤར་ལྷོ་རླུང་ཡིན་པ་ནས། ནུབ་བྱང་ས་ཡིན་པའི་བར་དང་བཅས་པས་རག་པ་ཡིན་ནོ། །དེ་བཞིན་དུ་ཚིག་ཆེན་བཅུ་གཉིས་སུ་རླུང་རྒྱུ་བའི་ཚུལ་ནི། ཡན་ལག་རེ་རེ་ལ་ཚིག་གསུམ་གསུམ་སྟེ་བཅུ་གཉིས། དེ་རེ་རེའི་འཁོར་ལོ་རྩ་འདབ་སུམ་ཅུ་སུམ་ཅུ་སྟེ་དྲིལ་བས་སུམ་བརྒྱ་དྲུག་ཅུ་སྟེ། དེའི་ནང་ནས་སྲོག་རྒྱུ་ཞིང་དེ་ཡང་དཀར་ཆ་དང་འབྲེལ་བ་ལས་དབྱངས་དང་། དམར་ཆ་དང་འབྲེལ་བ་ལས་གསལ་བྱེད་ཀྱི་ངོ་བོ་ཉིད་དུ་རྒྱུ་བ་ཡིན་ལ། ཉིང་ལག་གི་ཚིག་རེ་རེ་ལ་རྩ་འདབ་དྲུག་དྲུག་སྟེ། དྲིལ་བས་གོང་དང་མཚུངས་པ་ཡིན་ནོ། །རྩ་ཕྲ་མོ་རྣམས་སུ་རྒྱུ་བའི་ཚུལ་ནི། སྟོང་ཕྲག་ཉི་ཤུ་རྩ་བཞིར་དབུ་མ་དགྲ་གཅན་གྱི་རླུང་རྒྱུ་བ་ཐུགས་རྡོ་རྗེའི་བདག་ཉིད་དང་། སྟོང་ཕྲག་ཉི་ཤུ་རྩ་བཞིར་ནི་རྐྱང་མ་དཀར་ཆ་འབབ་པ་སྐུ་རྡོ་རྗེ་དང་། སྟོང་ཕྲག་ཉི་ཤུ་རྩ་བཞིར་ནི་རོ་མ་དང་དམར་ཆ་འབབ་པ་གསུང་རྡོ་རྗེའི་བདག་ཉིད་དེ་དེ་དག་བསྡོམས་པ་ལས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་རྒྱུ་བ་ཡིན་ལ། འོ་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩར་རླུང་གནས་པ་དང་རྒྱུ་བ་ཡིན་ན། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནི་རོ་རྐྱང་ལམ་ནས་སྣ་སྒོར་འབབ་པ་ཡིན་པས་ན། སྟོང་ཕྲག་བདུན་ཅུ་རྩ་གཉིས་ལས། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འབབ་པ་ནི་མི་འཐད་དོ་སྙམས་ན། དེ་ལ་སྐྱོན་མེད་དེ། སྣ་སྒོར་འབབ་པའི་རླུང་ནི་ཕྱིར་འགྲོ་བ་བསྡུད་རིམ་རོ་མའི་ཆོས་ཅན་དང་། ནང་དུ་འོང་བ་བསྐྱེད་རིམ་རྐྱང་མའི་ཆོས་ཅན་དང་། དེ་ཡི་སོ་གཉིས་ཆ་ནི་དབུ་མའི་ཆོས་ཅན་ཡིན་ཞིང་། འཁོར་ལོ་ལྔའི་ལྟེ་བའི་ཁམས་ལྔས་བྱིན་གྱིས་བརླབས་ནས་འབབ་པ་ཡིན་ལ། སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་གནས་པའི་རླུང་ཡང་རྩ་གསུམ་འཁོར་ལོ་ལྔའི་ཁམས་ལྔས་བྱིན་གྱི་བརླབས་པ་ཡིན་པས་ནི། དེ་ལྟར་ནང་ནས་རྒྱུ་བར་འགྱུར་རོ། །མཐར་འགག་པའི་རིམ་པ་ནི། དབུ་མ་དུས་འཆི་དབང་དུ་བྱས་ནས་འཆི་བའི་ཚེ་ལུག་ལ་སོགས་པའི་དུས་སྦྱོར་གང་ཡང་རུང་བའི་རྩ་གཅིག་ཏུ་རླུང་རྒྱུ་བ་འགག་པ་དེའི་ཚེ་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་དང་། དེ་ལས་གྱེས་པའི་རྩ་ཐམས་ཅད་ཀྱི་རླུང་གི་ཕྱོགས་ཀུན་ཏེ་ཆ་ཐམས་ཅད་འགག་པར་འདྲ་ལ། འདི་དག་ལ་ཕྱི་ནང་གི་སྦྱར་བཤད་ཀྱི་དབྱེ་བ་དཔག་ཏུ་མེད་ཀྱང་། ཕལ་ཆེར་ཕྱི་རོལ་གྱི་རྩིས་གཞི་དང་མཚུངས་པས་ན་ཕྱི་རོལ་གྱི་ལོ་གཅིག་དང་ནང་གི་ཞག་གཅིག་ཆོས་མཚུངས་སྟེ། ཇི་ལྟར་ཞེ་ན། ཕྱི་རོལ་དུ་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པ་དང་། ནང་དུ་ཞག་གཅིག་ལ་འཕོ་བ་བཅུ་གཉིས་ཡོད་པ་ཆོས་མཚུངས་ཤིང་། ཕྱི་རོལ་དུ་ཁྱིམ་རེ་ལ་དབྱུག་གུ་ལྔ་ལྔ་ཡོད་པ་དང་། ནང་དུ་འཕོ་བ་རེ་ལ་དཀྱིལ་འཁོར་ལྔ་ལྔ་ཡོད་པ་ཆོས་མཚུངས་ལ། ཕྱི་རོལ་ཏུ་ལོ་གཅིག་ལ་ཆུ་ཚོད་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་ཡོད་པ་པ་དང་། ནང་དུ་ཞག་གཅིག་ལ་དབུགས་ཉི་ཁྲི་སྟོང་དྲུག་བརྒྱ་ཡོད་པ་ཆོས་མཚུངས་པ་ཡིན་ནོ། །གཉིས་པ་ཕྱི་རོལ་དུ་རྒྱུ་བའི་ཚུལ་ལ། སྤྱིར་བཤད་པ། དུས་སྦྱོར་རྒྱས་པར་བཤད་པ། དབུ་མའི་རླུང་བཤད་པ་སྟེ་གསུམ་ལས་དང་པོ་ནི། དེ་ནས་ཕྱི་རོལ་རྒྱུ་བ་བཤད། །ཅེས་སོགས་ཚིག་བཅད་བཞི་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་ཕྱི་རོལ་དུ་རྒྱུ་བའི་ཚུལ་ནི། ཕྲ་བར་བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞི་དང་། རག་པར་དབང་པོའི་སྒོ་ཐམས་ཅད་ནས་རྒྱུ་བ་ཡིན་ཡང་། བྱེད་ལས་ཁྱད་པར་ཅན་གྱི་སྒོ་ནས་འཇུག་པའི་སྒོ་ནི། ལྟེ་བའི་རྩ་ཆེན་གཉིས་བརྒྱུད་ནས་སྣ་བུག་གཉིས་ནས་རྒྱུ་བ་ལས། དེ་ཡི་གཡས་རོ་མ་མེའམ་ཉི་མའི་ཆོས་ཅན་བསམ་པའི་སྒོ་ནས་ཐབས་དང་ལུས་ཀྱི་སྒོ་ནས་ཤེས་རབ་ཀྱི་བདག་ཉིད་དུ་གསུང་རྡོ་རྗེའི་རང་བཞིན་ཡིན་ལ། བྱེད་ལས་ནི་དུག་གི་རླུང་ཞེས་བྱ་སྟེ། སྡུད་རིམ་ཡིན་པའི་ཕྱིར་འཁོར་བ་ཇི་སྲིད་པར་མི་དགེ་བའི་ལྟས་སྟོན་པར་བྱེད་དོ། །གཡོན་པ་རྐྱང་མ་ཟླ་བ་ཆུའི་ཆོས་ཅན་བསམ་པ་ཤེས་རབ་དང་ལུས་ཐབས་ཀྱི་བདག་ཉིད་སྐུ་རྡོ་རྗེའི་རང་བཞིན་བྱེད་ལས་བདུད་རྩི་ཡིན་ཏེ། སྐྱེད་རིམ་ཡིན་པས་ན་འཁོར་བའི་གནས་སྐབས་སུ་དགེ་བའི་ལྟས་སྟོན་པ་ཡིན་པའི་ཕྱིར་རོ། །དེ་གཉིས་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཏེ། དེ་རེ་རེ་ཡང་ཞག་རེ་བཞིན་ཁྲི་དང་བཞི་བརྒྱ་དྲུག་ཅུ་ཕྱེད་དང་རྩ་གསུམ་རེ་རྒྱུ་ཞིང་། དེ་གཉིས་ལ་ནང་གི་ཉི་ཟླའི་རླུང་ཞེས་བརྗོད་ཅིང་བསྡོམ་པ་ལས་ཉི་ཁྲི་དགུ་བརྒྱ་དང་ཉི་ཤུ་རྩ་ལྔ་ཡོད་ལ། དེ་གཉིས་ཀྱི་དབུས་ནས་རྒྱུ་བའི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ནི། ཟླ་ཉི་ལ་ལྡོས་པའི་དགྲ་གཅན་དང་ཁམས་ལས་ནམ་མཁའ་དང་། རོ་རྐྱང་གཉིས་ཀྱི་གཟུང་འཛིན་བསྐྱེད་པའི་དེ་ལ་ལྟོས་ནས་ཡེ་ཤེས་ཀྱི་རླུང་ཡིན་ཞིང་། ཐབས་ཤེས་གཉིས་སུ་མེད་པ་ཐུགས་རྡོ་རྗེའི་རང་བཞིན་ཡིན་ཏེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། རྣམ་པར་རྟོག་པའི་རླུང་གཉིས་ནི། །སྣའི་བུ་ག་གཉིས་ནས་རྒྱུ། །ཡང་དག་ཟླ་བ་ཉི་མ་གཉིས། །སྦས་པ་ནང་ནས་རྒྱུ་བར་བྱེད། ཅེས་གསུང་པའི་ཕྱིར་རོ། །དེ་ལ་ངོ་བོའི་སྒོ་ནས་དབྱེ་ན་ས་སོགས་ཁམས་ལྔའི་བདག་ཉིད་ཡིན་པར་འོག་ནས་འཆད་པ་ལྟར་ཡིན་ལ། སྐྱེ་བ་ཡང་བཙའ་བའི་དུས་སུ་མ་ཡི་ལྟེ་བ་དང་འབྲེལ་བའི་རླུང་ཆད་ཅིང་། དེ་ནས་སྣའི་སྒོར་རྒྱུ་བས་ན་ཀརྐ་ཊའི་ཁྱིམ་དུ་བཤད་ཅིང་། ཉི་མ་ཀརྐ་ཊའི་ཁྱིམ་དུ་སྐྱེས་པ་ཡིན་པའི་ཕྱིར་རོ། གཉིས་པ་དུས་སྦྱོར་རྒྱས་པར་བཤད་པ་ནི། ད་ནི་དུས་སྦྱོར་བཤད་པར་བྱ། །ཞེས་སོགས་ཚིག་བཅད་བཞིའི་སྟོན་ཏེ། དེ་ཡང་རྩ་བ་ཡན་ལག་དང་བཅས་པའི་རླུང་བཅུ་དང་། འཁོར་ལོ་རྣམས་དང་། ཚིགས་ཆེན་བཅུ་གཉིས་དང་། ལུས་ཀུན་ཏེ་ཡུལ་ཉི་ཤུ་རྩ་བཞིའི་རྩ་རྣམས་ལས་རིམ་པར་བརྒྱུད་དེ་ལྟེ་བའི་འཁོར་ལོ་སྲོག་གི་ནུས་པ་བསྐྱེད་ནས་སྣ་སྒོ་གཉིས་ནས་འབབ་སྟེ། དེ་ཡང་གཡས་ནས་གླང་སོགས་མཉམ་པ་དང་། གཡོན་ནས་ལུག་སོགས་མི་མཉམ་པའི་ཁྱིམ་བཅུ་གཉིས་སུ་རེ་མོས་འབྱུང་སྟེ། ཕྱི་རོལ་དུ་ཉི་མ་ལྷོར་བགྲོད་ཀྱི་དང་པོ་ཀརྐ་ཊའི་ཁྱིམ་དུ་སྐྱེས་ནས་ཟླ་བ་དྲུག་དུ་ཉི་མའི་སྟོབས་འབྲི་ཞིང་། ཟླ་བའི་སྟོབས་འཕེལ་ལ། ཆུ་སྲིན་ལ་སོགས་པའི་བྱང་བགྲོད་དྲུག་ལ་ཟླ་བའི་སྟོབས་འབྲི་ཞིང་། ཉི་མའི་སྟོབས་འཕེལ་བ་ཡིན་པས་བྱང་བགྲོད་དང་། རང་གི་སྣ་བུག་གཡས་གཉིས་ཆོས་མཚུངས་རྒྱུ་ཡིན་ཡང་། དྲི་མེད་འོད་དུ་ཀརྐ་ཊ་སོགས་དང་གཡས་སྦྱར་བྱུང་བ་ནི། གཡས་ནས་འབྱུང་བའི་རླུང་ཉི་མ་ཡིན་ལ། དེ་སྡུད་རིམ་ཡིན་ཞིང་འབྱུང་འཇུག་གཉིས་ལས་འབྱུང་བའི་ཆོས་ཅན་ཡིན་པས་ཉི་མའི་སྟོབས་ནུས་ལ་ཉམས་པའི་ཆོས་ཅན་ཡིན་པའི་ཕྱིར་ལྷོར་བགྲོད་དང་མཚུངས་པ་ཡིན་ལ། གཡས་ཀྱི་དུས་སྦྱོར་རེ་རེ་ཡང་ས་ཆུ་མེ་རླུང་ནམ་མཁའི་དཀྱིལ་འཁོར་ལྔ་དང་། དེ་རེ་རེ་ལ་སུམ་བརྒྱ་དྲུག་ཅུ་དྲུག་ཅུ་སྟེ་སྡོམ་པ་ལས་འཕོ་ཆེན་གཅིག་ལ་སྟོང་བརྒྱད་བརྒྱ་འབྱུང་བ་ཡིན་ལ། དེ་ནས་གཡོན་ནས་ཟླ་བ་ཆུའི་ཆོས་ཅན་གྱི་རླུང་ནི་ནམ་མཁའ་རླུང་མེ་ཆུ་སའི་རིམ་པས་སྐྱེད་རིམ་དུ་འབབ་ཅིང་། གྲངས་ནི་གོང་དང་མཚུངས་ལ། དེ་ལྟར་འཕོ་བ་བཅུ་གཉིས་སྡོམ་པ་ལས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡིན་ནོ། །གསུམ་པ་དབུ་མའི་རླུང་ནི། དེ་ལས་ཡེ་ཤེས་རླུང་བཤད་པ། །ཞེས་སོགས་ཚིག་བཅད་གསུམ་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་ཞག་གཅིག་གི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་དེའི་ཁོངས་སུ་གཏོགས་པའི་ཡེ་ཤེས་ཀྱི་རླུང་ནི་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཡིན་ལ། དེའི་ཚུལ་ཡང་འཕོ་ཆེན་རེའི་མཐར་ལྔ་བཅུ་རྩ་དྲུག་དང་བཞི་ཆ་གཅིག་དང་། དེ་ཡང་དབྱུག་གུའམ་དཀྱིལ་འཁོར་གཅིག་གི་མཐར་བཅུ་གཅིག་དང་བཞི་ཆ་སྟེ། མདོར་ན་དབུགས་གཅིག་གི་སོ་གཉིས་ཆ་བསགས་པ་ལས་དེ་ལྟར་འགྱུར་བ་ཡིན་ལ། སོ་གཉིས་ཆ་དེའི་ཡང་ཕྱེད་ནི་ཕྱིར་རྒྱུ་ཞིང་ཕྱེད་ནི་དབུ་མར་ནང་དུ་རྒྱུ་བ་འཕེལ་བར་འགྱུར་ཞིང་། འདི་ནི་གཟའ་ལྔ་དང་གཟའི་གཙོ་བོ་ཉི་ཟླ་གཉིས་མཇུག་རིངས་སྟེ་གཟའ་རྣམས་ཀྱི་རྐང་པའི་དག་པ་ཡང་འདི་ལས་འབྱུང་སྟེ། ནང་དུ་སྣ་བུག་གཉིས་དང་དབང་པོའི་སྒོ་དང་སྤྱི་གཙུག་དང་ཐུར་སེལ་ལ་སོགས་རླུང་རྒྱུ་བ་ཐམས་ཅད་ཀྱི་རྩ་བ་ཡིན་ལ། ཕྱིར་འགྲོ་བ་འཕེལ་བས་འཆི་ལྟས་སུ་འགྱུར་ཞིང་། ནང་དུ་ཟིན་ན་འཆི་མེད་རྡོ་རྗེའི་སྐུ་འགྲུབ་ཅིང་ལོ་བརྒྱའི་དབུ་མ་ཡེ་ཤེས་ཀྱི་ཆ་བསྡོམ་པ་ལས་ལོ་གསུམ་དང་ཕྱོགས་གཉིས་གསུམ་སྟེ་ཟླ་བ་ཕྱེད་དང་གཉིས་འབྱུང་ལ། དེ་ལྟར་ཞག་དང་ཟླ་བ་ལ་སོགས་པའི་ཤོལ་དང་འཕེལ་འགྲིབ་རྣམས་ཀྱང་འདིའི་དོན་རྟོག་པ་ལས་འཆར་བ་ཡིན་ནོ། །གསུམ་པ་རྒྱུ་བའི་རིམ་པ་ཁ་དོག་སྟོབས་ཡོན་ཏན་དང་བཅས་པ་བཤད་པ་ལ། སྣའི་ཕྱོགས་གང་ནས་རྒྱུ་བ། དེ་དག་ཁ་དོག་གང་ཡིན་པ། དེ་ཕྱི་རོལ་གྱི་གཟའ་དང་སྦྱར་བ། ལས་གང་དང་གང་འགྲུབ་པ། ཇི་ཙམ་རྒྱུ་བའི་ཚད་དེ་ལྔ་ལས། དང་པོ་ནི། རྒྱུ་རིམ་ཁ་དོག་སྟོབས་ཡོན་ཏན། ཞེས་ཚིག་བཅད་ཕྱེད་གཉིས་ཀྱི་སྟོན་ཏེ། དེ་ཡང་རྐང་པ་དང་པོ་དེས་སྤྱིར་བསྟན་ནས། དེ་ནས་དང་པོ་སྣའི་ཀ་བ་དང་ཉེ་བའི་གཡས་གཡོན་གཉིས་ཀའི་བྱང་ཡིན་ཞིང་། རླུང་དེ་ཡང་ཆུ་རླུང་ཡིན་ལ། བྱང་ཡིན་པའི་ཚུལ་ཡང་སྣ་བུག་གཡས་ནི་ཕྱིར་འབྱུང་བའི་ཆོས་དང་། གཡོན་ནི་ནང་དུ་འཇུག་པའི་ཆོས་ཡིན་པས་སོ། །ཕྱི་རོལ་གཤོག་པ་གཉིས་ནི་མེ་རླུང་དང་། སྟེང་གཉིས་ནས་རླུང་གི་རླུང་དང་། འོག་གཉིས་ནས་ས་རླུང་དང་། དབུས་ནས་ནམ་མཁའ་དང་ཡེ་ཤེས་ཀྱི་རླུང་རྒྱུ་བ་ཡིན་ནོ། །གཉིས་པ་ཁ་དོག་ནི། ས་ཆུ་མེ་རླུང་ནམ་མཁའ་རྣམས་རིམ་པ་བཞིན་སེར་དཀར་དམར་ནག་སྔོ་བར་འདོད་ལ། འདིར་ནམ་མཁའ་སྔོན་པོ་ནི་བསམ་པའི་སྒོ་ནས་བཞག་པ་ཡིན་གྱིས། ལུས་ཀྱི་སྒོ་ནས་ལྗང་གུ་ཡིན་ནོ། །གསུམ་པ་གཟའ་དང་སྦྱར་བ་ནི། །རླུང་འདི་དག་ལ་གཟའ་གང་དང་གང་ལྷག་པར་གནས་པ་ལས་སྟོབས་ལ་སོགས་པ་ཤེས་པ་ཡིན་ཏེ། དེ་ཡང་གཡས་པའི་དཀྱིལ་འཁོར་ལྔ་ལ་དབྱངས་རིང་པོ་ལྔ་དང་དྲག་གཟའ་ལྷག་པར་གནས་ཏེ། སྡུད་རིམ་གྱི་ངེས་པས་ས་རླུང་ལ་ལཱི་དང་སྤེན་པ། ཆུ་རླུང་ལ་ཨཱུ་དང་ཕུར་བུ། མེ་རླུང་ལ་རྀ་དང་བཀྲ་ཤིས། རླུང་གི་རླུང་ལ་ཨཱི་དང་ཉི་མ། ནམ་མཁའི་རླུང་ལ་ཨཱ་དང་དུས་མེ་རྣམས་དང་། གཡོན་པའི་དཀྱིལ་འཁོར་ལྔ་ལ། དབྱངས་ཐུང་ངུ་ལྔ་དང་ཞི་གཟའ་ལྷག་པར་གནས་ཏེ། སྐྱེད་རིམ་དུ་ནམ་མཁའི་རླུང་ལ་ཨ་དང་སྒྲ་གཅན། རླུང་ལ་ཨི་དང་ཟླ་བ། མེ་ལ་རྀ་དང་གཟའ་ལྷག །ཆུ་ལ་ཨུ་དང་པ་སངས། ས་ལ་ལྀ་དང་མཇུག་རིང་རྣམས་རིམ་པ་བཞིན་དུ་གནས་པ་ཡིན་ནོ། །བཞི་པ་ལས་གང་འགྲུབ་པ་ནི། ནང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སོགས་དང་། དེའི་ཆོས་ཅན་ཕྱི་རོལ་གྱི་དངོས་པོ་རྣམས་བྱ་བྱེད་མཐུན་པ་ནི་བསམ་གྱིས་མི་ཁྱབ་པའི་རྟེན་འབྲེལ་ཡིན་པས་ན། ནམ་མཁས་ནི་བསད་གསོའི་ལས་ཐམས་ཅད་འགྲུབ་ཅིང་། རླུང་གི་བསྐྲད་པ་དང་བསད་པ་གཉིས། མེས་དབང་དགུག་པ་གཉིས། ཆུས་ནི་ཞི་དང་རྒྱས་གཉིས། སས་རྨོངས་རེང་གཉིས་དང་། ཡེ་ཤེས་ཀྱི་ལས་ཐམས་ཅད་འགྲུབ་སྟེ། ཡེ་ཤེས་ནི་ཐུན་འཚམས་མཉམ་རྒྱུའི་དུས་སུ འོ། །ལྔ་པ་ཇི་ཙམ་དུ་རྒྱུ་བའི་ཚད་ནི། ཕྱི་རོལ་པ་ནི་སོར་བཅུ་གཉིས། ཞེས་སོགས་ཚིག་བཅད་གཅིག་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་སྣ་སྒོ་ནས་ཕྱི་རོལ་དུ་ས་རླུང་སོར་བཅུ་གཉིས་སུ་འགྲོ་ཞིང་། ཆུ་སོར་བཅུ་གསུམ། མེ་བཅུ་བཞི། རླུང་བཅོ་ལྔ་ནམ་མཁའ་སོར་བཅུ་དྲུག་གི་བར་དུ་འགྲོ་སྟེ། དེ་དག་ཡང་ས་ཡོན་ཏན་ལྔ་ལྡན་ཡིན་པའི་དབང་གི་ལྕི་ཞིང་། དེ་ནས་རིམ་པ་བཞིན་དུ་ཡོན་ཏན་རེ་རེ་བྲི་བ་ལས་ཡང་ཞིང་རིང་དུ་སོང་བ་ཡིན་ལ། ཕྱི་རོལ་གྱི་དུས་སྦྱོར་རྟེན་འབྲེལ་བཅུ་གཉིས་མཚན་ཉིད་ཅན་དང་། ནང་གི་དུས་སྦྱོར་བཅུ་གཉིས་པོ་ཆོས་མཚུངས་པ་ཡིན་པས་དགེ་བ་དང་མི་དགེ་བའི་དྲི་བ་པོ་བྱུང་བའི་ཚེ། གཡས་ཀྱི་དུས་སྦྱོར་ལ་བྱུང་ན་མི་དགེ་ཞིང་། གཡོན་གྱི་དུས་སྦྱོར་ལ་བྱུང་ན་དགེ་བར་ལུང་སྟོན་ལ། དུས་སྦྱོར་དེའི་ཡང་དཀྱིལ་འཁོར་དང་། ཕྱི་རོལ་གྱི་དབྱངས་འཆར་གཉིས་མཚུངས་པ་ཡིན་པས་ན། གཡུལ་ལ་སོགས་པའི་ཚེ་གཡས་ཀྱི་ན་མཁའི་དཀྱིལ་འཁོར་འབབ་པའི་ཚེ་གཡུལ་དུ་ཞུགས་ན་དམག་དཔོན་འཆི་བ་དང་། གཡོན་གྱི་ནམ་མཁའི་དཀྱིལ་འཁོར་འབབ་པའི་ཚེ་གཡུལ་ལས་རྒྱལ་བར་འགྱུར་བ་སོགས་ཡིན་ཏེ། ཞིབ་པར་ནི་རྩིས་ཀུན་ལས་བཏུས་པར་བཤད་དེ་དེར་བལྟ་བར་བྱའོ། །བཞི་པ་རྒྱུད་ཕན་ཚུན་གྱི་དགོངས་པ་མི་འགལ་བར་བསྟན་པ་ནི། འདི་ནི་རྡོ་རྗེ་ཕྲེང་བ་ལས། །ཅེས་སོགས་ཚིག་བཅད་བརྒྱད་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་དུས་ཀྱི་འཁོར་ལོ་ལས། ཞག་གཅིག་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་དུས་སྦྱོར་བཅུ་གཉིས་སུ་བཤད་ཅིང་། གསང་འདུས་སུ་མགོན་པོ་བཞིའི་རྒྱུ་བ་དང་སྦྱར་ནས་བཤད་དེ། དེ་ཡང་སྟེང་དུ་སྣའི་བུ་ག་ལས་བྱུང་བའི་རླུང་ལྔ་ཡང་དག་པར་རྒྱུ་བ་ལས། གཡོན་པ་ཁོ་ན་དང་། གཡས་པ་ཁོ་ན་དང་། གཉིས་ཀ་ནས་དྲག་ཏུ་རྒྱུ་བ་དང་། གཉིས་ཀ་ནས་དལ་བར་རྒྱུ་བ་སྟེ་རྣམ་པ་བཞི་ལ་མགོན་པོ་བཞིར་བཤད་དེ། གཡས་ཁོ་ན་ནས་འབྱུང་བའི་མེའི་ཁམས་ཀྱི་དཀྱིལ་འཁོར་ལྔ་ཉིད་ཡིན་པ་ལས། དེ་ཡང་མེ་ཡིན་པས་ན་ཁ་དོག་དམར་པོ། དབང་དགུག་ལ་སོགས་པའི་ལས་འགྲུབ་པས་བཟང་པོ་ཡིན་ལ། འདི་ནི་པད་མ་མགོན་པོ་འོད་དཔག་མེད་ཀྱི་རིག་པད་མ་མཐར་བྱེད་ཀྱི་ཏིང་ངེ་འཛིན་ཡིན་ནམ། གསུང་རྡོ་རྗེའི་བཟླས་གཞིར་གྱུར་པའི་རྒྱུ་བ་ཡིན་པས། ཨཱཿཡིག་མཚོན་བྱ་དང་མཚོན་བྱེད་ཀྱི་སྒོ་ནས་བསྐྱེད་རྫོགས་གཉིས་ལ་ལྟོས་ནས་བརྗོད་པ་དང་བརྡ་གྱུར་གྱི་བཟླས་པ་བྱ་བ་ཡིན་ལ། གཡོན་ཁོ་ན་ནས་འབྱུང་བ་ནི་ངོ་བོ་ཆུ་ཁམས་ཡིན་ཡང་། རླུང་གི་དཀྱིལ་འཁོར་ལྔ་དང་འདྲེས་པས་ན་ཁ་དོག་ལྗང་སེར་དག་དུ་སྣང་བ་སྟེ། འདིས་ནི་ཞི་རྒྱས་ལ་སོགས་པའི་ལས་འགྲུབ་པས་ན་ལས་ཀྱི་མགོན་པོ་དོན་ཡོད་གྲུབ་པའི་རྒྱུ་བ་སྐུ་རྡོ་རྗེའི་བཟླས་གཞི་ཡིན་པས །ཨོཾ་ཡིག་མཚོན་བྱ་དང་མཚོན་བྱེད་གཉིས་ཀྱི་སྒོ་ནས་བཟླ་བར་བྱ་བ་ཡིན་ནོ། །སྣ་བུག་གཉིས་ཀ་ནས་དྲག་པོར་རྒྱུ་བ་ནི། དབང་ཆེན་སྟེ་སའི་དཀྱིལ་འཁོར་ལྔ་ཁ་དོག་གསེར་མདོག །རྒྱས་པའི་ལས་འགྲུབ་པས་ན་རིན་ཆེན་མགོན་པོའི་རྒྱུ་བ་ཡིན་ལ། འདི་ནི་ལྟེ་བ་མན་ཆད་དུ་དཀར་དམར་གཉིས་དང་ལྷན་ཅིག་སྲོག་ཐུར་འོག་གི་སྣ་རྩེར་གོང་བུར་བྱེད་པའི་སྦྱོར་བས་ཐིག་ལེའི་རྣལ་འབྱོར་ལ་བརྟེན་པའི་སྲོག་རྩོལ་འགྲུབ་བོ། །ཡང་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་དལ་ཞིང་ཕྱོགས་གཅིག་ཏུ་རྒྱུ་བ་མེད་པའི་ཁམས་ཁ་དོག་དག་པའི་ཤེལ་ལྟར་སྣང་བ་ནི་ཆུའི་དཀྱིལ་འཁོར་ལྔ་སྟེ། འདིས་ནི་ཞི་རྐྱང་གི་ལས་འགྲུབ་པས་ན་རྡོ་རྗེ་མགོན་པོ་མི་སྐྱོད་པའི་རྒྱུ་བ་ཐུགས་རྡོ་རྗེའི་བཟླས་གཞི་ཡིན་ཏེ། ཧཱུྃ་ཡིག་གི་མཚོན་བྱ་དང་མཚོན་བྱེད་གཉིས་ཀྱི་སྒོ་ནས་དབུ་མ་དབྱེར་མེད་པའི་ངང་དུ་བཟླ་བར་བྱ་བ་ཡིན་ནོ། །ས་ལ་སོགས་པའི་ཁམས་ཀུན་ལས་ཡང་དག་པར་འབྱུང་ཞིང་ཐམས་ཅད་ཀྱི་ཁྱབ་བྱེད་དུ་གནས་པ། རྟེན་འོད་གསལ་དང་བརྟེན་པ་ཀུན་གཞིའི་རྣམ་ཤེས་གཞོན་པར་གྱུར་པའི་ཚུལ་གྱི་བཟུང་དང་ནམ་མཁའི་ཁམས་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་ཏེ། འདིའི་ཆ་ཤས་དཀྱིལ་འཁོར་ཐམས་ཅད་དང་འདྲེས་ནས་འབབ་ཀྱང་འབའ་ཞིག་པ་ནི་འཆི་བའི་ཉིན་ཞིག་མཐར་འབྱུང་བར་འགྱུར་བ་ཡིན་ལ། དེ་ལྟར་གྱི་དཀྱིལ་འཁོར་བཞི་པོ་དེ་དག་ནི་སྲོག་རྩོལ་གྱི་རྣལ་འབྱོར་པས་རྡོ་རྗེ་བཞི་དང་སྦྱར་ནས་ཟློས་པར་བྱ་བ་ཡིན་ཏེ། དེ་ཡང་པད་མ་མགོན་པོ་ནི་གསུང་རྡོ་རྗེ་བཟླས་པ་ལས་ཀྱི་མགོན་པོ་སྐུ་རྡོ་རྗེ། རིན་ཆེན་མགོན་པོ་ཡེ་ཤེས་རྡོ་རྗེ། རྡོ་རྗེ་མགོན་པོ་ཐུགས་རྡོ་རྗེའི་བཟླས་པ་ཡིན་ལ། དེ་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུང་པའི་དོན་ཡིན་ཏེ། འདི་ནི་གཞིའི་གནས་སྐབས་མ་ཡིན་ལམ་དུ་རྣལ་འབྱོར་པས་རྡོ་རྗེའི་བཟླས་པ་བྱ་བའི་གཞིར་མགོན་པོ་བཞི་དང་དག་པ་སྦྱར་ནས་བསྟན་པ་ཡིན་ལ། གོང་གི་དུས་འཁོར་ལས་བཤད་པ་ནི་གཞིའི་གནས་ཚུལ་ལ་བཤད་པ་ཡིན་པས་འདི་གཉིས་འགལ་བའི་ཐེ་ཚོམ་ཅུང་ཟད་ཀྱང་མི་བྱ་སྟེ། དེ་གཉིས་གནས་སྐབས་མི་མཚུངས་པའི་ཕྱིར་རོ། །དེ་ལྟར་གཡས་གཡོན་རེ་རེ་བ་དང་གཉིས་ཀ་བ་གཉིས་རྣམས་ལ་རྡོ་རྗེའི་བཟླས་པ་བྱེད་པ་ལྟར་སྣ་རྩེ་སྟེ་འཁོར་ལོ་བཞིའི་ལྟེ་བར་ཁ་དོག་ལྔའི་རླུང་གི་བྱེད་པ་བཅིངས་པའི་སྒོ་ནས་རྣམ་པར་བསྒོམ་ལ། ཇི་ལྟར་བསྒོམ་པའི་ཚུལ་ཡང་། རྡོ་རྗེའི་བཟླས་པའི་སྔགས་བཟླས་པའི་གྲངས་ཀྱི་ཉིན་མཚན་གྱི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྡོ་རྗེ་བཞི་དང་སྦྱར་ནས་བཟླ་བ་ཡིན་ཏེ། དེ་ཡང་མགྲིན་པར་གསུང་རྡོ་རྗེ་དཔྲལ་བར་སྐུ་རྡོ་རྗེ། ལྟེ་བར་ཡེ་ཤེས་རྡོ་རྗེ། སྙིང་གར་ཐུགས་རྡོ་རྗེའི་བཟླས་པར་གསུང་པ་ཡིན་ནོ། །བཞི་པ་འཇུག་སྒོ་ཕན་ཡོན་དང་བཅས་པ་ལ། འཇུག་སྒོ། བཟུང་ཐབས། ཕན་ཡོན་སྟེ་གསུམ་ལས། དང་པོ་ནི། འཇུག་སྒོ་ཞེས་སོགས་རྐང་པ་གསུམ་གྱི་སྟོན་ཏེ་དེ་ཡང་རླུང་འཇུག་པའི་སྒོ་ནི་སྟེང་གི་སྣ་གཉིས་དང་ཁ་སྟེ་གཉིས། འོག་ཏུ་ལམ་གསུམ་ལ་གཅིག་ཏུ་བྱས་པ་དང་། ལུས་ཀུན་ཏེ་རྣམ་པ་བཞི་ཡིན་ཏེ། དེ་ཡང་མན་ངག་དང་སྦྱར་ན། སྣ་ནས་མེ་རླུང་དང་རླུང་གི་རླུང་གཉིས་འཇུག་ཅིང་། ཁ་ནས་ཆུ་རླུང་། འོག་གི་ལམ་གསུམ་ནས་ས་རླུང་། ལུས་ཀུན་ནས་ནམ་མཁའི་རླུང་འཇུག་པ་ཡིན་ཏེ། རྗེ་མར་པས། ཕྱི་སྒོ་གཉིས་ནི་སྟེང་ནས་སྡོམ། །ནང་གི་སྒོ་གཉིས་འོག་ནས་སྡོམ། །མཆོད་ཁང་ནི་དབུས་ནས་སྡོམ། །ཞེས་གསུང་པ་ཡིན་ནོ། །གཉིས་པ་བཟུང་ཐབས་བཞི་ལས། དང་པོ་ནི། བཟུང་ཐབས་དབྱུང་རྔུབ་གནས་ལྡོག་དང་། ཞེས་སོགས་རྐང་པ་གཉིས་ཀྱི་སྟོན་ཏེ། དེ་ཡང་ཐུན་མོང་བ་ལས་བཤད་པ་པའི། །བགྲང་དང་རྗེས་འགྲོ་འཇོག་པ་དང་། །ཉེ་བར་བསྒྱུར་དང་རྟོག་པ་དང་། །ཡང་དག་རྣམ་པ་དྲུག་ཡིན་ནོ། །ཞེས་ཡན་ལག་དྲུག་ཏུ་བཤད་པ་དང་སྦྱར་ནས་བཤད་ན། རྣམ་པར་རྟོག་པ་ཤས་ཆེ་བས་ནི་རླུང་བགྲང་ཞིང་རྩི་བ་ལ་བསླབ་སྟེ། དེའི་ཚུལ་ནི་ལུས་གནད་བཅས་ཤིང་སེམས་རྣལ་དུ་གནས་པར་བྱས་ནས་དབུགས་དབྱུང་བ་དང་རྔུབ་པ་གཅིག་ནས་ཆུ་ཚོད་གཅིག་གི་བར་ཙམ་དུ་བགྲང་བས་སེམས་འཛིན་པ་ཡིན་ཏེ། ཐུན་མོང་བའི་རླུང་བགྲང་བ་གཅིག་ལ། གནས་ལྡོག་ནི་རྩ་གནས་ཐམས་ཅད་དུ་རླུང་གནས་དང་འགྲོ་ལྡོག་བྱེད་པ་ལ་སེམས་བཟུང་ནས་རྣམ་པར་མི་རྟོག་པར་འཇོག་པ་ཡིན་ཏེ། རྗེས་འགྲོ་དང་གཅིག་ལ་འཇོག་པ་ནི་ལུས་ཐམས་ཅད་དུ་ཁྱབ་པའི་རླུང་ལ་དམིགས་ནས་རྣམ་པར་མི་རྟོག་པའི་ངང་དུ་འཇོག་པ་ཡིན་ཞིང་། ཉེ་བར་བསྒྱུར་བ་ནི། རླུང་འཛིན་པ་ལ་སོགས་བཞག་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་ལ་དམིག་ནས་རྣམ་པར་མི་རྟོག་པར་འཇོག་ལ། རྟོག་པ་ནི་འབྱུང་བས་ཕྱེ་བའི་རླུང་སོ་སོའི་མཚན་ཉིད་ལ་དམིགས་ནས་རྣམ་པར་མི་རྟོག་པར་འཇོག་ཅིང་། ཡོངས་དག་ནི། རྣམ་པར་མི་རྟོགས་པའི་ལམ་གྱི་མཚན་མས་མཚོན་ནུས་པ་ཡིན་ལ། དེ་ལྟར་ཡན་ལག་དྲུག་པོ་དེ་ལ་རྡོ་རྗེ་བཟླས་པ་བྱ་བའི་ཚུལ་ནི། བརྗོད་བྱ་དང་དམིགས་པར་བཅས་པ་ཡི། །བརྡ་གྱུར་དང་ནི་དོན་དམ་མོ། །ཞེས་པའི་བརྗོད་དམིག་གཉིས་ནི་ཀུན་རྫོབ་དང་། བརྡར་གྱུར་དོན་དམ་གཉིས་ནི་དོན་དམ་གྱི་བཟླས་པ་ཡིན་པ་ལ། སྔ་མ་གཉིས་ཀྱི་གཙོ་བོར་ཞི་གནས་དང་། ཕྱི་མ་གཉིས་ཀྱི་ལྷག་མཐོང་སྒྲུབ་པ་ཡིན་ལ། ཞི་ལྷག་གཉིས་ཀྱི་ངོ་བོ་གང་ཡིན་པ་ཡང་། དགོངས་པ་ལུང་སྟོན་ལས། གཟུགས་སོགས་ནང་གི་ཆོས་རྣམས་ནི། །མཐོང་བ་ལྷག་མཐོང་ཞེས་བྱ་སྟེ། །མི་སྐྱོད་ལ་སོགས་གྲངས་བཞིན་དུ། །བཏགས་པ་དག་ལ་ཞི་གནས་བྱ། །ཞེས་གསུ ང་པ་ལྟར་ཡིན་ནོ། །བཟུང་ཐབས་གཉིས་པ་རླུང་མི་རྟོག་སོགས་རྐང་པ་གཉིས་ཀྱི་སྟོན་ཏེ། མི་རྟོག་རྒྱ་ཡན་འཆིང་བ་ནི། །སེམས་དང་སེམས་ཀྱི་རྟེན་རླུང་གཉིས་ཀ་རང་སར་ལྷུག་པར་བཞག་པ་ལས་ཞི་གནས་བསྐྱེད་པར་གསུང་པ་ཡིན་ཏེ། ལག་ལེན་ནི་སོར་སྡུད་ཀྱི་སྐབས་སུ་འབྱུང་ངོ་། །བཟུང་ཐབས་གསུམ་ཁ་དོག་སོགས་རྐང་པ་གཉིས་ཀྱིས་སྟོན་ཏེ། ཁ་དོག་དང་དབྱིབས་ལ་བཟུང་བ་ནི་དཀྱིལ་འཁོར་ལྔའི་ཁ་དོག་ལ་སེམས་བཟུང་སྟེ་མཉམ་པར་བཞག་པ་ལས་གསལ་སྣང་འཆར་ལ། དེ་ནས་ས་ལ་སོགས་པ་དང་བསྲེས་ནས་བསྒོམ་པ་ལས་ཟད་པར་ས་ལ་སོགས་པ་འཆར་ཞིང་། དབྱིབས་ལ་བཟུང་བ་ནི། སྙིང་གར་ཀུན་གཞི་རྣམ་ཤེས་ཀྱི་ཟླ་བ་དྲི་མ་མེད་པ་ལྟ་བུར་དམིགས་ནས་བསྒོམ་པས་གསལ་སྣང་འཆར་ལ་དེ་ནས་གཞན་གྱི་སེམས་དང་བསྲེས་ནས་བསྒོམ་པ་ལས་གཞན་སེམས་ཤེས་པའི་མངོན་ཤེས་འཆར་བ་ཡིན་ནོ། །བཟུང་ཐབས་བཞི་པ་ནི། བུམ་ཅན་ཞེས་སོགས་རྐང་པ་གཉིས་ཀྱི་སྟོན་ཏེ། བུམ་ཅན་འཆིང་བ་ཡིན་ཏེ། དེ་ཡང་སྟེང་གི་སྲོག་རྩོལ་འཆིང་བའི་གནས་ལྟེ་བ་དང་། འོག་གི་ཐུར་སེལ་འཆིང་བའི་གནས་གསང་གནས་དང་། བར་དུ་རླུང་གཉིས་རོ་མཉམ་དུ་བྱ་བའི་གནས་ལྟེ་འཁོར་ཡིན་པ་ལས། བུམ་པ་ཅན་འདི་ལ་ཡང་། ཀྱཻ་རྡོ་རྗེ་ལས་ཡན་ལག་བཞི་ལྡན་དུ་བཤད་དོ། །ཀྱེ་རྡོ་རྗེར་དབྱུང་བ་ཡིས་ནི་ལྟུང་བར་བྱེད། །རྔུབ་པ་ཡིས་ནི་དབང་དུ་བྱེད། །དགང་བ་ཡིས་ནི་དགུག་པར་བྱེད། །གཞིལ་བ་ཡིས་ནི་རེངས་པར་བྱེད། །ཅེས་སོ། །སེང་གེ་རྣམ་གྲོལ་ནི་སྒྱུ་མ་ཆེན་མོར་མགོ་གཉིས་རྣ་བ་དང་། དེ་བཞིན་སྣ་དང་ཡིད་གཉིས་དག །རྣལ་འབྱོར་པ་ཡིས་བཅིང་བར་བྱ། །སྲོག་དང་རྩོལ་བ་བསྡམས་ནས་སུ། །བསྣམས་དང་སྐད་ཅིག་དེ་ལ་འབར། །ཅེས་སོ། །མཆན། དེ་ལྟར་བཟུང་ཐབས་དེ་རྣམས་ཀྱི་རྩ་བའི་རླུང་རྣམས་བཟུང་ཞིང་སེང་གེ་རྣམ་རོལ་གྱི་ཡན་ལག་གི་རླུང་རྣམས་བཅིངས་པ་ལས་སྲོག་གཟུགས་འགྲུབ་ཅིང་། དེ་ནས་ཞི་བ་ལ་སོགས་པའི་ལས་ཀུན་བྱེད་པར་ནུས་པ་ཡིན་ནོ། །གསུམ་པ་ཕན་ཡོན་ནི། ཕན་ཡོན་རྣམ་པ་བརྒྱད་ཡིན་ཏེ། ཞེས་སོགས་ཚིག་བཅད་གཉིས་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་རླུང་ཐམས་ཅད་ཀྱི་རྩ་བ་ཟླ་ཉིའི་ཐབས་ཤེས་ཡིན་པས་ན། ཕན་ཡོན་ཡང་ཟླ་ཉིའི་ཡོན་ཏན་རྣམ་པ་བརྒྱད་ཡིན་པ་ལས། ཐོག་མར་སྟེང་དུ་ཉི་ཟླ་དགྲ་གཅན་གྱི་རྩ་གསུམ་ལ་བརྟེན་པའི་རླུང་ནི་སྲོག་ཡིན་པའི་ཕྱིར་ཉི་མའི་རང་བཞིན་ཡིན་པས་དེའི་ཡོན་ཏན་གཙོ་བོ་རྡུལ་མུན་སྙིང་སྟོབས་གསུམ་ནི་ལྟེ་བ་མན་ཆད་དུ་འབྱུང་ལ། དེ་རྣམས་ཀྱི་བྱེད་པ་བཅིངས་པ་ལས་སྤངས་པའི་དབང་དུ་བྱས་ན་དུག་གསུམ་གྱི་རྣམ་རྟོག་འཇོམས་སྟེ། རྐྱང་མ་བཅིངས་པས་འདོད་ཆགས། རོ་མས་ཞེ་སྡང་། དབུ་མས་གཏི་མུག་འཇོམས་པ་དང་། རྟོག་པའི་དབང་དུ་ནི། རྐྱང་མའི་བྱེད་པ་བཅིངས་པས་སྐུ་རྡོ་རྗེ་རོ་མས་གསུང་རྡོ་རྗེ་དབུ་མས་ཐུགས་རྗེ་རྡོ་རྗེ་སྟེ། རྡོ་རྗེ་རྣམ་པ་གསུམ་ཐོབ་པར་བྱེད་པ་དེ་ནི་ཉི་མའི་ཡོན་ཏན་དུ་གསུང་ལ། འོག་གི་གཤང་གཅི་ཁུ་བ་འབབ་པའི་རྩ་གསུམ་ལ་བརྟེན་པའི་རླུང་ནི་ཐུར་སེལ་ཡིན་པའི་ཕྱིར། ཟླ་བའི་རང་བཞིན་ཡིན་པས་དེའི་ཡོན་ཏན་གཟུགས་སྒྲ་དྲི་རོ་རེག་བྱའི་ཡུལ་ལྔ་ལ་དབང་བྱེད་པ་ནི་ལྟེ་བ་ཡན་ཆད་དུ་འབྱུང་སྟེ་དེའི་བྱེད་པ་བཅིངས་པ་ལས་སྤངས་པའི་དབང་དུ་ན་མིག་སོགས་དབང་པོ་ལྔ་གཟུགས་སོགས་ཡུལ་ལྔ་ལ་འཇུག་པའི་གཟུང་འཛིན་དག་པར་བྱེད་ལ། རྟོག་པའི་དབང་དུ་ནི་ཡེ་ཤེས་ལྔ་ཐོབ་པར་བྱེད་ཅིང་། གནས་སྐབས་ཀྱི་ཡོན་ཏན་ས་རླུང་ཟིན་པས་ལུས་བརྟན་པ་དང་། ཆུ་རླུང་གི་སྣུམ་པ་དང་། མེ་རླུང་གིས་མདངས་གསལ་བ་དང་། རླུང་གི་རླུང་གི་སྤྱོད་པ་མྱུར་ཞིང་མགྱོགས་པ་དང་། ནམ་མཁའི་རླུང་གི་དབང་པོ་དག་ཅིང་ཤེས་རབ་ཆེ་བ་དང་ལྡན་པ་སྟེ། དེ་ལྟར་ས་སོགས་རླུང་ལྔ་ལུས་ལ་གནས་པའི་ཕན་ཡོན་བཤད་པ་ཡིན་ནོ། །ལྔ་པ་ཁམས་གསུམ་རླུང་གི་བསྐྱེད་པར་བསྟན་པ་ནི། མདོར་ན་རླུང་ནི་རྟོག་པ་སྟེ། །ཞེས་སོགས་ཚིག་བཅད་བཞི་དང་རྐང་པ་གཉིས་ཀྱི་སྟོན་ཏེ་དེ་ཡང་སྤྱིར་རླུང་ལ་རྣམ་ཤེས་དང་ཡེ་ཤེས་ཀྱི་རླུང་གཉིས་སམ། ཆོས་ཅན་དང་ཆོས་ཉིད་ཀྱི་རླུང་གཉིས་སུ་ཡོད་པ་ལས། རྣམ་ཤེས་ཀྱི་རླུང་དེ་ལ་ཡང་ཕྲ་རག་གཉིས་སུ་ཡོད་པའི་མདོར་ན་ཕྲ་བའི་རླུང་ནི་རྣམ་རྟོག་ཡིན་ཏེ། བརྟན་པ་མ་ཡིན་པར་གཡོ་བ་དང་། རག་པ་ལས་ལོག་སྟེ་ཕྲ་བ་དང་། གོ་ས་འཛིན་མི་ནུས་པར་གཞན་དུ་སྐྱེད་པར་བྱེད་པས་ན་མཚན་ཉིད་མཚུངས་པའི་ཕྱིར་ལ། དེ་དག་གི་གཞིའམ་རང་བཞིན་དུ་གྱུར་པ་ནི་ཡེ་ཤེས་ཀྱི་རླུང་ཆེན་པོ་ཡིན་ཞིང་། དེའི་མཚོན་གཞི་ནི་སེམས་ཉིད་གསལ་ལ་མི་རྟོག་པ་དེ་ཉིད་ཡིན་ལ། གཞི་ལ་དེ་ལྟར་ཡིན་པར་མ་ཟད། འབྲས་བུ་དང་རྒྱུ་མཐུན་པའི་གཉེན་པོ་ལམ་གྱི་ཤེས་པ་ཡང་ཡེ་ཤེས་ཀྱི་རླུང་ཆེན་ཡིན་ཏེ། བྱང་ཆུབ་ཀྱི་ཆོས་དང་རྗེས་སུ་མཐུན་པའི་ཡང་དག་པའི་ཀུན་ཏུ་རྟོག་པས་འདུ་བྱེད་པའི་ལམ་འཁོར་བཅས་ཡིན་ནོ། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དུག་གསུམ་པོ་ཡང་རླུང་ཡིན་ཏེ། ཀུན་གཞི་ལ་གནས་པའི་ཉོན་མོངས་པ་ཅན་གྱི་ཡིད་ནི་གཏི་མུག་བསྐྱེད་པའི་རླུང་དུ་བཤད་དེ་བདག་མེད་ལ་བདག་ཏུ་རྟོག་པས་རྨོངས་པའི་ཕྱིར། སེམས་ཡུལ་ལ་འདུ་བྱེད་པའི་སེམས་ཀྱི་རང་ཡུལ་ཡེ་ཤེས་ཀྱི་སྣང་ཆ་འོད་ལྔའི་སྣང་བ་ལ་གཞན་དུ་རྟོག་པ་ནི་འདོད་ཆགས་སྐྱེད་པའི་རླུང་ཞེས་བྱ་སྟེ། སྲེད་ལེན་གྱི་དབང་གི་ཀུན་ཏུ་དགའ་བའི་འདོད་ཆགས་སྐྱེད་པའི་ཕྱིར། རྣམ་ཤེས་ཚོགས་དྲུག་གི་རང་སྣང་ལ་དོན་གཞན་དུ་རྟོག་པས་བླང་དོར་དུ་སྤྱོད་པའི་རླུང་དེ་ལ་ཞེ་སྡང་བསྐྱེད་པའི་རླུང་ཞེས་བྱ་སྟེ་བླང་དོར་གྱི་གཞན་ལ་སྡང་བ་བསྐྱེད་པའི་ཕྱིར། དེས་ན་རྣམ་ཤེས་ཚོགས་བརྒྱད་ནི་མཚན་ཉིད་ཀྱི་སྒོ་ནས་རླུང་ཡིན་ལ། དེས་ཁམས་གསུམ་བསྐྱེད་པས་ན་ཁམས་གསུམ་རླུང་གི་འདུ་བྱེད་ཅེས་གསུང་ཤིང་མདོར་ན་འཁོར་འདས་ཀྱི་སྐྱོན་དང་ཡོན་ཏན་ཀུན་རླུང་ལ་བརྟེན་ནས་འབྱུང་བ་ཡིན་ལ། དེ་ལྟར་རྟོག་པར་བྱས་ནས་ཡེ་ཤེས་ཀྱི་རླུང་གི་སྦྱོར་བ་ཤེས་པ་ལས་འཁོར་བའི་ཕ་རོལ་ཏུ་འགྲོ་ཞིང་། རྣམ་ཤེས་ཀྱི་རླུང་གི་འཁོར་བར་འཁོར་བར་བྱེད་ལ། དེའི་བྱེད་པ་བཅིངས་པ་ལས་རྣམ་ཤེས་ཀྱི་རླུང་གཅོད་པར་བྱེད་པ་དང་། ཡེ་ཤེས་ཀྱི་རླུང་འགྲུབ་པར་བྱེད་པ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། ཕྱི་ནང་རླུང་མིང་བྱེད་ལས་ཀུན། །ཞེས་སོགས་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་ཕྱི་ནང་གི་རླུང་རྣམས་ཀྱི་ངོ་བོ་དང་མིང་དང་བྱེད་ལས་ལ་སོགས་པ་ཀུན་རྒྱལ་བས་མདོ་རྒྱུད་རྣམས་ལས་རྒྱས་པར་གསུང་པ་དང་། འདིར་རྣལ་འབྱོར་པ་ལ་མན་ངག་གི་ལམ་དུ་ཉེ་བར་མཁོ་བ་རྣམས་བསྡུས་ཏེ་བསྟན་པ་ཡིན་ནོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་རླུང་གི་རྒྱུ་ཚུལ་བསྟན་པ་སྟེ་བཞི་པའོ། །ད་ནི་དུམ་བུ་ལྔ་པ་ཐིག་ལེའི་རྣམ་པར་བཤད་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བ་གསུམ་ལས། དང་པོ་ལ་ཡང་འཚམས་སྦྱར་བ་དང་། མདོར་བསྟན་དངོས་གཉིས་ཀྱི་དང་པོ་ནི། དེ་ནས། ཤེས་སོགས་རུང་བ་གཉིས་སྟེ། དེ་ཡང་རྩ་རླུང་གཉིས་བཤད་པའི་རྗེས་སུ་ཐིག་ལེའི་གནས་ལུགས་དང་རྒྱུ་བའི་ཚུལ་ལ་སོགས་པ་འཆད་པ་རིག་པ་ཡིན་ཏེ། དེ་རྣམས་རྟེན་དང་བརྟེན་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་དང་། །འཁྲུལ་པ་མ་རིག་པའི་ཐིག་ལེ་དང་། །གཉེན་པོ་ཡེ་ཤེས་ཀྱི་ཐིག་ལེ་སྟེ་གསུམ་ལས་དང་པོ་ནི་གཞིའི་རང་བཞིན་ལ་བཤད་ཅིང་། གཉིས་པ་ནི་གཞིའི་གནས་སྐབས་ལ་བཤད་ལ། གསུམ་པ་ནི་ལམ་གྱི་གནས་སྐབས་ལ་བཤད་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་མདོར་བསྟན་པ་དང་། འཁྲུལ་པ་མ་རིག་པའི་ཐིག་ལེ་མདོར་བསྟན་པ་རྫས་ཀྱི་ཐིག་ལེ་རྒྱས་པར་བཤད་པ། གཉེན་པོའི་ཐིག་ལེ་འཆིང་བའི་ཐབས་ཐིག་ལེའི་སྐྱོན་བསལ་བ་སྟེ་ལྔ་ལས་དང་པོ་ནི། དང་པོ་རང་སེམས་ལྷན་ཅིག་སྐྱེས། ཅེས་སོགས་ཚིག་བཅད་གསུམ་དང་རྐང་པ་གཅིག་གི་སྟོན་སྟེ། དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཡོད་པའི་ངོ་བོ་ནི། རང་གི་སེམས་གདོད་མ་ནས་གསལ་རིག་ལྷན་ཅིག་སྐྱེས་པ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་པ་ཆོས་ཀྱི་སྐུ་དེ་ཉིད་ཡིན་ལ། རང་བཞིན་ནི་རྣམ་པ་ཡིན་ཏེ། ཆོས་སྐུ་དེའི་རང་སྣང་རྣམ་པ་ཐམས་ཅད་པར་གསལ་བ་ལོངས་སྤྱོད་དང་རྫོགས་པའི་སྐུ་ཉིད་ཡིན་ཞིང་། ཐུགས་རྗེ་ནི་རྟེན་འབྲེལ་གྱི་རང་རྩལ་འགགས་པ་མེད་པ་ལས། ལས་འབྲས་འཆོལ་མེད་ཏུ་འགྲུབ་པ་ནི་སྤྲུལ་སྐུ་དེ་ཉིད་ཡིན་ལ། དེ་གསུམ་གྱི་རྟགས་ནི་སོ་སོ་སྐྱེ་བོ་མཚན་མ་དང་བཅས་པའི་བློ་ལ་ནི་ད་ལྟ་ཡང་མཚོན་དུ་ཡོད་སྟེ། ཕྱི་ནང་གི་ཆོས་ཐམས་ཅད་ལ་རིག་པས་དཔྱད་པ་ལས་རིག་ཤེས་རྗེས་དཔག་གི་སྟོང་པ་ཉིད་དུ་འཆར་ཞིང་། ཤེས་པ་སྐད་ཅིག་མའི་རང་ངོ་ལ་ཡང་སོ་སོ་རང་རིག་ཏུ་འཆར་དུ་རུང་བས་ནི་ངོ་བོ་མཚོན་ལ། ཅུང་ཟད་བསྒོམ་པས་ནི་ཤའི་མིག་ལ་སོགས་པས་དབྱིངས་རིག་དབྱེར་མེད་པའི་རྟག་བཅུ་འཆར་བ་མཐོང་བས་ནི་རང་བཞིན་མཚོན་པ་ཡིན་ཞིང་། ཚོགས་དྲུག་གི་ཡུལ་སྣང་ལ་བྱ་བྱེད་ཀྱི་ནུས་པ་སོ་སོར་འབྱིན་པ་ནི་ཐུགས་རྗེ་མཚོན་པ་སྟེ། དེ་གསུམ་དབྱེར་མེད་དུ་འབྱུང་བ་ནི་ཡུལ་གྱི་རྟག་ཡིན་ལ། ཡུལ་ཅན་གྱི་རྟག་ནི་རང་རིག་གི་ཤེས་པ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ཡིན་ཏེ། དེ་ཉིད་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ཡིན་པར་རྒྱལ་བས་མདོ་རྒྱུད་ཀུན་ཏུ་ལ་ལར་དྲང་དོན་དང་། ལ་ལར་ངེས་དོན་དང་། ལ་ལར་སྦས་ཅིང་། ལ་ལར་གསལ་བར་གསུང་པ་ཡིན་ནོ། །གཉིས་པ་འཁྲུལ་པ་ལམ་རིག་པའི་ཐིག་ལེ་མདོར་བསྟན་པ་ལ། རླུང་གི་ཐིག་ལེ་དང་། རྫས་ཀྱི་ཐིག་ལེ་གཉིས་ཀྱི་དང་པོ་ནི། འཁྲུལ་པ་མ་རིག་ཐིག་ལེ་ནི། །ཞེས་སོགས་ཚིག་བཅད་ཕྱེད་དང་གཉིས་ཀྱི་སྟོན་ཏེ། དེ་ཡང་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་རླུང་དང་འགྲོག་ཅིང་དཀར་དམར་དང་ལྷན་ཅིག་ཏུ་གྱུར་པ་ལས་དཀར་ཆས་འཛིན་པ་དང་དམར་ཆས་བཟུང་བ་བསྐྱེད་ལ། དེ་ལ་མ་རིག་པ་ཟེར་ཏེ་རང་གི་ངོ་བོ་གཉིས་མེད་རིས་མེད་ཡིན་པ་ལ་ཡིན་པར་མ་རིག་པའི་ཕྱིར། དེ་ལ་ཐིག་ལེ་ཟེར་སྟེ་འཁོར་བ་ཇི་སྲིད་པར་གང་གིས་ཀྱང་མི་ཤིག་པའི་ཕྱིར་རོ། །དེ་ལྟར་གཟུང་འཛིན་གཉིས་ཀྱི་རང་ལ་ཆགས་པ་དང་། གཞན་ལ་སྡང་བ་དང་། བླང་དོར་ལ་རྨོངས་པ་སོགས་ཀྱི་དུག་གསུམ་གྱི་མ་རིག་པ་སྐྱེ། དེས་ལས་མངོན་པར་འདུ་བྱེད་ཅིང་། ལས་དེས་ཀུན་གཞི་སྟེང་དུ་གོས་པ་ལས་ཀུན་བཏག་པའི་ཚོར་བ་དང་འདུ་ཤེས་འདུ་བྱེད་རྣམས་སྟེ་མིང་བཞིའི་ཕུང་པོའི་རང་གི་སྣང་བ་ལ་གཞན་དུ་འཁྲུལ་བ་ལས། བླང་དོར་ལ་རྨོངས་པ་སོགས་ཀྱི་དུག་གསུམ་གྱི་མ་རིག་པ། དེའི་གཉེན་པོ་བསྐྱེད་རིམ་བསྒྱུར་ལམ་དུ་རྟོག་པས་ལྷ་ཡབ་ཡུམ་གཉིས་མེད་བསྒོམ་པ་དང་། སྔགས་བཟླས་པ་ལ་སོགས་ལ་ནི་སྔགས་ཀྱི་ཐིག་ལེ་ཞེས་བྱ་ལ། མཚན་ཉིད་གསུམ་ལ་ཀུན་བཏགས་ཡིན་ཞིང་། བདག་རྐྱེན། དམིགས་རྐྱེན། དེ་མ་ཐག་རྐྱེན་སྟེ་གསུམ་ལ་བརྟེན་ནས་ཡིད་ཡུལ་ལ་འཇུག་པའི་ནུས་པ་ནི་རླུང་ཡིན་ལ། དེའི་བྱེད་པ་འཆིང་བ་ལ་རླུང་གི་ཐིག་ལེ་ཞེས་བཤེད་དེ། དེ་ནི་མཚན་ཉིད་གསུམ་ལས་གཞན་དབང་ཡིན་ནོ། །གཉིས་པ་ནི། ཡུལ་སྣང་ཞེས་སོགས་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་ཤེས་པའི་ཡུལ་དུ་སྣང་བ་ཇི་སྙེད་པ་དང་གཟུགས་ཀྱི་ཕུང་པོ་ལས་བྱུང་བའི་ཁམས་ལྔའི་རང་བཞིན་གྱིས་དཀར་དམར་གྱི་ཐིག་ལེ་ལ་རྫས་ཀྱི་ཐིག་ལེ་ཞེས་ཟེར་ལ། དེ་ལྟར་རླུང་སྔགས་རྫས་ཀྱི་ཐིག་ལེ་གསུམ་པོ་དེ་ནི་རྒྱལ་བ་རྡོ་རྗེ་འཆང་གི་རྣལ་འབྱོར་གྱི་བཤད་རྒྱུད་རྡོ་རྗེ་ཕྲེང་བར་གསུང་པ་ཡིན་ནོ། །གཉིས་པ་རྫས་ཀྱི་ཐིག་ལེས་རྒྱས་པར་བཤད་པ་ལ། བར་དོའི་རྐྱེན་ཉེ་བར་སྦྱོར་བའི་ཚུལ། དྭངས་མ་གཉིས་རྒྱས་པར་བཤད་པ། སྙིགས་མ་རྒྱས་པར་བཤད་པ་ཁམས་སོ་དྲུག་རྒྱས་པར་བཤད་པ། དཀར་ཆ་འཕོ་བའི་རིམ་པ་སྟེ་ལྔ་ལས་དང་པོ་ནི། དེ་ལ་རྫས་ཀྱི་ཐིག་ལེ་ལ། ཞེས་སོགས་ཚིག་བཅད་ཕྱེད་དང་གཉིས་ཀྱི་སྟོན་ཏེ། དེ་ཡང་མའི་མངལ་དུ་ཉིང་འཚམས་སྦྱར་ནས་ཐིག་ལེ་གྲུབ་པ་ལ་ཕྱི་ནང་གཉིས་ཡོད་པ་ལས། ནང་གི་དོན་ནི། དང་པོར་མའི་མངལ་དུ་སྲེད་ལེན་གྱི་ཉིང་འཚམས་སྦྱོར་བའི་ཚེ་བར་དོའི་རྣམ་ཤེས་དཀར་དམར་ཚོགས་པ་གཅིག་ངོ་བོ་དེ་རྐྱེན་ཅན་དང་། ཕ་མའི་དཀར་དམར་ལ་བདག་ཏུ་ཞེན་པའི་རྐྱེན་ཁམས་རྣམས་རག་པར་འགྱུར་ཞིང་གནས་སྐབས་བཅུའི་རིམ་གྱི་གོང་ནས་གོང་དུ་འཕེལ་བར་འགྱུར་བའི་ཚུལ་གོང་དུ་བསྟན་པ་ཡིན་ནོ། །གཉིས་པ་དངས་མ་གཉིས་བཤད་པ་ནི། ད་ལྟར་གནས་ཚེ་དྭངས་སྙིགས་གཉིས། །ཞེས་སོགས་ཚིག་བཅད་དང་ཕྱེད་དང་བཞིས་སྟོན་ཏེ། དེ་ཡང་སྤྱིར་དྭངས་སྙིགས་ཀྱི་ཚུལ་ལ། རྣམ་ཤེས་དང་ཡེ་ཤེས་ལ་དྭངས་སྙིགས་སུ་བྱས་པ་དང་། དེ་གཉིས་སོ་སོའི་ཕྲ་རག་ལ་དྭངས་སྙིགས་སུ་བྱས་པ་སོགས་དུ་མ་ཡོད་པ་ལས། འདིར་ཕྲ་རགས་ཀྱི་དབང་དུ་བྱས་ནས། ད་ལྟ་ལུས་ལ་གནས་པའི་ཚེ་རླུང་སེམས་ཐིག་ལེ་གསུམ་པོ་རེ་རེ་ལ་དཀར་དམར་གཉིས་སུ་ཡོད་པ་ལས། རླུང་གི་དྭངས་མ་ཡེ་ཤེས་ཀྱི་རླུང་དང་། སེམས་ཀྱི་དྭངས་མ་འོད་གསལ་ཡིན་པ་སོགས་གོང་དུ་བསྟན་ཟིན་ནས། ཐིག་ལེའི་དྭངས་མ་ནི་དཀར་དམར་གཉིས་ལས། དང་པོ་དཀར་ཆ་ནི་གནས་དབུ་མའི་ཡར་སྣ་ན། ཧྃ་གི་རང་བཞིན་གྱི་རྣམ་པ་ཅན། ཚད་ཡུང་དཀར་ཙམ་པ། ཆུའི་རང་བཞིན་ཡིན་པས་ན་ཁ་དོག་དཀར་ལ་སྣུམ་པ། དཔེ་ཤེལ་དང་མཚུངས་པ། རྒྱུ་ཕ་ལས་ཐོབ་པ། ཁམས་སོ་གཉིས་པོ་ཀུན་གྱི་མཆོག་ཏུ་གྱུར་པ་ཡིན་ལ། དམར་ཆ་ནི། གནས་ལྟེ་འོག་རྩ་གསུམ་འདུས་མདོ་ན། ཁ་དོག་དམར་ཞིང་གསལ་བ། དཔེ་རྒོད་མ་ཁའི་མེ་དང་འདྲ་བ། ཨ་ཐུང་སྟེ་ཧྃ་ལ་བཏགས་པའི་ཨ་ཤད་ཀྱི་རྣམ་པ་ཅན། རྡོ་རྗེ་ཕག་མོའི་ངོ་བོ་ཤེས་རབ་ཀྱི་རང་བཞིན་ཡིན་ལ། འདིའི་རིགས་པས། གོང་གི་ཧཾ་ཡིག་ལའང་ཧེ་རུ་ཀའི་ངོ་བོ་ཐབས་ཀྱི་རང་བཞིན་དུ་འཐོབ་ཅིང་། བདེ་མཆོག་དུ་དཀར་ཆ་ལ་དཔྱིད་ཅེས་དང་། དམར་ཆ་ལ་ཐིག་ལེ་ཞེས་ཀྱང་བཤད་ལ། དེ་གཉིས་ལ་ཀུན་གཞི་སྲོག་རླུང་དང་བཅས་པ་བརྟེན་ནས་གནས་ཅིང་། ཐུབ་པའི་ཉི་མ་རྣམས་བྱང་ཆུབ་ནས་རྡོ་རྗེ་གདན་ལ་བྱང་ཆུབ་སྙིང་པོའི་གཞི་ཟེར་བ་བཞིན་དུ། དཀར་དམར་གཉིས་པོ་འདི་ལ་ཡང་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་ཟུང་འཇུག་མངོན་དུ་བྱེད་པའི་གཞི་ཡིན་པས་ན། བྱང་ཆུབ་སྙིང་པོའི་ངོ་བོ་ཞེས་པར་སྡོམ་འབྱུང་དང་རྡོ་རྗེ་མཁའ་འགྲོར་གསུངས་པ་ཡིན་ནོ། །གསུམ་པ་སྙིགས་མ་རྒྱས་པར་བཤད་པ་ནི། དེ་བརྟེན་སྙིགས་ཀྱང་དྭངས་སྙིགས་གཉིས། །ཅེས་སོགས་ཚིག་བཅད་བདུན་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་ཀུན་གཞི་སྲོག་རླུང་དང་བཅས་པ་དེ་ཡི་རྟེན་གྱི་ཐིག་ལེ་དཀར་དམར་དེ་གཉིས་ཀྱང་ནང་གསེས་ཀྱི་དྭངས་སྙིགས་གཉིས་གཉིས་སུ་ཡོད་པ་ལས། དང་པོ་དམར་ཆའི་དྭངས་མ་ནི་མེའི་རང་བཞིན་ཡིན་པས་ལུས་ཀྱི་དྲོད་ཐམས་ཅད་བསྐྱེད་པ་དེ་དྲོད་ཐམས་ཅད་ཀྱི་ཁ་བདག་བྱེད་བྱེད་ཅིང་། མེའི་མཚན་ཉིད་ཡིན་པས་གྱེན་དུ་འགྲོ་ལ། དཀར་ཆའི་དྭངས་མ་ནི་སྤྱི་བོར་གནས་ནས་ལུས་ཀྱི་དཀར་ཆ་ཐམས་ཅད་ཀྱི་ཁ་བདག་བྱེད་ཅིང་། ཆུའི་མཚན་ཉིད་ཡིན་པས་འོག་ཏུ་ཐུར་དུ་འགྲོ་བ་ཡིན་ལ། སྙིགས་མ་ནི་དང་པོ་གཞི་དུས་ཀྱི་ནང་གི་སྦྱིན་སྲེགས་གི་རྒྱུས་བསྐྱེད་པ་ཡིན་ཏེ། དེའི་ཚུལ་ཡང་ཕྱི་རོལ་གྱི་ཁ་ཟས་ཀྱི་དངོས་པོ་རྣམས་བསྲེགས་རྫས་དང་། རོ་རྐྱང་དང་འབྲེལ་པའི་ལག་པ་གཉིས་དགང་བླུག་ཁ་ནི་ཐབས་ཁུང་། ཕུང་པོ་དང་ཁམས་དང་སྐྱེད་མཆེད་རྣམས་གདོད་མ་ནས་རང་བཞིན་གྱི་ལྷར་གྲུབ་པ་ནི་འཇིག་རྟེན་ལས་འདས་པའི་མཆོད་ཡུལ་གྱི་ལྷ། ཕོ་བར་དྭངས་སྙིགས་འབྱེད་པའི་ལས་བྱེད་པ་ནི་འཇིག་རྟེན་པའི་མེ་ལྷ་ཞལ་གསུམ་པ་ཡིན་ཏེ། ཞལ་གསུམ་ནི། རླུང་མེ་མཉམ། བད་ཀན་མྱགས་བྱེད། མཁྲིས་པ་མདོག་འགྱུར་གསུམ་པོ་ཡིན་ལ། དེ་རྣམས་ཀྱི་བྱེད་ལས་ནི། དང་པོས་བསྲེགས། གཉིས་པས་བཞུ། གསུམ་པས་སྦྱངས་ནས་དེའི་དྭངས་མ་མཆིན་པར་རྩ་ཆེན་བཞི་ལ་རྒྱུད་དེ་ཁྲག་ཆེན་དུ་གྱུར་ནས་རྩའི་གནས་ཀུན་ཏུ་ཁྱབ་པར་འགྲོ་ཞིང་། ཁྲག་གི་དྭངས་མས་ཤ་བསྐྱེད། དེའི་དྭངས་མས་ཚིལ་སྐྱེད། དེའི་དྭངས་མས་རུས་པ། དེའི་དྭངས་མས་རྐང་། དེའི་དྭངས་མས་ཁུ་བ་སྐྱེད་སྟེ། དེ་ལ་ལུས་ཟུང་གྱིས་དྭངས་མ་བདུན་བརྒྱུད་ཅེས་ཟེར་ཞིང་། ཁུ་བ་ལ་སྐྱེ་བ་བདུན་པ་ཟེར་བའི་དོན་ཡང་འདི་ཉིད་ཡིན་ནོ། །སྙིགས་མ་ནི། ཕོ་བའི་སྙིགས་མ་ལ་སྐ་སླ་གཉིས་ལས། སྐ་བ་བཤང་བ་ཡིན་ཏེ། རྒྱུ་མར་བརྒྱུད་ནས་འོག་ཏུ་འགྲོ་ཞིང་། སླ་བ་གཅི་བ་ཡིན་ཏེ་རྒྱུ་སྒྲོག་ནང་ནས་སོང་ནས་ལྒང་པ་ནས་འབབ་པར་བྱེད་ལ། ཁྲག་གི་སྙིགས་མ་མཆིན་པ་དང་འབྲེལ་བ་ལས་མཁྲིས་པ་བསྐྱེད་ནས། དེའི་སྙིགས་མ་འོག་ཏུ་འགྲོ་ཞིང་། མཁྲིས་པའི་སྙིགས་མ་ནི་ཆུའི་ཀུ་ཡ་དང་། དྲི་ཆེན་གྱི་སེར་པོའི་ཆ་དེ་བྱེད་ལ། ཤའི་སྙིགས་མ་ལྤགས་པ་དང་དྲི་མ། ཚིལ་གྱི་སྙིགས་མ་རྨེན་བུར་འགྱུར་ཞིང་། རུས་པའི་སྙིགས་མ་སོ་དང་སེན་མོ་དང་ཆུ་རྒྱུས་ལ་སོགས་པ་ཡིན་ལ། རྐང་གི་སྙིགས་མ་རྐང་སྦུབ་ཀྱི་མཆིལ་སྣབས་ཀྱི་རྣམ་པ་དང་། ཁུ་བའི་སྙིགས་མ་ནི་དུང་ཅན་མ་ནས་འོག་ཏུ་འབབ་ཅིང་། དྭངས་མས་སྟོབས་དང་ཁ་དོག་ལ་སོགས་བྱེད་སྟེ། དེ་ནི་ཁམས་ཀྱི་དྭངས་སྙིགས་སྤྱི་ཙམ་བཤད་པ་ཡིན་ནོ། །བཞི་པ་ཁམས་སུམ་ཅུ་སོ་དྲུག་གི་རྒྱས་པར་བཤད་པ་ལ། སྤྱིར་བཤད་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། རྒྱས་བཤད་ཁམས་ནི་སུམ་ཅུ་དྲུག །ཞེས་པའི་རྐང་པ་འདིས་སྟོན་ཏེ། དེ་ཡང་རྒྱས་པར་བཤད་ན་ཁམས་སུམ་ཅུ་རྩ་དྲུག་ཡོད་དོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་ཡང་དྭངས་མ་བཅུ་གཉིས་བཤད་པ་དང་། སྙིགས་མ་ཉི་ཤུ་རྩ་བཞི་བཤད་པ་གཉིས་ལ། དང་པོ་ནི། བཞི་ནི་མིག་སོགས་ཤེས་པ་དང་། ཞེས་སོགས་ཚིག་བཅད་ལྔ་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་སྙིང་གའི་ཡན་ལག་གི་རླུང་གི་རྟེན་གྱི་རྩ་བཞིའི་ཐིག་ལེ་ནི་མིག་དང་། སོགས་པས་རྣ་བ་སྣ་ལྕེ་རྣམས་ཀྱི་ཤེས་པ་དང་འབྲེལ་ནས་གཟུགས་འཛིན་པ་ལ་སོགས་པའི་བདག་རྐྱེན་བྱེད་པའི་དྭངས་མ་ནི་ནང་གི་མཆོད་པ་བཞི་ཞེས་བྱ་ལ། བདུད་བྲལ་ནས་བྱུང་བའི་ཁམས་དཀར་ཆ་དེ་ནི་སྟེང་དུ་འགྲོ་ཞིང་ལྕེའུ་ཆུང་གི་དབུས་སུ་ཟུག་པ་ཡིན་ཞིང་། རྒྱུ་མཚན་དེས་ན་ཁམས་ལུགས་བཟློག་ཡིན་པས་ཟླ་བའི་ནག་ཕྱོགས་དང་མཐུན་པར་བཤད་པ་ལ། བདུད་བྲལ་མར་གནས་པའི་ཐིག་ལེ་དེ་ཡང་རེག་བྱའི་ཕྱོགས་གཅིག་འཛིན་པས་ན་ཡན་ལག་གི་རླུང་གི་ཕྱོགས་གཅིག་ཏུ་བཞག་པ་ཡིན་ཞིང་། རྩ་བའི་རླུང་ལྔ་དང་འབྲེལ་པའི་ཐིག་ལེ་བྱེད་ལས་ནི་སྔར་བཤད་པའི་རྩའི་བྱེད་ལས་དང་མཐུན་པ་ཡིན་ལ། ཐིག་ལེ་འཆད་པའི་སྐབས་འདིར་ཡང་དབུ་མ་ལ་ཆ་གཉིས་སུ་བྱས་པའི་སྟེང་དུ་ཟླ་ཉི་དགྲ་གཅན་གྱི་རྩ་གསུམ་ལ་བརྟེན་པའི་ཐིག་ལེ་དང་། འོག་ཏུ་བཤང་གཅི་ཁུ་བ་རྣམ་གསུམ་ཡོད་པ་ལས་སྟེང་སྲོག་ཉི་མའི་ཆོས་ཅན་ཡིན་པས་ན་སྟེང་གི་གསུམ་པོ་གཅིག་ཏུ་བྱས་ནས་ཉི་མའི་ཐིག་ལེ་དང་། འོག་གི་གསུམ་པོ་ཐུར་སེལ་ཟླ་བའི་ཆོས་ཅན་ཡིན་པས་གཅིག་ཏུ་བྱས་ནས་ཟླ་བའི་ཐིག་ལེ་ཏེ། དེ་ལྟར་དྭངས་མ་བཅུ་གཉིས་ཡིན་ལ། འོ་ན་དབུ་མའི་ཡར་སྣ་དགྲ་གཅན་དང་། མར་སྣ་དུས་མེར་བཤད་པ་དེ་གཉིས་ལས་གནས་པའི་ཐིག་ལེ་གཉིས་ཡོད་པ་ལས། དེ་གཉིས་བཅུ་གཉིས་པའི་ཁོངས་སུ་ཇི་ལྟར་བསྡུ་ཞེ་ན། དགྲ་གཅན་ནི་ཟླ་བ་དང་། དུས་མེ་ཉི་མའི་ཁོངས་སུ་བསྡུ་བ་ཡིན་ནོ། །ཁྱད་པར་དུ་མར་སྣ་དུང་ཅན་མ་ལས་བཅོ་ལྔའི་ཆའི་དཀར་ཆའི་ཐིག་ལེ་གང་བ་ནི་བདེ་བ་སྐྱེ་བའི་རྩ་ཡིན་ལ། དེ་རྡོ་རྗེ་ནོར་བུའི་བར་དུ་འབྲེལ་ཞིང་། བུད་མེད་ལ་རྩ་རོ་མ་དང་འབྲེལ་བ་ལས་ཁྲག་གིས་ཁམས་འཛིན་པ་ན། སྐྱེས་པ་དང་བུད་མེད་ཀྱི་ཁྱད་པར་དེས་བྱེད་ལ། དབང་པོའི་མཆོག་གཉིས་ཀྱང་བསྐྱེད་པར་བྱེད་པའོ། །སྙིང་གའི་ཐིག་ལེ་བཅུ་པོ་དེའི་ངོ་བོ་གང་ཞེ་ན། འདི་ནི་ཁ་སྦྱོར་ཐིག་ལེ་ལས། སྙིང་གའི་ཕྱོགས་བཞིའི་འདབ་མའི་རྩ་ལ་གནས་པའི་འབྱུང་བཞིའི་ཐིག་ལེ་དང་། སྙིང་གའི་ཕྱོགས་ཀྱི་ཐིག་ལེ་རྣམས་ནི་མར་མེ་སྟེ་སྒྲོན་མ་ལྔའི་དངོས་པོ་ཤེས་རབ་ཀྱི་རང་བཞིན་དང་། མཚམས་བཞི་དང་འོག་ཏུ་གནས་ཐིག་ལེ་ལྔ་ནི་བདུད་རྩི་ལྔའི་རང་བཞིན་འབབ་པའི་གནས་ཐབས་ཀྱི་རང་བཞིན་ཡིན་ལ། འཚམས་རྩ་བཞི་པོ་དེར་བརྟེན་པའི་ཐིག་ལེ་ལ་ནང་གི་མཆོད་པ་བཞི་ཞེས་བཤད་ཅིང་། འདི་ལུས་ཀྱི་སྙིང་དབུས་སུ་སུམ་སྐོར་མ་དང་འདོད་མ་དང་ཁྱིམ་མ་དང་གཏུམ་མོ་དང་། བདུད་བྲལ་མ་སྟེ་རྩ་ལྔ་པོ་ནི་ཡང་དག་པར་གནས་པ་ཡིན་ནོ། །གཉིས་པ་སྙིགས་མ་ཉི་ཤུ་རྩ་བཞི་ནི། སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །ཅེས་སོགས་ཚིག་བཅད་ཕྱེད་དང་བཅུ་དྲུག་གི་སྟོན་ཏེ། དེ་ཡང་སྐུ་གསུང་ཐུགས་སམ་ས་འོག་ས་སྟེང་ས་བླ་གསུམ་ལ་བརྒྱད་དུ་ཕྱེ་བའི་བྱེ་བྲག་གིས་ཉི་ཤུ་རྩ་བཞིར་ཉེ་བར་བརྗོད་ལ། གནས་སོགས་ཉི་ཤུ་རྩ་བཞི་པོ་དེ་དག་གི་བྱེ་བྲག་ལ་བརྟེན་ནས་ཕྱི་རོལ་ཏུ་གནས་ཉེར་བཞི་དང་། ནང་དུའང་གནས་ཉེར་བཞིར་ཉེ་བར་བརྗོད་ཏེ་ཅེས་མདོར་བསྟན་ནས། དེ་ནས་ལུས་ཀྱི་རྩ་ཉེར་བཞི་པོ་དེ་རྣམས་ལས་བྱུང་བའི་ཁམས་ཉི་ཤུ་རྩ་བཞི་པོ་ནི་སྔར་བཤད་པའི་རྩ་དང་བཅས་པས་གནས་ཉི་ཤུ་རྩ་བཞིར་བཤད་པའི་ཚུལ་ནི། མི་ཕྱེད་མ་ནི་ཕྱི་ནང་གཉིས་ཀར་ཕྱི་གནས་སུ་པུ་ལླི་ར་ཡིན་ཏེ་ལུས་ཀྱི་མགོ་དང་། ཁམས་སོ་དང་སེན་མོ་འབབ་པར་བྱེད་དོ། །དེ་བཞིན་དུ་ཕྲ་གཟུགས་མ་ནི་ཕྱི་ནང་གི་ཛ་ལན་དྷ་ར་དང་ལུས་ཀྱི་སྤྱི་གཙུག་སྟེ་སྐྲ་དང་བ་སྤུའི་ཁམས་འབབ་པར་བྱེད་ལ། རྩེ་བ་མ་ནི་ཕྱི་ནང་གི་ཨུ་རྒྱན་དང་ལུས་ཀྱི་རྣ་བ་གཡས་པ་སྟེ་ལྤགས་པ་འབབ་པ་ཡིན་ནོ། །གཡོན་པ་མ་ནི་ཕྱི་ནང་གི་ཨརྦུ་ཏ་དང་ལུས་ཀྱི་ལྟག་པ་སྟེ་རྒྱབ་ལ་སོགས་པའི་ཤ་རྣམས་འབབ་པར་བྱེད་ལ། དེ་ལྟར་བཞི་པོ་དེ་ནི་ཕྱི་རོལ་དུ་མཁའ་འགྲོ་མ་རྣམས་རྟག་ཏུ་གནས་ཅིང་ནང་དུ་དཀར་ཆ་རྟག་ཏུ་གནས་ཕྱིར་གནས་ཅེས་བྱའོ། །ཐུང་ངུ་མ་ནི་ཕྱི་ནང་གི་གོ་ད་བ་རི་དང་ལུས་ཀྱི་རྣ་བ་གཡོན་ཏེ་རུས་པའི་ཁམས་འབབ་པར་བྱེད་ཅིང་། རུས་སྦལ་སྐྱེས་མ་ནི་ཕྱི་ནང་གི་རཱ་མེ་ཤྭ་རི་སྨིན་འཚམས་ཏེ་རུས་པའི་ཕྲེང་བ་འབབས་པ་ཡིན་ལ། སྒོམ་པ་མ་ནི་དེ་ཝི་ཀོ་ཊི་དང་མིག་སྟེ་མཆིན་པའི་ཤ་ཀུན་བསྐྱེད་པའི་ཁམས་འབབ་པ་ཡིན་ཞིང་། དབང་བསྒྱུར་མ་ནི་མ་ལ་ཝ་དང་ཕྲག་པ་སྟེ་སྙིང་གའི་ཤ་བསྐྱེད་པར་བྱེད་པ་སྟེ། དེ་ལྟར་བཞི་པོ་དེ་ཕྱི་རོལ་མཁའ་འགྲོ་མ་རྣམས་ཕལ་ཆེར་གནས་ཅིང་། ནང་དུ་དཀར་ཕལ་ཆེར་གནས་པས་ཉེ་བའི་གནས་ཅེས་བྱའོ། །སྐྱོན་མ་ནི་ཕྱི་ནང་གི་ཀ་མ་རུ་པ་དང་ལུས་ཀྱི་མཆན་ཁུང་སྟེ་མིག་འབྲས་གཉིས་ཀྱི་ཤ་འབབ་པ་ཡིན་ལ། འཇུག་མ་ནི་ཨོ་ཌེ་དང་ནུ་མ་ཡིན་ཏེ། ནུ་འཚམས་ནས་བརྒྱུད་དེ་མཁྲིས་པ་བསྐྱེད་པར་བྱེད་ཅིང་། མ་མོ་ནི་ཏྲི་ཤ་ཀུ་ན་དང་ལྟེ་བ་སྟེ་གློ་བའི་ཁམས་བསྐྱེད་པར་བྱེད་པའོ། །མཚན་མོ་ནི་གོ་ས་ལ་དང་སྣ་རྩེ་སྟེ་རྒྱུ་མའི་ཕྲེང་བ་འབབ་པར་བྱེད་ལ། དེ་ལྟར་བཞི་པོ་དེ་ལས་དང་པོ་གཉིས་ནི་ཕྱི་རོལ་དུ་མཁའ་འགྲོ་མ་རྣམས་ལོངས་སྤྱོད་པའི་ཞིང་དང་ནང་དུ་དཀར་ཆ་ལ་ལོངས་སྤྱོད་པའི་ཞིང་ཡིན་པས་ན་ཞིང་ཞེས་བརྗོད་ལ། ཕྱི་མ་གཉིས་ནི་དེ་དང་ཉེ་བའི་ཕྱིར་ཉེ་བའི་ཞིང་ཞེས་བརྗོད་དེ། བསིལ་སྦྱིན་མ་ནི་ཕྱི་ནང་གི་ཀ་ལིངྒ་དང་ལུས་ཀྱི་ཁ་ཡིན་ཏེ། ཁམས་ནི་སྟ་ཟུར་ནས་འབྲེལ་ནས་དྲོད་པ་བསྐྱེད་པར་བྱེད་ལ། ཚ་བ་མ་ནི་ལམ་ཝ་ཀ་དང་མགྲིན་པ་སྟེ་ལྟེ་བ་ནས་འབྲེལ་ཏེ་གཉེ་མ་བསྐྱེད་པར་བྱེད་ཅིང་། གཞོལ་མ་ནི་ཀཉྩྨིར་དང་སྙིང་སྟེ། བཤང་བ་འབབ་པའི་བདག་རྐྱེན་བྱེད་ལ། རངས་མ་ནི་ཧི་མ་ལ་ཡ་དང་འབྲས་བུ་སྟེ། འཚོགས་མ་ནས་གསང་གནས་ཀྱི་བར་གྱི་ལུས་ཀྱི་དབུས་འགེངས་པའི་བརྡུངས་པ་འབབ་ཅིང་། དེ་ལྟར་བཞི་པོ་ལས་དང་པོ་གཉིས་ནི་ཕྱི་རོལ་དུ་མཁའ་འགྲོ་རྣམས་རིགས་འདྲེས་ནས་གནས་ཅིང་། ནང་དུ་དྭངས་སྙིགས་འདྲེས་པར་གནས་པས་ན་ཚནྡོ་ཞེས་བྱ་ལ། ཕྱི་མ་གཉིས་ནི་དེ་དང་ཉེ་བའི་ཕྱིར་ཉེ་བའི་ཚནྡོ་ཞེས་བཤད་དོ། །གཟུགས་ཅན་མ་ནི་ཕྱི་ནང་གིས་པྲེ་ཏ་པུ་རི་དང་མཚན་མ་སྟེ་རྟག་ཏུ་རྣག་གི་ཁམས་འབབ་པར་བྱེད་ཅིང་། ཐུན་མོང་མའམ་སྤྱི་མ་ནི་གྲྀ་ཧ་དེ་བ་བཤད་ལྀ་སྟེ་བད་ཀན་འབབ་པར་བྱེད་ལ། རྒྱུ་སྦྱིན་མ་ནི་སཽ་རཥྚ་དང་བརླ་སྟེ། ཁྲག་གི་ནུས་པ་བསྐྱེད་པར་བྱེད་ཅིང་། སྦྱོར་བྲལ་མ་ནི་སུ་ཝརྑ་དྭི་པ་དང་བྱིན་པ་སྟེ། རྟག་ཏུ་རྔུལ་གྱི་ཁམས་འབབ་པར་བྱེད་དེ། དེ་ལྟར་བཞི་ལས་དང་པོ་གཉིས་ནི། ཕྱི་རོལ་དུ་མཁའ་འགྲོ་མ་རྣམས་ཚོགས་ལ་འདུ་ཞིང་། ནང་དུ་དྭངས་སྙིགས་རྣམས་འདུ་བས་ན་འདུ་བ་ཅེས་བྱ་ལ། ཕྱི་མ་གཉིས་ནི་དེ་དང་ཉེ་བའི་ཕྱིར་ཉེ་བར་འདུ་བ་གསུང་པ་ཡིན་ནོ། །སྡུ་གུ་མ་ནི་ཕྱི་ནང་གི་ནཱ་ག་ར་དང་ལུས་ཀྱི་སོར་མོ་སྟེ། ཚིལ་གྱིས་ཁམས་འབབ་པར་བྱེད་ལ། གྲུབ་མ་ནི་སིནྡྷཱུ་ར་དང་བོལ་གོང་སྟེ་མཆི་མ་བསྐྱེད་པར་བྱེད་ཅིང་། འཚེད་མ་ནི་མ་རུ་དང་མཐེ་བོ་སྟེ། ལུད་པ་དང་མཆིལ་མ་བསྐྱེད་ཅིང་འབབ་པར་བྱེད་ལ། ཡིད་བཟང་མ་ནི་ཀུ་ལུ་ཏ་དང་པུས་མོ་སྟེ། རྟག་ཏུ་སྣ་ཆུ་དང་སྣབས་འབབ་པར་བྱེད་ཅིང་། དེ་ལྟར་བཞི་པ་ལས་དང་པོ་གཉིས་ནི། ཕྱི་རོལ་དུ་ཁུ་བ་འདོར་ཞིང་། ནང་དུ་བདེ་བའི་ཚོར་བ་མེད་པས་ན་དུར་ཁྲོད་ཅེས་བྱ་ལ། ཕྱི་མ་གཉིས་ནི་དེ་དང་ཉེ་བའི་ཕྱིར་ཉེ་བའི་དུར་ཁྲོད་ཅེས་བྱའོ། །དེ་ལྟར་གནས་ཉེར་བཞི་པ་ལུང་དང་སྦྱར་བ་ནི། རྣལ་འབྱོར་མ་ཀུན་སྤྱོད་ལས། སྤྱི་བོར་པུ་ལི་ར་ཡིན་ཏེ། །སོ་དང་སེན་མོ་འབབ་པར་བྱེད། ཅེས་སོགས་གསུང་པ་ཡིན་ལ། མི་ཕྱེད་མ་ནས་ཚ་བ་མའི་བར་བཅུ་གཉིས་ནི་རྐྱང་མ་དང་འབྲེལ་ཞིང་ལུས་ཀྱི་གཡོན་ཕྱོགས་ལ་ཕར་ཆེར་གནས་ཤིང་། གཞོལ་མ་ནི་ཡིད་བཟང་མའི་བར་བཅུ་གཉིས་ནི་རོ་མ་དང་འབྲེལ་ནས་ཕལ་ཆེར་གཡས་ལ་གནས་པ་ཡིན་ནོ། །ལྔ་པ་དཀར་ཆ་འཕོ་བའི་རིམ་པ་ནི། དེ་ལྟར་ཁམས་ནི་ཉི་ཤུ་བཞི། །ཞེས་སོགས་ཚིག་བཅད་བཞིས་སྟོན་སྟེ། དེ་ཡང་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་ལས་གྱེས་ནས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་སུ་འགྱུར་བ་དེ་ལྟར་ཁམས་ཀྱི་གཙོ་བོ་ཉི་ཤུ་རྩ་བཞི་ལའང་ཐིམ་ལོངས་སྤྱོད་བདག་པོའི་དབྱེ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པར་འགྱུར་ཏེ་དེ་ཡང་ཐིམ་པ་ནི་སྙིགས་མར་གྱུར་པ་དང་། ལོངས་སྤྱོད་དྭངས་མ་ནི་དཀར་ཆ་དང་། བདག་པོ་རྩ་བ་རླུང་ཁྲག་འདྲེས་པ་ཡིན་ལ། ཉི་ཤུ་རྩ་བཞི་པོ་དེ་རེ་རེ་ཡང་སྟོང་ཕྲག་གསུམ་གསུམ་གྱི་བསྒྱུར་བ་ལས། སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་ཏེ། དེ་ཡང་གཙོ་བོའི་དབང་དུ་བྱས་པ་ཡིན་གྱི་འཁོར་དང་བཅས་པའི་དབང་དུ་ན་རླུང་དང་དཀར་ཆ་དང་དམར་ཆ་གསུམ་གྱི་དྭངས་མ་ནི་བ་སྤུའི་མཐར་ཐུག་པ་ཀུན་ཏུ་ཁྱབ་ལ། ཁྱད་པར་དུ་དྭངས་མ་ཟླ་བ་ནི་སྤྱི་བོ་ནས་རྩ་བཅུ་དྲུག་བརྒྱུད་ནས། རྩ་བའི་འབྱུང་བ་བཞི་ལ་འབྱུང་ཆུང་བཞི་བཞིས་ཕྱེ་བ་ལས་ཐིག་ལེ་བཅུ་དྲུག་གི་རིམ་པས་མགྲིན་པར་འབབ། དེའི་ཐབས་ཤེས་གཉིས་གཉིས་སྡོམ་པ་ལས་བཅུ་དྲུག་གི་ཕྱེད་བརྒྱད་ཀྱི་ངོ་བོར་སྙིང་གར་འབབ་ལ། དེའི་ཕྱེད་བཞིའི་ངོ་བོར་ལྟེ་བར་བབ་ནས་ལྟེ་བར་ནི་མེ་ལ་རོ་གཅིག་ཏུ་གྱུར་ནས་འབབ་སྟེ། དུང་ཅན་མའི་མཐར་ཆ་བཅོ་ལྔས་གང་ནས་ཆ་བཅུ་དྲུག་པའི་ངོ་བོར་གནས་ཅིང་། འཆིང་བར་མི་ནུས་པ་ལ་ནི་སྤྱིར་འཛག་པར་བྱེད་ཅིང་། དཀར་ཆ་དེ་ཡང་ལུས་ཅན་ཀུན་གྱི་སྙིང་དགའ་བར་བྱེད་པས་དཔྱིད་ཅེས་བྱ་ལ། འཆིང་བའི་ནུས་པ་མེད་པ་རྣམས་ལ་ནི་འདོད་ཆགས་བསྐྱེད་ཅིང་། དེ་ལས་ཞེ་སྡང་དང་། དེ་གཉིས་ཀྱི་བར་དུ་བླང་དོར་ལ་རྨོངས་པའི་གཏི་མུག་བསྐྱེད་ནས་འཁོར་བ་གྲུབ་པ་ཡིན་ཏེ། འདོད་ཆགས་ལས་ནི་སྡིག་སྟེ་གང་ཕྱིར་ཤིན་ཏུ་སྡུག་མ་ལའང་ཞེ་སྡང་སྐྱེ། ཞེས་སོགས་དང་། རྣལ་འབྱོར་མ་ཀུན་སྤྱོད་ལས། འོད་དཔག་མེད་དང་རིན་ཆེན་འབྱུང་། །འཁོར་བ་བསྐྱེད་པའི་རྩ་བ་གཉིས། །ཅེས་གསུང་པའི་ཕྱིར་རོ། །འདི་གཞུང་དུ་མི་འབྱུང་ཡང་འགྲེལ་པ་ལས་བྱུང་བ་ནི། འཚོ་བའི་རྟེན་བྱེད་ཅིང་གནས་དེ་དང་དེར་གཏར་སྲེགས་ལ་སོགས་པ་བྱས་ན་ཉེས་པ་བསྐྱེད་པར་བྱེད་པས་ན་བླ་གནས་ཅེས་བྱ་བ་ནི། ཚེས་རེ་ལ་ལུས་ཀྱི་གནས་དེར་འཕོ་སྟེ། དེ་ལ་ཡང་རྩ་རྒྱུད་ཀྱི་དབང་དུ་བྱས་པ་དང་། བསྡུས་རྒྱུད་ཀྱི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། དཀར་ཕྱོགས་ཀྱི་ཚེས་གཅིག་ལ་རྐང་པ་གཡོན་པའི་ཚིགས་དང་པོ་ལ་ཨ་ཡི་ངོ་བོར་འཕོ་ཞིང་། ཚེས་གཉིས་ལ་ཚིག་གཉིས་པ་ལ་ཨི་ནས་རིམ་པ་བཞིན་དུ། རྩ་བའི་དབྱངས་ལྔ་དང་། ཡོན་ཏན་ལྔ། ཡ་ཎ་ལྔའི་རིམ་པས་དཀར་ཕྱོགས་ཀྱི་ཚེས་བཅོ་ལྔའི་བར་དུ་སྤྱི་བོའི་བར་དུ་འཕོ་ཞིང་། ཆ་བཅུ་དྲུག་པ་གཙུག་ཏོར་དུ་ཨཾ་གི་ངོ་བོར་གནས་ལ་ནག་པོ་ཕྱོགས་ཀྱི་ཚེས་བཅོ་ལྔ་ལ་རིམ་པ་བཞིན་གཡས་ཕྱོགས་ལ་ལུགས་བཟློག་དུ། རྩ་བའི་དབྱངས་རིང་པོ་ལྔ། འཕེལ་བ་ལྔ། ཡ་ཎ་རིང་པོ་ལྔའི་རིམ་པས་བོར་ཚིག་དང་པོའི་བར་དུ་འཕོ་ཞིང་། ཆ་བཅུ་དྲུག་པ་ཨཿའི་ངོ་བོར་གནས་ཅིང་། བསྡུས་རྒྱུད་ཐུན་མོང་བ་ལས་བཤད་པ་དང་། དབྱངས་རྣམས་མི་མཐུན་ལ། གནས་རྣམས་ཀྱང་ཅུང་ཟད་མི་མཐུན་པ་ཡོད་དོ། །བཞི་པ་གཉེན་པོའི་ཐིག་ལེས་འཆིང་བའི་རིམ་པ་ལ། གང་གིས་འཆིང་བ། འཆིང་བའི་རིམ་པ། བཅིངས་པའི་འབྲས་བུ་སྟེ་གསུམ་ལས་དང་པོ་ནི། རྒྱལ་བས་གསུང་པའི་ཐབས་ལྡན་པས། །ཅེས་སོགས་ཚིག་རྐང་གསུམ་གྱི་སྟོན་ཏེ། དེ་ཡང་བྱང་ཆུབ་ཀྱི་སེམས་འཕོས་པ་ལས་ནི་གཉིས་སྣང་དུ་མཆེད་ནས་འཁོར་བའི་རྒྱུ་བྱེད་ལ། འཕོ་མེད་དུ་བཅིངས་པ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྒོ་ནས་མྱ་ངན་ལས་འདས་པའི་རྒྱུ་བྱེད་པ་ཡིན་པས་ན་འཕོ་མེད་དུ་བཅིངས་པའི་ཐབས་ལ་འབད་དགོས་ཅིང་། འཆིང་བའི་ཐབས་ནི། དཔེར་ན་མེ་ནི་དངུལ་ཆུའི་དགྲ་ཡིན་ཡང་། སྣུམ་དང་སྨན་ལ་སོགས་པའི་ཐབས་མཁས་ཀྱི་སྒོ་ནས་འཆིང་ནུས་པ་བཞིན་དུ། ཕྱག་རྒྱའི་སྐྱེ་གནས་ནི་བྱང་ཆུབ་ཀྱི་སེམས་གནས་པའི་དགྲ་ཡིན་ཡང། རྒྱལ་བས་གསུང་པའི་ཐབས་དང་ལྡན་པས་འཛག་མེད་དུ་འཆིང་ནུས་པ་ཡིན་ལ་ཕྱག་རྒྱ་དེ་ལ་ཡང་། འགྱུར་བཅས་ལས་ཀྱི་ཕྱག་རྒྱ། གཡོ་བཅས་ཡེ་ཤེས་ཀྱི་ཕྱག་རྒྱ། །གཡོ་མེད་ཕྱག་རྒྱ་ཆེན་མོ་དང་གསུམ་ལས། ཕྱི་མ་ནི་ཐར་པའི་དངོས་རྒྱུ་དང་། སྔ་མ་གཉིས་ནི་ཐར་པའི་བརྒྱུད་པའི་རྒྱུ་ཡིན་ཞིང་། དེ་གཉིས་ཀྱི་དངོས་འབྲས་ནི་འདོད་པ་དང་གཟུགས་ཀྱི་དངོས་གྲུབ་འགྲུབ་པ་ཡིན་ནོ། །གཉིས་པ་ནི་འཆིང་བའི་རིམ་པ་ནི། རྒྱལ་མཚན་རྩ་བཞི་དག་པ་རུ། །ཞེས་སོགས་ཚིག་བཅད་གཅིག་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་སོར་སྡུད་བསམ་གཏན་སྲོག་རྩོལ་གསུམ་པོ་སྦྱངས་ནས་འཛིན་པའི་སྐབས་སུ་རྒྱལ་མཚན་ཏེ་གསང་བའི་རྩ་བཞིར་འཕོ་མེད་ཀྱི་རྟེན་དུ་དག་པར་བྱས་ཏེ། དེར་སྐ་བའི་ཐིག་ལེ་འཕོ་མེད་དུ་འགག་པ་ལས་གནས་སྐབས་དེའི་བདེན་པ་མཐོང་བའི་དོན་ལ་སྦྱོར་ཞིང་། རྗེས་དྲན་དུ་བསྒོམ་ལམ་གྱི་མཚན་ཉིད་ཅན་གྱི་དགའ་བ་བཅུ་དྲུག་དང་ལྡན་པས་ཐིག་ལེ་བརྟན་པར་བྱས་ནས། ཏིང་ངེ་འཛིན་དུ་རང་འབྱུང་དུ་གྱེན་ལ་འགྲོ་བ་ཡིན་ལ། དེ་ལྟར་གྱེན་དུ་སོང་བ་ལས་འཁོར་ལོ་རེ་ལས་རླུང་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་པ་རེ་འགགས་པ་ལས་ས་གཉིས་གཉིས་འཐོབ་སྟེ་གཙུག་ཏོར་དུ་ས་བཅུ་གཉིས་འཐོབ་པ་ཡིན་ཏེ། དེས་ན་ལུགས་བཟློག་གི་དགའ་བ་བཅུ་དྲུག་མཐར་སོན་པའི་ཚེ་ཉོན་མོངས་པ་དུག་གསུམ་འགག་ཅིང་། དེ་ནས་འདུ་བྱེད་ལ་སོགས་པའི་རྟེན་འབྲེལ་བཅུ་གཉིས་དག་པར་འགྱུར་རོ། །གསུམ་པ་འབྲས་བུ་ནི། ལུས་ཀུན་མཚན་དཔེའི་མེ་ཏོག་རྒྱས། །ཅེས་སོགས་ཚིག་རྐང་གསུམ་གྱི་སྟོན་ཏེ་དེ་ཡང་གནས་སྐབས་ཀྱི་འབྲས་བུ་སློབ་པའི་ཟུང་འཇུག་གི་སྐུ་དང་། མཐར་ཐུག་གིས་འབྲས་བུ་ལུས་ཀུན་མཚན་དཔེའི་མེ་ཏོག་གི་བརྒྱན་པ་སངས་རྒྱས་རང་སའི་སྐུ་གསུང་གཉིས་དང་། སྐད་ཅིག་གཅིག་གི་མངོན་པར་བྱང་ཆུབ་པའི་ཆོས་སྐུ་དང་། བདེ་བ་ཆེན་པོའི་སྐུ་སྟེ་རང་སའི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འགྲུབ་ཅིང་། གདུལ་བྱ་གཞན་སྣང་ལ་ལྟོས་ནས་སྔ་མ་གཉིས་གཟུགས་སྐུ་གཉིས་དང་། ཕྱི་མ་ནི་རང་དོན་ཆོས་སྐུ་ཡིན་ཞེས་བཅོམ་ལྡན་འདས་དེ་ཉིད་གཟིགས་པས་གསུང་པ་ཡིན་ནོ། །ལྔ་པ་ཐིག་ལེའི་སྐྱོན་བསལ་བ་ནི། སྙིགས་མ་ཕལ་ཆེར་ནད་བསྐྱེད་ལ། །ཅེས་སོགས་ཚིག་བཅད་ལྔ་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་དྭངས་སྙིགས་གཉིས་ལས་སྙིགས་མ་ཕལ་ཆེ་བས་ནད་བསྐྱེད་པ་ཡིན་ཏེ། དཀར་ཆའི་སྙིགས་མ་བད་ཀན་ནི་གླད་པ་ལ་བརྟེན་ནས་སྟེང་དུ་གནས་ཀྱང་། ས་དང་ཆུའི་རང་བཞིན་ཡིན་པས་ཐུར་ལ་འབྱུང་ཞིང་། ལྟེ་བ་དང་གསང་བ་རླུང་གི་རང་བཞིན་ཡིན་པས་འོག་ཏུ་གནས་ཀྱང་། མེ་དང་འགྲོགས་པ་ལས་གྱེན་དུ་འགྲོ་ལ། མཁྲིས་ཁྲག་གཉིས་མཆིན་པ་ལ་བརྟེན་ནས་བར་ན་གནས་ཀྱང་། རླུང་དང་ལྡན་པ་ལས་མེ་བཞིན་དུ་གྱེན་དུ་འབར་ཞིང་། བད་ཀན་དང་ལྡན་པ་ལས་ཆུ་བཞིན་དུ་འོག་ཏུ་འགྲོ་ལ། དེ་ལྟར་ནད་གཞི་གསུམ་པོ་དེའི་རྩ་བ་ཡང་དུག་གསུམ་ཡིན་ཏེ། བད་ཀན་ནི་གཏི་མུག་ལྡན་པ་སྟེ་དེས་བསྐྱེད་ལ། མཁྲིས་པ་ཞེ་སྡང་གི་བསྐྱེད་ཅིང་། རླུང་ནི་འདོད་ཆགས་དང་ལྡན་པ་ལས་སྐྱེ་སྟེ། ཆུ་མེ་རླུང་གསུམ་གྱི་སྙིགས་མ་ནད་དུ་སོང་བ་ཡིན་ལ། ལུས་ལ་ནད་བྱེད་པའི་རྩ་བ་ཡང་སེམས་ཡིན་པས། སེམས་ལ་བདེ་བ་དང་། རྟོག་དཔྱོད་དང་། རྟོག་པ་གཡོ་བ་གསུམ་གྱི་བསམ་གཏན་གྱིས་ཡང་སྐྱོན་བྱེད་ལ། དེའི་རྒྱུ་མཚན་གྱི་སྣོད་ཀྱི་འཇིག་རྟེན་འཇིག་པའི་རྐྱེན་བྱེད་སྟེ། བསམ་གཏན་དང་པོ་ན་དགའ་བདེ་ཆུ་ལྟ་བུ་ཡོད་པས་དེའི་གནས་ཆུས་འཇིག བསམ་གཏན་གཉིས་པ་ན་རྟོག་དཔྱོད་མེ་ལྟ་བུ་ཡོད་པས་དེའི་གནས་མེས་འཇིག བསམ་གཏན་གསུམ་པ་ན་དབུག་དབྱུང་རྔུབ་རླུང་ལྟ་བུ་ཡོད་པས་ན་དེའི་གནས་རླུང་གི་འཇིག་ཤིང་། ནམ་མཁའ་དང་ས་གཉིས་ནི་དེ་དག་གི་རྟེན་བྱེད་པས་འཇིགས་པ་ལ་སོགས་པའི་སྐྱོན་མི་བྱེད་པ་ཡིན་ལ། དེར་མ་ཟད་ནང་དུ་གེགས་སེལ་བ་ལ་སོགས་ཀྱང་འདི་ཉིད་ཀྱི་བྱེད་པས། དེའི་ཕྱིར་མཁས་པས་དེ་ཉིད་ཀྱི་གནད་ཤེས་ན་ནད་གཞི་གསུམ་པོ་དེའི་སྐྱོན་གཞོམ་པར་བྱ་སྟེ། དེའི་གནད་ནི་རླུང་ཕྱིར་འབྱུང་བ་གཙུག་ཏོར་དུ་ནམ་མཁའ་བྱིན་གྱིས་བརླབས་པས་ནམ་མཁའི་ཁམས་ཡིན་ཞིང་། ལྟེ་བ་མན་ཆད་ཀྱི་རླུང་ནི་ཐུར་སེལ་བ་ཡིན་པའི་ངེས་པས་ས་ཁམས་ཡིན་ལ། དེས་ན་རླུང་ཕྱིར་དབྱུང་བས་མཁྲིས་པ་འཇོམས་ཤིང་། སྟེང་འོག་དུ་ཁ་སྦྱར་དུ་བཟུང་བ་ལས་བད་ཀན་དང་། འོག་རླུང་ཁོ་ན་བཟུང་བས་རླུང་གི་ནད་གཞོམ་པར་བྱ་བ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་རྫས་སྔགས་རླུང་གསུམ་གྱིས། །ཞེས་སོགས་ཚིག་བཅད་ལྔ་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་དེ་ལྟར་བཤད་པའི་རྫས་སྔགས་རླུང་གསུམ་གྱི་ཐིག་ལེ་དེ་རྣམས་མ་རིག་པ་དང་འབྲེལ་བ་ལས་འཁོར་བ་བསྐྱེད་པར་གསུང་ཤིང་། ཐབས་ཀྱི་ཟིན་པས་ནི། གཉེན་པོར་འགྱུར་བར་བཤད་དེ་དེ་རྣམས་བསྒོམ་པར་བྱེད་པའི་རྒྱུ་མཚན་ཡང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས། ཀྱཻ་རྡོ་རྗེ་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བར་གསུང་སྟེ། བཟློག་པའི་བསྒོམ་པ་འདི་དག་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཅེས་གསུང་པ་ལྟར་འཇིག་རྟེན་ཀུན་རྫོབ་ཏུ་བཟློག་སྒོམ་དུ་གྲགས་པ་དེ་ཡིན་ཏེ། དེ་ཡང་ཐོག་མ་མེད་པ་ནས་ཡུན་རིང་པོར་འདོད་ཆགས་ཆེན་པོའི་དབང་དུ་སོང་བས་སྲིད་པ་གསུམ་དུ་སྐྱེས་པ་རྣམས་ལ་དེ་དག་གིས་རྒྱུད་གྲོལ་བའི་དོན་དུ་ནི་དཀར་དམར་གྱི་མཚན་ཉིད་ཅན་གྱི་རྫས་ཀྱི་ཐིག་ལེ་གསུང་ཞིང་། ཞེ་སྡང་ཆེན་པོའི་དབང་དུ་སོང་བས་མི་གང་མི་བསྲུན་པ་རྣམས་ལ། དེ་དག་མྱུར་དུ་གྲོལ་བའི་དོན་དུ་ཀུན་བརྟགས་ཀྱི་མཚན་ཉིད་ཅན་གྱི་སྔགས་ཀྱི་ཐིག་ལེ་གསུང་པ་ཡིན་ལ། མི་གང་གཏི་མུག་ཆེན་པོས་ཀུན་ནས་འཁྲུལ་པ་རྣམས་ལ། དེ་དག་སྲིད་པ་ལས་སྐྱོབ་པ་དང་། མི་སྣང་བ་ལ་སོགས་པའི་དངོས་གྲུབ་བརྒྱད་ཐོབ་པའི་ཕྱིར་དང་། ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའི་ཕྱིར་རླུང་གིས་གསུང་པ་ཡིན་ཞིང་། དེ་ལྟར་རྩ་རླུང་ཐིག་ལེ་གསུམ་གྱི་དུམ་བུ་རྣམས་ཀྱང་སྣང་བ་ཙམ་གྱི་རྟེན་ཅིང་འབྲེལ་པར་སྣང་བ་ཡིན་ལ། དེའི་རྩ་བ་འོད་གསལ་ཡིན་པས་དེའི་རྟེན་དུ་གྱུར་པའི་རྩ་རླུང་ཐིག་ལེ་གསུམ་འཚོགས་པའི་རྡོ་རྗེའི་ལུས་ཅེས་གསུང་པས་ན། འོད་གསལ་དེ་མངོན་དུ་འགྱུར་བ་ལ་རྟེན་རྡོ་རྗེའི་ལུས་ཤེས་དགོས་པར་གསུང་པ་ཡིན་ནོ། །ཟབ་མོ་ནང་གི་དོན་གསལ་བར་བྱེད་པ་ལས་ཐིག་ལེ་གསུམ་བསྟན་པ་སྟེ་ལྔ་པའོ། །ད་ནི་དུམ་བུ་དྲུག་པ་གནས་སྐབས་བཞི་དང་ཡེ་ཤེས་འབྲེལ་བར་བསྟན་པ་ལ། མདོར་བསྟན་པ་རྒྱས་པར་བཤད་པ་འཇུག་བསྡུ་བ་སྟེ་གསུམ་ལས། དང་པོ་ནི། དེ་ནས་རྣམ་ཤེས་སོགས་རྐང་པ་གཉིས་ཀྱི་སྟོན་ཏེ། དེ་ཡང་རྩ་རླུང་ཐིག་ལེ་གསུམ་བཤད་པ་དེ་ནས་གཞི་ལ་རྣམ་ཤེས་ཚོགས་བརྒྱད་དང་གནས་སྐབས་བཞི། དེའི་རང་བཞིན་ཡེ་ཤེས་བཞི། ལམ་གྱི་ཕྱག་རྒྱ་བཞི། འབྲས་བུ་སྐུ་བཞི་ལ་སོགས་པ་ཆོས་ཐམས་ཅད་འདུས་པའི་ཕྱིར་བཤད་སྒོ་དཔག་ཏུ་མེད་པ་ཡོད་ཀྱང་། འདིར་མདོར་བསྡུས་ནས་རགས་པ་ཙམ་ཞིག་བཤད་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ། སྤྱིར་བཤད་པ། གཉིད་འཐུག་བཤད་པ། རྨི་ལམ་བཤད་པ། ཆགས་པའི་གནས་སྐབས་བཤད་པ། ཐ་མལ་པའི་གནས་སྐབས་བཤད་པ་སྟེ་ལྔ་ལས། དང་པོ་ནི། ཐོག་མར་སྐྱེ་ཚུལ་གོང་དུ་བཤད། ཅེས་སོགས་ཚིག་བཅད་གཅིག་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་ཐོག་མར་གནས་སྐབས་བཞིའི་འཆར་གཞི་ལུས་བསྐྱེད་པའི་ཚུལ་གོང་དུ་བཤད་ནས། ད་ལྟ་ལུས་ལ་སེམས་གནས་པའི་དུས་ལ་གནས་སྐབས་བཞི་ཡིན་ཏེ། གཉིད་དང་རྨི་ལམ་དང་སྙོམས་འཇུག་དང་། ཐ་མལ་པའི་དུས་སྟེ་རྣམ་པ་བཞི་ཡིན་ལ། དེ་དག་གཞི་ལ་མ་དག་པའི་སྐུ་བཞིའི་གནས་སྐབས་སུ་བཤད་པ་ཡིན་ནོ། །གཉིས་པ་གཉིད་འཐུག་ནི། དབྱེ་བ་རྣམ་པ་མང་བཤད་ཀྱང་། །ཞེས་སོགས་ཚིག་བཅད་ལྔས་སྟོན་ཏེ། དེ་ཡང་རྒྱུད་འགྲེལ་རྣམས་སུ་གཞི་ལམ་འབྲས་བུའི་དབྱེ་བ་མང་དུ་བཤད་ཀྱང་། ངེས་དོན་མཐར་ཐུག་དུས་ཀྱི་འཁོར་ལོར་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་བཞི་འགྲོས་སུ་འཆར་བའི་ངེས་པས། འདིར་ནི་གནས་སྐབས་བཞི་ལས་གཉིད་འཐུག་དང་། ཚོགས་བརྒྱད་ལས་ཀུན་གཞི་གཙོ་བོ་ཡིན་ལ། གནས་ནི་སྙིང་ག་ཆོས་ཀྱི་འཁོར་ལོའི་གནས་ཡིན་ཞིང་། ཀུན་གཞི་རང་གི་ངོ་བོ་ནི་ཚོགས་དྲུག་མི་གསལ་ཞིང་རྣམ་རིག་ཙམ་དུ་གཅིག་ཏུ་བསྡུས་པ། མ་དག་པའི་གནས་སྐབས་སུ་སེམས་ཅན་དང་། དག་པ་ན་འོད་གསལ་གྱི་འབྲས་བུ་འགྲུབ་པ་ཡིན་ལ། དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཅེས་ཀྱང་བྱ་ཞིང་། སྐུ་བཞི་ལས་ཆོས་ཀྱི་སྐུ་ཡིན་ལ། ཡང་ན་སྤྲོས་བྲལ་གྱི་ངོ་བོ་ཉིད་ཡིན་པས་ན་ཆོས་དབྱིངས་ཡེ་ཤེས་བཞག་སྟེ། དེ་ཡང་འདི་ཆོས་དབྱིངས་ཡེ་ཤེས་སུ་བཞག་པའི་ཚེ་ན་ཆགས་པའི་གནས་སྐབས་མེ་ལོང་ལྟ་བུར་བཞག་ན་ཆགས་པའི་གནས་སྐབས་ཆོས་ཀྱི་དབྱིངས་སུ་བཞག་དགོས་སོ། །དེ་ལྟ་བུའི་ཀུན་གཞི་དེ་བག་ཆགས་ཀྱི་རྟེན་བྱེད་ཀྱང་དམིགས་རྣམ་མི་གསལ་ཞིང་། འདུ་བྱེད་ཡིད་ཀྱི་གཡོ་བའི་རྐྱེན་ཡོད་པའི་ཕྱིར་ན་དེའི་རྐྱེན་ཅན་ཡིན་ལ། མ་དག་པའི་གནས་སྐབས་སུ་ངོ་བོ་མ་རིག་པ་ཡིན་པས་དྲི་མ་ཅན་ཞེས་བྱ་བ་ཡིན་ནོ། །འོ་ན་ཀུན་གཞི་གང་གི་སྤོངས་ན། ཉན་ཐོས་ཀྱི་ལམ་དུ་ཕུང་པོ་ལ་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་གི་བློ་བཞིའི་གཉེན་པོར་མི་རྟག་ལ་སོགས་བཅུ་དྲུག་བསྒོམས་པ་ལས་གང་ཟག་གི་བདག་མེད་པ་དེའི་རང་ལམ་གྱི་མཐོང་བསྒོམ་གཉིས་ཀྱི་རྒྱུན་མཐའ་དེ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཟེར་ལ། རང་རྒྱལ་གྱི་ལམ་དུ་བཟུང་བ་རང་བཞིན་མེད་པར་རྟོགས་པས་ན་བདག་མེད་ཕྱེད་དང་གཉིས་ཀྱི་ཆེ་བའི་རང་ལམ་གྱི་མཐོང་བསྒོམ་གཉིས་ཀྱི་རྒྱུན་མཐའ་དེ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཟེར་ཞིང་། བདག་མེད་གཉིས་ཀྱི་ཆེ་བའི་ཐེག་ཆེན་གྱི་ལམ་གྱི་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེ་རྣམས་རིམ་པར་གཉེན་པོའི་ཤེས་པ་བསྐྱེད་པ་ལས་སྤོང་བ་ཡིན་ཏེ། དེ་ཡང་ཐེག་ཆེན་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཀུན་གཞི་ཡོངས་སུ་སྤོང་ཞིང་། ཐེག་དམན་གཉིས་ཀྱི་ནི་བརྒྱུད་པས་སྤང་བ་ཡིན་ལ། དངོས་སུ་ཐེག་དམན་གཉིས་ལ་ཀུན་གཞིའི་རྣམ་བཞག་མེད་སྟེ་ཀུན་གཞི་མ་མཐོང་བར་རང་གི་བྱང་ཆུབ་འཐོབ་ནུས་པའི་ཕྱིར་རོ། །གསང་སྔགས་སུ་འཛིན་པ་དང་སེམས་དབེན་དུ་ཀུན་གཞི་མཐོང་ཞིང་། ཏིང་ངེ་འཛིན་དང་འོད་གསལ་གྱི་མཐར་ཀུན་གཞི་བཟློག་པར་བཤད་ལ། འོ་ན་སྔགས་སུ་ཀུན་གཞི་མཐོང་འཚམས་དང་བཟློགས་འཚམས་ལོག་པ་འོང་བ་ཅི་ཞེ་ན། ཐེག་པ་གསུམ་གྱི་ངེས་འབྱུང་ལ། ཐེག་པ་གཅིག་གི་འབྲས་བུར་གནས་པ་ནི་འདི་ལྟ་སྟེ་སྔགས་ཀྱི་ཐེག་པའོ། །ཞེས་གསུང་པའི་ངེས་པས། ཀུན་གཞི་སྤང་བའི་ལམ་ཡོངས་སུ་རྫོགས་པ་ནི་སྔགས་ལ་རག་ལས་པ་ཡིན་ལ་དེའི་ལམ་དེ་གང་ཡིན་ཞེ་ན། ཡེ་ཤེས་ཡིན་པས་ན་གསལ་བ། རྣམ་རྟོག་ལ་ལྟོས་ནས་མི་རྟོག་པའི་མཚན་ཉིད་ཅན་གྱི་ཉིན་མཚན་གཉིས་ཀྱི་འོད་གསལ་བསྒོམ་པ་ཡིན་ལ། ཉིན་མཚན་གྱི་འོད་གསལ་དེ་ལ་ཡང་། མཚན་མོ་ལ་སྲབ་འཐུག་གཉིས་དང་། ཉིན་མོའི་འོད་གསལ་གཉིས་སུ་བྱས་པ་དང་། ཡང་ན་ཉིན་མཚན་གྱི་རྣལ་འབྱོར་གཉིས་སུ་བྱ་ཞིང་། འོད་གསལ་དེ་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཡིན་ཏེ། དེ་བསྒོམ་པ་ལ་ཕྱག་རྒྱ་ཆེ་ལ་རོལ་པ་བྱ་ཞེས་བྱའོ། །རྣམ་ཀུན་མཆོག་ལྡན་དེ་ལ་ཡང་། ཤེས་བྱའི་རྣམ་པ་ཐམས་ཅད་གསལ་བ་ལ་བཞག་པ་གཅིག་དང་སྦྱིན་པ་ལ་སོགས་ཐབས་ཀྱི་ཆའི་རྣམ་པ་ཐམས་ཅད་དང་ལྡན་པ་ལ་བཞག་པ་གཉིས་ལས། འདིར་ནི་གཉིས་ཀ་ལ་བྱ་སྟེ། ནོར་རྣམས་སྤང་བ་སྦྱིན་པ་ཅེས་སོགས་གསུང་པ་ཡིན་ནོ། །གསུམ་པ་རྨི་ལམ་རྒྱས་པར་བཤད་པ་ལ། དག་པ་དང་མ་དག་པའི་ངོ་བོ་བཤད་པ། རྨི་ལམ་གྱི་སྣང་བ་བཤད་པ། གནད་འཆིང་ཚུལ་འབྲས་བུ་དང་བཅས་པ་སྟེ་གསུམ་ལས། དང་པོ་ནི། གཉིས་པ་རྨི་ལམ་ཤེས་པ་ནི། ཞེས་སོགས་ཚིག་བཅད་གཅིག་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་གནས་སྐབས་གཉིས་པ་རྨི་ལམ་གྱི་ཤེས་པ་ནི། ཀུན་གཞི་ལས་སྐྱེས་པའི་དྲུག་པ་ཡིད་ཀྱི་ཤེས་པ་དེ་བག་ཆགས་ཀྱི་རྐྱེན་གྱིས་ཉོན་མོངས་པ་ཅན་གྱི་ཡིད་སྲོག་གི་རླུང་གི་མཚན་ཉིད་ཅན་གྱི་འདུ་བྱེད་དང་བཅས་པར་ལོངས་པ་ཡིན་ལ། དེའི་ཚེ་སྣང་བ་འབྱུང་བ་ནི་རྩ་གནས་བརྒྱུད་དེ་གཟུང་བ་དང་འཛིན་པའི་མཚན་ཉིད་ཅན་གྱི་གཉིས་སྣང་གིས་འཁྲུལ་པར་བྱེད་པ་ནི་མ་དག་པའི་གནས་སྐབས་ཡིན་ཞིང་། དག་པ་ལོངས་སྤྱོད་རྫོགས་པ་སྟེ། སད་པའི་གནས་སྐབས་ཀྱི་སྟོང་པར་གནས་པ་ཡིན་ནོ། །གཉིས་པ་རྨི་ལམ་གྱི་སྣང་བ་བཤད་པ་ནི། མ་དག་འཁྲུལ་པའི་སྣང་བ་ཡང་། །ཞེས་པ་སོགས་ཚིག་བཅད་དྲུག་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་མ་དག་པའི་འཁྲུལ་པའི་རྨི་ལམ་གྱི་སྣང་བ་འོང་བ་ཡང་། རླུང་སེམས་སྙིང་ག་ནས་སྟེང་དུ་སྤྱི་བོར་གནས་པ་ལས། ལྷ་ཡུལ་གྱི་སྣང་བ་དང་། ནམ་མཁའི་སྣང་བ་དང་། རི་མཐོན་པོར་ཕྱིན་པ་དང་། གྱེན་དུ་འགྲོ་བ་དང་། མིག་དང་རྣ་བ་ལ་སོགས་པར་འདུས་པ་ལས་གཟུགས་སྒྲ་ལ་སོགས་པ་མ་འདྲེས་པར་འཆར་ལ། འོག་དུ་སོང་བ་ལས་དམྱལ་བ་ལ་སོགས་པའི་སྣང་བ་དང་། ཐུར་དུ་འགྲོ་བ་དང་། བྲག་རོང་འཐིབ་པོ་དང་། མུན་ཁུང་ལ་སོགས་པའི་སྣང་བ་འབྱུང་ཞིང་། བར་དུ་སོང་བ་ལས་གླིང་བཞི་ལ་སོགས་པ་ས་སྟེང་གི་སྣང་བ་དང་། མདུན། གཡས། རྒྱབ་གཡོན་ཕྱོགས་རྣམས་སུ་སོང་བ་ལས་རིམ་པ་བཞིན་ཤར། ལྷོ། ནུབ། བྱང་རྣམས་ཀྱི་སྣང་བ་འབྱུང་ལ། རྩ་གནས་ཡངས་པར་སོང་བ་ལས་ཡངས་པའི་སྣང་བ་དང་། དོག་པར་སོང་བ་ལས་དོག་པའི་སྣང་བ་འབྱུང་ཞིང་། དེ་བཞིན་དུ་ཁ་དོག་ལ་སོགས་པ་ཡང་ཁམས་ཀྱི་རྐྱེན་གྱི་འབྱུང་སྟེ། ཡུལ་དེར་ཡང་། རླུང་གི་གནས་སུ་རླུང་སེམས་འདུས་པ་ལས་རྫས་དང་གོས་སྔོན་པོ་དང་། ནག་པོ་དང་། བྱ་ནག་འཕུར་བ་དང་། རྟ་ནག་ཞོན་པ་དང་། ནོར་བུ་སྔོན་པོ་ལ་སོགས་པའི་སྣང་བ་དང་། རིག་པ་དྭངས་པ་དང་། ཡང་ན་ཡུལ་སྣང་རྣམས་མི་བརྟེན་པ་དང་། དུ་མར་འཆར་བ་ལ་སོགས་འཆར་ཞིང་། མཁྲིས་ཁྲག་གིས་གནས་སུ་སོང་ན། མེ་དང་གོས་དམར་པོ་དང་། ས་དང་གསེར་དུ་སྣང་བ་དང་། བཙུན་པ་ལ་སོགས་པ་དམར་པོའི་སྣང་བ་སྣ་ཚོགས་དང་། བད་ཀན་དཀར་ཆའི་གནས་སུ་རེག་པ་སྟེ་སོང་བ་ལས་ཆུ་དང་ཁ་བ་དང་མུ་ཏིག་དང་གོས་དཀར་པོ་དང་། བུད་མེད་དང་གླང་པོ་དང་དངུལ་ལ་སོགས་པ་དུ་མར་སྣང་བ་ཡིན་ནོ། །ཇི་ལྟར་རྩ་རླུང་དང་ཁམས་རྣམས་དག་པ་ལས། སད་པའི་དུས་ཀྱི་བག་ཆགས་ལས་བརྟེན་ནས་རྨི་ལམ་བཟང་ངན་དུ་སྣང་བ་ཡིན། རྒྱལ་བས་འཇམ་དཔལ་རྩ་རྒྱུད་དུ་རྨི་ལམ་དྲི་བའི་སྐབས་སུ་གསུང་པ་ཡིན་ནོ། །གསུམ་པ་གནད་འཆིང་ཚུལ་འབྲས་བུ་དང་བཅས་པ་ནི། དེ་ཕྱིར་རྣལ་འབྱོར་བསྒོམས་པ་ན། །ཞེས་སོགས་ཚིག་བཅད་གཉིས་དང་རྐང་པ་གསུམ་གྱི་སྟོན་སྟེ། དེ་ཡང་རྩ་རླུང་ཐིག་ལེའི་རྣལ་འབྱོར་བསྒོམ་པའི་རྣལ་འབྱོར་པ་གང་དང་གང་གིས་རྩ་ཁམས་དང་བག་ཆགས་གང་རྣམས་དག་པ་དང་མ་དག་པའི་དབྱེ་བ་ཡང་རྨི་ལམ་གྱི་ཚོད་འཛིན་པ་འདིས་ཤེས་ཤིང་། ཕྱི་མར་འཕོ་བའི་བར་དོའི་སྣང་བ་དཀར་ལམ་ལ་སོགས་པ་གསུམ་གྱི་ཚོད་འཛིན་ཡང་རྨི་ལམ་གྱི་བྱེད་ལ། དེའི་ཕྱིར་སྣང་བ་ལྷ་དང་བརྗོད་པ་སྔགས་ལ་སོགས་པ་སྔགས་ཀྱི་ཐིག་ལེའི་སྒོ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་བཅིངས་པ་ཡིན་པས། རྨི་ལམ་དེ་ཡང་སྦྱངས་བ་དང་བསྒྱུར་བ་དང་སྤེལ་བ་དང་། དེ་ལ་སོགས་པའི་རྒྱུ་དང་འབྲས་བུ་དུ་མ་རྣམས་འདིར་རྒྱས་པར་བསྟན་ཏོ། །འོ་ན་རྨི་ལམ་དེ་གཉེན་པོར་འགྱུར་བ་ཡོད་དམ་མེད་ཞེ་ན། འཁྲུལ་པའི་རྨི་ལམ་གྱི་འཁོར་བར་འགྱུར་ཞིང་། མ་འཁྲུལ་པའི་རྨི་ལམ་ནི་གཉེན་པོ་ཡིན་ལ། དེའི་ཕྱིར་རྒྱལ་སྲས་ས་བཅུ་པ་ལ་གནས་པ་ལ་ཡང་རྨི་ལམ་བརྒྱ་རྩ་བརྒྱད་ལ་སོགས་པར་བསྟན་པ་ནི་མདོ་སྡེ་ས་བཅུ་པ་ལས་གསུང་ཤིང་། འོ་ན་རྨི་ལམ་ནི་རླུང་མཁྲིས་བད་ཀན་གསུམ་ལས་འབྱུང་ལ། དེ་ནི་དུག་གསུམ་ལས་འབྱུང་བ་ཡིན་པས་ན། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་ལ་དུག་གསུམ་ཡོད་དམ་ཞེ་ན་དེ་ལ་དུག་གསུམ་མེད་ཀྱང་དེས་འདུས་མ་བྱས་ཀྱི་འཁོར་བར་ཟག་མེད་ཀྱི་ཕུང་ཁམས་བཟུང་བའི་ཕྱིར་རྨི་ལམ་འབྱུང་བ་ཡིན་ལ། བཅོམ་ལྡན་འདས་ནི་རྨི་ལམ་བྲལ་བ་ཡིན་ཏེ། ཟག་མེད་ཀྱི་ལུས་འདུ་བྱེད་པའི་རྐྱེན་དང་བྲལ་བའི་ཕྱིར་རོ། །བཞི་པ་ཆགས་པའི་གནས་སྐབས་ལ། དག་པ་དང་མ་དག་པའི་ངོ་བོ་བཤད་པ། དེ་ལས་འཁོར་བ་འགྲུབ་པའི་ཚུལ། མྱང་འདས་གྲུབ་པའི་རིམ་པ། གནད་འཆིང་བ་དངོས་ཏེ་བཞི་ལས། དང་པོ་ནི། སྙོམས་འཇུག་ཆགས་བཅས་དེ་ཚེ་ནི། །ཞེས་སོགས་ཚིགས་བཅད་གསུམ་དང་རྐང་པ་གསུམ་གྱིས་སྟོན་ཏེ་དེ་ཡང་ཆགས་པའི་བཞི་པའི་གནས་སྐབས་ཀྱི་སེམས་དེ་ཇི་ལྟ་བུ་ཞེ་ན། ཐ་མལ་པའི་ཕོ་མོ་སྙོམས་འཇུག་བྱེད་པའི་ཚེ། གཞི་དུས་ཀྱི་དགའ་བ་བཞིའི་གོ་རིམ་བཞིན་དུ་འབྱུང་ཞིང་རྣམ་པར་ཤེས་པ་ཡང་དེ་དང་ལྡན་པ་ཡིན་ཏེ་དེའི་ཆོས་ཅན་ཡིན་པའི་ཕྱིར། དེ་ནས་འདོད་སྲེད་ཀྱི་སྐད་ཅིག་མ་དང་པོ་སྤྱི་བོར་རྣམ་ཤེས་འདུས་པའི་ཚེ་གཡོ་བའི་མཚན་ཉིད་ཅན་དང་། སྐད་ཅིག་མ་གཉིས་པར་མགྲིན་པའི་གནས་སུ་དགའ་བ་དང་སྐད་ཅིག་མ་གསུམ་པར་ལྟེ་བར་རྣམ་ཤེས་འདུས་པ་ལས་མཆོག་དགའ་དང་། དབུ་མའི་མར་སྣའི་མེ་དང་ཡར་སྣའི་ཟླ་བ་གཉིས་འདྲེས་པའི་ཚེ་དུང་ཅན་མའི་ནང་དུ་ལྷན་སྐྱེས་ཉམས་སུ་མྱོང་བར་འགྱུར་ལ། ལྷན་སྐྱེས་དེ་ལ་ཡང་ཙམ་པོ་བ་དང་ཁྱད་པར་ཅན་གཉིས་ལས། ཕྱི་མ་དེ་ནི་དུས་མཐའི་སྐད་ཅིག་མ་གཅིག་གིས་ཤེས་པ་ཡིན་ཏེ། དེ་ཡང་ཚོགས་བརྒྱད་མ་འགག་པར་སོ་སོར་གསལ་བ། ཉམས་བདེ་བ་ཡིན་ལ། ངོ་བོ་མི་རྟོག་པ་སྟེ་ཆོས་གསུམ་ལྡན་ཡིན་ཞིང་། དེ་ཉོན་མོངས་པ་མ་ཡིན་ཡང་འཁོར་བའི་གནས་སྐབས་མ་རིག་པར་གནས་ལ། དེའི་ཕྱིར་འདི་ལ་གཞི་དུས་ཀྱི་ཡེ་ཤེས་ཀྱི་སྐུ་ཞེས་བྱ་སྟེ། ཚོགས་བརྒྱད་ཀྱི་རང་ངོ་འམ་རང་བཞིན་ལ་རྫོགས་པའི་ཕྱིར། དེ་གཉེན་པོས་དག་པ་ན་ཚོགས་བརྒྱད་ལྷན་སྐྱེས་དེའི་བདག་ཉིད་ཡིན་པའི་ཕྱིར། ཚོགས་དྲུག་འགག་པ་མེད་པར་སོ་སོར་གསལ་བ་སྤྲུལ་སྐུ། ལམ་དུ་རྟེན་འཛག་པ་དང་བྲལ་བ་ལས་བདེ་ཆེན་འཆར་བ་བཞིན་དུ། གཞི་དུས་སུ་ཡང་བདེ་བ་གང་ཡོད་ན་འཛག་པ་དང་བྲལ་བ་ཡིན་པས་དེ་ལོངས་སྤྱོད་རྫོགས་པའི་སྐུ་སྤྱི་དོན་གྱི་སྟོང་པ་ཉིད་དང་ལྡན་པ་ཆོས་སྐུ་ཡིན་ལ། ལྷན་སྐྱེས་དེ་གཞི་ལམ་འབྲས་བུའི་གནས་སྐབས་ཀུན་ཏུ་འགྲོ་ཞིང་ཀུན་ལ་ཁྱབ་པའི་བདག་ཉིད་ཡིན་པས་ན། དེ་མངོན་དུ་འགྱུར་བའི་ཐབས་ལ་གནད་དུ་བསྣུན་པར་བྱའོ། །གཉིས་པ་འཁོར་བ་འགྲུབ་པའི་ཚུལ་ནི། མ་དག་འཁྲུལ་པའི་སེམས་ཅན་རྣམས། །ཅེས་སོགས་ཚིག་བཅད་གཉིས་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་བཞི་པའི་ཆགས་པའི་སྐབས་དེའི་རང་བཞིན་ཡེ་ཤེས་ཡིན་པ་དེ་མ་ཤེས་པར་འཁྲུལ་བ་ཡིན་ལ། དེ་གང་གིས་མ་ཤེས་ན། མ་དག་པའི་སེམས་ཅན་རྣམས་ཀྱི་མ་ཤེས་ལ། གང་མ་ཤེས་ན། སྐད་ཅིག་མ་ཡི་མཚན་ཉིད་ཅན་གྱི་ལྷན་ཅིག་སྐྱེས་པ་བདེ་ཆེན་དེ་མ་ཤེས་ལ། ཇི་ལྟར་མ་ཤེས་ན། རང་ལ་གནས་པའི་ལྷན་ཅིག་སྐྱེས་པ་དེ་སོ་སོ་རང་རིག་ཡིན་པ་ལ། དེ་ལ་དོན་གཞན་དུ་བཟུང་སྟེ། སྤྱིར་ཁུ་རྔུལ་རླུང་གསུམ་གྱིས་རང་བཞིན་འཛག་མེད་ཡིན་ཡང་། རླུང་གི་དབྱེས་ཕྱེ་བ་ལས་གཉིས་སྣང་དུ་འཛག་ཏེ་བདེ་བ་ཉམས་པ་ལས་དུག་གསུམ་བསྐྱེད་ཅིང་། དེས་མི་འདོད་བཞིན་དུ་འཁོར་བར་རྒྱུ་བ་ཡིན་ལ། ཆགས་པའི་གནས་སྐབས་མངོན་འགྱུར་བ་དེ་ཡང་དུག་གསུམ་དུ་ཡོད་དེ། །དང་པོ་ཆགས་ཡུལ་ལ་དགའ་བ་དང་ལྡན་པ་འདོད་ཆགས་ཡིན་ལ། བར་དུ་ལྷན་སྐྱེས་དེ་མ་རྟོགས་པས་གཏི་མུག་སྟེ། རྗེས་ལ་ཁུ་བ་འཛག་སྟེ་ཆགས་བྲལ་དུ་འགྱུར་བ་ལས་ཞེ་སྡང་གི་སེམས་དང་། སླར་ཡང་བདེ་བ་འདོད་པའི་སྲེད་པ་དང་། རང་ཉིད་ལ་ཆགས་པ་དང་། ཆགས་ཡུལ་བཏང་མི་བྲ་བའི་སེར་སྣ་དང་། ཆགས་པས་གཞན་གྱི་ལོངས་སྤྱོད་ལ་མི་འདོད་པའི་ཕྲག་དོག་ལ་སོགས་པ་ཀུན་བསྐྱེད་པས་མི་དགེ་བ་འདུས་བྱས་སྟེ་མི་དགེ་བ་ལ་སྤྱོད་ཅིང་། དེ་ཡིས་ངན་འགྲོ་ཀུན་སྐྱེད་པར་བྱེད་པ་ཡིན་ནོ། །གསུམ་པ་མྱ་ངན་ལས་འདས་པ་འགྲུབ་པའི་རིམ་པ་ནི། །དེ་ལས་ཅུང་ཟད་ལོག་བྱས་ནས། །ཅེས་སོགས་ཚིག་བཅད་བཞིས་སྟོན་ཏེ། །དེ་ཡང་སྔར་བཤད་པ་དེ་རྣམས་ལས་ཅུང་ཟད་ལོག་པར་བྱས་ནས། རང་གཞན་ལ་ཕན་པར་འདོད་པའི་བསམ་པ་ལྡན་ཞིང་། ལོངས་སྤྱོད་བཏང་མི་བྲ་བའི་སེར་སྣ་དང་། གཞན་གྱི་ཕུན་ཚོགས་མི་འདོད་པའི་ཕྲག་དོག ཞེན་པའི་མཚན་ཉིད་ཅན་གྱི་ཆགས་པ་རྣམས་དོར་བར་བྱས་ནས། ཟང་ཟིང་གི་སྦྱིན་པ་དང་ལྡན་ཞིང་ཁྲོ་བ་དོར་བ་སྟེ་མི་འཚེ་བ་ལ་སོགས་དགེ་བ་བཅུའི་ཚུལ་ཁྲིམས་དང་ལྡན་པས་བདེ་བར་འདོད་པའི་མཐོ་རིས་ནི་འདོད་པའི་མངོན་མཐོ་དང་། འདོད་སྲེད་དེ་ཞི་རག་གི་རྣམ་པ་ཅན་གྱི་བསམ་གཏན་གྱི་བཅད་ནས་ཚོར་བ་དང་འདུ་ཤེས་ལས་ཡིད་འབྱུང་བའི་བསམ་བསྟན་དང་སྙོམས་འཇུག་ལ་བརྟེན་ནས་བདེ་བ་ཆེན་པོ་ཚོལ་ཞིང་གཟུགས་དང་གཟུགས་མེད་དུ་སྐྱེ་བ་ལེན་པ་ནི་ཁམས་གོང་མའི་མངོན་མཐོ་ཡིན་ལ། དེ་ཡང་སྔར་ལྟར་རོ་མྱོང་ལ་ཞེན་པས་བསམ་གཏན་དྲི་མ་ཅན་དུ་བྱས་པ་ལ་ཆགས་པ་དང་ལྡན་ཞིང་དེས་གཞན་གཉིས་དྲང་སྟེ་དུག་གསུམ་གྱི་དབང་གི་འཁོར་བར་འགྱུར་ལ། ངེས་ལེགས་ཀྱི་བསམ་པས་ཟིན་ན་ཐར་པའི་གཞི་རྟེན་དུ་འགྱུར་བ་ཡིན་ཏེ། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བསྒྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པའང་གམ་ན་འདུག །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཁམས་གསུམ་གྱི་འཛག་པ་བདག་མེད་རྟོགས་པའི་ཟག་མེད་ཀྱི་ཤེས་རབ་ཀྱི་བཅད་སྟེ། ཁམས་གསུམ་པོ་སེམས་སུ་ཤེས་ནས་ཁམས་གསུམ་གྱི་ཆགས་སོགས་རང་ལམ་གྱི་མཐོང་བསྒོམ་གྱི་བཅོམ་ནས། མྱང་འདས་ཕྱོགས་གཅིག་པ་ལ་སྲེད་སྟེ་ཐོབ་པར་འདོད་པས། སློབ་པ་དང་མི་སློབ་པའི་ལམ་དེར་གནས་པ་ལ་ནི་ཉན་རང་ཞེས་བརྗོད་དོ། །ཞི་བ་ཕྱོགས་གཅིག་པ་དེ་སྙིང་རྗེས་བསལ་ཞིང་། ཤེས་རབ་ཀྱི་སྲིད་པ་བསལ་ནས་མཐའ་གཉིས་ལ་སྲེད་པ་སྤངས་ནས་སྲིད་ཞི་མཉམ་པ་ཉིད་དུ་སྦྱོར་བ་ནི་ཐེག་ཆེན་ཐུན་མོང་བ་ཡིན་ལ། འཛག་མེད་ཀྱི་ཆོས་ཅན་གྱི་བདེ་བ་ཆེན་པོ་ལ་དབང་ཐོབ་པ་ནི་རྡོ་རྗེ་ཐེག་པ་ཡིན་ཞིང་། དེ་ལྟར་མངོན་མཐོ་ནས་རྡོ་རྗེ་ཐེག་པའི་བར་མཐའ་དག་ནི། བྱང་ཆུབ་ཀྱི་རིང་རྒྱུ་དང་། དེ་ལ་ཉེ་བའི་རྒྱུ་དང་། དངོས་རྒྱུ་རྣམས་སུ་རིམ་པར་འགྱུར་བ་ཡིན་ལ། འཛག་པ་མེད་ཀྱི་ཆོས་ཅན་གྱི་བདེ་ཆེན་དེ་རྡོ་རྗེ་ཐེག་པའི་ལམ་ཡིན་ན་འཛག་མེད་དེའི་མི་མཐུན་ཕྱོགས་ཀྱི་འཛགས་པ་དེ་གང་ཡིན་ཞེ་ན། དེ་ལ་རྟེན་གྱི་འཛག་པའི་སྒོ་བཞི་དང་། བརྟེན་པ་སེམས་ཀྱི་འཛགས་པ་བཞི་ལས་དང་པོ་ནི། སྟེང་འོག་གཉིས། བ་སྤུའི་སྒོ། དབང་པོ་སྟེ་བཞི་དང་། ཕྱི་མ་ནི་འདོད་པ་སྲིད་པ་ལྟ་བ་མ་རིག་པ་སྟེ་བཞི་ཡིན་ལ། རྟེན་གྱི་འཛགས་པ་བཞིའི་བྱེད་པ་བཅིངས་པ་ལས་ཡེ་ཤེས་ཀྱི་སྐུ་འགྲུབ་ཅིང་། བརྟེན་པའི་འཛག་པ་བཞིའི་བྱེད་པ་བཅིངས་པ་ལས། མི་གནས་པའི་མྱ་ངན་ལས་འདས་པ་གྲུབ་པ་ཡིན་ནོ། །བཞི་པ་གནད་འཆིང་ཚུལ་དངོས་ནི། དགའ་བཞིའི་ངོ་བོ་གོ་རིམ་དང་། ཞེས་སོགས་ཚིག་བཅད་གཅིག་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་མཚོན་བྱེད་དཔེའི་དགའ་བ་བཞི་འཇིག་རྟེན་པའི་མཚན་ཉིད་ཅན་དང་། མཚོན་བྱ་དོན་གྱི་དགའ་བ་བཞི་འཇིག་རྟེན་ལས་འདས་པའི་མཚན་ཉིད་ཅན་གྱི་ངོ་བོ་དང་། དགའ་བ་བཞིའི་གོ་རིམ་དང་། དེ་རེ་རེ་ལ་ཡང་བཞིར་ཕྱེ་བས་བཅུ་དྲུག་དུ་དབྱེ་བ་དང་། འཛག་སྐྱོན་དང་། འཆིང་བའི་ཐབས་དང་། བཅིངས་པའི་ཕན་ཡོན་དང་། རྣམ་པར་དག་པ་དང་རྒྱུ་ལུགས་འབྱུང་དང་འབྲས་བུ་ལུགས་ལྡོག་ལ་སོགས་པ་ཀུན་རྒྱལ་བས་བླ་ན་མེད་པའི་རྒྱུད་ཏུ་རྒྱས་པར་གསུངས་ལ། ནང་གི་དམ་ཚིག་གི་ཕྱག་རྒྱ་ལས་རུང་དུ་བྱ་བའི་ཕྱིར་ལས་ཀྱི་ཕྱག་རྒྱ་འཆིང་ཞིང་། འདིར་ནི་རྒྱས་པར་མ་བྲིས་ཏེ། འདི་མན་ངག་དང་འབྲེལ་བས་ན་སློབ་བཤད་བྱ་དགོས་པའི་ཕྱིར་ལ། གཞིའི་གནས་སྐབས་ཀྱི་མདོ་ཙམ་ཞིག་ནི་སྔར་ཐིག་ལེའི་སྐབས་སུ་བཤད་དོ། །ལྔ་པ་ཐ་མལ་པའི་གནས་སྐབས་ལ། ངོ་བོ་བཤད་པ། དག་པ་བཤད་པ། སྤངས་གཉེན་འབྲས་བུ་དང་བཅས་པ་སྟེ་གསུམ་ལས་དང་པོ་ནི། ཐ་མལ་དུས་ཀྱི་ཤེས་པ་ནི། །ཞེས་སོགས་ཚིག་བཅད་ཕྱེད་དང་གསུམ་གྱི་སྟོན་ཏེ། དེ་ཡང་སད་པའམ་ཐ་མལ་པའི་དུས་ཀྱི་ཤེས་པ་ནི་གང་ལས་བྱུང་ན། ཀུན་གཞིའི་སྟེང་གི་ཉོན་ཡིད་འདུ་བྱེད་ཡིད་ཀྱི་གཡོ་བ་ལས། སྔར་བཤད་པའི་རྒྱུའི་རྐྱེན། བདག་རྐྱེན་དམིགས་རྐྱེན་དེ་མ་ཐག་རྐྱེན་སྟེ་བཞི་ཉེ་བར་སྦྱོ་བ་ལས། མིག་སོགས་རྣམ་ཤེས་དྲུག་པོ་རྣམས་མིག་སོགས་དབང་པོ་དྲུག་དང་འབྲེལ་བར་བྱས་པ་ལས་གཟུགས་སོགས་ཡུལ་དྲུག་རྣམས་སུ་རང་གིས་རང་སྣང་བ་ཡིན་པ་ལས། དེ་སེམས་ཀྱི་སྣང་བར་མ་ཤེས་པར་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་གསུམ་གྱི་བདེ་བ་ལ་ཆགས་པ་དང་། སྡུག་བསྔལ་ལ་ཞེ་སྡང་བ་དང་། དེ་གཉིས་ཀྱི་བར་ནས་བཏང་སྙོམས་ཀྱི་གཏི་མུག་བསྐྱེད་ནས། དུག་གསུམ་པོ་མངོན་འགྱུར་བ་དེ་དེ་མ་ཐག་པའི་ཡིད་ཀྱི་ཁྱེར་ནས་ཀུན་གཞིའི་སྟེང་དུ་བག་ཆག་བཞག་ཅིང་། སླར་ཡང་ལས་མངོན་པར་འདུ་བྱས་པ་ལས་ལས་ཉོན་སྐྱེ་བ་གསུམ་གྱི་རིམ་པས་འཁོར་བ་ཡིན་ནོ། །གཉིས་པ་དག་པ་ནི། འདི་ཉིད་དག་པ་ཞེས་སོགས་ཚིགས་བཅད་གཅིག་གི་སྟོན་ཏེ། དེ་ཡང་རྣམ་ཤེས་ཚོགས་བརྒྱད་པོ་འདི་ཉིད་ཀྱི་དག་པ་ཡེ་ཤེས་གསུམ་ཡིན་ཏེ། རྒྱུན་ཅན་གྱི་ཡིད་ནི་མི་གཡོ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིད་ཀུན་ཏུ་རྟོག་པ་དག་པ་སོ་སོར་རྟོག་པའི་ཡེ་ཤེས། སྒོ་ལྔའི་ཤེས་པ་ཡུལ་དང་བཅས་པ་དག་པ་བྱ་བ་གྲུབ་པའི་ཡེ་ཤེས་སྟེ་གསུམ་དང་། སྔར་བཤད་པ་ཀུན་གཞི་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། དེ་རྣམས་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ནོ། །གསུམ་པ་སྤང་གཉེན་འབྲས་བུ་དང་བཅས་པ་ནི། སྒྲིབ་པ་མཐོང་སྤངས་བསྒོམ་སྤངས་སྟེ། །ཞེས་སོགས་ཚིག་བཅད་གཉིས་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་སྒོ་ལྔའི་ཤེས་པ་ཡིད་ཤེས་དང་བཅས་པ་ཡེ་ཤེས་ལ་སྒྲིབ་པའི་དབང་དུ་བྱས་ནས་མཐོང་སྤངས་བསྒོམ་སྤངས་གཉིས་ཀྱི་སྒྲིབ་པ་གཉིས་དང་། རྣམ་ཤེས་ཚོགས་བརྒྱད་ཀའི་སྒྲིབ་པའི་དབང་དུ་བྱས་ནས་ཉོན་མོངས་ཤེས་བྱའི་སྒྲིབ་པ་གཉིས་སུ་བཞག་ལ། དེ་དག་གི་གཉེན་པོ་ནི་དུ་མ་ཡོད་ཀྱང་། གཙོ་བོའི་སྒོ་ནས། ཐེག་ཆེན་གྱི་གཞི་དང་ཆོས་མོས་པ་བདག་མེད་རྟོགས་པའི་ཤེས་རབ་གཉིས་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན། དེ་རྣམས་ཀྱི་རྐྱེན་སྦྱོར་བར་བྱེད་པ་སྙིང་རྗེ་སྟེ་རྣམ་པ་བཞི་ཡིན་ལ། དེས་སྦྱངས་པ་ལས་འབྲས་བུ་ལ་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི་ཚོགས་བརྒྱད་སྤྱིའི་འབྲས་བུའི་དབང་དུ་བྱས་ནས། ཀུན་གཞི་དག་པ་ཆོས་སྐུ། ཡིད་དག་པ་ལོངས་སྐུ། དངོས་པོ་ལ་འཇུག་པ་དག་པ་སྤྲུལ་སྐུ་དང་། གཉིས་པ་ནི་གནས་སྐབས་བཞིའི་དབང་དུ་བྱས་ནས། ཡིད་དང་རྨི་ལམ་འཇུག་པ་གཅིག་པའི་ཕྱིར། དེ་གཉིས་དག་པ་ལོངས་སྐུ། གཉིད་འཐུག་པ་དག་པ་ཆོས་སྐུ། སད་པ་དག་པ་སྤྲུལ་སྐུས་འགྲོ་དོན་མཛད་པ་དེ་རྣམས་འབྲས་བུ་ཡིན་ལ་རྒྱས་པར་མདོ་དང་སྔགས་ཀྱི་ཆོས་རྣམས་ཐམས་ཅད་དུ་གསུང་པའི་ཕྱིར་འདིར་མདོར་བསྡུས་པ་ཡིན་ཞིང་། དེའི་ཕྱིར་ཆོས་ནི་ཚོགས་དྲུག་ཡིན་པས་དེའི་སྟེང་དུ་བསལ་བཞག་མེད་པར་འཇོག་པ་ནི་ཕྱག་རྒྱ་འཆིང་བ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། གནས་སྐབས་བཞི་དང་འཁྲུལ་པ་དང་། །ཞེས་པ་སོགས་ཚིག་བཅད་གཅིག་གི་སྟོན་ཏེ། དེ་ཡང་གནས་སྐབས་བཞིའི་ངོ་བོ་ནི། གནས་སྐབས་བཞིའི་འཁྲུལ་པའི་ཚུལ་དང་། མ་འཁྲུལ་པའི་ཡེ་ཤེས་དང་། ལམ་ཕྱག་རྒྱ་བཞི་དང་། འབྲས་བུ་སྐུ་བཞི་ལ་སོགས་པ་གཞི་ལམ་འབྲས་བུར་འབྲེལ་བའི་རྟེན་དང་བརྟེན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་ཡིན་ནོ། །ཟབ་མོ་ནང་གི་རྣམ་པར་བཤད་པ་ལས་རྣམ་ཤེས་དང་ཡེ་ཤེས་གཞི་ལམ་འབྲས་བུའི་འབྲེལ་པ་བསྟན་པ་སྟེ་དྲུག་པའོ། །ད་ནི་དུམ་བུ་བདུན་པར་ཕྱི་སྣོད་ལ་སྦྱར་བ་བཤད་པ་ལ། མདོར་བསྟན་རྒྱས་པར་བཤད་པ། མཇུག་བསྡུ་བ་གསུམ་ལས། དང་པོ་ནི། དེ་ནས་ཇི་ལྟར་ནང་གི་ལུས། །ཅེས་སོགས་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་གནས་སྐབས་བཞི་དང་ཡེ་ཤེས་འབྲེལ་བའི་ཚུལ་བཤད་པ་དེ་ནས་ཇི་ལྟར་ནང་གི་རྡོ་རྗེའི་ལུས་ནི་ཕྱི་རོལ་གྱི་འཇིག་རྟེན་ཇི་ལྟ་བ་བཞིན་གནས་པ་ཡིན་ཏེ། ཕྱི་ནང་གཉིས་ཀ་སེམས་ཀྱི་སྣང་བ་ཡིན་པའི་ཕྱིར་རོ། །འོ་ན་འདོད་པའི་ལུས་འདོད་པའི་སྣོད་ཀྱི་འཇིག་རྟེན་ཉིད་དང་མཚུངས་པ་ལྟ་བུ་ཡིན་ནམ། ཁམས་གསུམ་ག་དང་མཚུངས་ཅེ་ན་སེམས་ཀྱི་སྣང་བ་ཡིན་པའི་ཕྱིར་ཁམས་གསུམ་ག་ནང་གི་བདག་ཉིད་ཡིན་ཏེ། དེ་ལྟར་ཕྱི་ནང་ཐམས་ཅད་སེམས་ཀྱི་སྣང་བ་ཡིན་པར་མ་ཤེས་པར་ཕྱི་རོལ་པ་རྣམས་ཚངས་པ་དང་ཁྱབ་འཇུག་གི་འཇིག་རྟེན་བྱས་པར་འདོད་པ་དང་། རང་སྡེའི་དོན་སྨྲ་བ་གཉིས་ཀྱི་ཕྱི་དོན་བདེན་པ་བའི་རྡུལ་ཕྲན་འཚོགས་པ་ཡིན་པར་བཤད་པ་སོགས་ཀྱི་རྒོལ་བ་ནི་ཀླུ་སྒྲུབ་ལ་སོགས་པས་མཛད་པའི་བསྟན་བཅོས་ཆེན་པོ་རྣམས་སུ་བཀག་པ་ཡིན་ལ། འོ་ན་འཇིག་རྟེན་གྱི་ཚད་དང་བཀོད་པ་ལ་སོགས་པ་རྣམས། དུས་ཀྱི་འཁོར་ལོ་ལས་བཤད་པ་དང་། ཆོས་མངོན་པ་ལ་སོགས་མི་མཐུན་པ་ཇི་སྙེད་གཅིག་བྱུང་བ་རྣམས་ཀྱི་ནང་ནས་གང་དང་གང་གཉིས་མཚུངས་པ་ཡིན་ཞེ་ན། གང་དང་སྦྱར་ཡང་འགལ་བ་མེད་སྟེ། དཔེར་ན་ཕུག་ཁྲུ་ལྔ་པའི་ནང་དུ་འཁོར་ལོས་བསྒྱུར་བ་དཔུང་དང་བཅས་པ་བཞུགས་པའི་ཚེ་དེའི་བསོད་ནམས་ཀྱི་སྟོབས་ཀྱི་དབང་པོའི་སྣང་བ་མེད་པ་དང་། ཆགས་བྲལ་གྱི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་བཞུགས་ཀྱང་དགོས་པ་མེད་པ་ཡིན་ལ། དེའི་ཚེ་ཕུག་ཁྲུ་ལྔ་པར་སྣང་བ་ལ་ཡང་དེར་སྣང་གི་ཚད་མ་ཡོད་ཅིང་། འཁོར་ལོས་བསྒྱུར་བ་དཔུང་བཅས་ཤོང་བ་ཡང་དེར་སྣང་གི་ཚད་མ་ཡོད་པ་བཞིན་དུ། འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་བཀོད་པ་མི་གཅིག་པ་ཐམས་ཅད་ལ་དེར་སྣང་གི་ཚད་མ་ཡོད་ལ། དོན་དམ་པར་ནི་བདེན་པར་མ་གྲུབ་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། གནས་གཞན་ནང་ལ་སྦྱར་ཏེ་བཤད་པ། འབྱུང་བ་རིམ་བརྩེགས་བཤད་པ། རི་བདུན་བཤད་པ་གླིང་དྲུག་བཤད་པ་རྒྱ་མཚོ་བདུན་བཤད་པ་གཟའ་དགུ་ནང་ལ་སྦྱར་བ་མེ་གསུམ་ནང་ལ་སྦྱར་བ་སྐྱེ་གནས་དང་དུས་སྦྱོར་ནང་ལ་སྦྱར་བ་སྟེ་དགུ་ལས་དང་པོ་ནི། སྤྱི་བོ་ནས་ནི་སོར་བཞི་པོ། །ཅེས་སོགས་ཚིག་བཅད་གཅིག་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་མགོ་ནས་ལྟེ་བའི་བར་ལ་གཟུགས་གཟུགས་མེད་ཀྱི་ལྷ་དང་། འདོད་ལྷའི་མི་དང་བཅས་པའི་མཐོ་རིས་པ་རྣམས་དང་། ལྟེ་བ་མན་ཆད་ལ་ལྷ་མིན། ཀླུ་ཡི་དྭགས་དམྱལ་བ་རྣམས་གནས་ཏེ། དེ་ཡང་རིམ་པ་བཞིན་སྦྱར་ནས་སྤྱི་བོ་ནས་སོར་བཞི་པོ་ལ་གཟུགས་མེད་ཀྱི་གནས་དང་། དེའི་འོག་ཏུ་སོར་བཅུ་དྲུག་ལ་གཟུགས་ཁམས་བཅུ་དྲུག དེའི་འོག་ལྟེ་བ་ལ་ཐུག་གི་བར་ལ་འདོད་ལྷ་རིགས་ནི་མི་དང་བཅས་པ་གནས་ལ་ལྟེ་བ་ནས་རྐང་མཐིལ་གྱི་བར་ལ་རིམ་པ་བཞིན་གནས་པ་ནི། ལྟེ་བ་ནས་སུམ་མདོའི་བར་ས་དཀྱིལ་གྱི་ཕྱེད་སྟེང་མ་ལ་ལྷ་མིན་དང་ཀླུ་དང་ཡི་དགས་ཕྱེད་འོག་མ་ལ་དམྱལ་བའི་གནས་དང་པོ་གསེག་མ་ཆུའི་དམྱལ་བ་དང་། བརླ་གཉིས་ཆུ་དཀྱིལ་ཏེ། དེའི་ཕྱེད་སྟེང་མ་ལ་བྱེ་མའི་ཆུ་ཆེན་དང་འོག་མ་ལ་འདམ་གྱི་ཆུ་ཆེན་ཏེ་ཆུའི་དམྱལ་བ་གཉིས། རྗེ་ངར་གཉིས་མེ་དཀྱིལ་ཏེ། དེའི་ཕྱེད་སྟེང་མ་ལ་མེའི་དམྱལ་བ་དང་འོག་མ་ལ་དུ་བ་མི་བཟད་པ་སྟེ་མེའི་དམྱལ་བ་གཉིས་བོལ་འཚམས་མན་རླུང་དཀྱིལ་ཏེ། དེའི་ཕྱེད་སྟེང་མ་ལ་མུན་པ་མི་བཟད་པ་དང་། འོག་མ་ལ་ངུ་འབོད་སྟེ་རླུང་གི་དམྱལ་བ་གཉིས་དང་དམྱལ་བ་བརྒྱད་པ་ལ་གནས་གཞན་ལོག་པ་མེད་པས་རྐང་མཐིལ་དུ་གནས་པ་རིམ་པར་གསུངས་སོ། །གཉིས་པ་འབྱུང་བ་རིམ་བརྩེགས་ནང་ལ་སྦྱར་བ་ནི། རྐང་ལག་ཞེས་སོགས་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་དཔང་གི་དབང་དུ་བྱས་ནས་རྐང་པའི་ཚིག་གསུམ་རིམ་པ་ལྟར་རླུང་མེ་ཆུའི་དཀྱིལ་འཁོར་དང་སུམ་མདོ་ཡིན་ལ། ཞེང་གི་དབང་དུ་ན་ལག་པའི་ཚིག་གསུམ་རིམ་པ་ལྟར་རླུང་མེ་ཆུའི་དཀྱིལ་འཁོར་དང་། བྲང་ནི་ས་ཡིན་ལ་སྒལ་ཚིག་རི་རབ་བོ། གསུམ་པ་རི་བདུན་ནང་ལ་སྦྱར་བ་ནི། རི་རབ་དེ་བཞིན་རི་བདུན་ནི། །ཞེས་སོགས་ཚིག་བཅད་གཅིག་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་རི་བདུན་ནི། ནང་གི་བརླ་དང་རྗེ་ངར་དེའི་འོག་དུ་བོལ་གོང་། དཔུང་པ། ལག་ངར། ལག་མགོ །སེན་མོ་རྣམས་རིམ་པ་ལྟར་ཕྱི་རོལ་དུ། འོད་སྔོན། མནྡ་ར། མཚན་མོ། ནོར་བུར་བྱེད། བྲེ་བོ། ཁ་བ་ཅན། རྡོ་རྗེའི་རི་རྣམས་ཡིན་ནོ། །བཞི་པ་གླིང་དྲུག་ནང་ལ་སྦྱར་བ་ནི། གླིང་དྲུག་ནང་ལ་བད་ཀན་དང་། །ཞེས་སོགས་ཚིག་བཅད་གཅིག་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་གླིང་དྲུག་ནང་ལ་སྦྱར་ན། ནང་གི་བད་ཀན། རྒྱུ་མ། ཚིལ། སྙིང་། མཆིན་པ། ཤ་རྣམས་རིམ་པ་བཞིན་དུ་ཕྱི་རོལ་དུ་ཟླ་བའི་གླིང་དང་། དཀར་པོ་དང་། ཀུ་ཤ་དང་། མིའམ་ཅི་དང་། ཁྲུང་ཁྲུང་དང་། དྲག་པོའི་གླིང་རྣམས་ཡིན་ལ། རྐང་ལག་གི་དུམ་བུ་བཅུ་གཉིས་ནི་འཛམ་བུའི་གླིང་ལ་སོགས་པའི་གླིང་བཞི་གླིང་ཕྲན་བརྒྱད་དང་བཅས་པ་ཡིན་ནོ། །ལྔ་པ་ཁམས་ལྔ་ནང་དང་སྦྱར་བ་ནི། སྲ་བ་རླན་དང་རྡོ་དང་བུག །ཅེས་སོགས་རྐང་པ་གཉིས་སྟེ། དེ་ཡང་ནང་གི་སྲ་བ་དང་། རླན་པ་དང་དྲོད་དང་དབུགས་རྣམས་རིམ་པ་བཞིན་ཕྱི་རོལ་གྱི་ས་ཆུ་མེ་རླུང་རྣམས་དང་ནང་གི་བུ་ག་ནི་ནམ་མཁའ་ཡིན་ནོ། །དྲུག་པ་རྒྱ་མཚོ་བདུན་ནང་ལ་སྦྱར་བ་ནི། ཁུ་བ་ཞག་དང་ཀླད་པ་དང་། །ཞེས་སོགས་ཚིག་བཅད་གཅིག་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་ནང་གི་ཁུ་བ་དང་ཞག་དང་། ཀླད་པ་དང་། སྐྱེས་པ་ལ་བད་ཀན་དང་། བུད་མེད་ལ་འོ་མ་དང་། མཆིལ་མ། རྡུལ། དྲི་ཆུ་སྟེ་ནང་གི་རྒྱ་མཚོ་བདུན་ནི། ཕྱི་རོལ་དུ་རིམ་པ་བཞིན། སྦྲང་རྩི། མར། ཞོ། འོ་མ་ཆུ། ཆང་དང་། བ་ཚྭའི་རང་བཞིན་གྱི་རྒྱ་མཚོ་བདུན་ནོ། བདུན་པ་གཟའ་དགུ་ནང་ལ་སྦྱར་བ་ནི། དབང་པོ་གཟའ་དགུའི་རང་བཞིན་ཏེ། །ཞེས་སོགས་ཚིག་བཅད་གཅིག་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་དབང་པོ་དགུ་གཟའ་དགུའི་རང་བཞིན་ཡིན་ཏེ། སྣ་བུག་གཉིས་རླུང་གི་གཟའ་ཉི་ཟླ་གཉིས། མིག་གཉིས་མེའི་གཟའ་མིག་དམར་དང་ཕུར་བུ། ཁ་དང་དྲི་ཆུའི་སྒོ་གཉིས་ཆུའི་གཟའ་པ་སངས་གཟའ་ལྷག་གཉིས། གཤང་ལམ་དང་སྤྱི་གཙུག་གཉིས་པའི་གཟའ་སྤེན་པ་དང་མཇུག་རིང་། རྣ་བ་གཉིས་ནམ་མཁའི་གཟའ་དགྲ་གཅན་དང་དུས་མེ་གཉིས་ཡིན་ལ། སོ་སོ་གཉིས་ནི་ཕྱི་རོལ་གྱི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་དབྱུག་གུ་བཞི། ཁམས་འབབ་པའི་རྩ་རྣམས་ཕྱི་རོལ་དུ་ཆུ་བོ་དང་། རྒྱུ་མ་ནི་ཕྱི་རོལ་གྱི་སྤྲིན་ཏེ་རྒྱུ་མ་ལས་རོ་འབབ་པ་དང་སྤྲིན་ལས་ཆར་འབབ་པ་གཉིས་མཚུངས་ཞིང་། ནང་གི་རླུང་ཡན་པ་རྩ་ནང་ལ་རྒྱུ་བ་ནི་ཕྱི་རོལ་གྱི་དཀྱིལ་འ ཁོར་ལ་མ་གཏོགས་པའི་རླུང་ཡིན་པ། སྙིང་གའི་གཞོམ་མེད་ཀྱི་དགྲ་ནི་ཕྱི་རོལ་གྱི་ཐོག་གི་སྒྲ་དང་། ལྟོ་བའི་སྒྲ་ནི་ཕྱི་རོལ་གྱི་འབྲུག་ཏུ་གསུང་པ་ཡིན་ནོ། །བརྒྱད་པ་མེ་གསུམ་ནང་ལ་སྦྱར་བ་ནི་སྙིང་གའི་སོགས་རྐང་པ་གཉིས་སྟེ། དེ་ཡང་སྙིང་གའི་མེ་དང་། མགྲིན་པའི་མེ་དང་། ལྟེ་བའི་མེ་ནི་རིམ་བཞིན་གྱི་ཕྱི་རོལ་གྱི་གློག་དང་། ཉི་དྲོད་དང་། བསྲེགས་པ་བྱེད་ཀྱི་མེ་ཡིན་ཏེ་མེས་ཟས་དགུག་འདྲེན་གྱི་ལས་བྱེད་ཅིང་། ཉི་མས་ཁྱིམ་བཅུ་གཉིས་ལ་བགྲོད་པའི་ལས་བྱེད་ལ། ལྟེ་བ་དང་སྲེག་བྱེད་ཀྱི་མེས་ནི་ཟས་སྲེག་པ་དང་བཞུ་བ་སོགས་བྱེད་པ་ཡིན་ནོ། །དགུ་པ་སྐྱེ་གནས་དང་དུས་སྦྱོར་ནང་ལ་སྦྱར་བ་ནི། གཞན་ཡང་ལྤགས་པ་དྲོད་དང་སྤུ། །ཞེས་སོགས་ཚིག་བཅད་གསུམ་གྱི་སྟོན་ཏེ། དེ་ཡང་ནང་གི་ཆོས་གཞན་ཡང་པགས་པ་དང་། དྲོད་དང་སྤུ་ནི་མེ་དང་རླུང་གི་རང་བཞིན་ཡིན་ལ། ནང་དུ་ལུས་སྐྱེས་ཀྱི་སྲིན་བུ་སྐྱེ་གནས་བཞི་ནི་ཕྱི་རོལ་དུ་འབྱུང་བའི་སྐྱེ་གནས་བཞི་དང་། ཆར་ནི་ལྕེའུ་ཆུང་གི་བདུད་རྩི་ཡིན་ཞིང་། ཐུན་ཆེན་པོ་བཞི་དང་། དེའི་ཕྱེད་བརྒྱད་ལ་སོགས་པ་ནས་སྐད་ཅིག་མ་ལ་སོགས་པའི་བར་གྱི་དུས་སྦྱོར་ཐམས་ཅད་ནི། ཕྱི་རོལ་གྱི་ལོ་གཅིག་དང་། ནང་གི་ཞག་གཅིག་ཆོས་མཚུངས་སུ་སྦྱར་བ་སོགས་སྔར་བསྟན་པ་བཞིན་ནོ། །དེ་ཐམས་ཅད་ཀྱང་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་ལས་བྱུང་བ་ཡིན་ལ། ནང་དུ་སྲོག་གི་རླུང་དང་དཀར་དམར་གཉིས་སྦྱོར་བ་སྟེ་ཕྲད་པ་ན། ཕྱི་རོལ་དུ་ཟླ་ཉི་འཛིན་པར་སྣང་བ་ཡིན་པ་དང་། དེ་ལ་སོགས་པའི་རྣམ་བཤད་དག་པ་སྦྱར་བར་བྱ་བ་དུ་མ་ཡོད་པ་རྣམས་ནི། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་ལུས་གཞན་དཀྱིལ་འཁོར་གྱི་འཁོར་ལོ་གསུམ་པོ་དེའི་རང་བཞིན་ཡེ་ཤེས་སུ་སྦྱོར་བའི་ཕྱིར་དཔག་ཏུ་མེད་པ་གསུངས་སོ། །གསུམ་པ་མཇུག་བསྡུ་བ་ནི། དེ་སོགས་རྟེན་འབྲེལ་རྟོགས་པ་ན། །ཞེས་སོགས་ཚིག་བཅད་གཅིག་གི་སྟོན་ཏེ། དེ་ཡང་ཕྱི་ནང་སྦྱར་བ་དེ་ལ་སོགས་པའི་རྟེན་འབྲེལ་རྟོགས་པ་ན། ཐབས་དང་ཤེས་རབ་དང་། ལུས་དང་བསམ་པ་དང་། རྣམ་ཤེས་དང་ཡེ་ཤེས་སྦྱོར་བ་ཤེས་ཅིང་། གནས་སྐབས་དང་མཐར་ཐུག་གི་སྣ་ཚོགས་པའི་ཡོན་ཏན་རྣམས་མངོན་དུ་འགྱུར་བའི་ཕྱིར་འདིར་མི་ཤེས་སུ་མི་རུང་བ་རྣམས་མདོར་བསྡུས་ནས་ཅུང་ཟད་བརྗོད་པ་ཡིན་ནོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་སྣོད་ལ་སྦྱར་བ་བསྟན་པ་སྟེ་བདུན་པའོ། །ད་ནི་དུམ་བུ་བརྒྱད་པ་ཀུན་བརྟགས་ཀྱི་ལྷ་བསྒོམ་པའི་ཚུལ་ལ། མདོར་བསྟན། རྒྱས་བཤད། འཇུག་བསྡུ་བ་གསུམ་ལས་དང་པོ་ནི། དེ་ནས་སེམས་ཅན་ཀུན་རྟོག་ལ། ཞེས་སོགས་ཚིག་བཅད་ཕྱེད་དང་གཉིས་ཀྱི་སྟོན་ཏེ། དེ་ཡང་ནང་དང་ཕྱི་རོལ་བཤད་པ་དེ་ནས། སེམས་ཅན་གྱི་ཀུན་རྟོག་ལ། བདེན་པར་མེད་བཞིན་དུ་ཀུན་བརྟག་ཀྱི་ལྷ་རྣམས་བསྒོམ་ལ། དེ་ལ་དགོངས་པའི་དོན་གསུམ་ཡོད་དེ། ལས་དང་པོ་པ་རྣམས་ཀྱི་ཞི་གནས་ལ་སེམས་འཛིན་པའི་ཕྱིར་དང་། ལམ་དུ་ཕྱི་དཀྱིལ་འཁོར་དང་། ནང་ལྷའི་དོན་ཤེས་པའི་ཕྱིར་དང་། འབྲས་དུས་སུ་གཟུགས་སྐུ་ལ་དབང་འབྱོར་བས་གཞན་དོན་དུ་གཟུགས་སྐུ་སྟོན་པའི་ཕྱིར་དུ་ལྷ་དཔའ་བོ་གཅིག་པ་ནས་མཐའ་ཡས་པའི་བར་བསྒོམ་པར་གསུང་པའི་ངེས་པ་ནི་འདི་ལྟ་སྟེ་ཞེས་འཚམས་སྦྱར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། ལྷ་གྲངས་ཀྱི་ངེས་པ། དཀྱིལ་འཁོར་གྱི་ངེས་པ། ཐབས་དང་ཤེས་རབ་ཀྱི་རང་བཞིན། བསྐྱེད་རྫོགས་ཀྱི་ངེས་པ་སྟེ་བཞི་ལས་དང་པོ་ནི། དབུ་མ་ཀུན་གཞི་ཡང་དག་དོན། །ཞེས་སོགས་ཚིག་བཅད་དྲུག་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་དབུ་མ་དང་དེ་ལ་གནས་པའི་ཀུན་གཞི་དང་། དེའི་རང་བཞིན་ཡང་དག་པའི་དོན་དང་། ཡེ་ཤེས་ཀྱི་རླུང་དང་། ཐིག་ལེ་རྣམས་ཀྱི་ཆོས་ཉེ་བར་བཟུང་སྟེ། དེ་རྣམས་ཀྱི་རང་བཞིན་ཡེ་ཤེས་ནི་རྣམ་པ་ཐམས་ཅད་པ་ཡིན་པས་ལྷ་ཐམས་ཅད་དུ་འཆར་རུང་ཡིན་ལ། དེས་ན་ལྷ་དཔའ་བོ་གཅིག་པ་ཧེ་རུ་ཀའོ། །འབྲས་བུ་སྐུ་གཉིས་དང་། །ལམ་ཐབས་དང་ཤེས་རབ་གཉིས། རྟེན་སྟེང་འོག་གི་དཀར་དམར་གཉིས། སྤྱིའི་མཚན་ཉིད་བདེན་པ་གཉིས་སྟེ། དེ་ལ་སོགས་པའི་ཆོས་ཉེ་བར་བཟུང་ནས་ལྷ་ཡབ་ཡུམ་གཉིས་པའོ། །ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དང་། ཟླ་ཉི་དགྲ་གཅན་གྱི་ཐིག་ལེ་གསུམ་དང་། རྩ་རོ་རྐྱང་དབུ་མ་གསུམ་དང་། སྟེང་འོག་བར་གྱི་ས་འོག་ས་སྟེང་ས་བླ་གསུམ་དང་། ཨོཾ་ཨཱཿཧཱུཾ་གི་ཡི་གེ་གསུམ་དང་། རོ་རྐྱང་དྷུ་ཏིའི་རླུང་གསུམ་དང་། དེ་ལ་སོགས་པའི་ཆོས་ཉེ་བར་བཟུང་བའི་ཕྱིར་ལྷ་གཙོ་འཁོར་གསུམ་པ་དང་། ཁྱབ་བྱའི་ཁམས་བཞི་ལ་སོགས་པ་ཁྱབ་བྱེད་གཉིས་དང་ལྡན་པའི་ཁྱབ་བྱ་བཞི་ལས། ལྷ་བཞི་དང་། ཡེ་ཤེས་ལྔ། ཕུང་པོ་ལྔ། རྩ་འཁོར་ལོ་ལྔ། རླུང་ལྔ། ཁྱབ་བྱེད་ནམ་མཁའ་དང་བཅས་པ་ལས་ཁམས་ལྔ་སྟེ། དེ་དག་གི་ཆོས་ཉེ་བར་བཟུང་བ་ལྔ་པར་བསྟན་ཏེ། དེ་ལྟ་བུ་རྒྱུད་སྡེ་དུ་མ་ནས་གསུངས་སོ། །ཁམས་བཞིའི་སྟེང་དུ་ནམ་མཁའ་ཡེ་ཤེས་གཉིས་བསྣན་པ་ལ་དྲུག་དང་། རྣམ་ཤེས་དྲུག་ལས་ལྷ་དྲུག་པ་དང་། དེའི་སྟེང་དུ་ཉོན་ཡིད་བསྣན་པས་བདུན་ལས། ལྷ་བདུན་པ་དང་། ཚོགས་བརྒྱད་ལ་སོགས་པའི་དག་པའི་ཕྱིར་ལྷ་བརྒྱད་པ་དང་། སྙིང་གའི་རྩ་དགུ་དག་པའི་ལྷ་དགུ་པ་དང་། རླུང་བཅུ། ས་བཅུ། སྟོབས་བཅུ་ལས་ལྷ་བཅུ་པ་དང་། ཕུང་པོ་ལྔ་དང་ཁམས་ལྔ་སྟེ་བཅུ་དང་། དབང་པོ་ལྔ་ཡུལ་བཅས་ལས་ལྷ་བཅོ་ལྔ་པ་དང་། ཕུང་པོ་དྲུག་ཁམས་དྲུག་ལས་དབང་དྲུག་དེའི་བྱ་བ་དྲུག་དབང་པོ་དྲུག་དེའི་ཡུལ་དྲུག་སྟེ་སུམ་ཅུ་རྩ་དྲུག་ལས། དེ་དག་གི་ནང་ནས་ཅི་རིགས་པ་དང་སྦྱར་བ་ཏེ། ལྷ་ལྔ་དང་། ལྷ་དགུ་དང་། བཅུ་གསུམ་དང་། བཅུ་དགུ་དང་། ཉེར་ལྔ་དང་། སོ་གཉིས་དང་། སོ་བཞི་པ་དང་། སོ་བདུན་གྱི་བར་དང་། རིག་བརྒྱ་ལ་སོགས་པ་དུ་མར་འགྱུར་བའི་བར་སྟེ། དེ་དག་ཡང་རྩ་རླུང་ཐིག་ལེ་དང་འཁོར་ལོའི་གྲངས་ཀྱི་དབང་དུ་བྱས་པའི་རག་པའི་རིམ་པ་ཡིན་ལ། གཞན་དུ་ན་རྣམ་རྟོག་གི་གྲངས་བཞིན་ཇི་སྲིད་པའི་ལྷར་བསྟན་པ་ཡིན་ཏེ། ཞལ་དང་ཕྱག་དང་ཕྱག་མཚན་ལ་སོགས་པའི་གྲངས་ཀྱང་འདིས་མཚོན་ཏེ་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་དཀྱིལ་འཁོར་གྱི་ངེས་པ་ནི། ལུས་ལ་དཀྱིལ་འཁོར་ཞེས་སོགས་ཚིག་བཅད་གཅིག་གི་སྟོན་ཏེ། དེ་ཡང་ལུས་ལ་ཕྱི་རོལ་འཇིག་རྟེན་གྱི་ཁམས་ཚང་བར་བཤད་པ་ལྟར། གཞན་དཀྱིལ་འཁོར་ཡང་ཚང་བར་བཤད་པ་ནི། ཕྱི་རོལ་གྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ནང་ལུས་ལ་སྦྱར་ན། རྐང་མཐིལ་རྩོམ་བྱེད་རླུང་ཡིན་པ་ན། སུམ་མདོ་ས་ཡིན་པའི་བར་དང་། དཀྱིལ་འཁོར་གྱི་ཐིག་དང་དབྱིབས་གྲུ་བཞི་པ་ནི། འདོམ་གང་གྲུ་བཞིར་མཉམ་པའི་ལུས། །གཡས་གཡོན་མདུན་རྒྱབ་ཟུར་བཞི་དང་། སྟེང་འོག་བུ་ག་བཞི་སྒོ་བཞི། སྣ་རྩེ་བཞི་རྟ་བབས་བཞི་ལ་སོགས་པ་ཡིན་པའི་ཚུལ་ནི་འདིར་མདོར་བསྡུས་པའི་ཚུལ་ཙམ་ཡིན་གྱིས། རྒྱས་པར་ནི་རྒྱུད་སྡེ་རྣམས་དང་། མཁས་གྲུབ་ཀྱི་གཞུང་རྣམས་དང་། ཁྱད་པར་སློབ་དཔོན་འདི་ཉིད་ཀྱི་མཛད་པའི་དཀྱིལ་འཁོར་སྣང་བར་བཤད་པ་དེར་བལྟ་བར་བྱའོ། །གསུམ་པ་ཐབས་དང་ཤེས་རབ་ཀྱི་རང་བཞིན་བཤད་པ་ནི། ཕན་ཚུན་ཐབས་དང་ཤེས་རབ་དང་། །ཞེས་སོགས་ཚིག་བཅད་བཞི་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་ཕ་རི་དང་ཚུ་རི་ཐབས་ཤེས་ཡིན་ཏེ། ཕན་ཚུན་གཅིག་ལ་གཅིག་ལྟོས་ནས་བཞག་པ་ཡིན་པའི་ཕྱིར། གཡས་ཐབས་དང་གཡོན་ཤེས་རབ་ཏུ་བཞག་པ་ནི་རྟེན་འབྲེལ་གྱི་ཐབས་ཤེས་ཡིན་ལ། ལུས་དང་སེམས་ཐབས་ཤེས་སུ་བཞག་པ་ནི་རྟེན་དང་བརྟེན་པའི་ཐབས་ཤེས་ཡིན་ཏེ་དེ་ལ་བརྟེན་ནས་སེམས་པ་སྐྱེ་བ་ཡིན་པའི་ཕྱིར། ཕ་རྒྱུད་དུ་དཀར་ཆ་ཤེས་རབ་དང་དམར་ཆ་ཐབས་སུ་བཞག་པ་ནི་ལྟོས་བཞག་ཡིན་པའི་ཕྱིར་ཐབས་ཤེས་སུ་བཞག་ལ། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་ནི་རྟེན་དང་བརྟེན་པའི་ཐབས་ཤེས་ཡིན་ཏེ་རྟེན་འབྲེལ་གྱི་དབང་ལས་ཡིན་པའི་ཕྱིར། དེ་ལྟར་ཐབས་དང་ཤེས་རབ་ཀྱི་རང་བཞིན་དངོས་སུ་གསུངས་པ་ལྔ་པོ་དེ་ལས། ལུས་བསམ་གྱི་སྒོ་ནས་བཟློགས་པའི་ཐབས་ཤེས་ལྔ་སྟེ་རྩ་བའི་ཐབས་ཤེས་བཅུ་རུ་འགྱུར་བ་ཡིན་ཞིང་། དེ་ལས་འཕྲོས་པའི་དོན་ནི། ཤེས་རབ་བརྗོད་བྱའི་གཙོ་བོར་སྟོན་པ་ཤེས་རབ་མའི་རྒྱུད་དང་། ཐབས་བརྗོད་བྱའི་གཙོ་བོར་སྟོན་པ་ཐབས་ཕ་རྒྱུད་དེ། ཕ་མའི་རྒྱུད་ཀུན་ཡང་དོན་ལ་གཉིས་མེད་ཀྱི་རྒྱུད་ཡིན་ཏེ་བརྗོད་བྱ་ཟུང་འཇུག་སྟོན་པའི་ཕྱིར། དེ་སྐད་དུ་ཡང་། རྣལ་འབྱོར་ཐབས་ཀྱི་ལུས་དང་ནི། །ཤེས་རབ་གཅིག་པུས་གྱུར་མ་ཡིན། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུང་། །ཅེས་གསུང་པ་ཡིན་ནོ། །ཡན་ལག་གི་དབང་དུ་ན། མིག་ཐབས་ཡིན་པའི་ཚེ་ན་གཟུགས་མེད་ཤེས་རབ་དང་། དེ་ལས་བཟློགས་ཏེ་གཟུགས་མེད་ཐབས་དང་མིག་ཤེས་རབ་ཏུ་འགྱུར་ལ། དེ་བཞིན་དུ་རྣ་བ་དང་སྒྲ་ལ་སོགས་པ་ཚོགས་དྲུག་ག་ལ་ཤེས་པར་ཞིང་། རྩའི་དབང་དུ་ན། རོ་མ་ཐབས་སུ་བཞག་པའི་ཚེ་ན་དེའི་ནང་གི་རླུང་ཤེས་རབ་དང་། རྐྱང་མ་ཤེས་རབ་དུ་བཞག་པའི་ཚེ་ན་དེའི་ནང་གི་རླུང་ནི་ཐབས་སུ་འགྱུར་ལ། རྟེན་གྱི་དབང་དུ་ན། ལུས་སྐྱེས་པ་ཐབས་ཡིན་པའི་ཚེ་ན་སེམས་ཤེས་རབ་དང་། ལུས་བུད་མེད་ཤེས་རབ་ཡིན་པའི་ཚེ་ན་ཕྱོགས་ནི་ཐབས་ཡིན་ཡིན་ལ། བདེན་གཉིས་ཀྱི་དབང་དུ་ན། དོན་དམ་བདེན་པ་འོད་གསལ་ཐབས་དང་། ཀུན་རྫོབ་བདེན་པ་སྒྱུ་མ་ལྟ་བུ་ཤེས་རབ་སྟེ། མ་རྒྱུད་ཀྱི་དབང་དུ་བྱས་པའི་ཐབས་ཤེས་ཡིན་ཞིང་། ཡན་ལག་གི་ཐབས་ཤེས་དེ་རྣམས་ཀྱང་བཟློགས་ཏེ་ཤེས་པར་བྱ་བ་ཡིན་ལ། སྐྱེད་རིམ་དེ་ལ་ཡང་རྩ་རླུང་ཐིག་ལེ་དེ་ལ་སོགས་པའི་ཐབས་ཀྱི་དབྱེ་བ་དཔག་ཏུ་མེད་པ་ཤེས་པར་བྱ་ཞིང་། ཁ་དོག་དང་ཡོན་ཏན་གྱི་རིམ་པ་རྣམས་ལ་ཐབས་ཤེས་སུ་བཞག་པ་ནི་སྔར་རླུང་གི་སྐབས་སུ་ཇི་སྐད་བསྟན་པ་བཞིན་དུ་འདིར་ཡང་གསུང་པ་ཡིན་ནོ། །བཞི་པ་བསྐྱེད་རྫོགས་ཀྱི་ངེས་པ་ནི། དབྱིབས་སྐུ་རླུང་དང་། བརྗོད་པ་སྔགས། ཅེས་སོགས་ཚིག་བཅད་ཕྱེད་དང་གསུམ་གྱི་སྟོན་ཏེ། དེ་ཡང་བསྐྱེད་རིམ་གྱི་གདགས་གཞི་གང་ཡིན་ཞེ་ན། སྐུའི་དབྱིབས་ནས་རྩ་བཏགས་ཅིང་། དེ་བཞིན་དུ་བརྗོད་པ་སྔགས་ནི་རླུང་དང་། ཡིད་ཐུ གས་ནི་ཐིག་ལེ་ལ་བཏག་པ་ཡིན་ལ། སྐྱེད་རིམ་དེ་ལ་ཡང་རྩ་རླུང་ཐིག་ལེ་གནད་དུ་བསྣུན་པ་དང་མ་འབྲེལ་བ་ནི་མི་ཟབ་པའི་བསྐྱེད་རིམ་དང་། འབྲེལ་བ་ནི་ཟབ་མོ་བསྐྱེད་རིམ་ཡིན་ཞིང་། འདི་ལ་རྫོགས་རིམ་གྱི་སྒྲ་ཡང་འཇུག་སྟེ་བསྐྱེད་པའི་རྫོགས་པ་ཡིན་པའི་ཕྱིར། དེ་ལ་རྫོགས་པའི་སྒྲ་དོན་མཐུན་དུ་འཇུག་པའི་རྒྱུ་མཚན་ཡང་། དྲི་མེད་འོད་དུ་གང་གི་ཕྱིར་མངལ་དུ་ལུས་རྫོགས་པ་དེའི་ཚེ་ལྷ་རྫོགས་པ་ནི་དཀྱིལ་འཁོར་རྒྱལ་མཆོག་ཏེ་བསྙེན་པའི་ཡན་ལག་གོ །ཞེས་སོགས་གསུང་པའི་ཕྱིར། དེ་ཡང་གདགས་གཞི་རྩ་རླུང་ཐིག་ལེ་གསུམ་གྱི་བྱེད་པ་བཅིངས་པ་ལས་མངོན་སུམ་གྱི་ལྷ་མཐོང་བ་ནི་རྫོགས་རིམ་དངོས་ཡིན་ནོ། །སྦྱང་གཞིའི་དབང་དུ་ན། སྐྱེ་བས་མཚོན་པའི་བསྐྱེད་རིམ་དང་མཐུན་པ་ནི་བསྐྱེད་རིམ། འཆི་བས་མཚོན་པའི་སྡུད་རིམ་དང་མཐུན་པ་ནི་རྫོགས་རིམ་ཉིད་ཡིན་ལ། མཚན་ཉིད་གསུམ་གྱི་དབང་དུ་ན། ཀུན་ཏུ་རྟོག་པས་བརྟག་པའི་ལྷ་ཞལ་ཕྱག་གི་རྣམ་པ་ཅན་ནི་ཀུན་བརྟག་དང་འབྲེལ་པ་བསྐྱེད་རིམ་དང་། ཞལ་ཕྱག་ལ་སོགས་བསྡུས་ནས་ཐིག་ལེ་དང་ན་ད་ལ་སོགས་པ་ལ་སེམས་འཛིན་པ་གཞན་དབང་དང་འབྲེལ་པའི་རྫོགས་རིམ་ཡིན་ཞིང་། རྫོགས་རིམ་དེ་ཡང་བསྐྱེད་པའི་རྫོགས་པ་ཡིན་གྱི། རྫོགས་རིམ་དངོས་ནི་ཡོངས་གྲུབ་དང་འབྲེལ་བ་ཡིན་ལ། བདེན་གཉིས་ཀྱི་དབང་དུ་ན། ཀུན་རྫོབ་བདེན་པ་འཁོར་བཅས་བསྐྱེད་རིམ་དང་། དོན་དམ་བདེན་པ་འཁོར་བཅས་རྫོགས་རིམ་དུ་བཤད་ཅིང་། བསྐྱེད་རྫོགས་ཀྱི་མིང་འཇུག་པའི་དབང་དུ་ན། བདེན་གཉིས་དབྱེར་མེད་པའི་གཟུངས་འཇུག་མངོན་དུ་བྱེད་པའི་ཐབས་རྣམས་བསྐྱེད་རིམ་ཡིན་ཏེ། ཡེ་ཤེས་ཀྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་བར་བྱེད་པ་ཡིན་པའི་ཕྱིར། བདེན་གཉིས་དབྱེར་མེད་པའི་ཤེས་རབ་བདེ་གཤེགས་སྙིང་པོ་ནི་རྫོགས་རིམ་ཡིན་ཏེ་ཡོན་ཏན་ཐམས་ཅད་གདོད་མ་ནས་རྫོགས་པ་ཡིན་པའི་ཕྱིར་རོ། །གསུམ་པ་འཇུག་བསྡུ་བ་ནི། དེ་ལ་སོགས་པ་ཐམས་ཅད་ཀྱང་། །ཞེས་སོགས་ཚིག་བཅད་ཕྱེད་དང་གཉིས་ཀྱི་སྟོན་ཏེ། དེ་ཡང་ཐབས་ཤེས་ཀྱི་ངེས་པ་བསྟན་པ་དེ་ལ་སོགས་པ་ཐམས་ཅད་ཀྱང་། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་ལུས་དང་། གཞན་སྐྱེད་པ་དང་རྫོགས་པའི་རིམ་པ་ལ་སོགས་པ་ཐམས་ཅད་ཡེ་ཤེས་གཅིག་ཏུ་སྦྱར་བ་ནི་རྒྱུད་ཐམས་ཅད་ཀྱི་རྩ་བ་ཡིན་པས་དེ་མདོར་བསྡུས་ནས་བརྗོད་པ་ཡིན་ཏེ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཅེས་ཧེ་བཛྭ་ལས་གསུང་པའི་ཕྱིར། ཇི་ལྟར་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཨེ་ཝཾ་དུ་བཤད་པ་བཞིན་དུ་ཤེས་བྱ་བཟུང་བ་དང་། འཛིན་པ་དོན་གཞན་མེད་པར་རོ་གཅིག་པའི་ངང་དུ་སྦྱང་བར་བྱའོ། །ཟབ་མོ་ནང་གི་དོན་རྒྱས་པར་བཤད་པ་ལས་ཀུན་བརྟག་གི་ལྷ་འབྱུང་བའི་ཚུལ་བསྟན་པ་སྟེ་བརྒྱད་པའོ། །ད་ནི་དུམ་བུ་དགུ་པ་ཆོས་ཐམས་ཅད་ཀྱི་སྦྱང་གཞི་དང་སྦྱོངས་བྱེད་བསྟན་པ་ལ། མདོར་བསྟན་པ་རྒྱས་པར་བཤད་པ། མཇུག་བསྡུ་བ་སྟེ་གསུམ་ལས་དང་པོ་ནི། དེ་ནས་ཅེས་སོགས་རྐང་པ་གསུམ་གྱི་སྟོན་ཏེ། །དེ་ཡང་འཁོར་འདས་ཀྱི་བསྡུས་པའི་ཆོས་རྣམས་ཐམས་ཅད་སེམས་དག་པ་དང་མ་དག་པའི་སྣང་བ་ཡིན་པའི་ཚུལ་སྔར་བཤད་པ་ལྟར་དང་། སྦྱོང་གཞི་ཐམས་ཅད་ལ་སྦྱོང་བྱེད་ཀྱི་གཉེན་པོ་ལྷའི་དཀྱིལ་འཁོར་ལ་སོགས་པ་ཀུན་བརྟགས་ཀྱི་ལྷ་བསྒོམ་པའི་སྐབས་སུ་གསུང་པའི་ངེས་པ་འདིར་མི་བསྟན་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ། ཡང་དག་པའི་བདེན་པ་གཉིས་བཤད་པ། དེའི་ཚུལ་མ་རྟོག་པས་འཁྲུལ་པའི་ལོག་རྟོག་སྤངས་བ་དང་། སྤང་གཉེན་གྱི་རྩ་བ་བཤད་པ། བྱེ་བྲག་དུ་རྒྱུད་སྡེའི་སྤང་གཉེན་མདོར་བསྟན་པ། རྒྱས་པར་བཤད་པ། རྒྱུད་ཀྱི་ལྷ་གྲངས་བསྟན་པ་སྟེ་དྲུག་ལས་དང་པོ་ན། སེམས་ཅན་ཁམས་ནི་སངས་རྒྱས་ཀྱི། །ཅེས་སོགས་ཚིག་བཅད་ཕྱེད་དང་གསུམ་གྱི་སྟོན་ཏེ། དེ་ཡང་རྡོ་རྗེ་ཐེག་པ་འདིར་འབྲས་བུ་ལམ་དུ་བྱེད་པའི་ངེས་པས་གཞི་དུས་ཀྱི་སེམས་ཅན་གྱི་ཁམས་རང་བཞིན་གྱི་དག་པ་ནི། སངས་རྒྱས་ཀྱི་སྙིང་པོ་ཡིན་པས་ཚོགས་བརྒྱད་ཀྱི་འཁྲུལ་པའི་དྲི་མ་མེད་པ་ཁོ་ན་ཡིན་མོད་ཀྱི་འོན་ཀྱང་བདེན་པ་གཉིས་ཀྱི་དོན་དང་ལྡན་པས་ན། དེའི་དོན་མངོན་དུ་མ་བྱས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་ལ་རྨོངས་ནས་ལྟ་བ་ཐ་དད་དུ་འཛིན་པ་འཁོར་ལ། བདེན་པ་གཉིས་པོ་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པར་གསུང་པའི་དོན་འདིར་བསྡུས་ནས། ཀུན་རྫོབ་ནི་ཐམས་ཅད་མི་བདེན་པའི་སྒྲ་ཡིན་པས་ཐམས་ཅད་གཟུང་འཛིན་གཉིས་སུ་སྣང་བ་སྟེ། རྣམ་པ་ཐམས་ཅད་དུ་མེད་པ་ཡིན་ལ་བདེན་པ་ནི་མེད་བཞིན་དུ་སྣང་བ་ཆུ་ཟླ་ལྟ་བུ་ཙམ་ལ་བྱ་སྟེ། དེའི་ངོ་བོར་མི་བསླུ་བ་ཡིན་པའི་ཕྱིར་རོ། །དོན་དམ་པ་ནི་ཆོས་ཀྱི་རིག་པའི་རྗེས་སུ་འབྲེང་བ་སྟོང་པ་ཉིད་བཅོ་བརྒྱད་ཀྱི་རྣམ་པར་བཤད་པ་ཉིད་ཡིན་ཏེ། དེ་ལྟར་བདེན་པ་གཉིས་པོ་འདི་ཡང་ཆོས་རྣམས་དང་ཆོས་ཉིད་ཇི་ལྟ་བ་བཞིན་དུ། དེ་ཉིད་དང་གཞན་དང་གཅིག་དང་ཐ་དད་ལ་སོགས་པའི་ཆོས་ཐམས་ཅད་མེད་པའི་ཡེ་ཤེས་བརྗོད་དུ་མེད་པ་ཉིད་ཡིན་ནོ། །འོ་ན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཅེས་བྱ་བ་དོན་དམ་མ་ཡིན་ན། ཐ་སྙད་ཀུན་རྫོབ་འདི་ཅི་དགོས་སྙམ་ན། ཐ་སྙད་ལ་བརྟེན་ནས་དོན་དམ་དེ་རྟོག་པར་བྱེད་པའི་སྤྱི་རྣམས་འཆར་ཞིང་། དེ་ལྟ་བུའི་རྟོག་པས་བསྐྱེད་ནས་ཡང་དག་པའི་རྟོགས་པ་དང་ལྟ་བ་འབྱུང་བས་དེ་ཉིད་གཉེན་པོའི་ཤེས་པ་འཁོར་བ་སྦྱོང་བྱེད་ཡིན་པར་བཤད་དེ། དེ་ཡང་སྦྱང་གཞི་ཅི་སྙེད་པ་མདོར་བསྡུས་པ་དྲུག་ཅུ་རྩ་བཞིའི་གྲངས་བཞིན་རྣམ་པར་སྦྱངས་པ་ལས། དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་དྲུག་ཅུ་རྩ་བཞི་པོ་ཀུན་སྣང་བར་བསྟན་པ་ཡིན་ནོ། །གཉིས་པ་དེའི་ཚུལ་མ་རྟོག་པས་འཁྲུལ་པའི་ལོག་རྟོག་སྤང་བ་ལ། ཕྱི་རོལ་པ་དང་། ཐེག་དམན་པའི་གྲུབ་མཐའ་གཉིས་ལས་དང་པོ་ནི། ཚངས་སོགས་གྲུབ་མཐའ་ཐམས་ཅད་ཀྱང་། །ཞེས་སོགས་ཚིག་བཅད་གཅིག་དང་རྐང་པ་གཅིག་གི་སྟོན་པ་ལས། དེ་ཡང་ཚངས་པ་དང་། སོགས་པས་ཁྱབ་འཇུག་དང་། དབང་ཕྱུག་པ་དང་། ལྷའི་བླ་མ་ཕུར་བུ་པ་དང་། ར་མ་ཎ་དང་། གྲངས་ཅན་པ་དང་། གཅེར་བུ་པ་ལ་སོགས་པ་མུ་སྟེགས་པ་རྣམས་ཀྱི་སོ་སོའི་རིག་གཞུང་དང་གྲུབ་མཐའ་ཐམས་ཅད་རྣམ་རྟོག་གི་སྒྲོ་བཏགས་ནས་བྱས་པའི་ཤེས་བྱ་ཡིན་པས་ལོག་ལྟ་ཡིན་ཞིང་། དེ་དག་ཡང་རྒྱུ་དང་རྐྱེན་ལྡན་པ་དང་འདུ་བའི་འབྲེལ་པ་འདོད་པའི་གྲངས་ཅན་པ་དང་། རྒྱུ་དང་རྐྱེན་མེད་པར་འཛིན་པ་ལ་སོགས་ཆད་པར་ལྟ་བ་རྒྱང་འཕེན་པ་སྟེ་གཉིས་སུ་འདུ་ལ། དེ་ལྟར་སྣ་ཚོགས་པའི་ལྟ་བ་ཐམས་ཅད་ཀྱང་ལུས་སེམས་ཀྱི་བཟུང་འཛིན་ལ་བརྟེན་ནས་འབྱུང་བར་བཅོམ་ལྡན་འདས་ཀྱི་ཚངས་པ་གྲ་བའི་མདོ་ལས་གསུང་སྟེ། ལྟ་བ་ངན་པ་དེ་དག་མངོན་སུམ་དང་རྗེས་སུ་དཔག་པའི་རིག་པས་དགག་པའི་ཚུལ་ནི། དཔལ་དུས་ཀྱི་འཁོར་ལོ་དང་། དབུ་ཚད་ཀྱི་བསྟན་བཅོས་རྣམས་སུ་བལྟ་བར་བྱའོ། །གཉིས་པ་ཐེག་པ་དམན་པའི་གྲུབ་མཐའ་ནི། ཕྱི་རོལ་རྡུལ་ཕྲན་ཕག་ན་མོ། །ཞེས་སོགས་ཚིག་བཅད་གཉིས་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་རང་སྡེའི་ཉན་ཐོས་བྱེ་མདོ་གཉིས་པོ་ཡང་། ཕྱི་རོལ་གྱི་དོན་སེམས་ལས་གཞན་པའི་རྡུལ་ཕྲན་ཆ་བཅས་དང་ཆ་མེད་པས་བསྐོར་བ། བར་བཅས་དང་བར་མེད་སོགས་ཕྱི་རོལ་གྱི་དོན་མངོན་སུམ་པ་དང་། ཕག་ན་མོ་སོགས་འདོད་པ་དེ་དག་ཡང་། ཀུན་གཞི་ཡིད་དང་བཅས་པ་ཡུལ་དུ་སྣང་བའི་ནུས་པ་ཡིན་པ་མ་རྟོག་པའི་དབང་གི་གཞན་དུ་སྣང་བར་འཁྲུལ་པ་ཡིན་གྱིས། སེམས་ལ་ཐ་དད་པའི་ཕྱི་དོན་བདེན་པ་མེད་ལ། འོན་ཀྱང་བདག་དང་བྱེད་པ་པོ་ལ་སོགས་ཡོད་པར་རྟོག་པ་དགག་པའི་ཕྱིར་རྒྱལ་བས་རྡུལ་ཕྲན་ལ་སོགས་པའི་ཁམས་ཀྱི་རང་བཞིན་གསུང་པ་ཡོད་ལ། རང་སྡེ་ཉན་ཐོས་འགའ་ཞིག་བདག་དང་གང་ཟག་ལ་སོགས་པ་ཡོད་པར་སྨྲ་བ་དེ་དག་ཡང་། མིང་ཙམ་དུ་བཏགས་ནས་བརྗོད་པར་ཟད་ཀྱི། བདག་དང་གང་ཟག་བདེན་པའི་རྫས་སུ་གྲུབ་པ་ནི་རྡུལ་ཙམ་ཡང་མེད་ལ། གལ་ཏེ་ཡོད་ན། རྫས་དེ་འཁོར་བའི་ཆོས་སུ་བདེན་པར་ཡོད་དམ། མྱ་ངན་ལས་འདས་པའི་ཆོས་སུ་བདེན་པར་ཡོད། འཁོར་བའི་ཆོས་སུ་བདེན་པ་ཡོད་ན་ཐར་པར་མེད་པའི་སྐྱོན་དུ་འགྱུར་ལ། མྱང་ངན་ལས་འདས་ཀྱི་ཆོས་སུ་བདེན་པར་ཡོད་ན་འབད་མེད་དུ་ཐར་བར་འགྱུར་རོ། །དེ་ལ་སོགས་པའི་བྱེ་བྲག་སྨྲ་བས་ཕྱི་དོན་བདེན་པར་འདོད་པ་དང་། མདོ་སྡེ་པས་ཕྱི་དོན་བདེན་པ་ཡིན་ཡང་རང་དུས་ཀྱི་སེམས་སྣང་དུ་འདོད་པ་དང་། སེམས་ཙམ་པས་སེམས་རང་རིག་རང་གསལ་བདེ ན་པར་འདོད་པ་དང་། དབུ་མ་པས་སེམས་ཀྱང་བདེན་མེད་དུ་འདོད་ལ། དབུ་མ་ཆེན་པོ་པ་རྣམས་ཀྱི་མེད་ཙམ་གྱིས་མེད་དགག་དེ་ཡང་མ་ཡིན་པར་སོ་སོ་རང་རིག་དུ་འདོད་པ་ལ་སོགས་སྤང་གཉེན་མཁས་པ་རྣམས་ཀྱི་གསུང་པ་བཞིན་ཡིན་ནོ། །གསུམ་པ་སྤང་གཉེན་གྱི་རྩ་བ་བཤད་པ་ནི། འདིར་ནི་ཡུལ་སྣང་ལུས་འདི་ལ། །ཞེས་སོགས་ཚིག་བཅད་ཕྱེད་དང་གསུམ་གྱི་སྟོན་ཏེ། དེ་ཡང་། རྡོ་རྗེ་ཐེག་པ་འདིར་ཀུན་གཞི་རྣམ་ཤེས་ཀྱི་ཡུལ་སྣང་གི་ལུས་འདི་ལ་རྩ་རླུང་ཐིག་ལེ་དག་པ་དང་མ་དག་པའི་ངེས་པ་ལས་སྤང་གཉེན་དེ་བཞིན་གཤེགས་པས་གསུང་པ་ཡིན་ལ། ཁྱད་པར་ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་དང་ལྡན་པའི་སྐྱེས་བུའི་ལོ་བརྒྱའི་རླུང་ཇི་སྙེད་པ་སྡོམ་ན་བྱེ་བ་བདུན་ཅུ་རྩ་བདུན་དང་ས་ཡ་བདུན་དང་འབུམ་ཕྲག་ཡོད་པས་དེ་སྦྱངས་གཞིར་བྱས་ནས་དེ་སྦྱོང་བར་བྱེད་པའི་ཆོས་སྒོ་ཡང་དེ་དང་མཉམ་པར་གསུང་པ་ཡིན་ཞིང་། ལོ་བརྒྱའི་ཡེ་ཤེས་ཀྱི་ཆ་ལ་བརྒྱད་ཁྲི་བཞི་སྟོང་ཡོད་པ་སྦྱོང་གཞིར་བྱས་ནས། སྦྱོང་བྱེད་ཆོས་སྒོ་བརྒྱད་ཁྲི་སྟོང་གསུང་པ་ནི་རག་རིམ་པ་ཡིན་པར་གྲགས་པ་ཡིན་ནོ། །བཞི་པ་རྒྱུད་ཀྱི་སྤང་གཉེན་མདོར་བསྟན་པ་ནི། དེ་ལ་ཡེ་ཤེས་རླུང་ཇི་སྙེད། །ཅེས་སོགས་ཚིག་བཅད་བཞིས་སྟོན་ཏེ། དེ་ཡང་རྒྱུད་ཀྱི་གཉེན་པོ་དེ་ལ་ལོ་བརྒྱའི་ཡེ་ཤེས་ཀྱི་རླུང་ཇི་སྙེད་པ་རྣམས་ནི། རྒྱུ་བ་མེད་པ་མྱ་ངན་ལས་འདས་པའི་ལམ་དང་ལྡན་པས་སྤྱིར་གཉེན་པོའི་མཆོག་དང་ཁྱད་པར་བླ་ན་མེད་པའི་རྒྱུད་ཀྱི་གཉེན་པོའི་མཆོག་ཡིན་ཞིང་། དེའི་ཕྱིར་ལོ་བརྒྱའི་ཡེ་ཤེས་ཀྱི་རླུང་སྡོམ་པས་ལོ་གསུམ་ཕྱོགས་གསུམ་འབྱུང་བ་ལས། ལོ་གསུམ་པོ་དེ་ལ་ཞག་སྟོང་དང་བརྒྱད་ཅུ་འབྱུང་ལ། ལོ་གསུམ་པོ་དེ་ལ་ཡང་སྐུ་གསུང་ཐུགས་ཡིན་པས་དེའི་དབྱེ་བས་རྒྱུད་སྡེ་ཡང་སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་དང་། ལོ་གསུམ་པོ་དེ་ལ་བགྲོད་པ་གཉིས་གཉིས་སྟེ་དྲུག་གི་དབྱེ་བས་རིག་དྲུག་གི་རྒྱུད་དུ་བཤད་ཅིང་། ལོ་གསུམ་པོ་དེ་ལ་ཟླ་བ་སུམ་ཅུ་རྩ་དྲུག་འབྱུང་བའི་དབྱེ་བས་རིག་སུམ་ཅུ་རྩ་དྲུག་གི་རྒྱུད་མེད། དེ་དག་ནི་བསྡུས་རྒྱུད་ཡིན་ཞིང་། སུམ་ཅུ་རྩ་དྲུག་པོ་དེ་རེ་རེ་ལ་གཡས་གཡོན་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ཕྱེ་བ་ལས། ཐབས་ཤེས་ཀྱི་རྒྱུད་རྩ་རྒྱུད་བདུན་ཅུ་རྩ་གཉིས་ཡོད་ལ། འདི་ནི་བདག་མེད་མཁའ་འགྲོ་རྒྱ་མཚོར་ཕྱག་གི་གྲངས་ཀྱི་དག་པར་གསུང་པ་ཡིན་ནོ། །ལྔ་པ་དེ་ཉིད་རྒྱས་པར་བཤད་པ་ནི། ཨ་སོགས་དབྱངས་ནི་སུམ་ཅུ་དྲུག །ཞེས་སོགས་ཚིག་བཅད་བཞི་དང་རྐང་པ་གསུམ་གྱིས་སྟོན་ཏེ། དེ་ཡང་། ཨ་ལ་སོགས་པའི་དབྱངས་སུམ་ཅུ་དང་། སྟོང་ཆེན་ཡིག་ལྔ་རྗེས་སུ་ང་རོ་སྟེ་སུམ་ཅུ་རྩ་དྲུག་དང་། ཀ་སོགས་གསལ་བྱེད་ཀྱང་སུམ་ཅུ་པོའི་སྟེང་དུ་ཧ་ཡ་ར་ཝ་ལ་ཀྵ་སྟེ་དྲུག་བསྣན་པས་སུམ་ཅུ་སོ་དྲུག་འབྱུང་བ་ནི་བརྗོད་བྱེད་ཀྱི་ཡི་གེའི་གཙོ་བོ་གསུང་པ་ཡིན་ལ། དེ་ཡང་གསལ་བྱེད་སུམ་ཅུ་པོ་རེ་རེ་ཡང་དབྱངས་སུམ་ཅུས་བསྒྱུར་བ་ལ་སྡོམ་པ་ལས་དགུ་བརྒྱ་དང་། དབྱངས་གསལ་སོ་སོར་ཕྱེ་བ་ལས་སྟོང་བརྒྱད་བརྒྱད་ཡིན་ཞིང་། དེ་དུས་སྦྱོར་གཅིག་གི་རླུང་གྲངས་དང་མཉམ་པ་ཡིན་པས་རྒྱུད་སྡེའི་དབྱེ་བ་ཡང་དེ་དང་མཉམ་པ་དང་། དུས་སྦྱོར་དེ་ཞག་དུ་ལོངས་པ་ན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པས་རྒྱུད་སྡེའི་ཡན་ལག་གི་གྲངས་ཀྱང་དེ་དང་ལྡན་པ་ཡིན་ལ། དེ་རེ་རེ་ཡང་ཐིག་ལེ་སྐུ། ཚེག་དྲག་གསུང་། གྲུ་ཐིག་ཐུགས་རྣམས་ཀྱི་དབྱེ་བས་ཐུང་ངུ་རིང་པོ་ཤིན་ཏུ་རིང་པོ་རྣམས་སུ་འགྱུར་ཞིང་། གསལ་བྱེད་སུམ་ཅུ་དབྱངས་དྲུག་གིས་བསྒྱུར་བ་ལས་བརྒྱ་བརྒྱད་ཅུ་དང་། དེ་ཡང་དབྱངས་གསལ་སོ་སོར་ཕྱེ་བ་ལས་སུམ་བརྒྱ་དྲུག་ཅུ་རྩ་བའི་དབྱངས་དང་། ཉིན་མཚན་ཆུ་ཚོད་དྲུག་ཅུའི་དབྱངས་ཀྱང་དྲུག་ཅུ་སྟེ། དེའི་ཕྱིར་ཞག་གཅིག་གི་དབུགས་ཀྱི་གྲངས་དང་ལོ་གཅིག་གི་ཚུ་ཚོད་གཉིས་དབྱངས་ཀྱི་གྲངས་མཐུན་པའི་ཕྱིར་གསལ་བྱེད་ཀྱང་དེ་དང་མཚུངས་པ་ཡིན་ཏེ། ཞིབ་ཏུ་དབྱངས་འཆར་ནང་དུ་བལྟ་བར་བྱ་ཞིང་། དེ་ལྟར་བླ་ན་མེད་པའི་རྒྱུད་ཀྱི་ཚོགས་ཀྱི་རྣམ་པར་དབྱེ་བ་བསྡུས་པ་བསྟན་པ་ཡིན་ནོ། །དྲུག་པ་རྒྱུད་ཀྱི་ལྷ་གྲངས་བསྟན་པ། ཡེ་ཤེས་ཀྱི་རླུང་ལ་སྦྱར་བ་དང་། རྩ་ལ་སྦྱར་བ་གཉིས་ལས། དང་པོ་ལ། དུས་ཀྱི་འཁོར་ལོའི་ལྷ་གྲངས། སྡོམ་པ་ཆེ་ཆུང་གི་ལྷ་གྲངས། སྒྱུ་འཕྲུལ་དྲ་བའི་ལྷ་གྲངས། གསང་བ་འདུས་པའི་ལྷ་གྲངས། རྒྱུད་ནས་བཤད་པའི་ལྷ་གྲངས་སྟེ་ལྔ་ལས། དང་པོ་ནི། ད་ནི་ཐབས་ཤེས་གཉིས་མེད་རྒྱུད། །ཅེས་སོགས་ཚིག་བཅད་ཕྱེད་དང་གཉིས་ཀྱི་སྟོན་ཏེ། དེ་ཡང་དོན་དམ་ལ་རྒྱུད་ཐམས་ཅད་ཐབས་ཤེས་གཉིས་མེད་ཡིན་ཡང་། ཀུན་རྫོབ་དུ་ཐབས་གཙོ་བོར་སྟོན་པ་ཕ་རྒྱུད་དང་། ཤེས་རབ་གཙོ་བོར་སྟོན་པ་མ་རྒྱུད། ཆ་མཉམ་དུ་སྟོན་པ་གཉིས་མེད་ཀྱི་རྒྱུད་ཡིན་པ་ལས། གཉིས་མེད་ཀྱི་རྒྱུད་དཔལ་དུས་ཀྱི་འཁོར་ལོའི་ལྷ་གྲངས་ནི། ལོ་བརྒྱའི་ཡེ་ཤེས་ཀྱི་ཆ་ལོ་གསུམ་གྱི་ཞག་སྟོང་བརྒྱད་ཅུ་ལ་ཞག་རེ་ལ་རེས་ཀྱི་ལོངས་སྤྱོད་པའི་རེས་གཟའ་བདུན་གྱིས་བགོས་པ་ལས་བརྒྱ་དང་ལྔ་བཅུ་བཞི་འབྱུང་བ་ནི་དུས་འཁོར་ཉུང་ངུ་པད་མ་གདན་ཅན་གྱི་ལྷ་གྲངས་དང་ལྷག་མ་གཉིས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་གསུང་པ་ཡིན་ནོ། །གཉིས་པ་སྡོམ་ཆེ་ཆུང་གི་ལྷ་གྲངས་ནི། ཟླ་བའི་ཆ་ནི་བཅོ་ལྔ་སྟེ། །ཞེས་སོགས་ཚིག་བཅད་ཕྱེད་དང་གཉིས་ཀྱི་སྟོན་ཏེ། དེ་ཡང་ཡེ་ཤེས་ཀྱི་ཆ་ལོ་གསུམ་གྱི་ཞག་སྟོང་བརྒྱད་ཅུ་ལ་ཟླ་བའི་ཆ་བཅོ་ལྔས་བགོས་པ་ལས་ཐོབ་པ་བདུན་ཅུ་རྩ་གཉིས་དང་། བདག་པོ་འཁྲིག་ཐབས་དང་བཅས་པའི་རྣལ་འབྱོར་མའི་ལྷ་གྲངས་ནི་རྩ་བའི་རྒྱུད་སྡོམ་པ་ཆེན་པོའི་ལྷ་གྲངས་སྟེ་ངེས་བརྗོད་དམ་མངོན་བརྗོད་ཀྱི་རྒྱུད་ཀྱི་ལྷ་གྲངས་སུ་བཤད་ལ། དེ་ལྟར་རྣལ་འབྱོར་མ་བདུན་ཅུ་རྩ་གཉིས་ལས་གཉིས་གཉིས་སྡོམ་པ་ལས་དཔལ་མོ་སུམ་ཅུ་རྩ་བདུན་དང་། ཐབས་དཔའ་བོ་གཅིག་དང་བཅས་པ་ནི་སྡོམ་པ་ཆུང་ངུའི་ལྷ་གྲངས་ཡིན་ཞིང་། དེ་ལྟར་སྡོམ་པ་ཆེ་ཆུང་གཉིས་ཀ་ལ་ལྷ་དཔའ་བོ་གཅིག་ལས་མི་འོང་བ་ཅི་ཞེ་ན། བདེ་ཆེན་གྱི་དག་པས་ལྷ་དཔའ་བོ་དང་། སྟོང་པ་ཉིད་ཀྱི་དག་པས་ལྷ་མོར་བཞག་པ་ཡིན་པས་ན། བདེ་ཆེན་ནི་རིས་མེད་ཅིང་རྣམ་པ་མེད་པའི་ཕྱིར་གཅིག་ཏུ་ངེས་ལ། སྟོང་ཉིད་ནི་རྣམ་པ་དང་བཅས་པ་ཡིན་པས་དབྱེ་བ་དུ་མར་འགྱུར་བ་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་ལུས་ལ་གནས་པའི་ཡེ་ཤེས་ཀྱི་རླུང་གི་དབང་ལས་བྱུང་བ་ཡིན་ནོ། །གསུམ་པ་སྒྱུ་འཕྲུལ་དྲ་བའི་ལྷ་གྲངས་ནི། །ཟླ་ཕྱེད་གསུམ་གྱི་ཞག་དེ་དག་ཞེས་སོགས་ཚིག་བཅད་གཉིས་ཀྱི་སྟོན་ཏེ། དེ་ཡང་ཡེ་ཤེས་ཀྱི་ཆ་ཕྱོགས་གསུམ་སྟེ་ཟླ་བ་ཕྱེད་པ་གསུམ་གྱི་ཞག་དེ་དག་ཡང་ཕ་རྒྱུད་ཀྱི་ལྷ་གྲངས་སུ་འཆར་ཞིང་། ཁྱད་པར་ཐབས་ཀྱི་རྒྱུད་སྒྱུ་འཕྲུལ་དྲ་བའི་ལྷ་གྲངས་སུ་ཇི་ལྟར་འཆར་བ་ནི། ཟླ་བ་ཕྱེད་པ་གསུམ་གྱི་ཞག་བཞི་བཅུ་རྩ་ལྔ་ལ་དུས་སྦྱོར་བཅུ་གཉིས་ཀྱི་བསྒྱུར་བ་ལས། ལྔ་བརྒྱ་བཞི་བཅུ་འབྱུང་བ་ཡིན་ལ། དེ་ལས་སྒྱུ་འཕྲུལ་དྲ་བ་རྣམ་པ་གསུམ་སྟེ། ཞེ་དགུ་མའི་དཀྱིལ་འཁོར་དང་། ཞེ་ལྔ་མ། ཞེ་གསུམ་མ་རྣམས་སྟེ། དེ་དག་ཟུང་ཡིན་པས་ན། ཕྱེ་བ་ལ་ཉིས་བརྒྱ་དང་བདུན་ཅུ་རྩ་བཞི་འབྱུང་བ་ཡིན་ནོ། །བཞི་པ་གསང་བ་འདུས་པའི་ལྷ་གྲངས་ནི། དཔལ་ལྡན་འདུས་པ་རྣམ་དྲུག་སྟེ། ཞེས་སོགས་ཚིག་བཅད་ཕྱེད་དང་གཉིས་ཀྱི་སྟོན་ཏེ། དེ་ཡང་སྒྱུ་འཕྲུལ་དྲ་བའི་ལྷ་གྲངས་ཀྱི་ལྷག་མ་རྣམས་ནི་འདུས་པ་རྣམ་པ་དྲུག་གི་རྒྱུ་འཆར་སྟེ། ལྷ་དགུ་མ། ལྷ་བཅུ་གཉིས་མ། བཅུ་དགུ་མ། ཉེར་ལྔ་མ། སོ་གཉིས་མ། སོ་བཞི་མ་སྟེ། དེ་དག་ཐབས་དང་ཤེས་རབ་ཀྱི་དབྱེ་བ་ལས་ཉིས་བརྒྱ་དྲུག་ཅུ་རྩ་བཞི་འབྱུང་བ་ནི་ཐབས་དང་ཤེས་རབ་ཀྱི་རྒྱུད་ཀྱི་རྣམ་གྲངས་སོ། །ལྔ་པ་རྒྱུད་གཞན་ལས་འབྱུང་བའི་ལྷ་གྲངས་ནི། ཐོད་པ་རྡོ་རྗེ་བདུད་རྩི་དང་། །ཞེས་སོགས་ཚིག་བཅད་གཉིས་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་ཐོད་པ་ཉེར་ལྔ་མ་ལ་སོགས་པ་དང་། རྡོ་རྗེ་བདུད་རྩི་དང་། དགྱེས་རྡོར་ལ་སོགས་པ་མ་རྒྱུད་ཀྱི་སྡོམ་པ་ཆེ་ཆུང་གི་ནང་དུ་འདུས་ལ་གཤིན་རྗེ་གཤེད་དང་། རྟ་མགྲིན་ལ་སོགས་པ་ཕ་རྒྱུད་ཡིན་པས་གསང་བ་འདུས་པར་བསྡུ་ཞིང་། ཆོས་དབྱིངས་གསུང་དབང་དང་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ལ་སོགས་པ་ནི་དུས་ཀྱི་འཁོར་ལོར་བསྡུ་ལ། དེ་བཞིན་དུ་རྣལ་འབྱོར་གྱི་རྒྱུད་རྣམས་ཀྱང་ཕ་རྒྱུད་དུ་འདུ་ཞིང་བྱ་སྤྱོད་རྣམས་ཀྱང་དེའི་ཡན་ལག་ཡིན་ཏེ། དེ་ནི་ཡེ་ཤེས་ཀྱི་རླུང་ལ་ལྷ་ཐམས་ཅད་སྦྱར་བ་བཤད་པ་ཡིན་ནོ། །གཉིས་པ་རྩ་དང་སྦྱར་བ་ནི། རྩ་ཡང་དེ་བཞིན་གསུངས་པ་ནི། །ཞེས་སོགས་ཚིག་བཅད་ཕྱེད་དང་བཅུ་དྲུག་གི་སྟོན་ཏེ། དེ་ཡང་རྒྱུད་ཀྱི་ལྷ་གྲངས་ཡེ་ཤེས་ཀྱི་རླུང་ལ་སྦྱར་བ་བཤད་པ་ནས། རྩ་ལ་ཡང་དེ་བཞིན་དུ་སྦྱར་བར་གསུངས་པ་ཡིན་ལ། ཐིག་ལེ་སྦྱར་བ་ནི། དཀར་ཆ་ཐམས་ཅད་རླུང་དང་། དམར་ཆ་ཐམས་ཅད་རྩ་དང་། ཆོས་མཐུན་པའི་ཕྱིར་འདི་ཉིད་ཀྱི་ཁོངས་སུ་འདུ་བ་ཡིན་ལ། དེས་ན་རྩ་ལ་སྦྱར་བ་ནི། སྙིང་གའི་སྲོག་གི་རླུང་གནས་པའི་དབུ་མ་ནི་དུས་ཀྱི་འཁོར་ལོའི་གཙོ་བོ་དང་། རོ་རྐྱང་གཉིས་ནི་ཞབས་དཀར་དམར་གཉིས་ཡིན་ལ་འཁོར་ལོ་དྲུག་གི་ལྟེ་བའི་མི་ཤིག་པ་ནི་སངས་རྒྱས་དྲུག་དང་སྙིང་གའི་རྩ་བརྒྱད་དུ་བ་མ་ལ་སོགས་པའི་ལྷ་མོ་བརྒྱད་དང་། ཡེ་ཤེས་ཀྱི་རང་བཞིན་བདུད་བྲལ་མ་ནི་སྣ་ཚོགས་ཡུམ། བུམ་པ་བརྒྱད་ནི་གཤང་བ། གཅི་བ། ཤ་རྐང་ཁུ་བ་ཁྲག་རྣམས་ཀྱི་རྩ་ཡིན་ལ་ནོར་བུ་གན་ཊཱི། དཔག་བསམ་ཤིང་། དུང་རྣམས་གཙུག་ཏོར་གྱི་རྩ་འདབ་བཞི། ཕུང་པོ་དྲུག ཁམས་དྲུག་གི་རྩ་རྣམས་སངས་རྒྱས་དྲུག་དང་དེའི་ཡུམ་ལྷ་མོ་དྲུག །མིག་སོགས་དབང་པོ་དྲུག་དང་། གཟུགས་སོགས་ཡུལ་དྲུག་གི་རྩ་ནི་བྱང་ཆུབ་སེམས་པ་དྲུག་དང་། སེམས་མ་དྲུག་རྐང་པ་ལ་སོགས་པའི་ལས་དབང་དྲུག་དང་། དེའི་བྱ་བ་དྲུག་གི་རྩ་ནི་ཁྲོ་བོ་དྲུག་དང་ཁྲོ་མོ་དྲུག ལྟེ་བའི་རྩ་རྣམས་ནི་འཇིགས་མ་ལ་སོགས་པའི་གསུང་དཀྱིལ་གྱི་རྣལ་འབྱོར་མ་དང་། ཚིག་ཆེན་བཅུ་གཉིས་ནི་སྐུ་དཀྱིལ་གྱི་ལྷ་ཆེན་བཅུ་གཉིས་ཚེས་ལྷ་དང་བཅས་པ་སོར་ཚིགས་ཀྱི་རྩ་རྣམས་ཀླུ་དང་གཏུམ་མོ། བ་སྤུ་རྣམས་འབྱུང་པོ་དང་། འདོད་པ་དང་མི་འདོད་པའི་རྟོག་པ་ཀུན་མཆོད་པའི་ལྷ་མོ་དང་བཅས་པ་ཡིན་ལ། དེ་དག་ཡང་རྩ་ཐམས་ཅད་ཤེས་རབ་དང་ཁམས་ཐམས་ཅད་ཐབས་ཀྱི་དབྱེ་བ་ཕྱེ་བ་ལ་སྟོང་དང་བརྒྱ་བཅུའོ། །དེ་ནས་དཔལ་ལྡན་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྩ་དང་སྦྱར་ན། སྡོམ་པའི་གཙོ་བོ་ནི་དབུ་མ་དང་། རོ་རྐྱང་གཉིས་ཞབས་དང་། བདུད་བྲལ་མ་ཕག་མོ་དང་བཅས་པ། སྙིང་གའི་ཕྱོགས་ཀྱི་རྩ་བཞི་ཡུམ་བཞི་དང་། འཚམས་ཀྱི་རྩ་བཞི་མཆོད་པ་བཞི། རྩ་ཆེན་ཉེར་བཞི་རབ་ཏུ་གཏུམ་མོ་ལ་སོགས་པའི་རྣལ་འབྱོར་མ་ཉེར་བཞི་དང་། དེའི་ནང་གི་ཁམས་རྣམས་ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ཉེར་བཞིར་གསུངས་ལ། ཁ་གདོང་མ་ལ་སོགས་པ་བརྒྱད་ནི་ཁྲོ་བོ་བཅུ་དང་མཚུངས་སྟེ། རྩའི་རྩ་བ་སྙིང་ཁ་དང་། མཐའ་དབང་པོའི་སྒོ་ལ་ཐུག་པ་ཡིན་ལ། ཉིས་འགྱུར་གྱི་སྡོམ་པ་ཆེན་པོ་ནི། རྩ་ཆེན་ཉེར་བཞི་ལ་ཐིམས་ལོངས་སྤྱོད་བདག་པོའི་དབྱེ་བ་ལས། རྣལ་འབྱོར་བདུན་ཅུ་རྩ་གཉིས་དང་། རྒྱས་པར་ན་འཁོར་ལོའི་རྩ་འདབ་བརྒྱ་ཉི་ཤུ་ལས། དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱང་དེ་དང་མཉམ་པར་མངོན་བརྗོད་དང་རྡོ་རྗེ་མཁའ་འགྲོ་ལ་གསུང་པ་ཡིན་ནོ། །དཔལ་ལྡན་འདུས་པ་རྩ་དང་སྦྱར་ནས་བཤད་ན། ཕུང་པོ་ལྔའི་རྩ་སངས་རྒྱས་ལྔ། ཁམས་བཞི་རེག་བྱ་དང་བཅས་པ་ལྷ་མོ་ལྔ་མིག་གཉིས་ཀྱི་རྩ་ས་སྙིང་རྣ་བ་ཕྱག་ན་རྡོ་རྗེ། སྣ་ནམ་མཁའི་སྙིང་པོ། ལྕེ་འཇིག་རྟེན་དབང་ཕྱུག ཡིད་ཀྱི་ཁམས་འཇམ་དཔལ། ཆོས་ཁམས་སྒྲིབ་སེལ། ལུས་ཀུན་ཏུ་བཟང་པོ། རྩ་རྒྱུས་བྱམས་པ། ཡན་ལག་གི་ཚིག་དང་ཁ་དང་གསང་བ་ནི་ཁྲོ་བོ་བཅུ་དང་། རིགས་ཀྱི་དབང་དུ་ན། ལྟེ་བ་སའི་དཀྱིལ་འཁོར་ལ་ལས་ཀྱི་རིག་ལས་སྐྱེས་པ་མཁྱེན་མ་དང་གཏུམ་མོ་ལ་སོགས་པའི་ལྷ་མོ་དྲུག་ཅུ་རྩ་བཞི་དང་། སྙིང་ག་རླུང་གི་དཀྱིལ་འཁོར་ལ་རྡོ་རྗེའི་རིག་རྡོ་རྗེ་དབྱིངས་ལ་སོགས་པའི་ལྷ་དགུ། མགྲིན་པར་པདྨའི་རིག་པད་མའི་སྒྲོན་མ་ལ་སོགས་པའི་ལྷ་བཅུ་དྲུག །སྤྱི་བོར་རྣམ་སྣང་གི་རིག་རབ་ཏུ་པད་མ་ལ་སོགས་པའི་ལྷ་སུམ་ཅུ་སོ་གཉིས་ཡོད་པར་སོགས་སུ་གསུང་། རྒྱས་པར་རྡོ་རྗེ་ཕྲེང་བར་ནི་གསུང་པ་ཡིན་ལ། དེ་ལ་སོགས་པའི་དཀྱིལ་འཁོར་དུ་མ་རྣམས་ལས་རྐྱང་པ་དང་ཕྱོགས་རེའི་ཆ་དང་ལྡན་པར་གསུང་པ་ཐམས་ཅད་འདིར་འདུས་ཏེ། རྐྱང་པའི་དབང་དུ་ན། དཔེར་ན་དགྱེས་རྡོར་ལྷ་དགུ་སྙིང་གའི་འཁོར་ལོ་རྐྱང་པ་ལ་བཞག་པ་བཞིན་ཡིན་ལ། དེ་ཐམས་ཅད་ཀྱང་ལུས་ཀྱི་རྩ་རླུང་ཐིག་ལེའི་དབང་ལས་བྱུང་བ་ཡིན་ཏེ། སྤྱི་བོར་སྐུའི་ལྷ་འཇམ་དཔལ་དང་གཤིན་རྗེ་གཤེད་ལ་སོགས། མགྲིན་པར་གསུང་གི་ལྷ་འོད་དཔག་མེད་དང་རྟ་མགྲིན་ལ་སོགས་པ་དང་། སྙིང་གར་ཡང་དག་དགྱེས་རྡོར་ལ་སོགས་པ་ཐུགས་ཀྱི་ལྷ་ཚོགས་དང་། ལྟེ་བར་རིན་ཆེན་འབྱུང་དང་བདུད་རྩི་ལ་སོགས་པ་ཡོན་ཏན་གྱི་ལྷ་ཚོགས་དང་། གསང་གནས་སུ་ཕུར་པ་དང་དོན་ཡོད་གྲུབ་པ་ལ་སོགས་ཕྲིན་ལས་ཀྱི་ལྷ་ཚོགས་དང་། ཡན་ལག་ལ་མ་མོ་དང་ཉིང་ལག་ལ་འཇིག་རྟེན་མཆོད་བསྟོད་དང་སྨོད་པ་དྲག་སྔགས་ཀྱི་ལྷ་ཚོགས་རྣམས་ལ་གནས་པ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། མདོར་ན་རྩ་ནི་སྐུ་ཡིན་ཏེ། །ཞེས་སོགས་ཚིག་བཅད་ཕྱེད་དང་གསུམ་གྱི་སྟོན་ཏེ། དེ་ཡང་མདོར་ན་རྩ་ནི་སྐུ་ཡིན་ཏེ་ལམ་དུ་སྐྱེད་རིམ་སྒོམ་ཞིང་། རླུང་ནི་སྔགས་དང་ཡི་གེ་ཡིན་ཏེ་ལམ་དུ་སྔགས་བཟླ་བ་དང་། ཐིག་ལེ་ནི་ཕྲ་མོ་བདེ་བ་ཡིན་ཏེ་ལམ་དུ་རྫོགས་རིམ་བསྒོམ་པ་ལ་དབང་བ་ཡིན་ནོ། །དེ་བཞིན་དུ་སྦྱིན་སྲེགས་ལ་སོགས་པའི་ལམ་རྣམས་ཀྱང་ནང་གི་སྦྱང་གཞིའི་དབང་གི་སྦྱོང་བྱེད་ཡིན་ཞིང་འདིར་ནི་ཕྱོགས་ཙམ་བརྗོད་པའོ། །དེ་བཞིན་ས་དང་ལམ་དང་གཟུང་དང་ཏིང་ངེ་འཛིན་རབ་འབྱམས་ལ་སོགས་ཐུན་མོངས་པ་རྣམས་ཀྱང་ལྷ་དང་སྔགས་སུ་འཆར་བ་ཡིན་ཏེ། ལུས་དང་སེམས་ཀྱི་སྣང་བའི་དབྱེ་བ་ལས་བརྟེན་ནས་ཐམས་ཅད་གཟིགས་པས་གསུང་པ་ཡིན་ནོ། །ཟབ་མོ་ནང་གི་དོན་གསལ་བར་བྱེད་པ་ལས་ཆོས་ཀྱི་སྦྱང་གཞི་དང་སྦྱངས་བྱེད་བསྟན་པ་སྟེ་དགུ་པའོ། །ད་ནི་དུམ་བུ་བཅུ་པ་ལམ་ལ་ཇི་ལྟར་སྦྱར་བ་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ། མཇུག་བསྡུ་བ་སྟེ་གསུམ་ལས། དང་པོ་ནི། དེ་ལྟར་རྩ་རླུང་ཐིག་ལེ་གསུམ། །ཞེས་སོགས་ཚིག་བཅད་གཅིག་གི་སྟོན་ཏེ། དེ་ཡང་སྔར་བཤད་པ་དེ་ལྟར་ན་རྩ་རླུང་ཐིག་ལེ་གསུམ་པོ་ཡང་གཞན་སེམས་ཀྱི་ཆ་ལས་སྣང་བ་ཡིན་པས་སེམས་ཀྱི་རྫས་ཡིན་ལ། སེམས་ཀྱི་ངོ་བོ་ལ་འཁོར་འདས་གཉིས་སུ་མེད་ཀྱང་། སེམས་ཀྱི་རྟེན་རྩ་ཐིག་རླུང་གསུམ་པོ་དག་པ་དང་མ་དག་པའི་དབང་གི་འཁོར་འདས་སུ་སྣང་བ་ཡིན་པས་ན་དེའི་ཕྱིར་འདི་དག་གི་དོན་གྱི་གནད་འཆིང་བ་ནི། དམན་པ་ཉན་རང་དང་། ཐེག་ཆེན་ཕ་རོལ་ཏུ་ཕྱིན་པའི་ལམ་རིམ་ཀུན་ལས་ཁྱད་པར་འཕགས་པ་ཡིན་ཏེ། དེ་ཐམས་ཅད་ཀྱི་ངེས་དོན་ཡང་སྔགས་ཀྱི་ལམ་རིམ་འདི་ཉིད་ཡིན་པའི་ཕྱིར་དང་། མཐར་འཚང་རྒྱ་བ་ཡང་ལམ་འདི་ཉིད་ལ་བརྟེན་དགོས་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། ཐུན་མོང་བའི་ཐེག་པ་དང་། ཐུན་མོང་མ་ཡིན་པའི་ཐེག་པ་གཉིས་ལས། དང་པོ་ལ་ཉན་ཐོས་དང་རང་སངས་རྒྱས་བྱང་ཆུབ་སྟེ་གསུམ་ལས། དང་པོ་ནི། གང་ཟག་བདག་མེད་ཞི་བ་ཙམ། ཞེས་སོགས་ཚིག་བཅད་གཅིག་གི་སྟོན་ཏེ། དེ་ཡང་ཉན་ཐོས་ནི་འཕགས་པའི་བདེན་པ་བཞིས་ཆེ་བ་ཡིན་པས་ན། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་སྤངས་ཤིང་། ལམ་བྱང་ཕྱོགས་སོ་བདུན་ལ་བརྟེན་ནས་འགོག་པ་མངོན་སུམ་དུ་བྱེད་པ་ནི་སྤྱིའི་མཚན་ཉིད་ཡིན་ལ། དེ་ཉིད་ཀྱི་ལྟ་བའི་ཁྱད་པར་གང་ཟག་གི་བདག་མེད་རྟོགས་ཤིང་། བསམ་པའི་ཁྱད་པར་རང་བཞིན་ཉིད་ཞི་བ་ཙམ་འདོད་པ་དེས། ཚུལ་གནས་ཐོས་དང་བསམ་ལྡན་པ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར་བསྒོམ་པ་ལས་ཇི་ལྟར་རིག་པར་རང་གི་བྱང་ཆུབ་མངོན་དུ་བྱེད་ལ། སྲིད་པ་ལས་འདའ་པའི་མྱུར་བུལ་གྱི་ཁྱད་པར་ཡང་། ཤིན་ཏུ་མྱུར་བས་ནི་ཚེ་གཅིག་ལ་རྒྱུན་ནས་དགྲ་བཅོམ་གྱི་བར་མངོན་དུ་བྱེད་ཅིང་། མྱུར་བ་ཙམ་པོས་ནི། ཚེ་གཅིག་ལ་རྒྱུན་ཞུགས་ཚེ་གཉིས་པ་ལ་ཕྱིར་འོང་ཕྱིར་མི་འོང་གཉིས་དང་། ཚེ་གསུམ་པ་ལ་དགྲ་བཅོམ་པ་མངོན་དུ་བྱེད་ལ། རྒྱུན་ཞུགས་ཅི་ལྟར་འགོར་ན་ཡང་། ལྷའི་སྐྱེ་བ་བདུན་དང་མིའི་སྐྱེ་བ་བདུན། དེ་གཉིས་ཀྱི་བར་སྲིད་བདུན་ཏེ་དེ་དག་བདུན་དུ་ཆོས་མཚུངས་པའི་ཕྱིར། དེ་ལ་དགྲ་བཅོམ་པ་ཐོབ་པ་ཡིན་ཏེ། དེའི་འབྲས་བུ་ནི་རང་དོན་ཞི་བ་ཙམ་ཐོབ་པ་ཡིན་ཏེ། འདི་ལ་ཡང་ལྷག་བཅས་ལྷག་མེད་གཉིས་ཡོད་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ནི། རང་རྒྱལ། ཞེས་སོགས་རྐང་པ་གཉིས་སྟེ དེ་ཡང་རང་རྒྱལ་ནི་རང་བཞིན་གྱི་དབང་པོ་འབྲིང་པོ་ཡིན་ཞིང་། ང་རྒྱལ་ཆེ་བ་ཡིན་ལ། དེའི་ལྟ་བ་ནི། གང་ཟག་གིས་བདག་མེད་དང་གཟུང་བ་རང་བཞིན་མེད་པར་རྟོག་པའི་ཕྱིར་ན་བདག་མེད་ཕྱེད་གཉིས་རྟོགས་ཅིང་། བསམ་པ་ནི། ང་རྒྱལ་ཆེ་བའི་ཕྱིར་སངས་རྒྱས་མ་བྱོན་པའི་འཇིག་རྟེན་དུ་རང་གི་བྱང་ཆུབ་མངོན་དུ་བྱེད་པར་འདོད་པ་ཡིན་ནོ། །དེས་ཀྱང་། ཚུལ་གནས་ཐོས་དང་བསམ་པ་དང་། སྒོམ་པ་ལ་ནི་རབ་ཏུ་སྦྱོར་བའི་རིམ་གྱི་ཚོགས་སྤྱོད་ཆུང་བ་བསྐལ་པ་ཉི་ཤུ་དང་ཆེ་བས་བསྐལ་པ་ལྔ་བཅུ་ལ་རང་གི་བྱང་ཆུབ་འགྲུབ་ཅིང་། བསེ་རུ་ལྟ་བུས་ནི་བསྐལ་པ་བརྒྱ་ཡིས་རང་གི་བྱང་ཆུབ་འགྲུབ་ལ། དེ་ཡང་རང་ལམ་ལ་ལྟོས་ནས་སྔ་མ་གཉིས་པོ་འདི་དབང་པོ་རྣོ་བ་ཡིན་ནོ། །གསུམ་པ་བྱང་སེམས་ནི། སེམས་ཅན་ཞེས་སོགས་རྐང་པ་གཉིས་སྟེ། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་ནི། བསམ་པ་སེམས་ཅན་དོན་ལ་ཕན་པར་བྱེད་པའི་སྨོན་འཇུག་གི་སེམས་གཉིས་དང་ལྡན་ཞིང་། ལྟ་བ་སྲིད་ཞིའི་མཐའ་ལ་མི་གནས་པའི་བདག་མེད་གཉིས་རྟོགས་པའི་ཤེས་རབ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེས། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་ལ། བསྐལ་པ་གྲངས་མེད་གསུམ་ལ་བྱང་ཆུབ་ཐོབ་པར་གསུང་ལ། གྲངས་མེད་གསུམ་པོ་དེ་ཡང་ཚོགས་སྡོམ་པ་ཡིན་གྱི། གྲངས་མེད་གསུམ་གྱི་ལོ་གྲངས་དེས་ངེས་པར་བགྲངས་དགོས་པ་ནི་མ་ཡིན་ནོ། །གཉིས་པ་ཐུན་མོངས་མ་ཡིན་པ་ལ། རྒྱུད་སྡེ་བཞིའི་དུས་ཀྱི་ཁྱད་པར་བསྟན་པ་དང་། ལམ་དངོས་གཉིས་ལས། དང་པོ་ནི། འདིར་ནི་ཐབས་ཀྱི་ཁྱད་པར་གྱི། །ཅེས་སོགས་ཚིག་བཅད་གཅིག་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་ཐེག་པ་འོག་མ་རྣམས་དང་སྔགས་ཀྱི་ཐེག་པ་གཉིས་པོ་ངེས་དོན་ལ་ལྟོས་ནས་མཐར་ཐུག་གི་བགྲོད་པ་ནི་གཅིག་ཡིན་ཡང་། སྔགས་ཀྱི་ཐེག་པ་ནི་ཐབས་མང་བ་ལ་སོགས་པས་ཁྱད་པར་དུ་བྱས་པ་ཡིན་ལ། དེ་དག་ལ་ཡང་མདོར་བསྡུ་ན་ལམ་བདེ་སྐྱོབ་དང་མྱུར་སྐྱོབ་གཉིས་ཀྱི་ཁྱད་པར་དུ་བྱས་པས་ན། ཕ་རོལ་ཏུ་ཕྱིན་པའི་ལམ་དེ་ལས་བྱ་སྤྱོད་གཉིས་ཀྱི་ཚུལ་གྱི་ཐབས་མཁས་ཙམ་དང་ལྡན་པས་ཀྱང་མི་ཚེ་དྲུག་ཅུས་ཀྱང་བྱང་ཆུབ་འཐོབ་སྟེ། འདི་ཉིད་ཚེ་ལོ་བརྒྱ་པའི་དུས་སུ་གསུང་པས་ན། མི་ཚེ་རེ་དང་ལོ་བརྒྱ་དོན་གཅིག་པས་ན་ལོའི་དབང་དུ་བྱས་ན་ལོ་དྲུག་སྟོང་ཡིན་ནོ། །རྣལ་འབྱོར་རྒྱུད་ཀྱི་སྔགས་དང་ཕྱག་རྒྱ་དང་ལྡན་པས་ནི་མི་ཚེ་བཅུ་དྲུག་དང་། བླ་ན་མེད་པའི་ལམ་གྱིས་ནི་ཚེ་གཅིག་གི་ངེས་པར་འགྲུབ་སྟེ། དེ་ཡང་ལོ་གསུམ་ཕྱོགས་གསུམ་གྱི་ངེས་པར་པས་འགྲུབ་པ་ཡིན་ནོ། །གཉིས་པ་ལམ་དངོས་ལ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། བསྒོམ་ལམ། མི་སློབ་པའི་ལམ་སྟེ་ལྔ་ལས། དང་པོར་ཞེས་སོགས་རྐང་པ་གཉིས་སྟེ། དེ་ཡང་དང་པོར་མཚན་ཉིད་དང་ལྡན་པའི་བླ་མ་ལ་དབང་བསྐུར་བ་ཐོབ་ཅིང་དབང་དོན་ངོ་འཕྲོད་པ་ལས། དམ་ཚིག་དང་སྡོམ་པར་ལྡན་པའི་རྣལ་འབྱོར་པས་བཏགས་པའི་བསྐྱེད་རིམ་དང་ཡོངས་སུ་གྲུབ་པའི་རྫོགས་རིམ་གྱི་དོན་ལ་རྒྱུད་ལ་ཡིད་ཆེས་པ་ལུང་ཚད་མ་དང་། དེ་ནས་སློབ་དཔོན་ལ་ཡིད་ཆེས་པ་རྗེས་དཔག་ཚད་མ་དང་། དེ་ནས་རང་ཉིད་ཀྱི་མྱོང་བ་ལ་སོགས་པ་ཡིད་ཆེས་པ་མངོན་སུམ་ཚད་མ་སྟེ་ཚད་མ་གསུམ་གྱི་སྒོ་ནས་ལེགས་པར་ཤེས་ཤིང་། ཉེར་ལེན་གྱི་རྒྱུ་བདེ་བར་གཤེགས་པའི་སྙིང་པོ་དང་། ལྷན་ཅིག་བྱེད་རྐྱེན་བླ་མ་ལ་ཡིད་ཆེས་པ་ལ་སོགས་པའི་མོས་པའི་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། དེ་ནས་ཐུན་བཞི་ལ་སོགས་པའི་མཐུན་དུ་བཅད་པའི་བསྙེན་པ་དང་། དབེན་པའི་གནས་སུ་རྒྱུན་སྦྱོར་གྱི་བརྩོན་འགྲུས་བར་མ་ཆད་པ་ནི་བསྒྲུབ་པ་ཡིན་ཏེ། དེ་རྣམས་དང་ལྡན་པ་ནི་ཚོགས་ལམ་ཡིན་ཏེ། ཐུན་མོངས་པའི་ཐེག་པར། ཚོགས་ལམ་ཆུང་ངུར་དྲན་པ་ཉེ་བར་བཞག་པ་བཞི་དང་། འབྲིང་པོ་ལ་ཡང་དག་པར་སྤོང་བ་བཞི་དང་། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སོགས་པ་བསྒོམ་པར་གསུང་པ་ཡང་། འདི་ཉིད་དུ་ལྷའི་རྣམ་པར་བྱས་ནས་བསྒོམ་པ་ཡོད་ཅིང་ཚོགས་ལམ་ཆེན་པོར། དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། །ཡེ་ཤེས་ཡང་དག་ཐོབ་བྱའི་ཕྱིར། །སངས་རྒྱས་རྣམ་ལ་ཞི་གནས་དང་། གདམས་ངག་རྒྱ་ཆེན་པོར་ནོད་པར་འགྱུར། །ཞེས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ནི་ཐོབ་པར་གསུང་པའི་དོན་ཡང་འཚང་བ་ཡིན་ཏེ། རྒྱུན་སྦྱོར་གྱི་བརྩོན་འགྲུས་ནི་ཆོས་རྒྱུན་གྱི་ཏིང་ངེ་འཛིན་དང་། མཚན་ཉིད་ལྡན་པའི་བླ་མ་ནི་རང་ལ་སྣང་བའི་སངས་རྒྱས་ཡིན་པས་ན། དེ་ལ་གདམས་ངག་ནོད་པ་ནི་སངས་རྒྱས་རྣམས་ལ་གདམས་ངག་ནོད་པའི་དོན་འགྱུར་བ་ཡིན་ནོ། །དེ་ལས་འཕྲོས་པ་ནི། ཚོགས་ལམ་ཆུང་ངུའི་མངོན་རྟོགས་དྲན་པ་ཉེར་བཞི་ལྟ་བུ་ལ་མཚོན་ན། སྤྱིར་གསང་སྔགས་སྔ་འགྱུར་བ་རྣམས་གཞི་སྤོང་བའི་ལམ་གཞི་འགྱུར་པའི་ལམ། གཞི་དངོས་པོ་ལམ་དུ་བྱེད་པའམ། ངོ་བོ་ཉིད་ལམ་དུ་བྱེད་པ་ཟེར་བ་ཡོད་པའི་གཞི་སྤོང་བའི་ལམ་ནི། ལུས་གཙང་བར་འཛིན་པའི་གཉེན་པོར། རང་གི་མཚན་ཉིད་བདག་མེད་པར་སྒོམས་པ་སྟེ་མི་གཙང་བར་འཛིན་པ་དང་། ཚོར་བ་བདེ་བར་འཛིན་པའི་གཉེན་པོར་རང་གི་མཚན་ཉིད་སྡུག་བསྔལ་བར་སྒོམ་པ་སེམས་རྟག་པར་འཛིན་པའི་གཉེན་པོར་རང་གི་མཚན་ཉིད་མི་རྟག་པར་བསྒོམ་པ། ཆོས་ལ་བདག་ཏུ་འཛིན་པའི་གཉེན་པོར་རང་གི་མཚན་ཉིད་བདག་མེད་པར་བསྒོམ་པ་སྟེ། དེ་ནི་ཕར་ཕྱིན་ཐེག་པ་མན་ཆད་དུ་གྲགས་པའི་དྲན་པ་ཉེ་བར་བཞག་པ་ཡིན་པས་ན་འཇིག་རྟེན་འགལ་བའི་གཉེན་པོ་ཡིན་ལ། གཞི་གྱུར་པའི་ལམ་ནི་བདག་མེད་ལྟ་བུ་ལ་མཚོན་ན། མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་བཞི་པོ་བསྒོམ་པ་དྲན་པ་ཉེ་བར་བཞག་པ་བཞི་ཡིན་ཏེ། དེ་ཡི་རྒྱུན་ཡང་། གཞི་སྤོང་བའི་ལམ་དེ་རྟོགས་སམ་རིང་རྒྱུར་བྱས་ནས། ལུས་མི་གཙང་བ་ལ་གཙང་བར་འཛིན་པའི་བློ་འབྱུང་བའི་རྒྱུ་དེ་གང་ཡིན་བརྟག་པ་ལས། དེའི་རྒྱུ་སེམས་ཡིན་ཡང་བྱེད་པོ་རླུང་དང་ཐིག་ལེ་ཡིན་པས་ན་མཁའ་འགྲོ་མའི་ས་བོན་ལམ་ཡི་གེ་གདོང་ལ་སེམས་བཟུང་བས་རླུང་དེ་འཆིང་ཞིང་། དེ་ནས་ཡི་གེའི་གཟུགས་དང་ཁ་དོག་ལ་སོགས་པ་བསྒོམ་པས་ཐིག་ལེ་དེ་འཆིང་བ་ཡིན་ལ། དེ་ལ་གཟུགས་སུ་བསྒོམ་པ་ཡང་རླུང་འཆིང་བ་ཡིན་ལ། དེ་ནི་ཕྱིན་ཅི་ལོག་དུ་སྒྲོ་འདོགས་པའི་འཛིན་སྟངས་གི་གཉེན་པོར་འགྱུར་ཞིང་། དེའི་སྒྲོ་འདོགས་གང་ཡིན་ཐ་མལ་གྱི་སྣང་ཞེན་ཡིན་པས། དེའི་གཉེན་པོར་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྒོམ་པ་དང་། གཟུངས་ཀྱི་དཀྱིལ་འཁོར་ལ་སོགས་པ་ཡིག་གཟུགས་བསྒོམ་པ་ཡང་རུང་བ་ཡིན་ལ། བསྒྱུར་བའི་ལམ་འདིར་འཛིན་སྟངས་འགལ་བའི་གཉེན་པོ་ཡོད་པར་མ་ངེས་སྟེ། འདིར་ནི་ཞེ་སྡང་གི་གཉེན་པོར་ལྷ་ཡང་ཞེ་སྡང་ཅན་གྱི་རྣམ་པར་བསྒོམ་ནས་ཞེ་སྡང་དེའི་སྟེང་དུ་བསྣན་ནས་སྒོམ་པ་ཡིན་ལ། འོ་ན་སྤང་བའི་ལམ་དུ་འཛིན་སྟངས་འགལ་བའི་གཉེན་པོ་བསྒོམ་ཞིང་། འདི་ཞེ་སྡང་གི་སྟེང་དུ་བསྣན་ནས་བསྒོམ་པ་ལ་གཉེན་པོར་འགྱུར་བ་ཡིན་ན། འདི་གཉིས་འགལ་བ་ཡིན་ནོ་ཞེ་ན། དུས་ཀྱི་འཁོར་ལོའི་ངེས་པས། འཛིན་སྟངས་འགལ་བ་ཡང་། ལུས་ཀྱི་སྒོ་ནས་འཛིན་སྟངས་འགལ་བ་ཡང་། བསམ་པའི་སྒོ་ནས་རང་བཞིན་ཤེས་པའི་གཉེན་པོར་འགྱུར་ཏེ། དཔེར་ན། ཞེ་སྡང་གི་གཉེན་པོར་བྱམས་པ་བསྒོམ་པ་ནི། ལུས་ཀྱི་སྒོ་ནས་ཞེ་སྡང་ནི་དམར་ཆས་བསྐྱེད་པ་ཡིན་པས་མེ་ཡིན་ཞིང་། བྱམས་སེམས་དཀར་ཆ་ཡིན་པས་ཆུ་ཡིན་ལ། དེ་གཉིས་འཇིག་རྟེན་ཀུན་རྫོབ་ཏུ་དགྲ་ཡིན་པས་འཛིན་སྟང་འགལ་བའི་གཉེན་པོར་འགྱུར་བ་ཡིན་ཡང་། བསམ་པའི་སྒོ་ནས་ཞེ་སྡང་ཡང་ཆུ་ཡིན་པས་ན་བྱམས་པ་ཉིད་རང་བཞིན་ཤེས་པའི་གཉེན་པོར་འགྱུར་བ་ཡིན་ཞིང་། དེ་དང་ཞེ་སྡང་གི་སྟེང་དུ་བསྣན་ནས་བསྒོམ་པ་གཉིས་མི་འགལ་བ་ཡིན་ལ། དེས་འཛིན་སྟངས་འགལ་བའི་གཉེན་པོས་ནི་ཉོན་མོངས་པ་ཀུན་བཏགས་ཀྱི་ཆ་སྤངས་བར་ནུས་ཤིང་། །བསྒྱུར་བའི་ལམ་འདིས་ནི་ལྷན་སྐྱེས་ཀྱི་ཆ་དེ་སྤོང་ནུས་པ་ཡིན་པས། བསྒྱུར་ལམ་འདི་ཉིད་བདེ་མྱུར་གཉིས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་ཡང་། འདི་ཉིད་མྱུར་བསྒྱུར་བ་ཡིན་ཏེ་རྣམ་པར་རྟོགས་པ་ལྷའི་རྣམ་པར་བསྒོམ་པའི་ཕྱིར། ལམ་ཡིན་ཏེ་རྣམ་པར་རྟོགས་པས་བརྟགས་པ་དེ་ཡང་དངོས་པོ་དང་མཐུན་པར་བརྟགས་པའི་ཕྱིར་རོ། །འདིས་ཚོར་བ་སོགས་གསུམ་ལ་ཡང་མཚོན་ཏེ་ཤེས་པར་བྱ་བ་ཡིན་ནོ། །གཞི་དངོས་པོ་ལམ་དུ་བྱེད་པའི་རང་བཞིན་ལམ་དུ་བྱེད་པ་ནི་རྫོགས་རིམ་ཡིན་ཏེ། རག་པ་དང་ཕྲ་བའི་ལུས་ཀྱི་བྱེད་པ་བཅིངས་པ་ལས། ཤིན་ཏུ་ཕྲ་བའི་ལུས་སྟོང་གཟུགས་མངོན་དུ་འགྱུར་བ་ནི་ལུས་དྲན་པ་ཉེ་བར་བཞག་པ་དང་། ཚོར་བ་བདེ་བ་དེ་ཉིད་བདེ་ཆེན་དུ་ཤར་བ་ཚོར་བ་དྲན་པ་ཉེ་བར་བཞག་པ་དང་། སེམས་སོ་སོར་རང་གི་རིག་པ་ནི་སེམས་དྲན་པ་ཉེ་བར་བཞག་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ཟུང་འཇུག་མངོན་དུ་གྱུར་པ་ནི་ཆོས་དྲན་པ་ཉེ་བར་བཞག་པ་ཡིན་ལ། དེ་བཞིན་དུ་ཡང་དག་པའི་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཡང་ལམ་གསུམ་པོ་དེ་ཡོད་པ་ཡིན་གསུང་། གཉིས་པ་སྦྱོར་བའི་ལམ་ནི། རྩ་རླུང་ཐིག་ལེའི་གནད་ཤེས་ནས། །ཅེས་སོགས་ཚིག་བཅད་གཉིས་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་རྣལ་འབྱོར་ཆེན་པོའི་ངེས་པས་རྩ་རླུང་ཐིག་ལེ་གསུམ་གྱི་གནད་འཆིང་ཚུལ་ཤེས་ནས། རྫོགས་རིམ་གྱི་ཉམས་ལེན་རྒྱུན་ཆད་མེད་པ་ནི་ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན་ཞིང་། དེ་ལ་གནས་ནས་དྲོད་ཐོབ་པ་ན་ནི་སྦྱོར་ལམ་ཉིད་ལ་གནས་པ་ཡིན་ལ། དྲོད་དེ་ལ་ཆུང་འབྲིང་ཆེན་པོ་གསུམ་ལས། འཇིག་པ་དང་། ཁྲོ་བ་དང་། མྱ་ངན་ལ་སོགས་པས་མི་གནོད་པར་དེ་དག་ཕར་ལ་ཟིལ་གྱིས་གནོན་པར་ནུས་པ་ནི་ཆུང་ངུ་དང་། ཞེ་སྡང་ལ་སོགས་པ་ཉོན་མོངས་པ་ཆེན་པོས་མི་གནོད་པར་ཕར་ལ་ཟིལ་གྱིས་གནོན་པ་འབྲིང་པོ། མངོན་ཤེས་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་ཐོབ་པ་ཆེན་པོ་ཡིན་ཏེ། འདི་དག་ནི་ཐུན་མོང་བའི་སྦྱོར་ལམ་དང་པོ་གསུམ་དང་གཉིས་ལ། དེའི་ཚེ་སྦྱོར་ལམ་སྦྱོང་བ་ལ། སྤྲོས་བཅས་དང་སྤྲོས་མེད་ཀྱི་བརཏལ་ཞུགས་གཉིས་ཡོད་པ་ལས། སྤྲོས་བཅས་ནི་རྐྱེན་སྣ་ཚོགས་དང་བསྲེ་ནས་བསྒོམ་པ་ཡིན་ཞིང་། སྤྲོས་མེད་དམ་ནང་གི་བརཏལ་ཞུགས་ནི། ཕྱག་རྒྱ་དང་པོ་གསུམ་དོར་ནས་ཕྱག་རྒྱ་ཆེན་པོ་དང་སྦྱར་ཏེ་བརྩོན་འགྲུས་བར་ཆད་དུ་བསྒོམ་པ་ལས་སྦྱོར་བའི་ལམ་བགྲོད་ནས་མཐོང་བའི་ལམ་ལ་སྦྱོར་བ་ཡིན་ལ། འདི་ཉིད་ཀྱི་མཚན་གཞི་ནི། དབང་ཡུལ་གྱི་འབྲེལ་པ་གཅོད་པ་སོ་སོར་སྡུད་པ་དང་། ཡིད་ཆོས་ཀྱི་འབྲེལ་པ་གཅོད་པ་བསམ་གཏན་གྱི་ཡན་ལག་བཞི་ཡིན་ཏེ། དེ་ཡང་ཕ་རྒྱུད་ལྟར་ན་སེམས་རྩེ་གཅིག་པ་ལ་བསམ་གཏན་གྱི་དངོས་གཞིར་བྱས་ནས་རྟོགས་པ་སོགས་བཞི་ལ་ཡན་ལག་བཞིར་བྱས་པ་དང་། དུས་ཀྱི་འཁོར་ལོའི་ཚུལ་ལས། གཡོ་མེད་བདེ་ལ་བསམ་བསྟན་གྱི་དངོས་གཞིར་བྱས་ནས། ཤེས་རབ་སོགས་བཞི་ལ་ཡན་ལག་བཞིར་བྱས་པ་ཡིན་ལ། འདི་ནི་གཙོ་བོར་རྩའི་བྱེད་པའི་འཆིང་བ་ཡིན་པའི་ཕྱིར་རྩ་སྦྱངས་པའི་རྣལ་འབྱོར་ཞེས་བྱ་བ་ཞིང་། བསམ་གཏན་གྱི་ཡན་ལག་ཡོངས་སུ་རྫོགས་པའི་འབྲས་བུས་ནི་མངོན་པར་ཤེས་པ་ལྔ་ཐོབ་པར་གསུང་པ་ཡིན་ཏེ། མངོན་པར་ཤེས་པ་ལྔ་ནི་འཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བ་དག་པོས། ཅེས་འབྱུང་བའི་ཕྱིར་འདི་ཉིད་ནི་དཀྱིལ་འཁོར་དུ་ཞུགས་པ་ཡིན་པའི་ཕྱིར་ལམ་དུས་ཀྱི་སྐུ་རྡོ་རྗེ་དང་དཔལ་པའི་སྐུ་ཞེས་བྱའོ། །གསུམ་པ་མཐོང་བའི་ལམ་ནི། དེ་ནས་སྲོག་སྩོལ་སྦྱོར་ལྡན་པས། །ཅེས་སོགས་ཚིག་བཅད་གཅིག་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་སོར་བསམ་གཅིག་གྲུབ་པ་དེ་ནས་མཐོང་ལམ་ལ་སྦྱོར་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་གཉིས་ཀྱི་སྟེང་དུ་སྲོག་འཛིན་གཉིས་ཀྱི་སྦྱོར་བ་དང་ལྡན་པས་མཐོང་ལམ་ལ་སྦྱོར་བར་བྱེད་པ་ཡིན་ཏེ། དེ་ཡང་སྲོག་རྩོལ་གྱི་རོ་རྐྱང་གི་རླུང་དབུ་མར་བཀག་ཅིང་། འཛིན་པས་འཁོར་ལོ་སོ་སོའི་ལྟེ་བའི་མི་ཤིག་པ་ལ་སྲོག་ཐུར་བཅིངས་པ་ལས། ལས་རླུང་སྟོང་ཕྲག་བརྒྱ་འགག་ཅིང་། དེ་དང་མཉམ་པའི་བྱང་ཆུབ་ཀྱི་སེམས་འཕོ་བ་ཡང་འགགས་ཤིང་། དེ་ནས་དེ་ལ་བརྟེན་པའི་རྣམ་རྟོག་ཡང་སྟོང་བརྒྱད་བརྒྱ་འགག་པ་ལས་འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་བཅུའི་མ་མཐོང་བའི་དོན་ཡང་དག་པར་མཐོང་བས་ན་མཐོང་ལམ་ཡིན་ཏེ། དེས་ན་འཛིན་པ་དང་སེམས་དབེན་གྱི་མཐར་བདེན་པ་མཐོང་ཞིང་བདེན་པ་མཐོང་བའི་ལམ་ཡིན་པར་ནི། སྤྱོད་བསྡུས་སུ་བཟང་སྐྱོང་གི་མདོ་དྲང་ནས་བཤད་ལ་དུས་འཁོར་རྩ་རྒྱུད་ལས་ཀྱང་། རྟག་ཏུ་འཛིན་པའི་སྟོབས་ཀྱི་ནི། །རྡོ་རྗེ་སེམས་དཔར་ཡང་དག་འཇུག །ཞེས་གསུང་པའི་རྡོ་རྗེ་སེམས་དཔའ་ནི། རྡོ་རྗེ་མི་ཕྱེད་ཞེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཅེས་གསུང་པ་ཡིན་ཞིང་། འདི་ནི་རླུང་གི་གནད་འཆིང་བའི་གཙོ་བོ་ཡིན་པའི་ཕྱིར་རླུང་གི་རྣལ་འབྱོར་ཞེས་བྱ་ལ། ལམ་དུས་ཀྱི་གསུང་རྡོ་རྗེ་དང་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །བཞི་པ་བསྒོམ་ལམ་ལ། ལམ་དངོས་བསྟན་པ་དང་། མཐོང་བསྒོམ་གྱི་རླུང་འགག་ཚུལ་བསྟན་པ་གཉིས་ལས། དང་པོ་ནི། སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི། །ཅེས་སོགས་ཚིག་བཅད་གཅིག་དང་རྐང་གཅིག་གི་སྟོན་ཏེ། དེ་ཡང་སྤྲོས་མེད་རྗེས་ཐོབ་སྒྱུ་མ་ལྟ་བུ་དང་། ཤིན་ཏུ་སྤྲོས་མེད་མཉམ་གཞག་རྣམ་པར་མི་རྟོག་པ་གཉིས་ཀྱི་ཤེས་རབ་ཀྱི་ཆགས་པ་རྗེས་སུ་དྲན་པའི་རྗེས་ཀྱི་ཡན་ལག་ལ། བྷ་གར་ལིང་ག་རབ་བཞག་ནས། སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །ཞེས་སོགས་རྗེས་དྲན་བཅུས་སྦྱང་བ་བྱས་པ་ལས། ཡན་ལག་དྲུག་ལས་ཏིང་ངེ་འཛིན་དང་། ཡེ་ཤེས་སྦྱོར་བ་སྟེ། འདུས་པ་ལས་བཤད་པའི་རིམ་པ་བཞི་པའི་འོད་གསལ་སྦྱོར་བ་ཡིན་ལ། དེ་ཡང་བདུད་དམན་པའི་ཕྱོགས་ལས་རྒྱལ་བས་ན་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སྤྱད་པ་ལས། ཏིང་ངེ་འཛིན་ནི་འོད་གསལ་དེ་འགྲུབ་པ་ཡིན་ཞིང་། དེ་གཞན་དོན་ཕུན་སུམ་ཚོགས་པ་དང་འབྲེལ་བ་ལས་ཚོགས་སྤྱོད་ཆེན་པོ་ཅེས་བྱ་བ་ཡིན་ནོ། །གཉིས་པ་མཐོང་སྒོམ་གྱི་རླུང་འགག་ཚུལ་ནི། དང་པོ་བརྒྱ་ཕྲག་བཅོ་བརྒྱད་ཀྱི། །ཅེས་སོགས་ཚིག་བཅད་གཉིས་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་དང་པོར་རྩ་འགག་པའི་སྟོབས་ཀྱི་དུས་སྦྱོར་དང་པོ་བརྒྱ་ཕྲག་བཅོ་བརྒྱད་ཀྱི་རླུང་དང་། དེ་དང་གྲངས་མཉམ་པའི་རྟོགས་པ་མངོན་དུ་གྱུར་པ་ལྷན་ཅིག་དུ་འགག་པ་དེ་ནི་འཇིག་རྟེན་པའི་ལམ་ཚོགས་སྦྱོར་གཉིས་ཡིན་ཞིང་། དུས་སྦྱོར་གཉིས་པའི་རླུང་དང་ཐིག་ལེ་ལྷན་ཅིག་ཏུ་གསང་གནས་སུ་འགགས་པ་ལས་མཐོང་བའི་ལམ་ཐོབ་པ་ཡིན་ལ། དེའི་མ་རིག་པའི་ལུས་ཀྱི་ཆ་དེ་འགག་ཤིང་། དེ་ནས་ས་རེ་བཞིན་རྒ་ཤི་དང་། སྐྱེ་བ་ལ་སོགས་པའི་རིམ་གྱི་ལུག་བཟློག་ཏུ་འགག་པ་ཡིན་ནོ། །དེ་བཞིན་དུ་དུས་སྦྱོར་གསུམ་པའི་རླུང་དེ་ལ་བརྟེན་པའི་རྟོགས་པ་ཡང་དེ་དང་མཉམ་པ་གསང་བའི་གནས་དེ་ཉིད་དུ་འགག་ཅིང་ས་གཉིས་པ་འཐོབ། ལྟེ་བར་དུས་སྦྱོར་བཞི་པ་དང་ལྔ་པའི་རླུང་དང་རྟོག་པ་འགག་པ་ལས་ས་གསུམ་པ་དང་བཞི་པ་འཐོབ། ལྟེ་བར་དུས་སྦྱོར་བཞི་པ་དང་ལྔ་པའི་རླུང་དང་རྟོགས་པ་འགགས་པ་ལས་ས་གསུམ་པ་དང་བཞི་པ་འཐོབ། སྙིང་གར་དུས་སྦྱོར་དྲུག་པ་དང་བདུན་པའི་རླུང་དང་རྟོགས་པ་འགག་པ་ལས་ས་ལྔ་པ་དང་དྲུག་པ་འཐོབ། མགྲིན་པར་དུས་སྦྱོར་བརྒྱད་པ་དང་དགུ་པའི་རླུང་དང་རྟོགས་པ་འགག་པ་ལས་ས་བདུན་པ་དང་བརྒྱད་པ་འཐོབ་ལ། སྤྱི་བོའི་འཁོར་ལོར་དུས་སྦྱོར་བཅུ་པ་དང་བཅུ་གཅིག་པའི་རླུང་དང་རྟོག་པ་འགགས་པ་ལས་ས་དགུ་པ་དང་བཅུ་པ་འཐོབ་པར་བཤད་པ་ཡིན་ནོ། །ལྔ་པ་མི་སློབ་པའི་ལམ་ནི། དེ་ནས་གཙུག་གཏོར་རླུང་འགག་པས། །ཅེས་སོགས་ཚིག་གཅིག་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་སྤྱི་བོར་རླུང་འགག་པ་དེ་ནས་མི་སློབ་པའི་ལམ་གྱི་སྤང་བྱར་གྱུར་པའི་དུས་སྦྱོར་བཅུ་གཉིས་པའི་རླུང་དང་རྟོག་པ་གཙུག་གཏོར་དུ་འགག་པ་ལས། དེའི་ཚེ་སངས་རྒྱས་འཐོབ་པར་འགྱུར་བ་ཡིན་ཏེ། ལས་རླུང་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་འགག་ཅིང་། དེ་དང་མཉམ་པའི་བྱང་ཆུབ་སེམས་ཀྱི་འཕོ་བ་དང་། དེ་ལ་བརྟེན་པའི་རྟོགས་པ་ཡང་དེ་དང་གྲངས་མཉམ་དུ་འགགས་པ་ལས་མི་འགྱུར་བའི་བདེ་བ་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་རྫོགས་པ་ཡིན་པའི་ཕྱིར། དེའི་ཚེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱང་ལུགས་བཟློག་ཏུ་འགག་པ་ཡིན་ལ། འོ་ན་གོང་དུ་མཐོང་ལམ་དུ་མ་རིག་པ་འགག་པར་བཤད་པས་ན་ལུགས་འབྱུང་དུ་འགག་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རྟེན་འབྲེལ་རེ་རེ་ལ་ལུས་ངག་ཡིད་ཡེ་ཤེས་བཞི་བཞིར་ཡོད་པ་ལས་མཐོང་ལམ་དུ་མ་རིག་པའི་ལུས་ཀྱི་ཆ་དེ་འགག་པ་ཡིན་གྱིས། ངག་ལ་སོགས་པ་གསུམ་ནི་ལུགས་བཟློག་གིས་མཐར་འགག་པ་ཡིན་ལ། དུས་སྦྱོར་འགག་པ་ཡང་མས་བརྟན་གྱི་དགའ་བ་བཅུ་དྲུག་ཡིན་ཏེ། དེ་ཡང་ཕྱི་རོལ་དུ་ཟླ་བ་ལ་དཀར་ཕྱོགས་ཀྱི་ཆ་བཅོ་ལྔ་དང་དེའི་མཐའ་ཆ་བཅུ་དྲུག་པ་གཅིག་དང་ནག་ཕྱོགས་ཀྱི་ཆ་བཅོ་ལྔ་དང་དེའི་མཐའི་ཆ་བཅུ་དྲུག་པ་སྟེ་སུམ་ཅུ་རྩ་གཉིས་ཡོད་པ་ལས། དཀར་ཕྱོགས་ཀྱི་ཆོས་གཅིག་ནས་ལྔའི་བར་ཕུང་པོ་ལྔ་འགག་པའི་དགའ་བ་ལྔ། ཚེ་དྲུག་ནས་བཅུ་ཡི་བར་ཁམས་ལྔ་འགོག་པའི་དགའ་བ་ལྔ། བཅུ་གཅིག་ནས་བཅོ་ལྔའི་བར་དབང་པོ་ལྔ་འགག་པའི་དགའ་བ་ལྔ། ཆ་བཅུ་དྲུག་པ་ནི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀྱི་ཆ་རྣམས་འགག་པའི་དགའ་བ་ཡིན་ལ། སྟོང་ཉིད་བཅུ་དྲུག་ནི། ཕྱི་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡིན་ཞིང་། ནག་ཕྱོགས་དང་མཐུན་པའི་སྙིང་རྗེ་བཅུ་དྲུག་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལྔ། ཆོས་ལ་དམིགས་པའི་སྙིང་རྗེ་ལྔ། དམིགས་པ་མེད་པའི་སྙིང་རྗེ་ལྔ། ཆ་བཅུ་དྲུག་པ་ནི་སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོ་སྟེ། དེ་ལྟར་དགའ་བ་བཅུ་དྲུག་དང་སྟོང་ཉིད་བཅུ་དྲུག །སྙིང་རྗེ་བཅུ་དྲུག་རྣམས་དབྱེར་མེད་པ་ནི་མི་སློབ་པའི་ལམ་འགྲུབ་པ་ཡིན་ལ། དེའི་དག་པ་ནི་ལོ་གསུམ་དང་ཟླ་བ་ཕྱེད་པ་གསུམ་ཡིན་ཞིང་། དེས་འབྲས་བུ་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ཡིན་ལ། ཡེ་ཤེས་ཀྱི་སྐུ་དེ་ཡང་ལྔའི་རིམ་པ་ཡིན་ཏེ། སྔ་མའི་སྦྱངས་གཞི་ཕུང་པོ་ལྔའི་དག་པ་དང་མཚུངས་པར་ཐོབ་པ་ཡིན་པས་ན། གཟུགས་ཕུང་མེ་ལོང་ལྟ་བུའི་ཡེ་ཤེས། ཚོར་ཕུང་མཉམ་ཉིད་ཡེ་ཤེས། །འདུ་ཤེས་སོར་རྟོག །འདུ་བྱེད་བྱ་གྲུབ། རྣམ་ཤེས་ཀྱི་ཕུང་པོ་ཆོས་དབྱིངས་ཡེ་ཤེས་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། རྩ་རླུང་ཞེས་སོགས་ཚིག་བཅད་གཅིག་དང་རྐང་པ་གསུམ་སྟེ། དེ་ཡང་རྩ་རླུང་ཐིག་ལེ་གསུམ་གྱི་བྱེད་པ་མ་བཅིངས་པ་ལ་འཁོར་བར་འགྱུར་ཞིང་། བྱེད་པ་བཅིངས་པ་ལས་མྱ་ངན་ལས་འདས་པ་འགྲུབ་པ་ཡིན་ལ། བྱེད་པ་འཆིང་བའི་ཐབས་ཀྱང་རྣལ་འབྱོར་ཡན་ལག་དྲུག་ཡིན་ཏེ། རྩའི་བྱེད་པ་འཆིང་བར་སོར་བསམ་གཉིས་ཀྱི་མ་དག་པའི་ལུས་ཀྱི་བྱེད་པ་བཅིང་པ་ལས་སྐུ་རྡོ་རྗེ་མངོན་དུ་འགྱུར་ཞིང་། རླུང་གི་བྱེད་པ་འཆིང་བ་སྲོག་འཛིན་གཉིས་མ་དག་པའི་ངག་གི་བྱེད་པ་བཅིངས་པ་ལས་གསུང་རྡོ་རྗེ་མངོན་དུ་འགྱུར་བ་དང་། ཐིག་ལེའི་བྱེད་པ་འཆིང་བ་རྗེས་ཏིང་གཉིས་ཀྱི་མ་དག་པའི་སེམས་དང་ཡེ་ཤེས་ཀྱི་བྱེད་པ་བཅིངས་པ་ལས་ཐུགས་རྡོ་རྗེ་དང་ཡེ་ཤེས་རྡོ་རྗེ་མངོན་དུ་འགྱུར་བ་ཡིན་ལ། འདི་ཡི་མན་ངག་གི་ངེས་པ་ནི་ཡན་ལག་དྲུག་པོ་འདིར་གསུངས་རབས་ཐམས་ཅད་ཀྱི་དོན་དྲངས་ངེས་ཀྱི་སྒོ་ནས་འདུས་ཤིང་། མཐར་ཕྱིན་པའི་འབྲས་བུ་རྣམ་པར་དག་པའི་སངས་རྒྱས་ཡིན་པ་སོགས་དབྱེ་བ་དཔག་ཏུ་མེད་པ་ཡོད་ཀྱང་འདིར་མ་བརྗོད་དོ། །ཡེ་ཤེས་རིམ་པ་ཐམས་ཅད་ཀྱང་། སྔ་མའི་སྦྱངས་གཞི་དང་མཚུངས་འཐོབ། ཅེས་པ་ལ་འགྲེལ་པ་མི་སྣང་ཡང་གོ་སླའོ། །ཟབ་མོ་ནང་གི་དོན་རྣམ་པར་གསལ་བར་སྣང་བ་ལས། ལམ་གྱི་རིམ་པ་དང་སྦྱར་བ་སྟེ་བཅུ་པའོ། །ད་ནི་དུམ་བུ་བཅུ་གཅིག་པ་སྡུད་པའི་རིམ་པ་བཤད་པ་ལ། མདོར་བསྟན། རྒྱས་བཤད། མཇུག་བསྡུད་གསུམ་ལས། དང་པོ་ནི། དེ་ནས་རྩ་རླུང་ཐིག་ལེ་རྣམས། །ཅེས་སོགས་ཚིག་བཅད་གཅིག་སྟེ། དེ་ཡང་། ལམ་གྱི་རིམ་པ་དང་སྦྱར་བ་བཤད་པ་དེ་ནས་རྩ་དང་རླུང་དང་ཐིག་ལེ་རྣམས་སྡུད་པའི་རིམ་པ་འཆད་པ་ལས། འཆི་བ་རྫོགས་རིམ་གྱི་སྦྱང་གཞི་དང་། སྐྱེ་བ་བསྐྱེད་རིམ་གྱི་སྦྱང་གཞི་ཡིན་པས་ན། གོང་གི་རྫོགས་རིམ་བཤད་པ་ཉིད་ཀྱི་སྡུད་རིམ་རགས་པ་བཤད་པར་འགྱུར་ལ། འོན་ཀྱང་། སྐྱེས་མ་ཐག་ཏུ་འཆི་ལྟས་ཞུགས་པར་ཤེས་པས་ཡིད་བྱུང་ནས་ཆོས་ལ་འཇུག་པའི་སྒོ་ལ་སྦྱོར་བ་དང་། དུས་མིན་གྱི་འཆི་ལྟས་ཤེས་པས་འཆི་བ་བསླུ་བ་ལ་སོགས་པའི་དགོས་པ་ཡོད་ཅིང་། འཆི་བའི་ངོ་བོ་ནི་ས་གང་དང་གང་གི་རིགས་མཐུན་གྱི་ཕུང་པོ་དོར་ནས་སྲིད་པ་གཞན་དུ་འཕོ་བ་ཡིན་ཏེ། ཚེ་དང་དབང་ཐང་དང་དྲོད་འདོར་བས་ལྡན་མིན་འདུ་བྱེད་ཡིན་ལ། དེ་ཡང་སོ་སོ་སྐྱེ་བོ་ཐ་མལ་པ་རྣམས་ལ་ཡིན་གྱི། ཡེ་ཤེས་གྲུབ་པ་བསམ་བཞིན་སྐྱེ་བ་བླངས་པ་དང་རྩ་རླུང་ཐིག་ལེའི་གནད་འཆིང་བའི་རྣལ་འབྱོར་གྲུབ་པ་རྣམས་ལ་དེར་མ་ཟད་རིགས་སྔགས་དང་བཅུད་ལེན་ལ་སོགས་པའི་འཇིག་རྟེན་པའི་ལམ་ལ་བརྟེན་པའི་ཚེ་གྲུབ་པ་རྣམས་ལ་ནི་ངེས་པ་མེད་དེ་དེ་དག་རླུང་སེམས་ལ་དབང་ཐོབ་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། རྩ་སྡུད་པའི་ཚུལ། རླུང་གི་འཆི་ལྟས། ཐིག་ལེ་འགག་པའི་རིམ་པ། ཞར་ལ་གནས་གཞན་དུ་འཕོ་བའི་ཚུལ་སྟེ་བཞི་ལས། དང་པོ་ལ་རྩ་ཕལ་པ་སྡུད་པའི་རིམ་པ། འཁོར་ལོ་བཅོ་བརྒྱད་ཀྱི་རྩ་སྡུད་པ། རྩའི་གཙོ་མོ་ཉི་ཤུ་རྩ་བཞི་སྡུད་པའི་ཚུལ་སྟེ་གསུམ་ལས། དང་པོ་ནི། ཐ་མལ་རྡོ་རྗེའི་ལུས་འདི་ལ། །ཞེས་སོགས་ཚིགས་བཅད་གསུམ་གྱི་སྟོན་ཏེ། དེ་ཡང་སོ་སྐྱེ་ཐ་མལ་པའི་རང་བཞིན་རྡོ་རྗེའི་ལུས་འདི་ལ་སྐྱེས་པ་སྟེ་རྩ་ཆགས་པ་ནས་ལོ་གཅིག་གི་བར་དུ་ནི་རྣལ་འབྱོར་པ་ལ་ཉེ་བར་མཁོ་བའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་བཅད་བསྐྱེད་པར་བྱེད་ལ། བསྐྱེད་པ་དེ་རྫོགས་མ་ཐག་པ་དེ་ནས་ཞག་རེ་ལ་ཐབས་ཤེས་ཀྱི་རྩ་གཉིས་གཉིས་ཀྱི་ནུས་པ་སྐམས་པར་བཤད་པ་ཡིན་པ་ལས། ལོ་བརྒྱ་ལ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉི་སྡུད་པར་གསུངས་པ་ནི་རག་པའི་རིམ་པའོ། །དུས་ཀྱི་འཁོར་ལོའི་ངེས་པ་དང་སྦྱར་ནས་ཞིབ་པར་ན། ལོ་བརྒྱ་ལས་ལོ་གསུམ་ཕྱོགས་གསུམ་གྱི་དམན་པའི་ལོ་དགུ་བཅུ་རྩ་དྲུག་ཟླ་བ་ཕྱེད་དང་བཅུ་གཅིག་གི་བར་ཕྲ་བའི་རྩ་ཀུན་སྡུད་ཏེ། དེའི་གྲངས་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ནང་ནས་དྲུག་ཁྲི་དགུ་སྟོང་བདུན་བརྒྱ་དང་ལྔ་བཅུ་སྡུད་པར་འགྱུར་ཏེ། དེ་ཡང་ཞག་རེ་རེ་ལ་རྩ་གཉིས་གཉིས་སྡུད་པ་ཡིན་ནོ། །གཉིས་པ་འཁོར་ལོ་བཅོ་བརྒྱད་ཀྱི་རྩ་སྡུད་པའི་ཚུལ་ནི། དེ་འོག་ལོ་གསུམ་ཕྱོགས་གསུམ་ན། །ཞེས་སོགས་ཚིག་བཅད་གསུམ་གྱི་སྟོན་ཏེ། དེ་ཡང་དྲུག་ཁྲི་དགུ་སྟོང་བདུན་བརྒྱ་ལྔ་བཅུ་བསྡུས་པའི་འོག་ཏུ་ལོ་གསུམ་ཕྱོགས་གསུམ་གྱི་རིང་ལ། ལྷག་མ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་པོ་དེ་སྡུད་དེ། དེའི་ཚུལ་ཡང་ཚིག་ཆེན་བཅུ་གཉིས་ཀྱི་རྩ་སུམ་བརྒྱ་དྲུག་ཅུ་ནི་ཞག་གསུམ་གསུམ་ལ་རེ་རེ་སྐམས་ལ། སོར་ཚིག་ཀྱི་རྩ་སུམ་བརྒྱ་དྲུག་ཅུ་ཡང་ཞག་གསུམ་གསུམ་ལ་རེ་རེ་སྐམས་ཞིང་། ལྟེ་བའི་ཁྱིམ་གྱི་རྩ་དྲུག་ཅུ་ཡང་རླུང་གི་ནུས་པ་མཚུངས་པར་ལོ་གསུམ་ལ་སྡུད་ལ། སྤྱི་བོའི་ཟླ་རྐང་གི་རྩ་འདབ་བཅུ་དྲུག་ལས། བཅུ་བཞི་ཞག་བཅོ་ལྔ་དང་མགྲིན་པའི་སུམ་ཅུ་རྩ་བཞི་ལས་ཉི་ཤུ་རྩ་བརྒྱད་ནི་ཟླ་གཅིག་ལ་སྡུད་དེ། གསང་གནས་ཀྱི་རྩ་དེ་ཡང་དེ་དང་མཚུངས་པས་ལོགས་སུ་མི་བགྲང་ལ། སྙིང་གའི་རྩ་འདབ་བརྒྱད་ནི་ཞག་བརྒྱད་ཀྱི་ནང་དུ་འདོར་ཏེ། དེ་ལྟར་བརྒྱ་དྲུག་ཅུ་ལས་དབུ་མའི་ཕྱོགས་ཀྱི་རྩ་རྣམས་མ་གཏོགས་ཤིང་གཙུག་ཏོར་གྱི་རྩ་བཞི་དང་བཅས་པ་ཡིན་ནོ། །གསུམ་པ་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་སྡུད་ཚུལ་ནི། རྩ་ནི་ཉི་ཤུ་རྩ་བཞི་པོ། །ཅེས་སོགས་ཚིག་བཅད་གཉིས་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་རྩ་ཆེན་ཉི་ཤུ་རྩ་བཞི་པོ་རེ་ལ་རྩ་ཆེན་དྲུག་ཅུ་དྲུག་ཅུ་ནི། ལྟེ་བའི་ཁྱིམ་གྱི་འཁོར་ལོ་དང་ནུས་པ་མཚུངས་པའི་ཕྱིར་ལོ་གསུམ་ན་སྡུད་ལ། ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོས་ཕྱེ་བའི་རྩའི་རྩ་བ་བདུན་ཅུ་རྩ་གཉིས་པོ་དེ་ལས། དབུ་མའི་ཆའི་རྩ་ཉེར་བཞི་མ་གཏོགས་པའི་དཀར་དམར་གྱི་རྩ་ཞེ་བརྒྱད་ནི་ཕྱོགས་གསུམ་གྱི་ནང་དུ་སྡུད་པ་ཡིན་ཞིང་། དེ་ལྟར་འཁོར་ལོའི་རྩ་ཆེན་རྣམས་སྐམས་ཏེ་རླུང་དང་བྱང་ཆུབ་ཀྱི་སེམས་མི་རྒྱུ་བ་དེ་ནས་ཞག་གཅིག་ནས་འཕོ་ལ། ཞག་གཅིག་པོའི་རིང་ལ་དབུ་མའི་རྩ་སུམ་ཅུ་རྩ་དྲུག་སྡུད་དེ། སུམ་ཅུ་རྩ་དྲུག་ནི། རྩ་བདུན་ཅུ་རྩ་གཉིས་ཀྱི་ལྷག་མ་ཉེར་བཞིའི་སྟེང་དུ། སྤྱི་བོའི་གཉིས། མགྲིན་པའི་གཉིས། སྙིང་གའི་སྟེང་འོག་གི་རྩ་གཉིས། ལྟེ་བའི་བཞི་དང་དབུ་མའི་ཡར་སྣ་མར་སྣ་གཉིས་སྟེ་བཅུ་གཉིས་བསྣན་པ་ལས་སུམ་ཅུ་རྩ་དྲུག་འབྱུང་ངོ་། །གཉིས་པ་རླུང་གི་འཆི་ལྟས་ལ། རླུང་བཅུའི་སྡུད་རིམ་བསྟན་པ། དབུ་མའི་དུས་དང་དུས་མ་ཡིན་པར་འཆི་ལྟས། གཡས་ཉི་མའི་འཆི་ལྟས། གཡོན་ཟླ་བའི་འཆི་ལྟས། དེ་དག་གི་ངེས་པ་བསྟན་པ་སྟེ་ལྔ་ལས། དང་པོ་ནི། རླུང་གི་སྡུད་རིམ་བསྟན་པ་ནི། ཞེས་སོགས་ཚིག་བཅད་གཉིས་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་རླུང་བཅུ་པོ་སྐྱེས་ནས་ཟླ་བ་བཅུ་ནས་རྫོགས་ཏེ། སྐྱེས་ནས་ལོ་བརྒྱའི་དུས་སུ་འཆི་བ་གང་ཞིག །ལོ་བཅུ་བཅུའི་རིམ་པ་ལྟར་སྡུད་དེ། ལོ་བཅུ་ལས་ནོར་ལས་རྒྱལ་དང་། ཉི་ཤུ་ལ་ལྷ་སྦྱིན་དང་། སུམ་ཅུ་ལ་ཚངས་པ། བཞི་བཅུ་ལ་རུས་སྦལ། ལྔ་བཅུ་ལ་ཀླུའི་རླུང་རྣམས་ཀྱི་སྟོབས་སྔ་མ་སྔ་མ་ཕྱི་མ་ཕྱི་མ་ལ་ཐིམ་ཞིང་། ལྔ་བཅུ་ནས་དྲུག་བཅུའི་བར་ཀླུ་དང་ཁྱབ་བྱེད་གཉིས་ལྷན་ཅིག་དུ་ལས་བྱེད་ལ། དྲུག་ཅུ་པ་ལ་མཉམ་གནས་ལ་ཐིམ། བདུན་ཅུ་པ་ལ་གྱེན་རྒྱུ་ལ་ཐིམ། དེ་བརྒྱད་ཅུ་པ་ལ་ཐུར་སེལ་ལ་ཐིམ། དགུ་བཅུ་པ་ལ་སྲོག་ལ་ཐིམ། སྲོག་གི་སྟོབས་རྣམས་ལོ་བརྒྱ་ལ་ཐིམ་པར་འགྱུར་བར་རྡོ་རྗེ་ཕྲེང་བ་ལས་གསུང་པ་ཡིན་ནོ། །གཉིས་པ་དབུ་མའི་དུས་དང་དུས་མིན་གྱི་འཆི་བའི་ལྟས་ལ། འཆི་ལྟས་སྐྱེ་བའི་རིམ་པ་དང་། འཆི་ལྟས་དངོས་གཉིས་ལས་དང་པོ་ནི། རྒྱས་པར་དུས་ཀྱི་འཁོར་ལོ་ལ། ཅེས་སོགས་ཚིག་བཅད་དྲུག་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་། དུས་ཀྱི་འཁོར་ལོ་ལས་གསུང་པ་ནི། སྐྱེས་བུ་ཚེ་ལོ་བརྒྱ་ཐུབ་པ་གང་ཞིག །སྐྱེས་པའི་ལོ་གཅིག་ལ་བགྲོད་པ་གཉིས་སུ་བྱས་པ་ལས། དེ་གཉིས་ཀྱི་རླུང་རྣམས་ནི་འཆི་བའི་ལྟས་ཀྱི་ཡོ་བ་ལ་སོགས་པ་མེད་པར་དུས་སྦྱོར་ཐམས་ཅད་མཉམ་པར་རྒྱུ་ལ། དེའི་སྟེང་དུ་ཡང་ལོ་དྲུག་པ་ལས་ལོ་རེ་ལ་བགྲོད་པ་གཉིས་གཉིས་སུ་བྱས་ཏེ་རྩེགས་ན། ལོ་གཉིས་པའི་བགྲོད་པ་དང་པོ་དེ་ལ་དང་པོ་ལ་ལྟོས་པའི་བགྲོད་པ་གསུམ་པ་ཡིན་པས། དེ་ལ་གཡོན་དུ་ནམ་མཁའི་དཀྱིལ་འཁོར་དུ་འཆི་ལྟས་ཀྱི་རླུང་གཅིག་རྒྱུ་ཞིང་། བཞི་པ་ལ་འཕེལ་འགྲིབ་མེད་ལ། བགྲོད་པ་ལྔ་པ་ལ་གཡས་ཀྱི་ས་རླུང་གི་དཀྱིལ་འཁོར་དུ་འཆི་ལྟས་ཀྱི་རླུང་གཉིས་འཕེལ་ཞིང་དྲུག་པ་ལ་འཕེལ་འགྲིབ་མེད་ལ། དེ་བཞིན་དུ་བདུན་པ་ལ་གཡོན་དུ་གསུམ་བརྒྱད་པ་ལ་མི་རྒྱུ་ཞིང་དགུ་པ་ལ་གཡས་སུ་བཞི་བཅུ་པ་ལ་མི་རྒྱུ་ཞིང་། བཅུ་གཅིག་པ་ལ་གཡོན་དུ་ལྔ། བཅུ་གཉིས་པ་ལ་མི་རྒྱུ། བཅུ་གསུམ་པ་ལ་གཡས་སུ་དྲུག་འཕེལ་ལ། བཅུ་བཞི་པ་ལ་མི་རྒྱུ་སྟེ། དེ་ལྟར་ཕྱོག་གསུམ་སྟེ་ཟླ་བ་ཕྱེད་དང་གཉིས་ཀྱི་མ་ཆོག་པའི་ལོ་བདུན་ལ་འཆི་ལྟས་སྟེ་ཆུ་སྲང་གཅིག་ཏུ་ལོངས་པ་ཡིན་ཞིང་། དེ་ནས་ལོ་དྲུག་ཅུའི་རིང་ལ་ལོ་དང་པོ་ལ་གཡོན་ནས་ཆུ་སྲང་གཅིག་འཕེལ་ཞིང་། ལོ་གཉིས་པ་ལ་གཡས་ནས་ཆུ་སྲང་གཉིས། དེ་བཞིན་དུ་གསུམ་པ་ལ་གཡོན་ནས་གསུམ་དང་། བཞི་པ་ལ་གཡས་ནས་བཞི་འཕེལ་བ་སོགས་ཀྱི་རིམ་པས་ལོ་གྲངས་ཡ་རྣམས་གཡོན་ནས་ལོ་དེ་དང་གྲངས་མཉམ་དང་། ཟུང་རྣམས་ལ་གཡས་ནས་དེ་དང་གྲངས་མཉམ་པ་ལས། ལོ་དྲུག་ཅུ་པ་ལ་གཡས་ནས་འཆི་ལྟས་ཀྱི་རླུང་ཆུ་སྲང་དྲུག་ཅུར་འཕེལ་སྟེ་ཆུ་ཚོད་དུ་ལོངས་ཅིང་། རྡོ་རྗེ་སྙིང་འགྲེལ་ལས་དབུགས་དྲུག་རྣམས་ཀྱི་ཆུ་སྲང་སྟེ། །ཆུ་སྲང་དྲུག་ཅུ་ཆུ་ཚོད་དོ། །ཆུ་ཚོད་གཉིས་དག་གིས་ཡུད་ཙམ་ཞིག །ཆུ་ཚོད་གཅིག་གི་དམན་པའི་ཆུ་ཚོད་བཞི་རྣམས་ཀྱི། ཐུན་ཚོད་ཕྱེད་པ་དེ་གཅིག་འགྱུར། །ཆུ་ཚོད་ལྔ་རྣམས་ཀྱི་ནི་དུས་སྦྱོར་གཅིག་ཏུ་འགྱུར། །དུས་སྦྱོར་ཕྱེད་གཉིས་ཆུ་ཚོད་གཅིག་འགྱུར། །ཐུན་གཉིས་ནི་ཐུན་འཚམས་གཅིག །ཐུན་འཚམས་བཞི་རྣམས་ཀྱི་ལུས་ཅན་གྱི། །ཉིན་ཞག་གཅིག་ཏུ་རབ་ཏུ་བརྗོད། །ཅེས་གསུངས་སོ། །དེ་ནས་ལོ་སུམ་ཅུ་ལ་ལོ་རེ་རེ་ལ་བགྲོད་པ་གཉིས་གཉིས་སུ་བྱས་པ་ལས་བགྲོད་པ་དྲུག་ཅུ་འབྱུང་བ་ལས། ཡང་བགྲོད་པ་དང་པོ་ལ་གཡོན་ནས་ཆུ་ཚོད་གཅིག་དང་། གཉིས་པ་ལ་གཡས་ནས་གཉིས་འབབ་པ་སོགས་ཀྱི་རིམ་པས། གཡོན་ནས་བགྲོད་པ་ཡ་རྣམས་དང་། གཡས་ནས་ཟུང་རྣམས་ལ་བགྲོད་པའི་གྲངས་དང་མཉམ་པ་འབབ་ལ། བགྲོད་པ་དྲུག་ཅུ་པ་ལ་གཡས་ནས་ཆུ་ཚོད་དྲུག་ཅུ་འཕེལ་སྟེ་འཆི་ལྟས་ཏེ་ཞག་ཏུ་ལོངས་པ་ཡིན་ལ། དེ་ལྟར་སྐྱེས་ནས་འཆི་ལྟས་ཆུ་སྲང་ལོངས་པའི་བར་ལ་ལོ་བདུན་དང་ཟླ་བ་ཕྱེད་དང་གཉིས་ཀྱི་མ་ཆོག་པར། དེ་ཆུ་ཚོད་ལོངས་པ་ལ་ལོ་དྲུག་ཅུ། དེ་ཞག་ཏུ་ལོངས་པ་ལ་ལོ་སུམ་ཅུ་སྟེ། དྲིལ་བས་ལོ་དགུ་བཅུ་རྩ་དྲུག་དང་ཟླ་བ་ཕྱེད་བཅུ་གཅིག་སོང་ནས། དེ་ནས་ལོ་གསུམ་ཕྱོགས་གསུམ་ནས་འཕོ་བར་འགྱུར་བ་ནི་ལོ་བརྒྱའི་འཆི་ཞག་འཕེལ་བའི་རིམ་པ་ཡིན་ནོ། །གཉིས་པ་འཆི་ལྟས་དངོས་ནི། ད་ནི་ལོ་གསུམ་ཕྱོགས་གསུམ་གྱིས། །ཞེས་སོགས་ཚིག་བཅད་ཕྱེད་དང་དྲུག་གི་སྟོན་ཏེ། དེའི་དོན་ནི་འཆི་ཞག་འཕེལ་བ་དེ་ནས་ལོ་གསུམ་ཕྱོགས་གསུམ་ན་འཆི་ངེས་པ་ཡིན་ལ། ལོ་གསུམ་ཕྱོགས་གསུམ་པོ་དེ་ལ་ཟླ་བ་ཕྱེད་སོ་བརྒྱད་ཡོད་པ་དེ་ལས། དེའི་ནང་ནས་ཟླ་བ་ཕྱེད་དང་སོ་ལྔའི་རིང་ལ་འཆི་ཞག་སོ་གསུམ་འཕེལ་སྟེ། དེ་ཡང་ཞག་ཕྱེད་དང་སོ་ལྔ་ལ་གཡོན་ནས་ནམ་མཁའི་དཀྱིལ་འཁོར་དུ་ཞག་གཅིག་འབབ། དེ་ནས་ཞག་ཕྱེད་དང་སོ་བཞི་ལ་ཐ་མལ་པའི་རླུང་རྒྱུ་ཞིང་། དེ་ནས་གཡས་སུ་ས་རླུང་དུ་འཆི་ཞག་གཉིས་འབབ། དེ་བཞིན་དུ། ཞག་ཕྱེད་དང་སོ་གསུམ་ལ་གཡོན་ནས་གསུམ་ཕྱེད་དང་སོ་གཉིས་པ་ལ་གཡས་ནས་བཞི། ཕྱེད་སོ་གཅིག་པ་ལ་གཡོན་པ་ལྔ། ཕྱེད་སུམ་ཅུ་ལ་གཡས་ནས་དྲུག་འབབ་ལ། དེ་ལྟར་གཡོན་གྱི་འཆི་ཞག་གཅིག་གསུམ། ལྔ་སྟེ་ཚན་པ་གསུམ་པོ་དེས་ལྟེ་བའི་འཁོར་ལོའི་རྩ་འདབ་དྲུག་ཅུའི་ནང་ནས་གཡོན་གྱི་ནམ་མཁའི་དཀྱིལ་འཁོར་དྲུག་པོ་གཅོད་ཅིང་། གཡས་ནས་གཉིས་བཞི་དྲུག་སྟེ་ཚན་པ་གཉིས་ཀྱི་ལྟེ་བའི་གཡས་ཀྱི་དྲུག་པོ་གཅོད་ལ། དེ་བཞིན་དུ། ཞག་ཕྱེད་དང་རྩ་དགུ་ལ་གཡོན་ནས་འཆི་ཞག་བདུན་འབབ་པ་ནས། རིམ་བཞིན་ཡ་རྣམས་ལ་འཆི་ཞག་ཡ་རྣམས་དང་། ཟུང་རྣམས་ལ་འཆི་ཞག་ཡང་ཟུང་ཟུང་འབབ་པ་ལས། ལྟེ་བ་གཡོན་ནས་རླུང་མེ་ཆུའི་དཀྱིལ་འཁོར་སྡུད་རིམ་དང་། གཡས་ནས་ཆུ་མེ་རླུང་གི་དཀྱིལ་འཁོར་རྣམས་གཅོད་སྟེ། ཞག་ཕྱེད་དང་བདུན་པ་ལ་གཡོན་ནས་འཆི་ཞག་ཉི་ཤུ་རྩ་དགུ་འབབ་པས། ལྟེ་བའི་གཡོན་གྱི་སའི་དཀྱིལ་འཁོར་དྲུག་གཅོད་ཅིང་། ཞག་ཕྱེད་དང་དྲུག་པ་ལ་གཡས་ནས་འཆི་ཞག་གསུམ་འབབ་པས་གཡས་ཀྱི་ནམ་མཁའི་དཀྱིལ་འཁོར་དྲུག་གཅོད་པའི་བར་གྱི་གོ་རིམ་ཤེས་པར་བྱ་ལ། དེས་ནི་ལྟེ་བའི་འཁོར་ལོའི་ཕྱི་རིམ་སྟོང་པ་ཡིན་ནོ། །དེ་ནས་འཚོ་ཞག་ཟླ་བ་གསུམ་དང་ཞག་དྲུག་ཡོད་པ་ལས། གཡོན་ནས་འཆི་ཞག་སོ་གཅིག་འབབ་པ་ལས་ལུས་ཀྱི་སྙིང་སྟོབས་དང་བད་ཀན་ཀྱི་ཁམས་རྣམས་འདོར་ཞིང་། ལྟེ་བའི་ནང་སྐོར་གྱི་བཅུ་གཉིས་ལས་གཡོན་གྱི་དུས་སྦྱོར་དྲུག་གི་རྩ་ཆེན་དང་། ལུག་ལ་སོགས་པ་མི་མཉམ་པའི་ཁྱིམ་དྲུག་བཅད་དེ་ཟླ་བའི་འཕོ་བ་མཐར་ཐུག་པ་ཡིན་ལ། དེ་བཞིན་དུ་གཡས་ནས་ཞག་སོ་གཉིས་འབབ་པ་ལས། ལུས་ཀྱི་རྡུལ་དང་མཁྲིས་པའི་ཁམས་འདོར་ཞིང་། ལྟེ་བའི་གཡས་ཀྱི་དུས་སྦྱོར་དང་གླང་ལ་སོགས་པ་མཉམ་པའི་ཁྱིམ་དྲུག་བཅད་དེ་ཉི་མའི་བགྲོད་པ་མཐར་ཐུག་པ་ཡིན་ལ། དེ་ནས་སྣ་བུག་གཉིས་ཀ་ནས་རྒྱུ་བའི་ཞག་སོ་གསུམ་གྱི་རླུང་གི་ཁམས་འདོར་ཞིང་། སྤྱི་བོར་རྩ་འདབ་བཅུ་བཞི། མགྲིན་པའི་ཉེར་བརྒྱད། སྙིང་གའི་བརྒྱད། གསང་གནས་ཀྱི་འཁོར་ལོ་དྲུག་གི་ནུས་པ་འཛིན་པའི་རྩ་དྲུག་རྣམས་བཅད་དེ་དགྲ་གཅན་གྱི་འཕོ་བ་མཐར་ཐུག་པ་ཡིན་ལ། དེ་ནས་ཞག་གཅིག་རྒྱུས་པས་དབུ་མའི་རྩ་སོ་དྲུག་དང་འཁོར་ལོའི་ལྟེ་བ་རྣམས་བཅད་ནས་རླུང་རྣམས་འགག་ཅིང་ཁམས་ཐམས་ཅད་དོར་ནས་སྲིད་པ་གཞན་དུ་འཕོ་བ་ཡིན་ལ། དེ་ལྟར་ལོ་བརྒྱད་པོ་དེ། ཟླ་བ། ཞག ཆུ་ཚོད། ཆུ་སྲང་། དབུགས་ཀྱི་བར་དུ་བསིལ་ནས་སོ་གཉིས་ཕྱེད་བཅས་ཀྱི་བགོས་པ་ལས་དབུ་མའི་འཆི་ལྟས་ངེས་ཐུབ་པ་ཡིན་ནོ། །གསུམ་པ་གཡས་ཉི་མའི་འཆི་ལྟས་ནི། དེ་ནས་དུས་མིན་ཉི་མ་ཡི། །ཞེས་སོགས་ཚིག་བཅད་དྲུག་དང་རྐང་པ་གཅིག་གི་སྟོན་ཏེ། དེ་ཡང་དབུ་མའི་འཆི་ལྟས་བཤད་པ་དེ་ནས་དུས་མིན་འཆི་བ་ཉི་མའི་འཆི་ལྟས་ངེས་པ་ནི་འདི་ལྟ་སྟེ་ཞེས་མདོར་བསྟན་པའི་ཚུལ་གྱི་འཚམས་སྦྱོར་ཏེ། ལྟས་ངན་པ་སྟོན་པ་དང་། ནད་ལ་སོགས་པའི་རྐྱེན་གྱི་དུས་མ་ཡིན་པའི་འ ཆི་ལྟས་ཡིན་ངེས་ཀྱི་ཡོན་པོ་གཡས་ནས་ཞག་གཅིག་རྒྱུ་ན་ལོ་གསུམ་དང་ཕྱོགས་གསུམ་ན་འཆི་ལ། དེ་ནས་གཡས་སུ་ཡོན་པོ་ལྔ་རྒྱུས་ན་གཡས་ཀྱི་དུས་སྦྱོར་གླང་གི་དཀྱིལ་འཁོར་ལྔ་བཅད་དེ། འཆི་བའི་ཚེ་ལོ་གསུམ་ཡོད་ལ། དེའི་སྟེང་དུ་ལོ་གཅིག་ལ་འཆི་ཞག་ལྔ་འཕེལ་ཏེ་གཡས་འཆི་ཞག་བཅུ་རྒྱུས་པ་ལས་གཡས་ཀྱི་དུས་སྦྱོར་གཉིས་པའི་རྩ་ལྔ་བཅད་ནས། དེའི་ཚེའི་ལྷག་མ་ལོ་གཉིས་ཡོད་ཅིང་། ཡང་ལོ་གཅིག་ལ་འཆི་ཞག་ལྔ་འཕེལ་ནས་ལོ་བཅོ་ལྔ་རྒྱུས་པས་དུས་སྦྱོར་གསུམ་པའི་རྩ་ལྔ་བཅད་དེ། འཚོ་བའི་ཞག་ལོ་གཅིག་ཡོད་ལ། དེ་ནས་ཟླ་བ་དྲུག་ལ་ལྔ་འཕེལ་ནས་ཉི་ཤུ་རྒྱུས་པས་དུས་སྦྱོར་བཞི་པའི་རྩ་ལྔ་བཅད་དེ། ལྷག་མ་ཟླ་བ་དྲུག་ཡོད་ཅིང་། དེ་ནས་ཟླ་བ་གསུམ་གྱི་རིང་ལ་འཆི་ཞག་ལྔ་འཕེལ་ནས་ཞག་ཉི་ཤུ་རྩ་ལྔ་དུས་སྦྱོར་ལྔ་པའི་རྩ་ལྔ་བཅད་དེ། དེ་རྣམས་ནི་ལྔ་ཚན་འཕེལ་བ་སྟེ། དེ་ལྟར་ཁྱིམ་ལྔ་སྟོང་པ་ཡིན་ལ། དེ་ནས་འཚོ་བའི་ཞག་ཟླ་བ་གསུམ་ཡོད་པ་ལས། འཆི་ཞག་རེ་རེ་འཕེལ་བས་ཁྱིམ་རེ་འདོར་བ་ཡིན་ཏེ། དེ་ཡང་གཡོན་ནས་ཞག་བཞི་ཐ་མལ་པའི་རླུང་རྒྱུས་ནས། དེ་ནས་གཡས་སུ་འཆི་ཞག་ཉེར་དྲུག་གིས་དུས་སྦྱོར་དྲུག་པའི་རྩ་ལྔ་གཅོད། ལྷག་མ་ཟླ་བ་གཉིས་ཡོད་ཅིང་། དེ་ནས་ཐ་མལ་པ་ཞག་གསུམ་དང་། འཆི་ཞག་ཉེར་བདུན་གྱི་དུས་སྦྱོར་བདུན་པའི་རྩ་བཅད་དེ། འཚོ་བའི་ཟླ་བ་གཅིག་ཡོད་ལ། དེ་ལྟར་ཁྱིམ་བདུན་པ་ཕན་ལ་ནི་བསླུ་བར་ནུས་ཤིང་། དེ་འདས་ནས་བཟློག་མི་ནུས་ཀྱི་སྟོབས་རྒྱས་པའི་ཕྱིར་སུས་ཀྱང་བཟློག་པར་མི་ནུས་ལ། དེ་ནས་ཞིབ་མོར་ན་འཆི་བའི་ཞག་སོ་གསུམ་ཡོད་པ་ལས། འཆི་ཞག་བཅོ་ལྔ་རྒྱུས་པས་དུས་སྦྱོར་བརྒྱད་པའི་རྩ་ལྔ་གཅོད། བཅུ་རྒྱུས་པས་དུས་སྦྱོར་དགུ་པའི་རྩ་ལྔ་དང་། ལྔ་བརྒྱུས་པས་དུས་སྦྱོར་བཅུ་པའི་རྩ་ལྔ་དང་། གསུམ་རྒྱུས་པའི་དུས་སྦྱོར་བཅུ་གཅིག་པའི་རྩ་ལྔ་སྟེ། དེ་ལྟར་ཁྱིམ་བཅུ་གཅིག་སྟོང་ནས་ཉི་མའི་སྟོབས་ཟད་དེ། དེའི་འོག་ཏུ་ཟླ་བ་ཟད་པར་བྱེད་པའི་རླུང་གཡོན་ནས་ཞག་གཉིས་རྒྱུ་བར་བྱེད་པས་དེས་ཁྱིམ་བཅུ་གཉིས་པའི་རྩ་ལྔ་སྟོངས་ཅིང་། དེ་ནས་དབུ་མར་མུན་པ་ཆེན་པོའི་རླུང་མཉམ་རྒྱུ་ཞག་གཅིག་གི་འཁོར་ལོའི་ལྟེ་བ་བཅད་ནས་རྣམ་ཤེས་ཕ་རོལ་ཏུ་འགྲོ་བར་བྱེད་དོ། །བཞི་པ་གཡོན་ཟླ་བའི་འཆི་ལྟས་ནི། གཡོན་གྱི་ཟླ་བའི་རྟགས་བཤད་པ། ཅེས་སོགས་ཚིག་བཅད་བཞི་དང་རྐང་པ་གཉིས་ཀྱི་སྟོན་ཏེ། དེ་ཡང་། གཡོན་གྱི་ཟླ་བའི་འཆི་ལྟས་ཞུགས་པའི་རྟགས་བཤད་པ་ནི། ཞེས་པས་མདོར་བསྟན་ནས། དེ་ནས་རྒྱས་པར་བཤད་པ་ནི། ལྟས་ངན་པ་སྟོན་པ་དང་། ནད་ལ་སོགས་པའི་སྐྱོན་མ་ཡིན་པར་གཡོན་ནས་ཡོན་པོ་ཞག་གཅིག་རྒྱུ་བ་ནི་ལོ་གསུམ་དང་ཕྱོགས་གསུམ་གྱི་ནང་དུ་འཕོ་བའི་རྟགས་ཡིན་ལ། དེ་ནས་ཟླ་བ་གཉིས་ལ་འཆི་ཞག་རེ་རེ་འཕེལ་བ་ལས་ཟླ་བ་དྲུག་ལ་འཆི་ཞག་གསུམ་རྒྱུ་སྟེ། དེས་གཡོན་གྱི་དུས་སྦྱོར་དང་པོ་ལུག་གི་རྩ་ལྔ་གཅོད་ཅིང་། དེ་ནས་འཚོ་བའི་ཟླ་བ་སུམ་ཅུ་ཡོད་པ་ལས་ཟླ་བ་རེ་རེ་ཞིང་འཆི་ལྟས་ཞག་རེ་རེ་འཕེལ་བ་ལས། ཟླ་བ་གསུམ་གསུམ་གྱི་ཁྱིམ་རེ་རེ་འདོར་སྟེ། གཡོན་ནས་འཆི་ཞག་གི་གྲངས་འཕེལ་བ་བཞིན་དུ་འཚོ་བའི་ཞག་འབྲི་བ་ཡིན་ལ། དེའི་ཚུལ་ཡང་སྔར་གྱི་འཆི་ཞག་གསུམ་པོའི་སྟེང་དུ་ཟླ་བ་གསུམ་གྱི་རིང་ལ་བསགས་པའི་འཆི་ཞག་གསུམ་དང་བཅས་པའི་འཆི་ཞག་དྲུག་གི་དུས་སྦྱོར་གཉིས་པའི་རྩ་ལྔ་གཅོད་ཅིང་། དེ་ནས་འཚོ་བའི་ཚེ་ཟླ་བ་ཉེར་བདུན་ཡོད་ལ། དེ་བཞིན་དུ་འཆི་ཞག་དགུ་དང་བཅས་པའི་ཟླ་བ་གསུམ་གྱི་དུས་སྦྱོར་གསུམ་པའི་རྩ་ལྔ་བཅད་དེ། འཚོ་བའི་ཚེ་ཟླ་བ་ཉེར་བཞི་ཡོད་པ་ནས་འཆི་ཞག་སོ་གསུམ་དང་བཅས་པའི་ཟླ་བ་ཐ་མ་གསུམ་གྱི་ཁྱིམ་བཅུ་གཅིག་པ་སྟོང་པར་འགྱུར་བའི་བར་ཡིན་ལ། དེ་ནས་ཞག་གཉིས་གཡས་འབའ་ཞིག་ནས་རྒྱུ་བས་ཉི་མའི་ཁམས་ཟད་པར་བྱེད་ཅིང་། དུས་སྦྱོར་བཅུ་གཉིས་པ་བཅད་ནས། དེའི་འོག་ཏུ་དབུ་མའི་མཉམ་རྒྱུ་ཞག་གཅིག་གི་འཁོར་ལོའི་ལྟེ་བ་བཅད་དེ་རྣམ་ཤེས་གཞན་དུ་འཕོ་བ་ཡིན་ནོ། །ལྔ་པ་དེ་དག་གིས་ངེས་པ་བསྟན་པ་ནི། དེ་ལྟར་ཉི་ཟླའི་རྟགས་འབྱུང་བ། །ཅེས་སོགས་ཚིག་བཅད་ལྔས་སྟོན་ཏེ། དེ་ཡང་དེ་ལྟར་ཉི་ཟླའི་རྟགས་འབྱུང་བའི་ངེས་པ་ཡང་། ལྟེ་བའི་མི་མཉམ་པ་ལུག་སོགས་ཀྱི་ཁྱིམ་ནས་རླུང་ཐོག་མར་འབྱུང་བ་ནི་གཡོན་ཟླ་བའི་འཆི་ལྟས་གཙོ་ཆེ་ཞིང་། གླང་སོགས་མཉམ་པའི་ཁྱིམ་རྣམས་ལས་ཐོག་མར་རླུང་འབྱུང་བ་ནི་གཡས་ཉི་མའི་འཆི་ལྟས་གཙོ་བོ་ཡིན་ལ། དེ་ལྟར་སྔ་མ་དབུ་མའི་དུས་འཆི་ལོ་བརྒྱ་ཐུབ་པ་ནས། སྐྱེས་ནས་ཞག་གཅིག་ཐུབ་པའི་བར་ནི། དབང་ཕྱུག་པའི་གཞུང་རྣམས་སུ་སྐྱེས་ནས་ཡོན་པོ་དབྱུག་གུ་ལྔ་བརྒྱ་ན་ལོ་བརྒྱ་ན་འཆི་བ་དང་། ཞག་གཅིག་ཏུ་ཡོན་པ་རྒྱུ་ན་ལོ་བཅུ་ཐུབ་པོ་ཅེས་ངེས་བཟུང་ཅན་གྱི་ཚིགས་སྨྲ་བ་དེ་དགག་པའི་ཕྱིར། རྩ་ཀུན་ཏུ་རྒྱུ་བ་ནི་དབུ་མའི་ལོ་བརྒྱའི་འཆི་ལྟས་ཡིན་ཏེ་རྩ་ནང་རླུང་ཐམས་ཅད་ཀྱི་སོ་གཉིས་ཆ་བསགས་པ་ལས་འཆི་ལྟས་སུ་ལོངས་དགོས་པའི་ཕྱིར་ལ། སྐྱེས་ནས་ཞག་གཅིག་ན་འཆི་བ་ནི་དབུ་མ་གཅིག་པུ་ནས་རྒྱུ་བ་ཡིན་ཞིང་། ཞག་གསུམ་ལ་སོགས་པ་ནས་འཆི་ན་ཡང་། རྩ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུར་རྒྱུ་ཞིང་། གཞན་རྣམས་སུ་མི་རྒྱུ་ལ། གང་ཚེ་དུག་དང་། མཚོན་དང་། ནད་དྲག་པོས་འཆི་བ་རྣམས་ལ་རྩ་རྣམས་ཅིག་ཆར་དུ་འགག་ཞིང་། རྒྱུ་དེས་གློ་བུར་དུ་འཆི་བར་གསུངས་ལ། ཇི་ལྟར་ལྟེ་བའི་འཁོར་ལོ་རྣམས་འགག་པ་བཞིན་དུ། སྙིང་གའི་ཐུན་གྱི་རྩ་བརྒྱུད་དང་། མགྲིན་པར་རྒྱུ་སྐར་གྱི་ཉེར་བརྒྱད་དང་དཔྲལ་བར་ཟླ་རྐང་གི་རྩ་རྣམས་རིམ་པར་འགག་པ་ཡིན་པ་ནི་གོང་དུ་རྩ་འགག་པའི་གནས་སྐབས་སུ་བཤད་པ་ལྟར་ཡིན་ལ། ལྟེ་བ་མ་གཏོགས་པའི་འཁོར་ལོ་ལྔ་དང་། ཡན་ལག་གི་འཁོར་ལོའི་ཚིག་ཀུན་ཡང་ཁམས་ལྔ་ལ་དབྱུག་གུ་བཅུ་གཉིས་བཅུ་གཉིས་ཀྱི་ཕྱེ་བའི་དྲུག་ཅུ་དྲུག་ཅུ་ཡོད་པ་ནི། མཐར་ཞག་དྲུག་བརྒྱུས་ནས་ཟད་པར་འགྱུར་བ་ནི་རླུང་གི་འཆི་ལྟས་བསྟན་པ་ཡིན་ནོ། །གསུམ་པ་ཐིག་ལེ་འགག་པའི་རིམ་པ་ལ། ལོ་དགུ་བཅུ་རྩ་བདུན་གྱི་ཐིག་ལེ་འདོར་བའི་ཚུལ་དང་། ལོ་གསུམ་གྱི་འཆི་ལྟས་དངོས་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་འགག་པ་ནི། །ཞེས་སོགས་ཚིག་བཅད་ཕྱེད་དང་བཞིས་སྟོན་ཏེ། དེ་ཡང་རྩ་རླུང་གཉིས་འགག་པའི་ཚུལ་བཤད་པ་དེ་ནས་ཐིག་ལེ་འགག་པའི་ཚུལ་བཤད་པ་ཡིན་ཏེ། རྩ་འཕེལ་བའི་ལོ་གཅིག་པོ་དེའི་རིང་ལ་ནང་གི་ཁམས་བྱང་ཆུབ་སེམས་ཀྱང་འཕེལ་ཞིང་། དེ་ནས་རླུང་གི་ནུས་པའི་ཕྱིར་ཤོར་བ་ནས་དཀར་ནག་གི་ཐབས་ཤེས་ཀྱི་རྩ་གཉིས་གཉིས་སྐམས་པ་བཞིན་དུ་འཆི་ལྟས་སུ་གྱུར་པའི་ཐིག་ལེ་འགག་ལ། སྤྱིར་ཐིག་ལེ་ནི་ལོ་བཅུ་དྲུག་གི་བར་དུ་འཕེལ་སྟེ། དེ་ནས་དཀར་ཆ་འདོར་ཞིང་འགྲིབ་པ་ཡིན་ཞིང་། དེ་ནས་ལོ་བཅུ་དྲུག་ཏུ་དམར་ཆ་འཕེལ་ཏེ། ལོ་སོ་གཉིས་ནས་འདོར་ལ། དེ་བཞིན་དུ་ལོ་བཅུ་དྲུག་རླུང་དང་། བཅུ་དྲུག་མེ་དང་། བཅུ་དྲུག་ཆུ་དང་། བཅུ་དྲུག་སའི་སྟོབས་འཕེལ་ནས། བཅུ་དྲུག་རེ་སོང་བའི་མཐའ་ནས་འགྲིབ་པ་ཡིན་ཏེ། དེ་ལྟར་རག་པར་ན་ལོ་དགུ་བཅུ་རྩ་བདུན་ལ་སྟོབས་ཀུན་དོར་ནས། ལོ་གསུམ་ན་འཆི་བར་ངེས་པར་ཤེས་པར་བྱའོ། །གཉིས་པ་འཆི་ལྟས་དངོས་ནི། ལྟེ་བའི་རྩ་གཅིག་ཆད་པ་དང་། ཞེས་སོགས་ཚིག་བཅད་གསུམ་དང་རྐང་པ་གཉིས་ཀྱི་སྟོན་ཏེ། དེ་ཡང་ལྟེ་བའི་དུས་སྦྱོར་གྱི་རྩ་གཅིག་ཆད་པ་དང་། སྣ་བུག་གཡས་གཡོན་གང་ཡང་རུང་བའི་ཞག་གཅིག་གི་དུས་སྦྱོར་ཆད་པ་མཉམ་པ་ཡིན་ལ། དེ་ནས་གཅི་བ་འགྱུར་བ་ནི་ཟླ་བ་དྲུག་ན་འཆི་ཞིང་། རྣ་བའི་སྒྲ་འདོར་བ་ཞག་དྲུག་ན་འཆི་བ་དང་། ལྕེའི་རོ་འདོར་བ་ཞག་ལྔ། མིག་དབུས་སུ་ཚངས་པའི་རི་མོ་བྱུང་ན་ཞག་བཞི། སྣ་ཞོམ་དྲི་འདོར་བ་ཞག་གསུམ། རེག་བྱ་འདོར་བ་ཞག་གཉིས། ཆོས་ཁམས་ཁུ་བ་སྟེང་འོག་ཏུ་མཉམ་པ་ཞག་གཅིག་ན་འཆི་ལ། སྟེང་འོག་ཏུ་ཁུ་བ་འཕོ་བའི་ཚུལ་ནི། དཀར་ཆ་སྤྱི་བོ་ནས་སྙིང་གར་འོག་དུ་ལྟུང་སྟེ། དམར་ཆ་ལྟེ་བ་ནས་སྙིང་གར་གྱེན་དུ་འགྲོ་བ་ཡིན་ལ། དེ་ནས་དཀྱིལ་འཁོར་གྱི་རླུང་རྣམས་སྣ་སྒོ་ནས་ཕྱིར་འགྲོ་ཞིང་ནང་དུ་མི་ལྡོག་སྟེ། དེ་ནས་ཕུང་ཁམས་ཐམས་ཅད་རྣམ་ཤེས་ཀུན་གཞི་ལ་ཐིམ་པ་ཡིན་ནོ། །བཞི་པ་ཞར་ལ་གནས་གཞན་གང་དུ་འཕོ་བའི་ཚུལ་བསྟན་པ་ནི། ཚངས་བུག་ནས་ནི་གཟུགས་མེད་སྟེ། །ཞེས་སོགས་ཚིག་བཅད་ཕྱེད་དང་གསུམ་གྱི་སྟོན་སྟེ། དེ་ཡང་རྣམ་པར་ཤེས་པ་ཀུན་གཞི་ལ་ཐིམ་ནས་འོད་གསལ་དུ་གནས་པ་སྟེ། ཚངས་བུག་ནས་དཀར་དམར་གྱི་སྙིགས་མ་དང་ལྷན་ཅིག་དུ་འཕོ་ན་ཟག་མེད་དང་། སྨིན་མཚམས་ཐིག་ལེ་ནས་འཕོ་ན་གཟུགས་སུ་འགྲོ་ལ། ལྷ་མོ་ཆེ་ཞེས་པ་བོད་པའོ། །ལྟེ་བ་ནས་འདོད་ལྷ་རིགས་དྲུག་དང་། མིག་ལས་འདོད་པའི་མིའི་དབང་པོར་འགྱུར་ཞིང་། སྣ་ལས་གནོད་སྦྱིན་གནས་དང་། རྣ་བ་ལས་གྲུབ་པའི་ལྷ་ཞེས་བྱ་བ་རྩ་སུམ་ཅུ་རྩ་གསུམ་པ་དང་སྐལ་མཉམ་གྱི་རིག་འཛིན་དང་། ཡང་ན་རྣ་བ་ལས་ལྷ་མིན་དུ་སྐྱེ་བར་བཤད་པ་ཡང་ཡོད་དེ། དེ་དག་ནི་མཐོ་རིས་སུ་འཕོ་བ་ཡིན་ལ། སྲིད་པའི་སྒོ་སྟེ་ཁུ་བའི་ལམ་ལས་ཡི་དྭགས་དང་། དྲི་ཆུའི་ལམ་ནས་དུད་འགྲོ་དང་། འོག་སྒོ་ལས་འཕོས་ན་དམྱལ་བ་བརྒྱད་དུ་སྐྱེ་ལ། དེ་ལྟར་ལམ་དེ་རྣམས་ལས་འཕོས་ནས་ཉིང་མཚམས་མ་སྦྱར་བའི་བར་དོ་ལ་བར་དོ་ཅེས་བྱ་སྟེ། བར་དོ་དེ་ཡང་ཆོས་མངོན་པར་བཤད་པ་ཉིད་གཞིར་བྱས་ཀྱི་སྟེང་དུ། སྔགས་ཀྱི་ཚུལ་དང་། རྒྱལ་པོ་ལ་གདམས་པའི་མདོ་ལ་སོགས་པར། ཚེ་འདིའི་སྣང་བ་ཤེས་ཆེར་འབྱུང་ཞིང་གང་དུ་སྐྱེས་འགྱུར་གྱི་སྣང་བ་ཡང་ཡད་ཡུད་འབྱུང་བར་གསུངས་པ་ཡང་བཞེད་པ་ཡིན་ལ། དེ་ལྟར་འཆི་སྲིད་བར་སྲིད་སྐྱེ་སྲིད་གསུམ་པོ་ནི་སྐུ་གསུམ་པོ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། སྣང་མཆེད་ཐོབ་གསུམ་ཐིམ་པ་ནི། །ཞེས་སོགས་ཚིག་བཅད་གཅིག་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་རྟེན་སྣང་མཆེད་ཐོབ་གསུམ་ཐིམ་པ་ལས་བརྟེན་པ་རྣམ་ཤེས་ཚོགས་བརྒྱད་ཀྱང་ཐིམ་པར་འགྱུར་བ་ཡིན་ཏེ། རྣམ་ཤེས་ཚོགས་དྲུག་ཐིམ་པ་སྣང་བ་སྤྲུལ་པའི་སྐུ་དང་། ཡིད་རྒྱུན་ཅན་དང་རྣམ་རྟོག་ཕྲ་བ་ཐིམ་པ་མཆོད་པ་ལོངས་སྐུ། ཀུན་གཞི་ཆོས་ཀྱི་དབྱིངས་སུ་ཐིམ་པ་ཉེར་ཐོབ་ཆོས་ཀྱི་སྐུ་ཡིན་ལ། དེ་ལྟར་སྐུ་གསུམ་པོའི་རང་བཞིན་ཡིན་པ་ཉིད་ཡིན་པར་མ་ཤེས་ཅིང་། སེམས་ཀུན་གཞིའི་རང་བཞིན་འོད་གསལ་བའི་སྣང་བའི་བདག་ཉིད་ཡིན་ཡང་། འདུ་བྱེད་ཡིད་ཀྱི་གཡོ་བའི་དབང་གི་མུན་པར་གྱུར་པ་ཡིན་ལ། སྣང་བ་གསུམ་པོ་དེ་ཡང་། རྣམ་ཤེས་ཚོགས་དྲུག་གིས་སྟོང་པའི་སྟོང་པ་དང་། ཡིད་རྒྱུན་ཅན་གྱིས་སྟོང་པའི་ཤིན་ཏུ་སྟོང་པ་དང་། ཀུན་གཞིས་སྟོང་པའི་སྟོང་པ་ཆེན་པོ་ཡིན་པ་དེ་ཉིད་མ་རྟོགས་པས་འཁོར་བར་འཁྱམས་ཅིང་། དེ་ཉིད་སྦྱངས་པ་ལས་ཡེ་ཤེས་ཏེ་རྣམ་པར་དག་པའི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་བ་ཡིན་ནོ། །ཟབ་མོ་ནང་གི་དོན་སྣང་བར་བྱེད་པ་ལས་རྩ་རླུང་ཐིག་ལེ་སྡུད་པའི་ཚུལ་བསྟན་པ་སྟེ་བཅུ་གཅིག་པའོ། །དེ་ནས་དུམ་བུ་བཅུ་གཅིག་གི་དོན་བསྡུ་བ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་རྒྱུ་མཚན་བསྟན་བསྔོ་བ་སྨོན་ལམ་དང་བཅས་པ་ལ། སྡེ་སྣོད་གསུམ་སྤྱིར་བཤད་པ་སྡེ་སྣོད་སོ་སོ་ལ་སྦྱར་བ་དང་། སྔགས་ཀྱི་ཚུལ་དང་སྦྱར་བའི་དགོས་པ། འབྲས་བུའི་ཚུལ་བསྡུ་བ། དེ་གང་ལ་རྙེད་པ། སངས་རྒྱས་ཀྱི་ཕྲིན་ལས་ལ་གུས་པས་བསྟོད་པ་སྟེ་དྲུག་ལས། དང་པོ་ནི། རྒྱལ་བས་རྒྱུད་རྣམས་ཐམས་ཅད་དུ། །ཅེས་སོགས་ཚིག་བཅད་གཉིས་ཀྱི་སྟོན་ཏེ། དེ་ཡང་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསང་སྔགས་ཀྱི་རྒྱུད་རྣམས་ཐམས་ཅད་དུ། ཕྱི་རོལ་དུ་ཐུན་མོང་བའི་རྣམ་རིག་ཙམ་གྱི་སྣང་བ་དང་། ནང་རྡོ་རྗེའི་ལུས་ལ་རྩ་རླུང་ཐིག་ལེ་དང་། གཞན་ལམ་དུ་ཀུན་བརྟགས་ཀྱི་ལྷ་དང་སྔགས་ལ་སོགས་པ་རྣམས་ནི། ཉོན་མོངས་དང་ཤེས་བྱའི་དྲི་མ་དང་བཅས་པས་སེམས་ལ་སྦག་པ་དེ་སྲིད་དུ་གཞི་ཞེས་བྱ་ལ། དྲི་མ་དེ་དག་པ་མེད་པ་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་ཀྱི་འབྲས་བུ་དང་། དྲི་མ་དེ་དག་སྦྱངས་པའི་ཐབས་འཁོར་བཅས་ནི་ལམ་ཡིན་ལ་དེ་ལྟར་གཞི་ལམ་འབྲས་བུ་ཐམས་ཅད་དོན་དམ་རང་བཞིན་དང་། ཀུན་རྫོབ་ཐ་སྙད་དེ་ལས་བརྩམས་ཏེ་གསུངས་ཅིང་། གསུང་ཚུལ། སྤྲོས་མིང་ཚིག་ཡི་གེ་ལ་སོགས་པ་ལུང་དང་། སྤྲོས་མེད་སོ་སོ་རང་རིག་གི་མངོན་སུམ་དུ་གསུངས་པ་ཡིན་ནོ། །གཉིས་པ་སྡེ་སྣོད་སོ་སོ་ལ་སྦྱར་བ་ནི། སྡེ་སྣོད་རེ་རེ་ལ་ཡང་ཕྱི་ནང་གཉིས་གཉིས་སུ་ཡོད་པ་ལས། དང་པོ་མངོན་པ་ལ་ཕྱི་ནང་གཉིས་ལས། ཕྱིའི་མངོན་པ་ནི། ཕྱི་རོལ་བྱེད་པོ་གཞན་མེད་པ། །ཅེས་སོགས་ཚིག་བཅད་ཕྱེད་དང་གཉིས་ཀྱི་སྟོན་ཏེ། དེ་ཡང་སེམས་ཅན་ལྟ་བ་ཐ་དད་པར་ལྷུང་བ་དག་ལྷུང་དྲང་ཕྱིར། ཕྱི་རོལ་གྱི་དོན་འདི་དག་ལ་བྱེད་པ་པོ་གཞན་ན་མེད་པར་བསྟན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་སྣང་བ་ལུས་དང་སེམས་ཕྱི་རོལ་གྱི་ཁམས་ལ་སོགས་པའི་སྣང་བ་སེམས་དང་སེམས་ལས་བྱུང་བའི་ཆོས་དང་། སྤང་བྱ་དང་གཉེན་པོའི་རྣམ་གཞག་དང་། དེ་དག་ཡན་ལག་ཏུ་རྟོགས་པས་ལྡན་མིན་འདུ་བྱེད་ཀྱི་རྣམ་བཞག་དང་། སྣོད་བཅུད་ཕྲ་རགས་དང་། མིང་དང་ཚིག་དང་ཡི་གེ་དང་། གཞན་ཡང་ཕྱོགས་དང་། དུས་ལ་སོགས་པའི་རྣམ་བཞག་གསུང་པ་རྣམས་ནི་ཕྱི་རོལ་གྱི་མངོན་པ་ཡིན་ཏེ། མཚན་གཞི་ནི་ཀུན་ལས་བཏུས་དང་མཛོད་ལ་སོགས་པར་གསུངས་པ་བཞིན་ནོ། །ནང་གི་མངོན་པའི་ཚུལ་ནི། ཇི་ལྟར་ཕྱི་བཞིན་ནང་ན་གནས། །ཅེས་སོགས་ཚིག་བཅད་ཕྱེད་དང་བཞིས་སྟོན་ཏེ། དེ་ཡང་འཇིག་རྟེན་གྱི་ཁམས་ལ་སོགས་པ་ཇི་ལྟར་ཕྱི་རོལ་ན་གནས་པ་བཞིན་དུ་ནང་ན་གནས་པ་ཡིན་ཏེ། ནང་གི་རྩ་དང་ལུས་ཀྱི་དབྱིབས་ལ་སོགས་པས་ཕྱི་རོལ་གྱི་འཇིག་རྟེན་གྱི་ཚད་དབྱིབས་ལ་སོགས་པ་སྐྱེད་ལ། ནང་གི་རླུང་གིས་ནི་ངག་ཐམས་ཅད། དུས་སྦྱོར་དང་ཡི་གེ་ལ་སོགས་པ་བསྐྱེད་ཅིང་། ཐིག་ལེས་ནི་གཟའ་དང་རྒྱུ་སྐར་དང་། ཁམས་འབབས་པ་ཆུ་བོ་དང་མེ་གསུམ་ནང་ལ་སྦྱར་བ་ལ་སོགས་པ་ངེས་པ་ལ་སྔར་ནང་ལ་སྦྱ ར་བའི་སྐབས་སུ་བསྟན་པར་ལྟར་ཤེས་བྱ་ཞིང་། གཞན་ཡང་ཡང་དག་པའི་ལམ་དུ་འཇུག་པར་འདོད་པ་དག་གིས་ནང་གིས་ཐབས་མཁས་པའི་ཁྱད་པར་ཤེས་པར་བྱ་བ་ནི། ཇི་ལྟར་མིག་བཙུམ་ནས་གཟུགས་མི་མཐོང་ལ། ཕྱེ་བས་ཟླ་བ་ལ་སོགས་པའི་གཟུགས་སྣང་བར་འགྱུར་བ་དང་། མིག་བཙིར་ན་ཟླ་བ་གཉིས་སུ་མཐོང་བ་ལྟར་རྟེན་རྩ་རླུང་བྱང་ཆུབ་སེམས་ཀྱི་གནད་འཆིང་མ་ཤེས་པས་སྲིད་ཞི་དབྱེར་མེད་ལ་དབང་བྱེད་པའི་ཡེ་ཤེས་མཐོང་བར་ནུས་པ་མ་ཡིན་ལ། རྟེན་དེ་དག་གིས་གནད་ཤེས་ཅིང་བཅིངས་པ་ལས་རྟགས་བཅུས་མཚོན་པའི་བདེ་གསལ་མི་རྟོགས་པའི་ཡོན་ཏན་སྣང་སྟོང་དབྱེར་མེད་པའི་ལམ་གྱི་ཡེ་ཤེས་མངོན་སུམ་དུ་མཐོང་བར་ནུས་ཏེ་མིག་བཙུམ་པ་དང་ཕྱེ་བའི་ཁྱད་པར་ལྟ་བུའོ། །གཞན་ཡང་བསྐྱེད་རིམ་ཡན་ལག་དང་བཅས་པའི་དོན་ཡང་སེམས་ལས་གཞན་པ་ཕྱི་རོལ་ན་གྲུབ་པ་མེད་ཀྱང་གདུལ་བྱ་གཞན་གྱི་སྣང་བ་ལ་དབང་འབྱོར་བའི་སྤྲུལ་པ་དུ་མ་སྤྲོ་བར་ནུས་པའི་ཕྱིར་ཀུན་བརྟགས་ཀྱི་ལྷ་དང་དཀྱིལ་འཁོར་ལ་སོགས་པ་བསྟན་པ་ཡིན་ཏེ། འདི་ནི་མིག་བཙིར་བས་ཟླ་བ་གཉིས་སུ་མཐོང་བ་ལྟ་བུ་ཡིན་ཏེ་བདེན་པར་མེད་བཞིན་དུ་སྣང་བར་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་ན་སྔགས་ཀྱི་གཞུང་ཐམས་ཅད་ནང་གི་དོན་གྱི་མངོན་པ་ཡིན་པར་བསྟན་ནོ། །མདོ་སྡེ་ཡིན་པའི་ཚུལ་ནི། གཞན་བཤད་ལྷ་དང་དཀྱིལ་འཁོར་ཡང་། །ཞེས་སོགས་ཚིག་བཅད་ཕྱེད་དང་གཉིས་ཀྱི་སྟོན་ཏེ། དེ་ཡང་ས་དང་ལམ་ལ་སོགས་པ་མདོ་སྡེ་ལས་གསུངས་པ་ལྟར། འདིར་ཡང་གཞན་བསྐྱེད་རིམ་དུ་བཤད་པའི་ལྷ་དང་དཀྱིལ་འཁོར་ལ་སོགས་པ་ཡང་ནང་གི་གནས་ལ་སོགས་པའི་ས་བཅུ་དང་། ལམ་ལྔ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། གཟུངས་སྔགས་དང་། གསང་སྔགས་དང་། རིགས་སྔགས་ལྷ་དང་བཅས་པ། ལམ་གྱི་རིམ་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། བསྐྱེད་རྫོགས་ཀྱི་ལམ་གྱི་ཡན་ལག་ཟད་པར་ཟིལ་གནོན་ལ་སོགས་པས་རང་བཞིན་གྱི་གཞན་གྱི་དོན་བསྒྲུབ་པའི་ཏིང་ངེ་འཛིན་དང་འབྲེལ་པའི་ཕྱིར་ཟབ་པ་དང་རྒྱ་ཆེ་བ་དུ་མ་སྟོན་པར་བྱེད་ལ། དེའི་ཕྱིར་ན་སྔགས་ཀྱི་ཐེག་པ་འདི་ནི་ནང་གི་མདོ་སྡེ་དང་ཕ་རོལ་ཏུ་ཕྱིན་པ་ཡིན་པར་བརྗོད་པའོ། །འདུལ་བ་ཡིན་པའི་ཚུལ་ནི། ཕྱི་རོལ་ལུས་ངག་སྲུང་སྡོམ་དང་། །ཞེས་སོགས་ཚིག་བཅད་ཕྱེད་དང་གཉིས་ཀྱི་སྟོན་ཏེ། དེ་ཡང་འདུལ་བ་ལས་གསུངས་པ་བཞིན་དུ་ཕྱི་རོལ་གྱི་ལུས་ངག་གི་སྲུང་སྡོམ་དང་། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྲུང་བའི་ཚུལ་ཁྲིམས་དང་ལྡན་ཞིང་རང་གི་ཞི་བ་མངོན་སུམ་དུ་བྱེད་པའི་འདུལ་བ་ནི་ཕྱིའི་འདུལ་བ་ཡིན་ལ། ནང་དུ་རང་གཞན་གྱི་དོན་ལ་མ་རྨོངས་པར་ཀུན་རྫོབ་དོན་དམ་རྟེན་དང་བརྟེན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། སྡོམ་པའི་ཚུལ་ཁྲིམས་ཐབས་མཁས་པའི་ཁྱད་པར་དང་བཅས་པ་རྣམས་ཀྱི་ཉོན་མོངས་པའི་ཚོགས་ཇི་སྙེད་པ་ཐམས་ཅད་ཡེ་ཤེས་སུ་བསྒྱུར་བར་བྱེད་པ་དང་། ཉོན་མོངས་པའི་ཁ་ན་མ་ཐོ་བ་སེལ་བར་བྱེད་ཅིང་འཁོར་བའི་ཉེས་པ་ནས་སློང་བར་བྱེད་ཏེ། དེའི་ཕྱིར་ན་སྔགས་ཀྱི་ཐེག་པ་འདི་ནི་ནང་གི་འདུལ་བར་གསུང་པ་ཡིན་ནོ། །དེ་བས་ན་སྡེ་སྣོད་གསུམ་ག་དང་མཐུན་པའི་ཕྱིར་ན་སྔགས་ཀྱི་ཐེག་པ་འདི་ཉིད་ལ་རིག་པ་འཛིན་པའི་སྡེ་སྣོད་ཅེས་བྱའོ། །གསུམ་པ་སྔགས་ཀྱི་ཚུལ་དང་སྦྱར་བའི་དགོས་པ་ནི། འདུལ་དང་མདོ་སྡེ་ཕྱིར་ཤེས་པས། །ཅེས་སོགས་ཚིག་བཅད་གཉིས་ཀྱི་སྟོན་ཏེ། དེ་ཡང་འདུལ་བ་དང་མདོ་སྡེ་དང་མངོན་པ་ལ་སོགས་པ་ཕྱི་རོལ་དུ་ཤེས་པས་ཐེག་པ་འོག་མ་ཉན་རང་གི་ཐེག་པ་ཤེས་ཅིང་དེའི་འབྲས་བུ་ཐོབ་པར་བྱེད་པ་ཡིན་ཏེ་དགོས་པ་གཅིག་གོ །དེ་ལས་ཆོས་རྨད་དུ་བྱུང་བའི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་དང་ལྡན་པ་ཐེག་པ་ཆེན་པོའི་མདོ་སྡེ་དང་། འདུལ་བ་དང་མངོན་པ་རྣམས་ཤེས་ཅིང་། དེ་དག་ལ་སྤྱོད་ཅིང་བསྒྲུབ་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་འགྱུར་སྟེ་དགོས་པ་གཉིས་སོ། །དེའི་སྟེང་དུ་ཐབས་མཁས་པའི་ཁྱད་པར་གཞུང་འདི་ནས་གསུངས་པ་ལྟ་བུའི་ནང་གི་དོན་རྒྱས་པར་ཤེས་ཅིང་། སངས་རྒྱས་ཀྱི་སྙིང་པོའི་ཚུལ་ཕྱིན་ཅི་མ་ལོག་པར་རྟོགས་ནས་འབྲས་བུ་རྟོགས་པ་ལམ་བྱེད་པ་ནི། བླ་ན་མེད་པའི་སངས་རྒྱས་མྱུར་དུ་ཐོབ་པར་བྱེད་པའི་དགོས་པ་དང་ལྡན་པས་ན། སྔགས་ཀྱི་ཚུལ་ཐམས་ཅད་ལས་གསུངས་པའི་དོན་གོ་བར་བྱ་བའི་ཕྱིར་ཟབ་མོའི་དོན་ཉེ་བར་མཚོན་པའི་མིང་དང་ཚིག་གི་རྣམ་གྲངས་འདིར་བསྡུས་ཏེ་བསྟན་པ་ཡིན་ནོ། །བཞི་པ་འབྲས་བུའི་ཚུལ་བསྡུ་བ་ནི། ཐམས་ཅད་ཡེ་ཤེས་རང་བཞིན་ཏེ། །ཞེས་སོགས་ཚིག་བཅད་བཞིས་སྟོན་ཏེ། དེ་ཡང་སྔར་རྒྱས་པར་བཤད་པ་བཞིན། དབང་པོའི་མངོན་སུམ་དང་ཡིད་ཀྱི་མངོན་སུམ་རང་རིག་པའི་མངོན་སུམ་སྟེ། ཐམས་ཅད་ཡང་དག་པའི་རྣལ་འབྱོར་གྱི་ཟིན་པའི་དུས་ན་རྣལ་འབྱོར་མངོན་སུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་རང་ངོ་ཡིན་ལ། དེ་ནི་ཡེ་ཤེས་ལྔའི་རང་བཞིན་ཡིན་ཏེ། འདིར་མཚོན་པ་ཙམ་ལས་མ་སྤྲོས་སོ། །འོ་ན་ཡེ་ཤེས་དེའི་སྒྲིབ་པ་གང་ནས་བྱུང་ཞེ་ན། དེའི་སྒྲིབ་པ་ནི་སྔར་ཉོན་ཡིད་གང་ནས་བྱུང་བསྟན་པ་ཐམས་ཅད་ཀྱི་རྩ་བ་བདག་དུ་ལྟ་བ་ལས་འབྱུང་ཞིང་། དེ་ལ་བརྟེན་ནས་གཞན་དུ་འཁྲུལ་པའི་རྟོགས་པ་བྱུང་བས་གཟུང་འཛིན་གྱི་ཤེས་པ་གློ་བུར་བར་སྐྱེས་ནས་ཆགས་སྡང་རྨོངས་གསུམ་དུ་ལོངས་ཏེ་འདུ་བྱེད་ཀྱི་ལས་མངོན་པར་འདུ་བྱས་ནས་ཡང་དག་པའི་གནས་ལུགས་གདོད་མ་ནས་ཡོད་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་། སྨིག་རྒྱུ་ལ་ཆུར་འཁྲུལ་པ་ལྟར་དོན་ལ་མེད་བཞིན་དུ་སྣང་བའི་གཟུང་འཛིན་དུ་མཐོང་ནས། རྣམ་པར་རྟོགས་པའི་འདམ་དུ་བྱིང་བར་གྱུར་པས་ན་བྱིས་པ་རྣམས་འཁོར་བའི་འདམ་དུ་བྱིང་ཞེས་སྨོས་པ་ཡིན་ལ། དེས་ན་གཟུང་འཛིན་གྱི་འཁྲུལ་པ་དང་བྲལ་ན་ཕྱི་ནང་གཞན་གསུམ་ཡེ་ཤེས་སུ་སྔར་བསྟན་པ་ལྟར་རྟོགས་པས་སངས་རྒྱས་ཀྱི་རང་བཞིན་དུ་འཆར་ཏེ། དེ་ཡང་སྔར་བདེན་གཉིས་ཀྱི་སྐབས་སུ་བཤད་བཞིན་ཀུན་རྫོབ་བདེན་པའི་མཚན་ཉིད་ཅན་གྱི་གཉིས་སུ་སྣང་བ་རྣམས་ནི་ཆུ་ཟླ་ལྟ་བུར་དོན་དུ་སྣང་བ་ཙམ་དུ་གཟིགས་ཅིང་། དོན་དམ་བདེན་པ་སྟོང་པ་ཉིད་བཅོ་བརྒྱད་པོ་ནི་དབྱེར་མེད་གཅིག་ཏུ་བདེན་པར་གཟིགས་ནས། དེའི་ཚེ་ན་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པ་གསུམ་དང་བདེན་པ་གཉིས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་སོ་སོ་རང་གི་རིག་དེ་ཉིད་ནི་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཡིན་པར་གསུངས་ཏེ། འདི་ལྟར་རྟོགས་ན་སྔགས་ཀྱི་འབྲས་བུ་མཐར་ཐུག་པ་རྟོགས་པར་འགྱུར་བ་ཡིན་ནོ། །ལྔ་པ་བསྟན་བཅོས་འདི་གང་ལས་རྙེད་པ་ནི། དེ་བས་རྡོ་རྗེ་ཐེག་པ་རུ། །ཞེས་སོགས་ཚིགས་བཅད་གསུམ་དང་རྐང་པ་གསུམ་གྱི་སྟོན་ཏེ། དེ་ཡང་གོང་དུ་བསྟན་པའི་རྒྱུ་མཚན་དེ་བས་ན། རྡོ་རྗེ་ཐེག་པ་འདི་རུ་གསུང་པའི་གནས་ལུགས་རྣམས་རྟོགས་པར་བྱ་བའི་ཕྱིར། གཞུང་འདིར་ནི་ཕྱོགས་ཙམ་ཞིག་བསྡུས་པ་ཡིན་ལ། བློ་གྲོས་རྒྱ་ཆེ་བ་དག་གིས་ཕྱི་ནང་གཞན་གསུམ་གྱི་ཤེས་བྱ་ལ་འཇུག་པར་བྱ་བ་ནི་རྒྱས་པར་བསྟན་པ་དཔག་ཏུ་མེད་པ་ཡོད་ཀྱང་། རྒྱལ་སྲས་རྣམས་ཀྱི་བསྟན་པའི་རྒྱུད་འགྲེལ་རྣམས་སུ་གསལ་བས་དེ་དག་ལྟ་བར་གྱིས་ཅིག དེ་བས་ན་དེ་རྣམས་ཀུན་ལ་འཇུག་པར་བྱེད་པའི་སྒོ་ལ་ཡང་གཞུང་འདི་ལྟ་བུ་དགོས་པ་ཉིད་ཡིན་ནོ། །དེ་ལྟ་བུའི་ཟབ་མོ་ནང་གི་དོན་བཤད་པ་འདི་ནི་རང་བཟོར་བྱས་ནས་བཤད་པ་མ་ཡིན་ཏེ། རྒྱལ་བ་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་ཀྱི་གསུང་པ་ཁོ་ན་བྲིས་པ་ཡིན་ལ། འོ་ན་རྒྱལ་བས་གསུང་པའི་རྒྱུད་རྣམས་མཐའ་དྲུག་ལ་སོགས་པའི་དབུས་སུ་ཆུད་པས་ཤིན་ཏུ་གོ་བར་དཀའ་བ་མ་ཡིན་ནམ་ཞེ་ན། དེ་ལྟར་ཡིན་མོད་ཀྱང་། གསང་བའི་བདག་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་རྣམས་ཀྱི་རྒྱུད་འགྲེལ་དང་། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པའི་མཁས་ཅིང་གྲུབ་པ་བརྙེས་པ་རྣམས་དང་། རྡོ་རྗེ་ཐེག་པའི་དེ་ཁོ་ན་ཉིད་གཟིགས་པའི་བླ་མ་དམ་པ་རྣམས་ཀྱིས་རྣམ་འགྲེལ་གྱི་མཐུ་ལ་རབ་ཏུ་བརྟེན་ནས་བློ་གྲོས་ཀྱི་མིག་གི་མཐོང་བ་ལས། རྡོ་རྗེ་ཐེག་པའི་ནང་གི་དོན་ཕྱིན་ཅི་མ་ལོག་པ་རྙེད་པ་ཡིན་ནོ། །དྲུག་པ་སངས་རྒྱས་ཀྱི་འཕྲིན་ལས་ལ་གུས་པར་བསྟོད་ཅིང་བསྔོ་བ་སྨོན་ལམ་དང་བཅས་པ་ལ། བསྟོད་པ། བསྔོ་བ། བཟོད་གསོལ་ཏེ། གསུམ་ལས། དང་པོ་ནི། རྒྱལ་བ་ནམ་མཁའི་མདོག་ཅན་སྐུ་ཅན་ཞེས་སོགས་ཚིག་བཅད་གཉིས་སྟེ། དེའི་དོན་ཡང་། གང་གི་རྡོ་རྗེ་ཐེག་པ་བླ་ན་མེད་པ་བསྒྲུབ་ཅིང་མཐར་སོན་པའི་སངས་རྒྱས་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བ་སྟེ་སྒྲིབ་པ་ཐམས་ཅད་ལས་གྲོལ་བ་ཡིན་ལ། དེ་ཡང་འདུས་མ་བྱས་ཅིང་ལྷུན་གྱིས་གྲུབ་པས་ནམ་མཁའི་སྐུ་ཅན་ཏེ། རང་གི་ངོ་བོ་སེམས་ཀུན་གཞིའི་རྣམ་པར་ཤེས་པ་འགག་ཅིང་དག་པས་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞི་བ་ཆེན་པོ་མཐར་སོན་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་མཛད་པ་སྟེ། དེ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་དྲི་མ་མེད་པ་དང་། དེ་ཡི་རྒྱུ་མཐུན་པར་རབ་ཏུ་ཟབ་པས་བསྒྲུབ་པའི་ཆོས་སྐུ་ནི་ཡེ་ཤེས་བ ཞི་པོ་ཡིན་པའི་ཕྱིར། ཡེ་ཤེས་དེ་ལ་དུས་ཀྱི་འཁོར་ལོར་ཉི་མའི་སྐུར་ཡང་གསུངས་པས་ན། དཔེ་དང་སྦྱར་ནས་ཡེ་ཤེས་ཉི་མའི་དཀྱིལ་འཁོར་ཞེས་བརྗོད་པ་ཡིན་ནོ། །དེ་ལྟ་བུའི་ཡེ་ཤེས་ཀྱི་འཕྲིན་ལས་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་གཟུགས་ཀྱི་སྐུ་ཇི་སྙེད་པ་སྟོན་པར་མཛད་ནས་འཁོར་བ་མ་སྟོང་གི་བར་ཇི་སྲིད་པར་རྒྱུན་མི་ཆད་པར་བཞུགས་པར་སྟོན་ཏེ་སྐུའི་གསང་བའོ། །དེ་བཞིན་དུ་གསུངས་ཡང་ལྷའི་རྔ་བོ་ཆེའི་སྒྲ་ལྟ་བུར་སེམས་ཅན་ཉོན་མོངས་པ་དང་སྡུག་བསྔལ་ལས་སྐྱབས་ཅིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགའ་བདེ་འཕེལ་བར་བྱེད་པའི་གསུངས་ངག་གི་རྩོལ་བའི་འདུ་མི་མཛད་པར་ཡང་ནམ་མཁའི་ཁམས་དང་མཉམ་པར་འབད་པ་མེད་བཞིན་དུ་འགྲོ་བ་ཀུན་གྱིས་ཐོས་པར་མཛད་པ་ནི་གསུང་གི་གསང་བའོ། །དེ་བཞིན་དུ་ཐུགས་ནི་ཡིད་བཞིན་གྱི་ནོར་བུ་དྲི་མ་དང་བྲལ་བ་ལྟར་འབད་རྩོལ་གང་ཡང་མེད་པ་ལྟར་སོ་སོར་རྟོག་པ་དང་བྱ་བ་བསྒྲུབ་པའི་ཡེ་ཤེས་དང་ལྷན་ཅིག་ཏུ་སྤྲོས་པའི་མཚན་མ་ཅུང་ཟད་ཀྱང་མི་མངའ་བཞིན་དུ་སྤྲོས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་སོ་སོ་སྐྱེ་བོ་རྣམས་ལ་སོ་སོའི་ཡིད་བཞིན་དུ་རེ་བ་ཐམས་ཅད་བསྐང་བར་མཛད་པ་ནི་ཐུགས་ཀྱི་གསང་བའོ། །དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱི་ཁྱད་པར་སེམས་ཅན་གྱི་ཁམས་ཇི་སྙེད་པའི་ཉོན་མོངས་པ་ཐམས་ཅད་དང་ལྷན་ཅིག་ཏུ་འཇུག་ཅིང་མཁྱེན་ཡང་། བཅོམ་ལྡན་འདས་ཁྱེད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ལ་ཉེས་པའི་ཚོགས་ཀྱིས་ཅུང་ཟད་ཀྱང་གོས་པ་མི་མངའ་བར་ཞུགས་པ་འདི་ལ་ངེས་ཤེས་སྐྱེས་པས། དེའི་ཕྱིར་ན་རང་བྱུང་རྒྱལ་བ་ཁྱོད་ལ་བདག་ནི་གུས་པས་ཕྱག་འཚལ་ལོ། །ཞེས་སྨོས་པ་ཡིན་ནོ། །གཉིས་པ་བསྔོ་བ་ནི། རྒྱུད་ཐམས་ཅད་ཀྱི་ཟབ་མོའི་ནང་གི་དོན་བསམ་གྱིས་མི་ཁྱབ་པའི་གནས་འདི་ལྟ་བུ་ནི་ཡེ་ཤེས་ཀྱི་རྒྱུ་རྨད་དུ་བྱུང་བ་ཡིན་པའི་ཕྱིར། འདི་བཤད་པ་ལ་དགེ་བའི་མཐུ་ཡང་ཅི་ཡོད་པ་དེས་ནམ་མཁའ་དང་མཉམ་པའི་འགྲོ་བ་ཀུན་གྱི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཉིད་ཐོབ་པར་ཤོག་ཞིག་ཞེས་བསྔོས་པ་ཡིན་ནོ། །གསུམ་པ་བཟོད་གསོལ་ནི། དེ་ལྟར་བསྟན་པས་ཕྱོགས་འཛིན་གྱི་གློ་བུར་སྤངས་ནས་རྒྱུད་འགྲེལ་རྣམས་ཀྱི་དོན་ཇི་ལྟ་བར་བཤད་མོད་ཀྱང་། ཅུང་ཟད་ཙམ་ཞིག་འགལ་བར་གྱུར་པ་སྲིད་ན་ཡང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་བརྙས་པར་འགྱུར་བས། མཁའ་འགྲོའི་ཚོགས་ཀྱི་བཟོད་པར་གསོལ་མཛོད་ཅིག་ཞེས་པའོ། །དེ་ཡང་དམ་ཚིག་གི་ཉེས་པ་ཕྲ་ཞིང་ཕྲ་བ་དག་གིས་ཀྱང་མ་གོས་པར་བྱ་བའི་ཕྱིར་དེ་སྐད་བརྗོད་ཀྱི་མ་གོ་མ་རྟོགས་བཞིན་དུ་མཁས་པའི་ང་རྒྱལ་དང་རློམ་པས་བརྗོད་པའི་ཚིག་ཡོད་ནས་བཟོད་པར་གསོལ་བ་མ་ཡིན་ནོ། །དེ་བས་ན་གཞུང་འདི་ལྟ་བ་དང་སེམས་པ་དང་འཆད་པར་བྱེད་པ་དག་གི ས་ཀྱང་ཉེས་པའི་ཚོགས་ཀྱི་མི་གོས་པར་བྱའོ། །ཟབ་མོ་ནང་གི་དོན་གསལ་བར་བྱེད་པའི་རྣམ་པར་བཤད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱུང་བ་དུམ་བུ་བཅུ་གཅིག་པ། རང་འབྱུང་རྡོ་རྗེའི་མིང་ཅན་གྱི་བླ་ན་མེད་པའི་རྒྱུད་འགྲེལ་ཇི་ལྟ་བར་ནང་གི་དོན་ཤེས་པར་འདོད་པ་རྣམས་ཀྱི་དོན་དུ་བསྟན་པའོ། །མཁས་པར་རློམ་པ་དང་། བསྒོམ་ནས་ཉམས་མྱོང་མངོན་ཤེས་ཤར་བར་འདོད་པ་རྣམས་ཀུན་གྱིས་ཀྱང་ཕྱོགས་རེ་ལས་མ་གོ་བར་འདུག་པས་བསྟན་པ་ཡིན་ནོ། །ཞེས་བྱ་བ་ནི་གསུང་ཡིན་ནོ། །དེ་ལྟར་ཟབ་མོ་གསང་སྔགས་ཀྱི་ནང་གི་དོན་བཤད་པ་འདི་ཉིད་ནི། བདེན་པ་གཉིས་དབྱེར་མེད་པའི་ཡང་དག་པའི་ལྟ་བ་ལ། རྩ་རླུང་ཐིག་ལེ་འཆིང་བར་བྱེད་པའི་ཐབས་ཀྱི་བསྒོམ་པས་བརྒྱན་ཞིང་། རང་གཞན་གྱི་དོན་འགྲུབ་པར་བྱེད་པའི་སྤྱོད་པ་ཅན། སངས་རྒྱས་ཀྱི་སྙིང་པོ་མངོན་སུམ་དུ་སྣང་བར་བྱེད་པའི་འབྲས་བུ་དང་ལྡན་པ་ཡིན་ནོ། །ཞེས་བྱ་བ་ནི་ཐམས་ཅད་ཀྱི་དོན་བསྡུའོ། །རྒྱལ་བའི་བཀའ་དང་མཁས་དང་གྲུབ་པའི་གཞུང་། །རྨད་བྱུང་རབ་འབྱམས་བསྟན་པའི་ཆུ་བོ་སྟོང་། །རང་བྱུང་མཁྱེན་པའི་ཀློང་དུ་འདྲེས་པ་ལས། །ནང་དོན་ཟབ་མོའི་གཞུང་དོན་རྒྱ་མཚོ་འབྱུང་། །དེ་ན་རྗེ་བཙུན་ཐམས་ཅད་མཁྱེན་པ་ཡི། །ཞལ་བཟང་དེད་དཔོན་གསར་པ་དང་འགྲོགས་པའི། །དཔལ་ལྡན་ལེགས་བཤད་ཡིད་བཞིན་རིན་པོ་ཆེ། །སྐལ་བཟང་དད་པའི་སྤྱི་བོར་འགོད་པ་ཐོབ། །འདི་ནི་མཐའ་དག་བསྟན་པའི་སྙིང་པོ་སྟེ། །སྐྱེ་བ་དུ་མར་སྨིན་པའི་ལེགས་བྱས་ཅན། །བདེ་གཤེགས་སྙིང་པོའི་ཚུལ་ལ་ཡིད་ཆེས་པའི། །བློ་ཆེན་སྐྱེས་བུས་ལག་ཏུ་བླང་བར་རིགས། དེ་སླད་འདིར་འབད་དགེ་བའི་སྤྲིན་ཆེན་པོ། །སྒྲིབ་བྲལ་ཆོས་དབྱིངས་མཁའ་ལ་རྟག་འཁྲིགས་པས། །ཐེག་མཆོག་ལམ་གྱི་ཆར་རྒྱུན་ལེགས་ཕབ་སྟེ། །འགྲོ་འདི་ཐར་པའི་ལོ་ཐོག་རྒྱས་གྱུར་ཅིག །དེ་ལྟར་དཔལ་ལྡན་ཀརྨ་པ་ཆེན་པོ་རང་འབྱུང་རྡོ་རྗེའི་ཞལ་སྔ་ནས་མཛད་པའི་ཟབ་མོ་ནང་གི་དོན་འདི་ཉིད། རྗེ་བཙུན་ཐམས་ཅད་མཁྱེན་པ་ལོ་ཙཱ་བ་ཆེན་པོ་དཔལ་ལྡན་བླ་མ་བསོད་ནམས་རྒྱ་མཚོའི་སྡེའི་ཞལ་སྔ་ནས་སྡེ་སྣོད་དང་རྒྱུད་སྡེ་འཛིན་པའི་བཤེས་གཉེན་མཁས་པ་རྒྱ་མཚོའི་དབུས་སུ། རང་འགྲེལ་དཔང་པོར་མཛད་ཏེ་གཞུང་ཉིད་ལ་དཀྲིས་ནས་ལེགས་པར་སྩལ་བ་རྣམས་ཞབས་དྲུང་ཉིད་དུ་བསྐྱར་བཅག་བགྱིས་ཏེ། ཡུལ་སྨན་ཐང་ནས་བྱུང་བའི་བྱ་བྲལ་བ་རིན་ཆེན་བཟང་པོ་ཅེས་བྱ་བས་ཟིན་བྲིས་སུ་བགྱིས་པ་འདིས་སྐྱེ་འགྲོ་ཐམས་ཅད་ཀྱི་ཟབ་མོ་ནང་གི་དོན་རྟོགས་པར་གྱུར་ཅིག །

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net