ཟབ་མོ་ནང་གི་དོན་གསལ་བར་སྟོན་པའི་གཞུང་བདེ་བླག་ཏུ་རྟོགས་པར་བྱེད་པའི་མཆན་འགྲེལ་་་

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །ཟབ་མོ་ནང་གི་དོན་གསལ་བར་སྟོན་པའི་གཞུང་བདེ་བླག་ཏུ་རྟོགས་པར་བྱེད་པའི་མཆན་འགྲེལ་རྡོ་རྗེ་སེམས་དཔའི་ཞལ་ལུང་ནོར་བུ་རྣམ་པར་སྣང་བ་དྲི་མ་མེད་པའི་འོད་ཅེས་བྱ་བ་བཞུགས་སོ། ། [1]

༄༅། །ན་མོ་ཨུཏྟ་ར་བྷྱཿ །ཁྱབ་བདག་དངོས་པོ་ཀུན་གྱི་བདག །དང་པོའི་སངས་རྒྱས་བདེ་བ་ཆེ། །སྐུ་བཞིའི་དབང་ཕྱུག་རྡོ་རྗེ་ཅན། །དཔལ་ལྡན་བླ་མར་ཕྱག་བགྱི་ནས། །བླ་མེད་རྒྱུད་སྡེའི་རྡོ་རྗེའི་གནས། །ཕྱི་ནང་གཞན་གསུམ་དེ་ཁོ་ན། །མཉམ་སྦྱོར་དེ་ཉིད་སྟོན་པའི་གཞུང་། །སྣང་བྱེད་ནོར་བུའི་འོད་ཕྲེང་སྤེལ། །འདི་ལ་གཉིས། མཚན་བསྟན་པ་དང་། གཞུང་མཐར་ཆགས་སུ་བཤད་པའོ། །དང་པོ་ནི། རྡོ་རྗེ་ཐེག་པ་བླ་ན་མེད་པའི་གསང་བ་གཞན་གྱི་ཚིག་གི་བློས་ངག་རྒྱུན་གྱིས་རྟོགས་དཀའ་བས་ཟབ་མོ་ལུས་ནང་གི་བདག་ཉིད་རྡོ་རྗེའི་ལུས་ཀྱི་མཚན་ཉིད་གཏན་ལ་ཕབ་ནས། སེམས་ནང་གི་བདག་ཉིད་ལྷན་སྐྱེས་ཡེ་ཤེས་རྟོགས་པའི་ཕྱིར་རམ། ལུས་ནང་གི་བདག་ཉིད་རྩ་རླུང་ཐིག་ལེའི་གནས་ཚུལ་གྱི་དོན་དང་། སེམས་ནང་གི་བདག་ཉིད་གཞི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་དོན་ཕྱིན་ཅི་མ་ལོག་པར་མཐར་ཐུག་ཟབ་མོའི་དོན་མངོན་སུམ་དུ་སྟོན་པས་ན། ཟབ་མོ་ནང་གི་དོན་ཞེས་བྱ་བའི་གཞུང་བཞུགས། ཞེས་སོ། །གཉིས་པ་གཞུང་དངོས་མཐར་ཆགས་སུ་བཤད་པ་ལ་གསུམ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ། གཞུང་དོན་དངོས། མཇུག་བསྡུ་བ་བསྔོ་བ་དང་བཅས་པའོ། །དང་པོ་ལ་བཞི། དཀྱིལ་འཁོར་གྱི་ཁྱབ་བདག་བླ་མ་ལ། རྣམ་པ་དང་བཅས་པའི་སྐུ་ལ། བདེ་བ་ཆེན་པོའི་སྐུ་ལ་ཕྱག་འཚལ་བ། །བཤད་པར་དམ་བཅའ་བའོ། །དང་པོ་ལ་གཉིས། ཡི་གེ་པའི་ངོར་དང་། རྩོམ་པ་པོའི་མཆོད་བརྗོད་དོ། །དང་པོ་ནི། སྣང་སྟོང་ཐབས་ཤེས་སྐུ་ཡེ་གཉིས་སུ་མི་ཕྱེད་པ། དཔལ་རྡོ་རྗེ་འཆང་དེ་ལ་གུས་པས་ཕྱག་འཚལ་ལོ། །གཉིས་པ་ནི། ཇི་སྙེད་ཤེས་བྱའི་གནས་ཐམས་ཅད་མཁྱེན་པར་མཛད་ཅིང་། ཇི་ལྟ་བའི་འཁོར་འདས་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབྱེ་བ་ཐམས་ཅད་མ་འདྲེས་པར་སོ་སོ་གཟིགས་པས་ན། ཕྱི་འཇིག་རྟེན་གྱི་ཁམས། ནང་རྡོ་རྗེའི་ལུས། གཞན་དཀྱིལ་འཁོར་གྱི་འཁོར་ལོ་གསུམ་གྱི་དེ་ཁོ་ན་ཉིད་ཀྱི་ཚུལ་མངོན་སུམ་དུ་སྟོན་ཅིང་། སད་རྨི་གཉིད་དང་སྙོམས་འཇུག་གི་གནས་སྐབས་བཞི་ཡི་འཁྲུལ་པ་སེལ་ཞིང་། འབྲས་བུ་སྐུ་བཞི་ཐོབ་པར་མཛད་པའི་དཔལ་ལྡན་བླ་མ་ལ་ཕྱག་འཚལ་ལོ། །གཉིས་པ་ནི། གཞི་ཡི་ཡེ་ཤེས་ལྷན་སྐྱེས་གཅིག་དངོས། ལམ་དྲི་མ་སྦྱངས་ནས། འབྲས་བུ་གསང་ཆེན་རིགས་གཅིག་གི་སྐུ་དང་། གཞི་སྣང་སྟོང་ཟུང་འཇུག །ལམ་ཐབས་ཤེས་ཟུང་འཇུག་གིས། འབྲས་བུ་ལྷན་ཅིག་སྐྱེས་པའི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་གཉིས་ཀྱི་བདག །སྐུ་གསུམ་རྩ་རླུང་ཐིག་ལེ་ཅན་སྟེ། གཞི་དུས་ཀྱི་རྩ་ཐིག་རླུང་གསུམ་མམ། ལམ་བསྐྱེད་རྫོགས་ཟུང་འཇུག་གསུམ་གྱིས། འབྲས་བུ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་མོ། །གཞི་གནས་སྐབས་བཞི་པོ། ལམ་ཡེ་ཤེས་བཞིས་སྦྱངས་པའི་སྦྱངས་འབྲས་སྐུ་བཞི་ཉིད་དང་། གཞི་ལྔ་ཆོས་རྣམས་ལམ་རིགས་ལྔའི་བསྐྱེད་རྫོགས་ཀྱིས་སྦྱངས་པའི་འབྲས་བུ་སྐུ་ལྔའི་བདག་ཉིད་ལ། རྡོ་རྗེ་སེམས་དཔའི་རིགས་བརྒྱའི་བདག་ཉིད་བདེ་ཆེན་རྣམ་པ་ཐམས་ཅད་པའི་སྐུར་སྣང་བ་དེ་ལ་ཕྱག་འཚལ་ལོ། །གསུམ་པ་ནི། སྟོང་པ་ཉིད་ཀྱི་དངོས་པོ་གཅིག་འདི་འཁོར་འདས་རྟེན་འབྱུང་གི་ཆོས་ཀུན་གྱི་རང་བཞིན་ཅན། སྤྲོས་མཐའ་དང་བྲལ་བའི་དབུ་མ་ཆེན་པོ་ནི། དབུ་མའི་རང་བཞིན་བདེ་ཆེན་སྤྲོས་བྲལ་གྱི་ཡེ་ཤེས་གཅིག་པུ་དེ་ཉིད། གང་སྒྲིབ་པ་སྤངས་རིམ་གྱི་མཐར་སྐྱེས་པའམ། རྟོག་པའི་རང་བཞིན་ཅན་གྱི། རྣམ་མེད་ཤེས་རབ་ཀྱི་ཕར་ཕྱིན་ཡུམ་རྡོ་རྗེ་བཙུན་མོའམ། ཡེ་ཤེས་ཀྱི་ལྷ་མོ་དེ་ལ་ཕྱག་འཚལ་ལོ། །བཞི་པ་ནི། རྒྱུད་འོག་མ་རྣམས་ཀུན་ཏུ་གསང་བ་གང་ཡིན་པ་དེ། །རྒྱལ་བས་བླ་ན་མེད་པའི་རྒྱུད་སྡེ་རྣམས་སུ་ལེགས་པར་ཕྱེ་བར་མཛད་པའི་ཟབ་མོའི་དོན་དེ། མཐར་དྲུག་གིས་བཅིངས་ནང་གི་དོན་གང་ཡིན་པ་དེ་ནི། ཕྱི་ནང་ཉན་ཐོས་སྤྱོད་ཡུལ་མིན། །དབང་པོ་དམན་པ་ཉན་ཐོས་པ་དང་། འབྲིང་ཕ་རོལ་ཕྱིན་པར་སྟེ། བློ་ཆུང་ཐེག་པ་དམན་པ་རྣམས་ལ་རབ་ཏུ་གསང་བ། ལུས་ནང་གི་བདག་ཉིད་རྩ་རླུང་ཐིག་ལེ་ཇི་ལྟར་གནས་པའི་ཚུལ་དང་། སེམས་ནང་གི་བདག་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དམ་པ་བཤད་པར་བྱའོ། །གཉིས་པ་གཞུང་དོན་དངོས་ལ་གཉིས། ལུས་རྣམ་པར་བཞག་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དགོས་པ་དང་བཅས་པའི་དོན་གྱི་ལུས་སམ་ངོ་བོ་རྣམ་པར་བཞག་པ་དང་། དུམ་བུ་བཅུ་གཅིག་གི་ངེས་པ་མདོར་བསྟན་པའོ། །དང་པོ་ནི། དྲི་མེད་རྒྱལ་པའི་སྙིང་པོ་ནི། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་ལམ་ལ་གནས་པ་དང་། །དེ་བཞིན་གཤེགས་རྣམས་རིམ་པ་བཞིན། །གསུངས་ཕྱིར་དེ་དོན་རྟོགས་པར་བྱ། །གཉིས་པ་ནི། ཐོག་མར་འཁོར་འདས་ཀྱི་རྒྱུ་རྐྱེན་བསྟན་པའི་དུམ་བུ་དང་། མངལ་སྐྱེས་ལུས་ནི་འགྲུབ་པའི་ཚུལ་གྱི་ལེའུ་དང་། ལུས་དེ་ཉིད་ལ་གནས་པའི་རྩ་ཡི་རྣམ་བཤད་དང་། རྩ་དེ་ཉིད་ལ་རྒྱུ་བའི་རླུང་ནི་གནས་དང་རྒྱུ་བའི་ཚུལ་དང་། དེ་ལ་རྒྱུ་བའི་ཐིག་ལེ་ཇི་ལྟར་རྒྱུ་བ་དང་། རྣམ་ཤེས་དང་། ཡེ་ཤེས། གནས་སྐབས་བཞི་དང་། ཕྱག་རྒྱ་བཞི་ལ་སོགས་པར་འགྲེ་བའི་དོན་བཤད་པ་དང་། ནང་གི་དོན་དེ་དག་ཕྱི་སྣོད་ལ་སྦྱར་བ་དང་། གཞན་ཀུན་བཏགས་ཀྱིས་བསྐྱེད་པའི་ལྷ་རྣམས་བསྐྱེད་པའི་རིམ་པ་བསྟན་པ་གང་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་སྦྱང་གཞིར། སྦྱོང་བྱེད་ཀྱི་ཚུལ་བསྟན་པ་དང་། ས་དང་ལམ་གྱི་གནས་རྣམས་སུ་རིམ་པར་བགྲོད་པའི་ཚུལ་བསྟན་པ་དང་། དེ་མཐར་རྩ་རླུང་ཐིག་ལེ་བསྐྱེད་རིམ་དང་བཅས་པ་རྣམས་འཇིག་ཅིང་བསྡུད་པའི་ཚུལ་རྣམས། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ་བཞིན་བཤད་བྱ། གཉིས་པ་ཡན་ལག་རྒྱས་བར་བཤད་པ་ལ་དུམ་བུ་བཅུ་གཅིག་ཡོད་པ་ལས། དང་པོ་རྒྱུ་རྐྱེན་སྤྱིར་བསྟན་པའི་དུམ་བུ་ལ། ལེའུའི་གཞུང་དང་། ལེའུའི་མཚན་བསྟན་བ་གཉིས། །དང་པོ་ལ་བཞི་སྟེ། དག་མ་དག་གི་སེམས་ཀྱི་ངོ་བོ། ཇི་ལྟར་འཁྲུལ་པའི་ཚུལ། རྒྱུ་རྐྱེན་དབྱེ་བ། གནས་སྐབས་གསུམ་གྱི་དབྱེ་བའོ། །དང་པོ་ལ་གཉིས།སེམས་ཀྱི་ངོ་བོ་དང་། སེམས་ཀྱི་རྣམ་པར་བཤད་པའོ། །དང་པོ་ནི། འཁོར་འདས་ཀྱི་རྒྱུ་ནི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཐོག་མ་མེད་ལ། སངས་རྒྱས་དང་སེམས་ཅན་གཅིག་དང་ཐ་དད་དུ་བརྗོད་པ་མེད་པས་རྒྱར་ཆད་པ་དང་། འཁོར་འདས་སྤང་གཉེན་གྱི་ཕྱོགས་ལྷུང་མ་མཆིས་ཀྱང་། གཉིས་པ་ནི། གཤིས་རང་བཞིན་གྱིས་རྣམ་པར་དག་པའི་བདེ་བ་ཆེན་པོ་གསལ་སྟོང་མ་འགགས་པའི་རོལ་པ་ཅིར་ཡང་འཆར་བ་དེ་ཉིད་མ་འགགས་རོལ་པ་ལས། ངོ་བོ་སྟོང་ལ་རང་བཞིན་གསལ། །རྣམ་པ་འགག་མེད་ཅིར་ཡང་འཆར། །གཉིས་པ་ཇི་ལྟར་འཁྲུལ་པའི་ཚུལ་ལ་གཉིས། ཀུན་གཞི་དང་དེ་ལ་བརྟེན་པའི་ཡིད་ཉོན་མོངས་པ་ཅན་དང་བཅས་པ་དང་། ཚོགས་དྲུག་དང་ཕུང་པོ་ལྔའི་རིམ་པ་བསྟན་པའོ། །དང་པོ་ནི། དེ་ལྟ་བུའི་སེམས་དེ་ཉིད་རང་གིས་རང་མདངས་བདེ་ཆེན་ཡེ་ཤེས་ཀྱི་རོལ་བ། གསལ་སྟོང་ཟུང་འཇུག་གི་ངོ་བོ་དེ་མ་རིག་སྟེ། སེམས་རང་གི་ངོ་བོ་སྟོང་གསལ་ཟུང་འཇུག་གི་ཚུལ་མ་རིག་སྟེ། དེའི་ངོ་བོ་སྤྲོས་བྲལ་གྱི་སྟོང་པའི་ཆ་ལ་བདག་དང་། སྣང་བ་འགག་མེད་ཀྱི་ཆ་ལ་གཞན་དུ་འཛིན་པའི་གཞན་རྟོག་ཞུགས་པས་མ་རིག ཚུལ་ཇི་ལྟར་ན། ཀུན་གཞིའི་ཡེ་ཤེས་དེ་ཉིད་སེམས་ཅན་དང་འབྲེལ་བའི་དུས། རྟེན་འབྱུང་བས་དབང་བྱས་ཏེ། འགྱུ་བྱེད་ཀྱི་རླུང་གིས། བདུན་པ་ཉོན་མོངས་པའི་ཡིད་བསྐྱོད་ནས། དེས་བདག་གཞན་དུ་འཛིན་པ་ཞུགས་ནས། ཀུན་གཞིའི་རྣམ་ཤེས་དེ་བསྐྱོད་པ་ལས། མེད་བཞིན་ཏུ་འཛིན་པའི་གཉིས་སྣང་དབང་གིས་འཁོར་རོ། །རྗེས་ཡུལ་ལ་འདུ་བྱེད་པའི་བདུན་ཡིད་ཀྱིས་ཀུན་གཞི་བསྐྱོད་ཅིང་། ཀུན་གཞི་དང་། ཡིད་གཉིས་ཕན་ཚུན་གཉིས་འཛིན་གྱིས་གཡོ་བ་ནི། ཆུ་རླབས་ལྟ་བུར་གཡོས་པ་ལས། གཉིས་པ་ཚོགས་དྲུག་དང་ཕུང་པོ་ལྔའི་རིམ་པ་བསྟན་པ་ལ་གཉིས། ཚོགས་དྲུག་ཡུལ་ལ་འཁྲུལ་བའི་ཚུལ་དང་། ཕུང་པོ་ལྔའི་རིམ་པ་བཤད་པའོ། །དང་པོ་ནི། དོན་གཞན་དང་། འཛིན་པ་བདག་གཉིས་སུ་སྣང་བ་དེས། རང་གིས་རང་ལ་བདག་གཞན་གཉིས་སུ་ཆེད་དུ་གཏད་ཅིང་གཟུང་སྟེ། ཡིད་དེ་ཕྱིར་འགྱུས་སེམས་རང་གི་སྣང་ངོ་ལ། འགག་མེད་ཀྱི་ཆ་ལས་ཤར་བའི། ཡུལ་དྲུག་ལ་དོན་གཞན་ཏུ་གཟུང་བའི་གཟུང་ཡུལ་དང་། དེར་འཛིན་པའི་རྣམ་ཤེས་ཀྱི་ཕུང་པོ་བྱུང་། གཉིས་པ་ནི། རྣམ་ཤེས་དེས་ཡུལ་ཡིད་དུ་འོང་མི་འོང་ལ། བླང་དོར་བྱེད་པ་དེ་ལས་ཚོར་བའི་ཕུང་པོ་སྐྱེ། ཚོར་བ་དེས་ཡུལ་དེ་ལ་བདེ་སྡུག་བཏང་སྙོམས་གསུམ་ལ་མཚན་མར་འཛིན་པའི་འདུ་ཤེས་ཀྱི་ཕུང་པོ་ཏེ། དེ་ལྟར་བློས་འདུས་བྱས་པའི་ཡུལ་སྣང་སྣ་ཚོགས་པར་བདག་ལས་གཞན་དུ་བཏགས་ནས་འདུ་བྱེད་གྲུབ། འདུ་བྱེད་དེས་ཡུལ་ལ་མངོན་པར་ཞེན་པས་གཟུགས་ཀྱི་ཕུང་པོ་གྲུབ་པ་ཡིན་ནོ། །གསུམ་པ་རྒྱུ་རྐྱེན་ཀྱི་དབྱེ་བ་བསྟན་པ་ལ་གཉིས། རྒྱུ་དྲུག་ཏུ་བསྟན་པ། རྐྱེན་བཞིར་བསྟན་པའོ། དང་པོ་ནི། ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔ། རྣམ་པར་ཤེས་པའི་ཁམས་དང་དྲུག་གོ །ཕྱི་ནང་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་ཞེས་རྣམ་པར་རྟོག་པས་ཐ་སྙད་བྱས་ཏེ་མིང་བཏགས་སོ། །གཉིས་པ་ལ་བཞི། རྒྱུའི་རྐྱེན། བདག་རྐྱེན། དམིགས་རྐྱེན། དེ་མ་ཐག་པའི་རྐྱེན་ནོ། །དང་པོ་ནི། འཁོར་འདས་སུ་འཁྲུལ་པ་དེ་ཡི་བག་ཆགས་སམ། ས་བོན་ཀུན་གཞི་ལ། བསགས་པ་དེ་ནི་འཁྲུལ་པའི་རྒྱུ་ཡི་རྐྱེན་ཞེས་བྱ། གཉིས་པ་ནི། བདག་པོའི་རྐྱེན་ཡུལ་ཤེས་ཀྱི་བར་དུ་སྣང་བ་ཡི། མིག་ལ་སོགས་བ་དབང་པོ་ལྔ་ཡིན་ནོ། །གསུམ་པ་ནི། དམིགས་པའི་རྐྱེན་ནི་གཟུགས་ལ་སོགས་པའི་ཆོས་རྣམས། །རྣམ་ཤེས་རང་རང་གི་ཡུལ་དུ་སྣང་བའི་རིག་བྱ་སྟེ། བཞི་པ་ནི། དེ་མ་ཐག་པའི་རྐྱེན་ཞེས་པ། ཚོགས་དྲུག་གང་གར་འགགས་པ་དེ་མ་ཐག་པར། རྣམ་ཤེས་ཕྱི་མ་སྐྱེ་བར་བྱེད་པ་ཡིན་ཏེ། དྲུག་པའི་ཡིད་དང་བཅས་པའི་ཚོགས་དྲུག་གི་སྔ་མ་འགགས་པ་ན། ཕྱི་མ་སྐྱེས་པའི་དེ་མ་ཐག་པའི་རྐྱེན་ཡིན་ནོ། །བཞི་པ་གནས་སྐབས་གསུམ་གྱི་དབྱེ་བ་བཤད་པ་ལ་གསུམ། མ་དག་པའི་གནས་སྐབས། གཉིས་ལྡན་གྱི་གནས་སྐབས། ཤིན་ཏུ་རྣམ་དག་གི་གནས་སྐབས་སོ། །དང་པོ་ལ་གསུམ། སྤྱིར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། དང་པོ་ནི། དེ་ལྟར་རྒྱུ་དྲུག་དང་། རྐྱེན་བཞིས་བསྐྱེད་ནས། རྟེན་འབྲེལ་ལས། ཡན་ལག་བཅུ་གཉིས་ལུགས་འབྱུང་ལྡོག་གི་དབྱེ་བ་གཉིས་གཉིས་ཀྱིས། འཁོར་འདས་ཆོས་ཀུན་སྣང་བར་གྱུར་སྟེ། མ་རིག་པ་དང་། འདུ་བྱེད། རྣམ་པར་ཤེས་པ་གསུམ་གྱིས་འཕེན་བྱེད། དེས་འཕངས་པས། མིང་གཟུགས་སྐྱེ་མཆེད། རེག་པ། ཚོར་བ་བཞིའོ། གཉིས་པ་ལ་གསུམ། སྲིད་པ་འགྲུབ་ཚུལ་ཐུན་མོང་དུ་བསྟན་པ། ཁམས་གསུམ། ཀུན་གཞིའི་རྣམ་ཤེས། མཆན་གྱི་འདུ་ཤེས་གྱ་བྱད་པར། ཁམས་གསུམ་གྱི་རྒྱུ་འབྲས་སྦྱར་ནས་བཤད་པའོ། །དང་པོ་ནི། དེས་བསྐྱེད་པའི་སྲེད་པ་དང་། ལེན་པས་མཚམས་སྦྱར་སྟེ། སྲིད་པ་འགྲུབ་པ་སྟེ། དེ་གསུམ་ནི་གྲུབ་པའི་ཡན་ལག་ཡིན། དེ་ལྟར་གྲུབ་པ་ལ་སྐྱེ་བ་དང་། རྒ་འཆི་གཉིས་ནི་གྲུབ་པའི་འབྲས་བུ་སྟེ། དེ་ལྟ་བུའི་མ་རིག་པ་ལ་བརྟེན་ནས། རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ལོ་གྲུབ་བོ། །གཉིས་པ་ནི། དེ་ལྟ་བུའི་སྲིད་པ་ནི། ཁམས་གསུམ་ཀྱི་མ་བསྡུས་ཏེ། གཟུགས་མེད་སྐྱེ་མཆེད་མུ་བཞི། གཟུགས་ཁམས་གནས་རིས་བཅུ་དྲུག །འདོད་པའི་ཁམས་སྲིད་པ་བཅུ་གཅིག་རྣམས་ནི། རིམ་བཞིན་ཡུལ་ལ་མཚན་འཛིན་པ། །ཆུང་བ་ཡིན་ཏེ། འདོད་གཟུགས་ཀྱི་སྣང་བ་དང་ཐོགས་པ་མེད་ཕྱིར་དང་། འབྲིང་ཙམ་ཡིན་ཏེ། འདོད་ཆགས་བྲལ་ཞིང་། བསམ་གཏན་བཞིའི་ཏིང་ངེ་འཛིན་གྱིས་བསྐྱེད་ཅིང་། གཟུགས་སྣང་དང་བཅས་པའི་ཕྱིར་དང་། ཆེན་པོ་ཡིན་སྟེ། འདོད་ཡོན་ལ་ཆགས་ཤིང་། རྟོག་པ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །གསུམ་པ་ནི། ཁམས་གསུམ་པོ་ཐམས་ཅད་ཀྱང་བླང་དོར་རྟོག་པ་ཡིས། བསྐྱེད་པའི་དགེ་དང་མི་དགེ་ལུང་མ་བསྟན་གྱི་ལས། རྣམ་པ་གསུམ་འདུ་བྱེད་པའི་རྐྱེན་ལས་ནི། འབྲས་བུ་མཐོ་རིས་བདེ་བ་ངན་སོང་སྡུག་བསྔལ། གཟུགས་མེད་ཀྱི་རྟེན་ལ་སྙོམས་པར་འཇུག་པ་དང་བཅས་པ་ཡི། །འབྲས་བུ་སྐྱེ་བ་ཡིན་པས་ན་ཉོན་མོངས་ཅན་ནོ། །གསུམ་པ་ནི། དེ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་གྱིས་བསྐྱེད་པའི་ལས་གསུམ། འབྲས་བུ་གསུམ་བཅས་པ་ནི། སེམས་ཉིད་གློ་བུར་གྱི་དྲི་མ་མ་དག་གནས་སྐབས་ཡིན་ནོ། །གཉིས་པ་གཉིས་ལྡན་གྱི་གནས་སྐབས་ནི། དེ་ལྟར་མ་རིག་པའི་དྲི་མ་དེ་ཉིད་གློ་བུར་བར། ཤེས་ནས་སྦྱོང་བྱེད་ཀྱི་ཐབས་རྣམས་དང་བཅས་རིམ་པར་སྦྱོང་བ་ནི། །ལམ་པ་ཞེས་བྱ་རྒྱལ་བས་གསུངས་ལ། གསུམ་པ་ཤིན་ཏུ་རྣམ་དག་གི་གནས་སྐབས་ནི། དྲི་མེད་དག་པས་སངས་རྒྱས་ཏེ། རྒྱུ་མཚན་དེ་ཕྱིར་འགྲོ་ཀུན་ཀྱང་དྲི་བཅས་ཀྱི་སངས་རྒྱས་ཉིད་དོ། །གཉིས་པ་ལེའུའི་མཚན་ནི། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས། མདོར་བསྟན་པ་དང་། རྒྱུ་རྐྱེན་སྤྱིར་བསྟན་པ་སྟེ་དང་པོའོ། །དེ་ལྟར་སེམས་དངོས་པོའི་གནས་ལུགས་གཏན་ལ་ཕབ་ཟིན་ནས། ལུས་དངོས་པོའི་གནས་ལུགས་ཤེས་དགོས་པའི་ཕྱིར། ལུས་འགྲུབ་ཚུལ་བཤད་པ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་གསུམ་སྟེ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། དེའང་སེམས་དེ་ཉིད་དཀར་དམ་རླུང་གསུམ་གྱི་གཞན་དབང་དང་འགྲོགས་པ་དེ་ལ་ཕྲ་བའི་ལུས་ཞེས་བརྗོད་ཅིང་། དེ་ལ་བརྟེན་པའི་རགས་པའི་ལུས་འགྲུབ་ཚུལ་ནི། ལུས་ནི་འགྲུབ་པའི་ཚུལ་བཤད་པ། །ཀུན་གཞི་སྲོག་རླུང་དང་བཅས་པ། ཁམས་གསུམ་གྱི་སྐྱེ་བར་སྦྱོར་བ་ལ་བརྟེན་ནས་ལུས་འགྲུབ་པ་ཡིན་ན། གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ཁམས་གསུམ་གྱི་སྐྱེ་བ་ལེན་ཚུལ་སྤྱིར་བསྟན་པ་དང་། མིའི་སྐྱེ་བ་ལེན་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། གཟུགས་མེད། གཟུགས་ཁམས། འདོད་ཁམས་པའི་སྐྱེ་བ་ལེན་ཚུལ་ལོ། །དང་པོ་ནི། དེས་བསྐྱེད་པའི་ལས་ཀྱི་འཕེན་འགྲུབ་ཀྱིས་ཀུན་གཞིའི་འདུ་བྱེད་བཅས་པའི་རྣམ་ཤེས་ཀྱིས། །ནམ་མཁའ་མཐའ་ཡས་ལ་སོགས་བཞིའོ། །གང་རུང་ཡིད་ཡུལ་དུ་བྱས་ནས་དེར་སྐྱེ་བ། གཟུགས་མེད་ཅེས་བྱ་ངར་འཛིན་གྱི་ཡིད་ལུས་སོ། །གཉིས་པ་ལ་གཉིས། དངོས་དང་། ཞར་ལ་ཁམས་གོང་མ་གཉིས་ཀྱི་འཛག་པ་བཤད་པའོ། །དང་པོ་ནི། བསམ་གཏན་བཞི་ཡི་སྙོམས་འཇུག་ཟག་བཅས་བཞི་གང་རུང་ལ་བརྟེན་ནས་ཁམས་གོང་མ་གང་དག་ཏུ་སྐྱེ་བ་ནི། གཟུགས་ཁམས་ཡིན་ཏེ་འདོད་སྲེད་ནི། རགས་པ་བཅོམ་པ་ནི་ལུས་གོས་དང་བཅས་བརྫུས་སྐྱེས་སོ། །གཉིས་པ་ནི། ནམ་མཁའ་རླུང་མེ་ཆུ་དང་ས། །འབྱུང་ཆུང་རྣམ་པར་ཕྱེ་བ་ཡིས། གནས་གཞན་ཉི་ཤུར་གང་སྐྱེས་པ། དེ་ཡིས་འཛག་པ་གོ་རིམ་བཞིན། །ཁམས་གཅིག་ནས་ནི་ལྔ་ཡི་བར། །ལྡན་པས་མ་རིག་སྐྱེ་དང་བཅས། །དྲན་པ་ཉེར་བཞག་ཏུ་བསྟན་ཏོ། །གསུམ་པ་འདོད་ཁམས་ཀྱི་སྐྱེ་བ་ལེན་ཚུལ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། རྡོ་རྗེ་ཐེག་པའི་རྟེན་གྱི་གང་ཟག་ངོས་བཟུང་བའོ། །དང་པོ་ནི། འདོད་ཁམས་རིགས་དྲུག་ཐམས་ཅད་ཀྱང་། ཁམས་དྲུག་དང་ལྡན་པ་སྟེ། ཕྲ་བ་སྲིན་བུ་དང་། རགས་པ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བར་ཐམས་ཅད་མཚུངས་ཤིང་། འདོད་ཁམས་པ་རྣམས་ནི་སྐྱེ་གནས་བཞི་ལྡན་ཡིན་ཀྱང་། གཉིས་པ་ལ་གཉིས། རྡོ་རྗེ་ཐེག་པའི་རྟེན་དུ་དམན་པ་དང་། མཆོག་གོ །དང་པོ་ནི། གཞན་དག་རྣམས་ནི། ངན་སོང་གསུམ་ནི་མི་ཁོམ་གནས། །ལྷ་དང་ལྷ་མིན་སྒྲ་མི་སྙན། །འབྲས་བུ་སྤྱོད་པ་རྒྱུད་མིན་ཏེ། །གཉིས་པ་རྡོ་རྗེ་ཐེག་པའི་རྟེན་མཆོག་ནི། ཤར་ལྷོ་ནུབ་ཀྱི་གླིང་གསུམ་སྐྱེས་པའི་ཁམས་དྲུག་ལྡན་པའི་མི་རྣམས། རྡོ་རྗེ་ཐེག་པའི་ལམ་སྒྲུབ་པའི་རྟེན་གྱི་མཆོག་ཡིན་ཅིང་། དེའི་ནང་ནས་ཀྱང་འཛམ་བུའི་གླིང་དུ་ལེགས་པར་བསྐྱེད་པ་ནི། ལས་ཀྱི་ས་པར་རབ་ཏུ་གྲགས། གཉིས་པ་མིའི་སྐྱེ་བ་ལེན་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གཉིས། བསྐལ་པ་དང་པོའི་སྐྱེ་བ་ལེན་ཚུལ་དང་། མངལ་སྐྱེས་ཀྱི་སྐྱེ་བ་ལེན་ཚུལ་ལོ། །དང་པོ་ནི། ཡུལ་འདིར་སྐྱེ་བ་འགྲུབ་ཚུལ་ནི། དང་པོར་བརྫུས་སྐྱེས་གཟུགས་ཁམས་བཞིན། །དེ་ནས་རིམ་གྱིས་སྲིད་དབང་གིས། །དྲི་དང་རོ་ལ་ཆགས་པ་ལས། ཡུལ་དུ་སྣང་བའི་རྣམ་ཤེས་གཟུགས་སྒྲ་དྲི་རོ་སོགས་ལ། བླང་དོར་བྱས་པས་ལུས་ཁམས་དེ་ནི། རང་སྣང་ཕོ་མོ་སྣང་མུན་དང་། བདེ་སྡུག་འདོད་སྲེད་བརྟས་པར་འགྱུར། །གཉིས་པ་མངལ་སྐྱེས་ཀྱི་སྐྱེ་བ་ལེན་ཚུལ་ལ་གསུམ། ཁམས་དྲུག་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་པའི་རིམ་པ་དང་བཅས་པ་དང་། མངལ་དུ་ཇི་ལྟར་འཇུག་པའི་ཚུལ། སྐྱེ་བའི་རིམ་པ་བསྟན་པའོ། དང་པོ་ལ་གཉིས། ཁམས་དྲུག་གི་རྒྱུ་དང་རང་བཞིན། ཁམས་ཀྱི་རྒྱུ་སེམས་ཀྱི་རྟེན་འབྲེལ་བཤད་པའོ། །དང་པོ་ནི། དེ་ནས་མངལ་སྐྱེས་གྲུབ་པ་ན། །ལུས་འདི་ལ་ནི་རུས་པ་དང་། དྭངས་སྙིགས་སོགས་ཁམས་ཀྱི་ཚོགས་སུམ་བཅུ་སོ་དྲུག་ཡོད་པ་དེ་རྣམས། མ་ལུས་བསྐྱེད་བྱེད་ཀྱི་མ་དེས། རོ་དྲུག་གི་བཟའ་བཏུང་སྤྱད་པ་ལས་འབྱུང་སྟེ། ལུས་ཀྱི་འབྱུང་བཞི་འགྲུབ་ཅིང་རྒྱས་པའི་རྐྱེན་བྱེད་དོ། །རོ་དྲུག་འབྱུང་བ་ལྔ་ལས་ཏེ། ཁ་བ་རླུང་། ཚ་བ་མེ། མངར་བ་ཆུ། ལན་ཚྭ་ས་ཡི་ཁམས། སྐ་བ་དང་། སྐྱུར་བ་མཁའ་དང་བདེ་བ་ཡེ་ཤེས་ཀྱི་ཁམས། ཐབས་ཤེས་ཟུང་འཇུག་གི་སྦྱོར་བས་བརྟེན་ནས། རྡོ་རྗེའི་ལུས་བརྟན་པར་བསྐྱེད་ཅིང་འགྲུབ་པ་ཡིན་ནོ། །མངལ་འཛིན་པའི་ཁམས་ནི། །པདྨར་ཆུད་པའི་ས་བོན་ནི། །འཛིན་པ་ས་ཁམས་རང་བཞིན་ཏེ། །ཆུས་བསྐྱེད་མེ་ཡིས་སྨིན་པར་བྱེད། །རླུང་གིས་འཕེལ་བྱེད་ནམ་མཁའ་ཡིས། །གོ་སྐབས་འབྱེད་པར་བྱེད་པ་ཡིན། །གཉིས་པ་ནི། དེ་ཉིད་སྐྱེ་བར་བྱེད་པ་ཡང་། བོ་ལ་ཀ་ཀྐོ་ལ་སྦྱོར་བས། །རེག་པ་སྲ་བའི་བག་ཆགས་ཉིད། །བདག་ཏུ་བཟུང་བ་ལས། ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་ཁུ་བའི་རང་བཞིན་བདག་ཏུ་གཟུང་བ་ལས། །ཆུ་ཡི་ཁམས་ནི་འབྱུང་བ་སྟེ། །བསྐྱོད་པ་ལ་བདག་ཏུ་བཟུང་བ་ལས་ནི་དྲོད་སྐྱེ་སྟེ། །གཡོ་བའི་ཆ་ལ་བདག་ཏུ་བཟུང་བ་དེ་ལ་རླུང་གི་ཁམས་དུ་རབ་ཏུ་གྲགས། དེ་གཉིས་ཀྱི་བདེ་བ་ལ་བདག་ཏུ་བཟུང་བ་ལས་ནམ་མཁའ་ཉིད་ཀྱི་ཁམས་ཏེ། དེ་ལྟར་བདག་འཛིན་ལྔ་པོས་རྣམ་པར་ཤེས་པ་བསྐོར་སྟེ། རྟེན་འབྲེལ་བཅུ་གཉིས་ཀྱི་ཚུལ། མ་རིག་པ་ལ་སོགས་པས་བསྐྱེད་ནས་སྲིད་པའི་འཁོར་བ་འགྲུབ་བོ། གཉིས་པ་མངལ་དུ་ཇི་ལྟར་འཇུག་པའི་ཚུལ་ནི། མངལ་དུ་འཇུག་པའི་རྒྱུ་ནི་བར་དོའི་རྣམ་ཤེས། ཀུན་གཞིའི་རྣམ་ཤེས་ཏེ། བག་ཆགས་སྣ་ཚོགས་པ་ཅན། ཉོན་མོང་ཅན་གྱི་ཡིད་དང་བཅས་པ། དེ་ཡང་ཕྲ་བའི་རླུང་གི་ངོ་བོས། འོད་ཟེར་ལྔ་ལྡན་ཅེས་ཀྱང་གྲགས་པ་དེས་གཟུགས་གཞན་ཕོ་མོ་འདུ་འཕྲོད་སྦྱོར་བ་མཐོང་ཞིང་། རྟེན་བཟང་ངན་གྱི་དོན་ནི་ངེས་པར་མི་ཤེས་ཤིང་། སྲོག་ཆེན་པོའི་རླུང་ཙམ་གཅིག་པུ་གཙོ་བོར་གྱུར་བས། རྨོང་པའི་རང་བཞིན་ཅན་དེ་ཡུལ་ལ་འདུ་བྱེད་པའི་ཉོན་ཡིད་ཀྱི། ཀུན་གཞིའི་རྣམ་ཤེས་བཀུག་ནས་ནི། མངལ་དུ་འཇུག་པའི་བག་ཆགས་རྣམ་པར་སྤྱོད། བག་ཆགས་ཉིད་ཀྱིས་མངལ་དུ་རྣམ་ཤེས་གཟུང་ངོ་། །དེ་ཚེ་ཁུ་ཕྲག་རྣམ་ཤེས་བཅས་ཆགས་པའི་མེས་ཞུ་ཐིག་ལས། ཁུ་ཕྲག་རྣམ་ཤེས་བཅས། འདྲེས་པ་རུ་ནི་གྱུར་པ་དང་། ཀུན་གཞི་རྣམ་ཤེས་རྒྱུ་བཅས་པ། ཇི་ལྟར་ཆང་དོས་མྱོས་པ་བཞིན། །གསུམ་པ་སྐྱེ་བའི་རིམ་པ་བསྟན་པ་ལ་གསུམ། སྲོག་ཆེན་པོའི་རླུང་ཇི་ལྟར་འབྱུང་བ། ཟླ་བ་བཅུར་ཇི་ལྟར་འཕེལ་བའི་རིམ་པ་རྒྱས་བར་བཤད་པ། རྩ་རླུང་ཐིག་ལེ་རྫོགས་ཤིང་སྐྱེ་བའི་ཚུལ་ལོ། །དང་པོ་ནི། ཉོན་མོངས་ཅན་ཡིད་སྲོག་རླུང་ཉིད། མངལ་དུ་ཞུགས་པ་ནས། སྐད་ཅིག་ལ་ཡང་ཇེ་རགས་སུ་ཡང་དག་འགྲོ་ཞིང་། གཉིས་པ་ལ་གཉིས། རྩ་མ་ཆགས་པའི་གནས་སྐབས་དང་། རྩ་ཆགས་ནས་རླུང་བཅུས་ཇི་ལྟར་འཕེལ་བའི་ཚུལ་ལོ། །དང་པོ་ནི། ནུར་ནུར་མེར་མེར་ལྟར་ལྟར་པོ། །གོར་གོར་པོ་དེ་བདུན་ཕྲག་བཞི་རྣམས་སུ། །ལས་རླུང་བཞི་དག་གིས་དཀྲུགས་ཤིང་། །སྡུད་པར་བྱེད་པས་དབྱིབས་བཞིར་འགྱུར། །གཉིས་པ་ལ་གཉིས། རྩ་བའི་རླུང་ལྔས་འཕེལ་བའི་ཚུལ་དང་། ཡན་ལག་གི་རླུང་ལྔས་འཕེལ་བའི་ཚུལ་ལོ། །དང་པོ་ལ་ལྔ། སྲོག །ཐུར་སེལ། གྱེན་རྒྱུ། ཁྱབ་བྱེད། མཉམ་གནས་ཀྱིས་འཕེལ་ཚུལ་ལོ། །དང་པོ་ནི། མཁྲང་འགྱུར་ཞག་ནི་བདུན་ཆགས་པའི་དང་པོ་ནས། །རང་སོར་ཕྱེད་དང་བཅུ་གསུམ་གྱི། །ཚད་ལྡན་དབུ་མ་སྲོག་རླུང་བཅས། །བསྐྱེད་ནས་སྙིང་དང་ལྟེ་བ་ཡི། །འཁོར་ལོ་རླུང་བཅུའི་རྟེན་ཆགས་ནས། །ཉ་ཡི་རྣམ་པ་ལྟ་བུར་འགྱུར། །ལྟེ་བར་མ་ཡི་རྩར་འབྲེལ་བས། །མངལ་གནས་དེའི་རླུང་ཁྲག་རྒྱས་པར་བྱེད་པར་འགྱུར། །དེ་ནས་ཟླ་བ་གཉིས་པ་ནས། །ཞག་རེ་རྩ་ནི་ཉིས་བརྒྱ་ཆགས། །གཉིས་པ་ནི། སྲོག་ལས་ཐུར་སེལ་འཕྲོས་ནས་ནི། །གསུམ་པ་ནི། རུས་སྦལ་རྣམ་པ་ལྟ་བུར་བྱེད། །ཟླ་བ་གསུམ་པར་གྱེན་རྒྱུ་ཡིས། །རླུང་གིས་སྟོད་རྣམས་སྒྲུབ་པར་བྱེད། །འདི་ཡན་གྱི་རླུང་གསུམ་ཀྱི་ནུས་པས། རྣམ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོ་གྲུབ་བོ། །བཞི་པ་ནི། བཞི་པ་ཁྱབ་བྱེད་རླུང་གིས་ནི། །ཡན་ལག་རྩ་རྣམས་སྣང་བར་བྱེད། ལྔ་པ་ནི། ལྔ་པར་མཉམ་གནས་རླུང་འཕྲོས་ནས། །ནང་གི་གནས་གཞན་གློ་སྙིང་སོགས་རྣམས་སྒྲུབ་པར་བྱེད། །ཕག་རྒོད་སེང་གེའི་གནས་སྐབས་ཡིན། །མཉམ་གནས་དང་། ཁྱབ་བྱེད་ཀྱི་རླུང་གཉིས་སྟོབས་རྫོགས། འདི་བར་རླུང་གཉིས་ཀྱི་སྟོབས་ཀྱིས་འདུ་ཤེས་དང་། ཚོར་བའི་ཕུང་པོ་རྫོགས་ནས། ལུས་ནི་འགུལ་དང་འདར་བར་འགྱུར། །དེ་དུས་རུས་ཚིགས་དུམ་བུ་ནི། །སུམ་བརྒྱ་དྲུག་ཅུ་ཆགས་པར་འགྱུར། །གཉིས་པ་ཡན་ལག་གི་རླུང་ལྔས་ཇི་ལྟར་འཕེལ་བའི་ཚུལ་ལ་གཉིས། མཚམས་སྦྱར་བ་དང་། དོན་དངོས་སོ། །དང་པོ་ནི། དེ་ནས་གཟུགས་ཀྱི་ཕུང་པོའང་གྲུབ་སྟེ། །དེ་ལྟར་ཕུང་པོ་ལྔ་རྫོགས་ནས། གཉིས་པ་ནི། ཟླ་བ་དྲུག་པར་ཕྱིན་པ་ན། །ཀླུའི་རླུང་གིས་སྟོབས་བསྐྱེད་ནས། །ས་ཁམས་ཆ་ལས་མིག་གཉིས་བསྐྱེད། །དེ་ལས་བདུན་པར་རུས་སྦལ་རླུང་། །སྤྲོས་ནས་ཆུ་ཁམས་རྣ་བུག་དོད། །བརྒྱད་པར་མེ་ཁམས་སྣ་བུག་བྱེད། །དེ་ཚེ་རྩངས་པའི་རླུང་སྤྲོའོ། །དགུ་པར་ལྷ་སྦྱིན་རླུང་འབྱུང་སྟེ། །རོ་ཅན་ལྕེ་ནི་བསྐྱེད་པར་བྱེད། །བཅུ་པར་ནོར་ལས་རྒྱལ་གྱི་རླུང་། །བསྐྱེད་ནས་རླུང་བཅུའི་ནུས་པ་རྫོགས། །གསུམ་པ་རྩ་རླུང་ཐིག་ལེ་རྫོགས་ཤིང་སྐྱེ་བའི་ཚུལ་ལ་གཉིས། རྩ་རླུང་ཐིག་ལེ་སོགས་རྫོགས་པའི་ཚུལ་དང་། སྐྱེ་བའི་ཚུལ་ལོ། །དང་པོ་ནི། དེ་ལྟར་ཁམས་དང་སྐྱེ་མཆེད་རྫོགས། །ཟླ་རེ་དྲུག་སྟོང་རྩ་ཆགས་པས། །མངལ་དུ་སྟོང་ཕྲག་ལྔ་བཅུ་བཞི། །སྐྱེས་ནས་ཀྱང་ཟླ་བ་གསུམ་པ་མ་རྫོགས་ཀྱི་བར་ན། སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས། །མངལ་ཟླ་དགུ་པ་ནས་ནི་མི་གཙང་ཟ། །དེ་ནས་སྙིགས་མའི་ཁམས་འབྱུང་ངོ་། །བཀྲེས་སྐོམ་རླུང་གིས་ཚོར་བ་ཡིས། །སྡུག་བསྔལ་དྲག་པོ་མྱོང་བར་འགྱུར། །གཉིས་པ་ནི། དེ་ཚེ་འབྱིན་པའི་རླུང་གིས་ནི། །བསྒྱུར་ནས་སྐྱེ་བར་བྱེད་པ་ཡིན། །མི་ཡི་སེང་གེའི་གནས་སྐབས་སོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་ཕུང་པོ་ཁམས་སྐྱེ་མཆེད། །རྩ་རླུང་ཐིག་ལེ་ལས་གྲུབ་པ། །དྲི་མར་བཅས་པའི་སེམས་ཉིད་ལས། །བྱུང་སྟེ་དྲི་བཅས་སྤྲུལ་སྐུར་གསུངས། །གཉིས་པ་ལེའུའི་མཚན་ནི། །ཟབ་མོ་ནང་གི་དོན་རྒྱས་པར་བཤད་པ་ལས། །མངལ་དུ་ལུས་གྲུབ་པའི་ཚུལ་ཏེ་གཉིས་པའོ།། །།དེ་ལྟར་རགས་པའི་ལུས་གྲུབ་ཚུལ་སོང་ནས། ལུས་དེར་བརྟན་པ་འཕྲ་བའི་ལུས་རྩ་ཡི་རྣམ་བཞག་བཤད་པ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། དེ་ནས་རྩ་རྣམས་གནས་ཚུལ་བཤད། །དབུ་མ་རོ་རྐྱང་གཙོ་མོ་གསུམ་དང་། གཞན་རྩ་ཡི་འཁོར་ལོ་རྣམས་དང་། །ནད་བསྐྱེད་པར་བྱེད་པའི་རྩ་བཅས་དང་། །སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། །དེ་བས་ཕྲ་བའང་བཤད་པར་བྱ། །གཉིས་པ་རྒྱས་པར་བཤད་པ་ལ་བདུན། རྩ་དབུ་མ་བཤད་པ། རོ་རྐྱང་གཉིས། རྩའི་གཙོ་མོ་རྣམས། རྩའི་འཁོར་ལོ། ནད་བསྐྱེད་པའི་རྩ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྒྱས་བཤད། རྩ་ཕྲ་མོ་དང་ཁམས་གང་གིས་སྐྱེད་བཤད་པའོ། །དང་པོ་ལ་གསུམ། བཤད་པ་དངོས་དང་། དེ་ཤེས་བྱེད་ཀྱི་ལུང་དང་སྦྱར་བ། མཇུག་བསྡུ་བའོ། །དང་པོ་ནི། ཐོག་མར་ལུས་བསྐྱེད་གཞིར་གྱུར་པ། །དབུ་མ་སྲོག་རླུང་བཅས་པ་སྟེ། །འཁོར་ལོ་དྲུག་གི་དབུས་ན་ནི། །བར་ཐག་རང་སོར་བཅུ་གཉིས་དང་། །ཕྱེད་བཅས་གསང་བ་སྤྱི་གཙུག་བར། །ཡར་སྣ་ཧྃ་གི་རང་བཞིན་གྱིས། །དཀར་ཆའི་དྭངས་མས་བཀག་པའི་ཚུལ། །ལྟེ་བར་མ་ལས་ཐོབ་པ་ཡི། །དམར་ཆ་ཁྲག་སྟེ་ཨ་ཐུང་བརྗོད། །དེ་གཉིས་བར་ན་ཀུན་གཞིའི་རྟེན། །སྲོག་རླུང་གནས་ཏེ་ནམ་མཁའ་འདྲ། །ལྟེ་འོག་མན་ཆད་དུང་ཅན་ཞེས། །དཀར་ཆ་འབབ་པར་བྱེད་པ་ཡིན། །གཉིས་པ་ནི། །འདི་ནི་བདེ་མཆོག་སྡོམ་པ་འབྱུང་བ་དང་། སམྦུ་ཊི་དང་། ནག་པོའི་དཔྱིད་ཐིག་རྣམས་ནས། །སྙིང་གའི་ཆུ་སྐྱེས་དབུས་སོན་པ། །ཆུ་ཤིང་མེ་ཏོག་ལྟར་སྟོང་པ། །ཧྃ་ནི་འཕྱང་ཞིང་འོག་ཏུ་བལྟ། །མར་སྣ་མར་མེ་ལྟ་བུས་བརྒྱན། །དེ་འོག་བྱང་སེམས་མཉམ་འབབ་པ། །ཨ་བ་དྷུ་ཏཱིར་ཤེས་བྱ་སྟེ། །ལྷན་ཅིག་སྐྱེས་སྟེར་བྱེད་པའོ། །ཞེས་གསུངས་སོ། །གསུམ་པ་ནི། མདོར་ན་ལུས་ཅན་རྣམས་ཀྱི་སྲོག་རྩ་དང་དབྱེར་མི་ཕྱེད་པ་ཡིན། གཉིས་པ་རོ་རྐྱང་གཉིས་བཤད་པ་ལ་གཉིས། དངོས་དང་། ངེས་ཤེས་ཀྱི་ལུང་དང་སྦྱར་བའོ། །དང་པོ་ནི། གཡས་གཡོན་རོ་རྐྱང་གཉིས་པོ་ནི། །ལྟེ་བ་ནས་གྱེས་མཁལ་མར་འབྲེལ། །དེ་ནས་སྙིང་གར་ཅུང་ཟད་འདུལ། །མཆན་འོག་བརྒྱུད་ནས་མགྲིན་པར་སྟེ། །རྩེ་ཆུང་ནས་ནི་སྤྱི་བོར་འབྲེལ། །སྣ་བུག་གཉིས་སུ་ཡར་སྣ་འབྱུང་། །འོག་ཏུ་གསུམ་འདུས་ནས་གྱེས་ཏེ། །བུད་མེད་ཀྱི་ཁྲག་དང་། གཉིས་ཀའི་དྲི་ཆེན་འབྱིན་སྡོམ་གྱི། །ལས་ནི་གཡས་པ་རོ་མས་བྱེད། །གཡོན་ནས་རྐྱང་མས་དྲི་ཆུ་ཡི། །འབྱིན་སྡོམ་བྱེད་པར་བཤད་པ་ཡིན། །ལྟེ་སྟེང་ཡན་ཆད་གཡས་པར་ཉི་མ་དང་། །གཡོན་པར་ཟླ་བའི་རླུང་རྒྱུ་སྟེ། །ལྟེ་བར་རྩ་ནི་དྲུག་ཅུ་བཞི། །རྩ་གསུམ་གཅིག་ཏུ་གྱུར་པ་ན། །དུས་སྦྱོར་གྱི་རྩ་དྲུག་ཅུ་རྩ་བཞིའམ་ཕུང་པོ་སུམ་ཅུ་རྩ་དྲུག་དང་ཁམས་སུམ་ཅུ་རྩ་དྲུག་པ་གཉིས་ཀྱིས་དུས་སྦྱོར་གྱི་རྩ་དོན་གཉིས་སུ་གྱེས་ཤིང་། རླུང་རྒྱུ་བས་ཕྱི་རོལ་དང་། སྟེང་འོག་གི་སྒོ་སོགས་དང་། ནང་སྲོག་གི་རླུང་སོགས་ཀུན་གསོ་ཞིང་བསྐྱེད་པར་བྱེད་དོ། །གཉིས་པ་ནི། འདི་ནི་དང་པོའི་སངས་རྒྱས་ལས། །དེ་ནི་ཐུར་དུ་རྩེ་གསུམ་སྟེ། །དེ་བཞིན་གྱེན་དུའང་རྩེ་གསུམ་མོ། །སྒྲ་གཅན་རྩེ་མོའི་དབུས་ན་གནས། །ཉི་མའི་རྩེ་མོ་གཡས་པའོ། །ཟླ་བའི་རྩེ་མོ་གཡོན་པའོ། །ཆུ་དང་མེ་དང་ནམ་མཁའ་ཡི་རླུང་རྒྱུ། །གཡས་གཡོན་དབུ་མའི་མར་སྣ་ནས། །གཡས་གཤང་བ། གཡོན་གཅི་བ། དབུ་མ་ཁུ་བ་རྒྱུ། །འཁོར་ལོ་སོ་སོའི་ལྟེ་བར་རྩ་རྣམས་མདུད་པས། །ལྕགས་སྒྲོག་བཅིངས་པ་ལྟ་བུའི་རྩ། རོ་རྐྱང་དབུ་གསུམ་གྱི་ལྟེ་བ་ཟླ་ཉི་སྒྲ་གཅན་གྱི་སྲོག་གསུམ་གྱི་རླུང་གི་ལམ་དང་། ལྟེ་འོག་མན་གཤང་གཅི། ཁུ་བ། ཐུར་སེལ་གསུམ་གྱི་ལམ་ཡིན་པས། །སྲོག་གསུམ་དང་ཐུར་སེལ་ལམ་གསུམ་ཉིད། །གསུམ་པ་རྩའི་གཙོ་མོ་བཤད་པ་ལ་གསུམ། སྤྱིར་བསྟན་པ། རྩ་ཉེར་བཞི་པོ་ངོས་བཟུང་བ། སྦས་པའི་རྩ་ལྔ་བཤད་པའོ། །དང་པོ་ནི། རྩ་ཡི་གཙོ་མོ་འདི་གསུམ་ལས་གྱེས་པའི་རྩ་ཆེན་པོ། ཉི་ཤུ་བཞི་དང་སྟེ་སྙིང་ག་ཡི། ཡན་ལག་གི་རླུང་ནི་བརྟེན་པའི་རྩ། །ལྔ་དང་རྩ་ཡི་གཙོ་མོ་གསུམ་བཅས་པ་བསྡོམས་པས། རྩ་སུམ་བཅུ་སོ་གཉིས་ཏེ། དེ་ཡི་སྟེང་དུ་རྩ་བ་ཡིས། །རླུང་བརྟེན་རྩ་ལྔ་བཅས་བསྡོམས་པ་རྩ་སུམ་ཅུ་བདུན་ཡིན། གཉིས་པ་རྩ་ཉི་ཤུ་རྩ་བཞི་པོ་ངོས་བཟུང་བ་ལ་གསུམ། རྐྱང་མ་ལས་སྐྱེས་པའི་རྩ་བཅུ་བཞི། རོ་མ་ལས་སྐྱེས་པ་བཅུ་བཤད། དོན་བསྡུ་བའོ། །དང་པོ་ནི། རྩ་གསུམ་པོ་འདི་ཡི་གཡོན་པའི་ཆར་རྐྱང་མ་ལས་སྐྱེས་པ་ཡི་རྩ་བཅུ་བཞི་ནི། མི་ཕྱེད་མ་ནི་འཚོགས་མར་གནས། །ཕྲ་གཟུགས་མ་ནི་སྤྱི་གཙུག་འབྲེལ། །རྩེ་བ་མ་ནི་རྣ་གཡས་ཏེ། །གཡོན་པ་མ་ནི་ལྟག་རྩའོ། །ཐུང་ངུ་ཞེས་བྱ་རྣ་བ་གཡོན། །རུས་སྦལ་སྐྱེས་མ་སྨིན་དབུས་ཏེ། མིག་གི་ཕྱི་རོལ་སྒོམ་པ་མོ། །དབང་མ་ཕྲག་པ་གཉིས་ཀྱི་རྩ། །སྐྱོན་མ་མཆན་ཁུང་རྩ་ཡིན་ཏེ། །མཇུག་མ་ཞེས་བྱ་ནུ་མའི་རྩ། །མ་མོ་ལྟེ་བའི་རྩ་ཡིན་ཏེ། །སྣ་རྩེར་ཟུག་པ་མཚན་མོའོ། །ཁ་ལ་གནས་པའི་བསིལ་སྦྱིན་མ། །མགྲིན་དབུས་ཚ་བ་མ་གནས་སོ། །རྐྱང་མ་དེ་དག་ཀུན་བརྟེན་པའོ། །འདི་རྣམས་ཀྱི་རང་བཞིན་ཟླ་བའི་ཁམས་འབབ་པར་བྱེད་པའོ། །ཤེས་རབ་རང་བཞིན་ནོ། །བསམ་པའི་ཤེས་རབ་དང་། ལུས་ཀྱི་སྒོ་ནས་ཐབས་ཀྱི་ཆ་ཟླ་བ་ཡར་ངོ་དག་པའོ། །གཉིས་པ་ནི། རོ་མ་ལ་བརྟེན་ཐབས་ཀྱི་ཆ་ཤས་སུ་གྱུར་པའི་རྩ་བཅུ་བཞི་ནི། གཞོལ་མ་སྲང་གི་གཞུང་དུ་གནས། །རངས་མ་ལྒང་པར་འབྲེལ་པ་སྟེ། །ཤིན་ཏུ་གཟུགས་ཅན་མཚན་མར་གནས། །སྤྱི་མ་འོག་སྒོར་འབྲེལ་པ་སྟེ། །རྒྱུ་སྦྱིན་བརླ་ཡི་རྩ་ཆེན་ཡིན། །སྦྱོར་བྲལ་མ་ནི་བྱིན་པར་གནས། །སྡུ་གུ་རྐང་པའི་སོར་མོར་འབྲེལ། །གྲུབ་མ་བོལ་གོང་རྩ་ཡིན་ཏེ། །འཚེད་མ་རྐང་མཐེབ་སྤུ་འཁྱིལ་རྩ། །ཡིད་བཟང་པུས་མོའི་གཉའ་གོང་གནས། །འདི་རྣམས་བསམ་པའི་སྒོ་ནས་ཐབས་དང་། ལུས་ཀྱི་སྒོ་ནས་ཤེས་རབ་སྟེ། ཟླ་བ་མར་གྱི་རྣམ་པར་དག་པའོ། །གསུམ་པ་ནི། དེ་ལྟར་རོ་རྐྱང་ལ་བརྟེན་པའི་རྩ་ཉེར་བཞི་པོ། ཕྱི་རོལ་ཡུལ་ཉེར་བཞི་རྣམས། རྡོ་རྗེའི་ལུས་ཀྱི་ནང་གི་གནས་སུ་རྫོགས་པར་འདོད་པ་མཚོན་ནོ། །གསུམ་པ་སྦས་པའི་རྩ་ལྔ་ནི། །སུམ་སྐོར་འདོད་མ་ཁྱིམ་མ་དང་། །གཏུམ་མོ་ཞེས་བྱ་རྩ་བཞི་ནི། །མིག་དང་རྣ་བ་སྣ་དང་ལྕེར། །སྙིང་དབུས་ནས་མིག་སོགས་བཞི་འབྲེལ་ཞིང་། རྩ་དེར་རླུང་རྒྱུ་ནས། མིག་ལ་གཟུགས་འབབ་པར་བྱེད་པ་ལ་སོགས་པའི་ཡོན་ཏན་སྐྱེ་བའི་རྩ། རྩ་བདུད་བྲལ་ཨའི་རྩེ་མོ་གཅིག་ལྕེའུ་ཆུང་གི་དབུས་སུ་ཟུག་ནས། ཁམས་དཀར་ཆ་གྱེན་དུ་འདྲེན་པར་བྱེད་ལ། དེ་ཡི་རྩེ་མོ་གཞན་ཡང་ཡོད་པ། དེ་རྣམས་ཀྱིས་ནི་ལུས་ཀྱི་སྟོད་སྨད་ཀུན་ཏུ་ཁྱབ་ཅིང་། དེ་རྣམས་ཀྱི་བྱེད་ལས་རེག་བྱ་འབབ་པར་བྱེད་དོ། །འདིར་ནི་ལུས་ཀྱི་སྙིང་དབུས་སུ། །རྩ་ལྔ་པོ་ནི་ཡང་དག་གནས། །སྲོག་ཆེན་པོའི་རླུང་ནི་རྩ་ཨ་བ་དྷུ་ཏཱིའི་ཡར་སྣར་རྒྱུ་སྟེ། དེ་ལས་གཞན་ནི། དུང་ཅན་མ་ནས་ཐུར་སེལ་གྱི་རླུང་དང་། གྱེན་རྒྱུའི་རླུང་རྩ་གླང་པོ་ཆེའི་ལྕེ་དང་། ཁྱབ་བྱེད་ཀྱི་གནས་སེར་སྐྱ་དང་། མི་མཉམ་གྱི་གནས་སྣར་མ་སྟེ། དེ་རྣམས་རྩ་བའི་རླུང་རྒྱུའི་གནས་ཏེ། རྩ་བའི་རྩ་ལྔ་ཡིན་ནོ། །བཞི་པ་རྩའི་འཁོར་ལོ་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དེ་ནས་རྩ་འཁོར་ལོ་བཞི་དང་དྲུག །བཅོ་བརྒྱད་ལ་སོགས་དབྱེ་བ་ནི། །གཉིས་པ་ལ་གསུམ། རྩ་བའི་འཁོར་ལོ་བཞི་བཤད་པ། དྲུག་བཤད་པ། ཚིགས་ཀྱི་འཁོར་ལོ་བཤད་པའོ། །དང་པོ་ལ་ལྔ། ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོའི་འཁོར་ལོ་བཤད་པ། ཐུན་མོང་གི་དོན་བསྡུ་བའོ། །དང་པོ་ལ་གཉིས། སྤྱིར་བསྟན་པ། རྩ་འདབ་ཀྱི་མིང་རྡོ་རྗེ་ཕྲེང་བའི་ལུང་དང་སྦྱར་ནས་མཇུག་བསྡུ་བའོ། །དང་པོ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་ནི། །དབུ་མ་ལས་གྱི་རྩ་འདབ་བཞི་ལ་ནི། །སྟོང་པ་ཡེ་ཤེས་ཀྱི་ཁམས་ཀྱི་རྩ་ཞེས་བཤད། །རྩ་བཞི་པོ་དེ་ལས་གསུམ་ཚན་དུ་གྱེས་པའི་རྩ་བཅུ་གཉིས་ནི། འཕོ་བ་བཅུ་གཉིས་བརྟེན་པའི་རྩ་དེ་རྣམས། །ནང་སེམས་ཀྱི་རིམ་པར་ཕྱེ་བ་ཡིས། །འཕོ་ཆེན་རེ་རེ་ལའང་འཕོ་ཆུང་ལྔ་ལྔར་དབྱེ་བས། ལྔ་ཚན་བཅུ་གཉིས་སུ་གྱེས་པས་རྩ་དྲུག་ཅུ་སྟེ། གཡས་པའི་རྩ་སུམ་ཅུ་ནི་རོ་མར་འབྲེལ་བ། གླང་སོགས་མཉམ་པའི་དུས་སྦྱོར་གྱི་འཕོ་བ་དྲུག་བརྟེན་པ་དང་། དེ་བཞིན་གཡོན་པའི་རྩ་སུམ་ཅུ་ནི་གཡོན་རྐྱང་མ་དང་འབྲེལ་བ། ལུག་སོགས་མི་མཉམ་པའི་དུས་སྦྱོར་དྲུག་གི་འཕོ་བ་བརྟེན་ཞིང་། ཡེ་ཤེས་ཀྱི་ཁམས་ཀྱི་རྩ་བཞི་པོ་ནི་དབུ་མའི་འཕོ་བ་བརྟེན་པ་ཡིན་ནོ། གཉིས་པ་ནི། རྩ་དྲུག་ཅུ་རྩ་བཞི་པོ་རྣམས་ཀྱི་མིང་ནི་རྡོ་རྗེ་ཕྲེང་བ་ལས། ཡང་དག་ཤུགས་དང་ཤིན་ཏུ་ཤུགས། །ཤིན་ཏུ་བཟང་དང་བཟང་པོར་འགྲོ། །རྩ་བཞི་པོ་དེ་ནི་སྔ་མ་གཉིས་རླུང་དབུ་མར་འཇུག་པ་དང་། ཕྱི་མ་གཉིས་སྲོག་དབུ་མར་འཛིན་པའི་དོན་གྱིས་ན་རོ་རྐྱང་ལས་རླུང་དབུ་མར་འཕོ་བའི་རྩ་བཞི་འོ། །སྟོབས་ཆེན་དང་ནི་མི་བཟད་ཆེ། །མཛེས་ཆེན་མདུན་དུ་སྐྱེས་པ་ཆེ། །རྒྱགས་པའི་རྟགས་འདི་ལྔ་ནི་ལུག་གི་དུས་སྦྱོར་བརྟེན་པའི་རྩ་ལྔ་ཡིན་པ་དང་། རྒྱགས་པའི་ཆ། །རྒྱགས་པའི་ཆུ་དང་རྒྱགས་སྨྱོ་བྱེད། །རྒྱགས་དང་རྒྱགས་པའི་རྒྱུ་མཐུན་དང་། །འདི་རྣམས་ནི་གླང་གི་དུས་སྦྱོར་གྱི་རྩའོ། །རྒྱགས་པའི་རླན་དང་རྒྱགས་ལ་འཆང་། །རྩུབ་དང་ཁ་ཆུ་གླང་པོ་འདི་རྣམས་འཁྲིག་པའི་དུས་སྦྱོར་གྱི་རྩ་ལྔ་དང་། །དབུགས་མི་བདེ་དང་གཡའ་ཁ་འགྲོ། འདབ་ཆགས་ཡན་ལག་ཁྲ་ཡི་གདོང་། ཟ་ཕོད་འདི་རྣམས་ནི་ཀརྐ་ཊའི་དུས་སྦྱོར་གྱི་རྩ་ལྔའོ། །མི་བཟད་སྒྲ་སྒྲོགས་དང་། དྲི་ལྡན་བརྡེགས་དད་བརཏལ་བ་དང་ལྔ་ནི་སེང་གེའི་དུས་སྦྱོར་གྱི་རྩ་དང་། དབྱངས་དང་དབྱངས་སྐྱེས་དང་ནི་སྤྲིན། ཆུབ་མ་ཐོ་དང་རྒྱ་ལྟར་སྔོ། །འདི་རྣམས་བུ་མོའི་དུས་སྦྱོར་གྱི་རྩ་ལྔའོ། །ཡུད་ཙམ་གཙོ་བོ་ཡུད་ཙམ་སྐྱེས། །རྒྱབ་ཏུ་ཁ་བལྟས་དབྱུག་པ་དང་། །དབྱུག་སྙོམས་འདི་ལྔ་སྲང་གི་དུས་སྦྱོར་གྱི་རྩ་དང་ནི། རྙིང་པ་དང་། ཚིགས་ཀྱི་ལྷ་དང་ཚིགས་ཀྱི་ཚིགས། ཚིགས་ཀྱི་ཚད་དང་བརཏལ་བ་ལྔ་ནི་སྡིག་པའི་དུས་སྦྱོར་གྱི་རྩ་དང་། །ཚིགས་ཀྱི་གནས་དང་ཚིགས་ཀྱི་གདོང་། །ཚིགས་འོད་ཚིགས་ཀྱི་ལུ་གུ་བརྒྱུད། །ངལ་བྱེད་ལྔ་ནི་གཞུ་ཡི་དུས་སྦྱོར་གྱི་རྩ་ཡིན། དུལ་འགྲོ་གཟི་བརྗིད་དང་། དྲི་མེད་དུལ་བ་བསྙེམས་མ་དང་། །ཆུན་འཕྱང་ལྟོ་ལྔ་ནི་ཆུ་སྲིན་དུས་སྦྱོར་གྱི་རྩའི་མིང་དང་། ཆགས་པ་ཆགས། །ཆུན་འཕྱང་ཆུན་འཕྱང་ཕྱེད་སྦྲང་བུ། །ཕྲུ་གུ་ཕྲུ་གུ་སྟེར་ལྔ་ནི་བུམ་པའི་དུས་སྦྱོར་གྱི་རྩ་ལྔ་ཡི་མིང་ཡིན། འགྲོ་བ། ལོ་མ་ལོ་མའི་མགྲིན་པ་དང་། །རབ་མཆོག་མ་དང་ར་ཟ་གསལ་ལྔ་ནི་ཉ་ཡི་དུས་སྦྱོར་གྱི་རྩ་སྟེ། །དེ་ལྟར་དྲུག་ཅུ་རྩ་བཞི་འོ། །གཉིས་པ་སྙིང་གའི་འཁོར་ལོ་བཤད་པ་ལའང་གཉིས། སྤྱིར་བསྟན། ལུང་སྦྱར། མཇུག་བསྡུའོ། །དང་པོ་ནི། སྙིང་གའི་ཡིད་ཀྱི་རྣམ་ཤེས་ཆོས་རྣམས་ལ་སྐྱེ་ཞིང་མཆེད་བའི་གནས་ཀྱི་རྩ་ཡི་འཁོར་ལོའི་རྩ་བརྒྱད་མིང་། གཉིས་པ་ནི། རིན་ཆེན་ཅོད་པན་པདྨ་ཆེ། །རྡོ་རྗེ་ཆེན་པོ་སྟོབས་པོ་ཆེ། །དེ་དག་གི་དབང་བྱེད་པའི་ཐབས་ཀྱི་ཆ་དང་། དེའི་ཤེས་རབ་ཀྱི་ཆ་འཛིན་པས་གཟུགས་སྣང་མཐོང་བས། མགོན་པོ་ཆེ་དང་། སྒྲ་འཛིན་པས་ན་སྒྲ་ཆེན་དང་། དྲི་ལ་ཉེ་བར་འཛིན་པས་ན་ཉེར་དགའ་ཆེན་པོ་དང་། རོ་འཛིན་པས་རོ་དེས་མྱོས་པ་ཆེ་སྟེ། རྩ་འདབ་བརྒྱད་པོ་འདི་རྣམས་ཀྱི་འཁོར་ལོའི་ཡར་མར་གྱི་རྩེར་ལུས་ཀུན་ཁྱབ། །གསུམ་པ་མགྲིན་པའི་འཁོར་ལོ་བཤད་པ་ལའང་གཉིས། སྤྱིར་བསྟན། ལུང་སྦྱར་མཇུག་བསྡུའོ། །དང་པོ་ནི། མགྲིན་པར་ཟས་སྐོམ་ལ་ལོངས་སྤྱོད་པའི་འཁོར་ལོའི་རྩ་འདབ་བཅུ་དྲུག་ནི། གཉིས་པ་ནི། ལོངས་སྤྱོད་ལོངས་སྤྱོད་སྟེར་དང་གསང་། །ཉི་འགྲོ་གསལ་དང་སྐལ་བ་དང་། །སྒོམ་པ་དང་ནི་ཐལ་བའི་གདོང་། །བཟའ་སྟེར་ཟླ་དང་དཀྲེས་པ་དང་། །བཅུད་ལེན་རོལ་ནི་བཀུར་བ་དང་། །རོ་འཇིག་པ་དང་རོ་དང་ནི། །ཁྲུང་ཁྲུང་ལོངས་སྤྱོད་འཁོར་ལོར་གནས། །བཞི་པ་སྤྱི་བོའི་འཁོར་ལོ་བཤད་པ་ལའང་གཉིས། སྤྱིར་བསྟན། ལུང་སྦྱར་མཇུག་བསྡུའོ། དང་པོ་ནི། སྤྱི་བོ་ན་གནས་ཤིང་བདེ་ཆེན་གྱི་རྟེན་དཀར་ཆ། བརྟེན་པའི་རྩ་འདབ་ཀྱི་འཁོར་ལོ་ན། །རྩ་འདབ་སྔ་གྱི་གཉིས་ལ་བརྒྱད་བརྒྱད་དབྱེ་བས། བཅུ་དྲུག་ལ་ཐིག་ལེ་དཀར་ཆ་བརྟེན་པ་ཐབས་དང་། དེའི་ཕྱི་རོལ་ན་ཕྲག་རྒྱུ་བའི་རྩ་འདབ་ཤེས་རབ་ཀྱི་རང་བཞིན་བཅུ་དྲུག་ཡོད་པས། སུམ་ཅུ་རྩ་གཉིས་སུ་ནི་ཐབས་ཤེས་ཀྱི་དབྱེ་བས་འགྱུར་རོ། །གཉིས་པ་ནི། རིམ་རིག་དང་ནི་འདོད་པ་ཅན། །འདོད་ཅན་མ་དང་སྲོག་གི་ལུས། །ཟླ་ཐུང་ཟླ་སྟེར་མཛེས་པ་ནི། །འདོད་ཅན་མི་སྨྲ་ཀུ་ཤ་དང་། །ཤི་བ་སྤོང་དང་དག་པ་དང་། །མེ་དང་མེ་རི་ནེ་ཙོ་དང་། །གང་བ་ཉིད་དང་རོ་ལྡན་དང་། །ཀོས་རིང་ཆང་སྟེར་བདུད་རྩི་དང་། །དུང་ཅན་དང་ནི་དུང་སྣ་དང་། །དུང་གི་མིག་དང་དུང་གི་རྣ། །རྒྱས་དང་དབང་རྒྱགས་བརྐམ་པ་དང་། །རྒྱགས་པས་རྒྱལ་དང་ངོ་མཚར་རྒྱགས། །སྙོམས་པ་དང་ནི་ཚིགས་ཀྱི་བརྟེན། །སུམ་ཅུ་རྩ་གཉིས་ཞེས་ནི་བཤད། །ལྔ་པ་ཐུན་མོང་གི་དོན་བསྡུ་བ་ནི། དེ་ལྟར་རྩ་འཁོར་ལྔའི་འདབ་མ་བསྡོམ་པས་བརྒྱ་དང་ཉི་ཤུ་ནི། ལུས་ཀྱི་རྩ་ཡི་གཙོ་བོ་ཞེས་ནི་རྒྱུད་རྡོ་རྗེ་ཕྲེང་བ་ནས་བཤད་པ་ཡིན། གཉིས་པ་འཁོར་ལོ་དྲུག་བཤད་པ་ལ་གཉིས། རྡོ་རྗེ་ཕྲེང་བ་ལས་གསུང་ཚུལ་དང་། རྒྱུད་ཕན་ཚུན་གྱི་དགོངས་པ་བཤད་པའོ། །དང་པོ་ལ་གཉིས། སྤྱི་བསྟན་པ་དང་། རྩ་འདབ་ཀྱི་མིང་ལུང་དང་སྦྱར་བའོ། །དང་པོ་ནི། གཙུག་ཏོར་རླུང་གི་འཁོར་ལོ་དང་། གཙུག་གཏོར་གྱི་མགྲིན་པ་མེ་ཡི་འཁོར་ལོ། དེ་ལ་གནས་པའི་རྩ་ནི་དགུ་ཡོད་དེ། སངས་རྒྱས་པའི་ཚེ་གཙུག་ཏོར་བསྐྱེད་པའི་རྒྱུ་ཡིན་ཅིང་། ད་ལྟ་བཤད་དོན་ལྟར་ན། དབུ་མའི་རྩེ་མོ་སྤྱི་བོ་ནས་མདུན་ཐུར་དུ་གུག་ནས་སྨིན་མཚམས་སུ་ཡོད་ཅིང་། འདི་སྐབས་ཀྱི་དབུ་མ་འདི་ལྟ་བུ་ཡིན་ཅིང་། ཚངས་བུག་སྨིན་མཚམས་སུ་ཡོད། མཆན། དེ་རྩེ་མོའི་འཁོར་ལོ་ནི་སྨིན་མཚམས་ན་རྩ་འདབ་དྲུག་པ་གཅིག དེའི་མགྲིན་པ་སྟེ། སྐྲ་མཚམས་སུ་གཙུག་གཏོར་གྱི་མགྲིན་པའི་འཁོར་ལོ་རྩ་འདབས་དགུ་ཡོད་པའོ། །གཉིས་པ་ནི། སྨིན་མའི་དབུས་ན་རླུང་འཁོར་ལོ། །རྩ་འདབ་དྲུག་གི་མིང་ནི། །དབྱེ་བ་འཁྱིལ་པ་མི་ཟད་པ། །མི་བཟད་བརྟན་དང་མཚན་ཉིད་ཅན། །འཛིན་པ་རྟོག་མེད་གང་བ་ནི། །རྩ་གསུམ་འཛིན་པ་སོགས་གསུམ་ནི་མེ་ཡི་འཁོར་ལོ་དང་ལྡན་པའོ། །གཉིས་པ་རྒྱུད་ཕན་ཚུན་གྱི་དགོངས་པ་བཤད་པ་ལ་གཉིས། རྒྱུད་ཕན་ཚུན་དགོངས་པ་མཐུན་པར་བསྟན་པ་དང་། དགོངས་གཞི་གཞན་བཤད་པའོ། །དང་པོ་ནི། དུས་ཀྱི་འཁོར་ལོར་གང་གསུངས་པ་ནི། གཙུག་གཏོར་གྱི་རྩ་འདི་བདུན་གསང་བའི་གནས་སུ་ཡོད་པར་གསུངས་ཏེ་གཞན་ཡང་སྤྱི་བོ་རྩ་སོ་གཉིས་དང་མཚུངས་གསང་བའི་འཁོར་ལོ་རུ་ཡང་། རྩ་སུམ་ཅུ་རྩ་གཉིས་འདབ་མ་ཡོད་པ་ཡིན། ཞེས་དུས་འཁོར་ནས་གསུངས་སོ། །གཉིས་པ་ནི། རྩ་འཁོར་དེ་དག་གི་དབུས་ན་གནས་པ་ནི། རྩ་བྱེ་བ་སྨིན་དབུས། སྤྱི་བོར་འཁྱིལ་བ། མགྲིན་པར་མི་ཟད་པ། སྙིང་དབུས་མིང་བཟང་། ལྟེ་དབུས་བརྟན་པ། གསང་བར་མཚན་ཉིད་ཅན་གནས་པ་སྟེ། དུས་འཁོར་ལས། སྟོང་པ་དྲུག་གི་རྩ་ཡིན་ནོ། །ཞེས་གསུངས་སོ། །འདི་རྣམས་འཁོར་ལོའི་དཀྱིལ་འཁོར་གྱི་སྒོ་བཞིའི་དག་པ་དང་སྦྱར་བས། གསུང་གི་སྒོ་ཞེས་བྱ། གསུམ་པ་ཚིགས་ཀྱི་འཁོར་ལོ་བཤད་པ་ལ་གསུམ། ལག་པ་གཡས་པའི་ཚིགས་ཆེན་གྱི་འཁོར་ལོ་གསུམ། ཚིག་ཕྲན་གྱི་འཁོར་ལོ་བཅོ་ལྔ། ལག་པ་གཡོན་པ་སོགས་དེ་དང་འདྲ་བར་བསྟན་པའོ། །དང་པོ་ནི། ཚིགས་ཁམས་ཀྱི་འཁོར་ལོ་བཅུ་གཉིས་ལས། །ལག་པ་གཡས་པའི་ཚིགས་གསུམ་ལ། །རླུང་གི་ཁམས་ཀྱིས་བསྐྱེད་པ་ཡིས། རྩ་འཁོར་གསུམ་གྱི་རྩ་འདབ་རྣམས་ཀྱི་རྩ་འདབ་ནི་སུམ་ཅུ་སུམ་ཅུ་གནས་པ་བསྡོམས་པས་རྩ་འདབ་དགུ་བཅུར་ཡོད་དོ། །གཉིས་པ་ནི། ལག་པའི་ཚིགས་ཕྲན་གཡས་པའི་སོར་མོའི་ཚིགས་ནི་རེ་རེ་ལ། །རྩ་ནི་དྲུག་དྲུག་ཏུ་ཡོད་པར་འགྱུར་སྟེ། བསྡོམས་པའི་རྩ་འདབ་ཀྱི་གྲངས་ནི་གོང་དང་མཚུངས་པ་སྟེ། དགུ་བཅུ་ཡོད་པའོ། །གསུམ་པ་ལ་གཉིས། ཚིགས་ཆེན་གྱི་འཁོར་ལོ་དང་། ཚིགས་ཕྲན་གྱི་འཁོར་ལོའོ། །དང་པོ་ནི། དེ་བཞིན་ལག་གཡོན་མེ་ཡི་ཁམས། །རྐང་པ་གཡས་པ་ཆུ་ཁམས་ཏེ། །གཡོན་པ་ས་ཁམས་སྔ་མ་བཞིན། །དེ་ལྟར་ཚིགས་ཆེན་ཀྱི་འཁོར་ལོ་བཅུ་གཉིས་ལ། རེར་རེར་རྩ་འདབ་སུམ་ཅུ་རེ་ཡོད་པ་བསྡམས་པས། །རྩ་ནི་སུམ་བརྒྱ་དྲུག་ཅུའོ། །གཉིས་པ་ནི། སོར་ཚིགས་ཚིགས་ཕྲན་གྱི་འཁོར་ལོ་དྲུག་པོ་རེ་རེར་རྩ་དྲུག་རེ་ཡོད་པ་རྣམས་བསྡོམས་པས། རྩ་གྲངས་ཚིགས་ཆེན་གྱི་དེ་དང་མཉམ་པར་སུམ་བརྒྱ་དྲུག་ཅུ་ཡོད། ལྔ་པ་ནད་བསྐྱེད་པའི་རྩ་བཤད་པ་ལ་གཉིས། བཤད་པ་དངོས་དང་། དོགས་གཅོད་དོ། དང་པོ་ནི། ནད་ནི་བསྐྱེད་པར་བྱེད་པའི་རྩ། གཙུག་གཏོར་འཁོར་ལོའི་ཕྱིར་རྩ་བཞི་དང་། །དཔྲལ་བའི་འཁོར་ལོའི་ཕྱི་ཡི། རྩ་བཅུ་དྲུག་གིས་བད་ཀན་སྐྱེད་པར་བྱེད། མགྲིན་པར་རྩ་ནི་སུམ་ཅུ་གཉིས། །སྙིང་གའི་བརྒྱད་རྣམས་མཁྲིས་པ་བསྐྱེད། །ལྟེ་བའི་དྲུག་ཅུ་རྩ་བཞི་དང་། །གསང་བའི་གནས་ཀྱི་འཁོར་ལོའི་ཕྱི་རོལ་རྩ་བཅུ་དྲུག་གིས། །རླུང་གི་ཁམས་འཁྲུགས་གསང་བ་ཡི། །ནད་རིམ་བཅུ་དྲུག་འདུས་པ་བསྐྱེད། །དེ་ལྟར་ན་བསྐྱེད་པའི་རྩ་ཡི་གྲངས་བརྒྱ་དང་ལྔ་བཅུ་དྲུག་གོ །གཉིས་པ་ནི། འདི་རྣམས་འཁོར་ལོ་སོ་སོའི་ཕྱི་རིམ་ན་ཡོད་སྟེ། གཞན་མི་ཤེས་པ་དག་གིས་ནི་འཁོར་ལོ་ཉིད་དུ་འདོད་པར་བྱེད་དེ། དེ་ནི་མ་ཡིན་ནོ། །དྲུག་པ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་དབྱེ་བ་ལ་གཉིས། མདོར་བསྟན་རྒྱས་བཤད་དོ། །དང་པོ་ནི། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྣམ་དབྱེ་རྒྱས་པར་རྡོ་རྗེ་ཕྲེང་བ་ལས་གསུངས་པའོ། །གཉིས་པ་ལ་གཉིས། ཁམས་རང་གི་ངོ་བོའི་སྒོ་ནས་དབྱེ་བ་དང་། བྱེད་ལས་ཀྱི་སྒོ་ནས་དབྱེ་བའོ། དང་པོ་ནི། དེ་ལྟར་རྩ་དེ་རྣམས་ལས་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། ཟླ་བའི་རླུང་དང་དཀར་ཆ་འབབ་པ་རྐྱང་མའི་རིགས། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། ཉི་མའི་རླུང་དང་དམར་ཆ་འབབ་པ་རོ་མའི་རིགས། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། རླུང་ཁོ་ན་རྒྱུ་བས་དབུ་མའི་རིགས་སུ་བརྗོད་དོ། །གཉིས་པ་ནི། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་དེ་ཡང་དབྱེ་གཞི་ལུས་ལ་གནས་ལས་ན། མི་ཕྱེད་མ་སོགས་རྩ་ནི་ཉི་ཤུ་རྩ་བཞི་པ་རེ་རེ་བཞིན། མི་ཕྱེད་མ་ནས་ཡིད་བཟང་པར། ལུས་ཀྱི་གནས་སུ་རླུང་ཐིག་གཉིས་ཀྱི་བྱ་བ་བྱས་ཟིན་པས་ནི་ཐིམ་དང་། ལོངས་སྤྱོད་བྱེད་བཞིན་པ་དང་། བདག་པོ་ཡི་མ་འོངས་པར་བྱ་བ་འབྱེད་པར་འགྱུར་བས་ན། ངོ་བོའི་སྒོ་ནས་རླུང་རྒྱུ་བ་ཐིམ། ཐིག་ལེ་འབབ་པ་ལོངས་སྤྱོད། ཁྲག་འབབ་པ་བདག་པོ་ཡིན་པར་འདོད་དོ། །ཉེར་བཞི་པོ་རེ་རེ་ལ་དབྱེ་བས་གསུམ་གསུམ་སྟེ་བསྡོམས་པས་བདུན་ཅུ་གཉིས། རེ་རེའང་ཕུང་ཁམས་སོགས་ཀྱི་དབྱེ་བས་བརྒྱ་བརྒྱ། དེ་རླུང་བཅུས་བསྒྱུར་བས་སྟོང་སྟོང་སོགས་ཀྱིས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་པ་རྣམས་འཁོར་ནི་སྟོང་སྟོང་ངོ་། །དཔེར་ན་ཤིང་སྡོང་པོ་གཅིག་ལ་ནི། ཡལ་ག་ལོ་འདབ་གྱེས་པ་བཞིན་ནོ། །བདུན་པ་རྩ་ཕྲ་མོ་དང་ཁམས་གང་གིས་བསྐྱེད་པ་ལ་གཉིས། རྩ་ཕྲ་མོར་བཤད་པ་དང་། ཁམས་གང་གིས་བསྐྱེད་བསྟན་པའོ། །དང་པོ་ནི། དེ་ལས་ཀྱང་ཕྲ་བའི་རྩ་རྣམས་ནི། བྱེ་བ་ཕྲག་ནི་ཕྱེད་དང་བཞི་རྣམས་ཀྱིས། ལུས་ཀྱི་བ་སྤུ་བྱེ་བ་ཕྲག་ཕྱེད་བཞི་སྐྱེད་པར་བྱེད་པ་ཡིན། གཉིས་པ་ནི། རྩ་འཁོར་རྩ་ཕྲན་བཅས་པ་འདི་རྣམས་ཁམས་ཀྱི་རིམ་པ་ནི། ལྟེ་བ་ས་སྟེ་སྙིང་ག་རླུང་། །མགྲིན་པ་མེ་ལ་སྤྱི་བོ་ཆུ། །གཙུག་ཏོར་ནམ་མཁའ་གསང་བ་ནི། ཡེ་ཤེས་བདེ་བའི་རིགས་སུ་གསུངས། །དེ་བཞིན་བ་སྤུའི་མཐར་ཐུག་པར། །གནས་པའི་རྩ་རྣམས་ཀྱང་། ཁམས་དྲུག་གིས་ནི་རིམ་པར་བསྐྱེད། །དེ་བཞིན་གཡས་ཕྱོགས་ཀྱི་རྩ་རྣམས་རོ་མ་དང་། གཡོན་ཕྱོགས་རྣམས་རྐྱང་མ། དབུས་ཕྱོགས་རྣམས་དབུ་མ་སྟེ། དེ་རྣམས་ཀྱི་དག་པ་བརྗོད་པའི་དབྱེ་བ་ལས། སྐུ་གསུང་ཐུགས་ཀྱི་རིགས་གསུམ་ཡིན། གསུམ་པ་དོན་བསྡུ་བ་ནི། དེ་ལྟར་རྩ་ཡི་མཚན་ཉིད་ཤེས་ན། ལུས་ཀྱི་གནས་ལུགས་རྟོགས་པར་འགྱུར་རོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས། ལུས་ཀྱི་རྩ་རྒྱས་པར་བསྟན་པ་སྟེ་གསུམ་པའོ། །དེ་ལྟར་ལུས་ལ་གནས་པའི་རྩའི་ཚུལ་བཤད་ཟིན་ནས་རྩ་དེའང་རླུང་གིས་སྒྲུབ་ཅིང་རྩའི་ནང་རླུང་རྒྱུ་བའི་ཕྱིར་རླུང་གི་རྣམ་བཞག་འཆད་པ་ལ་གཉིས། ལེའུའི་གཞུང་། ལེའུའི་མཚན་ནོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད་དོན་བསྡུའོ། །དང་པོ་ནི། དེ་ནས་རླུང་གི་ངོ་བོ་ནི། རླུང་གི་གནས་དང་། རླུང་དེའི་བྱེད་ལས། རླུང་དེ་ཇི་ལྟར་རྒྱུ་བའི་ཚུལ་དང་། རླུང་དེའི་སྟོབས་དང་སྟོབས་མེད་རིམ་པ་དང་། རླུང་གི་འཇུག་པ་དང་། རླུང་དེ་བཟུང་ཐབས་དེའི་སྐྱོན་ཡོན་རྣམས། རིམ་པ་བཞིན་དུ་འདིར་བཤད་བྱ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ། བསྐྱེད་བྱ་སྐྱེད་བྱེད་ཀྱི་ངོ་བོ། །གནས་བྱེད་ལས་དང་བཅས་པ། ཕྱི་ནང་དུ་རྒྱུ་བའི་རིམ་པ་བྱེད་ལས་དང་བཅས་པ། འཇུག་སྒོ་ཕན་ཡོན་དང་བཅས་པ། འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་བཤད་པའོ། །དང་པོ་ལ་གཉིས། བསྟན་པ་དང་བཤད་པའོ། །དང་པོ་ནི། རླུང་དེ་ལ་བརྟེན་ནས་ནི་བརྗོད་པ་ངག་དང་དུས་སྦྱོར་རྣམས་ཏེ། དབྱངས་གསལ་གྱི་ཡི་གེ་ཐམས་ཅད་ཀྱང་རླུང་འདི་ལས་སྐྱེས་སོ། །གཉིས་པ་ལ་གསུམ། རྩ་བའི་རླུང་ལྔའི་ངོ་བོ། ཡན་ལག་གི་རླུང་ལྔའི་ངོ་བོ། བསྐྱེད་བྱ་སྐྱེད་བྱེད་ཀྱི་ཚུལ་ལོ། །དང་པོ་ནི། དེ་ཡང་ཐོག་མར་ལུས་ཆགས་པའི་ཚེ། ཀུན་གཞིའི་རྣམ་ཤེས་ལ་བརྟེན་པ་འདུ་བྱེད་ཡིད་ཀྱི་གཡོ་བ་སྲོག་ཆེན་པོའི་རླུང་སྟེ་ལུས་དང་རྣམ་ཤེས་ཀྱི་རྟེན་བྱེད་པ་དེ་གྲུབ་པ་ཡིན། དེ་ཡང་ཐོག་མར་ཀུན་གཞིའི་རྣམ་ཤེས་ལ་སྲོག་རླུང་བརྟེན་པ་ཡིན་ཅིང་། སྲོག་རླུང་དེ་ཡི་གེ་ཨ་ཡི་རྣམ་པ་ཅན། ནམ་མཁའི་ཁམས་ཀྱི་རང་བཞིན་ཡིན་ལ། དེ་ལས་འཕྲོས་པའི་རླུང་ཐུར་སེལ་ས་ཁམས་ལྀ་ཡིག་སྟེ། གྱེན་རྒྱུ་མེ་ཁམས་རྀ་ཡིན་ནོ། །མི་མཉམ་རླུང་ཁམས་ཨི་ཞེས་བརྗོད། ཁྱམ་བྱེད་ཆུ་ཡི་ཁམས་དེ་ཡི་གེ་ཨུ་རུ་འགྱུར། གཉིས་པ་ཡན་ལག་གི་རླུང་ལྔའི་ངོ་བོ་ནི། དེ་ནས་ཡན་ལག་རླུང་ལྔ་ལས་ནི། ཀླུ་ནི་སས་བསྐྱེད་པས། ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར། ཡི་གེ་ནམ་མཁའ་ཡི་རང་བཞིན་ཨཱའོ། །དེ་བཞིན་དུ། རུས་སྦལ་རླུང་སྟེ་ཨེ་རུ་བཤད། །རྩངས་པ་མེ་སྟེ་ཨཱར་ཉིད་ཡིན། །ལྷ་སྦྱིན་ཆུ་ཁམས་ཨོ་རུ་འགྱུར། །ཨཱལ་ནི་ས་ཁམས་ནོར་ལས་རྒྱལ། །གསུམ་པ་བསྐྱེད་སྡུད་ཀྱི་ཚུལ་ལ་གཉིས་ཏེ། དངོས་དང་། དེ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ལུང་དང་སྦྱར་བའོ། །དང་པོ་ནི། རླུང་དེ་རྣམས་མ་ཡི་མངལ་དུ་གྲུབ་པའི་ཚེ། ཐོག་མར་ཟླ་བ་དང་པོར་སྲོག་རླུང་གྲུབ་པ། དེ་བཞིན་ཏུ། ཟླ་བ་རེ་རེ་སྟེ། ཟླ་བ་བཅུར་རིམ་པར་གྲུབ་ལ། རིམ་བསྐྱེད་ད་ལྟ་རྩ་བའི་རླུང་ལྔས་ཕུང་པོ་ལྔ་དང་། ཡན་ལག་གི་རླུང་ལྔས་དབང་པོའི་རྟེན་བྱེད་པ་སོགས་ལུས་ངག་གི་རྣམ་འགྱུར་སྟེ། ལས་ཀུན་བྱེད་ཅིང་། མཐར་བསྡུད་པ་ནི། སྐྱེས་ནས་ལོ་བཅུ་ལོན་ཚེ། ནོར་ལས་རྒྱལ་གྱི་རླུང་གི་ནུས་པ་ལྷས་བྱིན་གྱི་རླུང་ལ་སྡུད་པ་སོགས་ཀྱི་འགྲེས། ལོ་བརྒྱ་ནས་རླུང་བཅུའི་ནུས་པ་ཐམས་ཅད་བསྡུའོ། །ལོ་ནི་བཅུ་བཅུར་བཤད། གཉིས་པ་ནི། འདི་ནི་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་རྒྱུད་ལས། །སེམས་ཉིད་འོད་གསལ་ནི་ཡེ་ཤེས་རླུང་ངོ་། །ཀུན་གཞི་ཡི་རྣམ་ཤེས་བདུན་པ་ཉོན་ཡིད་དང་བཅས་པ་ནི་མཁའ་ཡི་རླུང་སྟེ་ཉོན་ཡིད་བཅས། ཉོན་ཡིད་དེ་ལས་ཡུལ་འདུ་བྱེད་བཅས་ལངས་པ་ནི་རླུང་གི་རླུང་ཡིན་སྟེ། ཚོར་བ་ནི་རྒྱུད་སྲེད་པར་བྱེད་པས་མེ་ཡི་རླུང་དང་། འདུ་ཤེས་ནི་ཡུལ་མཚན་མར་འཛིན་ཅིང་བསྡུད་པས་ཆུ་ཡི་རླུང་ཡིན་ལ་གཟུགས་ནི་སྲ་ཞིང་བརྟན་པའི་ཁམས་ཡིན་པས་ས་ཡི་རླུང་ཞེས། །རིམ་པས་བསྐྱེད་བྱ་ཕུང་པོ་ལྔ། སྐྱེད་བྱེད་ཁམས་ལྔར་གསུངས་སོ། །གཉིས་པ་གནས་བྱེད་ལས་དང་བཅས་པ་བཤད་པ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ལྟར་རླུང་དེ་རྣམས་ལུས་གནས་སྨྲ་བརྗོད་ལ་སོགས་པའི་ལས་ཀུན་བྱེད་པ་ཡིན། གཉིས་པ་ལ་གཉིས། རྩ་བའི་རླུང་ལྔ་དང་། ཡན་ལག་གི་རླུང་ལྔའི་གནས་བྱེད་ལས་དང་བཅས་པའོ། །དང་པོ་ལ་ལྔ། སྲོག་རླུང་གི ཐུར་སེལ་གྱི། མེ་མཉམ་གྱི། གྱེན་རྒྱུའི། ཁྱབ་བྱེད་ཀྱི་རླུང་གི་གནས་བྱེད་ལས་དང་བཅས་པའོ། །དང་པོ་ནི། སྤྱིར་སྲོག་རླུང་ནི་ལུས་རྣམས་ཁྱབ་ཀྱང་། རྩ་ཐམས་ཅད་ཀྱི་རྩ་བ་དབུ་མ་དེར། སྲོག་ཆེན་པོའི་རླུང་དེ་ནི། རྩ་དབུ་མའི་དབུས་གནས་ཤིང་ཀུན་གཞི་བརྟེན་པར་བྱེད་ལ། ཆ་ཤས་དུས་སྦྱོར་གྱི་རླུང་དང་འདྲེས་པར་རྒྱུ་ཞིང་། གཙོ་བོར་ནི་སྲོག་རླུང་དེའི་མིང་ནམ་མཁའི་མགོན་པོ་ཞེས་བྱ་བ། འཆི་བའི་ཚེ་ན་ཡང་དག་རྒྱུའོ། །ད་ལྟ་ནི་ལུས་འཚོ་བའི་ཚེ་བྱེད་ལས་བདག་ཏུ་འཛིན་པའི་རྣམ་རྟོག་གི་དྲན་པ་འདི་བསྐྱེད་དོ། །གནས་དབུ་མ་དེ་ལས་གཞན་ཏུ་ལོག་ན་བརྒྱ་ལ་སྨྱོ་འཆི་བར་བྱེད་ལ། ལས་རླུང་འདི་དང་ཡེ་ཤེས་ཀྱི་རླུང་ནི་གསལ་ལ་མི་རྟོག་པར་འདྲེས་པར་གནས་ཤིང་། དེའི་ཁ་དོག་ནི་ཁ་དོག་མེད་པའི་ཁ་དོག་ཅན་ནམ་མཁའ་ལྟ་བུ་ཅིར་ཡང་མ་གྲུབ་པར་བཤད་དོ། །གཉིས་པ་ནི། ཐུར་སེལ་གྱི་རླུང་ལྟེ་བའི་འོག་ཏུ་རྩ་གསུམ་འདུས་པ་ནས། །འོག་འགྲོ་དྭངས་སྙིགས་འབྱིན་སྡོམ་བྱེད། རྩ་བའི་རྩ་དབུ་མའི་མར་སྣེ་དུང་ཅན་ན་གནས་ལ་ངོ་བོ་ནི་བདེ་བའི་ཡེ་ཤེས་ཀྱི་ཁམས་སོ། རྩ་དེ་ལས་ལོག་ན་སྨད་ཀྱི་ནད་སྐྱེད་བྱེད། གསུམ་པ་ནི། མེ་མཉམ་གྱི་རླུང་ནི་སྙིང་གའི་མདུན་ཕྱོགས་རྩ་སྣར་མ་ལས་བྱུང་ཞིང་། རྩེ་མོ་གཅིག་ཕོ་བར་ཟུག་སྟེ། ཟས་ཀྱི་དྭངས་སྙིགས་འབྱེད་ཅིང་། དྭངས་མ་ལུས་ཀུན་ཏུ་ཁྱེར་བར་བྱེད་ལ་ལོག་གྱུར་ན། སྦོ་འཁྲོག་འཁྲུ་དང་མ་རུངས་བྱེད། བཞི་པ་ནི། གྱེན་རྒྱུ་ཡི་རླུང་སྙིང་གའི་མེ་མཚམས་ཀྱི་རྩ་གླང་ཆེན་ལྕེ་ལས་བྱུང་ཞིང་། མགྲིན་པའི་གནས་སུ་ཟས་སྐོམ་མིད་པ་སོགས་ལས་ཀུན་བྱེད་ཅིང་། ལུས་ངག་གི་གླུ་གར་ལ་སོགས་པ་རྣམས་ཀྱང་བསྐྱེད་པ་ཡིན་ཅིང་། དེ་ལོག་ན་སྟོད་ནད་ཕལ་ཆེར་བྱེད། ལྔ་པ་ནི། ཁྱབ་བྱེད་གཡས་ཕྱོགས་རོ་མ་དང་། འབྲེལ་ནས་རྩ་ཆེན་གྱི་ནང་ནས་བྱུང་ཞིང་། ལུས་ཚིགས་ཀུན་ལ་གནས་ལ། བྱེད་ལས་ནི་ལུས་ཀྱི་སྟོབས་བསྐྱེད་པར་བྱེད་དེ་ལོག་པས། ཡན་ལག་ཞ་རེངས་ནད་ཀུན་བྱེད། །གཉིས་པ་ཡན་ལག་གི་རླུང་ལྔའི་གནས་བྱེད་ལས་དང་བཅས་པ་ནི། ལྷོ་ནུབ་བདེན་བྲལ་དང་། རྒྱབ་ཕྱོགས་དང་། རླུང་མཚམས་དང་། གཡོན་ཕྱོགས་དང་། དབང་ལྡན་རྣམས་སུ་རིམ་པ་ལྟར། ཀླུ་སོགས་ཡན་ལག་རླུང་ལྔ་གནས་སྟེ། ཀླུ་ཡིས་སོགས་གཡས་ཐད་ཀྱི་རྩ་འདབ་རྒྱལ་ནས། རྩེ་མོ་མིག་ལ་ཟུག་ནས་བྱེད་ལས་གཟུགས་འཛིན། རྩེ་མོ་གཞན་ལུས་ལ་ཁྱབ་པས་ལུས་སྒེག་བྱེད། རུས་སྦལ་སྙིང་གའི་རྒྱབ་ཀྱི་རྩ་རྒྱལ་བ་ལས་རྒྱུས་ནས། རྣ་བས་སྒྲ་འཛིན། རྩེ་མོ་གཞན་གྱིས་རྐང་ལག་བསྐྱོད། རྩངས་པ་སོགས་གཡོན་ཐད་ཀྱི་རྩ་ཨ་བུ་ཥ་ནས་རྒྱུས་ནས་སྣས་དྲི་འཛིན་ཅིང་། ཕྱོགས་གཞན་གྱི་ཁོང་ཁྲོ་འཁྲུག་པར་བྱེད། ལྷ་སྦྱིན་གཡོན་ཕྱོགས་ཀྱི་རྩ་ཨིཌ་ནས་རྒྱུས་ནས། རྩེ་མོ་གཅིག་ལྕེར་ཟུག་པས་རོ་འཛིན་ཅིང་། ཕྱོགས་གཅིག་གིས་གླལ་བ་བྱེད། ནོར་རྒྱལ་གྱི་རླུང་ནི། ནུ་གཡོན་ཐད་ཀྱི་རྩ་ཀུ་ཧཱ་ལ་རྒྱུས་ནས། ལྕེའུ་ཆུང་བརྒྱུད་ཅིང་། དཀར་ཆ་གྱེན་དུ་འདྲེན་ལ། ཕྱོགས་གཅིག་གིས་རེག་འཛིན་ལུས་འདི་ལ་ཤི་ནས་མ་འཐོར་བར་དུ་གནས་ཤིང་། ལུས་ཀྱི་སྲ་བའི་ཁམས་འཛིན་ནོ། །གསུམ་པ་དོན་བསྡུ་བ་ནི། རླུང་བཅུ་པོ་རྣམས་ད་ལྟ་ཉིན་མཚན་གྱི་ཐུན་བརྒྱད་རང་བཞིན་ཏེ། འདི་རྣམས་ཀྱི་རྒྱུ་ཚུལ་དང་། ཟངས་ལ་བརྟེན་ནས་གཙོ་བོར་ཐུན་བརྒྱད་དང་། དུས་སྦྱོར་སོགས་བསྟན་པ་ཡིན་ནོ། །གསུམ་པ་ཕྱི་ནང་དུ་རྒྱུ་བའི་རིམ་པ་བྱེད་ལས་དང་བཅས་པ་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། རླུང་དེ་ཉིད་རྒྱུ་ཚུལ་ཕྱིར་རྒྱུ་བ་དང་། ནང་དུ་རྒྱུ་བ་གཉིས་ཡིན་ཏེ། གཉིས་པ་རྒྱས་པར་བཤད་པ་ལ་བཞི། ནང་དུ་རྒྱུ་བ་དང་། ཕྱིར་རྒྱུ་བ་དང་། ཇི་ལྟར་རྒྱུ་བའི་རིམ་པ་ཁ་དོག་དང་སྟོབས་དང་ཡོན་ཏན་བཤད་པ་དང་། རྒྱུད་ཕན་ཚུན་དགོངས་པ་མི་འགལ་བར་བསྟན་པའོ། །དང་པོ་ལ་གཉིས། བཤད་པ་དང་། བསྡུ་བའོ། །དང་པོ་ལ་ལྔ། རྩ་འཁོར་ལོ་བཞིར་རྒྱུ་ཚུལ་དང་། སྤྱིའི་ཁམས་བཤད་པ། ཚིགས་ཀྱི་འཁོར་ལོར་རྒྱུ་བའི་ཚུལ། རྩ་ཐམས་ཅད་ཀྱི་རྒྱུ་ལུགས། ཞར་ལ་འགག་པའི་ངེས་པ་བསྟན་པའོ། །དང་པོ་ལ་བཞི། སྙིང་གའི་འཁོར་ལོ་དང་། སྤྱི་བོ། མགྲིན་པ། ལྟེ་བའི་འཁོར་ལོར་རྒྱུ་ཚུལ་ལོ། །དང་པོ་ནི། སྲོག་རླུང་སྒྲ་གཅན་གྱི་རང་བཞིན་ཅན་ནི། མངལ་དུ་ཆགས་པ་ནས་མ་ཤིའི་བར། དབུ་མར་རྒྱལ་པོ་ལྟ་བུར་གནས་ཤིང་། དེ་ལས་འཕྲོས་པའི་རླུང་ནི་རྩ་བ་དང་། ཡན་ལག་གི་བདག་ཉིད་ཅན་བཅུ་པོ་ནི། ལུས་ཀྱི་སྟོད་སྨད། ཕྱི་ནང་ཀུན་ཏུ་ལས་བྱེད་པས་བློན་པོ་ལྟ་བུའོ། །ཞེས་ཞར་བྱུང་དུ་བཤད་པའོ། །ཇི་ལྟར་སྙིང་གའི་འཁོར་ལོ་རུ་རླུང་སྡེ་ཚན་བརྒྱད་རྒྱུ་བ་ལྟར། ལྟེ་མགྲིན་གྱི་འཁོར་ལོ་གཞན་རྣམས་ལ་ཡང་དེ་བཞིན་ཏེ། སྡེ་ཚན་བརྒྱད་བརྒྱད་རྒྱུ་བར་ཤེས་པར་བྱའོ། །གཉིས་པ་སྤྱི་བོའི་འཁོར་ལོ་ལ་གསུམ། སྤྱིར་བསྟན་པ། དུས་འཁོར་བའི་ལུགས། བདེ་དགྱེས་སོགས་ཀྱི་ལུགས་སོ། །དང་པོ་ནི། སྤྱི་བོའི་འཁོར་ལོ་ཡི་རྩ་འདབ་སུམ་ཅུ་གཉིས་ནི། གོང་དུ་ཐབས་ཤེས་ཀྱི་དབྱེ་བས་དེ་ལྟར་བསྟན་ཅིང་། འདིར་ནི་ཟུང་འཇུག་ཏུ་བཤད་ཅིང་། དེ་ཡང་ལུས་ཀྱི་སྤྱི་བོར་གནས་པའི་རྩ་ནང་མ་བཅུ་དྲུག་ནི་དཀར་ཆ་འཕེལ་ཞིང་། ཕྱི་རོལ་གྱི་རྩ་རྣམས་ནི་ཁྲག་རྒྱུ་བ་སྟེ། དེ་ལྟར་ཟླ་རྐང་འཕེལ་འགྲིབ་ཀྱི་ཆ་དང་མཚུངས་པའི་རླུང་ཡོན་ཏན་ལྔ་ལྡན་ནས། གཅིག་ལྡན་པར་རྒྱུ་བར་དུས་འཁོར་དུ་གསུངས་པ་ལྟར། རྩ་བཅུ་དྲུག་ཏུ་བཤད་དོ། །ཟླ་བའི་རྐང་པ་འཕེལ་འགྲིབ་དང་མཚུངས་པའི། རླུང་བྱང་ཆུབ་སེམས་ཀྱི་ཡོན་ཏན་ལྔ་ལྡན་སོགས་རྒྱུ་བ་དེའི་ཕྱིར་ཐབས་ཤེས་ཟུང་འཇུག་གི་རྩ་བཅུ་དྲུག་བཤད། གཉིས་པ་ནི། སྔ་རྐང་དང་། ཕྱི་རྐང་བདུན་བདུན་གྱི་རྫོགས་མཚམས་སྟོང་མཚམས་ཀྱི་རྩ་དཔྲལ་བ་དང་། ལྟག་པར་རེ་རེ་སྟེ་གཉིས་པོ་ནི་ཡེ་ཤེས་ཀྱི་ཆ་རྒྱུ་བ་ལས་འབྱུང་བའི་ཡོན་ཏན་མེད་པ་དེ་གཉིས་ནི་སྟོང་པའི་རང་བཞིན་ཏེ། དེ་ལས་གཞན་རྣམས་རིམ་བཞིན་གཡས་བསྐོར་གྱིས། དག་རྩ་བཅུ་བཞི་རྣམས་ལ་རིམ་པ་ལྟར། རྡུལ་མུན་སྙིང་སྟོབས་གསུམ་གྱི་རང་བཞིན་པའི་རླུང་གཟུགས་སྒྲ་སོགས་ཡོན་ཏན་ལྔ་དང་ལྡན་པ། རྒྱུ་བའི་རྩ་གསུམ་དང་། དེ་རྗེས་རྩ་གཅིག་ལ་ཆུ་ཡི་རླུང་དྲི་མ་གཏོགས་པའི་ཡོན་ཏན་བཞི་དང་ལྡན་པ་གཅིག དེ་ནས་རྩ་གཅིག་ལ་མེའི་རླུང་གཟུགས་དྲི་གཉིས་མ་གཏོགས་པའི་ཡོན་ཏན་གསུམ་ལྡན་གཅིག དེ་རྗེས་རྩ་གཅིག་ལ་རླུང་གི་རླུང་སྒྲ་རེག་གི་ཡོན་ཏན་གཉིས་དང་ལྡན་པ་གཅིག དེ་རྗེས་རྩ་གཅིག་ལ་ནམ་མཁའ་རླུང་སྒྲ་ཡི་ཡོན་ཏན་གཅིག་པུ་དང་ལྡན་པ་སྟེ། རླུང་དེ་རྣམས་ནི་རིམ་བཞིན་རྒྱུ། །ཕྱི་མའི་རྩ་བདུན་རིམ་པ་བཟློག་པ་སྟེ། དང་པོར་རྩ་གཅིག་ལ་རླུང་ཡོན་ཏན་གཅིག་ལྡན་ནས། གཉིས་ལྡན་གཅིག གསུམ་ལྡན་གཅིག བཞི་ལྡན་གཅིག ལྔ་ལྡན་གསུམ་བཅས་སྔ་མ་ལས་ལུགས་བཟློག་གིས་བརྩི་དགོས། རླུང་དེ་དག་ནི་རྒྱུ་བ་མང་ཉུང་གིས་ཡོན་ཏན་རིམ་པ་བཞིན་ཆེ་འབྲིང་ཆུང་ངུ་ཡི་ས་ཡིན་ནོ། །གསུམ་པ་བདེ་དགྱེས་སོགས་ཀྱི་ལུགས་ནི། ཡང་ན་བདེ་དགྱེས་སོགས་ནས་བསྟན་པའི་རྩ་འདབ་སོ་གཉིས་ཀྱི་དབང་དུ་བྱས་ན། དེར་རྒྱུ་བའི་རླུང་ནི་དབྱུག་གུ་ཉེར་བརྒྱད་ཀྱི་རང་བཞིན་དང་། སྟོང་པ་གཉིས་ཐབས་ཤེས་ཀྱིས་དབྱེ་བས་བཞིར་ཕྱེས་པས་བཞི་སྟེ། སོ་གཉིས་ཀྱི་རླུང་རྒྱུའོ། །སྤྱིར་ནི་ཞག་གཅིག་གི་ཆུ་ཚོད་གཉིས་གཉིས་ལ་ཡུད་ཙམ་རེ་རེར་བགྲངས་པས། ཡུད་ཙམ་སུམ་ཅུ་གཉིས་ཏེ། །ཡུད་ཙམ་སུམ་ཅུ་གཉིས་ཀྱི་བདག་ཉིད་ཡིན་པར་བརྗོད་པ་ཡང་རྒྱུད་རྣམས་ནས་གསུངས་སོ། །གསུམ་པ་མགྲིན་པར་རླུང་རྒྱུ་ཚུལ་གསུམ། རྩ་འདབ་ཀྱི་དབྱེ་བ་སྤྱི་བསྟན་པ། དུས་འཁོར་ནས་བཤད་པའི་རླུང་རྒྱུ་ཚུལ། རྒྱུད་གཞན་ལས་བཤད་པའི་ཚུལ་ལོ། །དང་པོ་ནི། མགྲིན་པར་རྩ་ནི་བཅུ་དྲུག་པོ་ལས། དུས་འཁོར་ལྟར་ན་རྩེ་དེ་རྣམས་ཐབས་ཤེས་ཀྱི་དབྱེ་བས་སུམ་ཅུ་རྩ་གཉིས་སུ་འགྱུར་རོ། །གཉིས་པ་ནི། འདབ་མ་སོ་གཉིས་པོ་དེ་ལ་མཚམས་ཀྱི་བཞིར་ནི་སྟོང་པ་ཡེ་ཤེས་ཀྱི་རླུང་གི་ཁམས་རྒྱུ་ལ། གཞན་ལྷག་མ་དག་ཕྱོགས་བཞིར་བདུན་བདུན་དུ་གནས་པའི་རྩ་ཉེར་བརྒྱད་ལ། རྒྱུ་སྐར་ཉེར་བརྒྱད་ཀྱི་ལོངས་སྤྱོད་དང་མཚུངས་པར་རྒྱུ་བ་ཡིན། གསུམ་པ་ནི། གཞན་བདེ་དགྱེས་འདུས་པ་སོགས་ནས་རྩ་བའི་རྩ་བཅུ་དྲུག་འཕོ་བ་བཅུ་དྲུག་གིས་རླུང་རྒྱུ་བར་བཤད། །བཞི་པ་ལྟེ་བའི་འཁོར་ལོའི་རྒྱུ་ཚུལ་ལ་གཉིས། རྩ་འདབ་ཀྱི་དབྱེ་བ་སྤྱིར་བསྟན་པ་དང་། རྩ་རྒྱུ་ཚུལ་དུས་འཁོར་དང་མཐུན་པར་བསྟན་པའོ། །དང་པོ་ནི། ལྟེ་བར་རྩ་ནི་དྲུག་ཅུ་རྩ་བཞི་པོ་དེ་ལ། དབུ་མ་ལས་གྱིས་པའི་རྩ་བའི་རྩ་བཞི་ལས་གསུམ་གསུམ་ཕྱེ་བས་དུས་སྦྱོར་རམ། ཁྱིམ་བཅུ་གཉིས་ཀྱི་གྲངས་ལ་ནང་གསེས་ཀྱི་དབྱེ་བས་ཕྱེ་བས་ན། ལྔ་ཚན་བཅུ་གཉིས་གྱེས་པ་རྣམས་བསྡོམས་པ་དྲུག་ཅུ་ཡོད་པ་སྟེ། གཉིས་པ་ནི། རྩ་འདབ་བཅུ་དྲུག་པོ་དེར་དབྱུ་གུ་དྲུག་ཅུའི་བདག་ཉིད་ཀྱི་རླུང་དེ་སྙེད་རྒྱུ་བ་ཉིད་དོ། །རྩ་བའི་རྩ་བཞི་པོ་དར་ནི་སྟོང་པ་ཡེ་ཤེས་ཀྱི་རླུང་དབུ་མར་རྒྱུ་བ་ཡིན་ནོ། །གཉིས་པ་རྩ་སྤྱིའི་ཁམས་བཤད་པ་ནི། གོང་དུ་བསྟན་པའི་ལུས་ཀྱི་སྟོད་སྨད་ཀུན་ཏུ་གནས་པའི་རྩ་དེ་ཀུན་ཀྱང་ཁམས་དང་སྦྱར་ན། མདུན་ཕྱོགས་ཐམས་ཅད་རླུང་ཁམས། གཡས་མེ་གཡོན་ཆུ་རྒྱབ་ཕྱོགས་ས། །ཤར་ལྷོ་མེ་མཚམས་ས་རྣམས་རླུང་། །བདེན་བྲལ་མེ། རླུང་མཚམས་ས། དབང་ལྡན་ཆུ་ཁམས་ཏེ། མཚམས་དང་བཅས་པ་འདིར་ནི་རྩ་རྣམས་ཁམས་སོགས་དང་སྦྱོར་ཚུལ་རགས་པ་ཙམ་བསྟན་པ་ཡིན་ནོ། །གསུམ་པ་ཚིགས་ཀྱི་འཁོར་ལོར་རླུང་རྒྱུ་བའི་ཚུལ་ནི། འཁོར་ལོ་བཞིར་རླུང་རྒྱུ་བ་དེ་བཞིན་ཚིགས་ཆེན་བཅུ་གཉིས་ཀྱི། །འཁོར་ལོ་རེ་རེ་རྩ་སུམ་ཅུར་རེ་ཡོད། །དེ་རྣམས་སུ་རྒྱུ་བ་སུམ་ཅུ་རེ་ཡོད་སྟེ། །རྩ་ཀུན་ལ་རླུང་གི་རྒྱུ་བ་བསྡོམས་པ་ལས་སུམ་བརྒྱ་དྲུག་ཅུའི་སྲོག་དང་ལྡན་ལ། ཉིང་ལག་གི་རྩ་འཁོར་རྣམས་ཀྱི་རྩ་དང་རླུང་རྒྱུ་བའི་ཚུལ་གྱི་གྲངས་བསྡོམས་པས། ཚིགས་ཆེན་རྣམས་ཀྱི་རྩ་རླུང་གི་གྲངས་དང་མཉམ་པའི་སུམ་བརྒྱ་དྲུག་ཅུ་ཡོད་པ། དེ་དང་མཚུངས་པ་ཡིན། བཞི་པ་རྩ་ཐམས་ཅད་རྒྱུ་བའི་ཚུལ་ནི། དེ་ལྟར་བཤད་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་དེ་ལས། དེ་ནས་ཐུགས་རྡོ་རྗེའི་རིགས་ཀྱི་རྩ་སྟོང་ཕྲག་ཉི་ཤུ་བཞིར་ནི། འགྲོ་བ་སྟེ་རྒྱུ་བའི་སྒྲ་གཅན་གྱི་རླུང་ནི་དབུ་མའི་བདག་ཉིད་དེ། དབུ་མར་འགྲོ་བར་གསུངས། དཀར་ཆས་སྐུ་རྡོ་རྗེ། དམར་ཆས་གསུང་རྡོ་རྗེ་གྱིས་རིགས་གཉིས་ཀྱི་ཆར་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞི་གཉིས་ལས། སྐུའི་རྩ་རྣམས་ལ་ཟླ་བའི་ཁམས་ཀྱིས་བསྐྱེད་པའི་རླུང་དང་། གསུང་གི་རྩ་རྣམས་ལ་ཉི་མའི་ཁམས་ཀྱིས་བསྐྱེད་པའི་རླུང་རྣམས་རྒྱུ་སྟེ། སོ་སོར་ཕྱེ་བ་དེ་དང་གྲངས་སྟོང་ཕྲག་ཉེར་བཞིར་མཉམ་སྟེ། དེ་ལྟར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་རྣམས་རྒྱུ་ཞིང་། ཚུལ་དེ་ལྟར་རྣམས་ཀྱི་ནང་ན་རླུང་རྣམས་བ་སྤུའི་མཐར་ཐུག་པའི་རྩ་རྣམས་སུ་རྒྱུ་བར་འགྱུར་རོ། །ལྔ་པ་ཞར་ལ་འགག་པའི་ངེས་པ་ནི། གང་ཚེ་ལུག་སོགས་རྩ་གཅིག་ཏུ། །རླུང་རྒྱུ་བ་འགགས་པ་དེ་ཚེ་ལུས་ཀྱི་ཕྱོགས་ཀུན་གྱི་རྩ་རྣམས་ཀྱང་ཆ་ཤས་དེ་ཙམ་རེ་འགག་པར་འགྱུར་བས་ཕྱོགས་ཀུན་འདྲ། གཉིས་པ་རྩིས་ཀུན་བསྡུས་པར་ཁ་འཕངས་པས་མཇུག་བསྡུ་བ་ནི། ནང་དུ་རླུང་རྒྱུ་བའི་ཚུལ་འདི་ལ་བརྟེན་པའི་རྟེན་འབྲེལ་སྣ་ཚོགས་འཆར་བའི་དབྱེ་བ་དཔག་ཏུ་མེད་པ་དེ་རྣམས་ཀྱང་། ཕྱི་རོལ་རྩིས་དང་མཚུངས་པ་ཡིན་ནོ། །གཉིས་པ་ཕྱིར་རྒྱུ་བའི་ཚུལ་ལ་གསུམ། སྤྱིར་བསྟན་པ། དུས་སྦྱོར་རྒྱས་བཤད། དབུ་མའི་ཆ་བཤད་པའོ། །དང་པོ་ལ་བཞི། འཇུག་སྒོ་བསྟན་པ། ཉི་ཟླའི་རླུང་རྒྱུ་ཚུལ། སྒྲ་གཅན་གྱི་རླུང་རྒྱུ་ཚུལ། དུས་སྦྱོར་གྱི་རླུང་རྒྱུ་ཚུལ་ཐོག་མ་ངོས་བཟུང་བའོ། །དང་པོ་ནི། ནང་དུ་རྒྱུ་ཚུལ་བཤད་ཟིན་པ་དེ་ནས་ཕྱི་རོལ་རྒྱུ་བའི་ཚུལ་བཤད་ན། རླུང་རྣམས་སྤྱིར་བ་སྤུ་དབང་པོའི་སྒོ་ཀུན་ནས། རྒྱུ་ཡང་ཁྱད་པར་འཇུག་པའི་སྒོ། རོ་རྐྱང་གི་རྩ་ཆེན་གཉིས་བརྒྱུད་སྣ་བུག་ཏུ་རྒྱུ་སྟེ། གཉིས་པ་ནི། དེ་ཡང་གཡས་པ་ཉི་མ་དུག་གི་རླུང་སྟེ། རླུང་གི་ནུས་པ་ཟད་པར་འགྱུར། གཡོན་པ་ཟླ་བའི་རླུང་དེ་ནི་འབྱུང་བ་འཕེལ་རིམ་གྱིས་རྒྱུ་བས་བདུད་རྩི་སྟེ། དེ་གཉིས་གཡས་པ་དེ་བསམ་པའི་སྒོ་ནས་ཐབས་ཀྱི་རང་བཞིན་ཡིན་ཀྱང་། ལུས་ཀྱི་སྒོ་ནས་ཤེས་རབ་ཡིན་པ་དང་། གཡོན་པའི་རླུང་ནི་བསམ་པའི་སྒོ་ནས་ཤེས་རབ་ཡིན་ཀྱང་། ལུས་ཀྱི་སྒོ་ནས་ཐབས་ཀྱི་རང་བཞིན་ནོ། །ཞག་རེ་བཞིན་ཏུ་གཡས་གཡོན་དེ་གཉིས་སུ་རྒྱུ་བ་ཡི་རླུང་གི་གྲངས་ནི། ཁྲི་དང་བཞི་བརྒྱ་དྲུག་ཅུ་གཉིས། ཕྱེད་བཅས་དེ་གཡས་གཡོན་གཉིས་བསྡོམས་པས། ཉི་ཁྲི་དགུ་བརྒྱ་ཉི་ཤུ་རྩ་ལྔ་ཡོད་པས། །དེ་རྣམས་ལ་ཉི་ཟླའི་རླུང་དུ་བརྗོད། གསུམ་པ་ནི། དེ་གཉིས་དབུས་ནས་མཉམ་དུ་རྒྱུ་བའི་རླུང་གྲངས་ནི། དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཡོད་པ་ནི། སྒྲ་གཅན་དང་། མཁའ་དང་ཡེ་ཤེས་ཀྱི། རླུང་ཞེས་བྱ་སྟེ་གཉིས་སུ་མེད་པ་ཐུགས་རྡོ་རྗེའི་རང་བཞིན་ནོ། །ཡེ་ཤེས་རླུང་དེ་ལ་ཡང་ངོ་བོའི་སྒོ་ནས་དབྱེ་བ་ཡིས། ས་སོགས་ལྔ་ཡི་བདག་ཉིད་དོ། །བཞི་པ་དུས་སྦྱོར་གྱི་རླུང་རྒྱུ་བའི་ཐོག་མ་ངོས་བཟུང་བ་ནི། དུས་སྦྱོར་གྱི་རླུང་དེ་རྣམས་ཐོག་མར་གང་དུ་རྒྱུ་ན། སྐྱེ་དུས་མ་དང་འབྲེལ་བའི་རྩལ་མའི་རླུང་གི་རྒྱུ་བ། ཆད་ཅིང་དེ་ནས་སྣར་རྒྱུ་བས། དང་པོ་དེ་ནི་ཀརྐ་ཊ་ཡི་ཁྱིམ་དུ་བཤད་དེ། དེ་ཡང་ཕྱི་རོལ་གྱི་ཉི་མ་ནུབ་སོའི་བཞི་གསུམ་ཀརྐ་ཊའི་ཁྱིམ་དུ་ཐོག་མར་བཤད་པ་དང་ཆོས་མཚུངས་པ་ཡིན། །གཉིས་པ་དུས་སྦྱོར་རྒྱས་བཤད་ལ་གཉིས། ཐུན་མོང་དུ་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། དེ་ལྟར་དུས་སྦྱོར་གྱི་ཐོག་མ་ངོས་བཟུང་ནས་ད་ནི་དུས་སྦྱོར་གྱི་རླུང་རྒྱུ་ཚུལ་བཤད་པར་བྱ་སྟེ། རྩ་བ་ཡན་ལག་གི་རླུང་བཅུ་དང་། གཞན་ཡང་རྩ་རྣམས་ལ་གནས་པའི་རླུང་རྣམས་དང་། བཅས་པའི་རླུང་ནས་འདུས་ཏེ། ཚིགས་ཆེན་ཚིགས་ཕྲན་དང་། ལུས་ཀུན་རྩ་ཡི་འཁོར་ལོ་དྲུག་རྣམས་རིམ་པར་བརྒྱུད་དེ། །ལྟེ་བའི་འཁོར་ལོའི་རྩ་བའི་རྩ་བཞི་བརྒྱུད་ནས་དབུ་མར་སྲོག་གི་ནུས་པ་བསྐྱེད་ཅིང་། དེ་ཡང་རླུང་རྣམས་ལྟེ་བའི་ཁྱིམ་བཅུ་གཉིས་བརྒྱུད། དབུ་མར་སྲོག་རླུང་གི་ནུས་པ་བསྐྱེད་ལ། རོ་རྐྱང་གཉིས་བརྒྱུད་སྣ་བུག་གཉིས་ནས། མཉམ་དང་མི་མཉམ་ཁྱིམ་བཅུ་གཉིས་ལས་རྒྱུ་བའི་རླུང་ནི། གཡས་གཡོན་རེ་མོས་ཀྱིས་གཡས་དང་གཡོན་འབྱུང་བས་ན། ནང་གི་འཕོ་ཆེན་བཅུ་གཉིས་དང་། ཕྱིའི་དུས་སྦྱོར་བཅུ་གཉིས་མཚུངས་སོ། །གཉིས་པ་ལ་གཉིས། འཕོ་བ་སོ་སོའི་གྲངས་དང་། འཕོ་བ་ཀུན་བསྡོམས་པའི་གྲངས་སོ། །དང་པོ་ལ་གཉིས། གཡས་པའི་འཕོ་བ་དང་། གཡོན་པའི་འཕོ་བའོ། །དང་པོ་ནི། དེའི་ཚུལ་རྒྱས་བར་བཤད་ན། ཉི་མ་ལྷོར་བགྲོད་པ་དང་མཚུངས་པ་སྣ་གཡས་ནས་འབྱུང་བ་སྡུད་པའི་རིམ་པ་དང་མཚུངས་པ། འབྱུང་ལྔའི་རླུང་རིམ་པ་བཞིན་རྒྱུ་བའི་དང་པོ་ལ། སྣ་བུག་གཡས་ནས་འབྱུང་བའི་རླུང་། །ས་ཆུ་མེ་རླུང་མཁའ་རིམ་བཞིན། །རེ་རེར་གྲངས་སུམ་བརྒྱ་དྲུག་ཅུ་རེ་ལ་འཕོ་ཆུང་རེ་སྟེ་དྲུག་ཅུ་སྟེ། དེ་ལྟར་འཕོ་ཆུང་ལྔ་ཡི་རླུང་ཀུན་བསྡོམས་པ་ལ་སྟོང་དང་བརྒྱད་བརྒྱ་སྟེ། དེ་རྣམས་ཀྱི་ནུས་པ་ནི་སྣོད་བཅུད་བསྡུ་བའི་རིམ་པ་དང་མཐུན་པར་རྒྱུའོ། །དེ་རྣམས་ལ་འཕོ་ཆེན་གཅིག་གོ །གཉིས་པ་ནི། འཕོ་ཆེན་གཅིག་གཡས་ནས་རྒྱུས་བ་དེའི་འོག་གཡོན་ནས་ཟླ་བའི་རླུང་རྒྱུ་བའི་ཚུལ་ནི། དང་པོར་ནམ་མཁའ་དང་། རླུང་དང་། མེ་དང་། ཆུ་དང་། ས་ཡིས། རིམ་པར་གྲངས་ནི་སོ་སོར་སུམ་བརྒྱ་དྲུག་ཅུ་རེ་ལ་འཕོ་ཆུང་རེ་བརྩིས་པའི་འཕོ་ཆུང་ལྔ་གོང་ལྟར་རྫོགས་པའི་གྲངས་སྟོང་དང་བརྒྱད་བརྒྱ་ལ་འཕོ་ཆེན་གཅིག་ཏུ་བརྩི་བ་སོགས་གོང་དང་མཚུངས། གཉིས་པ་འཕོ་བ་ཀུན་བསྡོམས་པའི་གྲངས་ནི། དེ་ལྟར་འཕོ་བ་བཅུ་གཉིས་ལ། འཕོ་ཆེན་རེར་རླུང་སྟོང་དང་བརྒྱད་བརྒྱ་རེ་རྒྱུ་བས། འཕོ་ཆེན་བཅུ་གཉིས་བསྡོམས་པ་ལ་ནི། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡི་རླུང་རྒྱུ་སྟེ། །གསུམ་པ་དབུ་མའི་ཆ་བཤད་པ་ལ་བཞི། སྤྱིར་བསྟན་པ། དུས་སྦྱོར་ལ་རྒྱུ་བའི་ཆ་ཤས་ངོས་བཟུང་བ། དེའི་བྱེད་ལས། ལོ་གསུམ་ཕྱོགས་གསུམ་གྱི་ངེས་པ་བཤད་པའོ། །དང་པོ་ནི། དེའི་ནང་དེ་ལ་ཡེ་ཤེས་ཀྱི་རླུང་ཇི་ཙམ་རྒྱུ་བ་བཤད་པ་ནི། ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་དང་བདུན་ཅུ་རྩ་ལྔ་ཡིན་ནོ། །གཉིས་པ་ནི། འཕོ་ཆེན་གཅིག་ལ་རླུང་སྟོང་དང་བརྒྱད་བརྒྱ་རྒྱུ་བ་ལས་ཡེ་ཤེས་ཀྱི་རླུང་ནི་ལྔ་བཅུ་ང་དྲུག་དང་བཞི་ཆ་གཅིག་རྒྱུའོ། །དེ་བཞིན་དབྱུ་གུར་རམ། འཕོ་ཆུང་གཅིག་རླུང་སུམ་བརྒྱ་དང་དྲུག་ཅུ་རྒྱུ་བ་ལས་ཡེ་ཤེས་ཀྱི་རླུང་ནི་བཅུ་གཅིག་དང་། བཞི་ཆ་རྒྱུ་སྟེ། མདོར་ན་དབུགས་གཅིག་ལ་ཆ་ཤས་སོ་གཉིས་ཕྱེ་ན། དེའི་ཆ་གཅིག་ཡེ་ཤེས་ཀྱི་རླུང་རྒྱུ་བའི་དེའི་ཆ་ཤས་རྣམས། བསགས་པས་འཕོ་བ་ཆེ་ཆུང་ལས་ཡེ་ཤེས་ཀྱི་རླུང་གི་གྲངས་ནི་གོང་དུ་བཤད་པ་དེ་ལྟར་གྱུར་པ་ཡིན་ནོ། །གསུམ་པ་ནི། ཡེ་ཤེས་ཀྱི་རླུང་དེ་ཡང་ཕྱེད་ནི་ཕྱིར་རྒྱུ་བས་སྲོག་ཟད་པར་བྱེད་ལ། ཕྱེད་ནི་ནང་དུ་རྩ་དབུ་མར་རྒྱུ་བས་སྲོག་དང་ཡེ་ཤེས་འཕེལ། ཡེ་ཤེས་ཀྱི་རླུང་འདི་ཡི་བྱེད་ལས་ཀྱི་རྩ་བ་ནི་ནང་གི་གཟའ་ཀུན་གྱི་རྐང་པ་བྱེད་པ་སྟེ། རླུང་འདི་ཕྱི་འགྲོ་བ་འཕེལ་བས་འཆི་ལྟས་ཡིན་ལ། རྣལ་འབྱོར་པས་ནང་དུ་ཡེ་རླུང་འཕོ་མེད་དུ་ཟིན་ན་འཆི་མེད་འགྲུབ་པ་ཡིན་ནོ། །བཞི་པ་ནི། ལོ་བརྒྱའི་བར་དུ་ཡེ་ཤེས་ཀྱི་རླུང་གི་རྒྱུ་བ་བསྡོམས་པས་ན། །ལོ་གསུམ་ཟླ་བ་ཕྱེད་དང་གཉིས་འབྱུང་ཞིང་། ཞིབ་པར་བརྩི་ན་ཞག་སོགས་ཤོལ་དང་འཕེལ་འགྲིབ་རྣམས་ལས། རླུང་གཅིག་ནི་ཆ་སུམ་ཅུ་རྩ་གཉིས་ཀྱི་ཆ་གཅིག ཡེ་ཤེས་ཀྱི་རླུང་དུ་དག་པའི་ཆ་དེ་ལས་རླུང་ཆད་པའི་ཆ་བསགས་པ་ལས། ཞག་གི་ཆད་དང་། ཡེ་ཤེས་ཀྱི་རླུང་གི་འཕོ་བ་ཆེ་ཆུང་བསྡོམས་པས། ཞག་དང་ཟླ་བ་འཕེལ་བ་སོགས་རླུང་རྒྱུ་ཚུལ་འདི་དོན་རྟོགས་པས་མ་ནོར་འཆར་སྟེ་ཤེས་སོ། །གསུམ་པ་ཇི་ལྟར་རྒྱུ་བའི་རིམ་པ་ཁ་དོག་དང་སྟོབས་དང་ཡོན་ཏན་བཤད་པ་ལ་གསུམ། མདོར་བསྟན། རྒྱས་བཤད། རྩིས་ཀུན་བསྡུས་པའི་ལུང་དང་སྦྱར་བའོ། །དང་པོ་ནི། རླུང་སྣ་ཕྱོགས་ནས་རྒྱུ་བའི་རིམ་པ་དང་། ཁ་དོག་དང་། སྟོབས་དང་། ཡོན་ཏན་ནི། གཉིས་པ་ལ་ལྔ། སྣའི་ཕྱོགས་གང་དུ་འབྱུང་བ། ཁ་དོག་གང་ཡིན་པ། ཕྱི་རོལ་གཟའ་སྐར་རྣམས་དང་སྦྱར་བ། ལས་གང་འགྲུབ་པ། ཕྱིར་འགྲོ་བའི་རིང་ཐུང་ངོ་། །དང་པོ་ནི། དང་པོ་སྣ་ཡི་ཀ་པ་ནི། ཕྱོགས་གཉིས་ཀའི་བྱང་སྟེ་གཉིས་ཀའི་ཆུ་ཡི་རླུང་ཡིན་ལ། དེ་བཞིན་ཏུ། ཕྱི་རོལ་གཉིས་ནི་མེ་རུ་འདོད། སྟེང་གཉིས་རླུང་སྟེ་འོག་གཉིས་ས། དབུས་ནི་ནམ་མཁའི་ཡེ་ཤེས་ཀྱི་རླུང་རྒྱུ་བ་ཡིན་ནོ། །གཉིས་པ་ནི། དེ་རྣམས་ཀྱི་ཁ་དོག་ས་ཆུ་མེ་རླུང་མཁའ་རྣམས། རིམ་པ་བཞིན་སེར་དཀར་དམར་ནག་སྔོ་བར་འདོད་གསུམ་པ་ནི། འདི་དག་གཟའ་ཡི་སྟོབས་དང་སྦྱར་ན་ནི་གཡས་པ་རྣམས། །སྤེན་ཕུར་བཀྲ་ཤིས་ཏེ་མིག་དམར། ཉི་མ་དང་དུས་མེ་རྣམས། ས་སོགས་ཁམས་རྣམས་རིམ་པས་སྦྱར་ཞིང་། གཡོན་པ་རྣམས། སྒྲ་གཅན་ཟླ་བ་གཟའ་ལྷག་དང་། །པ་སངས་མཇུག་རིང་མཁའ་གོང་ལྟར་རླུང་གཟའ་ཁམས་རྣམས་རིམ་བཞིན་སྦྱོར་རོ། །བཞི་པ་ནི། ཕུང་པོ་ཁམས་སོགས་ཕྱི་ནང་གི་ཆོས་རྣམས་བྱ་བྱེད་དེ་མཐུན་པའི་ཕྱིར་ན། ནམ་མཁའ་ཡི་རླུང་གིས་བསད་གསོའི་ལས་ཀུན་འགྲུབ། །རླུང་གི་རླུང་གིས་བསྐྲད་དང་བསད་པ་སྟེ། །དབང་དང་དགུག་པ་མེ་ཡི་རླུང་གིས་བྱེད། དེ་བཞིན་ཆུས་ནི་ཞི་དང་རྒྱས་པའོ། །རེངས་དང་རྨོངས་པ་ས་ཡི་ལས། །ཡེ་ཤེས་ལས་ནི་ཐམས་ཅད་པ་འགྲུབ་ཅིང་། རྒྱུ་དུས་འཕོ་ཆེན་གཉིས་ཀྱི་ཐུན་མཚམས་སུ་སྣ་གཉིས་ནས་མཉམ་དུ་རྒྱུ་བའི་དུས་སོ། །ལྔ་པ་ནི། རླུང་དེ་རྣམས་ཕྱི་རོལ་དུ་འགྲོ་བ་ན་ས་ཡི་རླུང་ནི་སོར་བཅུ་གཉིས། ཆུ་མེ་རླུང་མཁའ་རྣམས་རིམ་བཞིན་བཅུ་དྲུག་བར། ཡོན་ཏན་རིམ་པར་ཆུང་བའི་དབང་གིས་རིམ་བཞིན་སོར་མོ་རེས་རིང་ངོ་། །གསུམ་པ་རྩིས་ཀུན་བསྡུས་པའི་ལུང་དང་སྦྱར་བ་ནི། རྒྱས་པ་རྟེན་འབྲེལ་རྩིས་དང་དབྱངས་སྦྱར་བ་ཡི་ཚུལ་སོགས་ནི། ཁོ་བོས་རྩིས་ཀུན་བསྡུས་པར་བཤད། བཞི་བརྒྱུད་ཕན་ཚུན་དགོངས་པ་མི་འགལ་བར་བསྟན་པ་ལ་གསུམ། མཚམས་སྦྱར་བ། རྒྱུད་བཀོད་པ། དེའི་དོན་བཤད་པའོ། །དང་པོ་ནི། རླུང་ལྔ་སྟེང་དུ་རྒྱུ་བའི་ཚུལ་འདི་ནི་རྡོ་རྗེ་ཕྲེང་བ་ལས། གཉིས་པ་ལ་གསུམ། བསྒྲུབ་བྱ་རྡོ་རྗེའི་བཟླས་པ་བཤད་པ། དགག་བྱ་མུན་པ་ཆེན་པོའི་རླུང་བཤད་པ། བཟླས་པ་བྱ་བའི་ཚུལ་ལོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སྣ་ཡི་བུ་ག་ལས་བྱུང་ཞིང་། ས་ཆུ་མེ་རླུང་ནམ་མཁའ་ལྔ་ཡི་རླུང་གི་དཀྱིལ་འཁོར་ལྔ་སྟེང་དུ་ཡང་དག་རྒྱུ་བར་གསུངས་ཤིང་། དེ་ཡང་སྣ་བུག་གཡོན་པ་ནས་རྒྱུ་བ་དང་། དེ་བཞིན་གཡས་དང་། གཉིས་ཀ་ཆ་སྙོམས་པ་ནས་རྟག་ཏུ་རྒྱུ་བ་དང་། གཉིས་ཀ་ནས་དལ་བར་རྒྱུ་བ་རྣམ་པ་བཞི་ཡིན་ནོ། །གཉིས་པ་ནི། །གཡས་པ་ན་ས་ནི་རྒྱུ་བའི་རླུང་འབྱུང་ཆུང་གི་དཀྱིལ་འཁོར་ལྔ་ལྡན་འདི་ནི། གཙོ་བོར་ཉི་མའི་རླུང་སྟེ། འབྱུང་བའི་ཁམས། མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། དེའི་ཁ་དོག་དམར་པོ་བཟང་པོ་འདི། པདྨའི་མགོན་པོ་ལ་སོགས་པ་གསུང་རྡོ་རྗེའི་རིགས་ཀྱི་ལྷ་ཡི་ངོ་བོར་གྱུར་པའི་རླུང་རྒྱུ་བའོ། །གཡོན་པ་ནས་ནི་རྒྱུ་བའི་རླུང་འབྱུང་ཆུང་གི་དཀྱིལ་འཁོར་ལྔ་ལྡན་ནི། གཙོ་བོར་ཟླ་བའི་རླུང་སྟེ། འབྱུང་བའི་ཁམས། རླུང་གི་དཀྱིལ་འཁོར་དང་འདྲེས་པ། ལྗང་སེར་དག་ཏུ་སྣང་བ་སྟེ། ཞི་སོགས་སྒྲུབ་པར་བྱེད་པས་སྐུ་རྡོ་རྗེ་དང་། ལས་ཀྱི་མགོན་པོ་ལ་སོགས་པ་འདྲེས་པའི་ཚུལ་གྱི་ལྷ་ཡི་ངོ་བོའི་རླུང་རྒྱུ་བའོ། གཉིས་ཀ་ནས་ནི་དྲག་ཏུ་རྒྱུ་བའི་རླུང་འབྱུང་ཆུང་གི་དཀྱིལ་འཁོར་ལྔ་ལྡན་ནི། གཙོ་བོར་འབྱུང་བའི་ཁམས། གསེར་མདོག་དབང་ཆེན་དཀྱིལ་འཁོར་ཉིད། རིན་ཆེན་མགོན་པོ་ལ་སོགས་པའི་ལྷའི་ངོ་བོའི་རླུང་རྒྱུ་བའོ། དལ་ཞིང་ཕྱོགས་གཅིག་ཏུ་ཡོན་བོར་རྒྱུ་བ་མེད་པའི་ཁམས། དག་པའི་ཤེལ་ལྟར་དྲི་ལྟར་དྲི་མེད་འོད་གསལ་དུ་སྣང་བ་ནི། ཡིད་རླུང་འབྱུང་ཆུང་གི་དཀྱིལ་འཁོར་ལྔ་ལྡན་འདི་ནི། གཙོ་བོར་ཆུ་ཡི་ཁམས་ཀྱི་དཀྱིལ་འཁོར་ཡིན་ཏེ། རྡོ་རྗེའི་མགོན་པོ་ལ་སོགས་ཐུགས་རྡོ་རྗེའི་རིགས་ཀྱི་ལྷའི་ངོ་བོའི་རླུང་རྒྱུ་བའོ། །གཉིས་པ་དགག་བྱ་མུན་པ་ཆེན་པའི་རླུང་བཤད་པ་ནི། ས་སོགས་ཁམས་ཀུན་ལས་ནི་ཡང་དག་འབྱུང་། ཀུན་གཞིའི་རྣམ་ཤེས་དང་། རྟེན་དང་བརྟེན་པས་གཟུང་བ་ཉོན་མོངས་ཅན་ཡིད་ནི་མུན་པའི་རླུང་ངམ། སྲོག་རླུང་ནི། རྣམ་པར་སྣང་མཛད་རང་བཞིན་ཏེ། འཆི་བའི་མཐར་ནི་སྣ་སྒོ་ལས་འབྱུང་བར་འགྱུར་རོ། །གསུམ་པ་བཟླས་པ་བྱ་བའི་ཚུལ་ནི། དཀྱིལ་འཁོར་སོ་སོར་འབྱུང་རྒྱུད་ལྔ་དང་ལྡན་པའི་ས་ལ་སོགས་པའི་དཀྱིལ་འཁོར་རླུང་རིན་ཆེན་མགོན་པོ་ནས། རྡོ་རྗེ་མགོན་པོའི་བར་གྱི་ལྷ་ཡི་ངོ་བོར་དག་པའམ་གནས་པའི་དཀྱིལ་འཁོར་བཞི་པོ་དེ་དག་གི་རླུང་ནི། རྣལ་འབྱོར་པས་ལྷ་དེའི་ངོ་བོར་མཉམ་པར་བཞག་པས། འབྱུང་འཇུག་གནས་གསུམ་རྡོ་རྗེའི་སྔགས་ཀྱི་བཟླས་པར་སྦྱར་ནས་རྟག་ཏུ་ཟློས་ཤིག །གསུམ་པ་དེའི་དོན་བཤད་པ་ནི། ཞེས་གསུངས་པའི་དོན་ནི་རྡོ་རྗེའི་བཟླས་པ་ཡི། དག་པ་བསྟན་པས་ཡིན་ཏེ། གོང་མ་འཕོ་ཆེན་རེར་ནམ་མཁའི་རླུང་འཕོ་ཆུང་རེ་རྒྱུ་བ་དང་། འདིར་ནམ་མཁའི་རླུང་ལ་ནམ་མཁའི་མགོན་པོ་གྲགས་པ་འཆི་ཚེ་ཁོ་ན་ལས་མི་རྒྱུ་བར་བཤད་པ་ནི། འགལ་བའི་ཐེ་ཚོམ་བསྐྱེད་མི་བྱ། དེ་དག་གི་རླུང་སོ་སོར་རྒྱུ་བའི་སྐབས་སོ་རྡོ་རྗེའི་བཟླས་བ་ཇི་ལྟར་བྱ་ཞེ་ན། སྤྱི་མགྲིན་སྙིང་ལྟེར་རྩ་འདབ་གྱི་ལྟེ་བར། ཁམས་སོ་སོར་དཀྱིལ་འཁོར་ཁ་དོག་ལྔ་པར་བསྒོམས་ཤིང་། ལྷ་དེ་དང་དེ་ཡི་ངོ་བོར་དམིགས་པ་དང་། རླུང་ནི་སྣ་རྩེར་འཕྲོ་བ་རྣམས་ཀྱང་ནི། ལྷ་དེ་དག་གི་ངོ་བོ་ཁ་དོག་ལྔ་པ་རྣམ་པར་བསྒོམས་ནས། ལྷ་དེ་རྣམས་ཀྱི་སྔགས་རྣམས་དང་སྦྱར་བའི་རྡོ་རྗེའི་བཟླས་པ་ཡི་གྲངས་ཀྱིས་ནི། ཉིན་མཚན་རྟག་ཏུ་ཟློས་ཤིག་ཤེས་བཤད་དོ། བཞི་པ་འཇུག་སྒོ་ཕན་ཡོན་དང་བཅས་པ་བཤད་པ་ལ་གསུམ། འཇུག་སྒོ། བཟུང་ཐབས། ཕན་ཡོན་ནོ། །དང་པོ་ནི། རླུང་འཇུག་སྒོ་ནི་མེ་དང་། རླུང་གི་རླུང་ནི་སྟེང་ནས་སྣ་ཡི་བུ་ག་གཉིས། ཆུ་རླུང་ཁ་དང་། ས་རླུང་འོག་ཏུ་ཐུར་སེལ་གྱི་ལམ་གཉིས་ཏེ། སྟེང་འོག་གི་སྒོ་གསུམ་དང་། མ་ནིང་རླུང་ནི་ལུས་ཀྱི་བ་སྤུའི་སྒོ་ཀུན་ནས་འཇུག་པ་ཡིན་ཏེ་སྒོ་རྣམ་པ་བཞི། གཉིས་པ་ནི། གཟུང་ཐབས་དབྱུང་རྔུབ་གནས་གསུམ་དང་། དེ་དག་གི་ཚུལ་སེམས་ཀྱི་ངོ་བོ་ལྟ་བའི་སྒོ་ནས་སེམས་ཀྱི་འགྲོ་ལྡོག་དང་། བསྒྱུར་བ་དང་། ཡོངས་སུ་དག་པ་ཡི་ཚུལ་དེ་དག་རིམ་པར་བགྲང་ཞིང་བརྩི་བ་སྟེ། མི་རྟོག་པའི་མན་ངག་གིས་རླུང་རྒྱ་ཡན་ཏུ་བཅིང་བ་དེ་ནི། ཞི་གནས་བསྐྱེད་པར་གསུངས་པ་ཡིན། རླུང་ལྔའི་ཁ་དོག་དབྱིབས་འབྱུང་ལྡོག་གནས་པ་ལ་སོགས་པར་རྣམ་པར་སྦྱངས་བས། མངོན་ཤེས་ལྔ་དང་། ཟད་པར་གྱི་ཏིང་འཛིན་གྱི་ཆོ་འཕྲུལ་ལྔ་ལ་སོགས་པ་འབྱུང་བའི་རྒྱུ་བྱེད་དོ། །བུམ་ཅན་ནི་སྟེང་འོག་བར་གསུམ་གྱི་རླུང་འཆིངས་བའི་གནས་ལྟེ་འོག་ཏུ་འཆིང་བ་དང་། སེང་གེ་རྣམ་གྲོལ་བཅས་པ་རྣམས་ལ་གོམ་པ་མཐར་ཕྱིན་པ་ན་རླུང་གི་ལས་ཀུན་རུང་པར་བྱེད་དོ། །གསུམ་པ་ཕན་ཡོན་ལ་གཉིས། གཟུང་འཛིན་བརྒྱད་དག་པ་དང་། འབྱུང་བ་ལྔ་འཕེལ་བའི་ཕན་ཡོན་ནོ། །དང་པོ་ནི། རླུང་ཟིན་པའི་ཕན་ཡོན་རྣམ་པ་བརྒྱད་ཡིན་ཏེ། །ཉི་ཟླ་སྒྲ་གཅན་གྱི་རླུང་སྟེ། རླུང་གི་གཙོ་བོ་གསུམ་བཟུང་བའི་ཕན་ཡོན་ནི། ཉི་ཟླའི་རླུང་གི་ཡོན་ཏན་བརྒྱད་ཡོད་དེ། ཉི་ཟླ་སྒྲ་གཅན་རླུང་གསུམ་སྟེང་དུ་རྒྱུ་བ་བཟུང་བའི་ཡོན་ཏན་ནི། དུག་གསུམ་རྣམ་རྟོག་འཇོམས་པ་དང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་གསུམ་ཐོབ་བྱེད་ཡིན། །དེ་ནི་ཉི་མའི་ཡོན་ཏན་གསུམ་དུ་གསུངས་ཤིང་། ཟླ་བའི་རླུང་ཐུར་སེལ་བཟུང་བའི་ཡོན་ཏན་གཟུགས་སྒྲ་དྲི་རོ་རེག་བྱ་ཡི། ཡུལ་ལྔ་པོ་དེ་ལ་དབང་བྱེད་ཅིང་། ཡེ་ཤེས་ལྔ་ཐོབ་པ་དེ་ནི་ཟླ་བའི་རླུང་སྟེ། དེ་ལྟར་སྟེང་རླུང་ཉི་མ་མེ་ཡི་རང་བཞིན་ཅན། འོག་ཏུ་གནས་ཀྱང་གྱེན་དུ་རྒྱུ་བའི་སྟེང་རླུང་དང་། ཟླ་བ་ཆུ་ཡི་རང་བཞིན་ཅན། སྟེང་དུ་གནས་ཀྱང་མཐུར་དུ་འབབ་པའི་འོག་རླུང་། དེ་གཉིས་ཁ་སྦྱོར་དུ་བཟུང་བས། སྟེང་རླུང་གིས་གཟུང་བའི་རྣམ་རྟོག་གསུམ་དང་། འོག་རླུང་གིས་འཛིན་པའི་རྣམ་རྟོག་ལྔ་རྣམས། དེ་ཡིས་ནི་མཐར་ཐུག་གཟུང་འཛིན་གྱི་རྣམ་རྟོག་བརྒྱད་དག་པར་བྱེད་ལ། གཉིས་པ་ནི། དེ་བཞིན་གནས་སྐབས་ཀྱང་ས་རླུང་ཟིན་པས་ལུས་བརྟན་དང་། དེ་བཞིན་ཆུ་རླུང་གིས་ལུས་སྣུམ་དང་། མེ་རླུང་གིས་མདངས་གསལ་བ་དང་། རླུང་གི་རླུང་གིས་མགྱོགས་པ་དང་། ནམ་མཁའི་རླུང་ཟིན་པ ས་ལུས་དག་ཅིང་ཤེས་རབ་ཆེ་ལྡན་པ་སྟེ། ས་སོགས་ཀྱི་རླུང་ཟིན་པས་དེ་རྣམས་ཀྱིས་ལུས་ལ་ཡོན་ཏན་འབྱུང་བར་བཤད། ལྔ་པ་འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་ཏུ་བསྟན་པ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། མདོར་ན་རྣམ་ཤེས་ཀྱི་རླུང་ནི་རྣམ་པར་རྟོག་པ་དང་གཅིག་སྟེ། གཡོ་དང་ཕྲ་དང་གཞན་བསྐྱོད་པར་བྱེད་པའི་མཚན་ཉིད་ཅན་ནོ། །གཉིས་པ་ནི། འཁོར་འདས་ཀུན་གྱི་གཞི་སེམས་ཉིད་གསལ་ལ་མི་རྟོག་པ། དེའི་ངོ་བོ་ནི་ཡེ་ཤེས་ཀྱི་རླུང་ཆེན་པོ་ཡིན་སྟེ། དེ་ཉིད་སྦྱང་གཞི་ཡེ་ཤེས་ཀྱི་རླུང་དང་། དེའི་ལམ་གྱི་གཉེན་པོ་ཡང་དག་པའི་ཀུན་རྟོག་དང་ལྡན་པ་ནི་སྦྱོར་བྱེད་ཡེ་ཤེས་ཀྱི་རླུང་ཆེན་པོ་དེ་ནི། བྱང་ཆུབ་ཀྱི་སེམས་དང་རྗེས་སུ་མཐུན་པ་ཡང་དག་རྟོག་པའི་འདུ་བྱེད་ཀྱི་རླུང་ནི་སྦྱོང་བྱེད་དུ་བཤད། ཀུན་གཞི་ལ་གནས་པའི་བདུན་པ་ཉོན་ཡིད་ཀྱི་རླུང་ནི། ཡང་དག་མིན་རྟོག་གིས་ཀུན་འཁྲུལ་བྱེད་པས་གཏི་མུག་བསྐྱེད་པའི་རླུང་དུ་བཤད། ཚོགས་དྲུག་དང་འབྲེལ་བའི་འདུ་བྱེད་རྣམས་ནི་ཡེ་ཤེས་ཀྱི་སྣང་ཆ་ལས་གཞན་དུ་མེད་ཀྱང་། དེ་ལ་གཞན་དུ་བཟུང་སྟེ། ཆགས་སྡང་གི་གཞན་རྟོག་ཆགས་པའི་རླུང་སྟེ། འདོད་ཆགས་ཀྱི་རླུང་ཞེས་བྱ། རྣམ་ཤེས་ཚོགས་དྲུག་གི་ཡུལ་ལ་བླང་དོར་དཔྱོད་པའི་རླུང་ནི། ཡུལ་ཡིད་དུ་མི་འོང་བར་ཁོང་ཁྲོ་བར་བྱེད་པས་ན་ཞེ་སྡང་རླུང་སྟེ། རླུང་དེ་གསུམ་གྱིས་བསྐྱེད་ནས་ཁམས་གསུམ་དུ་འཁྲུལ་ཞིང་འཁོར་བ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་ན་ཁམས་གསུམ་པོ་རྣམས་ཀྱང་རླུང་གིས་འདུ་བྱེད་པ་ཡིན་ནོ་ཅེས། གསུངས་པས་སྐྱོན་དང་ཡོན་ཏན་ཀུན་གྱི་རྒྱུ་ནི། རླུང་ལ་བརྟེན་པས་དེ་ལྟར་ན་སྐྱོན་ཡོན་རྟོགས་བྱས་ནས། རླུང་གི་སྦྱོར་བ་ཤེས་ན་ཕ་རོལ་སྟེ། སངས་རྒྱས་ཀྱི་སར་འགྲོ་ཞིང་། རླུང་དེ་ལ་གནད་དུ་མ་བསྣུན་ན། ཐ་མལ་གྱི་རླུང་གིས་འཁོར་བར་ཡང་ཡང་འཁོར་བའི་རྒྱུ་རླུང་འདིས་བྱེད་ལ། ལས་རླུང་ཡེ་ཤེས་སུ་བཅིང་ན་འཁོར་བའི་རྒྱུན་དེ་གཅོད་པར་བྱེད་པ་ཡི་གཉེན་པོའང་རླུང་འདིས་འགྲུབ་པར་འགྱུར་རོ། །གསུམ་པ་སྤྱིའི་མཇུག་བསྡུ་བ་ནི། དེ་ལྟར་ཕྱི་ནང་དུ་རྒྱུ་བའི་རླུང་མིང་དང་། བྱེད་ལས་ཀུན་ནི། རྒྱལ་བས་མདོ་རྒྱུད་དུ་མ་ལས་གསུངས་པའི་དོན་རྣམས། འདིར་ནི་བསྡུས་ཏེ་བསྟན་པ་ཡིན། །གཉིས་པ་ལེའུའི་མཚན་ནི། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས། རླུང་གི་རྒྱུ་ཚུལ་བསྟན་པ་སྟེ་བཞི་པའོ།། །།དེ་ལྟར་རླུང་བཤད་ཟིན་ནས། རྩ་རྣམས་ཀྱི་གནས་སུ་དྭངས་སྙིགས་ཀྱི་ཐིག་ལེའི་རྣམ་བཞག་འཆད་པ་ལ་གཉིས། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ནས་ལུས་ལ་བརྟེན་པའི་རྩ་དང་། རྩ་ལ་རླུང་བརྟེན་པའི་ཚུལ་བཤད་ཟིན་ནས། རླུང་དེར་རྒྱུ་བའི་ཐིག་ལེ་ཇི་ལྟར་གནས་དང་རྒྱུ་ཚུལ་བཤད་པ་ནི། རྩ་བ་སྤྲོས་བྲལ་ཐིག་ལེ་སེམས་ཉིད་དང་། དེ་མ་རྟོག་པའི་འཁྲུལ་པ་མ་རིག་ཐིག་ལེ་དང་། མ་རིག་པའི་ཐིག་ལེ་དེ་འཆིང་བྱེད་དེ་ཡི་གཉན་པོ་རྫས་སྔགས་རླུང་གི་ཐིག་ལེ་གསུམ་མོ། །གཉིས་པ་ལ་ལྔ། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ། འཁྲུལ་པ་མ་རིག་པའི་ཐིག་ལེ་མདོར་བསྟན་པ་རྫས་ཀྱི་ཐིག་ལེ་རྒྱས་པར་བཤད་པ། གཉེན་པོའི་ཐིག་ལེ་འཆིང་བའི་རིམ་པ། ཞར་ལ་སྐྱོན་བསལ་བ་བསྟན་པའོ། །དང་པོ་ནི། དང་པོར་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ནི་རང་སེམས་ལྷན་ཅིག་སྐྱེས། ངོ་བོ་སྟོང་པ་སྤྲོས་བྲལ་ཏེ། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། །འགག་མེད་ཐུགས་རྗེ་ཅིར་ཡང་གྲུབ་པ། སྐུ་གསུམ་གྱི་རང་བཞིན་ཅན་ཡིན་ལ། དེ་གསུམ་སེམས་ཅན་གྱི་རྒྱུད་ལ་བཞུགས་པའི་རྟགས་ནི་ད་ལྟ་འཁྲུལ་པའི་དུས་སུ་ཡང་། བསྒོམས་སྟོབས་ཀྱིས་ཤེས་པ་འགྱུར་ཏེ། ཆོས་སྐུའི་རྟགས་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པར་སྣང་བ་དང་། ལོངས་སྐུའི་རྟགས་དབྱིངས་རིག་གི་རྟགས་བཅུ་འཆར་བ་དང་། སྤྲུལ་སྐུའི་རྟགས་ཚོགས་དྲུག་གི་ཡུལ་སྣང་ལ་བྱ་བྱེད་ཀྱི་ནུས་པ་འབྱིན་པ་སྟེ། རྟགས་གསུམ་པོ་འདི་བསྒོམ་པའི་དུས་ན་བསླུ་མེད་མངོན་སུམ་གྱི་ཡུལ་དུ་སྣང་བའི་རྟགས་ཡིན་ཏེ། ཡུལ་ཅན་གྱི་ཡེ་ཤེས་ནི་ཡུལ་དེར་འབྲེལ་བའི་རྣམ་པར་ཤེས་པའོ། །ཞེས་ཡུལ་ཡུལ་ཅན་དབྱེར་མེད་པ་དེ་ནི་རྣམ་རྟོག་བྲལ་ཞིང་མ་འཁྲུལ་བ་དེ་ནི། རྩ་བ་སྤྲོས་བྲལ་ཐིག་ལེ་ཡིན། དེའི་ཚུལ་རྒྱས་པར་མདོ་རྒྱུད་ཀུན་ལས་གསུངས། གཉིས་པ་ནི། འཁྲུལ་བ་མ་རིག་ཐིག་ལེ་དེ་ལ་ནི། སྦྱོང་གཞི་སྔགས་རླུང་རྫས་ཀྱི་ཐིག་ལེ་གསུམ་ལ། སྦྱོང་བྱེད་སྔགས་རླུང་རྫས་ཀྱི་ཐིག་ལེ་བཅས་དྲུག་ཏུ་ཡོད་པ་ལས། གཉིས་མེད་ཀྱི་དོན་ལ། གཟུང་འཛིན་གཉིས་སུ་འཛིན་པས་དོན་གྱི་གནས་ལུགས་མ་རིག་པ་དང་། དེས་བསྐྱེད་པའི་འདུ་བྱེད་པ་དང་། རྣམ་ཤེས་ལས། ཀུན་ཏུ་བརྟགས་པ་ཚོར་འདུ་འདུ་བྱེད་རྣམ་ཤེས་ཏེ། མིང་བཞི་ལས་བསྒྱུར་བ། མིང་དོན་གཉིས་སུ་འཛིན་པ་ནི་སྦྱང་གཞི་སྔགས་ཀྱི་ཐིག་ལེ། དེའི་གཉེན་པོ་ལྷ་སྔགས་ཀྱི་ཏིང་ངེ་འཛིན་ནི་རྣམ་རྟོག་དེ་སྦྱོང་བའི་ཚུལ་རྣམས་ནི་ཀུན་བཏགས་པ་ཡི་སྔགས་ཀྱི་ཐིག་ལེ་དང་། རྐྱེན་གསུམ་གྱི་གཞན་དབང་གིས་བསྐྱོད་པ་ཡིད་ཀྱི་ནུས་པ་ནི་རླུང་གིས་བསྐྱེད་པ་དེ་ལ་ནི། སྦྱང་གཞི་རླུང་གི་ཐིག་ལེ། དེ་འཆིང་བའི་ཐབས་ལ་སྦྱོང་བྱེད་རླུང་གི་ཐིག་ལེ་ཞེས་སུ་བཤད། དབང་ཞེས་ཀྱི་ཡུལ་དུ་སྣང་བའི་དོན་ལྔ་གཟུགས་ཀྱི་ཕུང་པོ་ལ། ཁམས་ལྔ་རྫས་ཀྱི་ཐིག་ལེ་ཞེས་སྦྱང་གཞིར་བཤད་ཅིང་། དེ་སྦྱོང་བྱེད་དྭངས་སྙིགས་ཀྱི་ཐིག་ལེ་འཆིངས་པའི་རིམ་པར་ཞི་སྦྱོང་བྱེད་རྫས་ཀྱི་ཐིག་ལེ་ཞེས། དེ་རྣམས་ཀྱི་ཚུལ་རྒྱས་པར་ནི། རྒྱལ་བས་རྣལ་འབྱོར་བླ་མེད་ཀྱི་རྡོ་རྗེ་ཕྲེང་བའི་རྒྱུད་དུ་གསུངས་སོ། །གསུམ་པ་རྫས་ཀྱི་ཐིག་ལེ་རྒྱས་པར་བཤད་པ་ལ་ལྔ། བར་དོའི་རྐྱེན་ཉེ་བར་སྦྱོར་བ་དང་། དྭངས་མ་གཉིས་ལྡན་བསྟན་པ། སྙིགས་མ་ཇི་ལྟར་འབྱུང་བའི་ཚུལ། ཁམས་སུམ་ཅུ་སོ་དྲུག་གི་རྒྱས་བཤད། དཀར་ཆའི་འཕོ་བའི་རིམ་པའོ། །དང་པོ་ནི། ད་ལམ་རྫས་ཀྱི་ཐིག་ལེ་བཤད་པ་སྟེ། དེ་ལ་རྫས་ཀྱི་ཐིག་ལེ་ལ་ཡང་། ཕྱི་ནང་གཉིས་ཡོད་དེ། ནང་གི་དོན་ཏུ་གྱུར་པའི་ཐིག་ལེ་ནི། དང་པོ་མངལ་དུ་སྐྱེ་བ་སྦྱོར་བའི་ཚེ། །བར་དོའི་ཤེས་པའི་ངོ་བོ་དེ། །ཕ་མའི་འདུ་འཕྲོད་དཀར་དམར་ལ་བདག་ཏུ་བཟུང་པའི་རྐྱེན་ལས་ཆགས་སྡང་གི་ཞེན་པ་ཡིས་མངལ་བཟུང་ནས། མེར་མེར་ནུར་ནུར་སོགས་ཁམས་རིམ་པར་འགྱུར་ནས་བསྐྱེད་ཚུལ་གོང་དུ་བསྟན་པ་བཞིན་ནོ། །གཉིས་པ་ལ་གསུམ། སྤྱིར་བསྟན་པ། དཀར་དམར་གྱི་དྭངས་མ་སོ་སོར་བཤད་པའོ། །དང་པོ་ནི། ད་ལྟ་རྡོ་རྗེའི་ལུས་ལ་གནས་ཚེ་དྭངས་སྙིགས་གཉིས། རླུང་སེམས་དྭངས་མ་སྔར་ལྟར་ལ། ཐིག་ལེའི་དྭངས་མ་ནི་དཀར་དམར་གཉིས་སོ། །གཉིས་པ་ལ་གཉིས། དཀར་ཆའི་དྭངས་མ་དང་། དམར་ཆའི་དྭངས་མ་བཤད་པའོ། །དང་པོ་ནི། དཀར་ཆ་དབུ་མའི་ཡར་སྣ་ན། །ཧྃ་མགོ་མཐུར་དུ་ལྟ་བའི་རང་བཞིན་ཅན། །ཡབ་ཧེ་རུ་ཀའི་ངོ་བོ། ཐབས་བདེ་བ་ཆེན་པོ་མཆོག་གི་རང་བཞིན་ཡུངས་དཀར་ཙམ། །དཀར་ལ་སྣུམ་པ་ཤེལ་དང་མཚུངས། ཕ་ལས་ཐོབ་པ་ཐིག་ལེ་དཀར་ཆ་ཀུན་གྱི་མཆོག གཉིས་པ་ནི། དམར་ཆ་རྩ་གསུམ་འདུས་ས་ན། །དམར་གསལ་ཤིན་ཏུ་དམར་ཞིང་ཚ་བ། རྒོད་མའི་མེ་འདྲ་བ། ཨ་ཐུང་སྟེ་ཨ་ཤད་ཀྱི་དབྱིབས། ཤེས་རབ་ཡུམ་ཕག་མོའི་རང་བཞིན་ཏེ། གསུམ་པ་ནི། དྭངས་མ་དེ་གཉིས་ལས་བདེ་བ་འཇོ་བས་དཔྱིད་དང་། བདེ་བ་བརྟན་པས་ཐིག་ལེ་ཞེས་ཀྱང་བཤད། དེ་གཉིས་ཀྱི་བར་དུ་ཀུན་གཞི་སྲོག་གི་རླུང་བརྟེན་ཅིང་། དཀར་དམར་འདི་གཉིས་ནང་གི་བྱང་ཆུབ་སྙིང་པོ་མངོན་ཏུ་བྱེད་པའི་རྒྱུ་ཡི་ངོ་བོ་ཡིན་ཞེས། སྡོམ་འབྱུང་རྡོ་རྗེ་མཁའ་འགྲོར་གསུངས། གསུམ་པ་སྙིགས་མ་ཇི་ལྟར་འབྱུང་བའི་ཚུལ་ལ་བསྟན། བཤད། བསྡུ་གསུམ་ལས། དང་པོ་ནི། དྭངས་མ་དེ་ལ་བརྟེན་པའི་སྙིགས་མའི་ཁམས་ཀྱང་དྭངས་སྙིགས་གཉིས་ཏེ། ཐིག་ལེ་དམར་ཆ་མེས་བསྐྱེད་རོ་མ་ལ་བརྒྱུད་གྱེན་འགྲོ་ལ། དཀར་ཆ་སྤྱི་བོ་ནས་རྐྱང་མ་བརྒྱུད་འོག་འགྲོ་སྟེ། གཉིས་པ་རྒྱས་བཤད་ལ་བཞི། ཟས་སྐོམ་ལས་དྭངས་མ་ཇི་ལྟར་འགྱུར་བའི་ཚུལ། དྭངས་མ་སོགས་ནང་གི་སྐྱེ་བ་བདུན་པའི་འགྱུར་ཚུལ། སྙིགས་མའི་སྙིགས་མ་ཇི་ལྟར་འདོར་ཚུལ། ཁུ་བའི་དྭངས་སྙིགས་ཀྱི་འགྱུར་ཚུལ་ལོ། །དང་པོ་ནི། དེ་ལ་སྐྱེ་བ་བདུན་པའི་དྭངས་མ་ཞེས་བརྗོད་པའི་ཚུལ་ནི། དང་པོ་སྦྱིན་སྲེག་རྒྱུས་བསྐྱེད་པ་སྟེ། །ཕྱི་རོལ་ཟས་ཀྱི་དངོས་པོ་རྣམས སྲེག་རྫས་ལག་པ་དགང་བླུགས་ཏེ། །ཁར་ནི་ཕུང་པོའི་ལྷ་ལ་མཆོད། །ཕོ་བར་ལས་བྱེད་ལྷ་གསུམ་སྟེ། མེ་མཉམ་རླུང་དང་བད་ཀན་ནི། །མྱགས་བྱེད་མཁྲིས་པ་འགྱུར་བྱེད་གསུམ་གྱིས། །བསྲེགས་བཞུས་སྦྱངས་ནས། གཉིས་པ་ནི། ཕོ་བར་དྭངས་སྙིགས་ཕྱེ་ནས་ཟས་སྐོམ་དེ་ཡི་དྭངས་མ་རྣམས། །མཆིན་པར་རྩ་ཆེན་བཞི་དག་ལ་བརྒྱུད་དེ། ཁྲག་ཆེན་གྱུར་ནས་རྩ་ཀུན་འགྲོ། ཁྲག་གིས་ཁྲག་དེ་ཞག་གཅིག་ལ་དྭངས་སྙིགས་བྱེ་བའི་དྭངས་མ་དེས་ཤ་བསྐྱེད། དེ་ཞག་གཅིག་ལ་དྭངས་སྙིགས་ཕྱེ་བའི་དྭངས་མ་དེ་ལས་ཚིལ། དེ་གོང་བཞིན་ཕྱེ་བའི་དྭངས་ཀྱིས་རུས་པ་དང་། དེའི་དྭངས་ཀྱིས་རྐང་དང་། རྐང་དེ་ཞག་གཅིག་ཏུ་དྭངས་སྙིགས་བྱེ་བའི་དྭངས་ཀྱིས་ཁུ་བ་སྟེ། འདི་ལ་ལུས་ཟུང་དྭངས་མ་སྐྱེ་བ་བདུན་པ་ཞེས་བྱའོ། །གསུམ་པ་ནི། ཟས་སྐམ་ཞག་གཅིག་ཏུ་སྦྱངས་པའི་ཕོ་བར་ཡོད་པའི་སྙིགས་མ་ལས་སྐ་སླ་གཉིས། སྐ་བ་རྒྱུ་མར་བརྒྱུད་ནས་འགྲོ། སླ་བ་རྒྱུ་གྲོགས་ནས་སོང་ནས། ལྒང་པ་ནས་ནི་འབབ་པར་བྱེད། དེ་བཞིན་ཞག་རེ་རེར་དྭངས་མ་རེ་རེ་འཕེལ་བའི་སྙིགས་མ་རྣམས་ཀྱང་རིམ་བཞིན། ཁྲག་སྙིགས་ཀྱིས་མཆིན་པའི་གནས་ལས་མཁྲིས་པ་ནི། བསྐྱེད་ནས་དེ་མཁྲིས་པའི་དྭངས་མས་ལུས་ཀྱི་ཆུ་སེར་དང་། སྙིགས་མ་འོག་ཏུ་འགྲོ་སྟེ། །མཁྲིས་པའི་སྙིགས་དྲི་ཆུའི་ཀུ་ཡ་དང་། །དྲི་ཆེན་དྲི་དང་སེར་པོར་བྱེད། །ཤ་ཡི་སྙིགས་མ་པགས་དྲི་མ། །ཚིལ་སྙིགས་རྨེན་བུར་འགྱུར་བ་སྟེ། རུས་སྙིགས་སོ་དང་སེན་མོ་ཡིན། རྐང་སྙིགས་སྦུབས་ཀྱི་མཆིལ་སྣབས་བཤད། །བཞི་པ་ནི། ཁུ་བ་དེའང་ཞག་གཅིག་དྭངས་སྙིགས་ཕྱེ་བའི་ཁུ་བའི་སྙིགས་མ་འོག་ཏུ་དུང་ཅན་མ་ནས་འབབ་ཅིང་། བ་སྤུ་དང་། དབང་པོའི་སྒོ་ནས་ཕྱེར་འདོར་ཞིང་། དེའི་དྭངས་མ་ཡིས་ལུས་ཀྱི་སྟོབས་དང་ཁ་དོག་བྱེད། གསུམ་པ་དོན་བསྡུ་བ་ནི། །དེ་ནི་སྤྱི་ཙམ་བཤད་པ་ཡིན་གྱིས། བཞི་པ་ཁམས་སུམ་ཅུ་སོ་དྲུག་གི་རྒྱས་བཤད་ལ་གཉིས། དྭངས་མ་བཅུ་གཉིས་ཇི་ལྟར་རྒྱུ་བ་དང་། སྙིགས་མ་ཉི་ཤུ་རྩ་བཞིའི་རྒྱས་བཤད་དོ། །དང་པོ་ལ་གཉིས། བཤད་པ་དངོས་དང་། ཤེས་བྱེད་ཀྱི་ལུང་སྨོས་པའོ། །དང་པོ་ནི། རྫས་ཀྱི་ཐིག་ལེ་རྒྱས་པར་བཤད་ན་དྭངས་སྙིགས་ཀྱི་ཁམས་ནི་སུམ་ཅུ་རྩ་དྲུག ཡན་ལག་གི་རྩ་བཞི་པོ་ནི་མིག་སོགས་ལུས་མ་གཏོགས་པའི་དབང་པོ་བཞི་ཡི་རྣམ་པར་ཤེས་པ་དང་། འབྲེལ་ནས་ཡུལ་གཟུགས་སོགས་འཛིན་པའི་བདག་རྐྱེན་བྱེད་པས། ཡུལ་བཞི་པོ་དེས་ཡུལ་ཅན་རྣམས་ལ་མཆོད་པ་བཞི་ཞེས་བྱའོ། །ཡན་ལག་གི་རྩ་བདུད་བྲལ་ནས་བྱུང་ཁམས་དཀར་ཆ་དེ་ནི། སྟེང་འགྲོ་ལྕེ་ཆུང་དབུས་སུ་ཟུག་པས། ཁམས་ལུགས་ལྡོག་གིས་དཀར་ཆ་འགྲིབ་པར་བྱེད་པའི་རྒྱུ་དེས་ནག་ཕྱོགས་དང་མཐུན་པར་བཤད་ཅིང་། རྩ་འདི་ཡང་ལུས་ཀྱི་རེག་བྱའི་ཁམས་ཀྱི་ཕྱོགས་གཅིག་འབྱུང་གྱུར་གྱི་ཆ་འཛིན་པར་བྱེད་པས། ལུས་ལ་རེག་བྱའི་མཆོད་པར་བཤད་ཀྱང་རུང་། ཞེས་འབྱུང་ངོ་། །རྩ་བའི་རླུང་ལྔ་དང་འབྲེལ་བ་ཡི། དྭངས་མ་ལྔ་ཡི་བྱེད་ལས་ནི། སྔར་ལུས་དང་། རྩ་རླུང་གི་དུས་སུ་བཤད་ཟིན་པ ས་རྟོགས་པར་འགྱུར་ཞིང་། དྭངས་མ་བཅུ་གཉིས་བཤད་བའི་སྐབས་འདིར་ཡང་དབུ་མའི་ཆ་གཉིས་སུ་ཕྱེ་སྟེ། སྟེང་དུ་ཉི་ཟླ་སྒྲ་གཅན་གྱི་རླུང་གསུམ་འོག་ཕྱོགས་སུ། དྲི་ཆེན་དང་དྲི་ཆུ་ཁུ་བ་རྣམ་གསུམ་བརྟེན། ཁྱད་པར་དབུ་མའི་མར་སྣ་དུང་ཅན་མ་ལ་ནི། ཟླ་བ་བཞིན་བཅོ་ལྔ་ཆ་ཡི་ཐིག་ལེ་དཀར་ཆ་ནི། ཡོངས་སུ་གང་བ་དེ་ནི་ལྷན་སྐྱེས་ཀྱི་བདེ་བ་སྐྱེ་བའི་རྩ་དེ་ཉིད་ནི། སྐྱེས་པར་རྡོ་རྗེའི་རྩ་དང་འབྲེལ་ཞིང་། བུད་མེད་ལ་རོ་མ་དང་འབྲེལ་སྟེ། རོ་མས་མར་སྣས་ཁྲག་གི་ཁམས་འཛིན་པར་བྱེད། དེས་སྐྱེས་པ་བུད་མེད་ཁྱད་པར་བྱེད་ཅིང་།ལུས་ཀྱི་དབང་པོའི་མཆོག་སྐྱེད་པར་བྱེད་པའོ། །གཉིས་པ་ནི། དྭངས་མ་བཅུ་གཉིས་ཀྱི་རྒྱུ་ཚུལ་འདི་ནི་ཁ་སྦྱོར་ཐིག་ལེ་ལས། སྙིང་གའི་རྩ་འདབ་བརྒྱད་ལས་ཕྱོགས་བཞི་རུ་འདབ་མའི་རྩ་བཞི་གནས་པ་ནི། འབྱུང་བ་ཆེ་རྣམས་མར་མེའི་དངོས་པོ་ནི། ཡན་ལག་གི་རྩ་བཞི་མཁའ་འགྲོ་མ་བཞི་ཡི་ངོ་བོ་ཡིན་ལ། ཞེས་ཡན་ལག་གི་རྩ་བཞིས་གཟུགས་སྒྲ་དྲི་རོ་བཞི་ཡི་མཆོད་པར་འབུལ་བ་ཞེས་དངོས་བསྟན་དང་། ཤུགས་ཀྱིས་བདུད་བྲལ་མས་ལྕེ་ཆུང་རྒྱུད་དཀར་ཆས་ཕྱེས་ལ་འདྲེན་པ་དང་། ལུས་ཀྱི་རེག་བྱའི་ཕྱོགས་གཅིག་འཛིན་པས། རེག་བྱའི་མཆོད་པ་འབུལ་བར་བཤད་པ་ཡིན། ཞེས་རང་འགྲེལ་ཏུ་གསལ། མཚམས་གྱི་རྩ་བཞིར་བདུད་རྩི་ལྔ་འབབ་གནས་ཞེས་པ་ནི། རྩ་བའི་རླུང་དང་། བྱང་ཆུབ་ཀྱི་སེམས་འབབ་པ་རྣམས་ཡིན་ལ། དེ་རྣམས་ནི་དེར་དཀྱིལ་འཁོར་གྱི་མཚམས་བཞིར་བུམ་པར་བརྟེན་པའི་ཐོད་པ་བཞི་སྟེ། མཆོད་པ་བཞི་ཞེས་བཤད། དྭངས་མ་བཅུ་གཉིས་རྒྱུ་ཚུལ་བཤད་པའི་སྐབས་འདིར་ནི། བྱེ་བྲག་ཏུ་ལུས་ཀྱི་སྙིང་དབུས་སུ། རྩ་ལྔ་པོ་ནི་ཡང་དག་གནས། ཞེས་བཤད་པ་ནི་སུམ་སྐོར་མ་སོགས་ཡིན་ནོ། །གཉིས་པ་སྙིགས་མ་ཉི་ཤུ་རྩ་བཞིའི་རྒྱས་བཤད་ལ་གཉིས། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། རྟེན་རྩ་ཆེན་ཉེར་བཞིར་སྙིགས་མའི་ཁམས་རྣམས་བརྟེན་པས། དེ་རྣམས་ཀྱི་རྟེན་དང་། བརྟེན་པ་རྣམས་བཤད་ན། མཁའ་སྤྱོད། ས་སྤྱོད། ས་འོག་སྤྱོད་དེ། སྐུ་གསུང་ཐུགས་ཀྱི་འཁོར་ལོའི་བྱེ་བྲག་གིས་ཕྱེ་བའི་ཡུལ་ཉི་ཤུ་རྩ་བཞི་ནང་ལུས་ཀྱི་དག་པར་སྦྱང་བའི་དབང་གིས་ཉེ་བར་བརྗོད་ན། ནང་དུ་ཐིག་ལེ་དང་། ཕྱིར་མཁའ་འགྲོ་མ་རྣམས་རྟག་ཏུ་རྒྱུ་ཞིང་གནས་པ་དང་། རེས་འགའ་རྒྱུ་ཞིང་གནས་པའི་དབང་གིས་གནས་སོགས་བྱེ་བྲག་ལ་བརྟེན་ནས། གནས་དང་། ཉེ་བའི་གནས་སོགས་སུ་ནི་ཉེ་བར་བརྗོད་པ་ཡིན་ནོ། །དེ་ནས་ཕྱིའི་གནས་སུ་ཡུལ་ཉེར་བཞི་དང་། ནང་གི་གནས་སུ་རྩ་ཉེར་བཞི་པོ་དེ་རྣམས་ལས་བྱུང་བ་སྟེ། དེར་གནས་པའི་སྙིགས་མའི་ཁམས་ནི་ཉི་ཤུ་རྩ་བཞི་པོ་རྣམས་དཔའ་བོ་མཁའ་འགྲོ་ཉེར་བཞི་པོ་དང་སྦྱར་ནས་བཤད་པར་བྱ་སྟེ། སྔར་བཤད་རྩ་ཉེར་བཞི་པོ་དང་སྦྱར་ནས། ཕྱི་ནང་གི་རྟེན་བརྟེན་པའི་ཚུལ་དང་བཅས་པ་བཤད་པ་ནི། གཉིས་པ་ལ་ལྔ། གནས་དང་ཉེ་གནས། ཞིང་དང་ཉེ་ཞིང་། ཚནྡྷོ་ཉེ་ཚན། འདུ་བ་ཉེ་འདུ། དུར་ཁྲོད་ཉེ་བའི་དུར་ཁྲོད་དོ། །དང་པོ་ལ་གཉིས། གནས་བཤད་པ་དང་། ཉེ་བའི་གནས་བཤད་པའོ། །དང་པོ་ནི། རྩ་མི་ཕྱེད་མ་ནང་གི་གནས་མགོ་བོ་དང་། ཕྱིའི་ཡུལ་པུལླི་ར་ཡིན་ཏེ། དཔའ་བོ་ཐོད་པའི་དུམ་བུ་དང་། རབ་གཏུམ་མ་ཡབ་ཡུམ་བཞུགས་པ་བཞིན་རླུང་སེམས་ཐིག་ལེ་མཁའ་འགྲོ་ཡབ་ཡུམ་དུ་བཞུགས་ཤིང་། སྙིགས་མའི་ཁམས་ཀྱིས་སོ་དང་སེན་མོ་འབབ་པར་བརྗོད། དེ་བཞིན་ཕྲ་མོ། གནས་སྤྱི་བོ་དང་། ཡུལ་ཛཱ་ལནྡྷ་ར་སྟེ། དེར་རླུང་སེམས་དང་། ཐིག་ལེ་རྣམས་ཀྱི་དྭངས་མ་མཁའ་འགྲོ། སྙིགས་མས་ནི་དེ་བཞིན་སྐྲ་དང་ཁ་སྤུ་འབབ། རྩ་རྩེ་བ་མ་ནི་ནང་གནས་རྣ་བ་གཡས་དང་། ཕྱིའི་ཡུལ་ཨཽཌྲན་ཏེ། །རྣ་གཡས་བརྟེན་ཏེ། དྭངས་མའི་ཐིག་རླུང་དཔའ་བོ་ཡབ་ཡུམ་བཞུགས་ཤིང་། སྙིགས་མས་ནི་པགས་པ་འབབ། རྩ་གཡོན་པ་མ་ནི། ནང་གནས་ལྟག་པ་དང་། ཕྱིའི་ཡུལ་ཨརྦུ་ཏ། དྭངས་མ་དཔའ་བོ་ཡབ་ཡུམ་དང་། སྙིགས་མས་རྒྱབ་སོགས་ཤ་རྣམས་འབབ་པའོ། །རྩ་དེ་རྣམས་ལ་དཀར་ཆ་རྟག་ཏུ་གནས་ཤིང་། ཡུལ་དེ་རྣམས་སུ་མཁའ་འགྲོ་རྟག་ཏུ་གནས་པས་གནས་ཞེས་བརྗོད། གཉིས་པ་ནི། ཕྱིའི་ཡུལ་གཽ་ད་ཝ་རཱིའམ། བ་ལང་གི་མཆོག་ཅན། ནང་གི་གནས་རྩ་ཐུང་ངུ་མ་སྟེ། རྣ་བ་གཡོན་ཕྱོགས། དྭངས་མ་མཁའ་འགྲོ། སྙིགས་མ་ནི་རུས་པ་བསྐྱེད་པའི་ཁམས་རྣམས་འབབ། ཕྱིའི་ཡུལ་རཱ་མེ་ཤྭ་རའམ། དགའ་བའི་དབང་ཕྱུག །ནང་གི་རྩ་རུས་སྦལ་སྐྱེས་སྟེ། སྨིན་ཕྲག་ཏུ་དྭངས་མ་མཁའ་འགྲོ། སྙིགས་མ་ནི་རུས་པའི་ཕྲེང་བ་འབབ་བ་ཡིན། ཕྱིའི་ཡུལ་དེ་ཝཱི་ཀོ་ཊིའམ་ལྷ་མོའི་རྫོང་། ནང་གནས་རྩ་སྒོམ་པ་མོ། གནས་མིག་གི་ཕྱི་རོལ། དྭངས་མ་མཁའ་འགྲོ་དང་། སྙིགས་མ་ནི་མཆིན་པའི་ཤ་ཀུན་བསྐྱེད་པ་ཡིན། ནང་རྩ་དབང་བསྐུར་མ་དཔུང་པ་ནས་ཕྲག་པར་འབྲེལ་བ། ཕྱིའི་ཡུལ་མཱ་ལ་ཝའམ། ཕྲེང་ཅན་མ་ཞེས་བྱ། དྭངས་མ་མཁའ་འགྲོ། སྙིགས་མས་སྙིང་གི་ཤ་བསྐྱེད་པར་བྱེད་པ་སྟེ། དེ་རྣམས་སུ་ནང་དུ་ཐིག་ལེ་རེས་རྒྱུ། ཕྱིར་མཁའ་འགྲོ་རེས་ཚོགས་པས་རྟག་ཏུ་ཉེ་བའི་གནས་ཞེས་བརྗོད། དེ་བཞིན་ཏུ་ཕྱིའི་ཡུལ་སོ་སོ་དང་། ནང་གི་གནས་སོ་སོར་སྦྱར། ཕྱིའི་ཡུལ་གྱི་དཔའ་བོ་ཡབ་ཡུམ་དང་། ནང་གི་ཐིག་རླུང་གི་དྭངས་མ་དཔའ་མོ་ཡབ་ཡུམ་ཏུ་བཞུགས་ཤིང་། སྙིགས་མས་ཁམས་སོ་སོར་བསྐྱེད་པ་རྣམས་སྦྱོར་རོ། །གཉིས་པ་ཞིང་དང་ཉེ་ཞིང་བཤད་པ་ནི། རྩ་སྐྱོན་མ་ཞེས་བྱ་མཆན་འོག་གཉིས་སུ་ཡོད་པ་ནས་མིག་འབྲས་དང་འབྲེལ། ཀཾ་རུ་སྟེ། འདོད་པའི་གཟུགས། མིག་འབྲས་ཤ་རྣམས་འབབ་པ་ཡིན། རྩ་མཇུག་མ་ནི་ནུ་བར་ན་ཡོད། ཨོ་ཊི་ཡ་ཡིན་ཏེ། ནུ་མཚམས་ནས་བརྒྱུད་མཁྲིས་པ་བསྐྱེད། རྩ་མ་མོ་ནི་ལྟེ་བ་ནའོ། ཏྲི་ཤ་ཀུ་ན་སྟེ། དགེ་མཚན་གསུམ། གློ་བ་བསྐྱེད་པར་བྱེད་པའོ། །རྩ་མཚན་མོ་ཞེས་བྱ་རྒྱུ་མ་ནས་སྣ་རྩེར་འབྲེལ་བ་ཡོད། ཀོ་ཤ་ལའམ་དགེ་བ་ཅན། རྒྱུ་མའི་ཕྲེང་བ་འབབ་པར་བྱེད། རྩ་གནས་སྔ་མ་གཉིས་ནས་ཁམས་དང་། ཚོགས་ལ་ལོངས་སྤྱོད་ཅིང་། ཕྱི་མ་གཉིས་རེས་སྤྱོད་པས་ལོངས་སྤྱོད་ཞིང་དང་ཉེ་ཞིང་བརྗོད། གསུམ་པ་ཚནྡྷོ་དང་ཉེ་ཚན་བཤད་པ་ནི། རྩ་བསིལ་སྦྱིན་ཀ་ལིངྐ་ཡིན་ཏེ། ཁ་དང་འགྲམ་པ་སྟ་ཟུར་སོགས་ནས་འབྲེལ་ཞིང་གྲོད་པ་བསྐྱེད། རྩ་ཚ་བ་མ་ནི་མགྲིན་པ་ནས་ལྟེ་བར་གནས། ལམྦཱ་ཀའམ་འཕྱང་བ་ཅན། རྩ་འདི་ཡན་བཅུ་བཞི་པོ་ནི། གཡོན་རྐྱང་མའི་ཆར་སྐྱེས་པའི་ཤེས་རབ་རང་བཞིན་དང་། འདི་མན་གཡས་རོ་མ་ལས་སྐྱེས་པའི་ཐབས་ཀྱི་རང་བཞིན་གྱི་རྩ་བཅུ་པོ་རྣམས་ཡིན། ལྟོ་བ་གཉེར་མ་བསྐྱེད་པ་ཡིན། རྩ་གཞོལ་མ་སྙིང་ག་ནས་བཤང་ལམ་དུ་འགྲོ་བ། ཀཱཉྩྨིར་བཤད་པ་སྟེ། བཤང་བ་འབབ་པའི་བདག་རྐྱེན་བྱེད། རྩ་རངས་མ་ཚོགས་མ་དང་ལྒང་པར་འབྲེལ། ཧི་མཱ་ལ་ཡའམ་གངས་ཅན་སྟེ། མཚམས་དབུས་འགེངས་པའི་རྒྱུངས་པ་འབབ། དྭངས་སྙིགས་འདྲེས་པར་གནས་པས་ན། གནས་རྩ་སྔ་མ་གཉིས་ན་ལྷ་དང་དྭངས་སྙིགས་ཀྱི་རྒྱུན་རྟག་པར་འབབ་པས་ན་ཙྪནྡྷོ་དང་། ཉེ་བའི་ཙྪནྡྷོར་བཤད། བཞི་པ་འདུ་བ་དང་ཉེ་འདུ་བཤད་པ་ནི། པྲེ་ཏ་པུ་ར་ཙ་གཟུགས་ཅན་མ་མཚན་མར་གནས། །རྟག་ཏུ་རྣག་ནི་འབབ་པ་ཡིན། །གྲྀ་ཧ་དེ་ཝའམ་ཁྱིམ་གྱི་ལྷ། རྩ་ཐུན་མོང་མ་བཤང་ལམ་དུ་གནས། བད་ཀན་འབབ་པར་བྱེད་པའོ། །རྩ་རྒྱུ་སྐྱིན་བརླ་ཟུར་སཽ་རཥྚའམ། ཡུལ་འཁོར་བཟང་པོ་སྟེ། ཞག་གི་ནུས་པ་བསྐྱེད་པར་བྱེད། །སྭརྑ་དྭཱི་པའམ་གསེར་གླིང་། རྩ་སྦྱོར་བྲལ་མ་བྱིན་པ་ལ་གནས། །རྟག་ཏུ་རྡུལ་ནི་འབབ་བར་བྱེད། གནས་དང་། རྩ་སྔ་མ་གཉིས་ལ་ཚོགས་དང་། དྭངས་སྙིགས་རྟག་ཏུ་འདུ་ཞིང་། ཕྱི་མ་གཉིས་ལ་རེས་འདུ་བས་འདུ་དང་། ཉེ་འདུར་གསུངས། ལྔ་པ་དུར་ཁྲོད་དང་ཉེ་ཁྲོད་བཤད་པ་ནི། རྩ་སྡུ་གུ་ཞེས་བྱ་རྐང་པའི་སོར་མོར་གནས། ནཱ་ག་ར། ཚིལ་ནི་འབབ་པར་བྱེད་པ་ཡིན། །རྩ་གྲུབ་མ་ཞེས་བྱ་རྐང་བོལ། སིན་དྷུར་བརྗོད། མཆི་མ་སྐྱེད་པར་བྱེད་པ་ཡིན། །མ་རུའམ་མྱ་ངམ་གྱི་ཡུལ་གྲུ་ཞེས་བྱ། རྩ་འཚེད་མ་སྟེ་རྐང་པའི་མཐེ་བོང་ལ། །ལུད་པ་མཆིལ་མ་བསྐྱེད་ཅིང་འབབ། ཀུ་ལུ་ཏའམ་རིགས་ཉིད་ནི། རྩ་ཡིད་བཟང་སྟེ་པུས་མོའི་ག་ཉ་འགོད་ན། །རྟག་ཏུ་སྣ་ཆུ་འབབ་པ་ཡིན། གནས་དང་། རྩ་སྔ་མ་གཉིས་ལ་མཁའ་འགྲོ་རྟག་ཏུ་འདུ་ཞིང་། སྙིགས་མ འི་ཁམས་རྟག་ཏུ་འདོར་ཞིང་རྣམ་རྟོག་གཅོད་པ་དང་། བདེ་བ་མེད་ཅིང་། ཕྱི་མ་གཉིས་རེས་འདུ་ཞིང་གཅོད་པས་ན། །བདེ་མེད་དུར་ཁྲོད་དེ་ཉེ་བའོ། །ལྔ་པ་དཀར་ཆའི་འཕོ་བའི་རིམ་པ་དང་བཅས་པ་བཤད་པ་ལ་གཉིས། ཁམས་བདུན་ཅུ་རྩ་གཉིས་པའི་འབྱུང་ཚུལ་སྤྱིར་བསྟན་པ་དང་། ཐིག་ལེ་དྭངས་མའི་འཕོ་བ་ཁྱད་པར་དུ་བཤད་པའོ། །དང་པོ་ལ་གཉིས། ཁམས་བདུན་ཅུ་རྩ་གཉིས་ཀྱི་འགྱུར་ཚུལ། ཁམས་བདུན་ཁྲི་ཉིས་སྟོང་ད་ལྟ་གནས་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་རྩ་ཉེར་བཞིར་འབབ་བའི་ཁམས་ནི་ཉི་ཤུ་རྩ་བཞི་པོ། རེ་རེ་ལ་ཡང་ཐིམ་པ་ནི་བྱ་བ་རྫོགས་པའི་སྙིགས་མར་གྱུར་པ་སྟེ་འདས་པ་དང་། ལོངས་སྤྱོད་དྭངས་མ་དཀར་ཆ་ལས་བྱེད་བཞིན་པ་ཡིན་པས་ད་ལྟ་བ་དང་། མ་འོངས་པ་ན་དེ་སྐྱེད་པར་བྱེད་པས་བདག་པོ་ནི། དྭངས་སྙིགས་གཉིས་ཀའི་རྩ་བ་རླུང་ཁྲག་འདྲེས་པའི་རང་བཞིན་ནོ། །གཉིས་པ་ནི། རྩ་ཉེར་བཞི་པོ་རེ་རེའང་སྟོང་ཕྲག་གསུམ་གསུམ་དུ་ཕྱེ་བས་བདུན་ཁྲི་ཉིས་སྟོང་ཡོད་སྟེ། དེར་ཡང་ཐིམ་པ་རླུང་དང་། ལོངས་སྤྱོད་པ་དཀར་ཆ་དང་། བདག་པོར་གྱུར་པ་དམར་ཆ་དང་། གསུམ་གསུམ་རེར་ཡང་རྩེ་སྟོང་ཕྲག་ཉེར་བཞི་རེ་ཡོད་པ། བསྡོམས་པས་རྩ་བདུན་ཁྲི་ཉིས་སྟོང་གི་བདག་ཉིད་ཅན། དེ་རྣམས་བ་སྤུ་བྱེ་བ་ཕྲག་བརྒྱའི་མཐར་ཐུག་ཀུན་ཏུ་ཁྱབ་པར་བཤད་དོ། །གཉིས་པ་ཐིག་ལེའི་དྭངས་མའི་འཕོ་བ་ཁྱད་པར་བཤད་པ་ལ་གཉིས། འཕོ་བའི་རིམ་པ་དང་། འཕོས་པའི་བྱེད་ལས་སོ། །དང་པོ་ནི། ཁམས་བདུན་ཁྲི་ཉིས་སྟོང་ལས་ཁྱད་པར་དཀར་ཆའི་དྭངས་མ་ཟླ་བ་ལྟ་བུ་དེ་ནི། སྤྱི་བོ་ནས་ནི་བཅུ་དྲུག་རྩ། རེ་རེར་འབྱུང་ཆུང་གིས་དབྱེ་བས་ས་ཡི་ས། ཆུ་ཡི་ཆུ་སོགས་ཡོན་ཏན་གྱི་ཁམས་བཞི་དང་ལྡན་པ་ཡི་རྩ་འདབས་ཐབས་ཤེས་གཅིག་ཏུ་བསྡོམས་པར་བཅུ་དྲུག་ཡོད་པ་ལས། ཐིག་ལེ་ཡང་ཆ་བཅུ་དྲུག་མགྲིན་པར་འབབ། །བཅུ་དྲུག་རིམ་པར་བདེ་བ་སྨིན་པས། མགྲིན་པར་དེའི་ཕྱེད་བརྒྱད། སྙིང་གར་དེའི་ཕྱེད་བཞི། ལྟེ་བར་གཉིས་དབང་སྟེ། དེ་ན་ཆ་གཅིག་ལ་ཐིག་ལེ་ཅན་སྟེ། ཆ་གཅིག་པུ་དེ་ཨ་ཤད་ཀྱི་མེ་ལ་གཅིག་ཏུ་འབབ་པས་ན། དུང་ཅན་མར་གནས་པའི་བར་དུ་བདེ་བ་བསྐྱེད་ཅིང་། མཐར་ནི་ཕྱིར་འཛག་པར་བྱེད། གཉིས་པ་ནི། ལུས་ཅན་ཀུན་གྱི་སྙིང་དགའ་བས་ན་སྟེ། ཁམས་འཕོ་ཁར་ལུས་ལ་འཕེལ་བས། སྙིང་དགའ་བར་བྱེད་ལ། དེའི་ཕྱིར་འདོད་ཆགས་བསྐྱེད་ཅིང་། ཆགས་པའི་དབང་གིས་ཡེ་ཤེས་ངོ་མ་ཤེས་ཏེ། ཤིན་ཏུ་རྨོངས་པར་བྱས་ཏེ་གཏི་མུག་བསྐྱེད། འཛག་ནས་ཆགས་པ་དང་བྲལ་ཏེ། སྡང་སེམས་སྐྱེ་སྟེ། དུག་གསུམ་ནི་འཁོར་བ་བསྐྱེད་བྱེད་གཞིར་གྱུར་ཏོ། །བཞི་པ་གཉེན་པོའི་ཐིག་ལེ་འཆིང་བའི་རིམ་པ་ལ་གསུམ། གང་གིས་འཆིང་བ། འཆིང་བའི་རིམ་པ། བཅིངས་པའི་འབྲས་བུའོ། །དང་པོ་ནི། དེ་ལྟ་བས་ན་རྒྱལ་བས་གསུངས་བཞིན་འཕོ་མེད་བཅིངས་པའི་ཐབས་ལ་འབད་པ་དང་ལྡན་པས། འབད་ན་ཁམས་འཛག་བྲལ་དངུལ་ཆུ་ལྟ་བུར་ནི་འཆིངས་ནུས་པ། དཔེར་ན། དངུལ་ཆུ་བཙོ་བཀྲུ་དང་ལྡན་པའི་མེས་བཅིངས་ན། ལེགས་པར་འཆིངས་ནུས་པ་བཞིན། ལས་ཆོས་ཡེ་ཤེས་ཀྱི་ཕྱག་རྒྱ་གསུམ་གྱི་མེས་ཁམས་འཕོ་མེད་དུ་བཅིངས་ན། གཉིས་པ་ལ་གཉིས། མཐོང་ལམ་ཐོབ་བྱེད་ཀྱི་རིམ་པ་དང་། སྒོམ་ལམ་བགྲོད་བྱེད་ཀྱི་རིམ་པའོ། །དང་པོ་ནི། རྒྱལ་མཚན་སྟེ། ནོར་བུའི་རྩ་བཞི་འཕོ་མེད་ཀྱི་རྟེན་དུ་དག་པ་རུ་གྱུར་སྟེ། ཁམས་བཅིངས་པས་དུས་སྦྱོར་གཅིག་གི་རླུང་འགགས་པས་བདེན་པ་མཐོང་ཞིང་དོན་ལ་མངོན་དུ་སྦྱོར་ཞིང་། ས་དང་པོ་མཐོང་ལམ་ཐོབ་པར་བྱེད་དོ། །གཉིས་པ་ནི། དེའི་རྗེས་སུ་རྗེས་དྲན་བཅུ་དྲུག་དང་ལྡན་པས། ཐིག་ལེ་འཕོ་མེད་དུ་བརྟན་པར་བྱས་བས་རང་བཞིན་གྱི་ཁམས་དེ་གྱེན་ལ་འགྲོ་བ་ཡིན་སྟེ། དེ་ལྟར་སོང་བས་ནོར་བུ་ནས་གཙུག་ཏོར་བར། ལས་རླུང་རིམ་པར་འགགས་ཤིང་། །ས་ནི་བཅུ་གཉིས་རིམ་པ་ལྟར། ཐོབ་པར་བྱེད་ལ། གསུམ་པ་འབྲས་བུ་ལ་གཉིས། གནས་སྐབས་ཀྱི་འབྲས་བུ་དང་། མཐར་ཐུག་གི་འབྲས་བུའོ། །དང་པོ་ནི། །མས་བརྟན་གྱི་དགའ་བ་བཅུ་དྲུག་ནི། མཐར་གཙུག་ཏོར་གྱི་རྩེར་སོན་ནས་ཁམས་དང་ལྷན་ཅིག་དུག་གསུམ་གྱི་རྣམ་རྟོག་ཀྱང་འཆིང་ཞིང་། ཡེ་ཤེས་སུ་དག་ནས། །རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཏུ་འགགས་ཤིང་དག་ནས། གཉིས་པ་ནི། གཞི་དུས་ཀྱི་ཁམས་དཀར་དམར་དག་པས་འབྲས་དུས། ལུས་ཀུན་མཚན་དཔེའི་མེ་ཏོག་རྒྱས་ཤིང་། །སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་བོ་ཅེས། །བཅོམ་ལྡན་དེ་ཉིད་གཟིགས་པས་གསུངས། །ལྔ་པ་ཞར་ལ་སྐྱོན་བསལ་བ་བསྟན་པ་ལ་གསུམ། སྐྱོན་གྱི་གཞི་ངོས་བཟུང་བ། དེས་སྐྱོན་བྱེད་པའི་རྒྱུ་མཚན། སྐྱོན་དེ་བསལ་བའི་ཐབས་སོ། །དང་པོ་ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་ནི། ཁམས་ཀྱི་སྙིགས་མ་ཕལ་ཆེར་ནད་བསྐྱེད་པ། གཉིས་པ་ནི། ཀླད་པ་དཀར་ཆའི་སྙིགས་མས་བད་ཀན་བསྐྱེད་པ་ཡིན་ཏེ། དེ་ནི་སྟེང་དུ་གནས་ཀྱང་ས་དང་ཆུ་ཡི། །རང་བཞིན་ཐུར་ལ་འབྱུང་བ་སྨད་ནད་བསྐྱེད་སྟེ། སྒྲ་གཅན་གྱི་སྙིགས་མས་བསྐྱེད་པའི་རླུང་ནད་ནི་ལྟེ་བ། གསང་བ་སོགས་སུ་གནས་ཀྱང་རླུང་རང་བཞིན། འོག་ཏུ་གནས་ཀྱང་གྱེན་ལ་འགྲོ་ཞིང་སྟོད་ནད་བསྐྱེད་ལ། དམར་ཆས་བསྐྱེད་བའི་སྙིགས་མའི་མཁྲིས་ཁྲག་མཆིན་པ་རྟེན་བར་གནས་ཀྱང་། གྲོགས་རླུང་དང་ལྡན་ན་མེ་བཞིན་གྱེན་དུ་འབར་ཞིང་སྟོང་ནད་བསྐྱེད་ལ། གྲོགས་བར་ལྡན་ཆུ་བཞིན་འོག་ཏུ་འགྲོ་ཞིང་སྨད་ནད་བསྐྱེད་དོ། །ནད་དེ་དུག་གསུམ་གྱི་རྩ་བ་ཅན་ཡིན་སྟེ། བད་ཀན་གཏི་མུག་གི་རང་བཞིན་དང་ལྡན་པ་ཡི་ནད་སྟེ། མཁྲིས་པ་ཞེ་སྡང་ལྷན་ཅིག་པ་ཉིད་ཀྱིས་བསྐྱེད། རླུང་དང་འདོད་ཆགས་ལྡན་པས་རླུང་ནད་བསྐྱེད་དེ། དེས་ནི་ཀུན་གྱི་གྲོགས་བྱེད་དོ། །གསུམ་པ་ནི། ཆུ་མེ་རླུང་གསུམ་གྱིས་ནད་བསྐྱེད་པར་བྱེད་ཅིང་། ལུས་འཇིག་པར་བྱེད་པའི་རྒྱུ་ཡིན་ཏེ། །གཉིས་པ་དེས་སྐྱོན་བྱེད་པོར་རྒྱུ་མཚན་ནི། ལུས་ལ་ནད་བྱེད་པ་ཙམ་དུ་མ་ཟད། སེམས་ལ་ཡང་དགའ་བ་དང་། བདེ་དང་རྟོག་དཔྱོད་དེ་རྟོག་པ་གཡོ་བ། གསུམ་གྱིས་བསམ་གཏན་སྐྱོན་ཡིན་ལ། དེ་ལྟ་བུ་ཡི་རྒྱུ་སྐྱོན་གསུམ་པོ་དེ་ཡིས། བསམ་གཏན་གསུམ་པ་མན་གྱི་འཇིག་རྟེན་འཇིག་གོ །གསུམ་པ་སྐྱོན་དེ་བསལ་བའི་ཐབས་ནི། ཕྱི་རོལ་མཁའ་ཡིས་གོ་འབྱེད་པ་དང་ས་ཡིས་ནི་རྟེན་བྱེད་པ་དེ་གཉིས་ཀྱི། ཕྱི་ནང་གི་སྣོད་བཅུད་གཉིས་གཉིས་ཀྱི་རྟེན་བྱེད་ཅིང་སྐྱོན་ནི་མེད་པ་ཡིན་པས། དེ་ཕྱིར་མཁས་པས་ནང་གི་ནམ་མཁའི་ཁམས་དང་། ས་ཁམས་དེ་གཉིས་ཀྱི། གནང་ཤེས་པར་བྱས་ནས། རླུང་མེ་ཆུ་གསུམ་པོའི་སྐྱོན་གཞོམ་པར་བྱའོ། །གསུམ་པ་མཇུག་བསྡུ་བ་ལ་གཉིས་ལེའུ་འདི་ཉིད་ཀྱི་དོན་བསྡུ་བ་དང་། ལེའུ་གསུམ་གྱི་ཐུན་མོང་བའི་དོན་བསྡུའོ། །དང་པོ་ལ་གཉིས། སྐྱོན་ཡོན་བསྟན་པས་དོན་བསྡུ་བ་དང་། དགོས་པ་བསྟན་པས་དོན་བསྡུ་བའོ། དང་པོ་ནི། དེ་ལྟར་རྫས་སྔགས་རླུང་གསུམ་གྱི། ཐིག་ལེ་མ་རིག་དང་འབྲེལ་བས་ན། འཛག་པ་དང་བཅས་པས་འཁོར་བ་ཉོན་མོངས་པ་བསྐྱེད་པར་བྱེད་པའི་གཞིར་གསུངས་པ་ཡིན་སྟེ། དེ་འཕོ་མེད་དུ་འཆིངས་པའི་ཐབས་ཀྱིས་གདམས་ངག་གིས་ཟིན་པས་ན། འཁོར་བ་འཇོམས་པའི་གཉེན་པོར་བཤད་དོ། །གཉིས་པ་ལ་གཉིས། མཚམས་སྦྱར་བ། རྫས་སྔགས་རླུང་གི་ཐིག་ལེ་བསྒོམ་པའི་དགོས་པའོ། །དང་པོ་ནི། འཆིང་བྱེད་རྫས་སྔགས་རླུང་གི་ཐིག་ལེ་གསུམ་པོ་སྦྱང་གཞི་གསུམ་དང་སྦྱར་ནས། སྒོམ་པར་བྱེད་པའི་རྒྱུ་མཚན་ཡང་། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །གཉིས་པ་ནི། མི་གང་ཡུན་རིང་ཆགས་ཆེན་དབང་སོང་བས། འདོད་ཁམས་ཀྱི་སྲིད་པ་དང་། གཟུགས་དང་། གཟུགས་མེད་ཀྱི་སྲིད་པ་གསུམ་དུ་སྐྱེས་པ་རྣམས། དེ་དག་གྲོལ་བའི་དོན་དུ་ནི། དཀར་དམར་རྫས་ཀྱི་ཐིག་ལེ་སྒོམ་པར་གསུངས་པ་ཡིན། གང་ཞིག་ཞེ་སྡང་ཆེན་པོའི་དབང་སོང་བས། མི་གང་མི་སྲུན་པ་ཡི་ལུས་ཅན། ཤ་ཟ་སྲིན་པོ་སོགས་སུ་སྐྱེ་བ་དེ་རྣམས་མྱུར་དགྲོལ་དོན་དུ། ཀུན་བརྟགས་བསྐྱེད་རིམ་སྔགས་ཀྱི་ཐིག་ལེ་གསུངས་པ་ཡིན། གང་ཞིག་གཏི་མུག་ཆེན་པོས་ཀུན་ནས་འཁྲུལ་པར་གྱུར་པ་རྣམས་གྲོལ་དོན་དུ། སྲིད་པ་གསུམ་ལས་སྐྱོབ་ཅིང་། རིལ་བུ་སོགས་དངོས་གྲུབ་འབྲས་བུ་བརྒྱད། ཐོབ་ཕྱིར་དང་། རྣམ་ཀུན་མཆོག་ལྡན་ཡེ་ཤེས་འབྲས་བུ་ནི་མངོན་ཏུ་སྣང་བའི་ཕྱིར། །རླུང་གི་ཐིག་ལེ་གསུངས་པ་ཡིན། །གཉིས་པ་ལེའུ་གསུམ་གྱི་ཐུན་མོང་བའི་དོན་བསྡུ་ནི། དེ་ལྟར་རྩ་རླུང་ཐིག་ལེ་གསུམ་སྔ་མ་ལས་ཕྱི་མ། གཅིག་ལ་གཅིག་རྟེན་ཅིང་འབྲེལ་བར་སྣང་བ་ནི། ལྷན་སྐྱེས་ཡེ་ཤེས་ཀྱི་རྟེན་གྱུར་རྡོ་རྗེའི་ལུས་ཀྱི་གནས་ཚུལ་ལོ། །ཞེས་གསུངས་སོ། གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་གསལ་བར་བྱེད་པ་ལས། ཐིག་ལེ་གསུམ་བསྟན་པ་སྟེ་ལྔ་པའོ།། །།དེ་ལྟར་རྩ་རླུང་ཐིག་གསུམ་གྱི་རྒྱུ་བ་ལ་བརྟེན་ནས། གནས་སྐབས་བཞི་འབྱུང་བ་ཡིན་ལ་དེ་བཞིར་བརྟེན་པའི་རྣམ་ཤེས་དང་། ཡེ་ཤེས་ཀྱི་འབྲེལ་ཚུལ་འཆད་པ་ལ་གཉིས། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད་དོན་བསྡུའོ། །དང་པོ་ནི། དེ་ནས་རྣམ་ཤེས་ཚོགས་བརྒྱད་དང་། གནས་སྐབས་བཞི། ཡེ་ཤེས་བཞི་སོགས་འབྲེལ་བ་ཡི་ཚུལ། མདོར་བསྡུས་རིགས་པ་བཤད་པར་བྱ། གཉིས་པ་རྒྱས་པར་བཤད་པ་ལ་ལྔ། སྤྱིར་བསྟན་པ་དང་། གཉིད་འཐུག་པོའི་གནས་སྐབས། རྨི་ལམ་གྱི། ཆགས་པའི། ཐ་མལ་གྱི་གནས་སྐབས་རྒྱས་པར་བཤད་པའོ། །དང་པོ་ནི། ཐོག་མར་ལུས་བསྐྱེད་ཚུལ་གོང་དུ་བཤད་ཅིང་། སྐྱེས་ནས་ད་ལྟ་ལུས་གནས་དུས་གནས་སྐབས་བཞི་ཡིན་ཏེ། གཉིད་དང་རྨི་ལམ་སྙོམས་འཇུག་དང་། ཐ་མལ་སད་པའི་དུས་དང་རྣམ་པ་བཞི་པོ་དེ། དྲི་མས་མ་དག་སྐུ་བཞིའི་གནས་སྐབས་ཡིན་ལ། གཉིས་པ་ལ་གཉིས། དག་མ་དག་གི་ངོ་བོ་དང་། དྲི་མ་ཇི་ལྟར་སྦྱོང་བའི་རིམ་པའོ། །དང་པོ་ནི། དེ་ཡང་གཞི་ལམ་འབྲས་བུར་སྦྱར་ཚུལ་གྱི་དབྱེ་བ་རྣམ་པ་མང་བཤད་ཀྱང་། གཉིད་དུས་ཚོགས་བརྒྱད་ལས་ཀུན་གཞི་གཙོ་བོ་སྟེ། གནས་ཡུལ་སྙིང་ག་ཆོས་ཀྱི་འཁོར་ལོར་གནས། ཚོགས་དྲུག་གི་རྒྱུ་བ་མི་གསལ་བ་ཀུན་གཞི་ལ་གཅིག་ཏུ་བསྡུས་པའི་ཚུལ་གྱི་གནས་ཤིང་། གཉིད་མཐུག་གི་འཁྲུལ་པ་དེ་དག་ན་འོད་གསལ་བའི་འབྲས་བུ་ནི་མངོན་དུ་བྱེད་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་ཀྱང་བྱ་སྟེ། །ཆོས་སྐུ་སྤྲོས་བྲལ་ངོ་བོ་ཉིད་ཆོས་དབྱིངས་ཡེ་ཤེས་ཀྱང་མངོན་ཏུ་འགྱུར་རོ། །གཉིས་པ་དྲི་མ་ཇི་ལྟར་སྦྱང་བའི་རིམ་པ་ལ་གཉིས། སྦྱང་བྱ་དང་། སྦྱོང་བྱེད་དོ། །དང་པོ་ནི། དེའི་གནས་སྐབས་སུ་ཀུན་གཞི་ལ་བག་ཆགས་མ་ལུས་པ་བརྟེན་ཀྱང་། དེ་ཉིད་རང་གི་རང་མི་རིག་སྟེ། དམིགས་ཆོས་རྣམས་མངོན་ཏུ་མི་གསལ་ཞིང་། བདུན་པའི་ཡིད་ཀྱིས་འདུ་བྱེད་གཡོ་བའི་རྐྱེན་ཀུན་གཞི་ལ་ཡོད་པའི་ཕྱིར། གནས་སྐབས་དེ་ནི་རང་གིས་རང་མ་རིག་དྲི་མ་ཅན་ཞེས་བྱ། གཉིས་པ་ལ་གཉིས། ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའོ། །དང་པོ་ནི། དྲི་མ་དེའི་གཉེན་པོ་ནི་གང་ཟག་གི་བདག་མེད་དང་། ཆོས་ལ་བདག་མེད་པ་སྟེ། བདག་མེད་གཅིག་ཉན་ཐོས་ཀྱི་རྒྱུན་མཐའ་དང་། དེའི་སྟེང་བཟུང་བའི་ཆོས་ལ་བདག་མེད་སྟེ། ཆོས་བདག་མེད་པའི་ཕྱེད་རྟོགས་པ་རང་རྒྱལ་གྱི་སྒོམ་ལམ་མཐར་ཐུག་པའི་རྒྱུན་མཐའ་དང་གཉིས་དང་། བདག་མེད་གཉིས་ཀ་རྟོགས་པ་ཐེག་ཆེན་རིགས་ཀྱི་སྒོམ་ལམ་གྱི་རྒྱུན་མཐའ་སྟེ། རིམ་པར་གཉེན་པོ་འཕགས་པ་གསུམ་གྱི་སོ་སོའི་ལམ་གྱི་ཤེས་པ་སྟེ། གཉེན་པོ་དེས་སྦྱངས་ཐེག་གསུམ་སོ་སོ་ཡི། རྒྱུན་མཐའ་རྡོ་རྗེ་ལྟ་བུ་ཡིས། མ་རིག་པའི་དྲི་བཅོམ་ནས་སོ་སོའི་ལམ་གྱི་མཐར་ཐུག་པའི་དག་པ་གསུམ་དུས་རིང་པོས་རིམ་པར་ཐོབ་གསུངས་སོ། །གཉིས་པ་ནི། རྒྱུ་མཚན་དེ་ཕྱིར་ཚེ་གཅིག་ལ་སངས་རྒྱས་ཐོབ་པར་འདོད་པས་ནི་གསལ་ལ་མི་རྟོག་པའི་མཚན་ཉིད་ཅན་གྱིས། ཉིན་མཚན་གཉིས་ཀྱི་འོད་གསལ་བསྒོམ་པར་བྱ་སྟེ། འོད་གསལ་དེ་གཉིས་ཀྱང་། རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། བསམ་གྱི་མི་ཁྱབ་པའི་དབྱིངས་ཟུང་འཇུག་ཕྱག་རྒྱ་ཆེ་ལ་རོལ་ཞིང་སྤྱོད་པར་བྱའོ། །གསུམ་པ་རྨི་ལམ་གྱི་གནས་སྐབས་རྒྱས་པར་བཤད་པ་ལ་གསུམ། དག་མ་དག་གི་ངོ་བོ། རྨི་ལམ་གྱི་སྣང་བ་རྒྱས་པར་བཤད་པ། གནད་འཆིང་བ་འབྲས་བུ་དང་བཅས་པའོ། །དང་པོ་ནི། གནས་སྐབས་གཉིས་པ་རྨི་ལམ་ཤེས་པ་ནི། གཉིད་མཐུག་གི་དུས་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་ན། ཚོགས་བདུན་འཁོར་བཅས་བསྡུས་པ། དེ་ལས་དྲུག་པ་ཡིད་ཤེས་པ་བག་ཆགས་དང་བཅས་པའི་ཉོན་མོངས་ཅན་གྱི་ཡིད། སྲོག་རླུང་གིས་བསྐྱོད་ནས་འདུ་བྱེད་པ་དང་བཅས་ཏེ་ལངས་པ། རྩ་ཡི་གནས་རྣམས་ནས་བརྒྱུད་དེ་བཟུང་དང་འཛིན། གཉིས་སྣང་གི་རྨི་ལམ་གྱི་འཁྲུལ་པ་བསྐྱེད་པར་བྱེད་པ་ཡིན་ཅིང་། འཁྲུལ་པ་དེ་དག་ན་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་སྟེ། ཡུལ་སྣང་སེམས་གསུམ་གསལ་ལ་མ་འདྲེས་པར་སྣང་སྟོང་དབྱེར་མེད་དེའི་ངོ་བོ་དྲུག་པ་ཡིད་ཀྱི་ཤེས་པས་ཁ་ནང་ལྟའི་ཆ་དག་པ་སོར་རྟོག་ཡེ་ཤེས་དང་། བདུན་ཡིད་དག་པ་མཉམ་ཉིད་ཡེ་ཤེས་ཀྱི་རང་བཞིན་ཏུ་རྣམ་པར་གནས། གཉིས་པ་རྨི་ལམ་གྱི་སྣང་བ་རྒྱས་པར་བཤད་པ་ལ་གསུམ། སྤྱིར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། ཡེ་ཤེས་སུ་མ་དག་པར་འཁྲུལ་བར་གནས་པའི་སྐབས་ཀྱི་རྨི་ལམ་གྱི་སྣང་བ་ཇི་ལྟར་འཁྲུལ་པའི་ཚུལ་ཡང་། གཉིས་པ་རྒྱས་པར་བཤད་པ་ལ་གཉིས། གནས་ཀྱི་རྐྱེན་གྱིས་རྨི་ལམ་འཆར་ཚུལ་དང་། ཁམས་ཀྱི་རྐྱེན་གྱིས་འཆར་བའི་ཚུལ་ལོ། དང་པོ་ནི། རྨི་ལམ་ཤར་བ་ན། རྩ་དང་། གནས་ཀྱི་ཁམས་ཀྱིས་རྨི་ལམ་དུ་མར་འཆར་སྟེ། དེ་ཡང་དྲུག་ཡིད་སྲོག་རླུང་བཅས་རྩ་གནས་སྟེང་དུ་སོང་ནས་སྤྱི་བོར་རྨི་ལམ་ཤར་ན་ལྷ་ཡུལ་དང་། མཁའ་སྣང་ཞིང་རི་མཐོར་གྱེན་དུ་འགྲོ་བ་སོགས་དང་། གཟུགས་སྒྲ་ལ་སོགས་མ་འདྲེས་འཆར། ཡིད་རླུང་དེ་རྩ་གནས་འོག་ཏུ་འགྲོ་ན་དམྱལ་སོགས་སྣང་བ་དང་། ཐུར་འགྲོ་བྲག་རོང་ཐིབས་པོ་དང་། མུན་ཁུང་སོགས་འཆར་སྣང་བ་འབྱུང་། ཡིད་རླུང་བཅས་པར་དུ་ཡོད་པའི་རྩ་གནས་སུ་སོང་ན་གླིང་བཞི་ས་སྟེང་སྟེ། དེ་ཡང་རྩ་གནས་མདུན་གཡས་རྒྱབ་དང་གཡོན་ཕྱོགས་སུ། །ཤར་ལྷོ་ནུབ་བྱང་སྣང་བ་འབྱུང་། །རྩ་གནས་ཡངས་ལ་ཡངས་པར་སྣང་། །དོག་ལ་དོག་སྣང་བ། གཉིས་པ་ཁམས་ཀྱི་རྐྱེན་གྱིས་རྨི་ལམ་འཆར་ཚུལ་ལ། བསྟན། བཤད། བསྡུ་གསུམ་ལས། དང་པོ་ནི། དེ་བཞིན་དུ། ཁམས་ཀྱི་རྐྱེན་གྱིས་རྨི་ལམ་གྱི་ཡུལ་སྣང་དེར་ཡང་མི་འདྲ་བར་འབྱུང་སྟེ། གཉིས་པ་ནི། རླུང་ཁམས་ཀྱི་གནས་སུ་ཞུགས་པ་ལ་རྫས་དང་གོས་སྔོ་ནག བྱ་ནག་འཕུར་དང་རྟ་ཞོན་དང་། །ནོར་བུ་སྔོ་དང་རིག་པ་དྭངས། །ཡང་ན་མི་བརྟན་དུ་མར་འཆར། །རྩ་མཁྲིས་ཁྲག་རྒྱུ་བའི་གནས་སོང་མེ་དང་ནི། །གོས་དམར་ས་དང་གསེར་སྣང་དང་། །བཙུན་པ་དེ་བཞིན་སྣ་ཚོགས་སྣང་། །བད་ཀན་དཀར་ཆའི་གནས་ཀྱི་རྩ་ལ་རེག་ན། ཆུ་དང་ཁ་བ་མུ་ཏིག་དང་། གོས་དཀར་བུད་མེད་གླང་པོ་དང་། །དངུལ་སོགས་དུ་མ་སྣང་བ་སྟེ། །གསུམ་པ་ནི། དེའི་ཚུལ་ཇི་ལྟར་རྩ་རླུང་ཁམས་ཀྱི་རིམ་པ་དང་། དེས་བསྐྱེད་པའི་ཁམས་ཀྱི་བག་ཆགས་ལ་བརྟེན་ནས་རྨི་ལམ་སྣང་བ་སྣ་ཚོགས་འབྱུང་ཚུལ་རྒྱས་པར་ནི། རྒྱལ་བས་འཇམ་དཔལ་རྩ་རྒྱུད་དུ་གསུངས། གསུམ་པ་གནད་འཆིང་བ་འབྲས་བུ་དང་བཅས་པ་ལ་བཞི། རྨི་ལམ་ལ་གནད་དུ་བསྣུན་པའི་དགོས་པ། ནད་འཆིང་ཐབས་དངོས། དག་པའི་རྨི་ལམ་ཡོད་པར་བསྟན་པ། སངས་རྒྱས་ལ་རྨི་ལམ་མེད་པར་བསྟན་པའོ། །དང་པོ་ནི། བག་ཆགས་ཀྱི་དབང་གི་རྨི་ལམ་སྣང་བ་དེ་ཕྱིར་རྣལ་འབྱོར་རྩ་རླུང་བྱང་སེམས་ཀྱི་ལམ་བསྒོམ་པ་ན། གང་དང་གང་གི་རྩ་དང་ཁམས་ཀྱི་བག་ཆགས་རྣམས། །དག་པ་ན་རྨི་ལམ་སྒྱུ་མ་ལྟར་རྟོགས་པ་དང་། མ་དག་པ་ན་དེ་ཉིད་འཁྲུལ་པར་འཆར་ནས་མ་དག་པའི་དབྱེ་བ་ནི། རྨི་ལམ་གྱི་གནས་སྐབས་འདིས་ཤེས་ཤིང་། རྨི་ལམ་དང་། བར་དོ་ཚུལ་མཚུངས་པས་བར་དོའི་གདམས་པའི་ཚོད་འཛིན་དང་། འཇིག་རྟེན་ཕྱི་མའི་གནས་སུ་འཕོ་བ་ཡི། སྣང་བ་འབྱུང་ཚེ་ལམ་གང་དུ་འགྲོ་བའི་ཚོད་འཛིན་ཀྱང་བྱེད་པས་ན། རྨི་ལམ་ལ་གནད་དུ་བསྣུན་པར་བྱེད་དགོས་པ་ཡིན་ནོ། །གཉིས་པ་ནི། རྒྱུ་མཚན་དེ་ཕྱིར་འཁྲུལ་པའི་རྨི་ལམ་གྱི་དུས་སྣང་བ་ལྷ་སྐུ་སྒྱུ་མ། གྲགས་པ་སྔགས་སོགས་ཤེས་ཤིང་། དེ་འང་དེ་ཁོ་ན་ཉིད་སྒྱུ་མ་ལྟ་བུར་བསྒོམ་པ་ཡེ་ཤེས་ཀྱི་ཕྱག་རྒྱས་བཅིང་དགོས་ཏེ། རྨི་ལམ་གྱི་སྣང་བ་དེ་སྦྱོང་བྱེད་ཀྱི་ཐབས་སོགས་རྨི་ལམ་གྱི་རྒྱུ་འབྲས་དུ་མ་མདོ་རྒྱུད་ལས་གསུངས་པ་རྣམས། འདིར་ནི་རྒྱས་པར་མ་བསྟན་ཏོ། །འཁྲུལ་པའི་རྨི་ལམ་ནི་ཡང་འཁྲུལ་སྟེ། འཁོར་བ་འབའ་ཞིག་བསྐྱེད་པ་ཡིན་པས། དེ་སྤང་བར་བྱ་སྟེ། གསུམ་པ་ནི། ཉོན་མོངས་བག་ཆགས་ཀྱིས་མ་འཁྲུལ་བའི་རྨི་ལམ་ནི་འཁྲུལ་པའི་རྨི་ལམ་གྱི་གཉེན་པོ་ཡིན། འཁྲུལ་པའི་རྨི་ལམ་གྱི་གཉེན་པོ་མ་འཁྲུལ་པའི་རྨི་ལམ་ཡོད་པ་དེ་ཕྱིར་རྒྱལ་སྲས་ས་བཅུ་ལ་བཞུགས་པ་རྣམས་ལ་ཡང་། རྨི་ལམ་བསྟན་པ་མདོ་ལས་གསུངས། དེ་ན་ས་ལ་བཞུགས་པ་རྣམས་ཉོན་མོངས་མེད་ཕྱིར་རྨི་ལམ་འབྱུང་མི་རིགས་སྙམ་ན་མི་ལམ་གྱི་རྐྱེན་ཡོད་དེ། རྨི་ལམ་གྱི་རྒྱུ་ཟག་མེད་ཁམས་གཟུགས་ནས། ཟག་པ་མེད་པའི་ལུས་བཟུང་ནས། ཁམས་གསུམ་དུ་སྤྱོད་པའི་ཕྱིར་རོ། །བཞི་པ་ནི། བཅོམ་ལྡན་རྨི་ལམ་བྲལ་བ་སྟེ། ཟག་མེད་དང་། ཟག་བཅས་ཀྱི་འདུ་བྱེད་ཀྱི་རྐྱེན་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །བཞི་པ་སྙོམས་འཇུག་གི་གནས་སྐབས་བཤད་པ་ལ་བཞི་སྟེ། དག་མ་དག་གི་ངོ་བོ། འཁོར་བ་བསྐྱེད་པའི་ཚུལ། མྱ་ངན་ལས་འདས་པར་འགྲོ་བའི་གོ་རིམ།གནང་འཆིང་བ་དངོས་བཤད་པའོ། །དང་པོ་ནི། སྙོམས་འཇུག་གི་གནས་སྐབས་ཆགས་བཅས་འགྱུར་བདེ་མྱོང་བ་དེ་ཚེ་ནི། རྣམ་པར་ཤེས་པ་ནི་དགའ་བཞི་གོ་རིམ་ལྟར་མྱོང་བའི་རྣམ་ཤེས་ལྡན་པ་ཡིན་སྟེ། འདོད་སྲེད་ཀྱིས་དང་པོ་སྤྱི་བོ་རུ་དགའ་བ་དང་པོ་འབྱོང་སྟེ། དགའ་བ་གཉིས་པ་རུ་མགྲིན་པར་དགའ་བ། དགའ་བ་གསུམ་པ་སྙིང་ག་ན་མྱོང་ཞིང་། ལྟེ་བར་བབས་པས་རྣམ་ཤེས་འདུས་པ་ཡིས། ཨ་ཤད་ཀྱི་མེ་དང་། ཐིག་ལེ་ཟླ་བ་གཉིས་དབུ་མའི་མར་སྣར་འདྲེས་ཚེ། དུང་ཅན་ནང་དུ་དགའ་བ་བཞི་པ་ལྷན་སྐྱེས་མྱོང་བར་འགྱུར་རོ། །ལྷན་སྐྱེས་ཡེ་ཤེས་དེ་ནི་སྐད་ཅིག་མ་གཅིག་པའི་ཤེས་པ་སྟེ། དེའི་ངོ་བོ་ཚོགས་བརྒྱད་མ་འགགས་སོ་སོར་གསལ། ཉམས་བདེ་བ་ངོ་བོ་མི་རྟོག་བ་སྟེ། དེའི་ངོ་བོ་ནི་ཉོན་མོངས་པའི་དྲི་ཅན་མིན་པ། དེ་ཕྱིར་དེ་ནི་གཞི་དུས་ཀྱི་ཡེ་ཤེས་སྐུ་ཞེས་བརྗོད། དེ་ལྟར་དགའ་བ་གསུམ་རྣམ་རྟོག་གི་ཆ་དང་། ལྷན་སྐྱེས་ཡེ་ཤེས་ཀྱི་ཆར་ཤར་བ། དེ་ལྟར་མི་ཤེས་པ་རྣམས། དེའི་དོན་མ་རྟོགས་པས་ཕྱིར་འཛག་པས་དགའ་བྲལ་གྱི་ཉམས་སྐྱེའོ། །དེ་ལྟར་སྙོམས་འཇུག་གི་གནས་སྐབས་རྨོངས་སྒྲིབ་དེ་གཉེན་པོས་བཅོམ་པས་དག་ན། སྣང་སྲིད་ཐམས་ཅད་ལྷན་སྐྱེས་ཡེ་ཤེས་དེ་ཉིད་ཀྱི་རང་རྩལ་ཡིན་པའི་ཕྱིར། ཚོགས་དྲུག་གི་ངོ་བོ་གསལ་ལ་འགག་མེད་རུ་འཆའ་བ་སྤྲུལ་སྐུ། འཛག་བྲལ་བདེ་ཆེན་གྱི་ངོ་བོ་ལོངས་སྐུ། སྟོང་ཉིད་འོད་གསལ་དང་ལྡན་པ་ཆོས་སྐུ་སྟེ། སྐུ་གསུམ་ལྷན་སྐྱེས་ཀྱི་ཡེ་ཤེས་འདི་ནི་ཆོས་ཀུན་ལ་ཁྱབ་བྱེད་དུ་འགྲོ་ཞིང་། ཀུན་ཀྱང་ལྷན་སྐྱེས་ཀྱི་བདག་ཉིད་ཡིན་པས། དེའི་ཚུལ་ལ་གནད་དུ་བསྣུན་ནས་བསྒོམ་པར་བྱའོ། །གཉིས་པ་འཁོར་བ་བསྐྱེད་པའི་ཚུལ་ནི། མ་དག་འཁྲུལ་པའི་སེམས་ཅན་རྣམས་ནི། ལྷན་སྐྱེས་ཡེ་ཤེས་སྐད་ཅིག་མའི་བདེ་ཆེན་དེའི་ངོ་མི་ཤེས་པས། གཉིས་འཛིན་གྱིས་རང་ལ་གནས་པ་གཞན་དུ་བཟུང་ཕྱིར་འཛག་པས། ལྷན་སྐྱེས་ཀྱི་བདེ་བ་ཉམས་ནས་དུག་གསུམ་བསྐྱེད་བྱེད་ཅིང་། །མི་འདོད་བཞིན་དུ་འཁོར་བ་དེའི་ཚུལ་ལ་དུག་གསུམ་ཇི་ལྟར་བསྐྱེད་ན། འདོད་སྲེད་ཀྱིས་དང་པོ་དགའ་བ་དང་ལྡན་པས་འདོད་ཆགས་བསྐྱེད་པ་ཡིན། བར་མ་རུ་ལྷན་སྐྱེས་ཡེ་ཤེས་མ་རྟོགས་གཏི་མུག་སྟེ། ཕྱིར་འཛག་བའི་རྗེས་ལ་འདོད་ཆགས་དེ་དང་བྲལ་ཞིང་ཞེ་སྡང་གི་སེམས་འབྱུང་ངོ་། དེ་ནས་སླར་ཡང་རང་བདེ་འདོད་ཀྱིས་རང་ལ་ཆགས་ཤིང་། སེར་སྣ་དང་། གཞན་ལ་སྡང་བས་ཕྲག་དོག་སོགས་ཉོན་མོངས་པ་ཀུན་བསྐྱེད་ཅིང་མི་དགེ་སྤྱོད། དེ་ཡིས་ངན་འགྲོ་ཀུན་བསྐྱེད་བྱེད། གསུམ་པ་མྱ་ངན་ལས་འདས་པར་འགྲོ་བའི་གོ་རིམ་ལ་གཉིས་ཏེ། རྒྱུའི་ཐེག་པའི་ལམ་གྱི་རིམ་པ་དང་། འབྲས་བུའི་ཐེག་པའོ། །དང་པོ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་ལམ་རིམ་མོ། །དང་པོ་ནི། མི་དགེ་སྤྱོད་པ་དེ་ལས་ཅུང་ཟད་ལོག་བྱས་ནས། རང་བདེ་བ་དང་། གཞན་དགའ་བའི་ཕན་འདོད་ཀྱི་བློས་སེར་སྣ་དང་། ཕྲ་དོག་ཆགས་པ་དོར་བྱས་ནས། སྦྱིན་དང་ལྡན་ཞིང་ཁྲོ་བ་དོར་བ་སོགས། དགེ་བ་བཅུའི་ཚུལ་ཁྲིམས་ལྡན་པ་སོགས་ཀྱི་རང་གནས་སྐབས་ཀྱི་བདེ་བ་འདོད་པའི་དོན་དེས་མཐོ་རིས་ཀྱི་བདེ་བ་ཐོབ་པ་ནི། སྐྱེས་བུ་ཆུང་ངུའི་ལམ་ཡིན་སྟེ། གནས་སྐབས་མཐོ་རིས་ཀྱི་འདོད་སྲེད་བཅད་ནས་བསམ་གཏན་གྱི། བདེ་བ་ཚོལ་ཞིང་གཟུགས་དང་གཟུགས་མེད་ཀྱི་གནས་སུ་སྐྱེ་བ་ལེན་ཅིང་། མཐར་དེ་ཡང་སྔར་ལྟར་གནས་སྐབས་བསམ་གཏན་བཞིའི་བདེ་བའི་རོ་མྱོང་ནས། སླར་ཡང་ཉོན་མོངས་ཆགས་སོགས་ལྡན་པས་དུག་གསུམ་དབང་གིས་འཁོར་བར་འགྱུར་སྟེ། དེ་དག་ནི་སྐྱེས་བུ་ཆུང་ངུའི་ཆེན་པོ་ཡིན། གཉིས་པ་ནི། དེ་ལྟར་ཁམས་གསུམ་ནི་སེམས་འཁྲུལ་པའི་མདངས་སུ་ཤེས་ནས་ཁམས་གསུམ་གྱི། ཆགས་སོགས་ཆོས་དང་། གང་ཟག་གི་བདག་མེད་གཅིག་དང་ཕྱེད་རྟོགས་པའི་རང་རང་གི་མཐོང་སྒོམ་གྱིས་བཅོམ་ནས། རང་རང་གི་མྱ་ངན་འདས་བའི་ཞི་བ་དེར་སྲེད་དེ་ཐོབ་པ་ནས། རང་གཅིག་པོར་ཞི་བདེ་དེར་གནས་པ་ནི་ཉན་རང་སྟེ། སྐྱེས་བུ་ཆེན་པོའི་ཆུང་ངུ་ཡིན་ཞེས་བརྗོད་དོ། །གསུམ་པ་ནི། སྲིད་དང་ཞི་བ་མཐའ་གཉིས་ཀ་ལ། སྲེད་སྤངས་ཏེ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བས་ཉམས་སུ་ལེན་པ་ནི་སྐྱེས་བུ་ཆེན་པོ་སྟེ། བྱང་ཆུབ་སེམས་དཔའི་ལམ་ཡིན་ནོ། །གཉིས་པ་འབྲས་བུའི་ཐེག་བ་ནི། དེ་རྣམས་ལས་ཁྱད་པར་འཕགས་པ་རྡོ་རྗེ་ཐེག་པའི་ཉེ་ལམ། ཐིག་ལེ་འཛག་མེད་དུ་བཅིངས་བས། འབྲས་བུ་མཐར་ཕྱིན་སངས་རྒྱས་ཀྱི་སར་ཚེ་གཅིག་ལ་དབང་ཐོབ་པའི་ལས་རྨད་དུ་བྱུང་བ་ནི། རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྣམས་ནས་སངས་རྒྱས་ཀྱིས་རྒྱས་པར་གསུངས་པ་ཡིན། བཞི་པ་གནད་འཆིང་པ་དངོས་ནི། ཐིག་ལེ་འཕོ་མེད་དུ་ཇི་ལྟར་བཅིངས་པའི་ཚུལ་ནི་དགའ་བཞིའི་ངོ་བོ་དང་། གོ་རིམ་དང་། འཕོ་བཅས་འཕོ་མེད་ཀྱི་དབྱེ་བ་འཛག་པའི་སྐྱོན་འཕོ་མེད་དུ་བཅིང་བའི་ཐབས་དང་། དེའི་ཕན་ཡོན་དང་། ཐིག་ལེ་རྣམ་པར་དག་པའི་ཚུལ་དང་། ཐིག་ལེ་དེའི་རྒྱུ་འབྲས་ལུགས་འབྱུང་ལུགས་ལྡོག་གི་དགའ་བ་བཅུ་དྲུག་ལ་སོགས་པ་ཀུན། རྒྱལ་བས་བླ་མེད་རྒྱུད་དུ་གསུངས་ཤིང་། སྙོམས་འཇུག་གི་སྒྲིབ་པ་སྦྱོང་དགོས་པ་དེ་ཕྱིར་ལས་ཀྱི་ཕྱག་རྒྱ་བསྟེན་པའི་གནད་ཀྱིས་བཅིང་དགོས་ལ། དེའི་ཚུལ་འདིར་ནི་རྒྱས་པར་མ་བྲིས་སོ། །ལྔ་པ་ཐ་མལ་གྱི་གནས་སྐབས་རྒྱས་པར་བཤད་པ་ལ་གསུམ། ངོ་བོ་དང་། དག་པ་དང་། སྤང་གཉེན་འབྲས་བུ་དང་བཅས་པའོ། །དང་པོ་ནི། སད་པའི་གནས་སྐབས་ཐ་མལ་དུས་ཀྱི་ཤེས་པའི་ངོ་བོ་ནི། ཀུན་གཞིའི་རྣམ་ཤེས་ཉོན་ཡིད་ཀྱི་འདུ་བྱེད་ཀྱིས། ལེའུ་དང་པོར་སྔར་བཤད་རྐྱེན་བཞི་ཉེར་སྦྱོར་བས། མིག་སོགས་རྣམ་ཤེས་དྲུག་པོ་རྣམས། །དབང་པོ་དྲུག་དང་འབྲེལ་བྱས་ཏེ། །གཟུགས་སོགས་ཡུལ་དྲུག་རྣམས་སུ་སྣང་ཞིང་། ཡུལ་དབང་པོས་སྤྱོད་པ་ན། བདེ་སྡུག་བཏང་སྙོམས་ཚོར་བ་གསུམ་དང་། དེས་ཆགས་དང་ཞེ་སྡང་གཏི་མུག་བསྐྱེད་ཅིང་། དེའི་བག་ཆགས་དེ་མ་ཐག་པའི་ཡིད་ཀྱིས་ཁྱེར། ཀུན་གཞིའི་སྟེང་གཞག་ཡང་འདུ་བྱེད་པས། འཁོར་བ་མཐའ་མེད་འབྱུང་ངོ་། །གཉིས་པ་ནི། ཐ་མལ་གྱི་ཤེས་པ་འདི་ཉིད་སྒྲིབ་པ་དག་པ་ཡེ་ཤེས་གསུམ་ཡིན་སྟེ། ཉོན་ཡིད་དག་པ་ནི་མི་གཡོ་མཉམ་ཉིད་ཀྱི་ཡེ་ཤེས་དེ། ཀུན་རྟོག་སྟེ། དྲུག་པ་ཡིད་ཀྱི་རྣམ་ཤེས་དག་པ་སོ་སོར་རྟོག་པའི་ཡེ་ཤེས་དང་། སྒོ་ལྔའི་རྣམ་ཤེས་ཡུལ་དང་བཅས་པ་རྣམས་རྣམ་པར་དག་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །གསུམ་པ་ལ་གཉིས། སྤངས་གཉེན་འབྲས་བུ་དང་བཅས་པ། གནད་འཆིང་བ་དངོས་སོ། །དང་པོ་ནི། གནས་ལུགས་ཀྱི་དོན་ལ་སྒྲིབ་པ་རགས་པ་རྣམས་ནི་མཐོང་སྤངས་ཀྱིས་སྤོངས་ཤིང་། ཕྲ་བ་རྣམས་ནི་བསྒོམ་སྤངས་ཀྱིས་སྤོངས་ཏེ། སྤོང་བྱེད་ཀྱི་གཉེན་པོ་ཐེག་ཆེན་གྱི་ཆོས་དང་བདག་མེད་པ་གཉིས་དང་། ཏིང་ངེ་འཛིན་དང་། སྙིང་རྗེ་སྟེ་སྦྱོང་བྱེད་རྣམ་པ་བཞི་བོ། དེས་སྦྱང་བྱ་སད་པའི་གནས་སྐབས་ཀྱི་དྲི་མ་རྣམས་སྦྱངས་ནས། སྤྲུལ་སྐུས་འགྲོ་དོན་མཛད་པ་སྟེ། དབང་ཤེས་ལྔ་དང་། དྲུག་ཡིད་ཁ་ཕྱིར་ལྟའི་ཆ་དག་པ་ལས་སྤྲུལ་སྐུ་དང་། འདུ་བྱེད་དྲུག་ཡིད་གཡོ་བ་དང་། རྨི་ལམ་གནད་གཅིག་པའི་ཕྱིར། རྨི་ལམ་དང་འདྲ་བའི་དྲུག་ཡིད་ཁ་ནང་ལྟའི་ཆ་དག་པ་ལོངས་སྐུར་བརྗོད་དེ། སད་པའི་གནས་སྐབས་སྦྱངས་པའི་འབྲས་བུ་སྐུ་གཉིས་ཡིན། དེ་དག་གི་ཚུལ་རྒྱས་པར་མདོ་དང་རྒྱུད་དེ་ཆོས་རྣམས་ཐམས་ཅད་དུ། གསུངས་ཕྱིར་འདིར་ནི་བསྡུས་པ་ཡིན། གཉིས་པ་ནི། རྒྱུ་མཚན་དེ་ཕྱིར་སད་པའི་གནས་སྐབས་ཀྱི་རྟོག་པ་ཐམས་ཅད་འཛིན་མེད་ཞེན་བྲལ་གང་ཤར་བཟོ་མེད་དུ་སྐྱོང་བ། དེ་ལྟ་བུའི་ཚུལ་གྱི་ཆོས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་སྦྱང་གཞི་གནས་སྐབས་བཞི་དང་འབྲེལ་པའི་འཁྲུལ་པ་རྣམས་དང་། སྦྱོང་བྱེད་མ་འཁྲུལ་བ་གཉེན་པོ་ཡེ་ཤེས་ལམ་རིམ་དང་། ཕྱག་རྒྱ་བཞི་དང་སོགས་ཀྱི་སྦྱང་འབྲས་སྐུ་བཞི་སྟེ། རིམ་པར་འབྲེལ་པའི་སྔ་མ་དང་། ཕྱི་མ་རྟེན་དང་བརྟེན་པ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས། རྣམ་ཤེས་དང་ཡེ་ཤེས་གཞི་ལམ་འབྲས་བུའི་འབྲེལ་པ་བསྟན་པ་སྟེ་དྲུག་པའོ། །དེ་ལྟར་གནས་སྐབས་བཞིས་བསྐྱེད་པའི་གཟུང་འཛིན་གྱི་ཆོས་ཐམས་ཅད་ནང་རང་སེམས་ཀྱི་རོལ་པ་ལས་གཞན་དུ་མ་དམིགས་པས་ན་དུས་འཁོར་ལས་གསུངས་པ་ལྟར་གྱི་འཇིག་རྟེན་གྱི་ཁམས། ནང་རྡོ་རྗེའི་ལུས་ལ་རྫོགས་པའི་ཚུལ་སྟོན་པ་ལ་གཉིས། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ནས་ཇི་ལྟར་ནང་གི་ལུས་ལ། ཕྱི་རོལ་འཇིག་རྟེན་གྱི་བཀོད་པ་རྣམས་ཇི་བཞིན་གནས་པ་ནི། སེམས་ཀྱིས་བསྡུས་པའི་ཁམས་གསུམ་ནང་གི་རྡོ་རྗེའི་ལུས་ཀྱི་བདག་ཉིད་དུ་རྫོགས་པ་ཡིན་དེ། གཉིས་པ་རྒྱས་པར་བཤད་པ་ལ་དགུ། གནས་གཞན་སོགས་བསྟན་པ། འབྱུང་བ་རིམ་བརྩེགས། རི་རྣམས། གླིང་བདུན། ནང་གི་འབྱུང་བ་ལྔ། མཚོ་བདུན། གཟའ་ལ་སོགས་པ། མེ་གསུམ། སྐྱེ་གནས་དང་དུས་སྦྱོར་སོགས་སྦྱར་བའོ། །དང་པོ་ལ་གཉིས། གནས་གཞན་ཉི་ཤུ་དང་སྦྱར་བ། འདོད་པ་བཅུ་གཅིག་དང་སྦྱར་བའོ། །དང་པོ་ནི། དུས་འཁོར་ལས་སོར་མོ་ཉི་ཤུ་རྩ་བཞི་ནི་ཟུང་གི་ཁྲུའོ། །གསུངས་པ་ལྟར་ལུས་ཁྲུ་བཞིར་ཕྱེ་བའི་དང་པོ། སྤྱི་བོ་ནས་ནི་སོར་བཞི་པོ། གཟུགས་མེད་གནས་བཞི་ཏེ་དེ་འོག་ཏུ། །སོར་ནི་བཅུ་དྲུག་ཏུ་གཟུགས་ཁམས་བཅུ་དྲུག་ཉིད། དེ་འོག་འདོད་ལྷ་དྲུག་མིར་བཅས་པའི་གནས། གཉིས་པ་ནི། ལྟེ་བ་ནས་ནི་རྐང་མཐིལ་བར་སྟེ། ལྟེ་བ་ནས་སུམ་མདོའི་བར་ས་ཡི་དཀྱིལ་འཁོར། ལྷ་མིན་ཀླུ་དང་ཡི་དྭགས་དང་སྟེ། གསེག་མ་སའི་དམྱལ་བའི་གནས་དང་། བརླ་ཆུའི་དཀྱིལ་འཁོར་སྟེ། བྱེ་མ་ཆུའི་དམྱལ་བའི་གནས་དང་། འདམ་གྱི་ཆུའི་དམྱལ་བའི་གནས་སོ། །རྗེ་ངར་ནི་མེའི་དཀྱིལ་འཁོར་སྟེ། མེ་དང་། དུ་བ་མི་ཟད་པའི་དམྱལ་བ་གཉིས། དེ་མན་ཆད་རླུང་གི་དཀྱིལ་འཁོར་སྟེ། ངུ་འབོད་དང་། མུན་པ་ཆེན་པོའི་དམྱལ་བ་གཉིས། རྐང་མཐིལ་ནི་རྡོ་རྗེ་དམྱལ་བ་སྟེ། །དམྱལ་བ་བརྒྱད་ཀྱི་གནས་རིམ་གསུངས་སོ། །གཉིས་པ་འབྱུང་བ་རིམ་བརྩེགས་དང་སྦྱར་བ་ནི། ཡང་ན་རྐང་ལག་སོ་སོའི་ཚིག་གསུམ་སོ་སོ་ན་རིམ་པ་ལྟར། རླུང་མེ་ཆུ་ཡི་དཀྱིལ་འཁོར་ཡིན། །བྲང་ནི་ས་ཡི་དཀྱིལ་འཁོར་སྟེ། །གསུམ་པ་རི་རྣམས་དང་སྦྱར་བ་ནི། སྒལ་ཚིགས་རྣམས་ནི། རི་རབ་དེ་བཞིན་རི་བདུན་ནི། །བརླ་དང་རྗེ་ངར་དེ་འོག་བོལ་གོང་ནི་རུས། །དཔུང་པ་ལག་ངར་ལག་པ་དང་། །སེན་མོའི་བར་དུ་རིམ་པ་ལྟར། །སྔོན་པོ་མནྡྷར་མཚན་མོ། །ནོར་བུ་བྱེད་དང་བྲེ་བོ་དང་། ཁ་བ་ཅན་དང་རྡོ་རྗེའི་རི་སྟེ་རི་བདུན་པོ་ཡིན་ནོ། །བཞི་པ་གླིང་བདུན་དང་སྦྱར་བ་ནི། །དེ་དག་གི་བར་གྱི་མཚོ་གླིང་དྲུག་གི་ནང་ན་བད་ཀན་དང་། །རྒྱུ་མ་ཚིལ་སྙིགས་མཆིན་པ་ཤ་རྣམས་རིམ་བཞིན། ཟླ་བ་དང་གཅིག་དཀར་པོ་དང་གཉིས། ཀུ་ཤ་དང་གསུམ། མི་འམ་ཅི་དང་བཞི། ཁྲུང་ཁྲུང་གླིང་དང་ལྔ། དྲག་པོའི་གླིང་དང་དྲུག་རྣམས་རིམ་པ་བཞིན་ཏུ་སྦྱར་སྟེ། རྐང་ལག་དུམ་བུ་བཅུ་གཉིས་ནི། །ཛམ་བུ་གླིང་སོགས་གླིང་ཕྲན་བཅས་པ་ཡིན། །ལྔ་པ་ནང་གི་འབྱུང་བ་ལྔ་དང་སྦྱར་བ་ནི། དེ་བཞིན་ལུས་ཀྱི་སྲ་བའི་ཆ་ས་ཁམས་བརླན་པའི་ཆ་ཆུ་དང་དྲོད་ཀྱི་ཆ་མེ་དང་དབུགས་རླུང་སོགས། ཁམས་བཞི་ལུས་ཀྱི་བུ་ག་ནམ་མཁའ་ཡིན། །དྲུག་པ་རྒྱ་མཚོ་བདུན་དང་སྦྱར་བ་ནི། ཁུ་བཞག་དང་ཀླད་པ་དང་། སྐྱེས་པར་བད་ཀན། བུད་མེད་ལ་འོ་མ་དང་མཆིལ་མ་རྡུལ། །དྲི་ཆུ་ནང་གི་རྒྱ་མཚོ་བདུན། རིམ་བཞིན་ཕྱིའི་སྦྲང་རྩི་མར་ཞོ་འོ་མ་ཆུ། ཆང་དང་བ་ཚའི་རང་བཞིན་ནོ། །བདུན་པ་གཟའ་ལ་སོགས་པ་རྣམས་དང་སྦྱར་བ་ནི། །དབང་པོ་སྣ་བུག་གཉིས། རླུང་གཟའ་ཉི་ཟླ་གཉིས། མིག་གཉིས་མེ་གཟའ་མིག་ཕུར་དང་བཞི། ཁ་དང་དྲི་ཆུའི་སྒོ། ཆུ་གཟའ་ལྷག་སངས་དང་དྲུག ཚངས་བུག་དང་འོག་སྒོ། སའི་གཟའ་སྤེན་པ་མཇུག་རིང་དང་བརྒྱད། རྣ་བ་གཉིས། ནམ་མཁའི་གཟའ་སྒྲ་གཅན་དང་དུས་མེ་བཅུ་སྟེ། སྒྲ་གཅན་དང་དུས་མེ་མགོ་མཇུག་ཡིན་ལ། བསྡོམ་པས་གཟའ་དགུའི་རང་བཞིན་ཏེ། ནང་དུ་སོ་སོ་གཉིས་ནི། ཕྱིར་རྒྱུ་སྐར་ཉེར་བརྒྱད་དང་དབྱུ་གུ་བཞི། ནང་དུ་ཁམས་འབབས་བའི་རྩ་སྟོང་ཕྲག་དོན་གཉིས་ནི། ཕྱི་རོལ་གྱི་ལུང་བ་དང་། ཆུ་བོ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡིན་པའོ། །ནང་དུ་རྒྱུ་མ་ཕྱི་རོལ་སྤྲིན་དང་། ནང་གི་རླུང་ནི། ཕྱི་རོལ་གྱི་རླུང་། །སྙིང་གའི་སྒྲ་ནི་ཐོག་ཡིན་ཏེ། །ལྟོ་བའི་སྒྲ་ནི་འབྲུག་ཏུ་གསུངས། བརྒྱད་པ་མེ་གསུམ་དང་སྦྱར་བ་ནི། །སྙིང་ག་དྲོད་བསྐྱེད་ཀློག་གི་མེ། མགྲིན་པར་ཟས་འགུགས་འདྲེན་བྱེད་པའི་མེ། ལྟེ་བ་ན་ཟས་སྲེག་བཞུ་བྱེད་པའི་མེ། དེ་རྣམས་ཕྱི་རོལ་གྱི་གློག་དང་ཉི་དྲོད་སྲེག་བྱེད་མེ། དགུ་པ་སྐྱེ་གནས་དང་དུས་སྦྱོར་སོགས་དང་སྦྱར་བ་ལ་གཉིས། དངོས་དང་། རྒྱས་བཤད་ཁ་འཕང་བའོ། །དང་པོ་ནི། གཞན་ཡང་ལུས་ཀྱི་པགས་པ་དྲོད་དང་བ་སྤུ། ཕྱི་རོལ་གྱི་མེ་དང་རླུང་གི་རང་བཞིན་ནོ། །ལུས་སྐྱེས་སྲིན་བུ་སྐྱེ་གནས་བཞི་ཡིན་ཏེ། ཤིག་སྒོང་སྐྱེས། ཁོང་པའི་སྲིན་བུ་དྲོད་གཤེར་སྐྱེས། ཁུ་བ་ལས་བྱུང་བའི་སྲིན་བུ་ནི་མངལ་སྐྱེས། ནང་དུ་ལུས་ལ་གནས་པའི་སྲོག་ཆགས་ཕྲ་མོ་གཞན་ནི་བརྫུས་སྐྱེས་སོ། །ཕྱིའི་ཆར་ནི་ལྕེ་ཆུང་ལས་འབབ་བའི་བདུད་རྩི་སྟེ། ཕྱིའི་ཐུན་བརྒྱད་ནས་སྐད་ཅིག་བར་གྱི་ནི། དུས་སྦྱོར་ཐམས་ཅད་སྔར་བསྟན་པའི། རྩ་རླུང་ཐིག་ལེ་སེམས་བཅས་ཕྱི་ནང་གི་སྦྱར་བཤད་ཟིན་རྣམས་ལྟར་ཡིན་གསུངས་སོ། །དབུ་མར་སྲོག་རླུང་དེ་དཀར་དམར་གྱི་དྲངས་མར་སྦྱོར་བ་ན། རིམ་བཞིན་ཕྱིར་ཟླ་ཉི་འཛིན་པར་སྣང་བ་དང་། གཉིས་པ་ནི། དེ་སོགས་རྣམ་བཤད་དུ་མ་རྣམས་ནི། །ཕྱི་ནང་གཞན་གསུམ་དག་པ་ཡེ་ཤེས་ཀྱི་དབྱིངས་སུ། །སྦྱོར་ཕྱིར་དཔག་ཏུ་མེད་པ་གསུངས། གསུམ་པ་མཇུག་བསྡུ་བ་ནི། དེ་སོགས་ཕྱི་ནང་གི་རྟེན་འབྲེལ་རྟོགས་པ་ན། ཀུན་རྫོབ་དང་དོན་དམ་ཡུལ་ཡུལ་ཅན་རྣམས་ཕན་ཚུན་ཐབས་དང་ཤེས་རབ་སྦྱོར་ཚུལ་ཤེས་པས། །སྣ་ཚོགས་ཡོན་ཏན་འགྱུར་ཕྱིར་རོ། །དེ་རྣམས་ཀྱི་ཚུལ་འདིར་ནི་མདོར་བསྡུས་ཅུང་ཟད་བརྗོད་པ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས། སྣོད་ལ་སྦྱར་བ་བསྟན་པ་སྟེ་བདུན་པའོ། །དེ་ལྟར་ཐོས་བསམ་གྱིས་ལུས་དངོས་པོའི་གནས་ལུགས་གཏན་ལ་ཕབ་ཟིན་ནས། དེ་དང་འབྲེལ་བའི་ལམ་རིམ་པ་གཉིས་ལས། དང་པོ་བསྐྱེད་རིམ་ཀུན་བརྟགས་ཀྱི་རྣལ་འབྱོར་གྱི་ཚུལ་འཆད་པ་ལ་གཉིས། ལེའུའི་གཞུང་དང་། མཚན་བསྟན་པའོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ལྟར་ཕྱི་ནང་སྦྱར་བཤད་བསྟན་ཟིན་པ་དེ་ནས་སེམས་ཅན་ཀུན་ཏུ་རྟོག་པ་ཡི་ངོ་ལ། བདེན་པ་མེད་བཞིན་ཀུན་བརྟགས་ཀྱི་ལྷ་རྣམས་བསྒོམས་པའི་དོན་གྱི་དགོས་པ་ནི། ལས་དང་པོ་པ་རྣམས་ལ་ལྷ་སྐུ་སོགས་ལ་སེམས་འཛིན་པས་ཞི་གནས་བསྐྱེད་ལ། ཕྱི་ནང་གི་ཆོས་རྣམས་དཀྱིལ་འཁོར་གྱི་དོན་ཏུ་སྦྱོར་ཤེས་པ་དང་། འབྲས་བུ་ལ་དབང་འབྱོར་སྟེ། གཞན་དོན་གཟུགས་སྐུ་དུ་མ་སྟོན་ནུས་པའི་ཕྱིར། །དཔའ་བོ་གཅིག་ནས་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་ཡས་པའི་བར། གསུངས་པའི་ངེས་པ་རྣམས་ཚུལ་འདི་ལྟ་བུར་ཤེས་དགོས་སྟེ། གཉིས་པ་རྒྱས་པར་བཤད་པ་ལ་བཞི། ལྷའི་གྲངས་ཀྱི་ངེས་པ། དཀྱིལ་འཁོར་གྱི་ངེས་པ། ཐབས་ཤེས་ཀྱི་རང་བཞིན། བསྐྱེད་རྫོགས་ཀྱི་ངེས་པའོ། །དང་པོ་ལ་གསུམ། རྣམ་རྟོག་རིམ་པར་ངེས་པ་སྦྱོང་བྱེད། རྣམ་རྟོག་འཚོལ་བར་སྐྱེ་བ་སྦྱོང་བྱེད། ཐུན་མོང་པའི་བསྡུ་བའོ། །དང་པོ་ནི། རྩ་དབུ་མ་དེ་ལ་བརྟེན་པའི་ཀུན་གཞི་ཡང་དག་དོན་དམ། ཡེ་ཤེས་ཀྱི་རླུང་དང་ཐིག་ལེ་ཉག་གཅིག་ནི། འཁོར་འདས་ཀུན་ཁྱབ་ཀྱི་ཡོན་ཏན་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཡིན་ཕྱིར། སྦྱང་གཞི། སྦྱོང་བྱེད་ཀྱི་དགོས་པས་ལྷ་དཔའ་བོ་གཅིག་པ་ཧེ་རུ་ཀའི་སྒྲུབས་ཐབས་གསུངས་པའོ། །འབྲས་བུ་སྐུ་གཉིས། ལམ་ཐབས་དང་ཤེས་རབ་གཉིས་དང་། སྦྱངས་གཞི་སྟེང་འོག་གི་ཁམས་དཀར་དམར་བདེན་གཉིས་དང་། དེ་སོགས་གཉིས་ཆོས་རྣམས་སྦྱོང་ཕྱིར་ཡང་ཡུམ་མམ། གཙོ་འཁོར་གཉིས་པ་བསྟན་པའོ། །ལུས་ངག་ཡིད་གསུམ་དང་། རྩ་བ་སྤྲོས་བྲལ། འཁྲུལ་པ་མ་རིག གཉེན་པོ་རྫས་སྔགས་རླུང་གི་ཐིག་ལེ་རྩ་དབུ་རྐྱང་རོ་གསུམ། །སྟེང་འོག་བར་གསུམ་ཡི་གེ་འབྲུ་གསུམ། ཟླ་ཉི་སྒྲ་གཅན་གྱི་རླུང་གསུམ་སོགས་གསུམ་ཆོས་རྣམས་སྦྱོང་ཕྱིར་ལྷ་གསུམ་པ་དང་། ཞལ་གསུམ་པ་སོགས་གསུངས་སྟེ། ནམ་མཁའ་ཡེ་ཤེས་ཀྱི་ཁམས་ཀུན་ལ་ཁྱབ་པར་ཕྱེས་ཏེ་ས་སོགས་ཁམས་བཞི། དགའ་བ་བཞི། ཕྱག་རྒྱ་བཞི། དབང་བཞི། ལམ་བཞི། སྐུ་བཞི་སོགས་བཞི་ལྡན་གྱི་དག་པས། གཙོ་འཁོར་དཀྱིལ་འཁོར་བཞི་པར་གསུངས་ཤིང་། ཞལ་བཞིར་བསྟན་པ། ཁམས་ཀྱི་ཁྱབ་བྱ་བཞི། །ཡེ་ཤེས་ལྔ་དང་ཕུང་པོ་ལྔ། རྩ་འཁོར་ལོ་རྩ་བའི་རླུང་ལྔ་དང་ཁྱབ་བྱེད་སྟེ་ཁམས་ལྔ་བཅས། སྦྱང་གཞི་ལྔ་ལྡན་གྱི་ཕྱིར། སྦྱོང་བྱེད་ལྷ་ལྔ་བསྟན་ཏེ། དེ་ཡི་སྒྲུབ་ཐབས་རྒྱུད་དུ་མར་གསུངས་པ་སོགས་ཁམས་བཞི་ཡི་སྟེང་། ནམ་མཁའ་དང་། ཡེ་ཤེས་ཀྱི་ཁམས་བཅས་ཁམས་དྲུག་རྣམ་ཤེས་ཚོགས་དྲུག་སོགས་དྲུག་ཆོས་རྣམས་ཀྱི་ཕྱིར། ལྷ་དྲུག་པ་དང་། ཉོན་ཚོགས་དྲུག་སྟེ། ཡིད་དང་བཅས་བདུན་སྦྱོང་ཕྱིར་ལྷ་བདུན་པ། ལྷ་དགུ་སོགས་རིམ་པར་སྦྱང་གཞིའི་གྲངས་དང་མཉམ་པའི་སྦྱོང་བྱེད་ཀྱི་ལྷ་བསྟན་སྟེ། ཚོགས་བརྒྱད་སོགས་ཕྱིར་ལྷ་བརྒྱད་པ་དང་། །སྙིང་གའི་རྩ་འདབ་བརྒྱད་དབུ་མའི་ཡར་མར་གྱི་རྩེ་གཉིས་བསྡོམས་པས་བཅུ། རླུང་བཅུ། ས་བཅུ། སྟོབས་བཅུ། དེ་སོགས་དགུ་དང་། སྦྱང་གཞི་ལ་དགྱེས་རྡོར་ལྷ་དགུ་ཡུམ་བཅས་བཅུ་པ་དང་། གཞན་ཡང་ལྷ་བཅུ་པ་དང་། གཉིས་པ་ནི། ཕུང་པོ་ལྔ་ཁམས་ལྔ་རྣམས་སྤྱིར་ལྷ་བཅུ་དབང་པོ་ཡུལ། གཟུགས་ནས་ཡེ་ཤེས་བར་དྲུག ཁམས་དྲུག་གཉིས་ཀྱིས་བཅུ་གཉིས། དེ་བཞིན་འགྲོ་བ་སོགས་ལས་བྱེད་པ་དྲུག་དང་། དེའི་དབང་པོ་རྐང་པ་སོགས་དྲུག་དང་བཅས་དག་པའི་དཀྱིལ་འཁོར་ནི། ལྷ་ལྔ་དགུ་དང་བཅུ་གསུམ་དང་། ཉེར་ལྔ་སོ་གཉིས་སོ་བཞི་པ། སོ་བདུན་རིགས་བརྒྱ་དུ་མའི་བར་དུ་འགྱུར་རོ། །གསུམ་པ་ནི། རྩ་རླུང་ཐིག་ལེ་འཁོར་ལོའི་གྲངས་སུ་སྦྱར་སྟེ། སྦྱང་གཞི་རྣམ་རྟོག་གི་གྲངས་བཞིན། སྦྱོང་བྱེད་དེ་དང་མཉམ་པར་བསྟན་པ་སྟེ། ལྷའི་གྲངས་དང་། གཙོ་བོའི་ཞལ་དང་ཕྱག་མཚན་སྦྱང་གཞི་དེ་རྣམས་དང་མཚུངས་པར་བསྟན་ཏོ། །གཉིས་པ་དཀྱིལ་འཁོར་གྱི་ངེས་པ་ནི། དེ་བཞིན་རྡོ་རྗེའི་ལུས་ལ་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པའི་ཚུལ་བཤད་པ་ནི། ཕྱི་རོལ་ཇི་བཞིན་པ་སོགས་འབྱུང་བ་རིམ་བརྩེགས་དང་། སིནྡྷུ་རྡོ་རྗེའི་ཐིག་ཟླུམ་པོ་དང་། དབྱིབས་དང་བཅས་པ་བསྡུས་པ་ལུས་ལ་སྦྱར་བའི་ཚུལ་ནི། ཁོ་བོས་དཀྱིལ་འཁོར་སྣང་བར་བཤད། གསུམ་པ་ཐབས་ཤེས་ཀྱི་རང་བཞིན་ལ་གསུམ། ཐབས་ཤེས་ཀྱི་རྣམ་གྲངས་སྤྱིར་བསྟན་པ། ཐབས་ཤེས་ཀྱི་རྒྱུད་ཀྱི་ཁྱད་པར། ཐབས་ཤེས་སུ་འགྱུར་ཚུལ་ཞིབ་ཏུ་བཤད་པའོ་དང་པོ་ནི། དེ་ལྟར་བསྟན་པ་ཐམས་ཅད་ཀྱང་། ཕན་ཚུན་ཐབས་དང་ཤེས་རབ་དང་། །གཡས་གཡོན་ལུས་སེམས་དཀར་དམར་དང་། རྟེན་གཞལ་ཡས་དང་བརྟེན་པ་ལྷ་མ་ལུས་པ། །མདོར་ན་འཁོར་འདས་ཐམས་ཅད་ཐབས་དང་ཤེས་རབ་རང་བཞིན་གསུངས་སོ། །གཉིས་པ་ནི། ཤེས་རབ་གཙོར་བསྟན་ཤེས་རབ་རྒྱུད། །ཐབས་གཙོར་བསྟན་པ་ཕ་རྒྱུད་དེ། །ཀུན་ཀྱང་གཉིས་མེད་རང་བཞིན་ཡིན་སྟེ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་ཀྱང་། བརྗོད་བྱ་གཙོ་ཆེ་ཆུང་གི་དབང་གིས་ཕ་མའི་རྒྱུད་དང་། གཉིས་མེད་ཀྱི་རྒྱུད་དུ་གྲགས་པ་ལས། ཐམས་ཅད་ཐབས་ཤེས་གཉིས་མེད་དུ་གསུངས་སོ། །གསུམ་པ་ནི། ཐབས་ཤེས་ཀྱི་ཚུལ་རྒྱས་པར་བསྟན་ན། མིག་ནི་ཐབས་ཏེ་གཟུགས་ཤེས་རབ། །གཟུགས་ནི་ཐབས་གྱུར་མིག་ཤེས་རབ། །རོ་མ་ཐབས་ཏེ་རླུང་ཤེས་རབ། །རྐྱང་མ་ཤེས་རབ་རླུང་ནི་ཐབས། སྐྱེས་བུ་ཐབས་ཏེ་སེམས་ཤེས་རབ། །བུད་མེད་ཤེས་རབ་སེམས་ནི་ཐབས། །དབུས་ནི་ཤེས་རབ་ཕྱོགས་ནི་ཐབས། །དོན་དམ་ཐབས་ཏེ་ཀུན་རྫོབ་ནི། །ཤེས་རབ་སོགས་ཇི་སྐད་བཤད་པ་དེ་བཞིན་དང་། དེ་ལུགས་བཟློག་པ་ཡི་ཚུལ་གྱིས་ཐབས་ཤེས་སུ་སྦྱོར་བ་ཡིན་སྟེ། ཐབས་ཤེས་སུ་སྦྱོར་ཚུལ་ཕྱི་ནང་གཞན་གསུམ་སྣང་སྲིད་འཁོར་འདས་ཐམས་ཅད་སྟེ། དེ་སོགས་དཔག་མེད་ཤེས་པར་བྱ་ཞིང་། གཞན་ཡང་ཁ་དོག་རྣམས་ཡོན་ཏན་རོ་དྲི་སོགས་ཀྱི་རིམ་པ་རྣམས། རླུང་གི་སྐབས་དུ་ཇི་སྐད་བསྟན་པ་བཞིན་རྣམས་ཀྱང་ཕན་ཚུན་ཐབས་ཤེས་སུ་སྦྱོར་ཚུལ་རྒྱུད་ཀུན་ཏུ་མཐའ་ཡས་པ་གསུངས་སོ། །བཞི་པ་བསྐྱེད་རིམ་གྱི་ངེས་པ་ནི། དེ་བཞིན་བསྐྱེད་རྫོགས་གཉིས་ལ་སྦྱར་ན། དབྱིབས་རྣམས་ནི། སྐུ་རླུང་དང་བརྗོད་པ་སྔགས་ཏེ། རླུང་སྔགས་བསྐྱེད་རིམ་དང་། ཡིད་ནི་ཐིག་ལེ་ནི་རྫོགས་རིམ་བརྗོད། དེ་བཞིན་ཐོག་པར་སྐྱེ་བ་བསྐྱེད་རིམ་བསྟན་པ་སྟེ། འཆི་བ་རྫོགས་རིམ་ཉིད་ཡིན་ནོ། །ཀུན་བརྟགས་དབྱིབས་ལ་སོགས་པ། བསྐྱེད་རིམ་ཞེས་བྱ་སྟེ། གཞན་དབང་ཡིད་ཀྱི་ཐིག་ལེ་དང་། འབྲེལ་བ་རྣམ་བཅས་བསྡུས་ནས་ནཱ་ད་སོགས་ལ་སེམས་འཇོག་པ་ནི་རྫོགས་རིམ་དུ་བཤད་སྟེ། ཀུན་རྫོབ་བདེན་པ་བསྐྱེད་རིམ་སྟེ། དོན་དམ་གྱི་བདེན་པ་དང་ལྡན་པ་རྫོགས་རིམ་བཤད། བདེན་གཉིས་ལ་འཇུག་པའི་ཐབས་རྣམས་བསྐྱེད་རིམས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་བསྐྱེད་པར་བྱེད་སྟེ། བདེན་གཉིས་དབྱེར་མེད་ཀྱི་ཤེས་རབ་སངས་རྒྱས་ཀྱི་སྙིང་པོ་རྫོགས་རིམ་གསུངས་སོ། །གསུམ་པ་མཇུག་བསྡུབ་ནི། ཐབས་ཤེས་བསྐྱེད་རྫོགས་དེ་ལ་སོགས་པ་ཐམས་ཅད་ཀྱང་། ཕྱི་དང་ནང་དང་གཞན་གྱི་སྦྱང་གཞི། སྦྱོང་བྱེད་བསྟན་པའི་རིམ་པས། མཐར་ཐུག་སངས་རྒྱས་ཀྱི་ཡེ་ཤེས་གཅིག་རྒྱུ་སྦྱོར་བར་བྱེད་པའི་ཚུལ་ནི། རྩ་བ་ཙམ་མདོར་བསྡུས་བརྗོད་པ་ཡིན་སྟེ། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཇི་ལྟར་ཨེ་ཝཾ་ཐབས་ཤེས་སུ་བཤད་པ་བཞིན་སྟེ། ཕྱི་ནང་གི་ཆོས་བདེན་གཉིས་ཀྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་དངོས་པོ་འཛིན་མེད་ཀྱི་ངང་དུ་སྤྱད་པར་བྱའོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་རྒྱས་པར་བཤད་པ་ལས། ཀུན་བརྟགས་ཀྱི་ལྷ་འབྱུང་བའི་ཚུལ་བཤད་པ་སྟེ་བརྒྱད་པའོ།། །།དེ་ལྟར་ཀུན་རྫོབ་ཀྱི་འཁྲུལ་པ་རྣམས་རགས་པ་བསྐྱེད་རིམ་གྱིས་བཅིངས་ནས་སྦྱང་ཚུལ་བཤད་ཟིན་པ་དང་། དེ་ལས་གཞན་པའི་འཁྲུལ་སྣང་རགས་པ་དང་། ཕྲ་བ་ལྷན་སྐྱེས་ཟུང་འཇུག་གི་ལམ་གྱི་སྦྱང་གཞི། སྦྱང་བྱ། སྦྱོང་བྱེད་བཅས་འཆད་པ་ལ་གཉིས། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ནས་འཁོར་འདས་ཀྱི་ཆོས་རྣམས་དག་དང་མ་དག་གི་ཆོ་འཕྲུལ་དུ་ཤར་བ་ཐམས་ཅད་ཀྱི། སྦྱང་གཞི་སྦྱོང་བྱེད་རྣམས་ལེའུ་སྔ་མར་གསུངས་པ་དེ་ཡི། ངེས་པ་འདིར་ནི་བསྟན་པར་བྱ། །གཉིས་པ་རྒྱས་བཤད་ལ་དྲུག ཡང་དག་པའི་བདེན་པ་གཉིས་བཤད་པ། དེའི་ཚུལ་མ་རྟོགས་པས་འཁྲུལ་པའི་ལོག་རྟོག་སྤང་བ། སྤང་གཉེན་གྱི་རྩ་བ། བྱེ་བྲག་ཏུ་རྒྱུད་སྡེའི་གཉེན་པོའི་ངེས་པ་མདོར་བསྟན་པ། རྒྱས་པར་བཤད་པ། །དེ་ཉིད་རྒྱུད་ཀྱི་ལྷ་ཐམས་ཅད་དང་སྦྱར་བའོ། །དང་པོ་ནི། སེམས་ཅན་ཁམས་ནི་སངས་རྒྱས་ཀྱི། སྙིང་པོ་དྲི་མེད་གང་ཡིན་པ་དེ་ཉིད། །གདོད་ནས་དག་པ་དོན་དམ་གྱི་བདེན་པ་དང་། དོན་དམ་ཡེ་ཤེས་ཀྱི་འོད་དུ་ཤར་བ་ཀུན་རྫོབ་སྟེ། བདེན་གཉིས་ལྡན་ཏེ། འདི་ནི་གསང་འདུས་རྒྱུད་ཡེ་ཤེས་རྡོ་རྗེ་རུ། །ཀུན་རྫོབ་གཟུང་འཛིན་སྣང་བ་སྟེ། །བདེན་པ་དེ་ནི་མེད་བཞིན་ཏུ་སྣང་བ་དཔེ་ཆུ་ཟླ་ལྟ་བུ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་སྟོང་ཉིད་བཅོ་བརྒྱད་ཀྱིས་བསྟན་པའི་གཉིས་མེད་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་དེ་དོན་དམ་གྱི་བདེན་པའོ།། བདེན་གཉིས་ཟུང་དུ་འཇུག་པ་གཉིས་མེད་ཡེ་ཤེས་ཕྱིན་ཅི་མ་ལོག་པར་རྟོག་པ་ནི་གནས་ལུགས་མངོན་ཏུ་གྱུར་པ་ཞེས་བརྗོད་དོ། །ཚུལ་དེ་ཉིད་རྟོག་པར་བྱེད་པའི་རྣམ་པར་རྟོག་པས་བསྐྱེད་པའི་གཟུང་འཛིན་གྱི། གཉེན་པོ་ཡེ་ཤེས་ནི། གཟུང་འཛིན་གྱི་རྣམ་རྟོག་སྦྱོང་བྱེད་ཡིན་པར་བཤད་དེ། དེ་ཡང་སྦྱང་གཞིའི་གྲངས་བཞིན་སྦྱོང་བྱེད་ཀྱི་ཆོས་ཀུན་གྱི་གྲངས་དེ་ཙམ་དུ་བསྟན་ཏོ། །གཉིས་པ་དེ་ཚུལ་མ་རྟོགས་པས་འཁྲུལ་པའི་ལོག་རྟོག་སྤང་བ་ལ་གཉིས། ཕྱི་རོལ་པ་དང་། ཐེག་པ་དམན་པའོ། །དང་པོ་ནི། ཚངས་སོགས་མུ་སྟེགས་ཀྱི་གྲུབ་མཐའ་ཐམས་ཅད་ཀྱང་། རྣམ་རྟོག་གིས་བྱས་པའི་ལོག་པའི་ཤེས་བྱ་ཡིན། རྒྱུ་རྐྱེན་ལྡན་པ་སོགས་འདོད་པ། གྲངས་ཅན་པ་རྟག་མཐར་ཞེན་པ་དང་། ཚེ་སྔ་ཕྱི་མེད་འཛིན་སོགས་རྒྱང་འཕེན་པ་ཆད་མཐར་ལྷུང་བ་སོགས། ལོག་པའི་ལྟ་བ་སྣ་ཚོགས་པའི་ལྟ་བ་ཀུན་ཀྱང་ལུས་སེམས་ཀྱི། གཟུང་འཛིན་ལ་བརྟེན་འབྱུང་བར་གསུངས་སོ། །གཉིས་པ་ཐེག་པ་དམན་པས་བཏགས་པའི་ལོག་རྟོག་སྤང་བ་ལ་གསུམ། ཉན་ཐོས་སྡེ་གཉིས་ཀྱི་འདོད་པ་སྤྱིར་དགག གནས་མ་བུ་པས་བཏགས་པའི་བདག་བྱེ་བྲག་ཏུ་དགག སྤང་གཉེན་གྱི་རིམ་པ་བསྟན་པའོ། །དང་པོ་ནི། རང་སྡེ་ཉན་ཐོས་གཉིས་ཀྱི་འདོད་པ། ཕྱི་རོལ་འཇིག་རྟེན་རྡུལ་ཕྲན་ལས་གྲུབ་པར་འདོད་པ་དང་། མདོ་སྡེ་པ་ནི། དབང་ཤེས་ལ་རྡུལ་ཕྲན་མི་སྣང་བར། གོས་ཀྱི་ཕག་ན་ལག་མགོ་ཡོད་པ་ལྟར། རྡུལ་ཕྲན་གྱི་རྣམ་པར་སྣང་བ་ཕག་ན་མོ་ཡི་ཚུལ་དུ་འདོད་པ་སྟེ། དེ་གཉིས་ཀའང་ཀུན་གཞི་འདུ་བྱེད་པའི་ཡིད་དང་བཅས་པའི་བག་ཆགས་ཀྱི་རྣམ་འགྱུར་ལས་ཡུལ་སྣ་ཚོགས་སུ་སྣང་བའི་ཡུལ་སྣང་གི་ཆ་དེ་ནི་ནུས་པ་སྟེ། མ་རྟོགས་དབང་གིས་གཞན་རྟོག་གི་འཁྲུལ་པ་ཡིན་གྱིས། སེམས་ལས་གཞན་ཏུ་གྲུབ་པ་མེད་ཏེ། འོན་ཀྱང་བདག་དང་། གཙོ་བོ་སོགས་བྱེད་པ་པོ་རུ་འདོད་པའི་ལྟ་ངན། དགག་ཕྱིར་ཕྱི་རོལ་ཏུ་ཕུང་ཁམས་སོགས་དོན་རང་མཚན་པ་ཡོད་པ་ལྟ་བུར་རྒྱལ་བས་གསུངས་པ་ཡོད། གཉིས་པ་ནི། ཉན་ཐོས་སྡེ་གནས་མ་བུ་པ་སོགས་ཀྱིས་བརྗོད་པ་མེད་པའི་བདག་དང་གང་ཟག་རྟག་པ་ཡིན་པར་བརྗོད་དེ། དེ་ནི་བདེན་པའི་རྫས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་དོ། །གལ་ཏེ་གྲུབ་པ་ཡོད་ན་འབད་མེད་ཐར་པ་ཐོབ་པའམ། ཡང་ན་ཐར་མེད་སྐྱོན་འགྱུར་ཞེས་སུ་བསྟན་ཏོ། །གསུམ་པ་ནི། དེ་སོགས་སེམས་ལ་བདག་ཏུ་གྲུབ་པའི་བདེན་པར་འདོད་པ་དང་། བདེན་མེད་དུ་འདོད་པ་སོགས་སྣང་ཡང་། སྣང་བ་ཙམ་ལས་རང་གི་གྲུབ་པ་རྡུལ་ཙམ་ཡང་མེད་པར་སྣང་བ་ཡིན་ནོ། །དེས་ན་དེ་དག་གི་སྤང་བྱའི་དབྱེ་བ་དང་། དེའི་གཉེན་པོའི་ཚུལ་ནི། མཁས་པ་རྣམས་ཀྱིས་མཐའ་ཡས་པར་གསུངས་པ་བཞིན་ནོ། །གསུམ་པ་སྤང་གཉེན་གྱི་རྩ་བ་བསྟན་པ་ལ་གཉིས། མདོར་བསྟན་པ། ཆོས་སྒོའི་གྲངས་རྒྱས་པར་བཤད་པའོ། །དང་པོ་ནི། བླ་མེད་ཀྱི་རྒྱུན་ལས་སྤངས་གཉེན་བསྟན་པའི་དུས། འདིར་ནི་ཡུལ་སྣང་སེམས་གསུམ་སོགས་ཐམས་ཅད་ལུས་འདི་ལ་བརྟེན་ཅིང་། ལུས་དེ་ཡང་རྩ་རླུང་ཐིག་ལེའི་ངེས་པ་ཡིས། སྦྱང་གཞི་སྦྱོང་བྱེད་སོགས་སྤང་གཉེན་སོ་སོར་དེ་བཞིན་གཤེགས་པས་གསུངས་སོ། །གཉིས་པ་ནི། དེ་དག་ལས་ཁྱད་པར་རྡོ་རྗེའི་ལུས་ལྡན་པའི། སྐྱེས་བུ་གཅིག་གི་ལོ་བརྒྱའི་བར་རྒྱུ་བའི་ཡེ་ཤེས་ཀྱི་རླུང་ཇི་སྙེད་པ་རྣམས། བསྡོམས་ན་བྱེ་བ་བདུན་ཅུ་བདུན། །ས་ཡ་བདུན་དང་འབུམ་ཕྲག་དྲུག ཡོད་པས་སྦྱང་གཞིའི་གྲངས་སྦྱོང་བའི། ཆོས་སྒོ་དེ་དང་མཉམ་པ་ཡོད་པ་ཡིན་ལ། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དུ་བཞག་པ་ནི། སྦྱང་གཞི། སྦྱོང་བྱེད་རགས་རིམ་དུ་བགྲངས་པའི་གྲངས་ཡིན། བཞི་པ་བྱེ་བྲག་ཏུ་གཉེན་པོ་རྒྱུད་སྡེའི་ངེས་པ་མདོར་བསྟན་པ་ལ་གཉིས། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། དེ་ལ་ཡེ་ཤེས་རླུང་ཇི་སྙེད། རྒྱུ་བ་བསྡོམས་པའི་གྲངས་དེ་སྙེད་དང་ལྡན་པ་དེ་རྣམས། མྱང་འདས་པའི་ལམ་ལྡན་པ་ཡི་ཐབས་ཀྱི་ཟིན་ན། གཉེན་པོའི་མཆོག་སྟེ་བླ་མེད་རྒྱུད་རྣམས་སུ། སྦྱང་གཞི་རླུང་གྲངས་གོང་ལྟར་དང་མཉམ་པར། སྦྱོང་བྱེད་ཀྱི་རྒྱུད་ཀྱང་དེ་སྙེད་དུ་གསུངས་པ་ཡོད་དོ། །གཉིས་པ་ནི། དེ་ཕྱིར་ལོ་བརྒྱའི་ཡེ་ཤེས་རླུང་། །བསྡོམས་པས་ལོ་གསུམ་ཕྱོགས་གསུམ་གྱི། །ལོ་གསུམ་ལ་ཞག་ནི་སྟོང་བརྒྱད་ཅུ་ཡོད་པ། དེ་ཡང་ལོ་གསུམ་ནི་སྐུ་གསུང་ཐུགས་སུ་དབྱེ་བས། སྦྱང་གཞི་ལོ་གསུམ་ལ། སྦྱོང་བྱེད་སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་གསུང་སྟེ། ལོ་གསུམ་ལ་ལྷོ་བྱང་གི་བགྲོད་པ་དྲུག་གི་དབང་གིས་རིགས་དྲུག་གི་རྒྱུད་དྲུག་དུ་བཤད་ལ། ལོ་རེར་ཟླ་བ་བཅུ་གཉིས་རེ་སྟེ། ཟླ་བའི་དབྱེ་བའི་རིགས་རྣམས་ནི། །སུམ་ཅུ་སོ་དྲུག་རྒྱུད་དུ་བཤད་ལ། ཟླ་བ་དེ་རྣམས་ཀྱང་གཡས་གཡོན་ཐབས་དང་ཤེས་རབ་ཀྱི་དབང་གིས། ཕྱོགས་གཉིས་གཉིས་སུ་དབྱེ་བས། ཟླ་བའི་ཕྱོགས་དོན་གཉིས་སུ་འགྱུར་བ་དེ་སྦྱོང་བྱེད་ཐབས་དང་ཤེས་རབ་རྒྱུད་རྩ་རྒྱུད་བདུན་ཅུ་རྩ་གཉིས་ཡོད། །འདི་ནི་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་རུ། གཙོ་བོའི་ཕྱག་བདུན་ཅུ་རྩ་གཉིས་ཀྱི་གྲངས་དག་པར་གསུངས་པ་ཡིན་ནོ། །ལྔ་པ་རྒྱས་པར་བཤད་པ་ལ་གསུམ། ལོ་གསུམ་གྱི་ཆུ་ཚོད་དང་སྦྱར་ཏེ་བཤད་པ། ཞག་གྲངས་དང་སྦྱར་ཏེ་བཤད་ནས་རྒྱས་བཤད་ཁ་འཕངས་པ། དེ་དག་གི་དོན་བསྡུའོ། །དང་པོ་ནི། ཨ་སོགས་ཨ་ཨི་རྀ་ལྀ་ཨུ་སྟེ་རྩ་བ་ལྔ། ཨ་ཨེ་ཨར་ཨོ་ཨལ་ཏེ་ཡོན་ཏེན་ལྔ། ཧ་ཡ་ར་ཝ་ལ་སྟེ་རྐྱེན་ལྔ་སྟེ་ཐུབ་ཏུ་བཅོ་ལྔ་དང་། དེ་སྟེང་རིང་པོ་བཅོ་ལྔ་བསྡོམ་པའི་སུམ་ཅུའི་སྟེང་། ཐིག་ལེ་དང་། ཚེག་དྲག་དང་། གྲི་གུག་དང་། དབྱུག་པ་དང་། ཐང་གཤོལ་ལྟ་བུ་སྟེ། རྩ་བའི་དབྱངས་གཟུགས་གཞན་ཏུ་གྱུར་པ་བརྗོད་མེད་ཀྱི་ཡི་གེ་ལྔ་དང་། ཨོཾ་བསྣན་པས་དབྱངས་ནི་སུམ་ཅུ་དྲུག ཀ་ཁ་ག་གྷ་ང་སོགས་སྡེ་ཚན་ལྔའི་སྟེང་། ས་ཐ་ཥ་ཤ་ྈྐ་ཧ་ཡ་ཝ་ར་ལ་ཀྵཿ འདི་རྣམས་བསྣན་པས་གསལ་བྱེད་གྲངས་ཀྱང་དེ་དང་མཉམ་མོ། །དེ་རྣམས་བརྗོད་བྱའི་དོན། རྗོད་བྱེད་ཡི་གེའི་གཙོ་བོར་གསུངས་ཤིང་། དེ་རེ་རེའང་རྒྱུད་ཕྲན་སུམ་ཅུ་སྟེ། དཔེར་ན། ཀ་ཀི་ཀྲྀ་ཀུ་ཀླི་སྟེ་རྩ་བའི་དབྱངས་ལྔ། ཀ་ཀེ་ཀ་ར་ཀོ་ཀལ་ཏེ་ཡོན་ཏན་གྱིས་བསྒྱུར་བ་ལྔ། ་ཀླ་ཀ་ར་ཀླ་ཁླ་ཏེ་རྐྱེན་གྱུར་ལྔ། འདི་རྣམས་ནི་རིང་པོར་བསྒྱུར་བས་སུམ་ཅུ་འབྱུང་ཞིང་། ཁ་སོགས་གསལ་བྱེད་སོ་དྲུག་པོ་ཀུན་ལ་སྦྱར་བས་དབྱངས་ཡིག་དགུ་བརྒྱ་ཡོད་པ་དེ། དེ་ཐབས་ཤེས་ཀྱིས་ཕྱེ་བས་ཆིག་སྟོང་བརྒྱད་བརྒྱ། དུས་སྦྱོར་གཅིག་གི་རླུང་གྲངས་དང་སྦྱར་བའི་ཡི་གེ་སྟོང་དང་བརྒྱད་བརྒྱ་ཡིན་པར་བཤད། དེ་བཞིན། ཞག་གཅིག་ལ་རྒྱུ་བའི་རླུང་ཉི་ཁྲི་ཆིག་སྟོང་བརྒྱད་བརྒྱ་ཡོད་པ་རྣམས་ཀྱང་། བཤད་མ་ཐག་པའི་ཡི་གེ་ཆིག་སྟོང་བརྒྱད་བརྒྱ་རྣམས་ལ། བསྒྱུར་བྱེད་ཨོཾ་ཨ་ཨཱཿབསྒྱུར་བའི་རྩ་བའི་དབྱངས་དྲུག་ལ། ཐུང་རིང་དུ་ཕྱེ་བའི་བཅུ་གཉིས་ཀྱིས་བསྒྱུར་བས། ཡིག་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡི། །རྒྱུད་ཀྱི་ཡན་ལག་ལྡན་ཕྱིར་ལོ་གཅིག་གི་ཆུ་ཚོད་དང་། ནང་དུ་ཞག་གཅིག་གི་དབུགས་གྲངས་མཉམ་པ་སྟེ། དེ་བཞིན། ལོ་གསུམ་གྱི་ཡེ་ཤེས་ཀྱི་རླུང་གིས་གྲངས་དྲུག་ཁྲི་བཞི་སྟོང་བརྒྱད་བརྒྱ་པོ་རྣམས་ཀྱང་། སྦྱོང་བྱེད་ཡི་གེ་གོང་གི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། དེ་རྣམས་ལ་སྐུ་གསུང་ཐུགས་ཀྱི་དབྱེ་བས། ཐིག་ལེ་བར་པའི་རིང་པོ་ཚེས་དྲག་ཤིན་ཏུ་རིང་པོ་གྲི་གུག་གི་ཤིན་ཏུ་ཐུང་ངུ་སྟེ། དེ་གསུམ་ནང་གསེས་ཀྱི་དབྱེ་བས་ཐུང་རིང་ཤིན་ཏུ་རིང་པོ་རྣམས་སོ་སོར་སྦྱར་བས། ཡི་གེ་དྲུག་ཁྲི་བཞི་སྟོང་བརྒྱད་བརྒྱ་འབྱུང་ངོ་། །གཉིས་པ་ནི། དེ་བཞིན་གསལ་བྱེད་སུམ་ཅུ་ལ་དབྱངས་ཐུང་ངུ་དྲུག་གིས་བསྒྱུར་བས་བརྒྱ་དང་བརྒྱད་ཅུ། དེ་དབྱངས་རིང་པོ་དྲུག་གིས་བསྒྱུར་བས་བརྒྱ་དང་བརྒྱད་ཅུ་སྟེ། བསྡོམས་པས་སུམ་བརྒྱ་དྲུག་ཅུ་རྩ་བའི་དབྱངས། ལོ་གཅིག་གི་ཞག་སུམ་བརྒྱ་དྲུག་ཅུ་ལ་འཆར་བའི་ཡི་གེའོ། །ཉིན་མཚན་དབྱངས་ཀྱང་སུམ་ཅུ་སུམ་ཅུ་བསྡོམས་པས་དྲུག་ཅུ་སྟེ། རྒྱུ་མཚན་དེ་ཕྱིར་དབུགས་རྒྱུ་བའི་དབུགས་ཉི་ཁྲི་ཆིག་སྟོང་གི་གྲངས་ཀྱི་དབྱངས་ཉི་ཁྲི་ཆིག་སྟོང་ཞག་གཅིག་ལ་རྫོགས་པ་དང་། ཕྱིར་ལོ་གཅིག་ལ་ཆུ་ཚོད་ཉི་ཁྲི་ཆིག་སྟོང་ལས། དབྱངས་གྲངས་དེ་སྙེད་མཐུན་ཕྱིར། གསལ་བྱེད་ཀྱང་ཕྱི་ནང་གཉིས་སུ་དབྱངས་དེ་དང་མཚུངས་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་ཡིན་ལ། ཞིབ་ཏུ་དབྱངས་འཆར་ནང་དུ་ལྟོས་ཤིག གསུམ་པ་ནི། དེ་ལྟར་ནི་བླ་ན་མེད་པའི་རྒྱུད་ཀྱི་ཚོགས་ཀྱི་སྦྱང་གཞི། སྦྱོང་བྱེད་ཀྱི་རྣམ་པར་དབྱེ་བ་མདོར་བསྡུས་པར་བསྟན་པ་ཡིན་ནོ། །དྲུག་པ་དེ་ཉིད་རྒྱུད་ཀྱི་ལྷ་ཐམས་ཅད་དང་སྦྱར་བ་ལ་གཉིས། ཡེ་ཤེས་ཀྱི་རླུང་ལ་སྦྱར་བ་དང་། རྩ་ཁམས་ལ་སྦྱར་བའོ། །དང་པོ་ལ་ལྔ། དུས་འཁོར་གྱི་ལྷ་དང་སྦྱར་བ། སྡོམ་པ་ཆེ་ཆུང་གི་ལྷ་དང་སྦྱར་བ་ཐབས་རྒྱུད་ཀྱི་ལྷ་དང་སྦྱར་བ། རྒྱུད་གཞན་དང་སྦྱར་བ། དོན་བསྡུ་བའོ། །དང་པོ་ནི། དེ་ལྟར་རྒྱུད་སྡེའི་རྣམ་དབྱེ་བཤད་ནས། ད་ནི་ལྷའི་གྲངས་ཀྱི་ངེས་པ་དང་སྦྱར་ན། །ཐབས་རྒྱུད་ཤེས་རབ་རྒྱུད། གཉིས་མེད་རྒྱུད་ཀྱི་ལྷ་གྲངས་དང་སྦྱར་ནས། །དེ་དག་གཙོ་བོར་ཅུང་ཟད་བརྗོད་དོ། །ལོ་གསུམ་ཞག་ལ་རྩ་བདུན་གྱིས་བགོས་ན། ཞག་བརྒྱ་དང་ལྔ་བཅུ་རྩ་བཞི་སྟེ། དེ་ནི་དུས་འཁོར་ཉུང་ངུའི་རྒྱུད་ཀྱི་ལྷ་གྲངས་ཏེ། །གོང་གི་ཆ་བདུན་ཏུ་བགོས་པའི་ཆ་བདུན་ཆར་གྱི་གྲངས་བརྒྱ་དང་ལྔ་བཅུ་རྩ་བཞི་རྣམས་ཡོངས་རྫོགས། དུས་འཁོར་ཉུང་ངུའི་རྒྱུད་ཀྱི་ལྷ་གྲངས་བརྒྱ་དང་ང་བཞིར་དག་ཟིན་པའི་རྗེས། གོང་གི་ལོ་གསུམ་གྱི་ཞག་རྣམས་ཆ་བདུན་དུ་བགོས་པའི་ལྷག་མ་གཉིས་འབྱུང་བས། དེ་ནི་ཐབས་ཤེས་གཙོ་བོ་ཡབ་ཡུམ་གྱི་བདག་ཉིད་དུ་དག་པར་གསུངས་སོ། །གཉིས་པ་ནི། སྦྱང་གཞི་ལོ་གསུམ་གྱི་ཟླ་བ་ཆ་ནི་ཞག་བཅོ་ལྔ་སྟེ། ཚུལ་དེས་ལ་གསུམ་ལ་ཟླ་བ་སུམ་ཅུ་སོ་དྲུག་ཡོད་པ། དེ་ཡར་མར་གྱི་ཆ་གཉིས་སུ་ཕྱེ་བས། གྲངས་ཆ་བདུན་ཅུ་རྩ་གཉིས་ཏེ། དེ་སྦྱོང་བྱེད་ནི། བདག་པོ་དང་འཁྲིག་པ་སྟེ། གཙོ་བོ་ཡབ་ཡུམ་སྦྱོར་བ་དང་བཅས་རྣལ་འབྱོར་མའི། ཡབ་རྣམས་བཅས་སྡོམ་པས་བདེ་མཆོག་སྡོམ་པ་ཆེན་པོ་ངེས་བརྗོད་འབུམ་པའི་རྒྱུད་ཀྱི་ལྷ་བདུན་ཅུ་རྩ་གཉིས་རུ་བཤད། དེ་རྣམས་རིགས་བསྡུས་ན་དཔའ་མོ་སུམ་ཅུ་བདུན་པོ་རྣམས་ལ། ཐབས་སམ་ཡབ་གཅིག་དང་བཅས་ལུས་ལ་གནས་པར་གསུངས་པ། སྡོམ་ཆུང་རྩ་རྒྱུད་བསྡུས་པའི་ལྷ་གྲངས་སོ། །གསུམ་པ་ནི། ཟླ་བ་ཕྱེད་གསུམ་གྱི་ཞག་དེ་དག ཁྱད་པར་ཐབས་ཀྱི་རྒྱུད་ཀྱི་ལྷ་ཡི་སྤྱད་གཞི་ཡིན་པས། ཕྱོགས་གསུམ་གྱི་ཞག་ཞེ་ལྔ་པོ་དེར། དུས་སྦྱོར་རྒྱུ་བ་བཅུ་གཉིས་ཀྱིས། །དབྱེ་བ་ཞག་གི་དུས་སྦྱོར་བསྒྱུར་བས་ལྔ་བརྒྱ་བཞི་བཅུ་ནི་སྦྱང་གཞི་ཡིན། དེ་ལ་སྦྱོང་བྱེད་སྒྱུ་འཕྲུལ་དྲྭ་བའི་ནི། དཀྱིལ་འཁོར་རྣམ་པ་གསུམ་ལ་ལྷ་ཞེ་དགུའི་དཀྱིལ་འཁོར་དང་། དེ་བཞིན་ཞེ་ལྔ་ཞེ་གསུམ་སྟེ། བསྡོམས་པས་ལྷ་གྲངས་བརྒྱ་དང་སུམ་ཅུ་སོ་བདུན་རྣམས་སོ་སོར་ཐབས་ཤེས་ཟུང་གིས་དབྱེ་བ་རྣམས་ཀྱིས་སོ། །ལྷ་ཉིས་བརྒྱ་བདུན་ཅུ་རྩ་བཞི་ཡིན། དེའི་ལྷག་མར་ནི་དཔལ་ལྡན་འདུས་པའི་དཀྱིལ་འཁོར་རྣམ་དྲུག་གི་ལྷ་གྲངས་ཉིས་བརྒྱ་དྲུག་ཅུ་རྩ་བཞི་སྟེ། ལྷ་དགུ་དང་ལྷ་བཅུ་གསུམ་པ་དང་། བཅུ་དགུ་པ་དང་། ཉེར་ལྔ་པ་དང་། སོ་གཉིས་པ་དང་། སོ་བཞི་པ་རྣམས་བསྡོམས་པས་བརྒྱ་དང་སོ་གཉིས་སྟེ། དེ་རྣམས་སོ་སོར་ཐབས་དང་ཤེས་རབ་དབྱེ་བ་ཡིས། ཉིས་བརྒྱ་དྲུག་ཅུ་རྩ་བཞིའོ། །དཀྱིལ་འཁོར་སྔ་ཕྱིའི་ལྷ་བསྡོམས་པ་ལྔ་བརྒྱ་དང་སོ་བརྒྱད་ཡིན། དེའི་སྟེང་དུ་རིགས་བདག་མཚོན་ཕྱིར་ཐབས་ཤེས་རྩ་བ་གཙོ་བོ་ཡབ་ཡུམ་དང་བཅས་སྦྱང་གཞི་ལྔ་བརྒྱ་བཞི་བཅུ། དེའི་གྲངས་མཉམ་གྱི་སྦྱོང་བྱེད་ལྷ་གྲངས་ལྔ་བརྒྱ་བཞི་བཅུ་རྣམས་སོ། །བཞི་པ་རྒྱུད་གཞན་དང་སྦྱར་བ་ནི། དེ་རྣམས་ལས་གཞན་ཡང་སངས་རྒྱས་ཐོད་པ་རྡོ་རྗེ་བདུད་རྩི་དང་། དགྱེས་རྡོར་སོགས་རྣམས་མ་རྒྱུད་ཀྱི། སྡོམ་པའི་ནང་དུ་འདུས་པར་གསུངས། །གཤིན་རྗེ་གཤེད་སོགས་གསང་བར་བསྡུ། །ངག་ཆོས་དབྱིངས་གསུང་དབང་དུས་ཀྱི་འཁོར་ལོ་སོགས། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན་རྣམས་དུས་འཁོར་དུ་འདུའོ། །རྣལ་འབྱོར་རྒྱུད་ཀུན་ཀྱང་ཕ་མ་རྒྱུད་ཀྱི་ནང་དུ་འདུས་ཏེ། །བྱ་སྤྱོད་དེ་ཡི་ཡན་ལག་ཡིན་ཏེ། དེར་འདུའོ། །ལྔ་པ་དོན་བསྡུ་བ་ནི། དེ་རྣམས་ནི་ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས། དཀྱིལ་འཁོར་ལྷ་ཐམས་ཅད་འབྱུང་བར་བཤད་དོ། །གཉིས་པ་རྩ་ཁམས་ལ་སྦྱར་བ་ལ། བསྟན། བཤད་གཉིས་ལས། དང་པོ་ནི། རྩ་ཁམས་ལ་ཡང་དེ་བཞིན་རྒྱུད་ཀྱི་ལྷ་རྣམས་སྦྱོར་ཚུལ་གསུངས་པ་ནི། གཉིས་པ་ལ་བཞི། དུས་ཀྱི་འཁོར་ལོ་དང་སྦྱར་བ། འཁོར་ལོ་སྡོམ་པ་དང་སྦྱར་བ། གསང་བ་འདུས་པ་དང་སྦྱར་བ། རྒྱུད་གཞན་དང་སྦྱར་བའོ། །དང་པོ་ནི། སྙིང་ག་དབུ་མ་སྲོག་རླུང་བཅས་ནི་དུས་འཁོར་ལོ། རོ་རྐྱང་ཞབས་ཀྱི་རང་བཞིན་ཏེ། སྙིང་གར་ཁམས་དྲུག་ནི་སངས་རྒྱས་དྲུག་རྩ་བརྒྱད་ནི་ལྷ་མོ་བརྒྱད། ཡེ་ཤེས་ཀྱི་རང་སྣང་ནི་སྣ་ཚོགས་ཡུམ་དུ་བརྗོད། རྩ་བ་ཡན་ལག་རྩ་བཅུ་ནི། །བུམ་པ་གཤང་གཉིས། གཅི་གཉིས། ཤ་གཉིས་དང་། རྐང་གཉིས། ཁུ་ཁྲག་དག་པ་གཉིས་བསྡོམས་པས་བཅུ་ཡིན་ཏེ། གཙུག་ཏོར་རྩ་བཞི་ནི། ནོར་བུ་གཎྜྻི་ཤིད་དང་དུད་རྣམས་སོ། །ཕུང་པོ་ཁམས་རྣམས་སངས་རྒྱས་ཡབ་ཡུམ། མི་སོགས་དྲུག་དང་ཡུལ་རྣམས་ནི། བྱང་ཆུབ་སེམས་དཔའ་ལྷ་མོར་བཅས། །ལག་སོགས་ལས་དབང་དྲུག་གི་ཁྲོ་བོ་དྲུག དེའི་བྱེད་ལས་དྲུག་གི་ཁྲོ་མོ་དྲུག་སྟེ། རྐང་སོགས་ལས་དབང་ཁྲོ་བོ་ཁྲོ་མོ་བཅུ་གཉིས། ལྟེ་བའི་རྩ་རྣམས་འཇིགས་མ་སོགས། གསུང་གི་དཀྱིལ་འཁོར་གྱི་ལྷ་མོ་བདུན་ཅུ་རྩ་གཉིས་ཀྱི་རང་བཞིན་ཡིན། རྐང་ལག་ཚིགས་ཆེན་བཅུ་གཉིས་རྩའི་འཁོར་ལོའི་རྩ་འདབ་རྣམས་ནི། སྐུ་ཡི་དཀྱིལ་འཁོར་གནས་པའི་ཚེས་ལྷ་སུམ་བརྒྱ་དྲུག་ཅུ་ཡིན། །སོར་ཚིགས་རྣམས་ཀྱི་རྩ་འདབ་ནི་ཀླུ་དང་གཏུམ་མོ་སྟེ། བ་སྤུ་བྱེ་བ་ཕྲག་ཕྱེད་བཞིའི་རྩ་ཁམས་ནི་དཀྱིལ་འཁོར་གྱི་འབྱུང་པོ་བྱེ་བ་ཕྲག་ཕྱེད་བཞིའི་རང་བཞིན་ནོ། །འདོད་པའི་རྟོག་པ་སོ་དྲུག་དང་། མི་འདོད་པའི་རྟོག་པ་སོ་དྲུག་ཀུན། །མཆོད་པའི་ལྷ་མོ་སོ་དྲུག འདོད་ཕྱིར་འདོད་རྣམས་སོ་དྲུག་དང་བཅས་པའོ། །དེ་ལྟར་དཀྱིལ་འཁོར་ལྷ་རྣམས་ཐབས་ཤེས་ཀྱིས་ཕྱེ་ན། སྟོང་ཕྲག་བརྒྱད་ཅུར་འགྱུར་ཞིང་། དེ་བཞིན་རྩ་ཁམས་རྣམས་ཀྱང་སོ་སོར་ཐབས་དང་ཤེས་རབ་ཀྱི། །དབྱེ་བས་སྟོང་དང་བརྒྱད་ཅུ་འབྱུང་བའོ། །གཉིས་པ་ནི། །དཔལ་ལྡན་འཁོར་ལོ་སྡོམ་པ་ཆེ་ཆུང་གི་ལྷ་དང་སྦྱར་ན་ནི། རྩ་གཙོ་མོ་གསུམ་བདུད་བྲལ་བཅས་པ་ནི་གཙོ་བོ་ཡབ་ཡུམ་གཉིས་དང་། སྙིང་གར་རྩ་བརྒྱད་ནི་ཡུམ་བཞི་མཆོད་པ་བཞི་དང་བརྒྱད། ལུས་ཀྱི་རྩ་ཆེན་ཉེར་བཞི་ཡུལ་ཉེར་བཞིའི་རྣལ་འབྱོར་མ། །རབ་གཏུམ་སོགས་ཡིན་དེ་ན་འབབ་པའི་ཁམས། ཐོད་པའི་དུམ་སོགས་དཔའ་བོར་གསུངས། ཁྭ་གདོང་ལ་སོགས་ཁྲོ་བཅུར་མཚུངས་སྟེ། རྐང་ལག་སོགས་དྲུག་ལས་དབང་དྲུག འགྲོ་བ་སོགས་ལས་བྱེད་པ་དྲུག་བཅས་སོ། །དེ་ནི་སྡོམ་ཆུང་གི་ལྷ་དང་སྦྱར་བའོ། །རྩའི་གཙོ་མོ་ཉེར་བཞི་པོ་སོ་སོར་ཐིམ་དང་ལོངས་སྤྱོད་བདག་པོའི་གསུམ་གྱི་དབྱེ་ཕྱིར། རྩ་ཕྲན་དོན་གཉིས་ལ། ལྷ་ནི་བདུན་ཅུ་རྩ་གཉིས་རང་བཞིན་ནོ། །རྩ་འཁོར་ལོ་བཞིའི་འདབ་མ་བརྒྱ་ཉི་ཤུ་པའི་གྲངས། དེ་དང་མཉམ་པའི་ལྷ་རུ་རྡོ་རྗེ་མཁའ་འགྲོར་གསུངས། གསུམ་པ་ནི། དཔལ་ལྡན་འདུས་པ་བཤད་བྱ་བ། ཕུང་པོ་སངས་རྒྱས་ལྔ་ཡིན་ཏེ། །ཁམས་བཞི་རེག་བཅས་ལྷ་མོ་ལྔ། །མིག་གཉིས་ས་ཡི་སྙིང་པོ་སྟེ། །རྣ་བ་ཕྱག་ན་རྡོ་རྗེའོ། །སྣ་ནི་ནམ་མཁའི་སྙིང་པོ་སྟེ། །ལྕེ་ལ་བཞུགས་པ་འཇིག་རྟེན་དབང་། །ཡིད་ནི་འཇམ་དཔལ་ཁམས་རྣམས་ལ། །སྒྲིབ་སེལ་ཡིན་ཏེ་ལུས་ལ་ནི། །ཀུན་ཏུ་བཟང་པོ་ཉིད་ཅེས་བྱ། །རྩ་རྒྱུད་བྱམས་པ་ཉིད་ཡིན་ནོ། །མཁྲིག་མ་དང་བོལ་གོང་མ་གཏོགས་པའི་ཡན་ལག་ཚིགས་བརྒྱད་དང་ཁ་གསང་བ། །ཁྲོ་བོ་བཅུ་ཡི་རང་བཞིན་ཏེ། །ལྟེ་བར་ལས་ཀྱི་རིགས་སྐྱེས་པ། །མཁྱེན་དང་གཏུམ་སོགས་ལྷ་མོ་ནི། །དྲུག་ཅུ་རྩ་བཞི་གསུངས་པ་ཡིན། །རྡོ་རྗེ་དབྱིངས་ཕྱུག་སོགས་སྙིང་གར་དགུ། །རྡོ་རྗེའི་རིགས་སུ་གསུངས་པ་སྟེ། །པདྨའི་སྒྲོན་མ་སོགས་བཅུ་དྲུག །མགྲིན་པར་པདྨའི་རིགས་ཀྱི་རང་བཞིན་ལ། །སྤྱི་བོར་རབ་ཏུ་སད་ལ་སོགས། །འཁོར་ལོ་ལ་རིགས་ལྡན་མ་སོགས་ལྷ་མོ་སུམ་ཅུ་གཉིས་སོགས། །རྒྱས་པར་རྡོ་རྗེ་ཕྲེང་བར་གསུངས། བཞི་པ་ནི། དེ་སོགས་དཀྱིལ་འཁོར་དུ་མ་གསུངས་པ་རྣམས། རྐྱང་པ་དཔའ་བོ་གཅིག་པ་དང་། ཕྱོགས་རེ་ཆ་ལྡན་པ། གཙོ་འཁོར་གཉིས་པ་དང་། གསུམ་པ་སོགས་ནས་མཐའ་ཡས་པའི་བར་གསུངས་པ་ཐམས་ཅད་འདིར་འདུས་ཏེ། དཔེར་ན་དགྱེས་རྡོར་ལྷ་དགུ་ནི། སྙིང་གའི་འཁོར་ལོ་རྐྱང་པའི་སྦྱོང་བྱེད་ཡིན་པ་བཞིན། དཀྱིལ་འཁོར་ཐམས་ཅད་ལུས་ཀྱི་རྩ་རླུང་གི་སྦྱོང་བྱེད་དུ་བཞག་པ་ཡིན། གསུམ་པ་དོན་བསྡུ་བ་ནི། དེ་དག་གི་དོན་ལེའུ་འདི་དག་གི་བརྗོད་བྱ། མདོར་ན་རྩ་ནི་སྐུ་ཡིན་ཏེ། །རླུང་ནི་གསུང་སྔགས་དང་ཡི་གེའོ། །ཐིག་ལེ་ཐུགས་གཉིས་མེད་ཡེ་ཤེས་ཕྲ་མོའི་རྣལ་འབྱོར་རྫོགས་རིམ་མོ། །དེ་བཞིན་སྦྱིན་སྲེག་དང་། འཁྲུལ་འཁོར་སོགས་ལས་རྣམས་ཀུན། །ནང་གི་སྦྱོང་གཞི་སྦྱོང་བྱེད་ཡིན། །འདིར་ནི་ཕྱོགས་ཙམ་བརྗོད་པའོ། །དེ་བཞིན་ཕར་ཕྱིན་ཐེག་པར་གསུངས་པའི་ས་དང་ལམ་དང་གཟུངས། ཏིང་འཛིན་རབ་འབྱམས་ལྷ་དང་སྔགས་སོགས་གསུངས་པ་ཐམས་ཅད་ལུས་སེམས་ནང་གི་སྦྱང་གཞི། སྦྱོང་བྱེད་ཀྱི་དབྱེ་བ་ལ། བརྟེན་ནས་ཐམས་ཅད་གཟིགས་པས་གསུངས། གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་སྣང་བར་བྱེད་པ་ལས། ཆོས་ཀྱི་སྦྱང་གཞི་དང་སྦྱོང་བྱེད་བསྟན་པ་སྟེ་དགུ་པའོ།། །།དེ་ལྟར་སྦྱང་གཞི་སྦྱོང་བྱེད་ཀྱི་ཚུལ་གྱིས་གནད་བཅིངས་ནས། ལམ་མངོན་ཏུ་འགྱུར་བའི་ཚུལ་བཤད་པ་ལ་གཉིས། ལེའུའི་གཞུང་དང་། མཚན་བསྟན་པའོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ལྟར་རྩ་རླུང་ཐིག་ལེ་གསུམ། །སེམས་ཀྱི་ཆ་ལས་སྣང་བ་སྟེ། །དེ་ཕྱིར་འདི་དོན་གནད་འཆིང་བ། །སངས་རྒྱས་སྒྲུབ་པའི་ལམ་རིམ་ཀུན་ལས་ཁྱད་པར་འཕགས། གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ཐུན་མོང་པའི་ལམ་དང་། ཐུན་མོང་མ་ཡིན་པའི་ལམ་མོ། །དང་པོ་ལ་གསུམ། ཉན་ཐོས་ཀྱི་ལམ། རང་སངས་རྒྱས་ཀྱི་ལམ། ཕ་རོལ་ཏུ་ཕྱིན་པའི་ལམ་མོ། །དང་པོ་ནི། ཚུལ་ཇི་ལྟར་འཕགས་ན། ཉན་ཐོས་ཀྱི་གང་ཟག་བདག་མེད་རྟོགས་ཤིང་རང་ཞི་བ་ཙམ། དེ་ཐོབ་པའི་ལམ་མྱུར་བ་སྲིད་པ་སྟེ། སྐྱེ་བ་ལན་གསུམ་གྱིས་ཐོབ་བར་འདོད་སྟེ། །རྒྱུན་ཞུགས་ནས་བཟུང་འགོར་ནའང་སྐྱེ་བ་ལན་བདུན་གྱི་མཐར་ཡིན་ནོ། །དེ་ནི་རང་དོན་ཞི་བ་ཙམ། གཉིས་པ་ནི། དེ་ལས་རང་རྒྱལ་བྱང་ཆུབ་ནི། བསྐལ་པ་ཉི་ཤུ་ནས་ཐོབ་ཅིང་། བསེ་རུ་ལྟ་བུས་ནི་བསྐལ་པ་བརྒྱ་ཡིས་འགྲུབ་བོ། །གསུམ་པ་ནི། སེམས་ཅན་ཐམས་ཅད་ཕན་བྱེད་པ། བྱང་ཆུབ་སེམས་དཔའ་ནི་བསྐལ་པ་གྲངས་མེད་གསུམ། གཉིས་པ་ཐུན་མོང་མ་ཡིན་པའི་ལམ་ལ་གསུམ། སྔགས་ལམ་ཁྱད་པར་འཕགས་པ་བསྟན་པ། རྒྱུད་སྡེ་བཞིའི་དུས་ཀྱི་ཁྱད་པར་བསྟན་པ། ལམ་དངོས་བཤད་པའོ། །དང་པོ་ནི། དེ་དག་ལས་ཁྱད་པར་འཕགས་པ་རྡོ་རྗེ་ཐེག་པ་འདི་ནི་ཐབས་ཀྱི་ཁྱད་པར་གྱིས། ཕ་རོལ་ཕྱིན་པའི་ལམ་དེ་ལས། གཉིས་པ་ནི། བྱ་སྤྱོད་མཚན་བཅས་མཚན་མེད་ཚུལ་གྱི་ཐབས་མཁས་ཙམ། ལྡན་ཡང་དུས་ཚེ་ལོ་བརྒྱ་པའི་དབང་གི་མི་ཚེ་དྲུག་ཅུ་ནས་སངས་རྒྱས་འགྲུབ་སྟེ། རྣལ་འབྱོར་རྒྱུད་ནི་ཕྱག་རྒྱ་བཞི་སོགས་ཀྱི་ཐབས་ཀྱིས་མི་ཚེ་བཅུ་དྲུག་ནས་སངས་རྒྱ་བ་ཡིན། དེ་ལས་ཐབས་ཁྱད་པར་འཕགས་པ་རྡོ་རྗེ་ཐེག་པ་བླ་ན་མེད་པ་ཚེ་གཅིག་གིས། བརྩོན་ལྡན་ངེས་པར་སངས་རྒྱས་འགྲུབ་པར་འགྱུར་རོ། །གསུམ་པ་ལམ་དངོས་བཤད་པ་ལ་ལྔ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་པའི་ལམ་མོ། དང་པོ་ནི། རྡོ་རྗེ་ཐེག་པ་ལའང་། དང་པོར་དབང་ཐོབ་བསྐྱེད་རྫོགས་དོན་རྣམས་ནི། ཕྱིན་ཅི་མ་ལོག་ལེགས་ཤེས་མོས་པ་ལམ་བྱེད་དུ་སྒྲུབ་པ་ཚོགས་ལམ་གསུམ་སྟེ། གཉིས་པ་ནི། དེའི་སྟེང་རྩ་རླུང་ཐིག་ལེའི་གནད་ཤེས་ནས། དེའི་ཉམས་མྱོང་གི་ཡེ་ཤེས་རྒྱུན་ཆད་མེད་པ། ཀུན་བཟང་སྤྱོད་པ་དེ་ལ་གནས་པའི་དྲོད་ཀྱི་རྟགས་བདེ་གསལ་མི་རྟོག་སོགས་ཐོབ་ནས། མཐོང་ལམ་གྱི་ཉེ་རྒྱུ་སྦྱོར་ལམ་ཉིད་ལ་གནས་པ་ཡིན། དྲོད་ཐོབ་པ་དེ་ཚེ། དེ་བོགས་འདོན་པའི་ཆེད་སྤྲོས་བཅས། སྤྲོས་མེད་བརཏལ་ཞུགས་སྤྱོད་པ་ཉེ་རྒྱུ་ཡིས་མཚམས་སྦྱར་ནས། །སྦྱོར་ལམ་བགྲོད་ནས་མཐོང་བར་སྦྱོར། སྦྱོར་ལམ་འདི་ཡི་མན་ངག་གི་མཚན་གཞི་ནི་རྣམ་རྟོག་སོ་སོར་སྡུད་པ་དང་། སེམས་རྩེ་གཅིག་ཏུ་གནས་པ། བསམ་གཏན་བཞི་ལྡན་གྱི་ལམ་གཙོ་བོར་ཡིན་ཏེ། ལུས་དབེན་སྐུ་རྡོ་རྗེའི་ལམ་གྱིས་རྩ་ཡི་བྱེད་པ་བཅིངས་པས། རྩ་ནི་སྦྱོང་བར་བྱེད་པའི་ལམ་ཞེས་ཀྱང་བཤད་ལ། བསམ་གཏན་གྱི་ཡན་ལག་བཞི་རྫོགས་པ་ཡིས། རྒྱུ་ཡིས་སྤྱན་དང་། མངོན་པར་ཤེས་པ་ལྔ་ཡི་རྒྱུ་ཐོབ་གསུངས། སྦྱོང་བ་འདིས་ནི་རྩ་དག་པ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཡི་དཀྱིལ་འཁོར་དུ་ཞུགས་པའོ། །གསུམ་པ་ནི། སྦྱོར་ལམ་དེ་ཐོབ་ནས་རླུང་རྣམ་པར་དག་པའི་ཕྱིར་སྲོག་རྩོལ་དང་འཛིན་པའི་སྦྱོར་ལྡན་པས་ནི། སྦྱོར་བ་དེ་ལ་བརྟེན་ནས། ཐིག་ལེ་འཕོ་མེད་དུ་བཅིངས་པས། མི་རྟོག་ཡེ་ཤེས་མངོན་ཏུ་གྱུར་བའི་ཕྱིར། མཐོང་ལམ་ལ་ནི་སྦྱོར་བར་བྱེད་དེ། དེ་ཡང་རྣལ་འབྱོར་པས་རླུང་སྦྱོར་ལ་བརྟེན་ཐིག་ལེ་རྟག་ཏུ་འཕོ་མེད་དུ་འཛིན་པའི་སྟོབས་ཀྱིས་ནི། རླུང་སེམས་དབྱེར་མེད་བདེ་ཆེན་རྡོ་རྗེ་སེམས་དཔའ་ཡང་དག་འཇུག་ཅིང་འགྲུབ་པས། རླུང་གི་རྣལ་འབྱོར་ལ་བརྟེན་ནས། འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་ཞེས་བྱའོ། །བཞི་པ་བསྒོམ་ལམ་ལ་གཉིས། ལམ་གྱི་ངོ་བོ་དང་། མཐོང་སྒོམ་སོགས་ཀྱི་རླུང་འགག་ལུགས་སོ། །དང་པོ་ནི། མི་རྟོག་ཡེ་ཤེས་དེ་ཐོབ་ནས། ཉམས་ལེན་གྱི་སྤྱོད་པ་ནི་སྤྲོས་མེད་རྗེས་ཐོབ་སྒྱུ་མ་ལྟ་བུ་དང་། ཤིན་ཏུ་སྤྲོས་མེད་ཀྱིས། མཉམ་གཞག་མི་རྟོག་པའི་སྤྱོད་པ་ལ་བརྟེན་ནས། བདེ་བ་དང་། དཀོན་མཆོག་གསུམ་དང་། ལྷ། གཏོང་བ། ཚུལ་ཁྲིམས། ཕར་ཕྱིན་བཅུ་སྟེ། རྗེས་དྲན་ཡན་ལག་དྲུག་གི་ཏིང་འཛིན་དུ་མར་སྦྱང་བྱས་ནས། ཐུགས་རྡོ་རྗེ་འགྱུར་མེད་ཀྱི་ཏིང་འཛིན་གྱི་ཡེ་ཤེས་ལ་སྦྱོར་བ་ནི། བདུད་དང་། ཐེག་དམན་གྱི་ཕྱོགས་ལས་རྣམ་རྒྱལ་གྱིས་འགྲུབ་སྟེ། གཞན་དོན་ཚོགས་ཀྱི་སྤྱོད་དང་བཅས་ལས། སྒོམ་ལམ་མཐར་ཕྱིན་པར་གྲུབ་བོ། །གཉིས་པ་མཐོང་སྒོམ་སོགས་ཀྱི་རླུག་འགག་པའི་ཚུལ་ནི། དང་པོ་སོར་བསམ་ལ་བརྟེན་ནས། རྩ་འགགས་པའི་སྟོབས་ཀྱིས། དུས་སྦྱོར་དང་པོ་བརྒྱ་ཕྲག་བཅོ་བརྒྱད་ཀྱི། རླུང་དང་རྟོག་པ་ལྷན་ཅིག་འགག དེ་ནི་འཇིག་རྟེན་པ་ཡི་ལམ་ཚོགས་སྦྱོར་གྱི་ལམ་ཡིན། སྲོག་རྩོལ་དང་། འཛིན་པ་ལ་བརྟེན་ནས། དུས་སྦྱོར་གཉིས་པའི་རླུང་དང་། རྟོག་པ་བརྒྱ་ཕྲག་བཅོ་བརྒྱད་དང་། ཐིག་ལེ་སྐ་བ་རྣམས་ལྷན་ཅིག་ཏུ། གསང་བར་འགག་པ་མཐོང་བའི་ལམ། ཐེག་ཆེན་གྱིས་དང་པོ་ཐོབ། གནས་སྐབས་དེ་ཡིས་མ་རིག་པ་འགག་པ། དེ་བཞིན་ས་ཐོབ་རིམ་གྱིས་སྐྱེ་ཤི་འགག་པ་སོགས་རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཏུ་འགག་གོ །དེ་ནས་རྗེས་དྲན་གྱི་སྟོབས་ཀྱིས་དུས་སྦྱོར་གསུམ་པར། དེའི་རླུང་དང་། རྟོག་པ་དང་། ཐིག་ལེ་བཅས་གསང་འཁོར་དེ་ཉིད་དུ་དག་པ་སྟེ། ས་གཉིས་པ་ཐོབ། ལྟེ་བར་དེ་བཞིན་དུས་སྦྱོར་བཞི་པ་དང་ལྔ་པའི་རླུང་དང་། ཐིག་ལེ་སྲོག་གསུམ་དག་ནས། ས་གསུམ་པ་དང་། བཞི་པ་ཐོབ། དུས་སྦྱོར་དྲུག་དང་བདུན་པའི་རླུང་ཐིག་སྲོག་གསུམ་སྙིང་གར་དག་སྟེ། ས་ལྔ་པ་དང་། དྲུག་པ་ཐོབ། དུས་སྦྱོར་བརྒྱད་དང་དགུ་པ་ནི་རླུང་ཐིག་སྲོག་གསུམ་མགྲིན་པ་ལ་དག་སྟེ། ས་བདུན་པ་དང་། བརྒྱད་པ་ཐོབ། དུས་སྦྱོར་བཅུ་དང་བཅུ་གཅིག་པའི་རླུང་ཐིག་སྲོག་གསུམ་སྤྱི་བོར་དག་པས། ས་དགུ་པ་དང་། བཅུ་པ་ཐོབ་པར་བཤད། ལྔ་པ་མཐར་ཕྱིན་མི་སློབ་པའི་ལམ་བཤད་པ་ནི། །དེ་ནས་གཙུག་ཏོར་དུས་སྦྱོར་བཅུ་གཉིས་པའི་རླུང་ཐིག་སྲོག་གསུམ་འགག་པས། ཉོན་མོངས་ཀྱི་རླུང་ཐིག་ཐམས་ཅད། ཡེ་ཤེས་ཀྱི་རླུང་ཐིག་ཏུ་དག་པ། དེ་ཚེ་སངས་རྒྱས་ཐོབ་པར་གསུངས། རྟེན་འབྲེལ་བཅུ་གཉིས་ལུགས་ཟློག་ཏུ་འགག་པ་དང་། མས་བརྟན་དགའ་བ་བཅུ་དྲུག་ཡོངས་སུ་རྫོགས་པ་ཡིན་ལ། སྟོང་ཉིད་བཅུ་དྲུག་དང་། སྙིང་རྗེ་བཅུ་དྲུག་དང་། ཡེ་ཤེས་ཀྱི་ངོ་བོ་དབྱེར་མེད་མཐར་ཕྱིན་གྱིས་འགྲུབ་བོ། །ལོ་བརྒྱའི་ཡེ་ཤེས་ཀྱི་རླུང་བསྡོམས་པས་ལོ་གསུམ་ཟླ་ཕྱེད་གསུམ་གྱི་རང་བཞིན་དག་པས་ཡེ་ཤེས་སྐུ་ཉིད་འགྲུབ་པ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་སྦྱང་བྱ་རྩ་རླུང་ཐིག་ལེ་རྣམ་གསུམ་ཇི་ལྟ་བུའི་ཚུལ་གྱིས། སྦྱོར་དྲུག་སྟེ། རྩ་དག་པར་བྱེད་པ་སོར་བསམ་གཉིས། རླུང་དག་པར་བྱེད་པ་སྲོག་འཛིན་གཉིས། ཐིག་ལེ་དག་བྱེད་རྗེས་ཏིང་གཉིས་ཏེ་དེ་རྣམས་ཀྱིས་རྩ་རླུང་ཐིག་གསུམ་གྱི་བྱེད་པ་བཅིངས་པའི་ལམ་མཐར་ཕྱིན་འབྲས་བུའི་སངས་རྒྱས་པ་ཡིན། དེ་ལྟ་བུའི་ཚུལ་ས་ལམ་དང་སྦྱར་བའི་དབྱེ་བ་དཔག་མེད་འདིར་མ་བརྗོད། སྦྱང་འབྲས་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་རིམ་པ་ཐམས་ཅད་ཀྱང་། །སྔ་མའི་སྦྱང་གཞི་རྩ་ཐིག་རླུང་གསུམ་དང་མཚུངས་འབྲས་བུ་སྐུ་གསུམ་མམ། རྡོ་རྗེ་གསུམ་ཐོབ་བོ། །གཉིས་པ་ལེའུའི་མཚན་ནི། །ཟབ་མོ་ནང་གི་དོན་སྣང་བར་བྱེད་པ་ལས། ལམ་དང་རིམ་པ་སྦྱར་བ་སྟེ་བཅུ་པའོ།། །།དེ་ལྟར་བསྐྱེད་པའི་རིམ་པ་དང་། ལམ་དང་། ས་ཡི་རྣམ་བཞག་རྒྱས་པར་བསྟན་ནས། དེ་དག་དེ་ཁོ་ན་ཉིད་ཀྱི་དབྱིངས་ལས་མ་འདས་པའི་ཕྱིར་སྡུད་པའི་རིམ་པ་འཆད་པ་ལ་གཉིས། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ནས་རྩ་རླུང་ཐིག་ལེ་རྣམས། བསྡུད་པའི་རིམ་པ་གསལ་བཤད་བྱ། ཡེ་ཤེས་རྣལ་འབྱོར་གྲུབ་པ་ནི། དང་པོ་སྐྱེ་བའི་ཚུལ་དང་མཐུན་པར། མཐར་རིམ་གྱིས་སྡུད་པའི་ངེས་པ་མེད་དེ་སེམས་ལ་དབང་ཐོབ་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ་བཞི། རྩ་སྡུད་པའི་རིམ་པ། རླུང་གི་འཆི་ལྟས། ཐིག་ལེ་འགག་པའི་རིམ་པ། ཞར་ལ་གང་དུ་འཕོ་བའི་ངེས་པའོ། །དང་པོ་ལ་གསུམ། རྩ་ཕལ་པ་སྡུད་པའི་ཚུལ། འཁོར་ལོ་བཅོ་བརྒྱད་སྡུད་པའི་རིམ་པ། རྩ་ཉེར་བཞི་པོ་སྡུད་པའི་ཚུལ་ལོ། །དང་པོ་ནི། ཐ་མ་ལ་རྡོ་རྗེའི་ལུས་འདི་ལ། མངལ་དུ་བདུན་ཕྲག་བཞིའི་རྗེས་དབུ་མ་ཆགས་པ་ནས་བཟུང་། ཕྱིར་བཙས་ནས་ཟླ་བ་བཞི་བར་གྱི་ལོ་གཅིག་ཏུ་འགྱུར་རོ། །སྐྱེས་ནས་ལོ་གཅིག་བར་དུ་ནི། ལུས་ཀྱི་རྩ་ཐམས་ཅད་སྐྱེད་པར་བྱེད་པ་སྟེ། ལོ་གཅིག་པོ་འདས་པ་དེ་ནས་ཞག་རེ་རྩ་གཉིས་གཉིས། ནུས་པ་བསྐམས་པར་བཤད་པ་ཡིན་ཏེ། དེ་ལྟར་ན། ལོ་བརྒྱ་ལོན་ཚེ་རྩ་སྟོང་ཕྲག་བདུན་ཅུ་གཉིས། །བསྡུད་པ་རགས་པའི་རིམ་པའོ། །ཞིབ་པར་ལོ་ནི་དགུ་བཅུ་དྲུག་དང་། ཟླ་བ་ཕྱེད་དང་བཅུ་གཅིག་བར་དུ། ཕྲ་བའི་རྩ་ཀུན་སྡུད་པ་སྟེ། དེའི་བར་དུ་རྩ་དྲུག་ཁྲི་དགུ་སྟོང་བདུན་བརྒྱ་དང་། ལྔ་བཅུར་བསྡུད་གྱུར་ལོ་གྲངས་དེའི་རིགས་ལ། ཉིན་རེ་རྩ་གཉིས་རེ་སྡུད་དོ། །གཉིས་པ་འཁོར་ལོ་བཅོ་བརྒྱད་སྡུད་པའི་རིམ་པ་ལ་གསུམ། ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་སྤྱིའི་དོན་དང་། འཁོར་ལོ་རྣམས་སྡུད་ཚུལ་རྒྱས་པར་བཤད་པ། དེའི་དོན་བསྡུ་བའོ། །དང་པོ་ནི། རྩ་ཕྲ་མོ་བསྡུས་ཟིན་པ་དེ་འོག་ལོ་གསུམ་ཕྱོགས་གསུམ་ལ། རྩ་འཁོར་ལྔ་དང་། དབུ་མའི་ཡར་མར་གྱི་རྩ་འཁོར་གྱི་རྩ་ཚིགས་ཆེན། ཚིགས་ཕྲན་གྱི་འཁོར་ལོའི་རྩ་བའི་རྩ་ཉེར་བཞི་སོགས་རྩ་ཆེན། ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་དག་གོ །གཉིས་པ་ནི། ཚིགས་ཆེན་བཅུ་གཉིས་ཀྱི་སུམ་བརྒྱ་དྲུག་ཅུའི་རྩ། ཞག་ནི་གསུམ་གསུམ་རྩ་རེ་རེ་སྐམས། སོར་ཚིག་རྩ་ཡང་དེ་དང་མཉམ་སྟེ། འདྲ་བར་བསྡུད་དོ། །ལྟེ་བའི་དྲུག་ཅུ་རྩ་ཁྱིམ་ནི། དུས་སྦྱོར་གྱི་རླུང་གི་ནུས་དང་མཚུངས་པར་ལོ་གསུམ་གྱི་ནང་དུ་བསྡུད། སྤྱི་བོ་ཞག་ནི་ཕྱོགས་གཅིག་ཞག་བཅོ་ལྔ་ལ་བསྡུད་སྟེ། མགྲིན་པར་རྩ་རྣམས་ཕྱོགས་གཅིག་ཏུ་བསྡུད་དེ་ཕྱོགས་གཉིས་བསྡོམས་བཟླ་གཅིག་ནང་བསྡུད་ཅིང་། གསང་རྩ་མགྲིན་པ་དང་མཚུངས་པས་ལོགས་སུ་མི་བགྲང་ངོ་། །སྙིང་གའི་རྩ་བརྒྱད་ཞག་བརྒྱད་དུ་བསྡུད་དེ། དེ་ནི་གོང་གི་ཟླ་བ་གཅིག་དེའི་ནང་གི་ཞག་བརྒྱད་དུ་རྩ་རྣམས་འདོར། གསུམ་པ་ནི། དེ་ལྟར་འཁོར་ལོ་ལྔ་ཡི་རྩ་བརྒྱ་དྲུག་ཅུ། གཙུག་ཏོར་རྩ་བཞི་དང་བཅས་འཁོར་ལོ་དེ་རྣམས་ཀྱི་དབུ་མའི་ཆ་མ་གཏོགས་པ། གཞན་རྣམས་ཟླ་གཅིག་གི་ནང་དུ་བསྡུད་པ་ཡིན་ནོ། །གསུམ་པ་རྩ་ཉི་ཤུ་རྩ་བཞི་སྡུད་ཚུལ་ལ་གཉིས། དངོས་དང་། ཐུན་མོང་གི་བསྡུ་བའོ། དང་པོ་ནི། རྩ་ནི་ཉི་ཤུ་རྩ་བཞི་པོ། རྩ་ཆེན་ཉེར་བཞི་པོ་རེ་རེར་ཡང་། རྩ་དྲུག་ཅུ་དྲུག་ཅུ་རེ་ཡོད་པ་རྣམས་དབུ་མའི་ཆ་སྟེ་གཙོ་བོ་ཉེར་བཞི་ལ་ཐིམ་དང་། ལོངས་སྤྱོད་བདག་པོའི་དབྱེ་བས་རྩ་དོན་གཉིས་པོ་མ་གཏོགས། གཞན་རྣམས་ནི། ལྟེ་བའི་འཁོར་ལོ་དང་མཚུངས་ལོ་གསུམ་བསྡུད། རྩ་ཆེན་ཉེར་བཞི་ལ་ཐིམ་དང་ལོངས་སྤྱོད་བདག་པོ་ཡི། སྒོ་ནས་གྱེས་པའི་རྩ་བ་བདུན་ཅུ་རྩ་གཉིས་པོའང་། ཕྱོགས་གསུམ་ནང་དུ་བསྡུད་པ་ཡིན། གཉིས་པ་ནི། དེ་ལྟར་དབུ་མའི་ཆ་མ་གཏོགས་པའི་འཁོར་ལོ་རྩ་ཆེན་རྣམས། བསྐམས་ཏེ་རླུང་རྣམས་མི་རྒྱུ་བ། །དེ་ནས་ཞག་གཅིག་ནས་འཕོའོ། །གཉིས་པ་རླུང་གི་འཆི་ལྟས་ལ་ལྔ། སྤྱིར་རླུང་བཅུ་སྡུད་པའི་རིམ་པ། དབུ་མའི་དུས་དང་དུས་མ་ཡིན་པར་འཆི་ལྟས། གཡས་པ་ཉི་མའི་འཆི་ལྟས། གཡོན་པ་ཟླ་བའི་འཆི་ལྟས། དེ་དག་གི་ངེས་པ་བསྟན་པའོ། །དང་པོ་ནི། རླུང་གི་བསྡུད་རིམ་པ་སྟན་པ་ནི། །རླུང་བཅུ་མངལ་དུ་ཟླ་བཅུ་ནས་རྫོགས་ཏེ། །སྐྱེས་ནས་ལོ་བརྒྱ་ཡི་དུས་སུ་འཆི་བའི་ངེས་པ་གང་གི་དབང་དུ་བཏང་ན། ལོ་ནི་བཅུ་བཅུ་རིམ་པ་ལྟར། ནོར་རྒྱལ་གྱི་རླུང་གི་ནུས་པ་ལྷ་སྦྱིན་ལ་བསྡུད་པ་སོགས་རིམ་པར་འགྲེལ་ཏེ། རྩངས་རུས་སྦལ། ཀླུ་དང་ཁྱབ་བྱེད་མཉམ་གནས་དང་། གྱེན་རྒྱུ་ཐུར་སེལ་སྲོག་རླུང་གི །སྟོབས་རྣམས་གཅིག་ལ་གཅིག་ཐིམ་པར། འགྱུར་ཞེས་རྡོ་རྗེ་ཕྲེང་བར་གསུངས། གཉིས་པ་དབུ་མའི་དུས་དང་དུས་མ་ཡིན་པའི་འཆི་ལྟས་ལ་གཉིས། འཕེལ་བའི་རིམ་པ་དང་། ལོ་གསུམ་ཕྱོགས་གསུམ་གྱི་འཆི་ལྟས་དངོས་སོ། །དང་པོ་ལ་བཞི། ཁུངས་སྨོས་པས་བསྟན་པ། རླུང་བཅུ་མ་ཉམས་པའི་དུས། འཆི་ལྟས་འཕེལ་ཚུལ་རྒྱས་བཤད། འཕོ་བའི་ངེས་པ་དངོས་སོ། །དང་པོ་ནི། རླུང་བསྡུད་ཅིང་། དབུ་མའི་འཆི་ལྟས་འཕེལ་ཚུལ། རྒྱས་པར་དུས་ཀྱི་འཁོར་ལོ་ལས། གཉིས་པ་ནི། སྐྱེས་བུ་ཚེ་ལོ་བརྒྱ་པ་གང་། མངལ་དུ་རྩ་དབུ་མ་ཆགས་པ་ནས་བཟུང་། སྐྱེས་ནས་ཟླ་གསུམ་བར། ལོ་གཅིག་ཏུ་བརྩི་བའི་བར་རླུང་རྣམས་ཀྱི། དུས་སྦྱོར་བཅུ་གཉིས་ཀྱི་རླུང་གི་གྲངས་ཀུན་མང་ཉུང་མེད་པར་མཉམ་པར་རྒྱུའོ། །གསུམ་པ་ནི། དེ་ལྟར་ལོ་གཅིག་པོ་དེའི་རྗེས། ཉི་མ་ལྷོ་བྱང་གི་བགྲོད་པ་གཉིས་སོང་རྗེས་ཀྱི་དེ་ནས་བགྲོད་པ་གསུམ་པའི་ཟླ་བ་དྲུག་གི་རིང་ལ། ཉིན་རེར་རྒྱུ་བ་རེ་རེ་འཕེལ་ནས་མཁའ་ཡི་རླུང་གི་མཚམས་སུ་རུ་རླུང་གཅིག་རྒྱུ་བ་འཕེལ་སྟེ། དུས་སྦྱོར་གཞན་དང་མི་འདྲ་བའི་སུམ་དྲུག་ཅུ་རྩ་གཅིག་རྒྱུའོ། །བགྲོད་པ་བཞི་པར་འཕེལ་འགྲིབ་མེད། རྩ་དབུ་མ་ཆགས་པ་ནས་བརྩི་བའི་ལོ་གཉིས་པ་ཡིན་ཀྱང་། བཙས་ནས་འཆི་ལྟས་འཕེལ་བའི་ལོ་དང་པོ་ཡིན། ལོ་གཉིས་པ་ལ་བགྲོད་པ་ལྔ་པར་གོང་ལྟར། ས་རླུང་དུ་རྒྱུ་བ་གཅིག་དང་། གཡས་ཀྱི་ཐོབ་སྐལ་དུ་གཅིག་སྟེ། གཡས་པར་རླུང་གཉིས་འཕེལ་བ་ཡིན། །དེ་ལྟར་རེ་མོས་བགྲོད་པ་རེ་རེ་འཕེལ་པ་དང་། བགྲོད་པ་རེ་རེ་མི་འཕེལ་བ་བསྡོམས་པས་ཕྱོགས་གསུམ་གྱིས་མཆོང་བའི་ལོ་བདུན་ན། ཆུ་སྲང་གཅིག་རླུང་རྒྱུ་བ་འཕེལ་བར་འགྱུར་དེ་ནས་ནི། །གཡོན་དང་གཡས་སུ་རིམ་པ་བཞིན། རེས་མོས་ཀྱི་ལོ་རེ་ཆུ་སྲང་རེ་རེ་འཕེལ། རིམ་པར་འཕེལ་བས་ལོ་དྲུག་ཅུ་རྩ་བདུན་ལོན་ནས་ནི། གོང་དུ་འཕེལ་རྣམས་བསྡོམས་པ་ཆུ་ཚོད་གཅིག་གི་རླུང་རྒྱུ་བར་འགྱུར་སྟེ། སྣ་གཡོན་ནས་ནམ་མཁའི་རླུང་བཞི་བརྒྱ་དང་ཉི་ཤུ་རྒྱུ། དེ་རྗེས་ནས་བགྲོད་པ་རེ་རེ་བཞིན། ཆུ་ཚོད་རེ་རེའི་རླུང་གི་རྒྱུ་བ་འཕེལ་སྟེ། ལོ་ནི་སུམ་ཅུར་བགྲོད་པ་རེ་རེར་དབྱུ་གུ་རེ་རེ་འཕེལ་བ་ནི། གཡོན་དང་གཡས་པ་རིམ་པ་བཞིན། བགྲོད་པ་གཅིག་ལ་གཡོན་ནས། །མཁའ་རླུང་ཆུ་ཚོད་གཅིག་འཕེལ་བ་དང་། དེའི་འོག་གི་བགྲོད་པ་གཅིག་ལ་གཡས་ནས་ས་རླུང་གནས་དེར་འབྱུང་བ་སོགས། འགྲོད་བ་རེ་རེར་གཡས་གཡོན་རེས་མོས་ཀྱི་འཕེལ་བའི་མཐར་ལོ་དགུ་བཅུ་གོ་དྲུག་དང་། ཟླ་བ་ནི། ཕྱེད་བཅུ་གཅིག་ལོན་ནས་གཡོན་ཏུ་ནི། ནམ་མཁའི་རང་བཞིན་ཞག་གཅིག་རྒྱུ་བ། བཞི་པ་འཕོ་བའི་ངེས་པ་དངོས་ནི། དེ་ནས་ལོ་གསུམ་ཕྱོགས་གསུམ་ན། འཕོ་བར་འགྱུར་བ་སྔོན་རྗེས་བསྡོམས་པས་ལོ་བརྒྱ་རྫོགས་པ་ཡིན་ནོ། །གཉིས་པ་ལོ་གསུམ་ཕྱོགས་གསུམ་གྱི་འཆི་ལྟས་དངོས་ལ་གསུམ། མཚམས་སྦྱར་དང་བཅས་པའི་མདོར་བསྟན། རྒྱས་བཤད་དོན་བསྡུའོ། །དང་པོ་ནི། དེ་ལྟར་ལོ་གོ་བདུན་པར་འཆི་ལྟས་འཕེལ་ཚུལ་བཤད་ནས། ད་ནི་ལོ་གསུམ་ཕྱོགས་གསུམ་གྱི་ནང་དུ། དབུ་མའི་འཆི་ལྟས་འཕེལ་ཚུལ་གྱི་ངེས་པ་ནི། ལོ་གསུམ་ཕྱོགས་གསུམ་ལ། ཟླ་བ་སོ་བདུན་དང་ཕྱེད་བཅས་ལ། ཞག་གི་འཕེལ་ཚུལ་ནི། ཟླ་བ་སོ་བདུན་ཕྱེད་བཅས་ལ། ཞག་སྟོང་དང་། བརྒྱ། ཉེར་ལྔ་ཡོད་པ་ལས། དེ་རྣམས་ཀྱི་རིང་ལ་འཆི་ལྟས་ཀྱི་རླུང་རིམ་པར་འཕེལ་སྟེ། མཐར་འཆི་ལྟས་ཀྱི་རླུང་ཞག་གི་གྲངས་སུ་ལོངས་པར་འཕེལ་བར་འགྱུར་བའི་ཞག་གྲངས་སོ་གསུམ་ཡིན་ཏེ། དེ་ལས་དང་པོ་ཟླ་བ་སོ་བཞི་དང་ཟླ་ཕྱེད་བཅས་ཀྱི་བར་ཞག་གྲངས་ལ། འཆི་ལྟས་འཕེལ་བས་རིམ་པར་ཞག་རེ་རེ་འཕེལ་བར་འགྱུར་སྟེ། མཐར་ཞག་སུམ་ཅུའི་བར་དུ་ལོངས་པར་འགྱུར་སྟེ། ཇི་ལྟར་འཕེལ་ཚུལ་ནི། ཟླ་བ་སོ་བཞི་ཕྱེད་བཅས་ཀྱི་བར། ཟླ་བ་དྲུག་རེར་འཆི་ཞག་ལྔ་རེ་འཕེལ་བས། ཟླ་བ་སུམ་ཅུ་ནས་འཆི་ཞག་ཉེར་ལྔ་དང་། དེའི་མཐར་ཟླ་བ་ཕྱེད་ལྔ་ལ་རྒྱུ་བའི་རླུང་གིས། འཆི་ཞག་ལྔ་འཕེལ་སྟེ། བསྡོམ་པ་ཟླ་བ་ཕྱེད་སོ་ལྔར་འཆི་ཞག་སུམ་ཅུ་འབྱུང་ངོ་། གཉིས་པ་ལ་གཉིས། འཆི་ལྟས་འཕེལ་བས་ཁྱིམ་བཅུ་གཉིས་སྟོངས་པའི་ཚུལ་དང་། ཁྱིམ་སྟོངས་ནས་ཚོར་བ་གསུམ་གྱི་རླུང་ཟད་དེ་འཕོ་བའི་ངེས་པའོ། །དང་པོ་ནི། འཆི་ལྟས་ཞག་སུམ་ཅུར་འཕེལ་ཚུལ་ཁྱིམ་བཅུ་གཉིས་ཀྱི་རྩ་དང་སྦྱར་ན། །ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་རྩ་དྲུག་ལས། གཡོན་དུ་ཁྱིམ་དྲུག་གི་ནམ་མཁའ་ནས་རླུང་མེ་ཆུ་ས་རྣམས་ཀྱི་རླུང་གི་རྒྱུ་བ་རིམ་པ་ལྟར་འཕེལ་བས། ཞག་གསུམ་གསུམ་གྱིས་ནི་ནང་ནས་རྩ་དྲུག་དྲུག སྐམས་ཤིང་གཅིག་དང་། གསུམ་སོགས་མི་མཉམ་རྒྱུ་བས་འཆི་ལྟས་ཞག་བཅོ་ལྔ་འཕེལ་བས། ཁྱིམ་དྲུག་གི་འཕོ་ཆུང་གི་རྩ་སུམ་ཅུ་སྟོང་ལ། དེ་བཞིན་གཡས་ཁྱིམ་དྲུག་ནས་ས་ཆུ་མེ་རླུང་ནམ་མཁའི་རླུང་རྣམས་གཉིས་བཞི་སོགས་མཉམ་པ་རུ། གཉིས་དང་བཞི་ལ་སོགས་ས་རླུང་ནས། གོང་བཤད་ལྟར་ཆུ་མེ་རླུང་མཁའི་རླུང་རྣམས་བསྡུད་རིམ་གྱིས་ཞག་དྲུག་རེ་ལ་རྩ་གསུམ་རེ་འགག་ཅིང་སྐམས་པས། འཆི་ཞག་བཅོ་ལྔ་འཕེལ་ནས་ཁྱིམ་དྲུག་གི་འཕོ་ཆུང་གི་རྩ་སུམ་ཅུ་སྟོངས་པར་འགྱུར་ལ། གཉིས་པ་ནི། དེ་ལྟར་ཟླ་བ་ཕྱེད་སོ་ལྔར་འཆི་ལྟས་ཞག་སུམ་ཅུ་འཕེལ་ནས་དེ་རྗེས་ཟླ་བ་གསུམ་པོ་ལ། ཇི་ལྟར་འཕེལ་ན། ཟླ་བ་གསུམ་གྱི་དང་པོར་གཡོན་ནས་ཞག་གཅིག་གི་འཆི་ལྟས་ཀྱི་རླུང་འཕེལ་ནས། ཞག་སུམ་ཅུ་ལ་ཞག་སོ་གཅིག་གི་རླུང་རྒྱུ་བ་ན་ཟླ་བའི་རླུང་ཐམས་ཅད་ཟད་པས་ན་སྙིང་སྟོབས་ཟད་དེ། གཡོན་ཁྱིམ་དྲུག་གི་རྩ་རྣམས་སྟོང་ངོ་། །དེའི་གཉིས་པའི་ཟླ་བར་གཡས་ནས་འཆི་ལྟས་ཀྱི་རླུང་འཕེལ་བས། ཟླ་གཅིག་གི་ཞག་སུམ་ཅུ་ལ་ཞག་དུ་འཕེལ་ཞིང་རྒྱུས་ཏེ། ཉི་མའི་རླུང་ཐམས་ཅད་ཟད་པས་ན་རྡུལ་ཟད་བྱེད་དེ། གཡས་ཁྱིམ་དྲུག་སྟོང་ངོ་། །དེ་ལྟར་རྩ་བའི་རྩ་འཕོ་ཆེན་གྱི་རྩ་ཟླ་རེར་དྲུག་དྲུག་འགག་སྟེ་སྐམས་པ། དེ་རྗེས་ཟླ་བ་གསུམ་པར། སྣ་གཉིས་ནས་རྒྱུ་བའི་འཆི་ལྟས་ཀྱི་རླུང་འཕེལ་ནས། ཟླ་བ་གཅིག་གི་ཞག་སུམ་ཅུ་ལ། ཞག་སོ་གསུམ་གྱི་རླུང་རྒྱུས་པས། རླུང་ཀུན་དང་། སྒྲ་གཅན་གྱི་ཁམས་ཟད་ནས། སྤྱི་མགྲིན་སྙིང་གསང་གི་རྩ་རྣམས་སྐམས་ཤིང་། ཕུང་ཁམས་སྐྱེ་མཆེད་རྣམས་ཡུལ་ལ་ཇི་ལྟར་སྦྱོར་བ་མེད་པར། མུན་པ་ཆེན་པོ་ཟད་བྱེད་རླུང་སྟེ། སྲོག་རླུང་ཉི་ཁྲི་ཆིག་སྟོང་རྣམས་ཞག་གཅིག་ལ་རྒྱུ་ཞིང་། དེ་ནས་ཕ་རོལ་དུ་འཕོ་བར་བྱེད་དོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་ལོ་གསུམ་ཕྱོགས་གསུམ་གྱི་ཞག་སྟོང་དང་། བརྒྱ་ཉི་ཤུ་རྩ་ལྔ་པོ་ལ། སོ་གཉིས་ཕྱེད་བཅས་ཀྱིས་བགོས་པའི་ཐོབ་ནོར་གྱིས། དབུ་མའི་འཆི་ལྟས་ངེས་པ་ཡིན། གསུམ་པ་གཡས་པ་ཉི་མའི་འཆི་ལྟས་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དེ་ལྟར་དུས་ཀྱི་འཆི་བ་དབུ་མའི་འཆི་ལྟས་བསྟན་ནས། དེ་ནས་དུས་མིན་ཉི་མ་ཡི། །འཆི་ལྟས་ངེས་པ་འདི་ལྟ་སྟེ། །གཉིས་པ་ལ་གཉིས། འཆི་བསླུ་ནུས་པའི་འཆི་ལྟས་འཕེལ་ཚུལ་དང་། མི་ནུས་པའི་འཆི་ལྟས་འཕེལ་ཚུལ་ལོ། །དང་པོ་ནི། གཡས་སུ་ཞག་གཅིག་རྒྱུ་བ་ནི། །ལོ་གསུམ་ཕྱོགས་གསུམ་ན་འཆིའོ། །འཆི་ལྟས་ལོ་གཅིག་ལ་འཕེལ་ནས་ཞག་ལྔ་རྒྱུ་ལོ་གསུམ་ཚེ་ཡིན་ཏེ། གླང་ཁྱིམ་གྱི་རྩ་ལྔ་འགགས་པའི་རྟགས་སོ། །ཡང་ལོ་གཅིག་འཕེལ་ནས་བཅུ་རྒྱུ་གཉིས་ཡོད་ཚེ་ཡོད་ཅིང་། འཁྲིག་ཁྱིམ་གྱི་རྩ་ལྔ་འགགས་པའི་རྟགས་ཡིན་ནོ། །དེ་ལོ་གཅིག་ལ་འཕེལ་ནས་ཞག་བཅོ་ལྔ་རྒྱུ་ན་ལོ་གཅིག་ཚེ་ཡོད་ལ། ཀརྐ་ཊའི་ཁྱིམ་གྱི་རྩ་ལྔ་འགགས་པའི་རྟགས་ཡིན། དེ་ནས་ཟླ་རེར་ཞག་རེ་འཕེལ་སྟེ། ཟླ་བ་དྲུག་ན་སྣ་གཡས་སུ་ཞག་ཉི་ཤུ་རྒྱུ་ན་ཟླ་དྲུག་འཚོ་ཞིང་། སེང་གེའི་ཁྱིམ་གྱི་རྩ་ལྔ་འགགས། ཟླ་བ་གསུམ་དུ་ཞག་ཉེར་ལྔ་རྒྱུ་ན་ཟླ་བ་གསུམ་འཚོ་ཞིང་། བུ་མོའི་ཁྱིམ་གྱི་རྩ་ལྔ་འགགས་སོ། །དེ་རྣམས་ལོ་ཟླར་འཆི་ལྟས་ཀྱི་ཞག་ལྔ་ཚན་ཏུ་འཕེལ་བ་སྟེ། ཁྱིམ་ལྔ་སྟོང་པར་འགྱུར་པ་ཡིན། དེ་ནས་ཞག་རེ་རེར་འཆི་ལྟས་ཀྱི་ཞག་རེ་རེས་ཁྱིམ་རེ་འདོར། སྣ་གཡས་ནས་ཉེར་དྲུག་རྒྱུ་བས་ཟླ་གཉིས་ཚེ་ཡོད་དེ་སྲང་ཁྱིམ་གྱི་རྩ་ལྔ་སྟོངས། སྣ་གཡོན་ནས་ཉེར་བདུན་རྒྱུ་བས་ཟླ་གཅིག་ཐུབ་ཅིང་། སྡིག་ཁྱིམ་གྱི་རྩ་ལྔ་སྟོངས། གཉིས་པ་འཆི་བ་བསླུ་མི་ནུས་པའི་འཆི་ལྟས་འཕེལ་ནས་འཕོ་བར་བསྟན་པ་ནི། ཁྱིམ་བདུན་འདས་ནས་རྒྱས་པ་སྟེ། །དེ་ནས་སུས་ཀྱང་བཟློག་མི་ནུས་ཤིང་། ཞག་ནི་སོ་གསུམ་ན་འཆི་བ་སྟེ། འཆི་ལྟས་ཞག་བཅོ་ལྔ་པར་འཕེལ་བས་གཞུ་ཁྱིམ་གྱི་རྩ་ལྔ་སྟོངས་པ་སོགས་རིམ་པར་ཞག་རྣམས་འཕེལ་བས་བཅུ་དང་ལྔ་དང་གསུམ། ཁྱིམ་བཞི། གཞུ། ཆུ་སྲིན། བུམ་པ། ཉ་བཅས་ཁྱིམ་སོ་སོའི་རྩ་ལྔ་ལྔ་སྟོངས་ཏེ། ཞག་གསུམ་དུ་རྒྱུས་པས་ཁྱིམ་བཞི་འདོར་བྱེད་བསྡོམས་ཁྱིམ་བཅུ་གཅིག་སྟོངས་ནས། ཉི་མའི་རླུང་གི་སྟོབས་ཟད་དེ་འོག་ཏུ། ཟླ་བ་ཟད་པར་བྱེད་པའི་རླུང་། གཡོན་ནས་ཞག་གཉིས་རྒྱུ་བར་བྱེད། །ཁྱིམ་ནི་བཅུ་གཉིས་པ་སྡིག་ཁྱིམ་གྱི་རྩ་ལྔ་ཡང་སྟོངས། དེ་ནས་དབུ་མར་སྒྲ་གཅན་ཁམས་སྲོག་རླུང་ཞག་གཅིག་རྒྱུ་ནས། རྣམ་ཤེས་ཕ་རོལ་འགྲོ་བར་བྱེད། བཞི་པ་གཡོན་ན་ཟླ་བའི་འཆི་ལྟས་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། དང་པོ་ནི། གཡོན་གྱི་ཟླ་བའི་རྟགས་བཤད་པ། གཉིས་པ་ནི། གཡོན་ནས་ཞག་གཅིག་རྒྱུ་བ་ནི། ལོ་གསུམ་ཕྱོགས་གསུམ་ནང་འཕོའི་རྟགས། དེ་ནས་ཟླ་བ་དྲུག་པའི་བར་ཟླ་བ་གཉིས་རེ་ལ། འཆི་ལྟས་ཞག་རེ་འཕེལ་བས་ཟླ་བ་དྲུག་པ་གཡོན་ནས་ཞག་གསུམ་རྒྱུ་ན། དེ་ནས་ཟླ་བ་སུམ་ཅུའི་ཚེ། ཡོད་ཅིང་། ལྟེ་བའི་ཁྱིམ་གཅིག་སྟེ། ལུག་ཁྱིམ་གྱི་རྩ་ལྔ་སྐམ་ཤིང་སྟོངས་པ་ཡིན། དེ་ནས་ཟླ་བ་རེ་རེ་བཞིན། འཆི་ལྟས་ཞག་ནི་རེ་རེ་འཕེལ་བས། ཟླ་བ་གསུམ་གྱིས་ཁྱིམ་གྱི་རྩ་ལྔ་རེ་འདོར། གཡོན་རླུང་ཞག་གྲངས་འཕེལ་བ་བཞིན། འཚོ་བའི་ཟླ་བ་འབྲི་བ་ཡིན། །དེ་བཞིན་ཏུ་འཆི་ལྟས་ཀྱི་ཞག་རིམ་གྱིས་ཁྱིམ་རྣམས་སྟོངས་ཤིང་འཚོ་བའི་ཟླ་བ་ཉུང་དུ་འགྲོ། གང་ཚེ་ཞག་ནི་སོ་གསུམ་རྒྱུ། །ངེས་པར་ཞག་ནི་གསུམ་ན་འཆི། །ཁྱིམ་ནི་བཅུ་གཉིས་སྟོངས་པ་ཡིན། །དེ་ནས་ཞག་གཉིས་ཉི་མའི་ཁམས་ཀྱི་རླུང་རྣམས། ཟད་པར་བྱེད་པས་གཡས་ནས་རྒྱུ། །དེ་འོག་དབུ་མ་སྒྲ་གཅན་ཁམས་སྲོག་རླུང་ཞག་གཅིག་རྒྱུས་ནས། རྣམ་ཤེས་གཞན་དུ་འཕོ་བ་ཡིན། །ལྔ་པ་དེ་དག་གི་ངེས་པ་བསྟན་པ་ལ་གསུམ། ཉི་ཟླའི་འཆི་ལྟས་སོ་སོར་འབྱུང་བའི་རྒྱུ་མཚན་དང་། དུས་དང་དུས་མ་ཡིན་པའི་འཆི་ལྟས་ངེས་པའི་རྒྱུ་མཚན། གློ་བུར་དུ་རྩ་རླུང་འགག་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་ཉི་ཟླའི་རྟགས་འབྱུང་བ་ཡི་ཚུལ་ནི། ལྟེ་བའི་མི་མཉམ་པ་ལུག་སོགས་ཀྱི། ཁྱིམ་ནས་ཐོག་མར་འཆི་ལྟས་ཀྱི་རླུང་སྣ་གཡོན་ནས་རྒྱུ་བ། ཟླ་བའི་འཆི་ལྟས་གཙོ་བོ་སྟེ། གླང་སོགས་མཉམ་པའི་ཁྱིམ་རྣམས་ལ། །རླུང་སྣ་གཡས་ནས་འབྱུང་ཉི་མ་གཙོ་བོ་ཡིན་ནོ། །གཉིས་པ་ནི། སྔ་མ་ལོ་བརྒྱ་ཐུབ་པ་ནས། །སྐྱེས་ནས་ཞག་གཅིག་ལས་མི་ཐུབ་པའི་བར་གྱི་ཚེ་རིང་ཐུང་ནི་རླུང་རྒྱུ་བས་བྱེད་ལ། རླུང་དེ་རྩ་ཀུན་ནས་རྒྱུ་ན་འཚོ་བ་དང་། དབུ་མ་རྐྱང་པ་ནས། རྒྱུ་ན་ཞག་གཅིག་ལས་མི་འཚོ་བ་སྟེ། ཚེ་རིང་ཐུང་དག་གིས་རྩ་མང་ཉུང་གི་གནས་ལ་རླུང་རྒྱུ་བའི་རིམ་པར་གསུངས་པ་ཡིན་ནོ། །གསུམ་པ་ནི། གང་ཚེ་དུག་དང་མཚོན་དང་ནད། །དྲང་པོས་རྩ་རྣམས་གཅིག་ཆར་འགག །རྒྱུ་དེས་གློ་བུར་འཆི་བར་གསུངས་ལ། དེ་ནི་ཇི་ལྟར་ལྟེ་བ་དུས་སྦྱོར་འབྱུང་བ་ཟླ་ཉི་སྒྲ་གཅན་བཅས་ཀྱི་རླུང་ཅིག་ཆར་དུ་འགག་པ་བཞིན། སྙིང་གར་ཐུན་བརྒྱད་དང་། མགྲིན་པར་རྒྱུ་སྐར། སྤྱི་བོར་ཟླ་རྐང་གི རིམ་པས་ཚིགས་ཆེན་ཚིགས་ཕྲན་གྱི་འཁོར་ལོ་གཞན་ཀྱང་མཚུངས། འཁོར་ལོ་ལྔ་དང་ཚིགས་ཀུན་ལ། འབྱུང་ལྔའི་རླུང་རེ་རེ་ལ། དབྱུ་གུ་བཅུ་གཉིས་བཅུ་གཉིས་ནི། བསྐྱེད་སྡུག་ཀྱི་རིམ་པ་ཡོད་པ་དེ་རྣམས་ཀྱི་རླུང་། ཞག་དྲུག་རྒྱུས་ནས་ཟད་པ་ཡིན་ནོ། །དེ་རྣམས་ཀྱིས་རླུང་གི་འཆི་ལྟས་བསྟན་པའོ། །གསུམ་པ་ཐིག་ལེ་འགག་པའི་རིམ་པ་ལ་གཉིས། ལོ་དགུ་བཅུ་གོ་བདུན་གྱིས་སྟོབས་འདོར་བ་དང་། ལོ་གསུམ་གྱི་འཆི་ལྟས་དངོས་སོ། །དང་པོ་ལ་གསུམ། རྟེན་རྩ་རླུང་སོགས་འགྲིབ་བྱེད་པའི་ཚུལ་དང་། བརྟེན་པ་ཁམས་འཕེལ་འགྲིབ་བྱེད་ཚུལ། དོན་བསྡུ་བའོ། །དང་པོ་ནི། དེ་ནས་ཐིག་ལེ་འགག་པའི་ཚུལ་ནི། ལོ་གཅིག་ནང་གི་ཁམས་འཕེལ་ནས། །རླུང་གི་ནུས་པ་ཕྱིར་ཤོར་བས། ཞག་རེ་ལ་དཀར་ནག་རྩ་འགྲིབ་པ་སྔ་མ་རྩ་དང་རླུང་གི་སྐབས་བཞིན་ནོ། །གཉིས་པ་ནི། དེ་ནས་སྐྱེས་པར་ལོ་ནི་བཅུ་དྲུག་དང་། བུད་མེད་ལ་ལོ་བཅུ་གཉིས་བར། །ཐིག་ལེ་འཕེལ་ཏེ་དེ་ནས་ནི། །དཀར་བ་འགྲིབ་ཅིང་འདོར་བར་བྱེད། །དེ་ནས་ཁྲག་ནི་ལོ་བཅུ་དྲུག་པར་འཕེལ་པ་ཡིན། །སོ་གཉིས་ནས་ནི་དེ་ཡང་འདོར། །དེ་ནས་རླུང་དང་མེ་དང་ཆུ་སའི་ཁམས་ཀྱི་སྟོབས་རྣམས། ལོ་བཅུ་དྲུག་རེ་ནས་རེ་རེ་འགྲིབ་པ་སྟེ། གསུམ་པ་དོན་བསྡུ་བ་ནི། རགས་པར་རྩིས་ན། ལོ་དགུ་བཅུ་གོ་བདུན་པ། ཁམས་ཀྱི་སྟོབས་ཀུན་འདོར་ན་ལོ་གསུམ་ན། འཆི་བའི་ངེས་པ་ཤེས་པར་བྱ། དགུ་བཅུ་གོ་བདུན་པ་འདི་འང་དབུགས་གྲངས་ཀྱི་ལོ་ཡིན་གྱི། ཕྱི་རོལ་གྱི་ལོ་ནི་མ་ཡིན་ནོ། །གཉིས་པ་ལོ་གསུམ་གྱི་འཆི་ལྟས་དངོས་བཤད་པ་ནི། ངེས་པར་འཆི་བའི་ལྟས་ནི། ལྟེ་བའི་རྩ་གཅིག་ཆད་པ་དང་། སྣ་བུག་གཡས་གཡོན་གང་རུང་གི་ཞག་གཅིག་དུས་སྦྱོར་ཉམས་པ་དུས་མཉམ། དེའི་རྟགས་གཅི་བ་འགྱུར་བ་ན་ཟླ་དྲུག་འཚོ་སྟེ། དེ་བཞིན་ཡོན་ཏན་འཛིན་པའི་རྩ་རྣམས་རིམ་པར་ཉམས་ནས། །རྣ་བའི་རླུང་སྒྲ་དོར་ཞག་དྲུག་སྟེ། ལྕེ་ཡི་རོ་དོར་ཞག་ལྔ་ཡིན། །མིག་དབུས་རི་མོ་ཞག་བཞིའི་ཚེ། །སྣ་ཞོམ་དྲི་དོར་ཞག་གསུམ་མོ། །རེག་བྱ་དོར་བ་ཞག་གཉིས་ཡིན། །ཆོས་ཁམས་ཁུ་བ་ཉམས་པ་ནི། །ཞག་གཅིག་ནས་ནི་ཕ་རོལ་འགྲོ་སྟེ། ཕ་ལས་ཐོབ་པའི་དཀར་ཆ་འོག་ཏུ་ལྟུང་བ་སྟེ། མ་ལས་ཐོབ་པའི་དམར་ཆ་གྱེན་དུ་འགྲོ་བ་ཡིན་ལ། དཀར་དམར་གཉིས་སྙིང་གར་སྦྱར་བའི་དབུས་སུ་གཞི་ལ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྡུས་ནས། གཞིའི་འོད་གསལ་ལ་གནས་ཤིང་མྱོང་ངོ་། རླུང་རྣམས་སྣ་སྒོ་ནས་འགྲོ་སྟེ། བཞི་པ་ཞར་ལ་གང་དུ་འཕོ་བའི་ངེས་པ་བར་དོ་འབྱུང་ཚུལ་དང་བཅས་པ་ནི། དེ་ནས་ཕལ་པ་རྣམས་གཞིའི་འོད་གསལ་ངོ་མ་ཤེས་ཏེ། རྣམ་ཤེས་ཀུན་གཞི་ནི། སྲིད་པ་ཕ་རོལ་དུ་འགྲོ་སྟེ། དེ་ཡང་ཚངས་བུ་གནས་སོང་ན་ནི་གཟུགས་མེད་དེ། ཐིག་ལེ་ལས་ནི་སྟེ། སྨིན་མཚམས་ཀྱི་དབྱིངས་རྣམ་པར་དག་པའི་སྒྲོན་མེའི་ཐིག་ལེར་འཕོས་ན་ལྷ་མོ་ཆེ་སྟེ། གཟུགས་ཁམས་བཅུ་དྲུག །ལྟེ་བ་ལས་ནི་འདོད་ཁམས་ལྷ་རིགས་དྲུག མིག་ལས་འདོད་པའི་མི་དབང་པོ་སྟེ། རྒྱལ་པོའི་རིགས། སྣ་ལས་གནོད་སྦྱིན་གནས་སུ་སྐྱེ། །རྣ་བ་ལས་ནི་གྲུབ་པའི་ལྷའི་རིག་འཛིན། སྲིད་པའི་སྒོ་ནི་ཁུ་བའི་ལམ་ལས་ཡི་དྭགས་བཤད། །ཆུ་ཡི་ལམ་ལས་དུད་འགྲོར་འགྱུར། །འོག་སྒོ་ལས་ནི་དམྱལ་བ་བརྒྱད། རྣམ་ཤེས་ཕྱིར་འཕོས་མ་ཐག དེ་ནས་བར་དོ་འབྱུང་བ་ཡིན། གསུམ་པ་མཇུག་བསྡུ་བ་ནི། དེ་ལྟ་བུའི་སྡུད་རིམ་དེ་རྣམས་མདོར་བསྡུ་ན། །སྣང་བ་ཐིམ་པ་སྤྲུལ་སྐུ། མཆེད་པ་ཐིམ་པ་ལོངས་སྐུ། ཀུན་གཞི་འོད་གསལ་དུ་ཞུགས་ཤིང་ཐོབ་པ་ཐིམ་པ་ཆོས་སྐུ་སྟེ། གསུམ་ཐིམ་པ་ནི། སྐུ་གསུམ་རང་བཞིན་ཉིད་ཡིན་ཏེ། དེ་ལྟར་མ་ཤེས། སེམས་འོད་གསལ་བ་ལ་སྣང་བ་དང་དེ་སྒྲིབ་བྱེད་ལ་མུན་པ་ཡི། སེམས་འོད་གསལ་འགྱུར་མེད་དང་། སྒྲིབ་པའི་མུན་པ་གློ་བུར་བ་འབྲས་རུང་དུ་ཡོད་པར་མ་ཤེས་ཤིང་། ཚོགས་དྲུག་ཡུལ་བཅས་བདེན་མེད་སྟོང་པ་དང་། ཀུན་གཞིའི་རྣམ་ཤེས་ཡིད་བཅས་གྲུབ་པ་མེད་པའི་སྟོང་པ་ཆེན་པོ་རྣམས་ཀྱི་དོན། །མ་རྟོགས་འཁོར་པའི་འཁོར་ལོར་འཁྱམས་ཤིང་། དྲི་མ་དེ་ཉིད་ལམ་གྱིས་སྦྱངས་པ་ན་རིམ་གྱིས་དག་པའི་མཐར། ཡེ་ཤེས་མངོན་ཏུ་གྱུར་ཏེ། ཤིན་ཏུ་རྣམ་པར་དག་པ་སངས་རྒྱས་ཀྱི་ས་ཐོབ་པས་རྣམ་པར་གྲོལ་བའི་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་བོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་སྣང་བར་བྱེད་པ་ལས། རྩ་རླུང་ཐིག་ལེ་བསྡུས་པའི་ཚུལ་བསྟན་པ་སྟེ་བཅུ་གཅིག་པའོ།། །།དེ་ལྟར་གཞི་ལམ་འབྲས་བུའི་སྦྱང་གཞི། སྦྱོང་བྱེད། སྦྱངས་འབྲས་སོགས་རྒྱས་པར་བསྟན་ནས། སྤྱི་དོན་གསུམ་པ་དེ་ཉིད་བསྡུད་པའི་སྒོ་ནས་སྔགས་ཀྱི་སྡེ་སྣོད་ཀྱི་ཚུལ་བཤད་པ་དང་། ལུང་གི་ཆོས་རྣམས་ཀྱང་དེར་བསྡུ་བའི་ཚུལ་དང་། བསྔོ་བ་དང་བཅས་ཏེ་བསྟན་བཅོས་མཐར་ཕྱིན་པའི་དགོས་པ་བརྗོད་པ་ལ་གསུམ། མཇུག་བསྡུ་བའི་སྒོ་ནས་རིག་འཛིན་གྱི་སྡེ་སྣོད་བཤད་པ་དང་། ཕྲིན་ལས་ལ་བསྔགས་ཤིང་བསྔོ་བ་སྨོན་ལམ་དང་བཅས་པ། རྩོམ་པ་མཐར་ཕྱིན་པའི་ཚུལ་ལོ། །དང་པོ་ལ་ལྔ། སྤྱིའི་དོན་བསྡུ་བ། སྡེ་སྣོད་གསུམ་སོ་སོ་དང་སྦྱར་བ། དེ་དག་ཤེས་པའི་དགོས་པ་སྤྱི་དང་ཁྱད་པར། འབྲས་བུའི་རང་བཞིན་བསྡུ་བ། འདི་གང་ལས་རྙེད་པའོ། །དང་པོ་ནི། རྒྱལ་བས་རྒྱུད་སྡེ་བཞི་རྣམས་ཐམས་ཅད་དུ། སེམས་ལས་དོན་གཞན་པ་མེད་ཀྱང་། །ཕྱི་རོལ་ཐུན་མོང་སྣང་བ་དང་། ཕུང་ཁམས་སྐྱེ་མཆེད། ནང་དུ་རྩ་རླུང་ཐིག་ལེ་དང་། གཞན་དུ་ཀུན་བརྟགས་དཀྱིལ་འཁོར་གྱི་ལྷ་དང་སྔགས་སོགས་གསུངས་པ་རྣམས་ནི། དྲི་མ་དང་བཅས་པའི་རྟོག་པ་ཐམས་ཅད་སྦྱོང་བྱེད་དུ་གསུངས་པ་དང་། སྦྱངས་འབྲས་དྲི་མེད་ཡེ་ཤེས་རྣམས་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པ་གཉིས་ཐོབ་པར་གསུངས་ཏེ། དེ་ལྟ་བུའི་ཆོས་ཐམས་ཅད་དོན་དམ་གྱི་གནས་ལུགས་དེ་ཁོ་ན་ཉིད་དང་། ཀུན་རྫོབ་མིང་ཚིག་ཡི་གེ་སོགས་དང་། སྤྲོས་བཅས་འཇིག་རྟེན་དང་། དེ་འདས་པ་ཐེག་པ་ཆེ་ཆུང་གི་ས་དང་། ལམ་སོགས་དང་། སྤྲོས་མེད་དོན་དམ་གྱི་གནས་ལུགས་གཅེར་མཐོང་དུ་གསུངས་པ་ལ། དེ་རྣམས་ཀྱི་གསུངས་ཚུལ་ལོ། །གཉིས་པ་ལ་གསུམ། མངོན་པ། མདོ་སྡེ། འདུལ་བ་དང་སྦྱར་བའོ། དང་པོ་ལ་གསུམ། ཕྱི་དང་། ནང་གི་མངོན་པ། དེ་དཔེ་དོན་སྦྱར་བཤད་དོན་བསྡུ་དང་བཅས་པའོ། །དང་པོ་ནི། ཕྱི་རོལ་དུ་འདི་ལྟར་སྣང་བའི་འཇིག་རྟེན་ལ་སོགས་པ་ཀུན་ཚངས་པ་དབང་ཕྱུག སྒམ་པོ། ཕྱྭ་སོགས་བྱེད་པོ་གཞན་མེད་པ། དེ་ཐམས་ཅད་རྟེན་ཅིང་འབྲེལ་བར་སྣང་བ་སེམས་རང་གི་སྣང་བ་སྟེ། ཕྱི་རོལ་ཏུ་གྲུབ་པ་མེད་ཀྱང་། རྟོག་པས་བཏགས་པ་ལྡན་པ་མིན་པའི་འདུ་བྱེད་ཀྱིས་བསྡུས་པའི། སྣོད་བཅུད་ཕྲ་རགས་མིང་ཚིག་དང་། ཡི་གེ་ཕྱོགས་དུས་ལ་སོགས་པ། ཐམས་ཅད་གྲུབ་ཚུལ། གསུངས་པ་ཕྱི་ཕ་རོལ་ཏུ་ཕྱིན་པའི་མངོན་པ་རྣམས་སྟེ། གཉིས་པ་ནི། སྔར་བཤད་པ་ཇི་ལྟར་ཕྱི་ཡི་མངོན་པ་བཞིན་ནང་རྡོ་རྗེའི་ལུས་ན་གནས་ཏེ། རྩ་དང་ལུས་དབྱིབས་འཇིག་རྟེན་མིན་ལ། རླུང་གིས་ངག་དང་དུས་ཀྱི་ཚད་དང་ཡི་གེ་བསྐྱེད། །ཐིག་ལེ་གཟའ་དང་རྒྱུ་སྐར་དང་། ཆུ་བོ་མེ་སོགས་སྦྱར་བའི་ངེས་པ་བསྟན་པ་ཡིན་ནོ། །གསུམ་པ་ནི། ཇི་ལྟར་ན་མིག་བཙུམས་གཟུགས་མི་མཐོང་། ཕྱེ་བས་སྣང་བར་འགྱུར་བ་དང་། དེ་བཞིན། མིག་བཙིར་ན་ཟླ་བ་གཉིས་མཐོང་ལྟར། ཕྱིའི་མངོན་པས་ནི། རྟེན་གྱི་ནང་རྩ་རླུང་བྱང་སེམས་ཀྱི་གནད་འཆིང་མ་ཤེས་པས། སྲིད་ཞི་མཉམ་ཉིད་ལ་དབང་བྱེད་པའི་ཡེ་ཤེས་མཐོང་བ་མིན་ལ། རྩ་རླུང་ཐིག་ལེའི་རྟེན་བཅིངས་ལམ་གྱི་ཡེ་ཤེས་མངོན་སུམ་དུ་མཐོང་སྟེ། བསྐྱེད་རིམ་ཡན་ལག་བཅས་དོན་སེམས་ལས་གཞན་ཕྱི་རོལ་ཏུ་མེད་ཀྱང་གཞན་སྣང་ལ། སྤྲུལ་པ་དུ་མར་དབང་འབྱོར་བའི་ཕྱིར། ཀུན་བརྟག་ལྷ་དང་དཀྱིལ་འཁོར་སྟོན་པ། དེའི་ཕྱིར་རྡོ་རྗེ་ཐེག་པའི་ནང་དོན་གྱི་མངོན་པ་ཡིན་ནོ། །གཉིས་པ་མདོ་སྡེ་དང་སྦྱར་བ་ནི། ཕར་ཕྱིན་ཏུ་སེམས་ཀྱི་བསླབ་པ་སོགས་ལམ་རིམ་གཞན་ཏུ་བཤད་པ་དང་། ལྷ་སྒོམ་པ་དང་། དཀྱིལ་འཁོར་སྒྲུབ་པ་ཡང་། ནང་གི་ས་དང་ལམ་དང་ཕ་རོལ་ཕྱིན། གཟུངས་དང་སྔགས་བཅས་བྱང་ཆུབ་ཕྱོགས་ཆོས་སོ་བདུན་དང་། ཟད་པར་ཟིལ་གནོན་ལ་སོགས་པ། རང་གཞན་གྱི་དོན་བསྒྲུབ་པའི་ཏིང་འཛིན་དང་འབྲེལ་བའི་ཕྱིར་ཟབ་དང་རྒྱ་ཆེ་བ་དུ་མ་སྟོན་པའི་ཕྱིར། རྡོ་རྗེ་ཐེག་པ་ནང་གི་མདོ་སྡེ་དང་ཕ་རོལ་ཕྱིན་པར་བརྗོད་དོ། །གསུམ་པ་འདུལ་བ་དང་སྦྱར་བ་ནི། །ཕྱི་རོལ་གྱི་འདུལ་བ་ལུས་ངག་བསྲུང་སྡོམ་དང་། །རང་བཞིན་ཁ་ན་མ་ཐོ་བ་བཅས་སྡོམ་པར་ལྡན་པའི་འདུལ་བ་གང་ཡིན་པ་དེ་ནི། །ནང་དུ་རང་དང་གཞན་དོན་ལ། །མ་རྨོངས་ཐབས་མཁས་ཁྱད་པར་གྱིས་ཉོན་མོངས་ཡེ་ཤེས་བསྒྱུར་བྱེད་པའི་ནི། རྒྱུ་མཚན་དེ་ཕྱིར་རྡོ་རྗེ་ཐེག་པ་ནང་གི་འདུལ་བར་གསུངས་སོ། །གསུམ་པ་དེ་དག་ཤེས་པའི་དགོས་པ་སྤྱི་དང་ཁྱད་པར་བ་བསྟན་པ་ནི། དེ་ལྟར་ཐེག་དམན་གྱི་འདུལ་མངོན་མདོ་སྡེའི་སྡེ་སྣོད་གསུམ་པོ་དེ་ནི་ཕྱི་དོན་གྱི་ཚུལ་སྟོན་པ། དེའི་གནས་ཚུལ་ཤེས་པས། ཉན་རང་འབྲས་བུ་ཐོབ་བྱེད་དེ། བླ་མེད་ཀྱི་བྱང་ཆུབ་ནི་མ་ཡིན་ནོ། །དེ་རྣམས་ལས་འཕགས་པ་བསམ་པ་དང་། སྤྱོད་པ་རྒྱ་ཆེ་བ་ཟབ་མོའི་མདོ་འདུལ་མངོན་པ་རྣམས་ཀྱི་ཚུལ། སྤྱོད་བྱེད་བྱང་ཆུབ་སེམས་དཔར་འགྱུར་སྟེ། དུས་གྲངས་མེད་དུ་མའི་མཐར་སངས་རྒྱས་ཀྱི་བྱང་ཆུབ་མངོན་ཏུ་བྱེད་པར་འགྱུར་རོ། །དེ་དག་ལས་ལྷག་པ་རྡོ་རྗེ་ཐེག་པའི་ཁྱད་ཆོས། ཐབས་མཁས་ཀྱི་ཚུལ་གྱི་ལུས་སེམས་ཀྱི་གནས་ལུགས་ནང་དོན་རྒྱས་པར་ཤེས་ནས། །སངས་རྒྱས་སྙིང་པོའི་ཚུལ་ཇི་བཞིན་བདེན་གཉིས་གཞི་འབྲས་དབྱེར་མེད་ཀྱི་དོན་རྟོགས་ནས། གཞི་དང་འབྲས་བུ་དབྱེར་མེད་དུ་རྟོག་པས་ལམ་དུ་བྱེད་པ་ནི། །བླ་མེད་སངས་རྒྱས་མྱུར་དུ་སྟེ། །དུས་མི་ཚེ་གཅིག་གམ། བདུན་དང་། བཅུ་དྲུག་ལ་ཐོབ་པར་བྱེད་དོ། །བཞི་པ་གཞི་ལམ་འབྲས་བུའི་རང་བཞིན་བསྡུ་བ་ལ་གསུམ། གཞི་དུས་སུ་བསྒྲིབས་པའི་ཚུལ། ལམ་དུས་སུ་སྦྱང་བའི་ཚུལ། འབྲས་དུས་སུ་དག་པའི་ཚུལ་ལོ། །དང་པོ་ནི། འདི་ལྟར་སྣང་བ་ཐམས་ཅད་ཡེ་ཤེས་རང་བཞིན་ཉིད་ལས་མ་དམིགས་ཏེ། འོན་ཀྱང་ཀུན་གཞིའི་འོད་གསལ་དེ་ཉིད་རང་ངོ་མ་ཤེས་ཏེ། ཉོན་ཡིད་གཡོ་བས་གཟུང་འཛིན་ཏུ་འཁྲུལ་པའི་དྲི་མ་དེས་རང་རིག་ཡེ་ཤེས་དེ་སྒྲིབ་ནས་འཁོར་བ་འཁྲུལ་རྟོག་གཟུང་འཛིན་གྱི །ཤེས་པ་གློ་བུར་བར་སྐྱེས་ནས། དེ་ལྟར་ཉོན་མོངས་ཀྱི་འདུ་བྱེད་དེས་ཁམས་གསུམ་མངོན་པར་འདུ་བྱས་ནས། ཡོད་པའི་གནས་ལུགས་མ་མཐོང་མེད་པ་གཟུང་འཛིན་གཉིས་སུ་མཐོང་སྟེ། །རྣམ་རྟོག་འདམ་དུ་བྱིང་གྱུར་པས། །བྱིས་པ་འཁོར་བའི་ནང་དུ་བྱིང་། །གཉིས་པ་ནི། ཕྱི་ནང་གཞན་གསུམ་ཡེ་ཤེས་ཆེན་པོའི་དབྱིངས་སུ། །དབྱེར་མེད་དུ་རྟོགས་པས་དོན་ལ་སངས་རྒྱས་ཀྱི་རང་བཞིན་ཡིན་ཏེ། ཀུན་རྫོབ་ཏུ་གཟུང་འཛིན་གཉིས་སུ་སྣང་བ་རྣམས། །ཆུ་ཟླ་ལྟ་བུར་དོན་དུ་མེད་བཞིན་སྣང་བ་སེམས་ཀྱི་རང་མདངས་ལས་ཤར་བའི་གདངས་སུ་གཟིགས་ཤིང་། དོན་དམ་བདེན་པ་སྟོང་ཉིད་བཅོ་བརྒྱད་པོ་རྣམས། ཡུལ་ཡུལ་ཅན་དབྱེར་མེད་གཅིག་ཏུ་བདེན་གཉིས་དབྱེར་མེད་དུ་གཟིགས་པས་ན། གསུམ་པ་ནི། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི་སྒྲིབ་གསུམ་དང་བྲལ་སོ་སོ་རང་རིག་པའི་ཡེ་ཤེས་ཉིད་ཀྱིས། ཆོས་དང་ཆོས་ཅན་ཇི་ལྟ་ཇི་སྙེད་མཁྱེན་ཅིང་གཟིགས་པའི་ཡེ་ཤེས་རྣམ་པ་གཉིས་སུ་གསུངས་སོ། །ལྔ་པ་བསྟན་བཅོས་འདི་གང་ལས་རྙེད་པ་ལ་གསུམ་ཇི་ལྟར་བསྡུས་པའི་ཚུལ། དེའི་ཁུངས་བཀོད་པ། རང་བཟོ་མ་ཡིན་པར་བསྟན་པའོ། །དང་པོ་ནི། རྒྱུ་མཚན་དེ་ལྟ་བས་ན་རྡོ་རྗེའི་ཐེག་པ་རུ། གསུངས་པའི་ལུས་སེམས་ནང་གི་གནས་ལུགས་རྟོགས་བྱའི་ཕྱིར། འདི་ནི་རྒྱུད་སྡེ་རྒྱ་མཚོའི་དགོངས་དོན་གྱི་ཕྱོགས་ཙམ་བསྡུས་པ་ཡིན་ལ། གཉིས་པ་ནི། རྒྱས་པར་བསྟན་པ་དཔག་མེད་རྣམས་ཀྱང་། རྒྱལ་སྲས་ས་ལ་བཞུགས་པའི་སེམས་དཔའ་རྣམས་ཀྱིས་བསྟན་པ་ཡི། རྒྱུད་འགྲེལ་རྣམས་ལ་བལྟ་བར་གྱིས་ཤིག འོན་ཀྱང་དེ་རྣམས་ནི་ཆེས་ཟབ་པས་རྟོགས་དཀའ་བས། དེ་རྣམས་ཀུན་ལ་འཇུག་པའི་སྒོ་ལྟ་བུར་གྱུར་པ། གསུམ་པ་ནི། ཟབ་མོ་ནང་གི་དོན་བཤད་པ། འདི་ནི་རང་བཟོ་མ་ཡིན་ཏེ། །ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། རྒྱལ་བས་གསུངས་པ་ཁོ་ན་བྲིས་ཤིང་། འདི་ལྟ་བུ་ཡང་བྱང་ཆུབ་སེམས་དཔའ་གསང་བའི་བདག་པོ་མཁས་རྣམས་ཀྱི། རྣམ་འགྲེལ་མཐུ་ལ་རབ་བརྟེན་ནས། །རྡོ་རྗེ་ཐེག་པའི་ནང་གི་དོན། ཕྱིན་ཅི་མ་ལོག་པ་ཁོ་བོ་དཔལ་ཀརྨ་པ་རང་བྱུང་རྡོ་རྗེས་ཕྱིན་ཅི་མ་ལོག་པར་རྙེད་པ་དེ། རྗེས་འཇུག་རྣམས་ལ་ཕན་ཕྱིར་ཅུང་ཟད་བསྟན་པ་ཡིན་ནོ། །གཉིས་པ་ཕྲིན་ལས་ལ་བསྔགས་ཤིང་བསྔོ་བ་སྨོན་ལམ་དང་བཅས་པ་ལ་གསུམ། བསྟོད་པ། བསྔོ་བ། བཟོད་གསོལ་ལོ། །དང་པོ་ལ་བཞི། སྐུ། གསུང་། ཐུགས། ཕྲིན་ལས་ཀྱི་གསང་བ་ལ་བསྟོད་ཅིང་འདུད་པའོ། །དང་པོ་ནི། བརྩམས་པ་མཐར་ཕྱིན་པའི་དོན་གྱིས་སངས་རྒྱས་ཀྱིས་མཛད་པའི་ཡོན་ཏན་ལ་བསྔགས་ཤིང་། དགེ་བ་བསྔོ་བ་ནི། བདུད་བཞི་དང་། མ་རྟོགས། ལོག་རྟོགས། ཕྱོགས་རྟོགས་སོགས་མི་མཐུན་པ་དང་། ཕས་ཀྱི་རྒོལ་བ་ཀུན་ལས་རྣམ་པ་ཀུན་ཏུ་རབ་ཏུ་རྒྱལ་བར་གྱུར་བའི་རྒྱལ་བ། ལྷུན་གྲུབ་སྐྱེ་འགག་མེད་ཅིང་། འདུས་མ་བྱས་པ། གཞོམ་གཞིག་འཕོ་འགྱུར་ཐལ་བའི་ཆོས་སྐུ་ནམ་མཁའི་སྐུ་ཅན་ཡེ་ཤེས་ལྔ་ཡི་བདག་ཉིད་ཉི་མའི་དཀྱིལ་འཁོར་ལྟར་ཕྱི་ནང་གི་མུན་པ་འཇོམས་ཤིང་། ཡེ་ཤེས་ཀྱི་སྣང་བ་ཚད་མེད་པར་རྒྱས་པའི་ཡེ་ཤེས་ཆོས་ཀྱི་ཉི་མ་ལྟར་གསལ་བ་ལས། ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་གཟུགས་སྐུ་གཉིས་ཀྱིས་བཀོད་པ་འཁོར་བ་ཇི་སྲིད་སྟོན་ཅིང་གསུངས། གཉིས་པ་ནི། ལྷ་ཡི་རྔ་སྒྲ་ལྟ་བུའི་གསུང་ནི་འབད་རྩོལ་དང་། རྣམ་རྟོག་གིས་འདུ་མི་མཛད་པར་ཡང་། ནམ་མཁའི་ཁམས་མཉམ་འབད་མེད་གང་འདུལ་དེར་སྟོན་གྱི། །ཆོས་སྒོ་རབ་འབྱམས་གསུངས་རྣམ་པ་ཐམས་ཅད་པའི་དབྱངས་གཅིག་གིས། སོ་སོའི་ཁམས་དབང་དང་འཚམས་པར་སྟོན་ཅིང་། འགྲོ་བ་ཀུན་གྱིས་ལེགས་པར་སོས་པར་མཛད། གསུམ་པ་ནི། ཐུགས་ནི་ཡིད་བཞིན་ནོར་ལྟར་འབད་པ་མེད་ཅིང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ལྷན་ཅིག་ཏུ། །སྤྲོས་པ་མི་མངའ་བཞིན་ཏུ་སྤྲོས་ལྡན་རྣམས་ལ། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པས། སོ་སོའི་ཡིད་བཞིན་རེ་བ་སྐོང་། བཞི་པ་ནི། སེམས་ཅན་ཉོན་མོངས་པ་ཅན་རྣམས་ཀྱི་དོན་ཏུ། འཁོར་བ་ཇི་སྲིད་དུ་སེམས་ཉོན་མོངས་ཅན་དེ་རྣམས་དང་ལྷན་ཅིག འཁོར་བའི་འདམ་གྱི་གྲོང་ན་འཇུག་ཀྱང་། འཁོར་བའི་ཉེས་པའི་སྐྱོན་གྱིས་ཁྱོད་ལ་གོས་པ་རྡུལ་ཙམ་ཡང་མེད་པ། དེ་ཕྱིར་རང་བྱུང་རྒྱལ་བ་ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །གཉིས་པ་བསྔོ་བ་ནི། དེ་ལྟར་རྡོ་རྗེ་ཐེག་པ་བླ་མེད་ཀྱི་གསང་བ། ཟབ་མོ་ནང་དོན་བཤད་པ་ལས། དགེ་བའི་མཐུ་ཡང་ཅི་ཡོད་པ། །ནམ་མཁའ་མཉམ་པའི་འགྲོ་བ་ཀུན། །ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་སངས་རྒྱས། ཡེ་ཤེས་སྐུ་ཉིད་ཐོབ་པར་ཤོག །གསུམ་པ་བཟོད་པར་གསོལ་བ་ནི། ཅུང་ཟད་འགལ་བར་གྱུར་སྲིད་ན། །མཁའ་འགྲོའི་ཚོགས་ཀྱིས་བཟོད་བར་མཛོད། །གསུམ་པ་བརྩོམ་པ་མཐར་ཕྱིན་པའི་ཚུལ་ལ་གསུམ། རྫོགས་ཚིག་བསྟན་པ། བརྩམས་པའི་རྒྱུ་མཚན། གནས་དང་དུས་སྨོས་པའོ། །དང་པོ་ནི། ཟབ་མོ་ནང་གི་དོན་གསལ་བར་བྱེད་པའི་རྣམ་པར་བཤད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱུང་བ་དུམ་བུ་བཅུ་གཅིག་པ། རང་བྱུང་རྡོ་རྗེའི་མིང་ཅན་གྱིས་བླ་ན་མེད་པའི་རྒྱུད་འབྲེལ་ཇི་ལྟ་བར་ནང་གི་དོན་ཤེས་པར་འདོད་པ་རྣམས་ཀྱི་དོན་དུ་བསྟན་པའོ།། །།གཉིས་པ་ནི། མཁས་པར་རློམས་པ་དང་། བསྒོམས་ནས་ཉམས་མྱོང་དང་། མངོན་ཤེས་ཤར་བར་འདོད་པ་ཀུན་གྱིས་ཀྱང་ཕྱོགས་རེ་ལས་མ་གོ་བར་འདུག་པས་འདིར་བསྡུས་ཏེ་བསྟན་པ་ཡིན་ནོ། །གསུམ་པ་ནི། དབེན་གནས་བདེ་ཆེན་སྟེང་དུ་ཁྱི་ལོ་ཟླ་བ་བདུན་པ་ལ་མཛད་པའོ།། །།བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་ཏུ་ཤོག །དེ་ལྟ་བུའི་དོན་ལ་སྤྲོ་བ་བརྟས་ཏེ་ཆེད་དུ་བརྗོད་པ་ནི། ཟབ་མོ་རྡོ་རྗེའི་གྲོང་ཁྱེར་ཉམས་དགའ་བར། །འཇུག་པའི་བློ་ཅན་སྐལ་པ་མཆོག་ལྡན་རྣམས། །ནང་གི་ནོར་བུའི་སྒྲོན་མེ་འདི་ལོངས་ལ། །རང་རིག་དོན་གྱི་ཡེ་ཤེས་རྙེད་པར་མཛོད། །ཅེས་སོ། །ཞེས་པའི་མཆན་འདིའང་རང་བྱུང་ཆོས་ཀྱི་རྒྱལ་པོའི་སྨོན་ལམ་འཛིན་པའི་སྐྱེས་རབས་བཅོ་ལྔ་པར་གྲགས་པའི་རིག་འཛིན་གྱི་བཙུན་པ་དཔལ་ལྡན་ཀུན་བཟང་བསྟན་པའི་ཉི་མ་ཆེན་པོ་ཕྲིན་ལས་མཁའ་ཁྱབ་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེར་འབོད་པས་བཏབ་པའི་ཡི་གེ་གཉིས་པར་འགོད་པ་པོ་ནི་ཀརྨ་ཐུབ་བསྟན་འཇམ་དཔལ་ཚུལ་ཁྲིམས་གྲགས་པས་བགྱིས་པ་ངེས་དོན་སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་དར་རྒྱས་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག། །།སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net