ཚད་མའི་མདོ་སྡེ་བདུན་དང་བཅས་པའི་སྤྱི་དོན་རིགས་པའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།
༄༅། །ཚད་མའི་མདོ་སྡེ་བདུན་དང་བཅས་པའི་སྤྱི་དོན་རིགས་པའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །[1]
༄༅། །རིགས་པའི་སྙིང་པོ་ཞེས་བྱ་བ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་འཇམ་དབྱངས་ཕྱོགས་ཀྱི་གླང་ཆེན་བཞིན། །མ་ལུས་རྣ་བར་ཡི་གེའི་གྲགས་འབར་བ། །ཤེས་རབ་འབྱུང་ཁུངས་རིགས་གྲྭའི་བློ་ལྡན་བཟང་། །ཕྱོགས་ལས་རྣམ་རྒྱལ་མཛད་དེ་རྟག་ཏུ་མཆོད། །འདིར་ཚད་མ་རིགས་པའི་བསྟན་བཅོས་ལ་འཇུག་པ་དང་། བསྟན་བཅོས་དངོས་བཤད་པ་གཉིས་ལས། དང་པོ་ནི༑ བཤད་བྱ་ཚད་མའི་མདོ་ཀུན་ལས་བཏུས་པ། འཆད་བྱེད་སྡེ་བདུན་གྱིས་བཤད་པས་ཐེག་པ་ཆེན་པོའི་ཆོས་མངོན་པ་དབུ་མ་རང་རྒྱུད་ཀྱི་སྒོ་ནས་གཏན་ལ་འབེབས་པ་ཞིག་སྟོན་ཏེ། རྔོག་ལོ་ཆེན་པོས། ཆོས་རྣམས་ཐམས་ཅད་སྟོང་པའི་ཚུལ་ལ་འཇུག་པའི་སྒོ། །ཡང་དག་རིགས་ཚོགས་ཀླུ་སྒྲུབ་ཞལ་ནས་གསུངས་པ་དེ། །རིགས་པའི་མཐར་ཐུག་རྣམ་འགྲེལ་མཛད་པའི་གཞུང་མཛེས་ལས། །གསལ་བར་རྟོགས་ནས་ལུགས་ངན་གཞན་ཀུན་རྩྭ་བཞིན་དོར། །ཞེས་གསུངས་པས་སོ། །གཞན་དག་ན་རེ། ཕྱོགས་ཀྱི་གླང་པོ་སེམས་ཙམ་རྣམ་རྫུན་པ་ཡིན་ཞིང་མདོ་ཡང་གྲུབ་པའི་མཐའ་དེར་བསྟན་ཞིང་། ཆོས་ཀྱི་གྲགས་པས། དེ་དང་མཐུན་པར་བཀྲལ་ལོ་ཞེས་སྒྲོག་མོད། སློབ་དཔོན་ཆེན་པོ་འདི་ཚད་མའི་མདོ་མ་མཛད་ཕན་སེམས་ཙམ་པ་ཡིན་དུ་ཆུག་ཀྱང་རབ་ཏུ་བྱེད་པ་འདི་བརྩམས་པ་ནས་དབུ་མ་པ་ཡིན་ཏེ། དེ་ཡང་འདིའི་ཚིགས་སུ་བཅད་པ་དང་པོ་བརྩམས་པ་ན། ས་གཡོ་བ་དང་སྒྲ་དང་འོད་ཆེན་པོ་བྱུང་ཞིང་མུ་སྟེགས་ཀྱི་སྟོན་པ་དག་རེངས་པ་སོགས་ལྟས་ངོ་མཚར་བས་མུ་སྟེགས་ཐུབ་རྒྱལ་ནག་པོ་ཞེས་པས་མངོན་ཤེས་ཀྱིས་བལྟས་པས། ཚིགས་སུ་བཅད་པ་དེའི་མཐུར་རིག དེ་ལ་འདི་ལྟ་བུ་འབྱུང་བ་ཅི་ཡིན་ཞེས་ཡང་བརྟགས་པས་དེ་ལས་བསྟན་བཅོས་སུ་གྲུབ་ཅིང་། དེས་མུ་སྟེགས་བྱེད་རྣམས་ཚར་གཅོད་པ་དང་། སངས་རྒྱས་པ་རྣམས་དར་བར་འགྱུར་བར་ཤེས་སོ། །དེ་མ་བཟོད་ནས་སློབ་དཔོན་བསོད་སྙོམས་ལ་བྱོན་པའིི་ཤུལ་དུ་འོངས་ཏེ་བསུབས་སོ། །དེ་ལྟ་བུ་ལན་གཉིས་སུ་བྱས་པས་གསུམ་པ་ལ་ཚིགས་བཅད་དེའི་མཐར། ཀུ་རེ་དང་ཀྱལ་ཀས་ཡིན་ན་འདི་མ་སུབ་ཅིག འདི་ལས་དོན་ཆེན་པོ་ཐོབ་པར་འགྱུར་རོ། །ཡང་ཕྲག་དོག་གིས་ཡིན་ན། ཁྱོད་བླུན་པོ་སྟེ། འདི་བསུབས་པས་ཅི་ལྟོ། ནང་བློའི་རི་མོ་སུབ་མི་ནུས་པས་སོ། །གལ་ཏེ་ཚིག་དོན་ལ་སྐྱོན་ཆགས་སོ་སྙམ་ན་ནི་བརྩད་ཀྱིས་ལུས་སྣང་བར་གྱིས་ལ་སྡོད་ཅིག་ཅེས་བྲིས་པས་ལྟས་སྔར་བཞིན་དུ་བྱུང་ཞིང་། དེས་སུབ་པར་འོངས་པས་བརྩད་ཀྱིས་ཞེས་པ་མཐོང་ནས་ང་རྒྱལ་གྱིས་དེར་བསྒུགས་སོ། །སློབ་དཔོན་ཕྱིར་འཁོར་བ་དང་རྩོད་པས་སློབ་དཔོན་རྒྱལ་བར་གྱུར་ཅིང་དེས་ཁ་ནས་མེ་ཚ་བ་སྤྲོས་ཏེ་ཡོ་བྱད་ཀུན་བསྲེགས། སློབ་དཔོན་ཉིད་ཀྱང་ཚིག་ལ་ཐུག་པ་ཙམ་ན་དེ་མི་སྣང་བར་གྱུར་ཏེ། དེས་ཐུགས་སྐྱོ་ནས་ཐེག་པ་དམན་པ་ལ་གཞོལ་ལ་ཁད་ཙ་ན། འཕགས་པ་འཇམ་པའི་དབྱངས་དངོས་སུ་བྱོན་ནས་རྗེས་སུ་གཟུང་བས་ཐེག་པ་ཆེན་པོའི་འཕགས་པའི་ས་བརྙེས་པས་སོ། །དེ་ལྟར་ཡང་རྣམ་ངེས་ལས། གང་ལ་འཕགས་པ་ཉིད་བྱོན་རྗེས་གཟུང་དེ་ནི་དཔལ་ལྡན་དྲི་མེད་བློ་མངའ་སྟེ། །ཞེས་འབྱུང་བས་སོ། །དཔལ་ཆོས་ཀྱི་གྲགས་པ་ནི། འཇམ་དཔལ་རྩ་པའི་རྟོག་པ་དང་མགོན་པོ་མངོན་པར་འབྱུང་བའི་རྒྱུད་ལས། སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པར་ལུང་བསྟན་པ། དཔལ་འཁོར་ལོ་སྡོམ་པ་རྡོ་རྗེ་མཁའ་འགྲོའི་སྒོ་ནས་ས་བཅུ་གསུམ་གྱི་དབང་ཕྱུག་ཆེན་པོ་བརྙེས་པའོ། །སློབ་དཔོན་དེས་མདོའི་གོ་རིམ་བཞིན་དུ་རྣམ་འགྲེལ་མཛད་ཅིང་། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཅན་ཡིན་ལ། ཞེས་པའི་དགོངས་པ་འདིས་སྒྲིག་པའི་ཚེ་རང་དོན་ལེའུ་དང་པོར་བསྐྱལ། གཞན་རབ་བྱེད་དྲུག་དང་། རང་དོན་ལེའུ་ལ་འགྲེལ་པ་སྟོང་ཕྲག་ཕྱེད་དང་བཞི་པ་མཛད། ལྷག་མ་ལ་ལྷ་དབང་བློ་འགྲེལ་པ་རྩོམ་དུ་བཅུག དེས་གཞུང་དབུ་མར་གནས་པ་མ་མཐོང་བར་བརྩམས་པ་ལན་གཉིས་སུ་སློབ་དཔོན་གྱིས་བསྲེགས་པས། གསུམ་པའི་གཞུག་ཏུ། ཕལ་ཆེར་སྐལ་པ་མེད་ཉིད་དང་། །དུས་ལ་སྡོད་པ་མེད་པ་དང་། །གོམས་པའི་ཕྱིར་ནི་མདོར་བསྡུས་ནས། །ཁོ་བོས་དཀའ་འགྲེལ་འདི་བྱས་སོ༑ །ཞེས་སྦྱར་ཏེ་ཕུལ་བས་ཐུགས་སྐྱོ་སྟེ་ཉིད་ཀྱི་བསྟན་བཅོས་ཀྱི་ཐོག་མར། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་སོགས་དང་། མཇུག་ཏུ། བློ་ཡི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང་ཟབ་མོའི་དེ་ཉིད་རྟོགས་མེད་ཅན། ཞེས་སོགས་སྦྱར་བར་མཛད་དོ། །ཕྱིས་བི་ཀྲ་མ་ལ་ཤཱི་ལའི་མཁས་པ་སྒོ་དྲུག་གི་གྱ་བ་ཤེས་རབ་འབྱུང་གནས་སྦས་པས་དབུ་མར་གནས་པ་གཟིགས་ཏེ་ལེགས་པར་གཏན་ལ་ཕབ་བོ། །ཤཱཀྱ་བློ། རྒྱལ་དབང་བློ་གཉིས་ནི་རྣམ་བཤད་སྔ་མའི་རྗེས་འབྲང་། ལྷག་མ། ཉི་སྦས། རྒྱལ་བ་ཅན། ཡ་མ་ཤྲཱི་རྣམས་གཉིས་པའི་དང་། ཆོས་མཆོག་ཀྱང་ལུགས་དེའི་རྗེས་སུ་འབྲང་བར་སྣང་ངོ་།། །། གཉིས་པ་བསྟན་བཅོས་དངོས་བཤད་པ་ལ། དོན་དམ་པའི་ཚད་མ་ལུས་དང་། ཀུན་ཏུ་ཐ་སྙད་པའི་ཚད་མ་ཡན་ལག་ཏུ་བསྟན་པ་གཉིས་ཀྱི་དང་པོ་ལ། གཞུང་འབྲེལ་གྱིས་མདོར་བསྟན། མཐའ་དཔྱད་ཀྱིས་རྒྱས་པར་བཤད། ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་གསུམ་ལས། དང་པོ་ནི༑ མདོར། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཞེས་པས་བསྟན་པའི་ཚིག་ཟུར་གྱིས་ཚད་མ་དེ་ཡང་། ཀུན་ཏུ་ཐ་སྙད་པའི་ཚད་མ་ལ་བརྟེན་ནས་རྟོགས་པར་བྱ་དགོས་པས་དང་པོར་དེའི་རྣམ་པར་གཞག་འཇོག་སྟོན་བཞེད་ནས། ཚད་མ་བསླུ་མེད་ཅན་ཤེས་པ། ཞེས་དང་། ཕྱིས་དོན་དམ་པ་རང་གི་མཚན་ཉིད། མ་ཤེས་དོན་གྱི་གསལ་བྱེད་ཀྱང་༑ ཞེས་པས་སྟོན་པར་མཛད་དོ། །དེ་ལྟ་ན་ཚད་མ་སྤྱིའི་མཚན་ཉིད་མ་བསྟན་པས་སྐྱོན་དུ་འགྱུར་རོ་སྙམ་ན། དེ་ནི་སྟོན་པར་མི་རིགས་ཏེ། བློ་དེ་གཉིས་ཡུལ་གྱི་རྣམ་པ་ཤིན་ཏུ་མི་མཐུན་པས་སོ་ཞེས་དགོངས་ཏེ། ཡུལ་རྣམ་ཅན་ནི་ཐ་དད་པས། བློ་ཡི་རྟོག་པ་ཐ་དད་ཕྱིར། ཞེས་གསུངས་སོ། །ཕན་པར་བཞེད་པ་ལ་སོགས་པས་ཐེག་པ་ཆེན་པོའི་ལམ་ཐུན་མོང་མ་ཡིན་པ༑ དེའི་ནང་ནས་ཀྱང་ཟབ་མོ་ལྟ་བའི་ཤིང་རྟ་ཆེན་པོའི་སྲོལ་གཟུང་ནས་བསྟན་ཏེ། ལུང་དང་རིགས་པས་རྣམ་དཔྱོད་པ། སོགས་ཀྱིས་དོན་དམ་པར་དངོས་པོ་ཐམས་ཅད་རང་བཞིན་མེད་པར་རིག་ཅིང་། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པར་རྟོགས་པ་དང་། རྣམ་པ་དུ་མར་ཐབས་མང་པོ་སོགས་ཀྱིས་ཀུན་རྫོབ་ཏུ་དངོས་པོ་སྒྱུ་མ་ཙམ་དུ་དམིགས་པས་ཤེས་རབ་དང་སྙིང་རྗེ་ཆེན་པོ་དང་ལྡན་ཏེ་འཁོར་བ་ཡང་མི་སྤོང་མྱ་ངན་ལས་འདས་པ་ཡང་མི་ལེན་པར་སེམས་ཅན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་ཅིང་། དེས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྲུབ་པ་བསྟན་པའི་ཕྱིར་རོ། །ལུགས་བཟློག་བདེན་པ་བཞིའི་སྒོ་ནས་འཇུག་པ་ཉན་ཐོས་ཀྱི་ལམ་དང་། ཞར་ལ་རྣམ་པར་ཐར་པ་ཅུང་ཟད་ཙམ་གྱིས་ལྷག་པའི་རང་རྒྱལ་གྱི་ལམ་གཉིས་བསྟན་པའི་དང་པོ། ཟག་པ་དང་བཅས་པའི་འབྲས་བུ་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ཚུལ་སྣ་ཚོགས་ཀྱི་གཞི་ལས་བལྟ་བར་སླ་བའི་ཕྱིར་ཐོག་མར་སྡུག་བསྔལ་གྱི་བདེན་པ་རྟོགས་སོ། །དེ་ནས་སྡུག་བསྔལ་གྱི་རྒྱུ་བརྟགས་པས་ལས་དང་ཉོན་མོངས་པ་རྒྱུར་རིག་ཅིང་ཀུན་འབྱུང་གི་བདེན་པ་རྟོགས་སོ། །དེ་ནས་ལས་དང་ཉོན་མོངས་པ་སྤངས་ཏེ་ཕུང་པོ་ལྔ་དང་བྲལ་བ་ནི་བདེ་བ་ཡིན་པ་རིག་སྟེ་འགོག་པའི་བདེན་པ་རྟོགས་སོ། །དེ་ནས་འགོག་པ་ཐོབ་པར་བྱ་བའི་ཐབས་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་འཕགས་པའི་ལམ་ཡིན་པར་རིག་སྟེ་ལམ་གྱི་བདེན་པ་རྟོགས་སོ། །དེ་ལྟར་ཟག་བཅས་ཟག་མེད་གཉིས་ཀ་རྒྱུ་དང་འབྲས་བུ་ཙམ་དུ་ཟད་དེ་བྱེད་པ་པོ་དང་། ཟ་བ་པོའི་བདག་མེད་པར་མཐོང་བས་གང་ཟག་ལ་བདག་མེད་རྟོགས་སོ། །རང་རྒྱལ་ནི་འཁོར་བའི་ཉེས་དམིགས་རྒ་ཤི་མཐོང་ནས་ཅི་ལས་བྱུང་ཞེས་བརྟགས་པས་དེའི་རྒྱུ་སྐྱེ་བ་ཡིན་པར་རིག་ལ། དེ་བཞིན་དུ་རྩད་བཅད་པས་གོང་ནས་གོང་དུ་མ་རིག་པ་ལ་ཐུག་གི་བར་དུ་རྒྱུ་དང་འབྲས་བུའི་ཚུལ་དུ་རྟོགས་པས་རྟེན་འབྲེལ་ལུགས་མཐུན་དང་། མ་རིག་པ་ནི་འགག་ཏུ་རུང་ལ་དེ་འགགས་ན་རྒ་ཤིའི་བར་དུ་འགག་པར་མཐོང་བ་ལུགས་མི་མཐུན་ཏེ་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་རྟོགས་པས་སྔར་གྱི་ཁར་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་སོ། །ཐེག་པ་དེ་གཉིས་ཀྱང་སྡུག་བསྔལ་གྱིས་ཁོང་སྔངས་ཤིང་མི་བཟོད་དེས་འཁོར་བ་ལ་སྐྱོ་ཞིང་ཡིད་འབྱུང་བས། དེ་མྱུར་དུ་ཞི་བར་བྱ་བའི་ཕྱིར་རེ་ཞིག་པའི་མྱང་འདས་ཏེ། དེར་ངལ་བསོས་ནས་དགྲ་བཅོམ་པ་ཐོབ་པ་ན་སངས་རྒྱས་ཀྱིས་བསྐུལ་ཏེ་ཆོས་ལ་བདག་མེད་པ་ཚང་བ་རྟོགས་པར་མཛད་ཅིང་བྱང་ཆུབ་ཀྱི་སྤྱོད་པ་ལ་སྤྱོད་དུ་འཇུག་པས་མཐར་འཚང་རྒྱ་བའི་སྐལ་བ་ཅན་ནོ། །དེའི་ཕྱིར། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ་ཞེས་པས་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པ་དང་། ཡང་ན་སྐྱོབ་ཅེས་པས་གནས་སྐབས་ཐེག་པ་གསུམ་དུ་ཕྱེ་བ་ཤེས་པར་བྱའོ། །གཉིས་པ་མཐའ་དཔྱད་ཀྱིས་རྒྱས་པར་བཤད་པ་ནི། བསླུ་བ་མེད་པ་ཅན་གྱི་ཤེས་པ་ཀུན་ཏུ་ཐ་སྙད་པའི་ཚད་མའི་མཚན་ཉིད། བསླུ་བ་མེད་པ་ཡང་། འདི་དག་གི་དོན་ཡོངས་སུ་དཔྱད་ནས་འཇུག་པ་ན་དོན་ཐོབ་པར་ངེས་པ་ལ་བྱེད་དེ། དོན་བྱེད་ནུས་པར་གནས་པ་ནི། མི་བསླུ་ཞེས་པས་སོ། །ཀུན་ཏུ་ཐ་སྙད་པའི་ཤེས་པ་དེ་ཡང་༑ པྲ་ཏི་མཱ་ཎ། སོ་སོར་འཇལ་བ། རང་རང་གི་གཞལ་བྱ་གཞལ་བས་སོ་སོར་གཞལ་བ་ཞེས་བྱ། རྒྱུ་མཚན་དེས་ཚད་མ་ཞེས་བྱའོ། །འདིས་མངོན་སུམ་གྱི་སྤྱི་མཚན་དང་རྗེས་དཔག་གི་རང་མཚན་གཞལ་ཞེས་པ་ཡང་ནོར་བར་འགྱུར་རོ། །ཡང་ན་པྲ་ཐ་མཱ་ཎའི་ཐ་དང་མ་ཚིག་སྡུད་ཀྱིས་ཕྱིས་པས་དང་པོར་འཇལ་བ་དེ་ཡང་གཞལ་བྱ་སྔར་མ་གཟུང་བ་འཛིན་པས་དང་པོར་གཞལ་བ་དེས་ཀྱང་ཚད་མ་ཞེས་བྱའོ། །མ་ཤེས་པའི་དོན་གྱི་གསལ་བྱེད་དོན་དམ་པའི་ཚད་མའི་མཚན་ཉིད། རྒྱན་དུ། འདིར་དོན་གྱི་སྒྲས་ནི་དོན་དམ་པ་བརྗོད་པ་ཡིན་ཏེ་མ་ཤེས་པའི་དོན་གྱི་གསལ་བྱེད་ཅེས་བྱ་བ་དོན་དམ་པ་གསལ་བྱེད་ཅེས་བྱ་བའི་དོན་ནོ། །དོན་དམ་པར་གཉིས་སུ་མེད་པའི་རང་བཞིན་ཉིད་ཡིན་པས་དེ་གསལ་བར་བྱེད་པ་ཉིད་ཚད་མ་ཡིན་ནོ། །ཞེས་དང་། ཀུན་རྫོབ་ཀྱི་ཤེས་པ་ནི་མ་ཤེས་པའི་དོན་གསལ་བར་བྱེད་པ་མ་ཡིན་ནོ་ཞེས་གསུངས་སོ། །དོན་དམ་པའི་ཤེས་པ་འདི་ཡང་། པྲ་མཱ་ཎ། རབ་ཏུ་འཇལ་བ། རབ་སྟེ་མཆོག་གམ་དོན་དམ་པ། དེ་འཇལ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་འདི་ཚད་མ་མཚན་ཉིད་པ་དང་ཆོས་མངོན་པར་འགྲོ་བའི་གནད་དེ་ལྟ་བུའོ༑ །ཚད་མ་འདིའི་རྣམ་གྲངས་ནི། མི་གནས་པའི་མྱང་འདས་དང་། བདེ་བར་གཤེགས་པ། སངས་རྒྱས། བཅོམ་ལྡན་འདས། དབུ་མའི་ལམ། ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བཅོམ་ལྡན་འདས་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་མཚན་ཉིད་དང་འདྲ་ཞིང་དོན་དམ་པའི་ཚད་མ་ངོ་མ་ཡིན་པས་དེའི་མཚན་ཉིད་དང་ལྡན་པས་ན། དེ་ལྡན་བཅོམ་ལྡན་ཚད་མ་ཉིད༑ ཅེས་བྱ་ལ། དེ་སྐྱེས་བུ་ཚད་མ་ཡིན་གྱིས་ཤེས་པ་མ་ཡིན་ཞེས་པ་ནོར་བའོ། །བཅོམ་ལྡན་འདས་ཀྱང་སྐུ་གསུམ་གྱི་བདག་ཉིད་དེ། ཆོས་སྐུ་དང་ལོངས་སྐུ་དང་སྤྲུལ་པའི་སྐུའོ། །དེ་ལ་ཆོས་སྐུ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གཟུགས་ཅན་མ་ཡིན་པ། ཤེས་བྱ་ཐམས་ཅད་དུ་ཁྱབ་པ། སངས་རྒྱས་ཀྱི་ཆེ་བ་ཉིད་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཏེ། ཆོས་ཀྱི་དབྱིངས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་གཉིས་ཀྱི་བདག་ཉིད་ཅན་ནོ། །གཞིའི་དུས་ཀྱི་དེ་བཞིན་ཉིད་དང་། ཀུན་གཞི་རྣམ་ཤེས་གནས་གྱུར་པའམ་རྣམ་པར་དག་པའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བ་ཡང་ཆོས་རྣམས་ཀྱི་དེ་བཞིན་ཉིད་དྲི་མ་མེད་པ་ཡིན་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ནི་དེ་བཞིན་ཉིད་ལ་དམིགས་པ་རྣམ་པར་མི་རྟོག་པ་ཡིན་ནོ༑ །དེ་གཉིས་ཐ་སྙད་དུ་ཐ་དད་པ་སྐད་དུ་བྱས་ཀྱང་། དངོས་སུ་ནི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་གཉིས་སུ་མེད་པས་དབྱེར་མེད་དོ། །དེ་ཡང་འདི་ཉིད་དུ། རྟོག་པའི་དྲྭ་བ་རྣམས་བསལ་ཞིང་། ཞེས་པས་བསྟན་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཆོས་ཀྱི་ལོངས་སྤྱོད་ཆེན་པོ་མ་ལུས་པ་མྱོང་བར་མཛད་པ་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དེ་མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་དང་ལྡན་པའོ། །དེ་ཡང་མཉམ་པ་ཉིད་དང་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །གཞིའི་གནས་སྐབས་ཀྱི་ཉོན་མོངས་པའི་ཡིད་གནས་གྱུར་པའོ། །དེ་ཡང་ཟབ་ཅིང་ཞེས་པ་དང་། སྤྲུལ་པའི་སྐུ་ནི་ཤཱཀྱ་ཐུབ་པའི་སྐུ་ལ་སོགས་པ་སྤྲུལ་པ་གང་གིས་སེམས་ཅན་གྱི་དོན་མཛད་པ་སྟེ། དེ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །གཞིའི་དུས་ཀྱི་འཇུག་པའི་རྣམ་ཤེས་གནས་གྱུར་པ། འདི་ནི་རྒྱ་ཆེའི་སྐུ་མངའ་བ། ཞེས་སོ། །དེ་ལྟ་བུ་ཆོས་སྐུ་གཅིག་ལས་གཟུགས་སྐུ་གཉིས་སུ་གྲུབ་པ་ཡང་། སྔོན་ཐུགས་རྗེ་ཆེན་པོའི་དབང་གིས་སེམས་ཅན་མ་ལུས་པའི་དོན་མཛད་པར་དམ་བཅས་ཤིང་སྨོན་ལམ་བཏབ་ནས་ཐབས་དང་ཤེས་རབ་བསྒོམ་པ་མཐར་ཕྱིན་ཏེ། ཆོས་ཀྱི་སྐུ་རྣམ་པར་དག་པ་ལྷུན་གྱིས་གྲུབ་ནས་དབང་དང་ཏིང་ངེ་འཛིན་དང་མཐུ་དང་བྱིན་གྱིས་བརླབས་དང་ཤུགས་བསམ་གྱིས་མི་ཁྱབ་པ་བརྙེས་པས་གཟུགས་སྐུ་ཐམས་ཅད་ཀྱང་རྣམ་པར་རྟོག་པ་མི་མངའ་བར་གདུལ་བྱའི་ཡིད་བཞིན་དུ་ལྷུན་གྱིས་གྲུབ་པར་འབྱུང་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུའམ་དཔག་བསམ་གྱི་ཤིང་ནི་འདི་དང་འདི་འབྱུང་ཞིང་སེམས་ཅན་ལ་ཕན་གདགས་སོ་སྙམ་དུ་མི་སེམས་མོད་ཀྱི༑ འོན་ཀྱང་མཐུ་ཆེན་པོ་དང་ལྡན་པ་དེ་ལས་སེམས་ཅན་སྐལ་བ་ཅན་གྱི་བསམ་པ་དང་མཐུན་པར་ཅི་འདོད་པ་འབྱུང་བ་བཞིན་ནོ། །དེ་ཡང་། ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟན་ནོ། །སངས་རྒྱས་དེས་ཆོས་ཐམས་ཅད་མཁྱེན་པའི་ཚུལ་ཡང་། སངས་རྒྱས་ཀྱི་ས་ན་མ་དག་པ་འཇིག་རྟེན་པའི་ཤེས་པ་མི་མངའ་བས། ལོ་ཆེན་ཡེ་ཤེས་སྡེས། སངས་རྒྱས་ཀྱི་ས་ལ་ལྷུན་གྱིས་གྲུབ་སྟེ་མཉམ་པར་འཇོག་པ་དང་བཞེངས་པ་མི་མངའ་བར། ཤེས་བྱ་ཇི་སྙེད་པ་དེ་ཐམས་ཅད་དུས་གཅིག་ཏུ་མངོན་དུ་འགྱུར་ཏེ། རྣམ་པར་རྟོག་པ་མི་མངའ་བས་རང་གི་མཚན་ཉིད་སྒྱུ་མ་ཙམ་དུ་མཁྱེན་ཀྱང་དངོས་པོར་མི་དམིགས་མཚན་མར་མི་འཛིན་པའི་ཕྱིར་གཟུང་བ་དང་འཛིན་པའི་སྐྱོན་དུ་འགྱུར་བ་ཡང་མེད་དོ། །ཞེས་གསུངས་པ་དེ་ཡང་གདུལ་བྱའི་བློས་ཕར་གཞལ་ནས་ཐམས་ཅད་མཁྱེན་པ་ཞེས་བཟོ་བའི་དབང་དུ་མཛད་པ་ཡིན་ལ། སངས་རྒྱས་རང་ངོས་ལ་ཡེ་ཤེས་མི་མངའ་བ་དང་། སངས་རྒྱས་དེ་ཉིད་ཡེ་ཤེས་སུ་བཞག་པ་ནི་ཤིན་ཏུ་འཐད་པར་འདོད་དོ། །དེ་ལྟར་ཚད་མ་ལ་དོན་དང་ཐ་སྙད་ཀྱི་རབ་དབྱེ་གཉིས་གསུངས་པ་འདི་ནི། དབུ་མ་པས། བསོད་ནམས་མ་ཡིན་པ་བཟློག་པ་ཞེས་འཇོག་པ་དེའི་གནས་སྐབས་སུ་ཡིན་ཏེ། རྩ་ཤེར། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། ཞེས་དེར་ཡུལ་བདེན་པ་གཉིས་སུ་ཕྱེ་ནས། ཡུལ་ཅན་ཚད་མ་ཡང་གཉིས་སུ་གྲུབ་པ་སྟེ༑ རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་དང་། རྣམ་ངེས་སུ། གཞན་བག་ཆགས་བསྟན་པའི་ཕྱིར་འཁོར་བ་ཇི་སྲིད་པར་མི་འབྲལ་བར་རྗེས་སུ་འབྲེལ་པ་ནི་ཐ་སྙད་མི་བསླུ་བ་ལ་བལྟོས་ནས་འདི་ཚད་མ་ཡིན་ནོ། །འདི་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་རང་བཞིན་བརྗོད་པ་ཡིན་ཏེ། འདི་ལ་ཡང་ཕ་རོལ་རྨོངས་པ་འཇིག་རྟེན་བསླུ་བར་བྱེད་པའི་ཕྱིར་རོ། །བསམ་པ་ལས་བྱུང་བ་ཉིད་ཀྱི་ཤེས་རབ་གོམས་པར་བྱས་པས་རྣམ་པར་འཁྲུལ་པས་དབེན་ཞིང་དྲི་མ་མེད་ལ་བཟློག་པ་མེད་པ་དོན་དམ་པའི་ཚད་མ་མངོན་དུ་བྱེད་དོ༑ །དེ་ཡང་ཆ་ཙམ་ཞིག་བསྟན་པ་ཡིན་ནོ། །ཞེས་སོ། །ཇི་ལྟར་ཀུན་རྫོབ་ཀྱི་བདེན་པ་ཐབས། དོན་དམ་པའི་བདེན་པ་ཐབས་བྱུང་ཡིན་པ། ཚད་མ་འདི་ཉིད་ལའང་མཚུངས་པས། བློ་ཀུན་རྫོབ་པ་དེ་ལ་ཚད་མར་འཇོག་པ་ཡང་། བློ་ནི་ཚད་མ་ཉིད། བླང་དང་དོར་བྱའི་དངོས་པོ་ལ། །འཇུག་ལ་དེ་གཙོ་ཡིན་ཕྱིར་དང་། །ཞེས་རྣམ་ངེས་སུ། ཕན་པ་དང་ནི་མི་ཕན་པ་ཐོབ་པ་དང་སྤོང་བ་ནི་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་ཞེས་འབྱུང་བས་སོ། །འདིར་བསམ་པ་ལས་བྱུང་བ་སྨོས། སྒོམ་བྱུང་ཞེས་མི་སྨོས་པ་ནི་རྗེས་སུ་དཔག་པའི་རྒྱུན་གོམས་པ་ལས་ལམ་དུ་འགྲོ་བ་སྟོན་པའི་ཆེད་དེ། དཔྱད་སྒོམ་ཞེས་གྲགས་པའི་ལུགས་སོ། །བར་དུ་བདག་བཟློག་པའི་དབང་དུ་མཛད་ནས། ཀུན་རྫོབ་ནི་གཏི་མུག་གམ་རང་བཞིན་བསྒྲིབ་པ་དེ་ཡིན་པས་བདེན་པར་མི་རུང་བ་ཉིད་ཀྱིས། དེའི་ཡུལ་ཅན་ཀུན་ཏུ་ཐ་སྙད་པའི་ཚད་མ་དེ་ཡང་ཚད་མར་མི་རུང་ངོ་། །དེ་བས་ན་བདེན་པ་ནི་གཅིག་སྟེ། དོན་དམ་པའི་བདེན་པའོ། །ཚད་མ་ཡང་གཅིག་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་ཡང་རྩ་ཤེར། མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོག་མི་བྱེད། །ཅེས་དང་། འཇུག་པར་ཡང་། རྣམ་པ་ཐམས་ཅད་མཁྱེན་ཉིད་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །གཞན་ནི་ཉི་ཚེ་བ་ཉིད་ཀྱི། །མངོན་སུམ་ཞེས་བྱར་མི་འདོད་དོ། །ཞེས་དང་། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་ཅེས་དང་། འཐད་ལྡན་ལས། གལ་ཏེ་ཐམས་ཅད་མཁྱེན་པའི་མཁྱེན་པ་ལ་བ་ལྟོས་ནས་ཤེས་པ་འདི་ཐམས་ཅད་བསླུ་བ་ཡིན་ལ། ཞེས་འབྱུང་བས་སོ། །ལྟ་བ་ཐམས་ཅད་བཟློག་པའི་སྐབས་ཀྱི་དབང་དུ་མཛད་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་རིག་པས་དེད་ན། མྱ་ངན་ལས་འདས་པ་ཡང་བདེན་པར་བཞག་མི་ནུས་ཏེ། དེ་ནི་སྡུག་བསྔལ་སོགས་ཀྱི་བྲལ་བ་ལ་བྱེད་ལ། སྡུག་བསྔལ་སོགས་ནམ་དུ་ཡང་ཡོད་པར་མི་རུང་བའི་ཕྱིར་ན་དེ་ནི་མོ་གཤམ་གྱི་བུའི་རོ་ལྟ་བུའོ། །འོ་ན་མདོ་སྡེ་པ་དང་ཁྱད་མེད་པར་འགྱུར་ཏེ། དེ་དག་མར་མེ་ཤི་བ་མེད་པ་ལྟར་བཅོམ་ལྡན་འདས་ཀྱི་རྣམ་པར་ཐར་པ་ཡང་དེ་དང་འདྲའོཞེས་ཟེར་བས་སོ་སྙམ་ན། དེ་དག་གིས་དེ་དངོས་མེད་ཡིན་པར་འདོད་ལ། འདིར་ནི་དེ་ཡང་དགག་པ་སྟེ། སྤྱོད་འཇུག་ལས། གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང་། ཀླུ་སྒྲུབ་ཀྱིས༑ གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། ཞེས་གསུངས་ལ། དེ་ཉིད། ཇི་ལྟ་ཇི་ལྟར་དོན་བསམ་པ། དེ་ལྟ་དེ་ལྟར་རྣམ་བྲལ་ཞེས། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། །ཞེས་དཔྱད་ན་ཁས་ལེན་རྒྱུ་ཅི་ཡང་མ་བྱུང་བས་སོ། །གསུམ་པ་ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་ནི། རྣམ་གཞག་དང་པོའི་སྐབས་འདིར་ཆོས་ཅན། ཚད་མ་ལ་ཐ་སྙད་པ་དང་། དོན་དམ་པའི་ཚད་མ་གཉིས་སུ་ཕྱེ་བའི་དགོས་པ་ཡོད་དེ། །དང་པོ་བླང་དོར་མ་ནོར་པ་ལ་ཞུགས་པ་ཐབས་དང་། དོན་དམ་པ་ཐབས་བྱུང་དུ་སྟོན་པའི་ཚད་མ་ཡིན་པའི་ཕྱིར། རྣམ་གཞག་གཉིས་པའི་སྐབས་འདིར། དོན་དམ་པའི་ཚད་མ་ཁོ་ན་མཚན་ཉིད་པ་དང་ཐ་སྙད་པ་བཏགས་པ་བར་སྟོན་པའི་རྒྱུ་མཚན་ཡོད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བལྟོས་ན་ཤེས་པ་གཞན་ཐམས་ཅད་བསླ་ུབ་ཡིན་པའི་ཕྱིར་རོ། །རྣམ་གཞག་གསུམ་པའི་སྐབས་འདིར༑ རིགས་པས་དཔྱད་ངོར་ཁས་ལེན་ཐམས་ཅད་དང་བྲལ་བ་ཡིན་ཏེ། མཐར་ཐུག་པའི་དོན་དམ་ཐོས་བསམ་འཇིག་རྟེན་པའི་སྒོམ་པ་ཐམས་ཅད་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ཀུན་ཏུ་ཐ་སྙད་པའི་ཚད་མ་ཡན་ལག་ཏུ་བཤད་པ་ལ། ཚད་མའི་རབ་དབྱེ་གཞལ་བྱ་ལ་བལྟོས་པས་དེ་གཏན་ལ་ཕབ། གཞལ་བྱ་འཇལ་བ་ཚད་མ་གཉིས་ཡིན་པས་དེ་ཞིབ་མོར་བསྟན་པ་གཉིས་ལས༑ དང་པོ་ལ། གཞུང་འབྲེལ་གྱིས་མདོར་བསྟན། མཐའ་དཔྱད་ཀྱིས་རྒྱས་པར་བཤད། ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་གསུམ་ལས། དང་པོ་ནི། དོན་དམ་པ་ལ་གཞུག་པའི་ཕྱིར་ཐ་སྙད་ཀྱི་བདེན་པ་སྟོན་ལ། དེ་ཡང་དབུ་མ་པ་རྣམས་ཀྱི་ནང་དུ་ཅུང་མི་མཐུན་ཏེ། འཇིག་རྟེན་གྲགས་པ་དང་། འགའ་ཞིག་མདོ་སྡེ་པ་དང་། ལ་ལ་རྣལ་འབྱོར་སྤྱོད་པ་བཞིན་ཁས་ལེན་པས་སོ། །འདིར་ནི་རེ་ཞིག་དོན་དམ་པ་བཏང་སྙོམས་སུ་བཞག་ནས། འཇིག་རྟེན་ལ་ཐུགས་བརྩེ་བས་ཕྱི་རོལ་གྱི་དོན་ཡོད་པར་ཞལ་གྱིས་བཞེས་ཏེ་མུ་སྟེགས་བྱེད་ལ་སོགས་པའི་ལོག་པར་རྟོག་པ་ཆེན་པོ་བཟློག་པར་མཛད་དོ། །འདུལ་བར་བྱ་བ་དེ་ཁོང་དུ་ཆུད་པ་ན། ཡང་སེམས་ཙམ་བསྟན་ཏེ། ཕྱི་རོལ་གྱི་དོན་མེད། དེ་ལྟར་སྣང་བ་ཐམས་ཅད་སེམས་ཙམ་ཡིན་པར་བསྟན་ཅིང་། དེ་རྟོགས་པ་དང་། ཡང་སྣང་བ་མེད་པ་དབུ་མའི་ལམ་བཟང་པོ་ལ་ཁྲིད་ནས་དེ་ཡང་བཟློག་པར་མཛད་བ་ཡིན་ནོ། །དེ་ཡང་། དེ་དེ་ཉིད་དོན་བཏང་སྙོམས་ཅན༑ གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། འཇིག་རྟེན་ཐུགས་ནི་འགའ་ཞིག་གིས། །ཕྱི་རོལ་སྤྱོད་ལ་འཇུག་པར་མཛད། །ཅེས་པས་སོ། །ཕྱི་དོན་ཡོད་པར་སྨྲ་བའི་གྲུབ་པའི་མཐའ་འདིའང་༑ བྱེ་མདོ་གཉིས་ཡིན་ལ་དེ་གཉིས་མཐུན་པར། གཟུགས་ཕུང་དང་ཁམས་དང་། སྐྱེ་མཆེད་ལས་གཟུགས་ཅན་གང་ཡིན་པ་དེ་དག་སེམས་ཀྱི་སྣང་བ་ཙམ་མ་ཡིན་པར་གྲུབ་པར་འདོད་ཅིང་༑ ཡུལ་མེད་ལ་སེམས་ཡོད་པར་ཡང་མི་རུང་སྟེ། བཅོམ་ལྡན་འདས་ཀྱིས་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱེ་སྟེ་གསུངས་པས༑ སེམས་དང་ཡུལ་གཉིས་ཀ་དོན་དམ་པར་ཡོད་པར་མངོན་ནོ། །མདོ་དག་ལས། ཡུལ་མེད་ཀྱི་སེམས་ཉིད་ཡུལ་དུ་སྣང་ངོ་ཞེས་འབྱུང་བ་ནི་ཡུལ་རྣམ་པ་ཐམས་ཅད་དུ་དགག་པ་མ་ཡིན་ཏེ༑ རྡུལ་མང་པོ་འདུས་པ་ལ་འཁྲུལ་པའི་རྟོག་པས་བརྟག་པ་དང་། རིལ་པོར་འཛིན་པ་བཟློག་པའི་གཉེན་པོར་གསུངས་པ་ཡིན་ནོ་ཞེས་འཆད་དོ། །དེ་གཉིས་ལས་མདོར། མདོ་སྡེ་པའི་ཕྱོགས་ལ་གནས་ནས། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། ཞེས་གསུངས་ཤིང་། དེ་ཉིད། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། ཞེས་སོགས་ཀྱིས་རྒྱས་པར་གཏན་ལ་ཕབ་སྟེ། སྤྱིར་ཡུལ་ལམ་གཞལ་བྱའམ་ཤེས་བྱ་ལ་བལྟོས་ནས་ཡུལ་ཅན་ནམ་འཇལ་བྱེད་དམ་ཤེས་པ། ཚད་མ་དང་ཚད་མ་མ་ཡིན་པར་འཇོག་པ་ཡིན་ལ༑ ཚད་མའི་གཞལ་བྱ་དེ་ཡང་གཞལ་བྱ་རང་དང་གཞན་གྱིས་ངོ་བོ་རྟོགས་པའི་ཚུལ་གྱིས་གཉིས་སུ་དབྱེ་བ་སྟེ། དེ་ནི་རང་གཞན་ངོ་བོ་ཡིས། །རྟོགས་ཕྱིར་གཞལ་བྱ་གཉིས་སུ་བཞེད༑ ཅེས་པས་སོ། །རྟོགས་ཚུལ་གཉིས་ཀྱང་། མངོན་སུམ་ནི་དེའི་རྣམ་པ་ཅན་ཡིན་པས་རང་གི་མཚན་ཉིད་འཛིན་ལ། རྗེས་དཔག་ནི་སྒྲོ་བཏགས་ཀྱི་རྗེས་སུ་འབྲངས་ནས་རང་གི་མཚན་ཉིད་ངེས་པ་ཡིན་ཀྱང་ལྡོག་པ་གཅིག་གི་ཡུལ་གྱི་རང་བཞིན་དུ་ཞེན་པས་ན་གཞན་རྟོགས་པ་ཞེས་བྱའོ། །རྒྱུ་མཚན་དེས་ན་ཚད་མ་ལ་མངོན་སུམ་གྱི་ཚད་མ་དང་རྗེས་དཔག་གི་ཚད་མ་གཉིས་དབྱེའོ། །དེ་ལས་གཞན་ངེས་པ་འདྲེན་ཚུལ་གྱི་སྒོ་ནས་རང་ངེས་དང་གཞན་ངེས་ཚད་མ་དེ་སོ་སོའི་ནང་གསེས་དང་བཅས་པ་ནི་བོད་ཀྱི་ཕྱྭ་བསྡུས་ཞེས་པའི་རིགས་པ་སྟེ༑ འཕགས་པའི་ཡུལ་གྱི་གཏན་ཚིགས་རིགས་པའི་ལུང་གར་ཡང་མི་སྣང་ལ། འཐད་ལྡན་དུ་ཡུལ་ལ་བལྟོས་ནས་ཀྱང་ཚད་མའི་ཚད་མ་མ་ཡིན་པ་ཡིན་པའི་ཕྱིར། ཡུལ་ལ་བལྟོས་པ་དེ་ཁོ་ནས་དེ་དབྱེ་བར་བྱ་བ་ཡིན་ནོ། །དེའི་ཕྱིར་ཚད་མའི་དབྱེ་བའི་རྒྱུ་མཚན་ནི་ཡུལ་གྱི་དབྱེ་བ་ཙམ་ཡིན་པའི་ཕྱིར། ཞེས། ཁོ་ནས་བཞག་པ་དང་། ཙམ་སྒྲས་ལྷག་མ་ཡོད་པ་འགོག་པས་སོ། །དེ་ལྟ་བུའི་མངོན་སུམ་དེ་དོན་དམ་པའི་ཚད་མ་ལ་དངོས་སུ་འཇུག་པའི་ཡན་ལག་ཏུ་འགྱུར་ཏེ། དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ཡིན། ཞེས་དང་། རྗེས་སུ་དཔག་པ་ནི། རྒྱུད་པས་འཇུག་པའི་ཡན་ལག་སྟེ། །དེས་ན་བྱེ་བྲག་སྤྱི་ཆོས་མཐའ། །དང་ཕྱིར་རྟགས་དང་རྟགས་ཅན་ཉིད། །བསྒྲུབ་བྱ་སྒྲུབ་པ་ཀུན་བཞག་པ། །དམ་པའི་དོན་ལ་གཞུག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་པས་སོ། །དེ་བས་ན། དོན་དམ་པ་ལུས་དང་། ཀུན་ཏུ་ཐ་སྙད་པའི་ཚད་མ་ཡན་ལག་ཏུ་བསྟན་པ་ནི་མདོར་བསྟན་རྒྱས་བཤད་ལྟ་བུ་ལ་བཞག་པ་མ་ཡིན་གྱི། ཐབས་བྱུང་དང་། དེའི་ཐབས་སུ་གྱུར་པའི་སྒོ་ནས་ཡིན་ནོ།། །། གཉིས་པ་མཐའ་དཔྱད་ཀྱིས་རྒྱས་པར་བཤད་པ་ནི། དོན་བྱེད་ནུས་པ་རང་མཚན་གྱི་མཚན་ཉིད། དོན་བྱེད་མི་ནུས་པའི་ཆོས་སྤྱི་མཚན་གྱི་ཉིད་དུ་བཞག་ནས། མཚན་གཞི་ནི་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་བཤད་པས་རྟོགས་པར་འགྱུར་རོ། །ཕུང་པོ་རྣམས་ནི་ལྔ་སྟེ། གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པའི་ཕུང་པོའོ། །དང་པོ་དབང་པོ་ལྔ། དོན་ལྔ། རྣམ་པར་རིག་བྱེད་མ་ཡིན་པ། དོན་ལྔའི་གཟུགས་ལ་ཉི་ཤུ། ནམ་མཁའི་ཁམས་ཀྱང་འདིའི་སྣང་མུན་དུ་སྡུད། སྒྲ་ལ་ཟིན་མ་ཟིན་སོགས་བརྒྱད། མངོན་པ་གོང་མར་བཅུ་གཅིག་བཤད། དྲི་ལ་བཞི༑ རོ་ལ་དྲུག རེག་བྱ་ལ་འབྱུང་བ་བཞི་ལ་སོགས་པ་བཅུ་གཅིག་གོ །ཚོར་བ་ལ་བདེ་སྡུག་བཏང་སྙོམས་གསུམ་མམ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སོགས་དྲུག འདུ་ཤེས་ལ་ཆུང་འབྲིང་ཆེན་པོ་གསུམ་མམ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་སོགས་དྲུག འདུ་བྱེད་ལ་མཚུངས་ལྡན་དང་ལྡན་མིན་འདུ་བྱེད་གཉིས། ཚོར་བ་འདུ་ཤེས་གཉིས་མ་གཏོགས་པའི་སེམས་བྱུང་ཐམས་ཅད་དང་པོ་ཡིན་ནོ། །སེམས་བྱུང་ནི། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། གཞན་འགྱུར་རམ་གཞན་འགྲོ་བཞི་སྟེ་ལྔ་བཅུ་རྩ་གཅིག་རིམ་པ་བཞིན། རེག་པ་དང་ཡིད་ལ་བྱེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པ་ལྔ༑ འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ལྔ། དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པའི་དགེ་བའི་རྩ་བ་དང་༑ ཞེ་སྡང་མེད་པའི་དགེ་རྩ་དང་། གཏི་མུག་མེད་པའི་དགེ་རྩ་དང་། བརྩོན་འགྲུས་ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་མི་འཚེ་བ་དང་བཅུ་གཅིག འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་དང་དྲུག ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་༑ འཕྲོག་པ་དང་། སེར་སྣ་དང་། གཡོ་དང་། སྒྱུ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་༑ མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་དང་ཉི་ཤུ། འགྱོད་པ་དང་། གཉིད་དང་༑ རྟོག་པ་དང་། དཔྱོད་པ་བཞི་རྣམས་སོ། །དེའི་ང་རྒྱལ་ནི་བདུན་ཏེ། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལོ། །ལྟ་བ་ནི་རྣམ་པ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་ལྟ་བ་དང་། ལོག་པར་ལྟ་བ་དང་༑ ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརཏལ་ཞུགས་ལ་མཆོག་ཏུ་འཛིན་པའི་ལྟ་བའོ། །ལྡན་པ་མ་ཡིན་པའི་འདུ་བྱེད་ནི། ཐོབ་པ་དང་། སྐལ་མཉམ། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་ལ་འདུ་ཤེས་མེད་པ་དང་། སྲོག་གི་དབང་པོ་དང་རིགས་མཐུན་པ་དང་། སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་སམ། མངོན་པ་གོང་མར། སོ་སོ་སྐྱེ་བོ་ཉིད་དང་། དེ་ལྟ་བུའི་ཆ་དང་མཐུན་པའམ༑ འཇུག་པའི་སོ་སོར་ངེས་པ། སྐལ་མཉམ་རྣམ་གྲངས་སོ། །རྣམ་པར་ཤེས་པའི་ཕུང་པོ་ནི། མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་རྣམ་པར་ཤེས་པ་དྲུག་གོ །སེམས་དང་ཡིད་དང་རྣམ་ཤེས་རྣམ་གྲངས་པ། ཁམས་ནི་མིག་གི་ཁམས་ནས་ཡིད་ཀྱི་ཁམས་ཀྱི་བར་དྲུག གཟུགས་ཀྱི་ཁམས་ནས་ཆོས་ཀྱི་ཁམས་ཀྱི་བར་དྲུག མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དྲུག་སྟེ་བཅོ་བརྒྱད། སྐྱེ་མཆེད་ནི་མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དྲུག་ནང་གི་སྐྱེ་མཆེད། གཟུགས་ཀྱི་སྐྱེ་མཆེད་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་དྲུག་ཕྱིའི་སྐྱེ་མཆེད་དེ་བཅུ་གཉིས་སོ། །ཕུང་པོ་དག་ཏུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བརྗོད། །ཅེས་པས། ཟག་མེད་འདུས་མ་བྱས་གསུམ་མ་གཏོགས་པའི་ཆོས་ཐམས་ཅད་ཕུང་པོར་འདུ༑ ལམ་གྱི་བདེན་པ་མ་གཏོགས་པའི་ཟག་བཅས། དེ་ལ་ཉེར་ལེན་གྱི་ཕུང་པོ་ཞེས་ཀྱང་བྱ། ཁམས་དང་ཆོས་ཁྱབ་མཉམ་ཡིན་པ་བཞིན་སྐྱེ་མཆེད་ཡང་ཡིན་ནོ། གཟུགས་ཅན་བཅུ། དེ་དག་གི་ཁམས་བཅུ་དང་། དེ་དག་གི་སྐྱེ་མཆེད་བཅུ་རིམ་པ་བཞིན་དོན་གཅིག དཔེར་ན་མིག་གི་དབང་པོ་དང་། མིག་གི་ཁམས་དང་། མིག་གི་སྐྱེ་མཆེད་དོན་གཅིག་ཞེས་པ་ལྟ་བུ། ཚོར་བ་འདུ་ཤེས་འདུ་བྱེད་ཀྱི་ཕུང་པོ་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་འདུས་མ་བྱས་གསུམ་ཆོས་ཀྱི་ཁམས་དང་། ཆོས་ཀྱི་སྐྱེ་མཆེད་ཀྱང་ཡིན་ལ། རྣམ་པར་ཤེས་པའི་ཕུང་པོ་ནི་ཡིད་ཀྱི་སྐྱེ་མཆེད་དང་ཡིད་ཀྱི་ཁམས་དང་རྣམ་པར་ཤེས་པའི་ཁམས་དྲུག་ལ་བྱེད་དོ། །འདོད་པའི་ཁམས་ན་ཚང་མ་ཡོད། གཟུགས་ན་དྲི་རོ་སྣ་ལྕེ་བཞི་མེད་པས། དེ་དག་གི་རྣམ་པར་ཤེས་པ་ཡང་མེད་དོ། །གཟུགས་མེད་ན་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དང་། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལས་གཞན་མེད་དོ། །དེ་དག་ཤེས་བྱ་གཞི་ལྔར་འདོད་དེ། གཟུགས་ཀྱི་གཞི༑ སེམས་ཀྱི་གཞི། སེམས་བྱུང་གི་གཞི། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི། འདུས་མ་བྱས་པའི་གཞིའོ། །དེ་དག་ཐམས་ཅད་དང་དུས་གསུམ་བྱེ་སྨྲ་རྫས་སུ་གྲུབ་པར་འདོད་ཅིང་༑ དེ་དག་དངོས་པོ་ཡང་རྣམ་པ་ལྔར་འདོད་དེ། རང་གི་དངོས་པོ་ནི་ཇི་སྐད་དུ་དེ་དངོས་པོ་གང་ཟག་གི་རང་གི་དངོས་པོ་དེ་དང་ལྡན་པའོ་ཞེས་གསུངས་པ་ལྟ་བུ། དམིགས་པའི་དངོས་པོ་ནི། ཆོས་ཐམས་ཅད་དངོས་པོ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ་ཞེས་གསུངས་པ་ལྟ་བུ། ལྡན་པའི་དངོས་པོ་ནི་དངོས་པོ་གང་རྗེས་སུ་ཆགས་པའམ་ཀུན་ནས་དཀྲིས་པ་དང་ལྡན་པ་དེ་ལ་ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་དང་ཡང་ལྡན་ནོ། །ཞེས་གསུངས་པ་ལྟ་བུ། རྒྱུའི་དངོས་པོ་ནི་དངོས་པོ་དང་བཅས་པའི་ཆོས་རྣམས་གང་ཞེ་ན་འདུས་བྱས་ཀྱི་ཆོས་རྣམས་ཞེས་གསུངས་པ་ལྟ་བུ། ཡོངས་སུ་གཟུང་བའི་དངོས་པོ་ནི། ཇི་སྐད་དུ། ཞིང་གི་དངོས་པོ་དང་ཁྱིམ་གྱི་དངོས་པོ་ཞེས་གསུངས་པ་ལྟ་བུའོ། །རང་མཚན་ལ། སྐྱེ་མཆེད་ཀྱི་རང་མཚན་དང་རྫས་ཀྱི་རང་མཚན་གཉིས་བཤད། མདོ་སྡེ་པ། རྣམ་པར་རིག་བྱེད་མ་ཡིན་པ་དང་། དབྱིབས་ཀྱི་གཟུགས་དང་། ལྡན་མིན་འདུ་བྱེད། འདུས་མ་བྱས་གསུམ་འདས་མ་འོངས་ཐམས་ཅད་བཏགས་ཡོད་དུ་འདོད། བཏགས་ཡོད་དུ་འདོད་ཚུལ་ཡང་། མཛོད་འགྲེལ་དུ་མདོ་སྡེ་པ་རྣམས་ན་རེ། འདུས་མ་བྱས་ཐམས་ཅད་རྫས་སུ་ཡོད་པ་ཁོ་ན་ལས་རྟོགས་ཏེ་དེ་ནི་གཟུགས་དང་ཚོར་བ་ལ་སོགས་པ་བཞིན་དུ་རྫས་གཞན་དུ་ནི་མེད་དོ། །འོ་ན་ཅི་ཞེ་ན། རེག་བྱ་མེད་པ་ཙམ་ནི་ནམ་མཁའ་ཡིན་ཏེ། ཇི་ལྟར་མུན་པའི་ནང་དག་ན། ཐོགས་པ་མ་རྙེད་པ་ལ་ནམ་མཁའ་ཞེས་འཛེར་ཏོ༑ །ཕྲ་རྒྱས་དང་། སྐྱེ་བ་སྐྱེས་ནས་འགགས་ནས་སོ་སོར་བརྟགས་པའི་སྟོབས་ཀྱིས་གཞན་མི་སྐྱེ་བ་ནི་སོ་སོར་བརྟགས་པས་འགོག་པ་ཡིན་ནོ། །སོ་སོར་བརྟགས་པ་མེད་པ་ཁོ་ནར་རྐྱེན་མ་ཚང་བས་མི་སྐྱེ་བ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ་དཔེར་ན་བར་མ་དོར་འཆི་བའི་རིགས་མཐུན་པའི་ལྷག་མ་ལྟ་བུའོ། །ཞེས་དང་དེ་ཉིད་ཨཱརྻ་དེ་བས་ཀྱང་། ནམ་མཁའ་མོ་གཤམ་བུ་འདྲ་ལ། །འགོག་པ་ནམ་མཁའ་དང་འདྲའོ། །དུས་གསུམ་དག་ཀྱང་ཁས་མི་ལེན། ཞེས་སོ། །རྣམ་པར་རིག་བྱེད་མ་ཡིན་པ་བཏགས་ཡོད་དུ་སྨྲ་བ་ཡང་། མཛོད་འགྲེལ་དུ་མདོ་སྡེ་པ་རྣམས་ན་རེ། དེ་ཡང་རྫས་སུ་མེད་དེ། དེར་ཁས་བླངས་ནས་མི་བྱེད་པ་ཙམ་གྱི་ཕྱིར་དང་། འདས་པའི་འབྱུང་བ་ཆེན་པོ་རྣམས་ལ་ཡང་བརྟེན་ནས་འདོགས་པའི་ཕྱིར་ལ། དེ་དག་ཀྱང་རང་གི་ངོ་བོ་མེད་པའི་ཕྱིར་དང་། གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་རོ་ཞེས་ངག་གི་རིག་བྱེད་དང་། ལུས་ཀྱི་རིག་བྱེད་ཀྱི་སྐབས་སུ་ཡང་དེ་དག་བཏགས་ཡོད་དུ་བཤད་པའི་ཕྱིར་རོ། །དེ་དག་ལ་མུ་སྟེགས་བྱེད་ཀྱིས་བཏགས་པའི་བདག་དང་བདག་གི་བས་སྟོང་པས་བྱེད་པ་པོ་ལས་མ་གཏོགས་པ་མེད་ཅིང་། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ་བར་སྨྲ་བ་སྡེ་གཉིས་མཐུན་ལ་བྱེ་སྨྲ། ལས་དེ་གང་ལ་བསྒོ་བའི་གཞིའི་གཙོ་བོ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་འདོད་ཅིང་། མདོ་སྡེ་པ་དེ་མི་འདོད་པར། ལས་གང་ལ་བསྒོ་བའི་གཞི་ནི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ཞེས་པ་ཞིག་ཁས་ལེན་པར་མཛད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པའི་བཤད་པའི་འགྲེལ་པ་ལས་རྟོགས་སོ། །རྒྱུད་ཡོངས་སུ་འགྱུར་བ་དེ་ཡང་མཛོད་འགྲེལ་གྱི་གནས་དགུ་པ་ལས༑ དཔེར་ན་ས་བོན་ལས་འབྱུང་ཞེས་པ་ཡང་ཞིག་པ་ལས་འབྱུང་བ་མ་ཡིན་ལ། མཇུག་ཐོགས་སུ་འབྱུང་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུད་ཡོངས་སུ་གྱུར་པའི་ཁྱད་པར་ལས་ཏེ༑ མྱུ་གུ་དང་སྡོང་པོ་ལས། འདབ་མ་ལ་སོགས་པ་མེ་ཏོག་ལ་ཐུག་པ་རིམ་པས་རྫོགས་པ་ལས་འབྱུང་བ་བཞིན་ནོ། །མེ་ཏོག་ལས་གྲུབ་པ་ཡིན་ན་ཅིའི་ཕྱིར་ས་བོན་དེའི་འབྲས་བུ་ཞེས་བྱ་ཞེ་ན༑ དེ་བརྒྱུད་པས་མེ་ཏོག་ལ་དེའི་ནུས་པ་བསྐྱེད་པས་སོ། །གལ་ཏེ་སྔོན་དུ་འགྲོ་བར་མ་གྱུར་ན་འབྲས་བུ་དེ་འདྲ་བ་བསྐྱེད་པ་ལ་དེའི་ནུས་པ་ཡོང་པར་མི་འགྱུར་རོ། །དེ་བཞིན་དུ་ལས་ལས་འབྲས་བུ་འབྱུང་ཞེས་བྱ་བ་དེ་ཡང་། ལས་ཞིག་པ་ལས་ཀྱང་མི་འབྱུང་ལ། མཇུག་ཐོགས་སུ་ཡང་མ་ཡིན་ནོ། །འོ་ན་ཇི་ལྟ་ཞེ་ན་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་སོ། །རྒྱུད་ནི་ཅི་ཡིན་ཡོངས་སུ་འགྱུར་བ་ནི་ཅི་ཡིན། ཁྱད་པར་ནི་ཅི་ཡིན་ཞེ་ན་ལས་སྔོན་དུ་འགྲོ་བའི་སེམས་ཕྱིར་ཞིང་འབྱུང་བ་གང་ཡིན་པ་དེ་ནི་རྒྱུད་ཡིན་ནོ། །དེ་གཞན་དང་གཞན་དུ་སྐྱེ་བ་ནི་ཡོངས་སུ་འགྱུར་བ་ཡིན་ནོ༑ །དེའི་མཇུག་ཐོགས་སུ་འབྲས་བུ་བསྐྱེད་ནུས་པ་གང་ཡིན་པ་དེ་ནི། ཡོངས་སུ་འགྱུར་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཡོངས་སུ་འགྱུར་བའི་ཁྱད་པར་ཡིན་ཏེ་དཔེར་ན་ཡང་སྲིད་པའི་ཉེ་བར་ལེན་པ་དང་བཅས་པའི་འཆི་བའི་སེམས་ལྟ་བུའོ། །ལས་རྣམ་པ་སྣ་ཚོགས་པ་སྔོན་དུ་འགྲོ་བ་ཉིད་ཡིན་ཡང་ལས་གང་ལྕི་བའམ་ཉེ་བའམ་གོམས་པ་ཡིན་པས་དེས་བྱས་པའི་ནུས་པ་གསལ་པར་བྱེད་ཀྱི་གཞན་གྱིས་མ་ཡིན་ནོ་ཞེས་གསུངས་པ་ཉིད་དོ། །དེ་ཉིད་ལ་འདུ་བྱེད་ཀྱི་རྒྱུན་ཞེས་བྱའོ། །རྒྱུ་རྐྱེན་གྱིས་འདུས་བྱས་པས་འདུས་བྱས་སམ་བྱས་པ། དེ་ཉིད་གཞན་ལ་བལྟོས་པས་གྲུབ་པའི་ཕྱིར་རྟེན་འབྲེལ་དུ་བཞག་གོ །ཇི་ལྟར་ལས་ལས་འཇིག་རྟེན་རྩོམ་པའི་ཚུལ་ལ་མཛོད་འགྲེལ་དུ། མུ་སྟེགས་བྱེད་ཁ་ཅིག་རྡུལ་ཕྲ་རབ་རྣམས་ནི་རྟག་པ་ཡིན་པས་དེའི་ཚེ་དེ་དག་ལུས་སོ༑ །ཞེས་བྱ་བར་འདོད་དོ། །དེ་དག་ཅིའི་ཕྱིར་དེ་ལྟར་འདོད་ཅེ་ན་རགས་པ་རྣམས་རྒྱུ་མེད་པ་ཅན་དུ་གྱུར་ན་མི་རུང་ངོ་སྙམ་མོ། །ཞེས་དང་། ཡང་ས་སྟོན་སྡེ་པའི་མདོ་ལས། རླུང་གི་འཇིག་རྟེན་གྱི་ཁམས་གཞན་དག་ནས་ས་བོན་དག་ཁྱེར་ཏེ་འོངས་ཞེས་འབྱུང་ངོ་། །རང་གི་ལུགས་སེམས་ཅན་རྣམས་ཀྱི་ལས་ལས་སྐྱེས་པའི་མཐུའི་བྱེ་བྲག་ཅན་རླུང་ས་བོན་ཡིན་ནོ་ཞེས་གསུངས་པས། འཇིག་རྟེན་ཞིག་ནས་སླར་རྩོམ་པའི་རྩོམ་གཞི་དེ་ལ་མཐུན་ནོ། །དེ་ལ་བྱེ་སྨྲ་རྡུལ་ཕྲ་རབ་དབང་པོའི་སྤྱོད་ཡུལ་མ་ཡིན་པ་ཡང་འདུས་པ་དག་གི་ཚེ་མངོན་དུ་གྱུར་པ་ཡིན་ལ། དཔེར་ན་སྐྲ་ཉག་མ་གཅིག་གི་རྡུལ་ཕྲ་རབ་སྤྱོད་ཡུལ་དུ་མི་འགྱུར་ལ། སྐྲ་བཀྲམ་པའི་ཚོགས་སྤྱོད་ཡུལ་དུ་གྱུར་པ་ལྟ་བུའོ། །དེ་བས་ན་གཟུགས་ལ་སོགས་པ་ཁོ་ན་ལ་རྡུལ་ཕྲ་རབ་ཀྱི་མིང་དུ་འདོགས་པའི་ཕྱིར། དེ་ཞིག་ན་རྡུལ་ཕྲ་རབ་ཀྱང་ཞིག་པར་གྲུབ་པ་ཡིན་ནོ། །འོ་ན་རྡུལ་ཕྲ་རབ་ཀྱི་རྫས་ཀྱང་གཟུགས་ལ་སོགས་པ་དག་ལས་གཞན་ཡིན་པ་དེ་དག་ཞིག་ན་དེ་ཞིག་པར་མི་འགྱུར་རོ་ཞེས་དོགས་ན། རྡུལ་ཕྲ་རབ་གཟུགས་ལ་སོགས་པ་ལས་གཞན་པ་ཡིན་པ་ནི་མི་རིགས་ཏེ། འདི་ལྟར་འདི་སུས་ཀྱང་ས་དང་མེ་དང་རླུང་དག་ཡིན་ནོ། །འདི་དག་ནི་དེ་དག་གི་གཟུགས་ལ་སོགས་པ་ཡིན་ཏོ། །ཞེས་ངེས་པར་མི་ཟིན་ལ། མིག་དང་རེག་པའི་གཟུང་བ་དག་ཡིན་པར་དམ་བཅའོ། །དཔེར་ན་འཇག་མ་དག་ལས་རེ་ལྡེ་གཞན་པ་དང་། སྐུད་པ་དག་ལས་རས་ཡུག་གཞན་ཞེས་བྱ་བ་མ་ཡིན་ཏེ། དེ་དག་དང་དེ་དག་ཁོ་ན་དེ་ལྟར་གནས་པ་ལ་དེ་དང་དེའི་མིང་ཐོབ་པ་བཞིན་ནོ། །རྡུལ་ཕྲ་རབ་དེ་ཡང་མཛོད་འགྲེལ་དུ། རྡུལ་ཕྲ་བ་ཞེས་བྱ་བ་ཅི་ཞེ་ན༑ འདབ་ཆགས་པར་འགྱུར་བའོ། །ཅི་རྡུལ་ཕྲ་རབ་རྣམས་ཕན་ཚུན་རེག་གམ་འོན་ཏེ་མི་རེག་ཅེ་ན། ཁ་ཆེ་བ་རྣམས་ན་རེ་མི་རེག་གོ །ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། རེ་ཞིག་གལ་ཏེ་ཐམས་ཅད་ཀྱིས་རེག་པར་གྱུར་ན་ནི་རྫས་རྣམས་འབྲེལ་བར་འགྱུར་རོ། །འོན་ཏེ་ཕྱོགས་གཅིག་གིས་རེག་ན་ནི་ཆ་ཤས་དང་བཅས་པ་དག་ཏུ་ཐལ་བར་འགྱུར་བ་ཞིག་ན་རྡུལ་ཕྲ་རབ་ཐམས་ཅད་ནི་ཆ་ཤས་མེད་པ་ཡིན་ནོ། །ཞེས་དོན་རྡུལ་ཕྲ་རབ་ཆ་མེད་དང་། བསགས་པའི་རྡུལ་ཕྲ་རབ་ཆ་དང་བཅས་པ་གཉིས། ཆ་མེད་དབང་པོའི་ཤེས་པའི་ཡུལ་དུ་མ་གྱུར་པ་དེ་འདབ་ཆགས་པ་ལས་བསགས་པའི་རྡུལ་ཕྲ་རབ་དེར་གྲུབ་སྟེ། དེ་ནས་དབང་པོའི་ཤེས་པའི་ཡུལ་དུ་བྱེད་ནུས་པར་འདོད་དོ། །དེ་ཡང་མཛོད་འགྲེལ་དུ། །དེ་དག་གི་དབུས་ན་ཅུང་ཟད་ཀྱང་མེད་པ་གང་ཡིན་པ་དེ་ཁོ་ན་འདབ་ཆགས་པ་ཉིད་ཡིན་ནོ། །ཡང་ན་འདུས་པ་རྣམས་ནི་ཆ་ཤས་དང་བཅས་པ་ཡིན་པའི་ཕྱིར་རིག་པར་འགྱུར་བས་ཞེས་སོ། །འདུས་པ་དེ་ལས་དབྱིབས་སྣ་ཚོགས་སུ་གྲུབ་པས་རགས་པ་ཞེས་བྱའོ། །མདོ་སྡེ་པ། དངོས་པོ་གོང་བུར་སྣང་བ་ནི་རྡུལ་ཕྲ་མོ་འདུས་པ་ཡིན་ལ། གོང་བུ་རྩོམ་པའི་རྡུལ་ཕྲ་མོ་ནི་ཕྱོགས་དྲུག་གི་ཆ་དང་བཅས་པར་འདོད་པས་བསགས་རྡུལ་ལས་གཞན་ཆ་མེད་མི་འདོད་པ་དང་། རྡུལ་ཕྲ་རབ་དེ་ཡང་ཁ་དོག་གི་གཟུགས་སུ་འདོད་ལ། གང་དུ་ཁ་དོག་གི་གཟུགས་རྡུལ་དེ་དག་ཚོགས་པའི་ཁྱད་པར་ལས་དབྱེ་བས་སྣ་ཚོགས་པ་འདི་སྣང་གི དེ་ལས་གཞན་ཞིག་གི་དབྱིབས་རྫས་ཞེས་མི་འདོད་དེ། མཛོད་འགྲེལ་དུ། མདོ་སྡེ་པ་རྣམས་ན་རེ། དབྱིབས་ནི་རྫས་སུ་མེད་ཅིང་ཕྱོགས་གཅིག་གི་སྒོར་ཕལ་ཆེར་འབྱུང་བ་ལ་གཟུགས་རིང་པོ་ཞེས་འདོགས་པར་བྱེད། དེ་ཉིད་ལ་བལྟོས་ནས་ཉུང་ངུར་བྱུང་བ་ལ་ཐུང་དུ་ཞེས་འདོགས་པར་བྱེད། ཐམས་ཅད་དུ་མཉམ་ན་ལྷམ་པ་ཞེས་འདོགས་པར་བྱེད་དེ་ཐམས་ཅད་དེ་དང་འདྲའོ། །ཞེས་དང་། གང་ཡང་ཐོགས་པ་དང་བཅས་པའི་གཟུགས་ཅུང་ཟད་ཡོད་པ་དེ་ནི་གདོན་མི་ཟ་བར་རྡུལ་ཕྲ་རབ་ལ་ཡོད་པ་ཡིན་ན་ཞེས་སོ། །སྡེ་གཉིས་ག་མཐུན་པར༑ བསགས་པའི་རྡུལ་ཕྲ་རབ་དེ་འདོད་པ་ན་སྒྲ་དང་དབང་པོ་མེད་པས་རྡུལ་རྫས་བརྒྱད་ལྡན་དུ་སྐྱེ། རྫས་བརྒྱད་ནི་འབྱུང་བ་བཞི། འབྱུང་གྱུར་བཞིའོ། །སྒྲ་མེད་ལ་དབང་པོ་དང་བཅས་ན་དགུ་འམ་བཅུ། ལུས་དབང་དབང་པོ་གཞན་མེད་ན་དེའི་ཁར་མིག་སོགས་གང་དང་ལྡན་པའོ། །སྒྲ་དང་བཅས་ན་གོ་རིམ་བཞིན་དུ་དགུ །བཅུ། བཅུ་གཅིག་དང་ལྡན་པར་སྐྱེའོ། །བྱེ་སྨྲ་འདུས་བྱས་མི་རྟག་པར་འདོད་ཀྱང་གནས་པའི་སྐད་ཅིག་དེར་མི་འཇིག་ལ། ཕྱི་ལོགས་སུ་འཇིག་པར་འདོད་དེ། མཛོད་འགྲེལ་དུ། གནས་པས་ཡོངས་སུ་གཟུང་བའི་ཕྱིར། །ཆོས་སྐྱེས་པ་ཙམ་དེ་མ་ཞིག་པ་ཡིན་ལ། དེ་དེ་ཡལ་བར་བཏང་ན་ནི། ངེས་པར་མི་གནས་པས་འདི་ཉིད་འདིའི་འཇིག་པ་ཡིན་ནོ། །ཞེས་སོ། །འཇིག་རྟེན་འཇིག་པ་སོགས་བྱ་རྫོགས་ཀྱི་སྐད་ཅིག་དེའི་མཐར་འདོད་དོ། །མདོ་སྡེ་པ་སྐད་ཅིག་མ་མི་རྟག་པའི་མཚན་ཉིད་དུ་བཞག་ནས། སྐད་ཅིག་མའི་གོ་དོན། བདག་ཉིད་དུ་རེད་མ་ཐག་ཏུ་འཇིག་པ་ལ་བྱེད་པའོ། །དེ་བས་ན། དངོས་པོ་རྣམས་འཇིག་པ་ལ་རྒྱུ་གཞན་མེད་ཀྱི་རང་ཉིད་འཇིག་པའི་ངང་ཅན་དུ་འདོད་དོ། །མཛོད་འགྲེལ་དུ་དེའི་ལུགས་བརྗོད་པར། སྐད་ཅིག་མ་རེ་རེ་ལ་མ་བྱུང་བ་ལས་འབྱུང་བ་ནི་སྐྱེ་བའོ། །བྱུང་ནས་མེད་པ་ནི་འཇིག་པའོ། །སྔ་མ་སྔ་མ་དང་ཕྱི་མ་ཕྱི་མའི་སྐད་ཅིག་མ་རྗེས་སུ་འབྲེལ་བ་ནི་གནས་པ་སྟེ། དེའི་མི་འདྲ་བ་ཉིད་ནི་གནས་པ་གཞན་དུ་འགྱུར་བ་ཉིད་དོ། །ཞེས་པ་སྐྱེ་འགག་གནས་གསུམ་གྱི་ནང་ནས་གནས་པ་རྒྱུན་ལ་བྱེད་དེ། སྐྱེ་བཞིན་པ་དང་འགག་བཞིན་པ་གཞི་གཅིག་ལ་འདུ་བས་དེ་གཉིས་ལ་བར་མེད་པས་སོ། །འདིའི་མི་འདྲ་བ་ཅེས་གསུངས་པ་ནི་འདྲ་དང་མི་འདྲ་ཉིད་ཕྱིར་དང་ཞེས་པའི་མི་འདྲ་བར་རང་མཚན་ལ་བྱས་པ་དེ་ཡིན་ལ། འདྲ་བ་ནི་འགྲེལ་པ་ཉིད་དུ། འདུས་བྱས་རྣམས་ནི་བྱེ་བྲག་གི་ཁྱད་པར་ཆེན་པོ་ཚར་གཅིག་མེད་པས་གཞན་དུ་འགྱུར་བ་ཡོད་དུ་ཟིན་ཀྱང་འདྲ་བ་བཞིན་དུ་སྣང་ངོ་ཞེས་པ་སྟེ་སྤྱི་མཚན་ནོ། །གང་མྱུ་གུ་སྐྱེ་བ་དང་། མི་རྟག་པ་ཡིན་ཀྱང་མྱུ་གུའི་སྐྱེ་བ་བཏགས་པའི་ཡོད་པ་ཡིན་པས་སྤྱི་མཚན་དང་༑ དེའི་མི་རྟག་པ་ཡང་དེའོ་དེ་བཞིན་ཉེར་ལེན་གྱི་ཕུང་པོ་ལྔ་ལ་གང་ཟག་གམ་སྐྱེས་བུར་གདགས་པས་དེ་དེ་ལ་བལྟོས་པའི་བཏགས་ཡོད་ཡིན་ཀྱང་། སྐྱེས་བུ་བཏགས་ཡོད་དུ་མི་འགྱུར་ཏེ༑ ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ལ་བུམ་པ་བཏགས་ཡོད་ཡིན་ལ་བུམ་པ་མི་རྟག་པར་འདོད་པ་ལྟ་བུའོ། །ཐམས་ཅད་ལ་འགྲེའོ། །དེ་བས་དོན་རང་མཚན་ནི་ཆོས་རང་གི་ངོ་བོ་ཇི་ལྟར་གནས་པའོ། །དེ་ནི་སྒྲའི་ཡུལ་མ་ཡིན་ལ། དོན་གྱི་དངོས་ལས་དོན་གྱི་སྤྱིའི་རྣམ་པ་སྐྱེའོ། །དེ་ལས་སྒྲ་སྤྱིའི་རྣམ་པ་སྐྱེ་ཞིང་། མཚན་མ་དང་བརྡ་དང་། ཐ་སྙད་འབྱུང་ངོ་། །བརྡ་དང་ཐ་སྙད་ཀྱི་དུས་སྐབས་ན་ཡི་གེའི་ཚོགས་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་ཀྱི་རྣམ་པ་ཡོད་དོ། །དེ་ལ་རྒྱུ་རྐྱེན་གྱི་ཚོགས་ལ་བརྟེན་ནས་སྒྲ་རང་གི་མཚན་ཉིད་དུ་འབྱུང་སྟེ་སྒྲ་ཞེས་བྱ་བའི་མིང་འཐོབ་བོ། །སྒྲ་དེ་ཉན་པ་པོ་ལ་སྒྲ་ལས་བྱུང་བའི་ཤེས་པ་སྐྱེ་བ་ན་སྔོན་བརྡའི་དུས་ཀྱི་དང་གཅིག་ཏུ་སྒྲོ་བཏགས་ཏེ་སྤྱི་གསལ་བར་བྱེད་དོ། །དེས་དོན་གྱི་སྤྱི་སྒྲོ་བཏགས་པའི་བདག་ཉིད་དུ་བརྗོད་ནས་དེ་ནས་དོན་རང་གི་མཚན་ཉིད་ཁོང་དུ་ཆུད་པར་འགྱུར་བ་དེ་ལ་སྒྲ་འཇུག་པ་དང་སྒྲའི་ཡུལ་ཞེས་བྱའོ། །མཚན་མ་ནི་འདིས་མཚོན་པར་བྱེད་པས་མཚན་མ་སྟེ་སྣང་བར་ནུས་པས་སོ༑ །བརྡ་ནི་མིང་དང་མིང་ཅན་འབྲེལ་བར་བྱེད་པ་སྟེ། སྒྲ་དང་དོན་སྤྱིའི་རྣམ་པ་གཞན་ལ་སྨྲ་བར་བྱེད་པའི་དུས་ཅན་གྱི་བདག་ཉིད་ཅན་ནོ། །ཐ་སྙད་ནི་དངོས་པོ་མེད་པ་ལ་དངོས་པོར་བཏགས་པ་སྟེ། དེ་ཡང་བཏགས་པ་དང་འཇུག་པ་བརྗོད་པར་བཅས་པ་ཐམས་ཅད་དོ། །དེ་ལ་བརྡ་ནི་གོ་བར་བྱེད་པའི་བདག་ཉིད་ཡིན་ལ། ཐ་སྙད་ནི་འཇུག་པར་བྱེད་པའི་བདག་ཉིད་ཅན་ཡིན་ནོ། །དེ་བས་ན་སྒྲའི་ཡུལ་དང་ཞེས་དང་། རྒྱུ་མཚན་གཞན་ནི་ཡོད་པ་ན། བློ་ནི་ཡོད་པ་ཞེས་སྤྱི་མཚན། ཡུལ་མིན་ཕྱིར་ཞེས་དང་། མེད་ཕྱིར་ཞེས་པ་རང་མཚན་ནོ། །དེ་དག་ཀྱང་བདེན་པ་གཉིས་ཏེ། བྱེ་སྨྲའི་ལུགས་མཛོད་དུ། གང་ལ་བཅོམ་དང་བློ་ཡི་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །གང་ལ་ཆ་ཤས་སུ་བཅོམ་ན་དེའི་བློ་མི་འཇུག་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་སྟེ། དཔེར་ན་བུམ་པ་ལྟ་བུའོ། །དེ་ལ་གྱོ་མོར་བཅོམ་ན་བུམ་པའི་བློ་མི་འཇུག་གོ །གང་ལ་བློས་ཆོས་གཞན་བསལ་ན་དེའི་བློ་མི་འཇུག་པ་དེ་ཡང་ཀུན་རྫོབ་ཏུ་ཡོད་པ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། དཔེར་ན་ཆུ་ལྟ་བུའོ། །དེ་ལ་བློས་གཟུགས་ལ་སོགས་པའི་ཆོས་བསལ་ན་ཆུའི་བློ་མི་འཇུག་གོ །དེ་དག་ཁོ་ན་ལ་ཀུན་རྫོབ་ཏུ་དེའི་མིང་དུ་བཏགས་པ་ཡིན་པས་ཀུན་རྫོབ་ཀྱི་དབང་གི་བུམ་པ་དང་ཆུ་ཞེས་བརྗོད་པ་ན་བདེན་པ་ཁོ་ནར་སྨྲས་པ་ཡིན་གྱི་རྫུན་པ་ནི་མ་ཡིན་པས་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །དེ་ལས་གཞན་པ་ནི་དོན་དམ་པའི་བདེན་པ་དེ་གང་ལ་བཅོམ་ཡང་དེའི་བློ་འཇུག་པ་ཁོ་ན་ཡིན་ལ། བློས་ཆོས་གཞན་བསལ་ཡང་དེའི་བློ་འཇུག་པ་དེ་ནི་དོན་དམ་པར་ཡོད་པ་ཡིན་ཏེ་དཔེར་ན་གཟུགས་ལྟ་བུའོ། །དེ་ལ་ནི་རྡུལ་ཕྲ་རབ་ཏུ་བཅོམ་ཡང་རུང་། བློས་ར་ོལ་སོགས་པའི་ཆོས་བསལ་ཀྱང་རུང་གཟུགས་ཀྱི་རང་བཞིན་གྱི་བློ་འཇུག་པ་ཉིད་དེ་ཚོར་བ་ལ་སོགས་པ་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །ཞེས་སོ། །རྡུལ་ཕྲ་རབ་རྣམས་དོན་དམ་དང་། དེས་བརྩམས་པའི་རགས་པ་ཀུན་རྫོབ་ཏུ་གཞག་གོ །མདོ་སྡེ་པ་ནི། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། ཞེས་པས། རང་མཚན་ཐམས་ཅད་དོན་དམ་པ་སྟེ། ཡོད་པ་དང་དངོས་པོ་རྣམས་རྣམ་གྲངས། ཡོད་པའི་མཚན་ཉིད་དོན་བྱེད་ནུས་པ་ཞེས་གསུངས་པས་སོ། །དེ་ཡང་བེམ་པོ་དང་ཤེས་པ་གཉིས་སུ་བསྡུས་སོ། །སྤྱི་མཚན་གྱི་ཆོས་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པའོ། །དེ་ཡང་དངོས་མེད་དང་འདུས་མ་བྱས་པར་བཞག་ལ། རྟག་པ་ཞེས་པ་ནི། དབུ་མའི་ལུགས་ལ་གཏན་དུ་བའི་དོན་ལ་མཛད་མི་རྟག་པ་མེད་པའི་དོན་དུ་བཤད་དེ། འདི་ཉིད་དུ། སྔར་བྱུང་དངོས་པོ་མེད་གྱུར་པ། མི་རྟག་ཅེས་ནི་བརྗོད་པ་ཡིན་དང་། རྗེ་བཙུན་བྱམས་པས། མི་རྟག་དོན་ནི་མེད་དོན་དང་། ཞེས་གསུངས་ལ་ལུགས་འདིར། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཞེས་བརྗོད༑ ཞེས་པས་དངོས་པོ་མེད་པ་དང་ཁྱབ་མཉམ། སྤྱི་ཞེས་པ་རྣམ་པ་གསུམ་སྟེ། དངོས་པོ་ལ་བརྟེན་པའི་སྤྱི། དངོས་པོ་མེད་པ་ལ་བརྟེན་པའི་སྤྱི། གཉིས་ཀ་ལ་བརྟེན་པའི་སྤྱིའོ། །སྤྱི་གསལ་དང་། སྤྱི་དང་ཁྱད་པར་ཁྱབ་བྱེད་ཁྱབ་བྱ། སྤྱི་དང་བྱེ་བྲག་ཅེས་པ་རྣམས་དོན་གཅིག དེའི་སྤྱི་ལ་རིགས་སྤྱི་དང་། ཚོགས་སྤྱི། སྒྲ་སྤྱི་ལ་སོགས་པ་འབྱེད་ཅིང་། ངོ་བོ་སྒྲུབ་པའི་ཚུལ་གྱིས་ཡིན་པས་སྒྲུབ་པ་དང་། ངོ་བོ་དགག་པའི་ཚུལ་གྱིས་ཡིན་པས་དགག་པ། དེ་ལ་ཡང་དངོས་པོ་མེད་པ་ཞིག་འགེགས་པར་བྱེད་པས་སྟོན་པ་ནི་མེད་པར་དགག་པ་ཞེས་བྱ། དངོས་པོ་ཡོད་པ་ཞིག་འགེགས་པར་བྱེད་པའི་ཚིག་གིས་སྟོན་པ་ནི་མ་ཡིན་པར་དགག་པ་ཞེས་བྱ་ལ། དེ་གཉིས་ཀྱང་དགག་པར་བྱ་བས་བྱེ་བྲག་ཏུ་ཕྱེ་བ་ཡིན་གྱིས་འགེགས་པར་བྱེད་པས་ནི་མ་ཡིན་ནོ། །འགལ་འབྲེལ་ཞེས་པའི་འགལ་བ་ནི་ཕན་ཚུན་སྤངས་ཏེ་གནས་པའམ་དངོས་སུ་འགལ་བ་དངོས་པོ་དངོས་མེད་ལྟ་བུ། ཆོས་གང་ལ་གནོད་པར་བྱེད་པས་འགལ་བའམ་ལྷན་ཅིག་མི་གནས་འགལ་བ་སྟེ་ཚ་རེག་སྟོབས་ཅན་དང་གྲང་རེག་ལྟ་བུ། འབྲེལ་པ་ནི་འཆད་པར་འགྱུར་པའི་མེད་ན་མི་འབྱུང་བའི་འབྲེལ་པ་ཁོ་ན་སྟེ། དེ་བྱུང་འབྲེལ་དང་༑ བདག་གཅིག་འབྲེལ་རྣམ་པ་གཉིས་སོ། །གཞན་ཡང་གཞལ་བྱ་མངོན་སུམ་དང་། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར། ཡུལ་གང་ཞིག་ཉེ་བ་གེགས་བྱེད་པ་མེད་པར་མངོན་སུམ་དུ་གྱུར་པ་ནི་མངོན་གྱུར། ཡུལ་གང་ཞིག་རིང་བ་གེགས་བྱེད་པས་བར་ཆད་པ་མངོན་སུམ་དུ་བྱར་མི་ནུས་པ་དེ་ལྐོག་གྱུར། ལོ་རྒྱུས་སམ་ལུང་མ་ཡིན་པས་རྟོགས་པར་མི་ནུས་པ་ནི་ཤིན་ཏུ་ལྐོག་གྱུར་རོ༑ །གྲུབ་པའི་མཐའ་དེ་གཉིས་མུ་སྟེགས་ཅན་གྱིས་བཏགས་པའི་བདག་དང་སེམས་ཅན་ལ་སོགས་པ་མེད་པས་ཆོས་ཐམས་ཅད་བདག་མེད་པར་འདོད། དེའི་ཕྱིར་བདག་གི་བས་ཀྱང་སྟོང་༑ དེ་ཙམ་གྱི་སྟོང་པར་ཡང་འདོད་ལ། དེ་ཡང་གང་ཟག་ལ་བདག་མེད་པའི་ཁོངས་སུ་འདུ་མོད། སངས་རྒྱས་པ་ཐམས་ཅད་ངར་འཛིན་གྱི་རྟེན་དུ་འཛིན་པའི་བདག་གམ་གང་ཟག་ནི་ཉེར་ལེན་གྱི་ཕུང་པོ་ལྔ་ལ་བརྟེན་ནས་བདག་ཅེས་གདགས་པ་འདིར་འདོད་ཅིང་། དེ་ཕུང་པོ་དང་གཞན་དང་དེ་ཉིད་མིན་པ་སོགས་ཀྱིས་མེད་པ་བཞིན་དུ་གདགས་གཞི་གཟུགས་ནི་དབུ་བ་རྡོས་པ་འདྲ་སོགས་ཕུང་པོ་ལྔ་ལ་རིམ་པ་བཞིན་གསུངས་པས་ཕུང་པོ་ཁམས་ཐམས་ཅད་སྒྱུ་མ་ཙམ་དུ་རྟོགས་པ་ཡོད་ཅིང་དེ་ཁ་ཟད་པར་བསྟན་ཏེ། འདི་ཉིད་དུ། ཕུང་པོ་ལ་སོགས་བྱེ་བྲག་གི །མཚན་ཉིད་ཐམས་ཅད་བྱེད་པ་ཡི། །ཁྱད་པར་ཅན་དེའང་དེ་ཉིད་མིན །དེས་ཀྱང་དེ་དག་མཚན་ཉིད་བྲལ། །ཞེས་ཉན་ཐོས་དག་དེ་གཉིས་བསྡོམས་ནས་ཟད་པ་སྟོང་པ་ཉིད་དུ་འདོད་པ་དེ་བཤད་ལ། དེ་དག་སྐྱེ་བ་མེད་པ་སྟོང་པ་ཉིད་ནི་མི་འདོད་དོ། །སྤྱོད་འཇུག་ཏུ། འཇིག་རྟེན་པ་ཡི་དངོས་མཐོང་ཞིང་། །ཡང་དག་ཉིད་དུའང་རྟོག་བྱེད་ལ། །སྒྱུ་མ་ལྟ་བུ་མིན་པས་འདིར། །འཇིག་རྟེན་པ་དང་རྣལ་འབྱོར་རྩོད། །ཅེས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། གྲུབ་མཐའ་སྨྲ་བའི་ཁྱད་པར་དེས་ཕྱེ་བ་ཡིན་ནོ། །རྣལ་འབྱོར་སྤྱོད་པས་ནི། གཟུགས་ལ་སོགས་པ་ཕྱི་རོལ་གྱི་དོན་མེད་ཀྱི་རྣམ་པར་ཤེས་པ་ཉིད་དེ་ལྟར་དུ་སྣང་བ་ཡིན་ནོ། །དེས་ན་ཤེས་པ་དེ་ཡང་གཟུང་བའི་རྣམ་པ་དང་། འཛིན་པའི་རྣམ་པ་གཉིས་སོ། །འཇིག་རྟེན་གྲགས་པ་དང་༑ བསྟན་བཅོས་ལས་བྱུང་བའི་བདག་ཏུ་བརྗོད་པ་སྣ་ཚོགས་པ་དང་། ཆོས་སྣ་ཚོགས་སུ་ཉེ་བར་འདོགས་པ་འབྱུང་བ་ནི་རྣམ་པར་ཤེས་པ་ཁོ་ན་ཡིན་ལ། དེ་དག་དངོས་སུ་ཡོད་པ་ལ་འདོགས་པ་མ་ཡིན་གྱི་ཐོག་མ་མེད་པའི་དུས་ནས་བདག་ལ་སོགས་པ་དང་། གཟུགས་ལ་སོགས་པ་ཆོས་སུ་རྣམ་པར་རྟོག་པའི་བག་ཆགས་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཡོད་པ་མཐུ་བརྟས་པས༑ ཀུན་གཞི་རྣམ་ཤེས་དེ་ལས་བདག་དང་ཆོས་སུ་སྣང་ངོ་སྙམ་དུ་རྣམ་པར་རྟོག་པ་འབྱུང་བས་ཡུལ་མེད་དོ། །ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་གསུངས་སོ་ཞེས་དང་། རྣམ་པར་ཤེས་པ་ཚོགས་བརྒྱད་དུ་སྨྲས་སྟེ། སྔར་གྱི་དྲུག་གི་ཁར་ཉོན་ཡིད་དང་ཀུན་གཞི་རྣམ་ཤེས་སོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་བཞི་ནི། །བདག་ཏུ་རྨོངས་པ། བདག་ཏུ་ལྟ་བ། བདག་ཏུ་ང་རྒྱལ་བ། བདག་ཏུ་ཆགས་པའོ། །ཀུན་གཞི་ནི་ས་བོན་གྱི་གཞི་ཉིད་དོ། །ཤེས་བྱ་ཐམས་ཅད་མཚན་ཉིད་གསུམ་དུ་སྡུད་དེ་ཀུན་བརྟགས་གཞན་དབང་ཡོངས་སུ་གྲུབ་པའོ། །རྣམ་བདེན་པ་གཞན་དབང་རྫས་ཡོད་དུ་འདོད་ཅིང་སེམས་སེམས་བྱུང་ཐམས་ཅད་དེར་འདོད། ཡོངས་གྲུབ་དོན་དམ་པར་ཡོད་པ་སྟེ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང་འགྱུར་མེད་ཡོངས་གྲུབ་གཉིས། ལམ་བདེན་དང་པོ་དང་འགོག་བདེན་ཕྱི་མ། གཞན་ཐམས་ཅད་ཀུན་བརྟགས་སོ། །དེ་བཏགས་ཡོད། རྣམ་རྫུན་པ་ནི། མ་བརྟགས་མ་དཔྱད་པའི་ངོ་བོའི་ཆོས་ཐམས་ཅད་གཞན་དབང་སྟེ་སྒྱུ་མ་ལྟ་བུ། བརྟགས་ན་དེའི་སྟེང་གི་གཟུང་བའི་རྣམ་པ་དང་། འཛིན་པའི་རྣམ་པ་གཉིས་ནི་ཀུན་བརྟགས་ཏེ། གཏན་མེད་པས། ཤུལ་ན་ངོ་བོ་ལུས་པ་ནི་ཆོས་ཉིད་ཡིན་པས་ཡོངས་གྲུབ་བོ། །དེས་ན་གཞན་ཀུན་བརྟགས་ཀྱིས་སྟོང་ལ། ཡོངས་སུ་གྲུབ་པ་རང་གི་ངོ་བོས་མི་སྟོང་པས་འདི་ཁ་གཞན་སྟོང་དབུ་མའོ། །ཞེས་མགྲིན་པ་བསྟོད་དེ་སྒྲོག་གོ། །འདི་ནི་བྱམས་ཆོས་བར་པ་གཉིས་སུ་རྒྱས་པར་བཤད་ལ། འདི་ཉིད་དུའང་། གཟུང་དང་འཛིན་པའི་རྣམ་པ་ལས། །མཚན་ཉིད་གཞན་ནི་ཡོད་མིན་ཞིང་༑ །དེས་ན་མཚན་ཉིད་སྟོང་པའི་ཕྱིར། །རང་བཞིན་མེད་པ་རབ་ཏུ་བཤད། །ཅེས་དང་། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེའི་ཡང་དེ་ཉིད་ཡིན། ཞེས་པས་སོ། །ལུགས་འདི་ལ་གཟུགས་ལྟ་བུ་ལ་གསུམ་ཡོད་པའི་ཡོངས་སུ་བརྟགས་པའི་གཟུགས་ནི། གཞན་དབང་། དཔྱད་ན་གཟུང་རྣམ་དང་། དེ་འཛིན་པའི་ཤེས་རྣམ་གཉིས་ཀ་ཀུན་བརྟགས་པའི་གཟུགས་ངོ་བོ་ནི་ཆོས་ཉིད་ཀྱི་གཟུགས་ཏེ་ཡོངས་གྲུབ། འགྲོས་འདི་ཀུན་ལ་སྦྱོར་རོ། །དེ་ལ་དབུ་མ་པས། ཕྱི་རོལ་གྱི་ཡུལ་མེད་ཀྱི་སེམས་ཉིད་དོན་དུ་སྣང་ཞེས་བྱ་བ་ཡང་མི་རུང་སྟེ། ཇི་ལྟར་ཞེ་ན་ཡུལ་ཉིད་རྣམ་པར་ཤེས་པའི་རང་བཞིན་ཡིན་པས་ཡུལ་ཡང་ཤེས་པ་ཅན་དུ་འགྱུར་རོ། །ཡང་ན་ནི་སེམས་ཀྱང་གཟུགས་ཅན་དུ་འགྱུར་རོ། །ཡང་ན་ནི་གཟུགས་ཀྱང་སེམས་བཞིན་དུ་ལྟར་མི་མངོན་ནོ། །ཡང་། རྣམ་པ་གཅིག་ཏུ་ན་ཡུལ་མེད་ཅིང་སེམས་ཉིད་ཡུལ་དུ་སྣང་ན་ནི་གཟུགས་དང་ཁ་དོག་གི་རྣམ་པ་ཇི་ལྟ་བུ་བསམ་པ་དང་། ཇི་ལྟར་འདོད་པ་དེ་བཞིན་དུ། ཐམས་ཅད་ཀྱང་ཡུལ་ཉིད་དུ་འབྱུང་ཞིང་སྣང་བར་རིགས་སོ། །ཡང་རྣམ་པ་གཅིག་ཏུ་ན་གཟུགས་ཀྱང་རྡུལ་དུ་བཤིག་སྟེ་རྡུལ་ཕྲ་རབ་ཀྱང་ཆ་ཤས་ཀྱིས་བཤིག་ན་མེད་པ་བཞིན་དུ་སེམས་ཀྱང་མེད་པར་འགྱུར་ཏེ། དེ་ལྟར་སེམས་ཉིད་ཡུལ་དུ་སྣང་ཞེས་བྱར་མི་རུང་ངོ་། །ཐོག་མ་མེད་པ་ནས་གཟུགས་སུ་རྟོག་རྟོག་པའི་བག་ཆགས་སྨིན་པས་དེ་ལྟར་སྣང་ངོ་ཞེས་བྱར་ཡང་ཡུལ་ལར་ནས་མེད་ན་དེར་རྟོག་པ་མི་འབྱུང་བས། དེའི་བག་ཆགས་ཀྱང་ཡོད་པར་མི་འགྱུར་རོ། །འཕགས་པ་ས་བཅུ་པ་ལས་ཁམས་གསུམ་པོ་སེམས་ཙམ་མོ་ཞེས་འབྱུང་བ་ནི་བྱེད་པ་པོ་དང་ཟ་བ་པོ་དགག་པ་སྟེ། མདོ་དེ་ཉིད་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་རྣམ་པ་བཅུ་རབ་ཏུ་རྟོག་ཅིང་བདག་མེད་པ་དང་། རྟོག་པ་མེད་པ་དང་། གང་ཟག་མེད་པ་དང་། ངོ་བོ་ཉིད་ཀྱིས་སྟོང་པ་དང་། རང་བཞིན་གྱི་བྱེད་པོ་དང་། ཚོར་བ་པོ་མེད་པ་རབ་ཏུ་རྟོག་པའི་ཚེ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྐྱེ་བ་ཡིན་ཞེས་གསུངས་པའི་ཕྱིར་རོ། །ལང་གཤེགས་ལས། ཕྱི་རོལ་དོན་མེད་ཀྱི་སེམས་ཉིད་དེ་ལྟར་སྣང་ངོ་། །ཞེས་འབྱུང་བ་ཡང་དངོས་པོ་དོན་དམ་པར་ཡོད་པར་འདོད་པ་དགག་པ་དང་། སེམས་ཙམ་དུ་བཤད་པས་འདུལ་བ་ལ་ཕན་གདགས་པའི་ཕྱིར་གསུངས་སོ་ཞེས། རང་ཉིད་བདག་བཟློག་པའི་ཚེ། སྤྱིར་དངོས་པོ་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་ཀུན་རྫོབ་ཏུ་ནི་སྒྱུ་མ་དང་འདྲ་བ་ཙམ་དུ་སྐྱེ་བ་ཡོད་ལ། དོན་དམ་པར་ནི་བདག་དང་གཞན་དང་། གཉ་ིག་དང་། རྒྱུ་མེད་པ་ལས་ཀྱང་སྐྱེར་མི་རུང་སྟེ་རང་བཞིན་མེད་དོ་ཞེས་འཆད་པ་ལ། འདི་ཉིད་དུ། དངོས་རྣམས་ཐ་དད་གནས་པ་ནི། །དེ་ཐ་དད་པ་བརྟེན་པ་ཡིན། །དེ་ཉིད་བསླད་པ་ཉིད་ཡིན་ན། དེ་དག་ཐ་དད་ཀྱང་མེད་འགྱུར་ཞེས་བསྟན་ཏེ། དེ་ནས་མཐའ་བྲལ་ནི། ཇི་ལྟ་ཇི་ལྟར་དོན་བསམ་པ་ཞེས་པས་བསྟན་ཏོ། །གསུམ་པ་ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་ནི། ཚད་མའི་རབ་དབྱེ་འཆད་པའི་སྐབས་འདིར་ཆོས་ཅན། ཀུན་ཏུ་ཐ་སྙད་པའི་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་ཏེ། ཐ་སྙད་པའི་ཚད་མའི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར་རོ།། །། གཉིས་པ་གཞལ་བྱ་འཇལ་བ་ཚད་མ་གཉིས་ཡིན་པས་དེ་ཞིབ་མོར་བསྟན་པ་ལ། རང་མཚན་གཞལ་བྱར་བྱེད་པ་མངོན་སུམ་གྱི་ཚད་མ་དང་། སྤྱི་མཚན་གཞལ་བྱར་བྱེད་པ་རྗེས་དཔག་གི་ཚད་མ་གཉིས་ལས། དང་པོ་ལ། ཡང་དག་དང་ལྟར་སྣང་གཉིས། དང་པོ་ལ། མངོན་སུམ་གྱི་མཚན་ཉིད་དང་རབ་དབྱེ། འབྲས་བུ་ཚད་འབྲས་ཀྱི་རྣམ་བཞག་བསྟན་པ་གཉིས་ལས། དང་པོ་ལ། གཞུང་འབྲེལ་གྱིས་མདོར་བསྟན། མཐའ་དཔྱད་ཀྱིས་རྒྱས་པར་བཤད། ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་གསུམ་ལས། དང་པོ་ནི༑ མདོར། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། ཞེས་གསུངས་པ་དེ་ཉིད་མངོན་སུམ་རྟོག་དང་བྲལ་བར་ནི། མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར༑ ཞེས་པས་བཤད་ལ། མིང་དོན་སྦྱོར་བའི་རྟོག་པ་ཡང་། སྒྲ་དོན་འདྲེ་རུང་བའི་ཤེས་པ་རྟོག་པའི་མཚན་ཉིད་དུ་བཞག་པ་དེའོ། །དེ་དང་བྲལ་བའི་དོན་ཡང་མངོན་སུམ་གྱི་མཐོང་བ་ཐམས་ཅད་དེ་དང་མ་འདྲེས་པས་སམ། འདི་ལ་སྣང་བའི་རྣམ་པར་རྟོག་པ་མེད་པས་སོ། །དེས་ན་མངོན་སུམ་ཡིན་པ་ཉིད་ཀྱིས་རྟོག་བྲལ་དུ་གྲུབ་ཅིང་། མ་འཁྲུལ་པ་ནི་ཞར་གྱིས་བསྟན་ལ༑ རྣམ་ངེས་ལས་མངོན་སུམ་རྟོག་བྲལ་མ་འཁྲུལ་པ་ཞེས་འབྱུང་ཞིང་དེའི་མ་འཁྲུལ་པ་ཡང་། འཕྲལ་གྱིས་འཁྲུལ་རྒྱུས་མ་འཁྲུལ་པ་དེ་ཙམ་ལ་རིགས་ཐིགས་སུ་བཤད་དོ། །དེ་ལ་དབྱེ་བ་ནི༑ དབང་པོའི་མངོན་སུམ། ཡིད་ཀྱི། རང་རིག་པའི། རྣལ་འབྱོར་མངོན་སུམ་བཞི་དང་པོ་མདོར། དབང་པོ་ལས་རྟོག་སྲིད་མ་ཡིན། རང་རང་རིག་བྱ་ཐ་སྙད་ཀྱི། །བསྟན་མིན་ངོ་བོ་དབང་པོའི་ཡུལ། ཞེས་གསུངས་ལ། དེ་ཉིད། དེ་ལས་སྤྱི་གཞན་ཐ་དད་པ། །ཡོད་མིན་ཐ་སྙད་བློ་མེད་ཕྱིར། །དེ་ཕྱིར་དབང་པོ་ལས་སྐྱེས་བློ། །ཁྱད་པར་ཁྱད་པར་ཡུལ་ཅན་ཡིན། དེ་ལ་སྤྱི་ཞེས་པ་བ་ལང་ལྟ་བུ་ཐ་དད་ཞེས་པ་དེའི་གསལ་བ་ལྟ་བུ་སྟེ། ནོག་དང་ལྐོག་ཤལ་དང་། རྭ་དང་རྨིག་པ་ལ་སོགས་པ་ལྟ་བུའོ། །རྟེན་མིང་དང་༑ ཡུལ་བ་ལང་གི་གཟུགས་ལ་བརྟེན་ནས་མིག་གི་དབང་པོའི་བློ་སྐྱེས་པ་ན། དེའི་ངོར་སྤྱི་བ་ལང་མི་སྣང་བ་དང་། ཁྱད་པར་གསལ་བ་རྣམས་ཀྱིས་རྗེས་སུ་མི་འགྲོ་བར་ཐ་སྙད་ཀྱི་ཡུལ་དུ་མ་གྱུར་བའི་གཟུགས། རང་གི་ངོ་བོ་ཁྱད་པར་ཅན་དེའི་ཁ་དོག་གི་རྫས་རྡུལ་ཁོ་ན་སྣང་བས་དེ་དབང་པོའི་མངོན་སུམ་དུ་བཞག་པ་བཞིན། སྒྲ་ལ་སོགས་པ་བཞི་ལ་མཚུངས་སོ། །དེ་ཡང་རྣམ་ངེས་སུ། དེ་ལ་སྤྱི་མི་སྣང་བའི་ཕྱིར་དང་། གསལ་བ་རྣམས་ཀྱི་རྗེས་སུ་མི་འགྲོ་བའི་ཕྱིར། དབང་པོའི་བློ་ནི་བརྗོད་དུ་མེད་པའི་དབང་པོའི་རང་བཞིན་ཁྱད་པར་ཅན་གྱི་མངོན་སུམ་གྱི་བྱེད་པ་ཡིན་ནོ༑ །ཞེས་པའོ། །གཉིས་པ་ནི། མདོར། ཡིད་ཀྱང་དོན་དང་ཆགས་ལ་སོགས། །ཞེས་པ་དེ་ཉིད། དེ་ཕྱིར་དབང་པོའི་རྣམ་པར་ཤེས། །དེ་མ་ཐག་རྐྱེན་ལས་བྱུང་ཅན། །ཡིད་ནི་ཡུལ་གཞན་ཉིད་འཛིན་བྱེད། །དེ་ཕྱིར་ལོང་བས་མཐོང་བ་མིན། ཞེས་པས་བསྟན་ཏེ། ཡིད་ཀྱང་ཡུལ་གཟུགས་ལ་སོགས་པ་ལ་དམིགས་ཤིང་ཉམས་སུ་མྱོང་བའི་རྣམ་པས་འཇུག་པ་སྟེ་རྟོག་པ་མེད་པ་འབའ་ཞིག་པས་ཡིད་མངོན་ཞེས་བྱའོ། །གསུམ་པ་ནི་མདོར། རང་རིག་རྟོག་པ་མེད་པ་ཡིན། ཞེས་དེ་ཉིད། བདེ་སོགས་བདག་ཉིད་གཞན་མི་བརྟེན། །བརྡ་བྱེད་པར་ནི་ནུས་མ་ཡིན༑ ཞེས་པས་བསྟན་པའི་དོན། འདོད་ཆགས་དང་ཞེ་སྡང་གཏི་མུག་དང་། བདེ་བ་དང་སྡུག་བསྔལ་ལ་སོགས་པ་ནི་དབང་པོ་ལ་མི་བལྟོས་པའི་ཕྱིར་རང་རིག་པའི་མངོན་སུམ་མོ། །བཞི་བ་ནི་མདོར། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། ཞེས་པ་དེ་ཉིད། རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གིས་ཏེ་སྒོམ་བྱུང་ཡིན། །རྟོག་པའི་དྲྭ་བ་རྣམས་བསལ་བས། །གསལ་བ་ཉིད་དུ་སྣང་བ་ཡིན། ཞེས་པས་ཏེ། རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ལུང་ལས་རྣམ་པར་རྟོག་པ་དང་མ་འདྲེས་པའི་དོན་ཙམ་མཐོང་བ་ནི་མངོན་སུམ་ཡིན་ནོ།། །། གཉིས་པ་མཐའ་དཔྱད་ཀྱིས་རྒྱས་པར་བཤད་པ་ནི། རྟོག་བྲལ་མ་འཁྲུལ་པའི་བློ་མངོན་སུམ་གྱི་མཚན་ཉིད། རྟོག་བྲལ་མ་འཁྲུལ་བའི་དབང་ཤེས་དབང་མངོན་གྱི་དང་། དེའི་ཡིད་ཤེས་ཡིད་མངོན་དང་། དེ་ཉམས་མྱོང་རང་རིག་དང་། ཡང་དག་པའི་དོན་སྒོམ་པ་རབ་ཀྱི་མཐའ་ལས་གྱུར་པའི་རྣལ་འབྱོར་པའི་ཤེས་པ་རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད། དང་པོ་ལ། གཟུགས་འཛིན་དབང་མངོན་སྒྲ་འཛིན། དྲི་འཛིན། རོ་འཛིན། རེག་བྱ་འཛིན་པའི་དབང་མངོན་ལྔ་ཡིན། ཡིད་མངོན་ཀྱང་གཟུགས་འཛིན་ཡིད་མངོན་སོགས་ལྔའོ། །དབང་ཤེས་ཞེས་བྱ་བ་ནི་དབང་པོ་ལྔའི་ཤེས་པ་དང་། ཡིད་ཤེས་ཞེས་བྱ་བ་ནི་ཡིད་ཀྱི་ཤེས་པ་ཁོ་ནའི་བརྡ་ཆད་དུ་བཞག་གོ །ཁ་ཆེ་བ་རྣམས་མིག་གིས་གཟུགས་མཐོང་ངོ་ནས་ལུས་ཀྱིས་རེག་གོ་ཡིད་ཀྱིས་ཤེས་སོ་ཞེས་སྨྲ་ཞིང་། མཛོད་རང་ལུགས། མིག་གིས་གཟུགས་རྣམས་མཐོང་རྟེན་བཅས། མིག་ཐམས་ཅད་ཀྱིས་མཐོང་བ་ནི་མ་ཡིན་པ་ཉིད་དོ། །རྣམ་པར་ཤེས་པ་དང་བཅས་པ་དེའི་ཚེ་མཐོང་གི་གཞན་དུ་ནི་མ་ཡིན་ནོ། །ཞེས་འགྲེལ་པར་གསུངས་སོ། །དེ་བས་ན། བྱེ་སྨྲ་མིག་ལ་སོགས་པ་ལས་སྐྱེས་པའི་རྣམ་པར་ཤེས་པ་དག་ལ་རིགས་མི་འདྲ་བ་དང་། རྡུལ་ཕྲ་རབ་ཀྱི་རྣམ་པ་མེད་ཅིང་དབང་པོས་རང་མཚན་མཐོང་ནས་ཤེས་པས་འཛིན་པ་ཡིན་ལ་དེ་ཡང་གཟུགས་འཛིན་དུས་མཉམ་པ་སྟེ་འདས་པ་དང་མ་འོངས་པས་རྣམ་ཤེས་བསྐྱེད་པའི་བྱ་བ་མི་བྱེད་པའི་ཕྱིར་རོ། །རྒྱུ་རྣམས་ཀྱིས་འབྲས་བུ་བསྐྱེད་པའི་དུས་སུ་རྒྱུ་ཉིད་ལ་ཡོད་པའི་ཆོས་དང་། རྒྱུ་དེས་འབྲས་བུ་བསྐྱེད་པ་ལ་གྲོགས་བྱེད་པའི་ཆོས་རྣམས་ནི་རྐྱེན་ཞེས་བྱ་སྟེ། དེ་ཡང་རྒྱུའི་རྐྱེན་དང་། བདག་པོའི་དང་། དམིགས་པའི་དང་། མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ། །དེ་ལ་རྒྱུའི་རྐྱེན་ནི། དཔེར་ན་མིག་དང་ཡུལ་གཟུགས་ལ་བརྟེན་ནས་མིག་གི་རྣམ་ཤེས་བསྐྱེད་པའི་དུས་ལྟ་བུས་མཚོན་ན། རྒྱུའི་རྐྱེན་ནི་མིག་གི་དབང་པོ་རང་ལ་ཡོད་པའི་འབྱུང་བ་དང་འབྱུང་འགྱུར་རྣམས་ཏེ། དེས་རྒྱུ་བྱས་ནས་མིག་གི་དབང་ཤེས་ཚང་ཞིང་རྫོགས་པར་བསྐྱེད་པས་སོ། །བདག་པོའི་རྐྱེན་མིག་གི་དབང་པོ་ཁོ་ན་ཏེ་དེའི་བདག་རྐྱེན་ནི་གཟུགས་མཐོང་བའི་ཕྱིར་རོ། །དམིགས་པའི་རྐྱེན་ནི་ཡུལ་ཁ་དོག་དང་དབྱིབས་སུ་སྣང་བའི་གཟུགས་ཉིད་དེ་ལ་དམིགས་པས་སོ། །མཚུངས་པ་དེ་མ་ཐག་རྐྱེན་ནི་མིག་གི་རྣམ་ཤེས་སྐྱེ་བའི་སྐད་ཅིག་མའི་ཤེས་པ་སྟེ། དེའི་སྐད་ཅིག་གཉིས་པ་གཞན་གྱིས་བར་མ་ཆད་པར་སྐྱེས་སོ། །དེ་ལྟར་ན་རྐྱེན་བཞི་པོ་དེས་མ་བསྐྱེད་པའི་འབྲས་བུའི་དངོས་པོ་ནི་གང་ཡང་མེད་དོ། །དབང་པོའི་རྡུལ་ཕྲ་རབ་ནི་ཡུལ་གྱི་རྡུལ་ཕྲ་རབ་གཅིག་གིས་རྣམ་པར་ཤེས་པ་བསྐྱེད་པ་ནི་མེད་དེ་རྣམ་པར་ཤེས་པ་ལྔ་པོ་དེའི་རྟེན་དང་དམིགས་པ་ནི་བསགས་པ་ཡིན་པའི་ཕྱིར་རོ། །མིག་དང་ཡིད་དང་རྣ་བ་གསུམ་ཡུལ་དང་མ་ཕྲད་པར་རྣམ་ཤེས་བསྐྱེད། ལྷག་མ་གསུམ་དབང་པོའི་རྡུལ་ཇི་སྙེད་པ་དེ་སྙེད་ཀྱི་ཡུལ་གྱི་རྡུལ་ཕྲ་རབ་རྣམས་དང་ཕྲད་ནས་རྣམ་པར་ཤེས་པ་བསྐྱེད་དོ། །ཞེས་ཟེར་ལ། རྒྱུ་ཞེས་པ་ཡང་། བྱེད་རྒྱུ། ལྷན་ཅིག་འབྱུང་རྒྱུ། སྐལ་མཉམ་གྱི་རྒྱུ། མཚུངས་ལྡན་གྱི་རྒྱུ༑ ཀུན་འགྲོའི་རྒྱུ། རྣམ་སྨིན་གྱི་རྒྱུ་སྟེ་དྲུག རང་ལས་གཞན་པའི་འདུས་བྱས་ཐམས་ཅད་དེའི་བྱེད་རྒྱུ། ཆོས་གང་དག་ཕན་ཚུན་གྱི་འབྲས་བུ་ཡིན་པ་དེ་དག་ནི་ལྷན་ཅིག་འབྱུང་རྒྱུ། དེ་ཡང་འབྱུང་བ་བཞིའམ། སེམས་རྗེས་སུ་འཇུག་པའི་ཆོས་རྣམས་ཀྱིས་སམ་འདུས་བྱས་ཀྱིས་མཚན་ཉིད་རྣམས་ནི། མཚན་གཞིའི་ཡིན་ལ། དེ་དག་ཀྱང་མཚན་ཉིད་དེའི་ཡིན་པ་ལྟ་བུའོ། །ཆོས་འདྲ་བ་རྣམས་ནི་སྐལ་མཉམ་གྱི་རྒྱུ་སྟེ། རང་རིགས་ཀྱི་དགེ་བ་རྣམས་ཕན་ཚུན་དུ་དགེ་བ་དང་ཉོན་མོངས་པ་ཅན་དག་ཀྱང་དེ་བཞིན་ནོ། །རྟེན་མཚུངས་ཡོད་པའི་སེམས་སེམས་བྱུང་རྣམས་ནི་མཚུངས་ལྡན་གྱི་རྒྱུའོ། །ལྔ་པ་ནི་ཉོན་མོངས་པ་ཅན་རྣམས་ཀྱི་རྒྱུའོ། །དྲུག་པ་ནི་མི་དགེ་བ་དང་། དགེ་བ་ཟག་བཅས་རྣམས་ཁོ་ནའོ། །དེ་བས་ན་དང་པོ་གཉིས་འདུས་བྱས་དང་ཁྱབ་མཉམ་མོ༑ །འབྲས་བུ་ཡང་། རྣམ་སྨིན། བདག་པོ། རྒྱུ་མཐུན། སྐྱེས་བུ་བྱེད་པ། བྲལ་འབྲས་ལྔ་བཤད་པའི་ཕྱི་མ་འབྲས་བུ་བཏགས་པ་བ་དང་པོ་གཉིས་རྒྱུ་མཐའ་མའི་འབྲས་བུ༑ གཉིས་པ་རྒྱུ་དང་པོའི། གསུམ་པ་སྐལ་མཉམ་དང་ཀུན་འགྲོའི། བཞི་པ་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུའི་འབྲས་བུའོ། །དེ་བས་ན་བདག་པོའི་འབྲས་བུ་དང་སྐྱེས་བུ་བྱེད་པ་གཉིས་འདུས་བྱས་དང་ཁྱབ་མཉམ། རྐྱེན་བཞིའི་དང་པོ་བྱེད་རྒྱུ་མ་གཏོགས་པའི་བྱེད་རྒྱུ་ཐམས་ཅད་ཡིན་ལ། དགྲ་བཅོམ་པའི་མཐའ་མའི་ཡིད་མ་གཏོགས་པའི་སེམས་སེམས་བྱུང་ཐམས་ཅད་དེ་མ་ཐག་རྐྱེན། དམིགས་རྐྱེན་ཆོས་ཐམས་ཅད་དེ་འདུས་མ་བྱས་ཀྱང་དེ་ཡིན་ནོ། །བྱེད་རྒྱུ་ཐམས་ཅད་བདག་པོའི་རྐྱེན་ཞེས་འཆད་དོ། དོན་སྨྲ་གཉིས་ཀྱི་ཁྱད་པར་ནི། མཛོད་འགྲེལ་དུ༑ མདོ་སྡེ་བ་རྣམས་ན་རེ། ནམ་མཁའ་བལྡད་པ་འདིས་ཅི་བྱ་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་བསྐྱེད་པ་དེ་ལ་ལྟ་བ་པོ་ནི་སུ། ལྟ་བ་ནི་སུ་ཞིག་ཡིན། །འདི་ནི་བྱེད་པ་པོ་མེད་པ་དང་། ཆོས་ཙམ་དང་རྒྱུ་དང་འབྲས་བུ་ཙམ་དུ་ཟད་ལ། དེ་ལ་ཡང་ཐ་སྙད་གདགས་པའི་དོན་དུ་འདུན་པའི་སྒོ་ནས་མིག་གིས་མཐོང་ངོ་། །རྣམ་པར་ཤེས་པས་ཡང་རྣམ་པར་ཤེས་སོ་ཞེས་འདོགས་པར་བྱེད་པས། འདི་ལ་མངོན་པར་ཞེན་པ་མི་བྱའོ་ཞེས་འབྱུང་བས་དེ་དག་གི་རང་ལུགས། མངོན་སུམ་དུ་མཐོང་པའི་གཟུགས་ལ་སོགས་པ་རྣམ་པར་ཤེས་པས་གཟུང་བ་ཡིན་གྱིས། མིག་ལ་སོགས་པ་དབང་པོ་སྤྱོད་ཡུལ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་མིག་ལ་སོགས་པ་རྣམ་པར་ཤེས་པ་དེ་དག་ནི་ཡུལ་གྱི་རྣམ་པ་དང་བཅས་པར་སྐྱེ་བའི་ཕྱིར་དང་། དབང་པོ་ལ་དོན་སྣང་དུ་མི་རུང་སྟེ་བེམ་པོ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཤེལ་དག་ལ་ཚོན་གྱིས་ཁ་དོག་བསྒྱུར་བ་ལ་སྐྱེས་བུས་བལྟ་བའི་ཚེ་ཤེལ་དང་ཚོན་གང་ཡིན་པ་དེ་གཉིས་དེའི་མིག་གི་གཟུང་བ་ན་ཤེལ་ཉིད་མངོན་སུམ་གྱིས་འཛིན་པ་ཡིན་ལ། ཚོན་ཉིད་གཟུགས་བརྙན་གྱིས་གཟུང་བ་ཡིན་པས་སྐྱེས་བུས་གཟུང་བ་གཉིས་གཟུང་བ་ལྟར་མངོན་སུམ་གྱི་སྣང་བ་འདི་ནི་ཤེས་པ་ཁོ་ནའི་སྣང་བ་ཡིན་ལ། ཤེས་པ་ཁ་དོག་དང་དབྱིབས་སུ་སྣང་བའི་གཞི་ནི་ལོགས་ཉིད་དུ་རྡུལ་ཕྲ་རབ་ཀྱི་ཚོགས་པར་མེད་པ་མ་རེག་པའི་ངོ་བོ་འདོད་པས་གཟུང་བ་གཉིས་སུ་སྨྲའོ། །དེ་ཡང་ཨཱརྻ་དེ་བས། མཐོང་བ་དབང་པོའི་ཡུལ་མིན་ཏེ། །ཤེས་པ་རྣམ་པ་བཅས་པར་སྐྱེ། ཞེས་པས་སོ། །རྣམ་པར་རིག་པ་སྨྲ་བ་རྣམས་ཀྱང་དོན་རིག་གི་མངོན་སུམ་མི་འདོད་པ་མ་ཡིན་ན༑ །འོ་ན་དེ་དག་ཕྱི་དོན་མེད་པར་འདོད་པ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། དོན་འདོད་པའི་རྒྱུ་མཚན། ནང་གི་ཤེས་པའི་ངོ་བོ་ནི། ཕྱི་རོལ་ལྟར་སྣང་གང་ཡིན་དེ། དོན་ཡིན་ཞེས་འདོན་ཞིང་། འོན་ཀྱང་། སྔོན་པོར་སྣང་བ་མཐོང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། ཞེས་བཤད་པས། སེམས་ལས་གཞན་པའི་ཕྱི་དོན་མེད་ཟེར་བ་ཡིན་ལ། སེམས་ཉིད་གཟུགས་སོགས་སུ་སྣང་བ་ལ་ཕྱི་རོལ་དང་། དོན་གྱི་ཐ་སྙད་བཞག་པ་འགོག་མི་རིགས་ཏེ་འདི་དག་ཀྱང་དེ་དག་གི་ཕྱིའི་སྐྱེ་མཆེད་དུ་ཁས་ལེན། དབང་པོའི་ཤེས་པ་རྟོག་པ་མེད་པ་དང་གནོད་པ་མེད་པ་ཅན། འཇུག་ཤེས་སུ་ཁས་ལེན་པས་སོ། །དབུ་མ་པ་རྣམས་ནི་གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། འཇིག་རྟེན་ཉིད་ལས་བདེན་ཡིན་ཞེས་འདོད་པས། དེ་དག་གི་ཐ་སྙད་འཇོག་པའི་ཚེའང་མངོན་སུམ་འདི་གཉིས་འཆད་དོ། །ཡིད་ཀྱི་མངོན་སུམ་ནི། དབང་མངོན་གྱིས་གཟུང་བའི་གཟུགས་ཀྱི་དེ་མ་ཐག་པ་དམིགས་ཡུལ༑ གཟུགས་འཛིན་པའི་དབང་མངོན་ལྷན་ཅིག་བྱེད་རྐྱེན། དེ་འགག་མ་ཐག་པ་ཡིད་ཀྱི་དབང་པོ་ཡིན་ལ་དེས་མཚུངས་པ་དེ་མ་ཐག་པའི་རྐྱེན་དང་བདག་རྐྱེན་བྱས་ནས་སྐྱེ་བ་ཡིན་ནོ། །དབང་ཤེས་ཀྱི་བྱ་བ་མ་འགགས་པ་དེ་སྲིད་དབང་པོའི་མངོན་སུམ་ཁོ་ནའོ། །དབང་ཤེས་རྒྱུན་བཅས་ཞེས་པ་མི་འཐད་དེ། དབང་ཤེས་གཅིག་སྐྱེས་པའི་དེ་མ་ཐག་ཏུ་དབང་ཤེས་གཉིས་པ་འབྱུང་བ་ནི་མི་སྲིད་དེ། དྲུག་པོ་འགགས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཅེས་པས་དེའི་དེ་མ་ཐག་པ་ཡིད་དབང་ཡིན་ཞིང་། དེ་ནས་ཡིད་ཀྱི་མངོན་སུམ་སྐྱེ་བའི་རྒྱུ་ཚོགས་གྲངས་ཚང་པས་དེ་སྐྱེ་བ་ཡིན་ནོ། །མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་བྱེད། །ཅེས་པའི་རིགས་པས་སོ། །ཡིད་ཀྱི་མངོན་སུམ་འགགས་མ་ཐག་པ་ཡང་ཡིད་ཡིན་མོད་ཀྱང་། རྒྱུ་གཞན་མ་ཚང་པས། ཡིད་མངོན་མི་སྐྱེ་དབང་ཤེས་ཅི་རིགས་པ་ཞིག་དེའི་ཕྱི་ལོགས་སུ་སྐྱེ་ཞིང་ཡིད་དེ་དེའི་དེ་མ་ཐག་རྐྱེན་དུ་འགྱུར་རོ། །དབང་ཤེས་ཐམས་ཅད་རང་གི་དམིགས་ཡུལ་དང་དུས་མཉམ་པ་ཁོ་ན་ཡུལ་དེའི་སྐད་ཅིག་གཉིས་པ་ཡིད་མངོན་དང་དུས་མཉམ་མོ། །ཡིད་མངོན་རྒྱུན་མཐར་སྐྱེ་ཞེས་པ་ཡང་མདོ་སྡེ་པ། སྐྱེ་འགག་གནས་པ་ཞེས་པའི་གནས་པ་རྒྱུན་ལ་བྱེད་པས་དབང་ཤེས་གནས་པའི་མཐར་སྐྱེ་བ་དང་། དེ་འགགས་མ་ཐག་ཞེས་པ་དོན་གཅིག་གོ །དེ་ཐམས་ཅད་ཚུར་མཐོང་གི་དབང་དུ་བྱས་ཤིང་རྒྱུད་གཅིག་ལ་བཞག་པའོ༑ །རང་རིག་མངོན་སུམ་ནི། གང་ཤེས་པར་གྲུབ་ཕན་ཆད་དེ་ལ་ཉམས་སུ་མྱོང་བ་ཡོད་པར་གྲུབ་ལ། ཉམས་མྱོང་བྱས་པ་དང་། རང་རིག་བྱས་པ། རང་མྱོང་བྱས་པ་དོན་གཅིག་དེ་ཡང་ཤེས་པ་དེ་ལས་གཞན་མ་ཡིན་པས་མདོ་སེམས་གཉིས་རང་གི་རང་མྱོང་ཞེས་འདོད་ཅིང་། བྱེ་སྨྲ་དང་དབུ་མ་པ་དེ་མི་འདོད་པས། ཚད་འབྲས་ཀྱི་འཕྲོས་དོན་ལ་རང་རིག་སྒྲུབ་པ་བཤད་པ་དེ་སྔ་མ་གཉིས་ཀྱི་ལུགས་སོ། །ཕྱི་མ་གཉིས་རང་གི་རང་རིག་མི་འདོད་ལ་རང་རིག་པ་ཙམ་ནི་ཁས་ལེན་ཏེ་སོ་སོར་བརྟགས་འགོག་ཅེས་པའི་སོ་སོར་བརྟགས་པ་སོ་སོ་རིག་པར་འདོད་པས་སོ། །ཤེས་པའི་རང་ལུགས་ལ་མྱོང་བ་དེ་ལྟ་བུ་ཡིན་ཀྱང་། སྐྱེ་བོས་མི་རིག་པ་ནི་སྐྱེ་འགག་མྱུར་བས་ཏེ། དཔེར་ན་རེང་བུའི་མེའི་གནས་ཚུལ་ཡུངས་འབྲུ་ཙམ་དུ་ཟད་ཀྱང་དེ་མྱུར་བར་བསྐོར་བས་འཁོར་ལོར་སྣང་བ་ལྟ་བུའོ། །དེ་རིག་པ་འཇིག་རྟེན་པའི་སྒོམ་བྱུང་རབ་ལ་ཡོད་པས། ཅུང་ཟད་རྣམ་དཔྱོད་ཡོད་པ་དག་གི་ཁ་ནང་དུ་ཕྱོགས་པའི་ཤེས་པ་ཞེས་འདོན་པས་སོ། །དེས་ན་ཤེས་པ་ཡིན་ན་རང་རིག་མངོན་སུམ་ཡིན་པས་མ་ཁྱབ་ལ། ཤེས་པ་ཡིན་ན་རང་རིག་པ་དང་ལྡན་པས་ཁྱབ་སྟེ། ཆོས་ཡིན་ན་ཆོས་ཉིད་ཡིན་པས་མ་ཁྱབ་ལ། དེ་ཡིན་ན་ཆོས་ཉིད་དང་ལྡན་པས་ཁྱབ་པ་བཞིན་ནོ། །དེ་ཡང་རིགས་ཐིགས་སུ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་རང་རིག་པ་དང་། ཞེས་ཤེས་པ་ཐམས་ཅད་རང་རིག་པ་ཡིན་ན་དྲུག་སྒྲ་སྦྱར་བ་དོན་མེད་པར་འགྱུར་རོ། །མདོ་རང་འགྲེལ་ལས། གལ་ཏེ་འདོད་ཆགས་ལ་སོགས་པའི་རང་རིག་པ་མངོན་སུམ་ཡིན་ན་རྟོག་པའི་ཤེས་པ་ཡང་མངོན་སུམ་དུ་འགྱུར་རོ་ཞེ་ན། དེ་ནི་བདེན་ཏེ། རྟོག་པའང་རང་རིག་ཉིད་དུ་འདོད། །དོན་ལ་མ་ཡིན་དེ་རྟོག་ཕྱིར། དེ་ཡུལ་ནི་འདོད་ཆགས་ཉིད་དེ་མངོན་སུམ་མ་ཡིན་ཡང་རང་རིག་ཞེས་བྱ་བའི་དོན་ནི་དེ་དག་གི་མངོན་སུམ་མོ་ཞེས་པས་སོ། །རྣལ་འབྱོར་མངོན་སུམ་ནི་འཕགས་པ་ཉན་རང་དང་། བྱང་འཕགས་དང་། སངས་རྒྱས་ཀྱི་མཁྱེན་པ་ལམ་གྱི་བདེན་པས་བསྡུས་པ་དག་ལ་བྱེད་དོ། །བྱང་སེམས་ཀྱང་ཉན་ཐོས་སྡེ་གཉིས་བྱང་ཆུབ་ཀྱི་ཤིང་དྲུང་ན་བདུད་བཏུལ་སྟེ་བསམ་གཏན་བཞི་པའི་རབ་མཐའ་ལས་སྐད་ཅིག་སུམ་ཅུ་རྩ་བཞི་ལ་སངས་རྒྱས་ཐོབ་པར་བཤད་པའི་བར་དེ་ཁོ་ན་བྱང་འཕགས་ཀྱི་རྟོགས་པའོ༑ །དབུ་སེམས་ཀྱི་ཀུན་རྫོབ་སེམས་བསྐྱེད་ནས་ལམ་དུ་ཞུགས་པ་ཡིན་ལ། དེ་མྱུར་བ། བསྐལ་ཆེན་གྲངས་མེད་པ་གསུམ་ན་འཚང་རྒྱ་བའི་གྲངས་མེད་དང་པོ་མོས་སྤྱོད་ཀྱིས། གཉིས་པ་མ་དག་ས་བདུན་གྱིས། གསུམ་པ་དག་ས་གསུམ་གྱིས་བགྲོད་དེ་འོག་མིན་དུ་ལོངས་སྤྱོད་རྫོགས་པའི་རྟེན་ལ་སངས་རྒྱས་ནས་འཛམ་བུ་གླིང་དུ་སྤྲུལ་པའི་སྐུར་འཚང་རྒྱ་བ་སྟོན་པས། ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། ཞེས་ལུང་ལས་གསུངས་པས་སོ། །འོག་མིན་ཀྱང་དབང་ཕྱུག་ཆེན་པོའི་གནས་ཞེས་བྱ་བ་ཁམས་གསུམ་ལས་འདས་པར་རྒྱན་སྟུག་པོ་བཀོད་པའི་མདོ་ལས་བཤད་པ་དེར་འདོད་དོ། །བྱང་ཆུབ་སེམས་དཔའི་ཞིང་དང་། གདུལ་བྱ་དང་སྨོན་ལམ་རྒྱ་ཆེན་པོ་བཏབ་པ་དེ་དག་ནི། བསྐལ་པ་གྲངས་མེད་པ་དཔག་ཏུ་མེད་པར་ཡང་འཚང་མི་རྒྱ་སྟེ། རྫོགས་སྨིན་སྦྱང་བ་མཐར་མ་ཕྱིན་པས་སོ། །དེ་ཡང་ཀུན་ཏུ་བཟང་པོ་དང་། འཇམ་པའི་དབྱངས་ལྟ་བུའོ་ཞེས་འདོད། དབུ་མ་པས་ཐུན་མོང་མིན་པ་རྣམ་པར་དཔྱད་ན། བུདྡྷ་ཁོང་དུ་ཆུད་པ་ལའོ། །ཞེས་དེ་ཁོ་ན་རྟོགས་པ་སངས་རྒྱས་སངས་རྒྱས་ཞེས་བྱའོ། །དེ་ཁོ་ན་ཉིད་གང་དུ་ཡང་སྨྲ་བར་མ་ནུས་པས་དེའི་ཡུལ་གང་དུ་སྨྲ་བར་ནུས། དེ་མི་ནུས་པས་ན་དེ་རྟོགས་པ་ཡང་ཇི་ལྟར་བཞག དེ་བས་ན་འགའ་ཞིག་སངས་རྒྱས་པ་ཞེས་པ་ཡང་འཇིག་རྟེན་གྱི་རྣམ་པར་གཞག་པ་ཡིན་ནོ། །དོན་ལ་སྤྲོས་པ་ཞི་ཞིང་ཉེ་བར་ཞི་བས་རང་གི་ལུགས་ཞེས་ཁས་ལེན་རྒྱུ་ཐམས་ཅད་དང་བྲལ་བ་ཡིན་ནོ། །གསུམ་པ་ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་ནི། མངོན་སུམ་ཚད་མ་གཏན་ལ་འབེབས་པའི་སྐབས་འདིར་ཆོས་ཅན༑ རྟོག་བྲལ་མ་འཁྲུལ་པའི་བློ་མངོན་སུམ་གྱི་མཚན་ཉིད་དང་། དེ་ལ་རབ་དབྱེ་བཞིར་དབྱེ་བ་རང་སྡེ་སངས་རྒྱས་པ་ཐམས་ཅད་ལ་འཐད་པ་ཡིན་ཏེ། སྟོན་པའི་བསྟན་པ་ལ་མངོན་སུམ་ཚད་མ་དེ་ལྟར་གྲུབ་པའི་ཕྱིར་རོ། །གཉིས་པ་མངོན་སུམ་ལྟར་སྣང་ནི། རྟོག་པ་མངོན་སུམ་ལྟར་སྣང་དང་རྟོག་མེད་མངོན་སུམ་ལྟར་སྣང་གཉིས། དང་པོ་ལ་རྟོག་པའི་ཤེས་པ་བརྡ་རྟེན་ཅན་དང་༑ དོན་གཞན་ལ་སྒྲོ་འདོགས་པ་དང་། ལྐོག་ཏུ་གྱུར་པའི་དོན་ཅན་རྣམ་པ་གསུམ། དང་པོ་ནི། མདོར། ཀུན་རྫོབ་ཤེས་པ་དང་ཞེས་བསྟན་པ། སྤྱི་འཛིན་སོགས་དག་གོ །གཉིས་པ་ནི། འཁྲུལ་དང་ཞེས་བསྟན་པ། སྨིག་རྒྱུ་ལ་ཆུར་འཛིན་སོགས་དང་། རྗེས་དཔག་ཞེས་པས་བསྟན་པ་ཚུལ་གསུམ་པའི་རྟགས་འཛིན་སེམས་སོ། །གསུམ་པ་ནི། རྗེས་སུ་དཔག་ལས་བྱུང་ཞེས་པ། རྟགས་ཅན་རྗེས་དཔག་དང་། དྲན་དང་ཞེས་པ། སྔར་མཐོང་བ་དྲན་པ་དང་། མངོན་འདོད་ཞེས་པ། ཟས་ལ་སོགས་པ་མངོན་པར་འདོད་པ་སྟེ། མདོར་རྟོག་པ་ལ་དྲུག གཉིས་པ་ནི། མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་རྟོག་མེད་འཁྲུལ་ཤེས་གཅིག་སྟེ། མདོར་བདུན། འདི་ཉིད་དུ། མངོན་སུམ་ལྟར་སྣང་རྣམ་པ་བཞི། །རྟོག་པའི་ཤེས་པ་རྣམ་གསུམ་དང་། །རྟེན་བསླད་པ་ལས་བྱུང་བ་ཅན། །རྟོག་པ་མེད་པ་གཅིག་ཡིན་ནོ། །ཞེས་དང་། མངོན་སུམ་ལྟར་སྣང་གཉིས་སུ་བཤད། །ཅེས་པས་སོ། །དོན་མངོན་སུམ་ལས་གཞན་པའི་ཤེས་པ་ཐམས་ཅད་དོ། །གསལ་བར་མ་བསྟན་པ་དག་ཀུན་རྫོབ་ཀྱི་ཤེས་པ་དེར་འདུའོ། །གཉིས་པ་འབྲས་བུ་ཚད་འབྲས་ཀྱི་རྣམ་པར་གཞག་པ་ལ། གཞུང་འབྲེལ་གྱིས་མདོར་བསྟན། མཐའ་དཔྱད་ཀྱིས་རྒྱས་པར་བཤད། ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་གསུམ་ལས། དང་པོ་ནི། མདོར། བྱ་དང་བཅས་པས་རྟོགས་པའི་ཕྱིར། །ཚད་མའི་འབྲས་བུ་ཉིད་དུ་འདོད། །ཚད་མ་ཉིད་དུ་འདོགས་པ་སྟེ། །བྱ་བ་མེད་པའང་མ་ཡིན་ནོ། །ཞེས་པས་བསྟན་པ་དེ་ཉིད་རྣམ་འགྲེལ་དུ་ཚད་འབྲས་རྣམ་པར་གཞག་འཇོག་ཏུ་བསྒྲུབས་ནས་དོན་རིག་གི་ཚད་འབྲས་སྟོན་པའི་ཕྱིར། བྱ་བ་བསྒྲུབ་པ་བྱེད་ཅེས་ཏེ། ལས་ཀུན་གྱི་ནི་སྒྲུབ་བྱེད་དག །ཐམས་ཅད་མ་ཡིན་གང་ལས་འབྲས། །གང་ཡིན་དེ་ནི་སྒྲུབ་བྱེད། ཅེས་སོགས་ཀྱིས་བསྟན་ཞིང་། རང་རིག་གི་ཚད་འབྲས་རྣམ་པར་གཞག་ནས་གཉི་གའི་སྒྲུབ་བྱེད། རྒྱས་པར་སྟོན་པ་ལ། དེ་ཚེ་གཞན་རིག་མེད་པའི་ཕྱིར། །རང་རིག་འབྲས་བུ་ཡིན་པར་འདོད། ཅེས་སོགས་ཀྱིས་བཤད་དོ། །གཉིས་པ་ནི། མདོ་སྡེ་པས། དོན་ནི་གཞལ་བྱ། གཟུང་བའི་རྣམ་པ་ཚད་མ། དོན་རིག་པ་འབྲས་བུ་ཞེས་སམ། དོན་འདྲ་བ་ཚད་མ་ཞེས་པ་རྣམ་གྲངས་པ་ཡིན། ཤེས་པ་དེའི་འདྲ་བ་ནི་རྣམ་པར་འཇོག་པའི་རྒྱུ་ཡིན་ལ་རྣམ་པར་གཞག་པར་བྱ་བ་ནི། གཞལ་བྱ་མྱོང་བའི་ངོ་བོ་ཡིན་ནོ། །དེའི་ཕྱིར་རྣམ་པར་གཞག་འཇོག་གཉི་ག་ཤེས་པ་གཅིག་གི་ངོ་བོ་ཡིན་ནོ། །དོན་འདྲ་བས་ཉམས་སུ་མྱོང་ནས། ངེས་པར་བྱེད་པའི་ཤེས་པས་ཤེས་པ་དེས་དོན་རྟོགས་པར་བཞག་གོ །གཟུང་བའི་རྣམ་པའམ། དོན་འདྲ་བ་ཞེས་པ་ཡང་༑ རྣམ་པར་ཤེས་པ་ཡུལ་གང་ལས་སྐྱེས་པ་དེ་ནི་ཡུལ་དེ་དང་འདྲ་བ་ཡིན་ཏེ། ཇི་ལྟར་སྔོན་པོའི་དོན་ལས་སྐྱེས་པ་སྔོན་པོ་དང་འདྲ་བ་བཞིན་ནོ། །འདྲ་བ་དེ་ཁ་རྣམ་པའམ་སྣང་བ་ཞེས་བྱའོ༑ །འདྲ་བའི་མཐུས་དོན་རྟོགས་པའོ། །རྣམ་པར་འཇོག་པར་བྱེད་པ་ནི་མངོན་སུམ་གྱི་སྟོབས་ལས་བྱུང་བའི་རྣམ་པར་རྟོག་པ་ཡིན་གྱི། མངོན་སུམ་ཉིད་ནི་རྣམ་པར་རྟོག་པ་མིན་པའི་ཕྱིར་བདག་ཉིད་དོན་རྟོགས་པ་འཇོག་མི་ནུས་སོ། །དེ་བས་ན་ངེས་པར་བྱེད་པའི་ཤེས་པས་རྣམ་པར་མ་གཞག་པ་ནི་དོན་རྟོགས་པའི་ངོ་བོའི་ཤེས་པ་ཡོད་དུ་ཟིན་ཀྱང་མེད་པ་དང་འདྲ་བ་ཁོ་ན་ཡིན་ནོ། །གཉིས་པ་ནི། སེམས་ཙམ་པས། རྣམ་པར་ཤེས་པས་ཡུལ་ཤེས་པ་ཡང་། ཡུལ་ཉིད་རྣམ་པར་ཤེས་པའི་རང་བཞིན་ཡིན་པས་འབྲེལ་པ་ཡོད་པའི་ཕྱིར། རང་རིག་པའི་ཤེས་པར་རུང་གི་ཡུལ་གཞན་ཡིན་པར་འདོད་ན་ནི་ཤེས་པ་དང་འབྲེལ་བ་མེད་པས་རིག་པར་མི་ནུས་སོ། །ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་སྣང་བ་ཡང་། དཔེར་ན་རྨི་ལམ་ན་མཐོང་བ་རྣམས་ཡུལ་མེད་ཀྱི་སེམས་ཉིད་མཐོང་བ་དང་འདྲ་བས་རྣམ་བདེན་པ་ཚད་འབྲས་འཇོག་པ་ནི། ཇི་ལྟར་སྣང་བཞིན་པའི་གཟུང་བའི་རྣམ་པ་ནི་གཞལ་བྱ། འཛིན་པའི་རྣམ་པ་ནི་ཚད་མ། སེམས་ལ་སོགས་པའི་རང་བཞིན་དུ་མྱོང་བ་ནི་འབྲས་བུ་ཞེས་དོན་ཁས་ལེན་ལ། ཕྱི་རོལ་ཏུ་གྲུབ་པ་མི་འདོད་པའི་དབང་དུ་བྱས་སོ། །གཞན་དུ་བདག་ཉིད་གཞལ་བྱ་འཛིན་པ་ཚད་མ། བདག་ཉིད་རིག་པ་འབྲས་བུ་ཞེས་སོ༑ །མདོ་སྡེ་པ་ལ་ཡང་རང་རིག་གི་ཚད་འབྲས་རིགས་ཏེ། འགོད་པའི་ཚེ། དོན་ནི་གཞལ་བྱ། གཟུང་པའི་རྣམ་པ་ཚད་མ། རང་རིག་འབྲས་བུ་ཞེས་པས་སོ། །གསུམ་པ་ནི། ཚད་འབྲས་ཀྱི་རྣམ་གཞག་ཆོས་ཅན། མདོ་སྡེ་པ་དང་རྣམ་བདེན་པ་གཉིས་ཁོ་ན་ལ་གྲགས་ཏེ། བློ་གཅིག་ཚུལ་གཉིས་སུ་འདོད་པ་དེ་གཉིས་ཀྱི་ལུགས་ཁོ་ན་ཡིན་པས་སོ།། །། གཉིས་པ་སྤྱི་མཚན་གཞལ་བྱར་བྱེད་པ་རྗེས་དཔག་གི་ཚད་མ་བཤད་པ་ལ། རང་དོན་རྗེས་དཔག་དང་། གཞན་དོན་རྗེས་དཔག་གཉིས་ལས། དང་པོ་ལ༑ གཏན་ཚིགས་ཡང་དག་དང་ལྟར་སྣང་ངེས་པ་གཞན་སེལ་གྱི་རྣམ་གཞག་གསུམ་ལས། དང་པོ་ལ། གཞུང་འབྲེལ་གྱིས་མདོར་བསྟན། མཐའ་དཔྱད་ཀྱིས་རྒྱས་པར་བཤད། ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་གསུམ་ལས། དང་པོ་ནི། མདོར། རྗེས་དཔག་རྣམ་གཉིས་ཞེས་གསུངས་པ་འཐད་ལྡན་ལས། འདིར་རང་གི་དོན་དུ་ཡིན་པས་རང་གི་དོན་ཡིན་ལ། གཞན་གྱི་ཆེད་དུ་ཡིན་པས་གཞན་གྱི་དོན་ཏེ། རང་ལ་དགོས་པ་དང་། གཞན་ལ་དགོས་པའོ། །ཞེས་གསུངས་པའི་དང་པོ་རང་དོན་ནི། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན༑ ཞེས། ཚུལ་གསུམ་པའི་རྟགས་ལས་རྗེས་སུ་དཔག་པར་བྱ་བ་རྟོགས་པ་དེ་རང་དོན་རྗེས་དཔག་གི་མིང་ཅན། རྗེས་སུ་དཔག་པ་ཡང་དག་པའོ། །དེ་ཡང་རྟོག་པ་དོན་མཐུན་ནོ། །དེ་ནི་ཚུལ་གསུམ་པའི་རྟགས་ལས་སྐྱེ་བས་དེ་བཤད་པའི་ཕྱིར། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། ཕྱོགས་ནི་ཆོས་ཅན་ཏེ། ཡན་ལག་ལ་སྤྱི་ཉེ་བར་བཏགས་པའི་ཕྱིར་རོ། །ཞེས་པས༑ ཕྱོགས་ཀྱི་སྒྲ་གཏན་ཚིགས་ཀྱི་མཚན་ཉིད། གཏན་ལ་འབེབས་པའི་སྐབས་འདིར་ཆོས་ཅན་ལ་དང་། གཞན་བསྒྲུབ་པར་བྱ་བ་ཁོང་དུ་ཆུད་པར་བྱ་བའི་ཚེ་ནི་བསྒྲུབ་བྱའི་ཆོས་དང་ཆོས་ཅན་གྱི་སྤྱི་ཞེས་པ་བསྒྲུབ་བྱ་ལ་དང་། ཁྱབ་པ་ངེས་པར་བྱེད་པའི་ཚེ་ནི་བསྒྲུབ་བྱའི་ཆོས་ལ་ཏེ། བར་མ་ལ་དངོས་མིང་ཐོག་མཐའ་གཉིས་ལ་བཏགས་མིང་དུ་འཇུག་གོ །སྐབས་འདིར་ཆོས་ཅན་ལ་ཕྱོགས་ཞེས་བཏགས་པ་ལ། དེ་ཉིད་དུ། གལ་ཏེ་དགོས་པ་མེད་པའི་ཕྱིར། ཉེ་བར་གདགས་པར་མི་བྱའོ། །ཞེ་ན་མ་ཡིན་ཏེ་ཉེ་བར་བཏགས་པ་ནི་ཆོས་ཅན་གྱི་ཆོས་ཐམས་ཅད་དགག་པའི་ཕྱིར་ཏེ་དེ་ལྟར་ན་མིག་གི་གཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་སྤངས་སོ། །འདིས་ཕྱོགས་ཆོས་ཞེས་པའི་ཟུར་གྱིས་ཆོས་གཏན་ཚིགས་ཏེ། དེའང་། ཆོས་ཅན་ལ་སྒྲུབ་བྱེད་དུ་འགྱུར་བ་ཞིག་གཟུང་གཞན་དགག་པའི་ཕྱིར་རོ། །དེ་ཕྱོགས་ལ་འདོགས་པའི་དགོངས་གཞི་དང་ཕྱོགས་མཚན་ཉིད་པ་མ་ཡིན་པར་སྟོན་པ་ནི་ཡང་། གལ་ཏེ་ཕྱོགས་ཀྱི་ཆོས་ཉིད་ཡིན་ན་དེའི་ཁྱད་པར་ལ་བལྟོས་པ་གཞན་དུ་མི་འཇུག་གོ་ཞེ་ན། མ་ཡིན་ཏེ་རྣམ་པར་དཔྱད་པ་བྱེ་བྲག་ཏུ་བྱས་པའི་ཕྱིར་དཔེར་ན་ནག་པ་གཞུ་ཐོགས་སོ་ཞེས་བྱ་བ་ལྟ་བུ་ཡིན་གྱི༑ དཔེར་ན་སྲིད་སྒྲུབ་གཞུ་ཐོགས་པ་ལྟ་བུ་ཞེས་གཞན་དང་འབྲེལ་བ་རྣམ་པར་དཔྱད་པ་ནི་མ་ཡིན་ནོ། །ཞེས་པས་ཕྱོགས་མཚན་ཉིད་པ་བསྒྲུབ་བྱ་ཡང་དག་དེ་དང་འབྲེལ་བས་ཕྱོགས་སོ་ཞེས་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་བརྗོད་པ་ལྟ་བུའོ། །དེའི་ཆ་ནི་དཔེའི་ཆོས་སོ། །ཞེས་པས། ཕྱོགས་དང་ཆོས་དཔེ་ལ་རྗེས་སུ་འགྲོ་བར་བསྟན་ལ། དེ་ཡང་སྔ་མ་ཁྱད་པར་དང་། ཕྱི་མ་ཁྱད་པར་ཅན་གྱི་དངོས་པོར་འགྱུར་བས་སོ། །ཆས་ཁྱབ་པ། ཞེས་པ། དེ་ལ་ཁྱབ་པར་བྱེད་པ་ཡོད་པ་ཁོ་ནའམ་ཡང་ན་དེ་ཁོ་ན་ལ་ཁྱབ་པར་བྱེད་པ་ཡོད་པས། ཞེས་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་བསྟན་པ་ཡིན་ནོ། །གཏན་ཚིགས་ནི་འཐད་ལྡན་དུ། རྟགས་ནི་གོ་བར་བྱེད་པ་ཡིན་ལ། གོ་བར་བྱེད་པའང་སྒྲུབ་པར་བྱེད་པ་དང་། འབྲེལ་པ་ཤེས་ཤིང་དྲན་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། དྲན་པས་བར་དུ་ཆོད་པའི་རྟགས་ཀྱིས་དོན་གོ་བར་བྱེད་པར་འདོད་པ་ཡིན་ཏེ། ཞེས་བྱས་པ་ལྟ་བུ་སྤྱི་ལྡོག་ནས་དང་། སྒྲ་མི་རྟག་ལ་སྒྲུབ་བྱེད་དུ་བཀོད་པ་ཙམ་གྱིས་གཏན་ཚིགས་སུ་མ་སོང་ལ། རྒྱུ་མཚན་དེ་ལས་སྒྲ་མི་རྟག་པར་རྟོགས་པའམ་གོ་ན་དེར་འགྱུར་བས། དེང་སང་དང་བསྟུན་ན་སོང་ཚེ་ནུས་ཡོད་དུ་ཞལ་གྱིས་བཞེས་པའོ། །བཀོད་ཙམ་གྱིས་རྟགས་སུ་འཛིན་པ་དེ་ལ་རྟགས་འཛིན་སེམས་ཞེས་འདོད། དེ་དང་རྗེས་དཔག་ངོ་མའི་བར་དུ་འགྲེལ་པ་ཤེས་ཤིང་དྲན་པས་ཆོད་པ་ཡིན་ནོ། །དབྱེ་བ་སྟོན་པ་ནི་དེ་ནི་རྣམ་གསུམ་ཉིད༑ གསུམ་ཡང་། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། གཏན་ཚིགས་ཞེས་རྒྱུ་ལ་རང་བཞིན་ཇི་སྙེད་ཅིག་ཡོད་པ་ལས་གང་མེད་ན་དེ་མི་འབྱུང་བ་དེའི་འབྲས་བུ་ནི་རྟགས་སོ། །རང་བཞིན་ཡོད་ཙམ་དང་། འབྲེལ་བ་ཅན་གྱི་ངོ་བོ་ཡང་། ཞེས་པ་ནི་འབྲས་བུའི་རྟགས་བཞིན། གཞན་ལ་རག་ལས་པ་བཅད་ནས། བསྒྲུབ་བྱ་ཡོད་པ་ཙམ་དང་རྗེས་སུ་འབྲེལ་བ་ཉིད་ཀྱི་བདག་ཉིད་ཡང་རང་བཞིན་གོ་བར་བྱེད་པས་རང་བཞིན་གྱི་རྟགས་སོ། །ཚད་མ་རྣམས་ནི་མི་འཇུག་པ། མེད་ལ་མི་འཇུག་འབྲས་བུ་ཅན། ཞེས་གང་ལ་དམིགས་པ་མེད་པས༑ དེ་ལ་ཚད་མ་རྣམས་མི་འཇུག་པ་མི་སྣང་བ་མ་དམིགས་པའོ། །དེ་ནི་རང་དང་ལྡོག་པའི་རྒྱུ་མེད་པས་ཡོད་པའི་ཐ་སྙད་བཀག་པའི་འབྲས་བུ་ཅན་ནོ། །གཏན་ཚིགས་བྱེ་བྲག་ལ་བལྟོས་ནས། འགའ་ཞིག་མེད་ཅེས་འབྲས་བུ་ཅན། དམིགས་བྱའི་རིག་བྱར་གྱུར་པ་ལས་འགའ་ཞིག་མི་དམིགས་པའི་གཏན་ཚིགས་ཏེ་སྔ་མ་ལས་ཁྱད་པར་རང་དང་ལྡོག་པའི་རྒྱུ་ཡོད་པས་འགའ་ཞིག་ཐ་སྙད་དགག་པའི་འབྲས་བུ་ཅན་ནོ། །ངེས་པ་སྟོན་པའི་ཕྱིར། །མེད་ན་མི་འབྱུང་ངེས་ཕྱིར་རོ། །འདི་ཉིད་གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་། དེ་ཡི་མ་གྲུབ་ལྡོག་དོན་དང་། །འཁྲུལ་པ་ཅན་གྱི་གཉེན་པོར་ནི། །ངེས་པ་བརྗོད་པར་མཛད་པ་ཡིན། ཞེས་པས་བཤད་དེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། གཏན་ཚིགས་ཡང་དག་གི་ཚུལ་གསུམ་ལ་ངེས་པར་བརྗོད་པར་མཛད་དོ། །དགོས་པ་གང་གི་ཕྱིར་ན། མ་གྲུབ་པ་དང་། ལྡོག་དོན་དེ་འགལ་བ་དང་། མ་ངེས་པའི་གཏན་ཚིགས་འཁྲུལ་པ་རྣམས་ཀྱི་གཉེན་པོར་རོ། །ངེས་པ་ཞེས་པ་ཡང་། ཕྱོགས་ཆོས་ཀྱི་ཚུལ་ངེས་པ། རྗེས་འགྲོའི་ཚུལ་ངེས་པ། ལྡོག་པའི་ཚུལ་ངེས་པ། དེ་དག་ཀྱང་རིམ་པ་བཞིན་དུ། རིགས་ཐིགས་སུ། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ། །ཞེས་པས་བསྟན་ནོ།། །། གཉིས་པ་མཐའ་དཔྱད་ཀྱིས་རྒྱས་པར་བཤད་པ་ནི། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་རྟགས་ཡང་དག་གི་མཚན་ཉིད། དབྱེ་ན་འབྲས་བུའི་རྟགས་ཡང་དག །རང་བཞིན་གྱི། མ་དམིགས་པའི་རྟགས་ཡང་དག་གསུམ༑ ཚུལ་གསུམ་པ་ཅན་གྱི་འབྲས་བུའི་གཏན་ཚིགས། འབྲས་རྟགས་ཡང་དག་གི་མཚན་ཉིད། དབྱེ་ན། སྤྱི་ཁྱད་པར་དུ་བྱས་ནས་བརྗོད་པའི་འབྲས་རྟགས། རང་བཞིན་དུ་གྱུར་པའི་ཆོས་ཀྱི་བྱེ་བྲག་ལ་བསྟོས་པའི་འབྲས་རྟགས། ཡིད་ཆེས་པའི་འབྲས་རྟགས་གསུམ། དང་པོ་ནི། དུ་ལྡན་གྱི་ལར་ཆོས་ཅན། མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུ། རྣམ་ངེས་ལས༑ གལ་ཏེ་ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེ་བསྐྱེད་པར་བྱ་བའི་ཁྱད་པར་དང་། རྟགས་ཀྱི་བྱེ་བྲག་ཁྱད་པར་ཅན་གྱི་སྤྱི་རྣམ་པར་གཟུང་ན་འདོད་པའི་ཕྱིར་རོ། །སྤྱི་ཁྱད་པར་དུ་མ་བྱས་པར་བརྗོད་པར་འདོད་ན་ནི་འཁྲུལ་པའི་ཕྱིར་མི་འདོད་དོ། །ཞེས་གསུངས་པས་སོ། །གཉིས་པ་ནི། སྒྲ་ཆོས་ཅན་མི་རྟག་སྟེ་རྩལ་མ་ཐག་ཏུ་བྱུང་བའི་ཕྱིར་ཞེས་པ་ལྟ་བུ། དེས་འདིར་འབྲས་བུའི་རྟགས་ཀྱི་ནི། རང་བཞིན་ཕྱོགས་གཅིག་རྟེན་པའང་བཤད་ཅེས་པས་སོ། །གསུམ་པ་ནི། ཐ་སྙད་ཀྱི་བདེན་པ་བསྟན་པའི་སྐབས་འདིར་ཆོས་ཅན། གཏོང་བ་ལོངས་སྤྱོད་འབྱུང་བའི་རྒྱུ་ཡིན་ཏེ་སྦྱིན་པས་ལོངས་སྤྱོད་ཅེས་པའི་ལུང་གིས་བསྟན་པ། དེ་ལ་ཁས་བླངས་འབྲས་རྟགས་ཏེ་ཞེས་པས་སོ། །ཚུལ་གསུམ་པ་ཅན་གྱི་རང་བཞིན་གྱི་གཏན་ཚིགས་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། དབྱེ་ན། ཁྱད་པར་གཞན་ལ་བལྟོས་པའི་གཏན་ཚིགས། དག་པའམ་འབའ་ཞིག་པའི་གཏན་ཚིགས། རང་བཞིན་དུ་གྱུར་པའི་ཆོས་ཀྱི་བྱེ་བྲག་ལ་བལྟོས་པ་གསུམ། འདི་ལ་བྱིས་པ་འཇུག་པའི་རྟོག་གེར་དུ་མར་དབྱེ། རྣམ་ངེས་སུ། ཁྱད་པར་བལྟོས་དང་དག་པ་ཞེས་སམ༑ འདི་ཉིད་དུ། རང་བཞིན་ཁྱད་པར་བྱེ་བྲག་ལ། བལྟོས་པའམ་འོན་ཏེ་འབའ་ཞིག་པ། ཞེས་སོ། །དེའི་ཁར་གྲགས་པའི་རྟགས་བསྣན་པས་བཞི་སྟེ། འགྲོ་ལ་གྲགས་པས་རང་བཞིན་རྟགས། ཞེས་འབྱུང་བས་སོ། །དང་པོ་ནི། འཇིག་པ་ཆོས་ཅན་མི་རྟག་པ་ཡིན་ཏེ་བྱས་པ་ཡིན་པའི་ཕྱིར་ལྟ་བུ། གཉིས་པ་ནི། སྒྲ་ཆོས་ཅན་མི་རྟག་སྟེ་ཡོད་པའི་ཕྱིར་ཞེས་པ་ལྟ་བུ༑ གསུམ་པ་ནི། སྒྲ་ཆོས་ཅན་མི་རྟག་སྟེ་སྐྱེ་བའི་ཕྱིར་ཞེས་པ་ལྟ་བུ། བཞི་པ་ནི། རི་བོང་ཅན་ཆོས་ཅན། ཁྱོད་ལ་ཟླ་བ་ཞེས་བརྗོད་དེ། ཁྱོད་ལ་འཇིག་རྟེན་ན་དེ་ལྟར་གྲགས་སོ༑ ཞེས་པ་ལྟ་བུའོ། །ཚུལ་གསུམ་པ་ཅན་གྱི་དགག་པའི་གཏན་ཚིགས། མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དབྱེ་ན་མི་སྣང་བ་མ་དམིགས་པ་དང་། སྣང་རུང་མ་དམིགས་པའི་གཏན་ཚིགས་གཉིས། དང་པོ་ནི། རྟག་གཅིག་རང་དབང་ཅན་གྱི་བདག་ཆོས་ཅན་མེད་དེ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུ་གཉིས་པ་ལ། དེ་མ་རྟོགས་པ་འམ་མ་དམིགས་པའི་གཏན་ཚིགས། དེ་དང་འགལ་བ་རྟོགས་པའི་གཏན་ཚིགས། འགལ་བའི་འབྲས་བུ་རྟོགས་པའི་གཏན་ཚིགས་གསུམ། དང་པོ་གཉིས་ལ་ཡང་རང་བཞིན་འབྲས་བུ་རྒྱུ་ཁྱབ་བྱེད་ཀྱི་སྦྱོར་བའི་སྒོ་ནས་བཞི་བཞིར་དབྱེ། གསུམ་པ་ལ་བརྒྱད་དེ། སྦྱོར་བའི་སྒོ་ནས་བཅུ་དྲུག་གོ །དང་པོ་རང་བཞིན་མ་དམིགས་པའི་གཏན་ཚིགས་ནི། དུ་བས་དག་བའི་ས་ཕྱོགས་འདི་ན་ཆོས་ཅན། དུ་བ་མེད་དེ། དམིགས་པའི་རེག་བྱར་གྱུར་པ་ལས་མི་དམིགས་པའི་ཕྱིར། ཞེས་པ་ལྟ་བུ་སྟེ། དགག་བྱ་ནི་དུ་བའོ། །དེའི་རང་བཞིན་གང་ཡིན་པ་དེ་འདི་ན་མི་དམིགས་པའོ༑ །འབྲས་བུ་མི་དམིགས་པ་ནི། ཆོས་ཅན་གོང་དང་འདྲ། དུ་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དེ། དུ་བ་མེད་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། དགག་བྱ་དུ་བའི་རྒྱུ་རྣམས་ཀྱི་འབྲས་བུ་ནི་དུ་བ་སྟེ། འདི་ནི་དེ་མི་དམིགས་པའོ། །རྒྱུ་མི་དམིགས་པ་ནི་མེས་དག་པའི་ས་ཕྱོགས་འདི་ན་ཆོས་ཅན། དུ་བ་མེད་དེ་མེ་མེད་པའི་ཕྱིར། ཞེས་བྱ་བ་ལྟ་བུ། དགག་བྱ་དུ་བའི་རྒྱུ་མེའོ། །དེ་འདི་ན་མི་དམིགས་པས་སོ། །ཁྱབ་པར་བྱེད་པ་མི་དམིགས་པ་ནི། ཤིང་གི་དག་པའི་ས་ཕྱོགས་འདི་ན་ཆོས་ཅན། ཤིང་ཨ་ཀ་རུ་མེད་དེ། ཤིང་མེད་པའི་ཕྱིར་ཞེས་པ་ལྟ་བུ། དགག་བྱ་ཨ་ཀ་རུའི་ཁྱབ་པར་བྱེད་པ་ནི་ཤིང་ངོ་། །འདི་ན་དེ་མི་དམིགས་པས་སོ། །དང་པོའི་དབྱེ་བ་བཞིའོ། །རང་བཞིན་འགལ་བ་དམིགས་པ་ནི། མེ་དང་ལྡན་པའི་གཞི་འདི་ན་ཆོས་ཅན། གྲང་རེག་མེད་དེ་མེ་ཡོད་པའི་ཕྱིར། ཞེས་པ་ལྟ་བུ། དགག་བྱ་གྲང་རེག་གི་རང་བཞིན་གང་ཡིན་པ་དེ་ནི་མེ་དང་འགལ་བའོ། །འདི་ན་དེ་མི་དམིགས་པའོ༑ །འབྲས་བུ་འགལ་བ་དམིགས་པ་ནི། ཆོས་ཅན་འདྲ། གྲང་རེག་གི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དེ་མེ་ཡོད་པའི་ཕྱིར། ཞེས་པ་ལྟ་བུ། དགག་བྱ་གྲང་རེག་གི་རྒྱུ་རྣམས་ཀྱི་འབྲས་བུ་ནི་གྲང་རེག་གོ །དེ་དང་འགལ་བ་ནི་མེའོ། །འདི་ན་མི་དམིགས་པས་སོ། །རྒྱུ་འགལ་བ་དམིགས་པ་ནི། མེ་དང་ཉེ་བའི་ཕྱོགས་འདི་ན་ཆོས་ཅན། གྲང་རེག་གིས་བསྐྱེད་པའི་སྤུ་ཟིང་ཞེས་པ་ལ་སོགས་པའི་ཁྱད་པར་མེད་དེ་མེ་དང་ཉེ་བའི་ཁྱད་པར་ཉིད་ཀྱི་ཕྱིར་རོ། །ཞེས་པ་ལྟ་བུ། དགག་བྱ་སྤུ་ཟིང་ཞེས་བྱེད་པ་ལ་སོགས་པའི་རྒྱུ་ནི་གྲང་རེག་གོ །དེ་དང་འགལ་བ་ནི་མེ་དང་ཉེ་བའི་ཁྱད་པར་རོ། །འདི་ན་དེ་དམིགས་པས་སོ། །ཁྱབ་བྱེད་འགལ་བ་དམིགས་པ་ནི། མེ་དང་ལྡན་པའི་གཞི་འདི་ན་ཆོས་ཅན། བ་མོའི་རེག་པ་མེད་དེ། མེ་ཡོད་པའི་ཕྱིར་ཞེས་པ་ལྟ་བུ། དགག་བྱ་བ་མོའི་རེག་པའི་ཁྱབ་བྱེད་གྲང་བའོ། །དེ་དང་འགལ་བ་ནི་མེའོ། །འདི་ན་དེ་དམིགས་པའོ། །གཉིས་པའི་དབྱེ་བ་བཞིའོ། །རང་བཞིན་འགལ་བའི་འབྲས་བུ་དམིགས་པ་ནི༑ དུ་བ་དང་ལྡན་པའི་གཞི་འདི་ན་ཆོས་ཅན། གྲང་རེག་མེད་དེ་དུ་བ་ཡོད་པའི་ཕྱིར། ཞེས་པ་ལྟ་བུ། དགག་བྱ་གྲང་རེག་དང་འགལ་བ་ནི་མེའོ། །དེའི་འབྲས་བུ་ནི་དུ་བའོ། །འདི་ན་དེ་དམིགས་པས་སོ། །འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ་ནི། ཆོས་ཅན་མཚུངས་གྲང་རེག་གི་རྒྱུ་ནུས་པ་ཐོགས་མེད་དག་མེད་དེ། དུ་བ་ཡོད་པའི་ཕྱིར་རོ། །ཞེས་པ་ལྟ་བུ༑ དགག་བྱ་གྲང་རེག་གི་རྒྱུ་རྣམས་ཀྱི་འབྲས་བུ་ནི་གྲང་རེག་གོ །དེ་དང་འགལ་བ་ནི་མེའོ། །དེའི་འབྲས་བུ་ནི་དུ་བའོ། །དེ་འདི་ན་དམིགས་པའོ། །རྒྱུ་འགལ་བའི་འབྲས་བུ་མི་དམིགས་པ་ནི། ཆོས་ཅན་འདྲ། གྲང་རེག་གིས་བསྐྱེད་པའི་སྤུ་ཟིང་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་སྐྱེས་བུ་ཡོད་པ་ཅན་མ་ཡིན་ཏེ་དུ་བ་ཡོད་པའི་ཕྱིར་རོ། །ཞེས་པ་ལྟ་བུ། དགག་བྱ་སྤུ་ཟིང་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་སྐྱེས་བུ་ཡོད་པ་ཅན་གྱི་ས་ཕྱོགས་ནི་གྲང་རེག་གོ །དེ་དང་འགལ་བ་ནི་མེའོ། །དེའི་འབྲས་བུ་ནི་དུ་བའོ། །དེ་འདི་ན་དམིགས་པའོ། །ཁྱབ་བྱེད་འགལ་བའི་འབྲས་བུ་དམིགས་པ་ནི། ཆོས་ཅན་འདྲ། བ་མོའི་རེག་པ་མེད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པ་ལྟ་བུ། དགག་བྱ་བ་མོའི་རེག་པའི་ཁྱབ་བྱེད་ནི་གྲང་རེག་གོ །དེ་དང་འགལ་བ་ནི་མེའོ། །དེའི་འབྲས་བུ་ནི་དུ་བའོ། །འདི་ན་དེ་དམིགས་པས་སོ། །རང་བཞིན་འགལ་བས་ཁྱབ་བྱ་དམིགས་པ་ནི། བ་མོས་ཁྱབ་པའི་གཞི་ཆོས་ཅན༑ འདི་ན་མེ་མེད་དེ་བ་མོའི་རེག་པ་ཡོད་པའི་ཕྱིར་རོ། །ཞེས་པ་ལྟ་བུ། དགག་བྱ་མེའི་རང་བཞིན་གང་ཡིན་པ་དེ་དང་འགལ་བ་ནི་གྲང་རེག་གོ །དེས་ཁྱབ་པ་ནི་བ་མོའི་རེག་པའོ། །འདི་ན་དེ་དམིགས་པས་སོ། །འབྲས་བུ་དང་འགལ་བས་ཁྱབ་པར་དམིགས་པ་ནི། ཆོས་ཅན་འདྲ། མེའི་རྒྱུ་ནུས་པ་ཐོགས་མེད་དག་མེད་དེ། བ་མོའི་རེག་པ་ཡོད་པའི་ཕྱིར་རོ། །ཞེས་པ་ལྟ་བུ། དགག་བྱ་མེའི་རྒྱུ་རྣམས་ཀྱི་འབྲས་བུ་ནི་མེའོ། །དེ་དང་འགལ་བ་ནི་གྲང་རེག་གོ །དེས་ཁྱབ་པ་ནི་བ་མོའི་རེག་པའོ། །རྒྱུ་དང་འགལ་བས་ཁྱབ་བྱ་དམིགས་པ་ནི། ཆོས་ཅན་འདྲ༑ དུ་བ་མེད་དེ་བ་མོའི་རེག་པ་ཡོད་པའི་ཕྱིར་རོ། །ཞེས་པ་ལྟ་བུ། དགག་བྱ་དུ་བའི་རྒྱུ་གང་ཡིན་པ་མེའོ། །དེ་དང་འགལ་བ་ནི་གྲང་རེག་གོ །དེས་ཁྱབ་བྱ་ནི་བ་མོའི་རེག་པའོ། །དེ་འདི་ན་དམིགས་པའོ། །ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པ་ནི། མཆོད་སྦྱིན་ཆོས་ཅན། རྟག་པ་མ་ཡིན་ཏེ་ནམ་ཞིག་ན་བྱ་བ་བྱེད་པ་ཉིད་ཀྱི་ཕྱིར་རོ། །དགག་བྱ་རྟག་པའི་ཁྱད་པར་དུ་འཕགས་པར་འགྱུར་བ་མེད་པ་ཉིད་ནི་ཁྱབ་པར་བྱེད་པའོ། །དེ་དང་འགལ་བ་ནི་ཁྱད་པར་དུ་འཕགས་པ་དང་བཅས་པ་ཉིད་དོ། །དེས་ཁྱབ་པ་ནི་བྱ་བ་ཉིད་དོ། །འདི་ལ་དེ་དམིགས་པ་ཉིད་དོ༑ །དེ་ཡང་། དེ་ལྟར་མི་དམིགས་འདི་རྣམ་གསུམ། བཤད་ཀྱང་རྣམ་པ་དུ་མ་སྟེ། །མ་རྟོགས་རྟོགས་དབྱེའི་སྦྱོར་སྒོ་ནས། །དེ་དང་དེ་འགལ་ལ་སོགས་པ། ཞེས་དང་། དེའི་རང་འགྲེལ་དུ། དེ་མ་རྟོགས་པ་དང་། དེ་དང་འགལ་བ་རྟོགས་པ་དང་། འགལ་བའི་འབྲས་བུ་རྟོགས་པ་ཞེས་བྱ་བ་ལ་སོགས་པའི་དབྱེ་བའི་སྦྱོར་བ་དག་གི་ཞེས་གསུངས་སོ། །གསུམ་པ་ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་ནི། རྟགས་ཅན་རང་དོན་རྗེས་དཔག་ཆོས་ཅན། ཚད་མར་འཇོག་པའི་རྒྱུ་མཚན་ཡོད་དེ། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ལ་གཙོ་བོ་ཡིན་པའི་ཕྱིར་རོ། །གཉིས་པ་གཏན་ཚིགས་ལྟར་སྣང་ནི། གཏན་ཚིགས་ལྟར་སྣང་དེ་ལས་གཞན། དེ་ཡང་། མ་གྲུབ་པ་ལ་ཡོད་ཅེས་མེད། །གཉིས་ཀ་ལ་བརྟེན་འཁྲུལ་བ་ཅན། །མེད་པའི་ཆོས་དེ་འགལ་ཡིན་ན། །ཡོད་དེ་ཇི་ལྟར་བསྒྲུབ་བྱར་འགྱུར། ཞེས་པར་རྒྱས་པར་བསྟན་ཏེ། རྟགས་གསུམ་གྱིས་སེལ་བའོ། །དེ་གཏན་ཚིགས་ཡང་དག་དུ་གཟུང་བ་ལས་སྐྱེས་པའི་ཤེས་པ་ནི་རྗེས་དཔག་ལྟར་སྣང་སྟེ། རྟོག་པ་དོན་མི་མཐུན་ནོ། །གསུམ་པོ་རིམ་པ་བཞིན། མ་རྟོགས་པའི་བློ། ལོག་པར་རྟོག་པ། སོམ་ཉི་དག་གོ །རྟགས་གསུམ་གྱིས་སེལ་བ་དེ་དག་གང་ཡིན་ཞེ་ན། མ་གྲུབ་པ་དང་། འགལ་བ་དང་། མ་ངེས་པའང་ངོ་། །ཕྱོགས་ལ་སྒྲུབ་བྱེད་དུ་མ་གྲུབ་པའི་གཏན་ཚིགས། མ་གྲུབ་པའི་གཏན་ཚིགས་ཀྱི་མཚན་ཉིད། དང་པོ་སྦྱོར་བས་བཅུར་བཤད་དེ་བསྡུ་ན་རྒོལ་བ་ལ་བལྟོས་པའི་མ་གྲུབ་པ་དང་། སོམ་ཉི་ཟ་བའི་མ་གྲུབ་གཉིས་སུ་དང་པོ་ཡང་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མ་གྲུབ་པ་དང་། ཕྱིར་རྒོལ་བ་ལ་མ་གྲུབ་པ་དང་། སྔར་རྒོལ་རང་ཉིད་ལ་མ་གྲུབ་པ། ཕྱོགས་གཅིག་ལ་མ་གྲུབ་པ། དང་པོ་ནི། སྒྲ་མི་རྟག་སྒྲུབ་ལ་མིག་གི་གཟུང་བྱ་རྟགས་སུ་བཀོད་པ་ལྟ་བུ། གཉིས་པ་ནི༑ ཤིང་སེམས་ལྡན་དུ་སྒྲུབ་པར་བྱེད་པ་ལ། ཤུན་པ་བཤུས་ན་འཆི་བ་རྟགས་སུ་བཀོད་པ། ཕྱིར་རྒོལ་སངས་རྒྱས་པ་ལ་མ་གྲུབ་པ་ལྟ་བུ། གསུམ་པ་ནི། བདེ་བ་སེམས་མེད་དུ་སྒྲུབ་པ་ལ་སྐྱེ་བ་དང་ལྡན་པ་རྟགས་སུ་བཀོད་པ་ལྟ་བུ། སྔར་རྒོལ་གྲངས་ཅན་རང་ལ་མ་གྲུབ་པ། ཤིང་སེམས་ལྡན་དུ་སྒྲུབ་པ་ལ་གཉིད་ལོག་པ་རྟགས་སུ་བཀོད་པ་སྔར་རྒོལ་གཅེར་བུ་བ་རང་ལ་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་སྟེ། ཤིང་ཐམས་ཅད་མཚན་མོ་ལོ་མ་འཁུམས་པ་ལ་བརྟེན་པ་མ་ཡིན་ནོ། །ས་ལ་སོགས་པ་ཆོས་ཅན་བློ་དང་ལྡན་པ་ལས། སྐྱེ་བར་སྒྲུབ་པ་ལ་འབྲས་བུ་རྟགས་སུ་བཀོད་པ་ལྟ་བུ། གནས་དང་བཟའ་བ་སོགས་ལ་གྲུབ་བོ་ཞེ་ན། དེའི་ཚེ་ཕྱོགས་ཀྱི་ཕྱོགས་གཅིག་གཉིས་ཀ་ལ་མ་གྲུབ་པའོ། །གཉིས་པ་ལ་གསུམ་ལས་རྟགས་ལ་ཐེ་ཚོམ་ཟ་བ་ནི། འདི་ན་མེ་ཡོད་ཞེས་སྒྲུབ་པ་ལ། འདི་དུ་བ་ཡིན་ཞེས་བཀོད་པ་ལྟ་བུས་མཚོན་ནས། བསྒྲུབ་བྱའི་ཆོས་དང་། རྩོད་པའི་གཞི་རྟགས་སུ་བཀོད་པ་ལྟ་བུ། གཏན་ཚིགས་ཉིད་མ་ངེས་པའི་ཕྱིར་ཆོས་ཅན་ལ་ཐེ་ཚོམ་ཟ་བ་ནི་རི་སུལ་དུ་མ་འདི་དག་ལས་འགའ་ཞིག་ན་རྨ་བྱ་ཡོད་པར་སྒྲུབ་པ་ལ་དེའི་སྒྲ་གྲག་པ་བཀོད་པ་ལྟ་བུ། ཆོས་ཅན་མ་གྲུབ་པའི་མ་གྲུབ་པ་ནི། བདག་ཐམས་ཅད་དུ་ཁྱབ་པར་སྒྲུབ་པ་ལ། ཡོན་ཏན་ཐམས་ཅད་དམིགས་པ་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པ་འགལ་བའི་གཏན་ཚིགས་ནི། བསྒྲུབ་པར་བྱ་བ་སྒྲུབ་བྱེད་ཕྱིན་ཅི་ལོག་གི་སྒྲུབ་པའི་གཏན་ཚིགས། འགལ་བའི་གཏན་ཚིགས་ཀྱི་མཚན་ཉིད། མི་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་མཐུན་ཕྱོགས་ལ་མེད་པའི་དང་། མཐུན་ཕྱོགས་ལ་མེད། མི་མཐུན་ཕྱོགས་ལ་ཡོད་པའི་དང་། ཆོས་ཀྱི་རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་སྒྲུབ་པ་དང་། ཆོས་ཅན་རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་དང་ཆོས་ཅན་གྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ལྔའོ། །དང་པོ་ནི། སྒྲ་རྟག་པར་སྒྲུབ་པ་ལ་བྱས་པའི་ཕྱིར་ནམ་མཁའ་ལ་སོགས་པ་བཞིན་ནོ། །ཞེས་པ་ལྟ་བུ། གཏན་ཚིགས་འདི་བུམ་པ་སོགས་མི་མཐུན་ཕྱོགས་ལ་ཡོད། མཐུན་ཕྱོགས་ལ་མ་ཡིན་པས་སོ། །གཉིས་པ་ནི། སྒྲ་རྟག་པར་སྒྲུབ་པ་ལ་རྩལ་མ་ཐག་ཏུ་བྱུང་བ་རྟགས་སུ་བཀོད་པ་ལྟ་བུ། མཐུན་ཕྱོགས་ནམ་མཁའ་ལ་མེད་མི་མཐུན་ཕྱོགས་བུམ་པ་ལ་ཡོད། གློག་ལ་སོགས་པ་ལ་མེད་པ་ལྟ་བུ༑ གསུམ་པ་ནི། མིག་སོགས་གཞན་དོན་བྱེད་པར་བསྒྲུབ་པ་ལ་བསགས་པ་ཡིན་པའི་ཕྱིར་ཁྲི་གདན་སོགས་བཞིན་ཞེས་པ་ལྟ་བུ། བཞི་པ་ནི། ས་ལ་སོགས་པ་བློ་དང་ལྡན་པའི་རྒྱུ་ལས་སྐྱེས་པར་སྒྲུབ་པ་ལ་བརྟེན་པ་དང་བཅས་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །ཞེས་པ་ལྟ་བུ། ལྔ་པ་ནི། བྱེ་བྲག་པས་སྤྱོད་པ་པ་ལ་བདག་སེམས་དང་ལྡན་པར་སྒྲུབ་པ་ལ་སེམས་ཀྱི་བྱིན་གྱིས་བརླབས་པའི་ཕྱིར་ཞེས་པ་ལྟ་བུའོ། །མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་མེད་ཐེ་ཚོམ་ཟ་བའི་གཏན་ཚིགས་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། སོམ་ཉི་ཟ་བའི་གཏན་ཚིགས་ཡིན་པས་ལྷག་ལྡན་གྱི་གཏན་ཚིགས་སུ་ཡང་བརྗོད་དོ། །དབྱེ་ན་སྒྲ་རྟག་སྒྲུབ་ལ་གཞལ་བྱ་བཀོད་པ་ལྟ་བུ། མཐུན་ཕྱོགས་མི་མཐུན་ཕྱོགས་ཐམས་ཅད་ལ་འཇུག་པའི་དངོས་མ་ངེས་སོ༑ །སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལ་མི་རྟག་པ་རྟགས་སུ་བཀོད་པ་ལྟ་བུ། མི་མཐུན་པའི་ཕྱོགས་གཅིག་དང་མཐུན་ཕྱོགས་ཀུན་ལ་འཇུག་པ། སྒྲ་རྩོལ་བྱུང་མ་ཡིན་པར་སྒྲུབ་པ་ལ་མི་རྟག་པ་རྟགས་སུ་བཀོད་པ་ལྟ་བུ། མཐུན་ཕྱོགས་ཀྱི་ཕྱོགས་གཅིག་དང་མི་མཐུན་ཕྱོགས་ཀུན་ལ་འཇུག་པ། སྒྲ་རྟག་པར་སྒྲུབ་པ་ལ་རེག་བྱ་མ་ཡིན་པ་རྟགས་སུ་བཀོད་པ་ལྟ་བུ། གཉི་གའི་ཕྱོགས་གཅིག་ལ་འཇུག་པ། སྒྲ་རྟག་སྒྲུབ་ལ་མཉན་བྱ་རྟགས་སུ་བཀོད་པ་ལྟ་བུ། གཉིས་ཀར་མི་འཇུག་པས་ཐུན་མོང་མིན་པའི་མ་ངེས་པ། སེར་སྐྱ་སོགས་ཐམས་ཅད་མཁྱེན་པ་མ་ཡིན་པར་སྒྲུབ་པ་ལ་སྨྲ་བ་རྟགས་སུ་བཀོད་པ་ལྟ་བུ། མི་མཐུན་ཕྱོགས་ལ་ཐེ་ཚོམ་ཟ་ལ། མཐུན་ཕྱོགས་ལ་ཁྱབ་པའི་མ་ངེས་པ། ཁྱུ་མཆོག་དང་འཕེལ་བ་ལ་སོགས་པ་ཐམས་ཅད་མཁྱེན་པར་སྒྲུབ་པ་ལ། བསྟན་བཅོས་འབའ་ཞིག་བྱེད་པ་རྟགས་སུ་བཀོད་པ་ལྟ་བུ། གསུམ་པ་གཅེས་པ་གཞན་སེལ་གྱི་རྣམ་གཞག་ནི། དངོས་པོར་སྨྲ་བ་དག་འདོད་པའི་གཞན་སེལ་ནི། རིགས་སེལ་དང་དུས་ཀྱི་སེལ་བ་དང་པོ་ལ་རིགས་མི་མཐུན་པ་སེལ་བ། རིགས་མཐུན་པ་སེལ་བ་གཉིས། དང་པོ་ནི། སྐྱེས་པ་ཞེས་པས་ལྷ་སྦྱིན་ལ་སོགས་པ་མི་སེལ་ལ་བུད་མེད་ལ་སོགས་པ་སེལ་བ་ལྟ་བུ༑ གཉིས་པ་ནི། ཆོས་རྣམས་ཅི་ལྟ་བུ་ཞེས། འདོམས་པ་མ་བསལ་བར་སྤྱིའི་མཚན་ཉིད་དྲི་བ་ན་སླར་དྲི་བར་བྱ་དགོས་པས་ཆོས་ལ་དུ་མ་ཡོད་པ་ལས་གཞིའི་ཆོས་རྣམས་ཞེས་བརྗོད༑ ལྷག་མ་དོར་བ་ཡིན་ནོ། །རིགས་ཀྱིས་འདོམས་པ་བསལ་ནས་དུས་ཀྱི་འདོམས་པ་མ་བསལ་ན་ཁྱད་པར་དེ་མི་ཤེས་པས། དེ་སེལ་བ་བསྡུས་པའི་དུས་དང་འབྱེད་ཚིག་དང་ལྡན་པའི་དུས་གཉིས། དང་པོ་མདོ་ཙམ་གྱི་ཚིག་དང་བྱེ་བྲག་རྣམ་པར་འབྱེད་པའི་ཚིག་གི་བར་དུ་བྱེད་པའི་ཚིག་མི་གནས་པའོ། །བསྡུས་པ་དེ་དག་ཉིད་ལེགས་པར་སྦྱར་བའི་ཕྱིར་རྣམ་པར་དབྱེ་བ་སྟོན་པའི་དོན་ཡིན་པས་བྱེད་པ་དང་རྣམ་པར་གཞག་པའི་ལས་ཉིད་གཟུང་བར་བྱའོ། །དེ་བས་ན། གཉིས་པོ་རང་གི་མཚན་ཉིད་སྟོན་པའོ། །དེ་གཉིས་ཀ་གཞན་གཅོད་པའི་ཚིག་དང་ལྡན་ན་ཁྱད་པར་གྱི་སྒྲར་འགྱུར་ལ་གཞན་དུ་མ་ཡིན་ནོ། །འདིར་ནི། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནི་སྟོང་པ་ཉིད་དམ་ཆོས་ཀྱི་དབྱིངས་གཅིག་སྟེ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། ཞེས་འབྱུང་བས་སོ།། །། འདི་ལས་སེམས་འཁྲུལ་པར་བྱེད་པའི་རྒྱུ་གཞན་བྱུང་ན་གོལ་བར་འགྱུར་ཞིང་། དེའི་ཚེ་ཆོས་ཅན་གྱི་སྣང་བ་དུ་མར་འགྱུར་རོ། །འཁྲུལ་པ་དེ་སླར་ལོག་པ་རྐྱེན་ལ་བལྟོས་ཏེ་རྐྱེན་རྙེད་པ་ཅན་རྩ་བ་མེད་པས་ཐག་པ་ལ་སྦྲུལ་གྱི་བློ་བཞིན་དུ་བཟློག་གོ །དེ་ལྟར་ཡང་། ཉིད་ཀྱི་རྣམ་བཤད་ལས། དངོས་པོ་འདི་དག་གི་རིགས་མི་མཐུན་པར་འདོད་པ་དང་། གཞན་ལས་ལོག་པ་ཡིན་ཏེ་གང་གི་དངོས་པོ་ངོ་བོ་གཅིག་པའི་ཕྱིར་རོ། །གང་དང་གང་ལས་ཐ་དད་པ་དེའི་དབྱེ་བ་ཤེས་པར་བྱ་བའི་ཕྱིར་ཐ་སྙད་དུ་བྱས་པའི་སྒྲ་དག་གི་དེ་དང་དེ་ལས་ཐ་དད་པའི་བརྡར་བྱས་ནས་ངོ་བོ་ཉིད་ཐ་མི་དད་ཀྱང་ཆོས་དུ་མ་ཤེས་པར་བྱེད་དོ་ཞེས་འབྱུང་བས་སོ། །རྐྱེན་དེ་ཡང་། གང་ཕྱིར་དངོས་ཀུན་རང་བཞིན་གྱི། །རང་རང་ངོ་བོ་ལ་གནས་ཕྱིར༑ ཞེས་པ་རང་གི་ངོ་བོ་ཉིད་རིག་པ་ལ་གནས་ན། མཐུན་དངོས་གཞན་གྱི་དངོས་དག་ལ། །ལྡོག་པ་ལ་ནི་བརྟེན་པ་ཅན། །རིགས་མཐུན་པ་དང་མི་མཐུན་པ་ལྡོག་པར་འགྱུར་ཏེ་དེ་དག་དེས་སྟོང་ཞེས་པའི་དོན་ནོ། །དེ་ཡང་། དབུ་མར། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང་། ཞེས་པའི་དོན་དུ་རིག་གོ །གཞན་ཆོས་ཅན་གྱི་འཇུག་པ་མེད་པ་དེའི་ཚེ་གཞན་སེལ་གྱི་སྒྲ་འཇུག་པ་ཡིན་ལ་གང་ཆོས་ཆོས་ཞེས་བརྗོད་པ་དག་མེད་ན་དེའི་དེ་ཁོ་ན་ཉིད་ཀྱང་མི་འགྲུབ་པ་འདིས་ཀྱང་མཐའ་བྲལ་དུ་བསྟན་པ་ཡིན། དེ་ཡང་། དེ་ཡི་ཇི་ལྟར་ཀུན་བརྟགས་པ། །དེ་ནི་དམ་པའི་དོན་དུ་མེད། ཅེས་འབྱུང་བས་སོ། །གཉིས་པ་གཞན་དོན་རྗེས་དཔག་ལ། སྒྲུབ་པ་དང་སུན་འབྱིན་གྱི་རྣམ་གཞག །བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་རྣམ་གཞག་གཉིས་ལས། དང་པོ་ལ་གཞུང་འགྲེལ་གྱིས་མདོར་བསྟན། མཐའ་དཔྱད་ཀྱིས་རྒྱས་པར་བཤད། ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་གསུམ་ལས། དང་པོ་ནི། མདོར། གཞན་དོན་རྗེས་སུ་དཔག་པ་ནི། རང་གི་མཐོང་དོན་རབ་གསལ་བྱེད། དེའི་རང་འགྲེལ་ལས། ཇི་ལྟར་རང་ལ་ཚུལ་གསུམ་པའི་རྟགས་ལས་རྟགས་ཅན་གྱི་ཤེས་པ་སྐྱེས་པ་དེ་ལྟར། གཞན་ལ་ཚུལ་གསུམ་པའི་རྟགས་ལས་རྟགས་ཅན་གྱི་ཤེས་པ་བསྐྱེད་པར་འདོད་ནས་ཚུལ་གསུམ་པའི་རྟགས་བརྗོད་པ་ནི་གཞན་གྱི་དོན་རྗེས་སུ་དཔག་པ་སྟེ། རྒྱུ་ལ་འབྲས་བུར་བཏགས་པའི་ཕྱིར་རོ། །ཞེས་སྒྲུབ་ངག་ནི་གཞན་ལ་རྗེས་སུ་དཔག་པའི་ཤེས་པ་སྐྱེ་བར་འདོད་པ་ཡིན་ལ། དེ་ཡང་ཚུལ་གསུམ་པའི་རྟགས་བསྟན་པ་ལས་ཡིན་ཞིང་། དེ་ཡང་ངག་གི་རྣམ་པར་རིག་བྱེད་ཀྱི་ཚིག་ཏུ་སྦྱར་བ་འདིའི་སྒོ་ནས་སོ། །དེ་ཡང་རང་གི་མཐོང་བ་རབ་ཏུ་གསལ་བར་བྱེད་པ་དང་། དོན་རབ་ཏུ་གསལ་བར་བྱེད་པ་ཞིག་དགོས་པས། ལུང་ལས། གཞན་གྱི་མཐོང་བ་སྒྲུབ་བྱེད་མིན། །དོན་མེད་ལས་ཀྱང་འགྲུབ་མ་ཡིན། ཞེས་འབྱུང་བས་སོ། །དང་པོ་འཆད་པའི་ཕྱིར། གཞན་ལ་བསྟན་པར་བྱ་ཉིད་ཕྱིར། །བདག་མཐོང་མིན་ཡང་གཞན་དག་གི མཐོང་བ་སྒྲུབ་བྱེད་ཅེས་ཁ་ཅིག གྲངས་ཅན་གྱི་གཞན་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རང་གི་མཐོང་བ་མིན་ཡང་གཞན་གྱི་མཐོང་བ་སྒྲུབ་པར་བྱེད་པ་ཡིན་ཏེ། དཔེར་ན་བློ་དང་བདེ་བ་ལ་སོགས་པ་ནི་སེམས་མེད་པ་ཡིན་ཏེ་སྐྱེ་བ་ཅན་ནམ་མི་རྟག་པ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་ནོ། །ཞེས་བྱ་བ་ལྟ་བུའོ། །དེ་སྤང་བའི་ཕྱིར་བདག་གི་མཐོང་བའི་ཚིག་ཅེས་སྨོས་སོ༑ །འདིས་བློའི་སྐྱོན་བསལ། གཉིས་པ་དོན་སྨོས་པ་ནི་དགོས་པ་རྣམ་པ་གཉིས་ཏེ། གང་ལས་དོན་གྲུབ་པ་མེད་པའི་ཕྱིར་སྒྲ་དང་རྟོག་པ་ཙམ་གྱིས་སྦྱར་བའི་བདག་ཉིད་ཅན་གཏན་ཚིགས་མ་ཡིན་པར་སྟོན་པ། དོན་སྨོས་དེ་ནི་སྒྲ་དག་དང་། རྟོག་པས་སྒྲོ་བརྟགས་བདག་ཉིད་ཅན། །བརྟགས་ཉིད་མིན་པ་སྒྲུབ་དོན་དུ། །རང་གི་མཐོང་བའི་དོན་ལ་དོན་གྲུབ་པར་བྱེད་པ་ཚུལ་གསུམ་པའི་རྟགས་ཉིད་ཡིན་ལ་དེ་སྟོན་པ། དོན་ལས་དོན་ནི་གྲུབ་ཕྱིར་རོ། ཞེས་བྱ་བས་སོ། །འདིས་སྒྲ་སྐྱོན་ཡན་ལག་གཉིས་ལས་གཞན་རྐྱང་པ་འགོད་པ་སོགས་དང་། དེས་ལྟར་སྣང་ཅན༑ དོན་སྐྱོན་གཏན་ཚིགས་ལྟར་སྣང་བ་འགོད་པ་སེལ་ལོ། །གཉིས་པ་མཐའ་དཔྱད་ཀྱིས་རྒྱས་པར་བཤད་པ་ནི། རང་གི་མཐོང་བའི་ཚུལ་གསུམ་པའི་རྟགས་གཞན་ལ་རབ་ཏུ་གསལ་བར་བྱེད་པའི་ཚིག་སྦྱོར། སྒྲུབ་ངག་ཡང་དག་གི་མཚན་ཉིད། འདི་ནི་གཞན་གྱི་ཆེད་ཁོ་ནར་བཞག་པས་རང་དོན་སྒྲུབ་ངག་ནི་མི་སྲིད་ལ། སྦྱོར་བའི་བྱེ་བྲག་གི་རྣམ་པ་གཉིས་སུ་དབྱེ་སྟེ་ཆོས་མཐུན་སྦྱོར་དང་། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གོ །དཔེའི་ཆོས་ཅན་དང་བསྒྲུབ་པར་བྱ་བའི་ཆོས་འདྲ་བར་གཏན་ཚིགས་ཀྱིས་བྱས་པ་ནི་ཆོས་མཐུན་པ་ཡིན་ལ། དེ་སྦྱར་བ་ནི་ཆོས་མཐུན་སྦྱོར་རོ། །བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས་སོ་ཞེས་པ་ལྟ་བུ། སྒྲུབ་ཆོས་མི་རྟག་པ་དང་། དཔེ་བུམ་པ་དང་། ཆོས་ཅན་སྒྲ་བྱས་པར་མཚུངས་པ་ཉིད་ཀྱིས་སོ༑ །དཔེ་དང་སྒྲུབ་ཆོས་མི་འདྲ་བ་གཏན་ཚིགས་ཀྱིས་བྱས་པ་ནི་ཆོས་མི་མཐུན་པ་ཡིན་ལ། དེ་སྦྱར་བས་ན་ཆོས་མི་མཐུན་སྦྱོར་རོ། །དེ་ཡང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན༑ སྒྲ་ནི་བྱས་པ་ཡིན་ཞེས་པ་ལྟ་བུ། འདིས་མ་བྱས་པ་སྒྲུབ་ཆོས་དང་། ཆོས་ཅན་སྒྲ་དང་། དཔེ་ནམ་མཁའ་བརྗོད་པར་བྱ་བ་མི་མཐུན་པས་སོ། །དེ་དག་རང་བཞིན་རྟགས་ཀྱི་སྦྱོར་བའི་དཔེར་བརྗོད་དོ། །གང་ན་དུ་བ་ཡོད་ན་མེ་ཡོད་པས་ཁྱབ། དཔེར་ན་ཚང་མང་བཞིན་འདི་ན་ཡང་དུ་བ་ཡོད་པའི་ཕྱིར་རོ། །འབྲས་རྟགས་ཀྱི་མཐུན་སྦྱོར་གྱི་དཔེའོ། །གང་མེ་མེད་ན་དུ་བ་མེད་པས་ཁྱབ། དཔེར་ན་རྒྱ་མཚོ་ཆེན་པོ་བཞིན། འདི་ན་ཡང་དུ་བ་ཡོད་པའོ་ཞེས་འབྲས་རྟགས་ཀྱི་མི་མཐུན་སྦྱོར། གང་ཡོད་ལ་དམིགས་པའི་རིག་བྱར་གྱུར་པ་གང་མ་དམིགས་པ་ཡིན་ན་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་པས་ཁྱབ། དཔེར་ན་སྔོ་སོགས་ཀྱི་བྱེ་བྲག་བཞིན། འདི་ན་ཡང་དམིགས་པའི་རིག་བྱར་གྱུར་པའི་བུམ་པ་མི་དམིགས་སོ། །ཞེས་པ་ལྟ་བུ། དགག་རྟགས་ཀྱི་མཐུན་སྦྱོར། གང་དམིགས་པའི་རིག་བྱར་གྱུར་པ་དེ་ཡིན་ན་དམིགས་པས་ཁྱབ། དཔེར་ན་སྔོ་སོགས་ཀྱི་བྱེ་བྲག་བཞིན། འདི་ན་དམིགས་པའི་མཚན་ཉིད་ཐོབ་པ་བུམ་པ་མི་དམིགས་སོ། །ཞེས་པ་དགག་རྟགས་ཀྱི་མི་མཐུན་སྦྱོར་བའོ། །དེ་ལྟ་བུའི་སྒྲུབ་ངག་ཐམས་ཅད་ཚུལ་གཅིག་དངོས་སུ་བརྗོད། ཅིག་ཤོས་ཤུགས་ཀྱིས་འཕངས་པ་ཡིན་པས་ན་ཡན་ལག་གཉིས་ལྡན་ནོ། །སྒྲུབ་ངག་འགོད་ཚུལ་འདི་ལྟར་ཡང་། རྩོད་རིགས་སུ། གང་ཡོད་པའམ་བྱས་པ་དེ་ཐམས་ཅད་མི་རྟག་ཏེ་དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ། །སྒྲ་ཡང་ཡོད་པའམ་བྱས་པ་ལ་སོགས་པ་ལྟ་བུའོ། །ཞེས་འབྱུང་བས་སོ། །འདིར་རྩོད་པའི་གྲྭར་དགོས་པའི་དབང་དུ་མཛད་པས། རྒོལ་ཕྱིར་རྒོལ་དཔང་པོ་གསུམ། དང་པོ་སྔ་རྒོལ་ཏེ་རྩོད་པའི་འདུན་སར་སྒྲུབ་པའི་ཡན་ལག་བརྗོད་པར་ཁས་ལེན་པའི་གང་ཟག གཉིས་པ་ནི། རྩོད་པའི་འདུན་སར་སྒྲུབ་པའི་ཡན་ལག་ལ་སུན་འབྱིན་བརྗོད་པར་ཁས་ལེན་པའི་གང་ཟག གསུམ་པ་ནི། རྩོད་པའི་འདུན་སར་རྒོལ་ཕྱིར་རྒོལ་རྒྱལ་ཕམ་ཤན་འབྱེད་པ་ཁས་བླངས་པའི་གང་ཟག་སྟེ། འདི་ལ་རྗེས་སུ་བརྗོད་པ་དང་། ཚར་གཅོད་གཉིས་སོ། །རྒོལ་བ་ཡང་དག་ཏུ་འགྲོ་མི་འགྲོ་ནི། སྔར་རྒོལ་རིགས་པས་འཐད་པ་ཁོ་ནས་སྒྲུབ་པའི་ཡན་ལག་བརྗོད་ན། ཡང་དགབཟློག་པ་ལྟར་སྣང་། སྒྲུབ་པ་ལྟར་སྣང་སུན་འབྱིན་ཡང་དག་པས་སུན་འབྱིན་པ་ཕྱིར་རྒོལ་ཡང་དག བཟློག་པ་ལྟར་སྣང་དཔང་པོ་རྗེས་སུ་བརྗོད་པ་པོ་ཁས་བླངས་ན་རྒྱལ་ཕམ་རིག་པ་བཞིན་དུ་འབྱེད་ནུས་པ། ཕམ་ནས་ཁས་མི་ལེན་པ་ཚར་གཅོད་པ་ཡང་དག བཟློག་པ་ལྟར་སྣང་ངོ་། །དམ་བཅའ་ཡང་སྒྲུབ་པའི་ངག་འགོད་ཚུལ་གཉིས་གང་རུང་བཀོད་ནས། དེ་ལ་ཕ་རོལ་རྩོད་ན་དེའི་ཚེར་མ་འབྱིན་ནུས་པ་ཞིག་དགོས་ལ། ཚེར་མ་ཡང་རྟགས་ལ་ནི་མི་དགོས་ཏེ། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་གཟུང་ངོ་། །ཞེས་འབྱུང་བས་མཐུན་སྣང་གྲུབ་པས་སོ། །ཁྱབ་པ་ལ་ཚེར་མ་འབྱིན་པ་ཡིན་ཏེ། དེ་འབྱིན་ཚུལ་ཡང་རྩོད་རིགས་སུ་རྒྱས་པར་གསུངས་སོ༑ །དོན་ཁྱབ་སྒྲུབ་བྱེད་དགོས་པའོ། །འོ་ན་རྟགས་སྒྲུབ་པ་གཞུང་ལས་བྱུང་བ་ཅི་ཞེ་ན་དེ་ནི་རྩོད་པའི་སྐབས་གཞན་དོན་ལ་མ་ཡིན་གྱི་རང་དོན་གྱི་སྐབས་ལ་དགོངས་སོ། །དཔེར་ན་གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། ཞེས་གསུངས་པའི་རྟགས་སྒྲུབ་པ་ལ། དོན་བྱེད་ནུས་དང་མི་ནུས་ཕྱིར། ཞེས་འབྱུང་བ་ལྟ་བུའོ། །སྒྲུབ་པར་བྱེད་པའི་ཡན་ལག་མི་བརྗོད་པ་དང་། མ་ཚང་བ་བརྗོད་པ་དང་། དཔེ་དང་གཏན་ཚིགས་ལྟར་སྣང་བརྗོད་པ་དང་། རིགས་པ་དང་མི་མཐུན་པའི་ལན་འདེབས་པ་སོགས་ཐམས་ཅད་ཚར་གཅོད་ཀྱི་གནས་སུ་བཤད་དོ༑ །དེ་ཡང་ཕལ་ཆེར་བྱས་ན་མི་རྟག་པའི་ཁྱབ་པ་ཤེས་ཟིན་མ་བརྗེད་ཁར་འབྱིན། སྒྲ་བྱས་པ་མི་དྲན་དྲན་རུང་ན་ཡོད་པའི་རྒོལ་བའི་ངོར། འོ་ན་སྒྲ་ཡང་བྱས་སོ་ཞེས་བརྗོད་ན་དེ་ཕྱོགས་ཆོས་རྐྱང་པའི་སྒྲུབ་ངག་ཏུ་འགྱུར་རོ། །ཞེས་སོ། །དེ་ནི་མི་འཐད་དེ། སྔར་རྒོལ་ཁྱབ་པ་དྲན་ཕྱོགས་ཆོས་མི་དྲན་པ་ཞིག་ན། དེའི་ཕྱོགས་ཆོས་ཕྱིར་རྒོལ་གྱིས་འགོད་རིགས་པར་ཐལ་ཏེ། དེ་དམ་བཅའ་བ་པོ་རང་གིས་འགོད་མ་ནུས། གཞན་དཔང་པོས་ནི་མ་ཡིན་པས་སོ། །འདོད་ན་དམ་བཅའ་སྔར་རྒོལ་ཕྱིར་རྒོལ་བསྡོམས་ནས་བཞག་པར་སོང་བས་སུན་འབྱིན་དཔང་པོས་བརྗོད་དགོས་པར་ཐལ་ལོ། གཞན་ཡང་སྒྲུབ་པའི་ཡན་ལག་མ་ཚང་བ་བརྗོད་པས་སྒྲུབ་ངག་དེ་ལྟར་སྣང་སྟེ། བརྗོད་པ་པོས་ཕྱོགས་ཆོས་སམ་རྗེས་འགྲོ་འམ་བཟློག་པ་རྐྱང་པ་བརྗོད་པས་ཚུལ་གསུམ་མ་ཚང་པས་སོ། །གང་ལ་ཚུལ་གསུམ་མ་ཚང་བ་བརྗོད་པ་དེ་ནི་སྒྲུབ་ངག་ལྟར་སྣང་བའོ་ཞེས་ཀྱང་བསྡུས་སོ། །སུན་འབྱིན་ནི་ཐལ་འགྱུར་ཏེ། མདོར། དམ་བཅའ་གཏན་ཚིགས་སྒོ་ནས་ནི༑ གང་ཞིག་མི་འདོད་ཐལ་བའི་ཕྱིར། ཞེས་གསུངས་ལ། དེ་ཉིད་གཞན་གྱིས་བརྟགས་པ་ཡི། །ཐལ་བ་སྒྲུབ་པ་གཉིས་འབྲེལ་ཕྱིར། །གཅིག་མེད་ན་གཞན་དགག་ཕྱིར་ཡིན། །ཞེས་པས་བསྟན་ཏེ་གཞན་གྱིས་བརྟགས་པ་ནི་གཞན་གྱི་འདོད་པའོ། །ཐལ་བ་ནི་དེ་དང་འབྲེལ་ལ་རྒོལ་བ་མི་འདོད་པ་དེ་ཐལ་བར་འཕེན་པ་སྟེ། གྲངས་ཅན་སྒྲ་རྟག་པར་དམ་བཅའ་བ་ལ། སྒྲ་ཆོས་ཅན་མ་བྱས་པར་ཐལ་རྟག་པའི་ཕྱིར་ཞེས་འགོད་པ་ལྟ་བུ། སྒྲུབ་བྱེད་མི་འཕེན་པ་ལ་སོགས་པ་ནང་གསེས་དང་བཅས་པ་ནི་བོད་ཁོ་ནའི་བརྡ་ཆད་དོ། །གསུམ་པ་ནི། སྒྲུབ་པའི་ངག་ཆོས་ཅན་རྩོད་པའི་གྲྭར་སྔར་རྒོལ་ཁོ་ནས་འགོད་པར་བྱ་བ་ཡིན་ཏེ། དམ་བཅའ་བ་སྟོན་པའི་ཚིག་སྦྱོར་ཡིན་པའི་ཕྱིར། ཐལ་འགྱུར་ཆོས་ཅན། རྩོད་པའི་གྲྭར་ཕྱིར་རྒོལ་ཁོ་ནས་འགོད་པ་ཡིན་ཏེ། དམ་བཅའ་བ་སུན་འབྱིན་པའི་ངག་ཡིན་པའི་ཕྱིར་རོ། །སྒྲུབ་ངག་ལྟར་སྣང་བ་ནི་སྒྲུབ་བྱེད་ལྟར་སྣང་སྟེ། དེ་ཡང་མུ་སྟེགས་བྱེད་ཀྱིས་སངས་རྒྱས་པ་ལ་བསྟན་པ། ཕལ་ཆེར་མ་གྲུབ་འགལ་བ་མ་ངེས་པའི་གཏན་ཚིགས་སུ་བཞག་པ་ལྟ་བུའོ། །དཔེ་ལྟར་སྣང་བ་དག་དང་བཅས་པའང་ཡིན་ནོ། །སུན་འབྱིན་ལྟར་སྣང་བ་དམ་བཅའ་ཡང་དག་ལ་གནོད་བྱེད་དུ་བཀོད་པ་སྟེ་དེས་སུན་འབྱིན་མི་ནུས་པས་སོ། །གྲུབ་པའི་མཐའ་འོག་མའི་འཐད་པས་གོང་མའི་གྲུབ་པའི་མཐའ་སུན་འབྱིན་པར་བྱེད་པ་ལྟ་བུའོ། །དེ་དག་ཀྱང་རྟོག་གེའི་ཚིག་དོན་བརྒྱད་དེ༑ མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་བྱེད། །སྒྲུབ་པ་དང་ནི་སུན་འབྱིན་དག །ལྟར་སྣང་བཅས་པ་གཞན་གོ་བྱེད། །ཅེས་པའོ། །གཉིས་པ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་ནི། གཞུང་འབྲེལ་གྱིས་མདོར་བསྟན། མཐའ་དཔྱད་ཀྱིས་རྒྱས་པར་བཤད། ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་གསུམ་ལས། དང་པོ་ནི། མདོར། དེ་ལ་དཔག་བྱ་བསྟན་པ་ནི། གཏན་ཚིགས་དོན་གྱི་ཡུལ་དུ་འདོད། རང་གི་ངོ་བོ་ཉིད་དང་བསྟན། །རང་རང་འདོད་གྱུར་མ་བསལ་བ། ཞེས་གསུངས་པ། དེ་ཉིད་ངོ་བོ་ཚིག་ཕྲད་བདག་ཉིད་འདོད༑ ཚིག་གི་ཞེས་གསུངས་པས་རྒྱས་པར་བཤད་དོ། །གཉིས་པ་ནི། བསྒྲུབ་པར་བྱ་བ་ཡིན་པ། རྒོལ་བས་འདོད་པ། ཚད་མས་མ་བསལ་བ་སྟེ། གསུམ་ལྡན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད། བཟློག་པ་ལྟར་སྣང་ངོ་། །རྣམ་དཔྱད་ཀྱི་སྒོ་ནས་བཞིར་བསྡུ་བ་ལ། དེའི་མཚན་ཉིད་བཞི། མ་གྲུབ་སྒྲུབ་བྱེད་མིན་དོན་བརྗོད། རྒོལ་བས་ཁས་བླངས་པ་གཟུང་ངོ་། །རང་གི་ངོ་བོས་ནི་བསྒྲུབ་བྱ་གྲུབ་པ་བཅད། ཁོ་ནས་ནི་མ་གྲུབ་ཀྱང་སྒྲུབ་བྱེད་དུ་འདོད་པ་བཅད། །བདག་ཉིད་ཀྱི་དེའི་ཚེ་རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་བྱར་མི་འདོད་པ་བཅད། འདོད་པས་ནི་སྨྲས་པ་ཙམ་བཅད། ཚིག་གིས་ཚད་མས་བསལ་བ་རྣམས་བཅད་དོ། །དེ་ཉིད་རིགས་ཐིགས་སུ་དེ་ཉིད་ཀྱི་ངོ་བོ་དང་། རྒོལ་བས་འདོད་པ་དང་། བསྒྲུབ་བྱར་འདོད་པ་མ་བསལ་བ་ནི་ཕྱོགས་ཡིན་ཏེ། དེ་ལྟར་ན་ཕྱོགས་ཀྱི་མཚན་ཉིད་ཁ་ན་མ་ཐོ་བ་མེད་པའོ། །ཞེས་པས། རང་ཉིད་ལོགས་སུ་མ་བྱས་པར་རང་ཉིད་ཀྱི་འདོད་པ། །རང་ཉིད་ཀྱིས་ཁས་བླངས་པའི་ཚིག་ཅེས་སྦྱར་བས་སོ༑ །གསུམ་པ་ནི། མཚན་ཉིད་དེ་ལྟ་བུ་ཆོས་ཅན། བསྒྲུབ་བྱ་ཡང་དག་གི་མཚན་ཉིད་ཡིན་ཏེ། བསྒྲུབ་བྱ་ཡང་དག་ཏུ་འཇོག་བྱེད་ཡིན་པའི་ཕྱིར་རོ། །གང་གིས་དཔོག་པ་སྒྲུབ་བྱེད་ཀྱི་རྣམ་གཞག་ནི། གཏན་ཚིགས་རབ་ཏུ་དབྱེ་བའི་དོན། བདེ་བར་གཟུང་བ་བསྒྲུབ་བྱའི་ཕྱིར། ཕྱོགས་ཆོས་རབ་ཏུ་དབྱེ་བ་ཡི། །མདོར་བསྡུས་པ་ནི་གསུངས་པ་ཡིན། སློབ་དཔོན་ཕྱོགས་ཀྱི་གླང་པོས་གཏན་ཚིགས་ཀྱི་རབ་དབྱེ་རྣམ་པ་དགུར་བཤད་པ་ནི། བསྒྲུབ་བྱ་སྒྲུབ་པ་དང་། དེ་མིན་པ་བསྒྲུབ་བྱ་ལྟར་སྣང་བ་བདེ་བླག་ཏུ་རྟོགས་པར་བྱེད་པའི་ཕྱིར་ཡིན་པས་དེ་ཡང་། གཞལ་བྱ་བྱས་དང་མི་རྟག་དང་། བྱས་དང་མཉན་བྱ་རྩོལ་ལས་བྱུང་། མི་རྟག་རྩོལ་བྱུང་རེག་བྱ་མིན། །ཕྱོགས་སྒྲ་རྟག་མི་རྟག་རྩོལ་བྱུང་། །རྟག་རྟག་རྟག་དང་རྩོལ་བྱུང་མིན༑ །མི་རྟག་རྟག་པ་བསྒྲུབ་བྱའི་ཆོས། །མཁའ་བུམ་བུམ་མཁའ་བུམ་གློག་མཁའ། །མཁའ་བུམ་མཁའ་བུམ་ནམ་མཁའ་གློག །བུམ་གློག་མཁའ་བུམ་གློག་ནམ་མཁའ། །རྡུལ་ཕྲན་ལས་དང་བུམ་པ་དཔེ། །སྟེང་འོག་གཉིས་ལ་ཡང་དག་གནས། །ལོགས་གཉིས་འགལ་བའི་རྟགས་ཡིན་ནོ། །ཟུར་བཞི་དངོས་ཀྱིས་མ་ངེས་པ། །དབུས་སུ་ཐུན་མོང་མིན་པའོ། །མཐུན་ཕྱོགས་ཁོ་ན་ཁྱབ་བྱེད་དང་། །རྣམ་གཉིས་མི་མཐུན་ཕྱོགས་ཡོད་ལ། །མཐུན་མིན་མི་མཐུན་ཕྱོགས་གཅིག་ཡོད། །ཐམས་ཅད་འཇུག་དང་མི་མཐུན་ལ། །གཅིག་དང་མཐུན་པའི་ཕྱོགས་ཀུན་ལ༑ །མཐུན་ཕྱོགས་གཅིག་ལ་མི་མཐུན་ཀུན། །གཉིས་ཀའི་ཕྱོགས་གཅིག་གཉིས་ཀར་མིན། །ཞེས་པ་ཉིད་དོ། །སློབ་དཔོན་ཕྱོགས་གླང་ཆོས་ཅན། ཕྱོགས་ཆོས་ཅན་གྱི་རབ་དབྱེ་མདོར་བསྡུས་ནས་གསུངས་པའི་དགོས་པ་ཡོད་དེ། བསྒྲུབ་བྱ་སྒྲུབ་པ་ནུས་པ་དང་དེ་ལས་བཟློག་པ་བདེ་བླག་ཏུ་རྟོག་པར་འགྱུར་པའི་ཕྱིར་རོ། །དཔལ་ལྡན་གྲགས་པའི་གཏེར་གྱི་རིང་ལུགས་དང་༑ །གངས་ཅན་རིགས་པའི་མེས་ཀྱི་གཏམ་གྱི་ཆ། །རྣམ་པར་འབྱེད་པའི་སྨྲང་འདོན་ལྷའི་བླ་མ། །བློ་གསལ་དབང་པོ་པད་དཀར་འཛིན་མིན་སུ། །འདི་ཡང་བྱང་ལ་སྟོད་ཀྱི་རབ་འབྱམས་པ་བྱམས་པ་རྒྱལ་མཚན་གྱིས་བསྐུལ་ནས། མདོ་སྡེ་བདུན་འགྲེལ་པ་དང་བཅས་པའི་ལུགས། གངས་ཅན་ཁོ་ནར་གྲགས་པའི་གཏམ་གྱིས་མ་བསླད་པ་དགེ་སློང་པདྨ་དཀར་པོས་བྱར་ཡུལ་སའི་ཐིག་ལེ་ཕུན་ཚོགས་རབ་བརྟན་དུ་སྦྱར་བ་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག། སརྦ་མངྒ་ལཾ།། །།
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net