མངོན་པར་རྟོགས་པ་རྒྱན་གྱི་འགྲེལ་པ་རྗེ་བཙུན་བྱམས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།
༄༅། །མངོན་པར་རྟོགས་པ་རྒྱན་གྱི་འགྲེལ་པ་རྗེ་བཙུན་བྱམས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །[1]
༄༅། །ཕུལ་ཕྱིན་བྱིན་རླབས་བདུད་རྩི་དེས། །མཁས་པའི་ལང་ཚོ་དར་བྱས་བའི། །བཀའ་དྲིན་དྲན་པའི་ཕྱག་ཐམས་ཅད། །འཇམ་དབྱངས་སྨྲ་བའི་ཟླ་བར་འཚལ། །གྲགས་ལྡན་མགོ་བོའི་ནོར་བུ་བརྡར་བས་ཞབས་མཐིལ་དམར་བའི་བཀྲ་ཤིས་ཚོན་ཞིག་འཛག་པའི་རྡུལ། །དབྱངས་ཅན་རྒན་པོའི་ཚོགས་ཀྱི་མངོན་རྟོགས་མགྲིན་པའི་ཕུག་ཏུ་བསྟོད་བཀུར་བསྔགས་པ་ཐམས་ཅད་ཀྱི། །རི་མོར་བྱེད་པའི་རྒྱན་དུ་སྤྱད་ཀྱང་ཅུང་ཟད་མ་གོད་དངོམ་འོས་ཉིད་དང་འབྱུང་ཁུངས་ནི། །ཆོས་ཀྱི་རྗེ་ཉིད་མི་ཡུལ་འབྱོན་དུས་དགའ་ལྡན་བདག་པོར་དབང་བསྐུར་མཛད་པ་དེ་ལ་འདུད། །བསྟན་བཅོས་བྱེད་པ་རྣམས་ཀྱིས་ཉིན་དང་ཉིན། །འདི་ཡུལ་མ་ཁྱམས་ས་དེ་ག་ན་ཡོད། །འོན་ཀྱང་ཆོས་ཀྱི་དེ་ཉིད་མཐོང་ཉེ་བར། །སུ་སོང་རྗེས་སུ་འཇུག་འདོད་བདག་ལ་སྐྱེས། །འོ་སྐོལ་གྱི་སྟོན་པ་ཐུགས་རྗེ་ཅན་དེས་འགྲོ་བ་ཐམས་ཅད་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ལ་འགོད་པའི་ཐབས་སུ་རང་རང་གི་རིགས་དང་རྗེས་སུ་མཐུན་པའི་ཆོས་བསྟན་པ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་འདུ་ལ། དེ་ཐམས་ཅད་ཀྱི་ནང་ནས་རབ་བམ་མཆོག་ཏུ་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་དེ་འཆད་པར་བྱའོ། །དེ་ལ་སྟོན་པའི་ལུང་ཤེར་ཕྱིན་བཤད་པའི་ལུས་སུ་བསྟན། རྗེ་བཙུན་གྱིས་ཚིག་ལེར་བྱས་པ་དེའི་རྒྱན་དུ་བཤད། སློབ་དཔོན་གྱིས་བཀྲལ་བ་ཀུན་གྱི་རྒྱན་དུ་གྱུར་ཚུལ་གཏམ་བཞིན་དུ་གླེང་བ་ལས། དང་པོ་ལ། ཕུན་སུམ་ཚོགས་པ་ལྔ་ལྡན་དུ་གསུངས་ཚུལ། གསུངས་པ་ལྟར་སྡུད་པ་པོས་བསྡུས་ཚུལ། བསྡུས་པ་ལྟར་གནས་པའི་ཁྱད་པར་བཤད་པ་ལས། དང་པོ་ནི། སྟོན་པ་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། གནས་ཕུན་སུམ་ཚོགས་པ་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རིར། འཁོར་ཕུན་སུམ་ཚོགས་པ་རྣམ་པ་བཞི་དང་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ། རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པས་འཇིག་རྟེན་ལས་འདས་པའི་རྨད་དུ་བྱུང་བའི་ཆོས་བསྟན་པས་དད་པར་མཛད་དེ། ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་བསམ་པ་དང་བག་ལ་ཉལ་ཡོངས་སུ་མཁྱེན་པས་ཡོངས་སུ་སྨིན་པར་མཛད་ནས། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཐེག་པ་གསུམ་གྱིས་འདུལ་བའི་སེམས་ཅན་ཁྱད་པར་དུ་དྲན་པ་ལ་སོགས་པ་བྱེད་པ་རྣམས་གྲོལ་བར་མཛད་པས་མངོན་པར་འདོད་པའི་དོན་བྱེད་ཅིང་། སྐུས་སྤྱོད་ལམ། གསུང་གིས་ཆོས་འཆད་པ་དང་། ཆོས་དང་སེམས་ཅན་ལ་དམིགས་པའི་ཐུགས་ཀྱིས་སྙོམས་པར་འཇུག་པ་དང་། ནང་དུ་ཡང་དག་པར་འཇོག་པ་བཞིས་བཞུགས་སོ། །དེ་དག་ནི་ཐུན་མོང་བའི་གླེང་གཞི་ཡིན་ལ། ཤེར་ཕྱིན་འདི་ཉིད་ཀྱི་ཁྱད་པར་གྱི་གླེང་གཞི་ནི། དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱི་གདན་སེང་གེའི་ཁྲི་བཤམས་ནས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བཅིང་བ་སྔོན་དུ་འགྲོ་བས་སྐྱིལ་མོ་ཀྲུང་བཅས། སྐུ་དྲང་པོར་བསྲང་། དྲན་པ་མངོན་དུ་བཞག་པར་མཛད་དོ། །ཇི་ལྟར་ཉིད་ཀྱིས་གདན་བཤམས་ཞེ་ན། བཅོམ་ལྡན་འདས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པར་སྟོན་པ་ན་ནི་ཉན་ཐོས་ཀྱིས་བཤམས་པའི་གདན་ལ་བཞུགས། ཐེག་པ་ཆེན་པོ་དང་ལྡན་པར་སྟོན་པ་ན་ནི་བྱང་ཆུབ་སེམས་དཔས་བཤམས་པའི་གདན་ལ་བཞུགས་ལ། བཤད་པ་འདི་སངས་རྒྱས་རྣམས་ཀྱི་ཐུན་མོང་མ་ཡིན་པ་ཡིན་པས་འདིའི་སྟན་ཡང་ང་ཉིད་ཀྱིས་གདིང་བར་ནུས་ཀྱི་གཞན་གྱིས་མ་ཡིན་ནོ། །ཞེས་དང་། གཞན་ཡང་འདིར་འདུ་བ་མང་དུ་འདུ་ལ། དེ་དག་གི་མོས་པ་དང་བསམ་པ་ཡང་ཐ་དད་དེ། དེ་བས་ན་དེ་དག་ཐམས་ཅད་དང་མཐུན་པར་བྱ་བའི་ཕྱིར་ཡང་ངོ་ཞེས་དགོངས་སོ། །སྐྱིལ་མོ་ཀྲུང་ལ་སོགས་པ་ནི་མདོ་སྡེ་རིན་པོ་ཆེ་འདི་ནི་མཉམ་པར་བཞག་པ་ཉིད་ཀྱིས་རྟོགས་པར་བྱ་བ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་རོ། །དེ་ལྟ་བུའི་གླེང་གཞི་དེ་ཡང་དོན་རྣམ་པ་གསུམ་གྱིས་སྟོན་ཏེ། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཆོས་གནང་བའི་ཆོ་འཕྲུལ་གྱིས་སོ། །དང་པོ་ལ། ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང་། ཏིང་ངེ་འཛིན་སེང་གེ་རྣམ་པར་རོལ་པ་ཞེས་བྱ་བའི་ཆོ་འཕྲུལ་གཉིས་སོ། །ཕྱི་མ་དེ་སེང་གེ་རྣམ་པར་བསྒྱིངས་པ་ཞེས་འགྱུར་ཁ་ཅིག་ལས་སོ། །གཉིས་པ་ལ་ཡང་རྣམ་པ་གཉིས་ཏེ། སྤྲུལ་པའི་ཆོ་འཕྲུལ་དང་། བྱིན་གྱིས་བརླབ་པའི་ཆོ་འཕྲུལ་ལོ། །གསུམ་པ་ལ་ཡང་། འཇིག་རྟེན་གྱི་ཁམས་རྣམ་པར་བསྟན་པའི་ཆོ་འཕྲུལ་དང་། འཁོར་སྡུད་པའི་ཆོ་འཕྲུལ་ལོ། །ཆོས་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཆོ་འཕྲུལ་རྣམ་པ་གསུམ་གྱིས་འགྲོ་བ་མཐའ་དག་ལ་ཐོག་མ་དང་བར་དང་ཐ་མར་དགེ་བ་ལ་སོགས་པ་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་སྟོན་པར་མཛད་པ་ཉིད་དེ། དེ་ཡང་ཚིག་ལྷུར་ལེན་པ་རྒྱས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་གཟུང་བའི་དོན་དུ་འཕགས་པ་སྟོང་ཕྲག་བརྒྱ་པ་དང་། སྤྲོས་ཏེ་གོ་བ་བར་མ་ལ་དགའ་བ་རྣམས་ལ་དོན་ཐམས་ཅད་བསྡུས་ནས་སྟོང་ཕྲག་ཉི་ཤུ་ལྔ་པ་དང་། ཁྲི་བརྒྱད་སྟོང་པ་དང་། ཤེས་རབ་ཁྲི་པ། འགོ་སྨོས་པས་གོ་བ་བསྡུས་པ་ལ་དགའ་བ་ལ་དེའི་ཡང་དོན་ཐམས་ཅད་བསྡུས་ནས་བརྒྱད་སྟོང་པ། ཚིགས་སུ་བཅད་པ་ལ་ཞེན་པ་རྣམས་ཀྱི་ཆེད་དུ་འབུམ་གྱི་དོན་ཐམས་ཅད་བསྡུས་ནས་ཡོན་ཏན་རིན་པོ་ཆེ་སྡུད་པ་གསུངས་སོ། །དུས་ཕུན་སུམ་ཚོགས་པ་ནི། དེ་ལྟ་བུའི་མདོ་སྡེ་རིན་པོ་ཆེ་དེ་གསུངས་པའི་སྐབས་དེ་ཁོ་ནའོ། །དུས་གཞན་པར་ཤེས་རབ་སྙིང་པོ་ལ་སོགས་པ་བཅུ་གཅིག་ཀྱང་གསུངས་སོ། །གཉིས་པ་ནི། འགྲེལ་ཆེན་ལས། དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་དབང་དུ་བྱས་ནས་བསྐལ་པ་བཟང་པོ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་དང་། དམ་པའི་ཆོས་ཀྱི་ཚོགས་བསྲུང་བ་ལ་རྣམ་པ་ཐམས་ཅད་དུ་བདག་པོར་བྱས་པ་ཡིན་པའི་ཕྱིར་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་ལས་བསྟན་པ་གཏད་པ་ཡིན་པའི་ཕྱིར་དང་། གཞན་རྣམས་ཀྱི་ཁྱད་པར་བརྗོད་པ་མེད་པའི་ཕྱིར་ན། ལྕང་ལོ་ཅན་ན་བཞུགས་པ་ས་བཅུ་པའི་དབང་ཕྱུག་རྡོ་རྗེ་འཛིན་པ་ཆེན་པོས་འཇིག་རྟེན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་སྡུད་པར་གསོལ་བ་འདེབས་པ་འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་འདི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཞེས་སྔོན་གྱི་སློབ་དཔོན་རྣམས་འཆད་དོ། །ཞེས་ཐོགས་མེད་དང་དབྱིག་གཉེན་ལ་སོགས་པའི་བཞེད་པ་དེ་ལྟར་ཡིན་པ་དང་། སློབ་དཔོན་རང་ཉིད་སྟོན་པ་གཤེགས་ནས་ཨ་སུ་རའི་བྲག་ཕུག་ཏུ་བསྟན་པ་སྒྲོ་སྐུར་མེད་ཅིང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དགྲ་བཅོམ་པ་བཞི་བརྒྱ་གོ་དགུའི་སྣམ་སྦྱར་གདན་དུ་བྱས་པའི་ཁར་ཀུན་དགའ་བོ་བཞུགས་ཏེ། འོད་སྲུངས་ཆེན་པོས། ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ། །བཅོམ་ལྡན་འདས་ཀྱིས་གང་དུ་གསུངས། །ཤེས་རབ་ཆེན་པོ་ཁྱོད་ཀྱིས་སྨྲོས། །བདེ་གཤེགས་སྲས་པོ་ཁྱོད་སྨྲོས་ཤིག །ཅེས་གསོལ་བ་བཏབ་པའི་མཐར། སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་རྒྱུད་བརླན་པར་བྱས་ཤིང་། བཞིན་མཆི་མ་ཅན་རྣམ་པར་འགྱུར་བ་དང་བཅས་པས་ཁྱབ་པའི་སྒྲ་དབྱངས་ཀྱིས། འདི་སྐད་བདག་གིས་ཐོས་པ་ཞེས་མདོ་སྡེ་རིན་པོ་ཆེ་བསྡུ་བའི་རྩོམ་པའི་དང་པོར་བསྟན་ནོ། །དེ་ཡང་འདི་སྐད་ཅེས་པ། རང་དང་རྗེས་སུ་མཐུན་པའི་ཤེས་པས་ངེས་པར་བཟུང་བའི་མདོའི་དོན་མ་ལུས་པ་ཉེ་བར་སྟོན་པ་ལྷུར་ལེན་པའི་ཚིག་གོ བདག་གིས་ཞེས་བྱ་བ་བདག་ཉིད་ཀྱིས་སྟོན་པ་ལས་ཉན་པར་སྟོན་པའོ། །ཐོས་པ་ཞེས་པ་རྣ་བའི་རྣམ་ཤེས་ཀྱིས་ཉམས་སུ་མྱོང་བ་ཙམ་ཡིན་གྱིས། རྟོགས་པ་ནི་མ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །འོ་ན་སྟོན་པས་ལྷ་ཡུལ་ལ་སོགས་པར་གསུངས་པ་ཡང་ཡོད། བརྒྱུད་དེ་འོངས་པ་ཡང་ཡོད་བཞིན་དུ་བདག་གིས་སྟོན་པ་ལས་ཐོས་ཞེས་སྦྱར་བ་རིགས་པ་མ་ཡིན་ནོ་སྙམ་ན། འགྲེལ་ཆེན་ལས། འདི་ལ་ཉེས་པ་མེད་དེ། གང་གི་ཕྱིར་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཀྱིས་བསྟན་པ་ནི་དེས་བསྟན་པ་ཡིན་པ་དང་། དེའི་མཐུས་གཞན་ལས་ཐོས་པ་ཡང་བཅོམ་ལྡན་འདས་ཉིད་ཀྱི་ཐད་ནས་ཐོས་པ་ཡིན་ནོ། །ཡང་ན། གཞན་དག་ལས་ཐོས་ན་ཡང་ཆོས་འཛིན་པའི་མཆོག་ཡིན་པས་དོན་ངེས་པར་བྱ་བའི་ཕྱིར་དེས་བཅོམ་ལྡན་འདས་ལ་ཞུས་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་གླེང་བསླང་ནས། དུས་དང་སྟོན་པ་ལ་སོགས་པའི་གླེང་གཞི་ལས་བརྩམས་ཏེ་འབྲེལ་བ་དང་གོ་རིམ་བསྒྲིགས་ནས་མཐར་ཆགས་སུ་བསྡུས་སོ། །འོ་ན་བཀའ་ལ་བཀའ་མ་ཡིན་པ་བསྲེས་པའི་སྐྱོན་དུ་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། དགེ་སློང་དག་འདི་སྐད་བདག་གིས་ཐོས་པ་ཞེས་བགྱིས་ལ་དམ་པའི་ཆོས་བསྡུ་བར་བྱའོ་ཞེས་བྱ་བ་དང་། འབྲེལ་པ་དང་གོ་རིམ་བསྟན་པར་བྱའོ་ཞེས་སོགས་ཀྱིས་རྗེས་སུ་གནང་བས་སོ། །འདིར་དཔྱད་པ། བྱང་ཆུབ་སེམས་དཔའི་གདུལ་བྱའི་ངོར་ནི། ཀུན་དགའ་བོ་ཉིད་ཕྱག་ན་རྡོ་རྗེ་ཡིན་པས་བསྡུ་བ་པོ་གཉིས་སུ་མི་སེམས་ཞིང་། དེ་བཞིན་དུ་འོད་སྲུངས་ཆེན་པོ་ལ་སོགས་པ་ཡང་འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་སོ། །འོད་སྲུངས་དང་བྱམས་པ་སྡུད་པར་བྱེད་པའི་གསོལ་བ་འདེབས་པ་པོ་དང་། འོད་སྲུངས་ཀྱི་སྐུ་གདུང་གིས་བྱམས་པའི་གདུལ་བྱ་འདུལ་བས་དང་། སྟོན་པའི་རྒྱལ་ཚབ་ཏུ་བསྐོས་པར་མི་ཕྱེད་པས་ཀྱང་དེ་ནི་བྱམས་པའོ་སྙམ་དུ་སེམས་སོ། །ཉན་རང་དང་སོ་སྐྱེ་ལ་ནི་བྱང་ཆུབ་སེམས་དཔའ་དེ་དག་ཉན་ཐོས་ཆེན་པོ་དག་ཏུ་སྤྲུལ་ནས་བསྡུས་པ་དུས་གཅིག་པོ་དེ་ཉིད་ཀྱི་སྟེང་དུ་འགལ་བ་མེད་དོ། །གསུམ་པ་ནི། དེ་ལྟར་བསྡུ་བ་པོས་ལེགས་པར་བསྡུས་པའི་ཡུམ་དེ་དག་གི་ཁྱད་པར་ནི། སློབ་དཔོན་གྱིས། ལ་ལ་ལས་དོན་གཞན་ལས་ཚིག །གཞན་ལས་རྣམ་གྲངས་མིང་གིས་ཏེ། །མཁས་པ་རྣམས་ཀྱིས་ཡུམ་ཀུན་ལའང་། །དོན་བསྡུས་དེ་ཙམ་ཤེས་པར་བྱ། །དེ་ལྟ་མིན་ན་ཐམས་ཅད་ཀྱི། །རིམ་པ་ལེགས་པར་བསྡུས་མ་ཡིན། །དེ་ལ་བསྡུས་སོགས་རབ་དབྱེ་བའི། །ཁྱད་པར་ཡོད་པ་ཁོ་ནར་ཟད། །ཅེས་གསུངས་པ་དེའི་དོན། རྒྱལ་བའི་ཡུམ་བསྡུས་པ་ལས་ནི་དོན་ཙམ་དུ་སྐབས་ཀྱི་དོན་སྟོན་གྱི། ཚིག་གིས་རྫོགས་པར་སྟོན་མི་ནུས་སོ། །བར་མ་ལས་སྐབས་ཀྱི་དོན་གང་ཡིན་པ་ཚིག་ཙམ་དུ་བསྟན་ཀྱང་རྒྱས་པར་ནི་མ་ཡིན་ནོ། །རྒྱས་པ་ལས་ནི་དོན་ཐ་དད་པའི་རྣམ་གྲངས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཡང་ནས་ཡང་དུ་སྨོས་པས་སྟོན་ཅིང་མིང་གི་གདགས་ས་མི་འདྲ་བས་ཀྱང་དོན་གཅིག་རྒྱས་བར་སྟོན་ཏེ། དེ་བཞིན་ཉིད་དང་། ཡང་དག་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་སོགས་པ་མང་དུ་སྨོས་པའོ། །ཡང་། འབུམ་ནས་སྡུད་པའི་བར་དུ་བཤད་པའི་མདོ་དེ་དག་གི་སྙིང་པོའི་དོན་དོན་དམ་པའི་བདེན་པ་དང་། མངོན་པར་རྟོགས་པའི་དོན་སྒྱུ་མ་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀ་བསྟན་ཅིང་། ཤེས་རབ་སྙིང་པོ་ལ་སོགས་པས་སྔ་མ་འབའ་ཞིག་བསྟན་ནོ། །དེ་ལྟ་བུའི་ཁྱད་པར་ཅན་གྱིས་ཡུམ་ཀུན་ལའང་ཟློས་པ་ཡོད་དེ། སྦྱོར་བའི་ལམ་ལན་བཅུ་གསུམ་དུ་བསྟན་པ་ལ་སོགས་པ་ལྟ་བུའོ་ཞེ་ན་སྐྱོན་མེད་དེ། ཁ་ཅིག་དོན་གྱི་རང་བཞིན་ཉིད་སྟོན་པ་སྟེ་སྐབས་དང་པོ་ལས་སྦྱོར་བའི་ལམ་དེ་དམིགས་པ་དང་རྣམ་པའི་དབྱེ་བས་བསྟན་པ་ལྟ་བུ། ཁ་ཅིག་ནི་དོན་དེ་ལས་ཐ་མི་དད་ཀྱང་ཚིག་གཞན་གྱིས་བསྟན་ཏེ། དང་པོ་དེ་ཉིད་དུ། རིགས་དང་གོ་ཆའི་བསྒྲུབ་པ་དག་གིས་སྦྱོར་ལམ་བསྟན་པ་ལྟ་བུ། ཁ་ཅིག་ནི་དོན་གྱི་རྣམ་གྲངས་ཐ་དད་པས་བསྟན་དེ། ལམ་ཤེས་ཀྱི་སྐབས་སུ་ཉན་རང་གི་སྦྱོར་ལམ་སྔ་མ་ལས་དོན་གཞན་དུ་གྱུར་པ་བསྟན་པ་ལྟ་བུ། སྐབས་བཞི་པ་དང་ལྔ་པར་སྦྱོར་བའི་ལམ་ནི་རྟགས་ལ་སོགས་པས་མིང་གཞན་དུ་གྱུར་པ་བསྟན་པ་ལྟ་བུ། གཞན་ཡང་ཤེར་ཕྱིན་འཆད་པའི་སྐབས་དེ་དང་དེ་དག་ཏུ་གདུལ་བྱ་གློ་བུར་དུ་འོངས་པ་ཡོད་ལ། དེ་དག་ལ་ཐུགས་བརྩེ་ནས་སྔར་བཤད་པའི་དོན་ཚིག་གཞན་གྱིས་སླར་བསྟན་ཏེ། དེས་གདུལ་བྱ་དེ་རྣམས་ལ་དོན་དུ་གྱུར་པས་ཟློས་པ་ནི་མ་ཡིན་ནོ། །དེ་ལྟར་ཡང་ཕྱོགས་ཀྱི་གླང་པོས། མདོར་བསྡུས་དོན་ནི་འདི་དག་ཡིན། །སླར་ཡང་དོན་གཞན་ལ་བརྟེན་ནས། །དོན་དེ་ཉིད་ནི་བཟླས་པ་ཡིན། །ཞེས་དང་། སྨྲ་བའི་དམ་པ་ཁྱོད་ཀྱི་བཀའ། །རྣམ་གྲངས་དུ་མ་ཉིད་མཆིས་ཤིང་། །ཟློས་པ་ཡང་ནི་མ་མཆིས་ལ། །སྦྱོར་བའི་ལུགས་ཀྱི་རིམ་པ་ལགས། །ཞེས་གསུངས་པས་སོ། །དེ་ལྟ་བས་ན་སེམས་བསྐྱེད་པ་ལ་སོགས་པ་རེ་རེར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་ཐམས་ཅད་སྟོན་པར་འགྱུར་བས། ངག་རེ་རེ་ལ་སྐབས་བརྒྱད་ཅར་གྱི་དོན་རྫོགས་པར་སྦྱར་ཡང་ཉེས་པར་མི་འགྱུར་རོ་ཞེས་ཤེས་སོ། །གཞན་ཡང་བསྟན་པའི་ཆུ་བོ་ཐམས་ཅད་ཁ་ཅིག་ནི་རྒྱུ། ཁ་ཅིག་ནི་འབྲས་བུ། ཁ་ཅིག་ནི་གྲོགས། ཁ་ཅིག་ནི་རྣམ་གྲངས། ཁ་ཅིག་ནི་ཤུགས་ཀྱི་འགྲོས་ལས་འདིར་སྡུད་པས་དེའི་ཕྱིར་འདི་ནི་རྒྱ་མཚོ་ཆེན་པོ་ལྟར་ཟབ་བོ། །དེ་དག་ཀྱང་སུ་བྷ་ཥི་ཏ་ཞེས་པའི་སུ་དོན་ལྔ་ལ་འཇུག་པ་ལས་འདིར་ལེགས་པ། བྷཱ་ཥི་ཏ་གསུངས་པ་སྟེ་རྣམ་པ་བཅུས་ལེགས་པར་གསུངས་པས་ན་བཀའོ། །བཅུ་ཡང་། ཡང་དག་པར་བསླབ་པ་ཉིད་ཀྱི་དང་། དབང་དུ་མཛད་པ། འཇུག་པ། རབ་ཏུ་ལྡན་པ། རབ་ཏུ་དབྱེ་བ། རྟེན། གོ་བར་མཛད་པ། དུས། ཡོན་ཏན། ཡོངས་སུ་འཛིན་པ་ཉིད་ཀྱིས་སོ། །ཡང་ན་རྒྱུད་བླར། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཞེས་སོགས་ཀྱིས་ཁྱད་པར་ཅན་དུ་བྱས་པས་བཀའོ། །མིང་རྣམ་གྲངས་སྐད་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། ཞལ་ནས་གསུངས་པ་དང་། ལུང་། གཙུག་ལག གསུང་རབ། བསྟན་པའམ་བཅོས་པ་མདོ་སྡེ། མདོ། གྲུབ་པའི་མཐའ། གཞུང་ལུགས་ཞེས་སོ། །དབྱེ་ན། ཞལ་ནས་གསུངས་པ། བྱིན་གྱིས་བརླབས་པ། རྗེས་སུ་གནང་བའོ། །ཡང་ན། ཤཱ་ས་ན་ཞེས་པ་འཆོས་པ་སྟེ། རྒྱུ་ཉོན་མོངས་པ་དུག་གསུམ་ལས་བསླབ་པ་གསུམ་ལྡན་དུ་འཆོས་པ་དང་། ཏཱ་ར་ཎ་ཞེས་པ་སྒྲོལ་བ་དང་། ཏྲ་ཡ་སྐྱོབ་པ་སྟེ། འབྲས་བུ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྒྲོལ་བའམ་སྐྱོབ་པ་སྟེ་རྒྱུ་མཚན་འདིའི་དབང་གིས་བསྟན་བཅོས་སུ་ཡང་གཞག་སྟེ། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ཞེས་སོགས་ཀྱིས་སོ། །བཀའི་དགོངས་འགྲེལ་དག་ཀྱང་རྒྱུ་མཚན་འདི་དང་ལྡན་གྱི་གཞན་ལ་མ་ཡིན་ནོ། །གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི ཞེས་སོགས་ཀྱིས་ཁྱད་པར་ཅན་གྱི་བསྟན་བཅོས་སུ་གཞོག་པ་དེའི་ཚེ་སངས་རྒྱས་ལས་གཞན་པས་བྱས་པའི་བཀའི་དགོངས་འགྲེལ་ཁོ་ན་བསྡུའོ། །ཡི་གེ་འདུས་པ་མིང་། དེ་འདུས་པ་ཚིག ཚིག་ཁྱད་པར་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་བསྟན་བཅོས་སོ་ཞེས་འདོན་པའི་ཚེ་ན་ཡ་གི་བཀའ་ནས་མ་གི་མུ་སྟེགས་བྱེད་ཀྱི་གཞུང་གི་བར་ཐམས་ཅད་དེ། ས་སྡེར་བསྟན་བཅོས་དགུར་ཕྱེ་བ་བཞིན་ནོ།། །། གཉིས་པ་རྗེ་བཙུན་གྱིས་ཚིག་ལེའུར་བྱས་པ་དེའི་རྒྱན་དུ་བཤད་པ་ལ། གདུལ་བྱ་གང་གི་ཆེད་དུ་མཛད་པ། མཛད་པ་དེས་མདོ་དོན་ཇི་ལྟར་བསྡུས་པ། བསྡུས་པ་ཉིད་སླར་མདོ་དང་སྦྱར་ཏེ་བཤད་པ་གསུམ་ལས། དང་པོ་ནི། སློབ་དཔོན་གྱི་འགྲེལ་ཆེན་དུ། འཕགས་པ་ཐོགས་མེད་གསུང་རབ་མ་ལུས་པའི་དོན་ཐུགས་སུ་ཆུད་ཅིང་རྟོགས་པ་ཐོབ་པ་ཡིན་དུ་ཟིན་ཀྱང་བཟླས་ཏེ་གསུངས་པ་མང་བ་དང་། བཟློས་ཏེ་གསུངས་པ་མ་ཡིན་པའི་ཕྱོགས་ལ་ཡང་ཚིག་སོ་སོའི་རྣམ་པར་བཅད་པ་མ་གཟིགས་པ་དང་། ཟབ་པ་ཉིད་ཀྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དཔོགས་པར་མི་དཔྱོད་ནས་ཡིད་མི་བདེ་བ་རྗེས་སུ་ཐོབ་པར་གྱུར་ཏེ། དེ་ནས་དེའི་དོན་དུ་བཅོམ་ལྡན་འདས་འཕགས་པ་བྱམས་པས་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བཤད་པ་དང་། མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་མཛད་དོ་ཞེས་གསུངས་ལ། ཨ་བྷ་ཡཱ་ཀ་རས། བཀའ་བསྡུས་པའི་རྗེས་ཐོགས་སུ་བརྩམས་གསུངས་པ་གཉིས་ལས། ཕྱི་མ་འཐད་དེ། དྲི་མེད་འོད་དུ་འདིའི་ལུང་དྲངས་པས་སོ། །གཞན་གཞུང་ལུགས་འདི་འཆད་པ་ལ་སྔ་མ་ཁོ་ན་ཚད་མར་བྱེད་དོ། །དེ་ལྟ་བུའི་བསྟན་བཅོས་དེའི་མཚན་ཡང་། རྒྱ་གར་སྐད་དུ། ཨཱརྻ་པྲཛྙྱཱ་པ་ར་མི་ཏ་ཨུ་པ་དེ་ཤ་ཤཱཧླ། ཨ་བྷི་ས་མཱ་ཡ་ཨ་ལང་ཀཱ་ར་ཀཱ་རི་ཀཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ཞེས་བྱའོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་མྱུར་དུ་ཁོང་དུ་ཆུད་པར་བྱེད་པས་དང་། འཆོས་སྐྱོབ་ཀྱི་ཡོན་ཏན་དང་ལྡན་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་སོ། །མདོ་རྣམས་ནི་དུས་ཡུན་རིང་མོས་གོ་བ་ཙམ་གྱིས་ཡན་ལག་ཏུ་འགྱུར་བའི་ཕྱིར་འདི་དེ་དག་ལ་ལྟོས་ནས་མན་ངག་ཏུ་འདོད་དོ། །ཨ་བྷི་དོན་བཅུ་གཉིས་ལ་འཇུག་པ་ལས་འདིར་མངོན་དུ་ཕྱོགས་པ། སཾ་བཅུ་གསུམ་ལ་འཇུག་པ་ལས་འདིར་ཡང་དག་པར་ངེས་པ། ཨ་ཡ་རྟོགས་པ་སྟེ། དེས་ན་མངོན་དུ་ཕྱོགས་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་ངེས་པར་རྟོགས་པས་མངོན་རྟོགས་ཏེ་ཤེས་པའམ་ཁོང་དུ་ཆུད་པའི་དོན་ནོ། །དེ་དངོས་པོ་བརྒྱད་དུ་ཕྱེ་ནས་བཤད་པ་འདིས་ནི་ཐར་པར་ཆས་པ་རྣམས་ལ་དགའ་བ་བསྐྱེད་པར་བྱེད་པས་རྒྱན་ཏེ། དེའི་ཕྱིར་མངོན་པར་རྟོགས་པའི་རྒྱན་ཞེས་བྱའོ། །མཆོད་བརྗོད་ལས་གཞན་ཚིགས་སུ་བཅད་བ་རྐང་པ་བཞི་པ་ཡི་གེ་བརྒྱད་པར་བྱས་ཤིང་སྐབས་བརྒྱད་དུ་ཕྱེ་བས་ཚིག་ལེའུར་བྱས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་འདི་ནི་མངོན་པ། འདུལ་བ། མདོ་སྡེའི་སྡེ་སྣོད་ཤན་འབྱེད་པའི་ཕྱིར་ཐོག་མར་ལོ་ཙཱ་བས་སྦྱར་ཞེས་གཏམ་དུ་གྲགས་ལ་ཕལ་ཆེ་བ་ལ་ཡང་མཐོང་བས་འདི་མདོ་སྡེའི་སྡེ་སྣོད་ཡིན་པ་ཤེས་པར་བྱ་བའི་ཆེད་དུའོ་ཞེས་སྨྲས་སོ། །གཉིས་པ་ནི། གླེང་གཞིའི་ལེའུར་ཡུམ་འདི་ཇི་ལྟར་བྱུང་ཚུལ་བསྟན་པ་ཡིན་པས་དང་། རྟག་ཏུ་ངུ་དང་ཆོས་འཕགས་ཀྱི་ལེའུ་གདུལ་བྱ་མ་འོངས་པ་དག་ལ་དེ་ལྟར་བསླབ་པའི་ཆེད་དུ་སྔོན་བྱུང་བ་བསྟན་པ་ཙམ་དང་། ཡོངས་སུ་གཏད་པ་ནི་གཞུང་ཉེ་བར་བསྡུ་བའི་ཚུལ་ཏེ། དེ་དག་གདུལ་བྱ་རང་རང་གིས་རྟོགས་པར་ནུས་ལ། ནུས་བཞིན་དུ་བསྟན་པ་ནི་དགོས་པ་དང་མི་ལྡན་པས་འབད་པའི་གནས་མ་ཡིན་ནོ། །དེ་ལས་གཞན་ཐམས་ཅད་ནི་འདིར་བསྡུ་བར་མཛད་དོ། །ཆོས་བཤེས་ཀྱིས་བྱམས་ཞུས་མ་བསྡུས་པར་གསུངས་ཀྱང་། འཕགས་པས་འཕྲིན་ལས་དང་སྦྱར་བས་བསྡུས་སོ། །དེ་དག་གི་ཁོང་ན་མདོའི་ཚིག་མན་ངག་གིས་མ་བསྡུས་པ་དུ་མ་སྣང་བས་དང་། མདོའི་གླེགས་བམ་དུ་མེད་ལ་མན་ངག་ཏུ་སྨོས་པའང་སྣང་ན་དེ་དག་ཇི་ལྟར་བལྟ་ཞེ་ན། དྲོ་བར་གྱུར་པའི་སྐབས་སུ་བུད་མེད་དུ་མི་སྐྱེ་བར་བསྟན་པ་ལྟ་བུ་སོགས་འདིར་ཟླ་བོས་བསྡུས་པ་སྟེ་རང་གི་སྐབས་དེར་ཤེས་པར་བྱའོ། །རྒྱལ་པོ་གཤེགས་པར་བརྗོད་པ་ལྟ་བུ་གཙོ་བོས་ཡན་ལག་བསྡུས་པ་དང་། དགེ་སློང་རབ་ཏུ་མང་པོ་ལུང་བསྟན་པ་ལ་སོགས་པ་ལྟ་བུ་ཁ་ཅིག་གོ་བར་སླ་བས་མ་བསྡུས་པ་ཡོད་དེ། རང་གི་བློ་དྲི་མ་མེད་པས་ཅི་རིགས་སུ་རྗེས་སུ་དཔག་གོ །རྒྱན་ན་ཡོད་ལ་མདོར་མེད་པ་ནི་ལུང་གི་ཚིག་ཉམས་པར་ཟད་དོ། །དེ་ལྟ་ན་འཕགས་པས་འདི་སྐད་ཅེས་པ་ལ་སོགས་པ་སྐབས་འབྱེད་པ་ནས་བརྩམས་ཏེ་ཡོངས་སུ་རྫོགས་པའི་བར་གྱི་དངོས་པོ་རྣམས་གཅིག་ཏུ་བསྡུས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་ཀྱི་སྐུ་མཛད་པ་དང་བཅས་པའི་མཐར་ཐུག་པ་དངོས་པོ་བརྒྱད་དུ་འགྱུར་རོ་ཞེས་པ་དང་འགལ་ལོ་ཞེས་བརྒལ་ན་སྐྱོན་མེད་དེ། དེ་ནི་བརྗོད་བྱའི་གཙོ་བོ་དངོས་པོ་བརྒྱད་དུ་འདུ་བ་ལ་དགོངས་པ་ཡིན་པས་སོ། གསུམ་པ་ནི། རྒྱས་པའི་རབ་འབྱོར་གྱི་ལེའུ་ཡན་བཅུ་བཞི་ལས་གླེང་གཞི་བཞག་པའི་བཅུ་གསུམ་གྱིས་རྣམ་མཁྱེན། དེ་ནས་རྩ་བརྒྱད་པ་རྣམ་དག་གི་ལེའུ་ལས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མཐའ་ཡས་པ་ལགས་སོ་ཞེས་པའི་བར་གྱིས་ལམ་ཤེས། དེ་ནས་ཉེར་དགུ་པ་གནས་མེད་པའི་ལེའུའི་བར་གྱིས་གཞི་ཤེས། དེ་ནས་བཞི་བཅུ་རྩ་ལྔ་པ་རྣམ་ཐར་སྒོ་གསུམ་གྱི་ཐབས་མཁས་པའི་ལེའུའི་བར་གྱིས་རྣམ་ཀུན། དེ་ནས་ང་དགུ་པ་རྣམ་འཕེལ་གྱི་ལེའུའི་བར་གྱིས་རྩེ་མོ། དེ་ནས་དྲུག་ཅུ་པ་མཐར་གྱིས་པའི་ལེའུས་མཐར་གྱིས་པ། དེ་ནས་རེ་གཉིས་པ་མཚན་ཉིད་མེད་པའི་ལེའུ་ལས་གཉིས་མེད་པ་རྫོགས་པར་བསྟན་པའི་བར་གྱིས་སྐད་ཅིག་མ། དེ་ནས་དོན་གཉིས་པ་ཆོས་ཉིད་མི་འགྱུར་བར་བསྟན་པའི་ལེའུའི་བར་གྱིས་ཆོས་སྐུ་བསྟན་ནོ། །ཉི་ཁྲིའི་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཞེས་པ་ནས། སེམས་ཅན་ཚད་མེད་པ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོའི་བར་རབ་འབྱོར་གྱི་ལེའུས་རྣམ་མཁྱེན། དེའི་ཚེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་ལོ་ཀའི་ཁམས་འདི་ན་རྒྱལ་པོ་ཆེན་པོ་ཇི་སྙེད་ཡོད་པ་ཞེས་པ་ནས། ལམ་གྱི་རྣམ་པར་ཤེས་ཉིད་ཀྱི་ཕྱིར། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུམ་མོའི་བར་མཐའ་གཉིས་རྣམ་དག་གི་ལེའུས་ལམ་ཤེས། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུམ་ནི་ཚུར་རོལ་གྱི་མཐའ་མ་ལགས་ཞེས་པ་ནས། སུ་ཡང་སྦྱིན་པའི་གནས་སུ་གྱུར་པ་མ་མཆིས་སོའི་བར་སྤྱོད་པ་ཁྱད་པར་ཅན་གྱི་ལེའུས་གཞི་ཤེས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཡུམ་ནི་མ་མཆིས་པའི་ཕར་ཕྱིན་ནོ་ཞེས་པ་ནས། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་འཕྲོགས་པ་ཡིན་ནོའི་བར་དེ་བཞིན་ཉིད་ཀྱི་ལེའུས་རྣམ་ཀུན། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྨི་ལམ་ན་ཡང་ཞེས་པ་ནས། སེམས་ཅན་རྣམས་ཀྱང་ཕུང་པོ་གསུམ་དུ་ལུང་བསྟན་ཏོའི་བར་བསླབ་པ་ཡོངས་སུ་དག་པའི་ལེའུས་རྩེ་མོ། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔས་མངོན་པར་རྫོགས་པར་འཚང་རྒྱ་ན་ཞེས་པ་ནས། བདུད་ཀྱི་རིགས་ཀྱིས་ཚུགས་པར་དཀའ་བ་ཡིན་ནོའི་བར་རིམ་གྱིས་འཇུག་པ་ལ་བསླབ་པའི་ལེའུས་མཐར་གྱིས་པ། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་ཇི་ལྟར་སེམས་བསྐྱེད་པ་གཅིག་གིས་ཕར་ཕྱིན་དྲུག་ཡོངས་སུ་འཛིན་པ་ལགས་ཞེས་པ་ནས། མཚན་མ་མེད་པའི་ཚུལ་གྱིས་ཡུམ་ལ་བསླབ་པར་བྱའོའི་བར་བསླབ་པ་ཡོངས་སུ་རྫོགས་པའི་ལེའུས་སྐད་ཅིག་མ། རབ་འབྱོར་གཞན་ཡང་ཟག་པ་མེད་པའི་ཆོས་རྨི་ལམ་ལྟ་བུ་ཞེས་པ་ནས། སྟོང་པ་ཉིད་ཅེས་བྱ་བ་ལྟ་ཡོད་པར་འགྱུར་རེའི་སྐན་གྱི་བར་བསླབ་པ་འབྲས་བུའི་ལེའུས་ཆོས་སྐུ་བཤད་དོ། །ལེའུ་བརྒྱད་མ་འཕགས་པས་བསྡུས་པའོ། །བརྒྱད་སྟོང་པའི་ལེའུ་དང་པོས་རྣམ་མཁྱེན། དེ་ནས་ལེའུ་བརྒྱད་པ་ལས་གསོལ་པ། གང་དེ་ལྟར་རྟོགས་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བའི་བར་གྱིས་ལམ་ཤེས། ལེའུ་དེ་ལས་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚུར་རོལ་དང་ཕ་རོལ་དང་གཉིས་ཀའི་བར་གྱི་རིང་པོ་ན་ཡང་མི་གནས་ཞེས་པ་ནས། ལེའུ་དགུ་པ་ལས། རབ་འབྱོར་ཆོས་གང་ཡང་བསྐོར་བའམ་བཟློག་པ་མེད་དོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་པའི་བར་གྱིས་གཞི་ཤེས། ལེའུ་དེ་ལས། དེ་སྐད་ཅེས་བཀའ་སྩལ་བ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནམ་མཁའ་མཐའ་ཡས་པའི་སླད་དུ་འདི་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ནས། ལེའུ་ཉི་ཤུ་པ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དང་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་འཕྲོགས་པའོ་ཞེས་པའི་བར་གྱིས་རྣམ་ཀུན། ལེའུ་དེ་ལས་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གལ་ཏེ་རྨི་ལམ་གྱི་ནང་ན་ཡང་ཞེས་པ་ནས་ལེའུ་ཉི་ཤུ་རྩ་དགུ་པ་ལས་དགེ་བ་དང་མི་དགེ་བའི་ཆོས་ཚད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རིག་པར་བྱའོ། །ཞེས་པའི་བར་གྱིས་རྩེ་མོ། ལེའུ་དེ་ལས་སེང་གེའི་སྒྲ་སྒྲོག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རིག་པར་བྱའོ་ཞེས་པའི་ཚིག་གིས་མཐར་གྱིས་པ། ཡང་དེ་ཉིད་ཀྱིས་ཆོས་ཐམས་ཅད་འཁྲུག་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཁྲུག་པ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་པས་སྐད་ཅིག་མ། ཡང་དེ་ལས་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་རྣམས་ཡོངས་སུ་རྫོགས་པར་རྙེད་དཀའ་བར་མི་འགྱུར་རོ་ཞེས་པའི་བར་གྱིས་ཆོས་སྐུ་བཤད་དོ། །སྡུད་པའི་དགའ་དང་གུས་དང་ཞེས་པ་ནས། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་པའི་བར་གྱིས་རྣམ་མཁྱེན། གང་ཞིག་གཟུགས་ལ་མི་གནས་ཞེས་པ་ནས། ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་དཔྱད་དུ་མེད། །ཅེས་པའི་བར་གྱིས་ལམ་ཤེས། དཔའ་བོ་གར་དཔྱོད་ཅེས་པ་ནས། མེ་ཡིས་རྩྭ་དང་ཤིང་དང་ནགས་ཚལ་སྲེག་པ་བཞིན། །ཞེས་པའི་བར་གྱིས་གཞི་ཤེས། ཆོས་རྣམས་ཐམས་ཅད་ཅེས་པ་ནས། མི་འཆད་དེ་ནི་ལུང་མ་བསྟན་པ་ཡིན་རིག་བྱ། །ཞེས་པའི་བར་གྱིས་རྣམ་ཀུན། དགྲ་བཅོམ་པ་དང་རྐྱེན་གྱིས་ཞེས་པ་ནས། དཔའ་བོ་རྟག་ཏུ་མཉམ་བཞག་ཡིན་པར་ཤེས་པར་བྱ། །ཞེས་པའི་བར་གྱིས་རྩེ་མོ། སེམས་ཅན་གང་ཟག་གཞན་ཕྱིར་སེམས་དཔའ་རྣམ་དག་པ། །ཞེས་སོགས་ཚིགས་བཅད་གཅིག་གིས་མཐར་གྱིས་པ། སྤྱོ་བ་བྱས་སམ་འོན་ཏེ་རྟག་ཏུ་བརྡེག་ཀྱང་རུང་། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་སྐད་ཅིག་མ། བུ་གཅིག་པ་ལ་མ་ནི་བསམ་པ་ཐག་པ་ཡིས། །ཞེས་སོགས་ཀྱི་ཤློ་ཀས་ཆོས་སྐུ་བཤད་དོ། །ལྷག་མ་བྱང་ཆུབ་སེམས་དཔའ་གང་ཞིག་ཡུན་རིང་འཁོར་འདོད་ཀྱི། །ཞེས་སོགས་ཀྱིས་ཡུམ་ཇི་ལྟ་བ་རྗེས་སུ་ཉན་པ་བཙལ་བ། ཚུལ་ཁྲིམས་ཀྱིས་ནི་ཞི་བ་འདོད་རྣམས་འཕགས་པར་འགྱུར། །ཞེས་སོགས་ཀྱིས་དེ་ལ་དགེ་བའི་བཤེས་གཉེན་གྱིས་གདམས་ངག་སྦྱིན་པ། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །སོགས་ཀྱིས་གདམས་ངག་ཤེས་ནས་ཇི་ལྟར་བྱ་བ། ལྷག་མའི་ཚིགས་སུ་བཅད་པ་གཅིག་པུ་ནི་རྗེས་སུ་གཏད་པའོ། །དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དེ་ལྟར་སྦྱར་བའི་ལུགས་བཅོམ་ལྡན་འདས་བྱམས་པ་འདི་ལ་མངའ་སྟེ། འདི་ནི་རྒྱལ་ཚབ་ཏུ་དབང་བསྐུར་བས་དམ་པའི་ཆོས་ཀྱི་མཛོད་གཞན་གྱིས་བལྟ་བར་བྱ་བ་མ་ཡིན་པ་ལ་ཕའི་ལུང་གིས་སྤྱོད་པའི་ཕྱིར་རོ།། །། གསུམ་པ་སློབ་དཔོན་གྱིས་བཀྲལ་བ་ཀུན་གྱི་རྒྱན་དུ་གྱུར་ཚུལ་གཏམ་བཞིན་དུ་གླེང་བ་ལ། མངོན་རྟོགས་སྟོན་པའིཤེར་ཕྱིན་དང་རྒྱན་གྱི་དགོངས་འགྲེལ་ཇི་ལྟར་བྱུང་ཚུལ། བྱུང་བའི་ནང་ནས་སློབ་དཔོན་ཧ་རི་བྷ་དྲའི་ལུགས་མཆོག་ཏུ་གྱུར་ཚུལ། མཆོག་གྱུར་དེའི་ལུང་བཞིན་དུ་རྗེ་བཙུན་གྱི་གཞུང་བཤད་པ་དང་གསུམ་ལས། དང་པོ་ནི། རྗེ་བཙུན་གྱི་མན་ངག་ལས་གཞན་པར། སློབ་དཔོན་ཀླུ་སྒྲུབ་ཀྱིས་སྙིང་པོའི་དོན་བསྟན་པ་རིག་པའི་ཚོགས། མཆེ་བའི་སྡེས་འབུམ་ཊཱིཀ་ཏུ་བསྡུས་འབྲིང་རྒྱས་པར་བསྟན་པའི་སྒོ་གསུམ་སླར་རྣམ་གྲངས་བཅུ་གཅིག་གིས་བཤད་པ། ཕྱོགས་གླང་གིས་གཙོ་བོའི་དོན་སོ་གཉིས་སུ་བསྡུས་པ་བརྒྱད་སྟོང་པའི་དོན་བསྡུའོ། །དེའི་འགྲེལ་པ་དཀོན་མཆོག་འབངས་ཀྱིས་མཛད་པ་དང་། རྒྱན་གྱི་རྗེས་སུ་འབྲངས་པ་ཐོགས་མེད་ཀྱི་དེ་ཉིད་རྣམ་ངེས། དབྱིག་གཉེན་གྱི་གནོད་འཇོམས། འཕགས་པའི་ཉི་སྣང་། གྲོལ་སྡེའི་རྣམ་འགྲེལ། སློབ་དཔོན་ཉིད་ཀྱི། ཉི་ཁྲི། བརྒྱད་སྟོང་བ། སྡུད་པ། རྒྱན་རྣམས་ཀྱི་འགྲེལ་པ། དེའི་དངོས་སློབ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་སྡུད་འགྲེལ། ཤཱནྟི་པའི་དག་ལྡན་དང་སྙིང་པོ་མཆོག ཨ་བྷ་ཡའི་གནད་ཀྱི་ཟླ་ཟེར། རཏྣ་ཀཱིརྟིའི་གྲགས་པའི་ཆ། བུདྡྷ་ཤྲཱིའི་ཤེས་རབ་སྒྲོན་མའོ། །དཔལ་ལྡན་རྒྱལ་པོ་ཛ་གད་ཏ་ལར་གནས་པའི་བརྒྱད་སྟོང་པའི་བཤད་པ། དྷརྨ་ཤྲཱིའི་འབུམ་ཊིཀ །སྨྲི་ཏི། མེ་ཏྲི་དམ་པ་སུས་མཛད་པ་ཐེ་ཚོམ་པའི་འགྲེལ་པ། ཇོ་བོས་མཛད་ཟེར་བ་ནི་བོད་མའོ། །དོན་གསལ་ལ་ཡང་། གསེར་གླིང་པའི་རྟོགས་དཀའ་བའི་སྣང་བ། ཆོས་ཀྱི་བཤེས་གཉེན་གྱི་ཚིག་གསལ་། ནུབ་སྒོ་བ་ཤེར་འབྱུང་བློ་གྲོས་དང་། ཁ་ཆེ་གཞོན་ནུ་དཔལ་གྱིས་དོན་བསྡུས་ཏེ་རྒྱ་གར་གྱི་འགྲེལ་པ་བོད་དུ་གྲགས་པ་ནི་དེ་ཙམ་མོ། །གངས་ཅན་འདི་ཀར་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་འབུམ་ཊཱིཀ་ཆེ་བ་ནས་ད་ལྟའི་བར་རྒྱན་རྩ་འགྲེལ་ལ་འགྲེལ་པ་བྱས་པའི་རྣམ་གྲངས་ནི་ནམ་མཁའི་སྐར་མ་ཙམ་དུ་མང་ངོ་། །གཉིས་པ་ནི། ཤེར་འབྱུང་གི་ཊཱི་ཀཱ་མཛད་པའི་འཕགས་པ་དང་སློབ་དཔོན་དག་གིས་ནི་དངོས་པོ་དང་ལམ་དང་རྣམ་པ་ཐམས་ཅད་བསྡུས་པ་ཡིན་ཡང་མངོན་པར་རྟོགས་པ་དང་སྦྱར་བ་ལ་མ་ལྟོས་པར་བཤད་པའི་ཕྱིར་དང་། ཤེས་བྱ་ནང་གི་ཚུལ་ཙམ་ལ་བརྟེན་པའི་ཕྱིར་ན་རྨོངས་པ་རྣམ་པ་ཐམས་ཅད་དུ་ལྡོག་པ་མ་ཡིན་ནོ་ཞེས་མཆེད་གཉིས་ཀྱི་འགྲེལ་པས་ལྟ་བ་སེམས་ཙམ་སྐབས་བརྒྱད་དུ་ཕྱེ་ཡང་རྒྱན་གྱི་གཞུང་མཐའ་དག་དང་ལུང་མ་སྦྱོར་བས་སོ་ཞེས་དགོངས་ལ། སྐབས་བརྒྱད་ཙམ་དུ་ཡང་མ་ཕྱེ་ན་རྒྱན་གྱི་རྗེས་སུ་འབྲངས་པ་ཡང་འགྲུབ་དཀའ་ཞིང་། དེ་ཙམ་ཕྱེ་བ་ཡང་ཆོས་བཤེས་ཀྱིས། འཕགས་པ་ཐོགས་མེད་དང་སློབ་དཔོན་དབྱིག་གཉེན་དག་གིས་སྐབས་བརྒྱད་དུ་ཕྱེ་མོད་ཀྱིས། རྣམ་པར་རིག་པའི་གྲུབ་པའི་མཐར་རྒྱལ་བའི་ཡུམ་བཀྲོལ་ཏེ་ཚིག་ལེའུར་བྱས་པ་ཐེག་པ་ཆེན་པོ་དབུ་མ་པའི་ལྟ་བ་འདི་ནི་སློབ་དཔོན་དབྱིག་གཉེན་དེའི་ཡུལ་དུ་མ་གྱུར་པས། འཕགས་པ་ཐོགས་པ་མེད་པ་འོད་བྱེད་པ་བརྙེས་པས་ཀྱང་དེ་འདུལ་བ་དང་འཚམས་པར་བཀྲོལ་ཏེ་ཞེས་གསུངས་པས་སོ། འདིས་ནི་འཕགས་པ་ཐོགས་མེད་རང་གི་བཞེད་པ་སེམས་ཙམ་མ་ཡིན་པར་ཡང་བཤད་ཅིང་། དེས་མཛད་པའི་བསྟན་བཅོས་ཕལ་ཆེ་བ་ནི་འདུལ་བའི་དབང་གིས་སེམས་ཙམ་དུ་བསྟན་པ་ཤས་ཆེའོ། །ཞེས་ཤེས་པར་བྱེད་དོ། །འཕགས་པ་གྲོལ་སྡེའི་འགྲེལ་པས་དོན་ཤིན་ཏུ་བཟང་པོར་བསྟན་ཡང་། ངག་འདིའི་དོན་འདི་དང་འདི་ཞེས་མ་སྦྱར་བས་ཚིག་ལ་རྨོངས་པ་མ་བཟློག་པ་སྟེ། འཕགས་པ་རྣམ་པར་གྲོལ་སྡེ་ཡིས། །མཐུ་ཡིས་དོན་མཐོང་སྒོ་ནས་ནི། །གོ་བར་སླ་ཕྱིར་ཚིག་དང་ནི། །ངག་སོགས་སྦྱོར་བ་མ་བྱས་པར། །ཞེས་གསུངས་པས་སོ། །རྣམ་འགྲེལ་བྱེད་པ་ནི་ཚོགས་ལམ་འབྲིང་ཙམ་བརྙེས་པ་ཡིན་ལ། དེ་གྲུབ་པའི་མཐའ་རབ་འབྱམས་ལ་མ་འདྲིས་པས་རང་དང་རྗེས་སུ་མཐུན་པའི་དད་པ་ཙམ་གྱིས་བརྩམས་པས་ཚིག་དོན་གཉིས་ཀ་བཟང་བ་མ་ཡིན་ནོ། །དེ་ལྟར་འཕགས་པའི་འགྲེལ་པས་སྣང་བར་བྱས་ཤིང་གཞན་འགྲེལ་པ་གསུམ་གྱིས་མ་རྙེད་པ་འདི་སློབ་དཔོན་ཧ་རི་བྷ་དྲ་མཁས་པ་སྔ་མ་བཞིས་བཤད་པ་གཟིགས་ཤིང་། ཡང་དག་རྣམ་སྣང་མཛད་ཅེས་བྱ་བའི་དགེ་བའི་བཤེས་གཉེན་ལོ་བཅུ་བདུན་དུ་མཉེས་པར་བྱས་པའི་མཐར་བཅོམ་ལྡན་བྱམས་པ་ལས་མདོ་དང་རྒྱན་སྦྱར་ཏེ་ཐོས་ལ། ཐོས་པ་ལྟར་དུ་རྣམ་པར་ཕྱེ་བ་ཚིག་དོན་ཐམས་ཅད་ཀྱིས་དགའ་བ་བསྐྱེད་པས་མདོ་དང་དེའི་རྒྱན་གྱི་རྒྱན་དུ་གྱུར་པ་ཡིན་ནོ། །བྱམས་པ་དང་མཇལ་བ་ཡང་ཆོས་བཤེས་ཀྱིས་མནལ་ལམ་ཙམ་དང་ཤེར་འབྱུང་གིས་དངོས་སུ་བཤད་དོ། །ད་ལྟའི་གནོད་འཇོམས་དབྱིག་གཉེན་གྱི་ཡིན་པར་བུ་སྟོན་གྱིས་བསྒྲུབ་པར་མཛད་ཀྱང་སྔོན་གྱི་དཀར་ཆག་ལས་མཆེ་བའི་སྡེས་མཛད་ཅེས་བྱུང་བར་བརྟགས་ཀྱིན་འཐད་པར་མཐོང་ངོ་། །དེ་བས་ན་མཆེད་གཉིས་གྱི་རྣམ་བཤད་སྔོན་འགྱུར་སྲིད་མོད་ཀྱི། ད་ལྟ་གྲགས་པའི་བསྟན་འགྱུར་དཀར་ཆག་རྣམས་ན་མ་མཐོང་ངོ་། །མདོར་བསྡུ་ན། བཟང་པོའི་ལུགས་འཕགས་པའི་ཡུལ་དུ་གཡེར་ཆེ་ཞིང་ཐམས་ཅད་གཟིགས་པ་སྔོན་གྱི་ལོ་པཎ་རྣམས་ཀྱིས་ཀྱང་འདི་ལ་འཆད་ཉན་གཙོ་བོར་བྱ་བར་གདམས་པས་སོ། །གསུམ་པ་མཆོག་གྱུར་དེའི་ལུང་བཞིན་དུ་རྗེ་བཙུན་གྱི་གཞུང་བཤད་པ་ལ། བཤད་པ་ལ་འཇུག་པའི་ཡན་ལག བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པའི་ཚུལ་བསྟན་པ་ལས། དང་པོ་ལ། སྔ་འགྲེལ་གྱི་མཆོད་བརྗོད་ཡུམ་ལ་དང་བ་སྐྱེད་པའི་ཆེད་ཡིན་པར་བསྟན། དངོས་ཀྱིས་མཁྱེན་གསུམ་གྱི་ཡོན་ཏན་བཀོད་པའི་ཕྱག་འཚལ། ཤུགས་ལས་རྩོམ་པར་དམ་བཅའ་བརྒལ་ལན་དང་བཅས་ཏེ་བསྙད་པ་གསུམ་ལས། དང་པོ་ནི། སློབ་དཔོན་གྱིས་འཕགས་པ་བྱམས་པ་རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པ་ཞེས་བྱ་བ་ནས། ཕྱག་འཚལ་བ་ཞེས་པའི་བར་སྨོས་ཏེ་དེའི་དོན། སོ་སོ་སྐྱེ་བོའི་ས་ལས་རིང་དུ་སོང་བས་འཕགས་པ་དང་། བྱམས་པའི་རྣམ་ཐར་བསྒོམས་པའི་ཡོན་ཏན་ཁྱད་པར་ཅན། གྲུབ་ཅིང་བྱམས་པའི་ཏིང་ངེ་འཛིན་ཐོབ་པ། ཏིང་ངེ་འཛིན་གྱི་འབྲས་བུ་བྱམས་པ་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་ཕན་འདོགས་པར་མཛད་པའི་ཚུལ་ཅན་ཡིན་པས་བྱམས་པའོ། །དེ་ཉིད་ཉན་རང་དང་སོ་སྐྱེས་བྱང་སེམས་རང་རྒྱུད་པར་བལྟ་ལ། མ་དག་པའི་ས་ལ་གནས་པས་ནི་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་དགའ་ལྡན་ནས་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་སྟོན་པར་གཤེགས་རྒྱུ་དག་ས་ལ་གནས་པས་ཁམས་གསུམ་ལས་འདས་པའི་འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུར་རོ། །རྗེ་བཙུན་འདི་ཡང་ཡུམ་གྱི་དབང་གིས་བྱ་བ་བྱས་པ་བརྙེས་པ་ཡིན་པས་བྱས་པ་གཟོ་བ་དང་། གཞན་དག་བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་ཕུལ་དུ་བྱུང་བའི་འབྱུང་གནས་ལ་དོན་གྱིས་འཇུག་པའི་ཆེད་དུའོ། །དེ་ཡང་དད་པ་དང་ཤེས་རབ་ཀྱིས་ཡིན་ཏེ། སྔ་མས་ནི་མོད་ལ་དང་། ཕྱི་མས་ནི་བརྟགས་ནས་དེའི་རྗེས་ཐོགས་ལ་དང་བ་དང་། དང་བ་ལས་གུས་པ་དང་། གུས་པ་ལས་འཇུག་པ་དང་། ཞུགས་པ་ལས་ལེགས་པའི་མཆོག་ཐོབ་པར་འགྱུར་བའི་ཕྱིར། དེ་ཐོས་ནས་རེ་ཞིག་དད་པའི་རྗེས་སུ་འབྲང་བ་རྣམས་ནི་ཞེས་པ་ནས། རྒྱུའི་གཙོ་བོ་ཡིན་ནོ་ཞེས་པའི་བར་གསུངས་སོ། །དེར་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཅེས་སྨོས་པས་ནི། ཁྱད་པར་གྱི་གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་པུ་ཁྱད་པར་མཁྱེན་པ་གསུམ་དུ་འཆར་བར་བསྟན་པས་ཡུམ་འདི་གཅིག་དུ་མར་སྟོན་པའི་མཐུ་དང་། ཚུལ་གསུམ་པ་ཅན་ཞེས་པས་ཡུམ་དེ་ཉིད་སྲས་རང་རང་གི་རྟོགས་པ་ལྟར་དུ་གྲུབ་བམ་སྙམ་ན་མ་ཡིན་ཏེ། དེ་ནི་རྫོགས་པའི་སངས་རྒྱས་ཀྱིས་གཟིགས་པ་ལྟར་དུ་གནས་སོ་ཞེས་དུ་མར་སྣང་ཡང་གཅིག་ཏུ་འདུ་བའི་མཐུ་སྟོན་པ་སྟེ་སྲས་གཞན་གསུམ་ཡང་མཐར་ཐུག་དེར་བགྲོད་དགོས་པས་སོ། །དེ་བས་ན་ཡུམ་ལ་མཁྱེན་པ་གསུམ་དུ་ཕྱེ་བ་ནི་རང་བཞིན་གསུམ་དུ་ཕྱེ་བ་མ་ཡིན་ཏེ་དབྱེ་བར་མི་ནུས་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན་རང་བཞིན་དེ་ཉིད་ཀྱི་མཐུ་ནི་རང་བཞིན་དེ་ཉིད་སྟོང་པ་ཉིད་དུ་གྱུར་པ་གང་སྟོང་པ་ཉིད་དུ་རུང་བ་དེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཐམས་ཅད་དུ་ཡང་རུང་བས་དེའི་ཚེ་སྲས་དེ་དང་དེ་བསྐྱེད་པས་ཡུམ་ཞེས་བྱ་ལ། ངོ་མ་ནི་སངས་རྒྱས་རྗེ་བཙུན་ཁོ་ནའི་ཡུམ་ཡིན་གྱི་ཉན་ཐོས་དང་རང་སངས་རྒྱས་གཡུང་པོ་དང་དབུལ་པོ་ལ་སོགས་པ་ལྟ་བུ་ནི་བུད་མེད་རིན་པོ་ཆེ་དང་འདྲ་བའི་ཡུམ་འདིས་ག་ལ་སྐྱེད། དེའི་ཕྱིར་འདིའི་མཐུ་དང་བཅས་པས་ནི་འགྲོ་བ་མ་ལུས་པ་སངས་རྒྱས་བཅོམ་ལྡན་འདས་ཁོ་ནར་སྒྲུབ་པས་ན་མཚར་དུ་བྱའོ། །འདིར་མཁྱེན་གསུམ་དུ་ཕྱེ་ནས་ཕྱག་འཚལ་བ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་ལ། དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང་། དེས་ཀྱང་འཆད་པར་འགྱུར་བའི་དོན་བདུན་ཅུ་པོ་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་དེ་ལྟར་ཐུགས་ལ་བཞག་ནས་སོ། །ཇི་ལྟར་བསྡུས་པ་ཞེ་ན། འཆད་འགྱུར་གྱི་སྐབས་གང་དང་གང་དུ་ཉན་རང་གི་ལམ་ཅི་དང་ཅི་བཤད་པ་ཐམས་ཅད་ཀུན་ཤེས་ཀྱི་རྒྱུ་འབྲས་ཀྱིས་བསྡུས། བྱང་ཆུབ་སེམས་དཔའི་ཐམས་ཅད་ལམ་ཤེས་ཀྱིས། སངས་རྒྱས་ཀྱི་ཐམས་ཅད་རྣམ་མཁྱེན་གྱིས་ཏེ། འཕགས་པས། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་པ་ཞེས་གསུངས་པས་དང་། ཡུམ་བར་པ་ལས། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡིན་ནོ། །ཞེས་དང་། གནོད་འཇོམས་ལས་ཀྱང་། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གནས་ཤིན་ཏུ་གྱུར་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པའི་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲུབ་པའི་སར་གཏོགས་པ་ས་བཅུའི་རིམ་པས་ངེས་པར་འབྱུང་བ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ལམ་གྱི་བདག་ཉིད་ཀྱི་ཡེ་ཤེས་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །ཞེས་བྱ་བ་ཐམས་ཅད་མི་རྟག་པ་ལ་སོགས་པའི་རྣམ་པར་འཇུག་པ་བསྒོམས་པའི་རྒྱུ་ལས་བྱུང་བ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ་ཞེས་གསུངས་པས་སོ། །གོ་རིམ་འདི་ལྟར་དུ་འཇོག་པ་ནི། གཞི་ཤེས་ཀྱིས་ཉན་རང་དུ་བྱང་ཆུབ་པར་བྱས་པ་དེ་ཡང་མཐར་འདིར་བསྟན་གྱི་ལམ་ཤེས་ལ་སྦྱངས་ནས་རྣམ་མཁྱེན་དུ་འགྲོ་དགོས་སོ་ཞེས་སྟོན་པའོ། །གཉིས་པ་ནི། གང་ཟག་ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་རང་སངས་རྒྱས་རང་དོན་དུ་ཞི་བ་འཚོལ་བ་རྣམས་ཐབས་གཞི་ཀུན་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཉིད་ཀྱིས་འབྲས་བུ་ཕུང་པོ་དང་བཅས་པ་དང་། ཕུང་པོ་མེད་པའི་ཉེར་ཞིར་ཁྲིད་པར་འཛད་པ་གང་ཡིན་པ་དང་། ཉན་ཐོས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལས་ཆོས་ཀྱི་ལུང་མ་ནོད་པར་བདག་ཉིད་ཀྱིས་རྟོགས་པར་མི་ནུས་པས་ཉན་པ་དང་། ཡང་དག་པའི་ཤེས་པས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐོབ་པ་གཞན་ལ་སྒྲོག་ཅིང་ཐོས་པར་བྱེད་པས་ཐོས་པ་སྟེ་དེའི་ཕྱིར་ཉན་ཐོས་སོ། །དེའི་ཕྱོགས་སུ་བསླན་པ་ཞེས་བྱ་བ་ནི། དེ་དང་མཐུན་པར་སྟོན་པ་སྟེ་ཐེག་དམན་གྱི་ནང་དུའོ། །སེམས་ཅན་མང་པོའི་དོན་མི་མཛད་ཀྱི། བདག་གཅིག་པུ་བྱང་ཆུབ་པ་དང་མྱ་ངན་ལས་འདས་པར་སྒྲུབ་པས་ན་རང་སངས་རྒྱས་སོ། །རྣམས་ཞེས་པ་མང་ཚིག་སྟེ་དེས་ཉན་ཐོས་ཀྱིའང་དབྱེ་བ་བསྟན་ནོ། །གང་ཞེ་ན། ལྟ་བ་ཁས་ལེན་གྱི་ཉན་ཐོས། སྤྲུལ་པའི། རིགས་མ་ངེས་པའི། ངེས་པའོ། །དང་པོ་ནི། ཐེག་ཆེན་སེམས་བསྐྱེད་དང་ལྡན་ཡང་ལྟ་བ་ཉན་ཐོས་ལས་མ་འཕགས་པའོ། །གཉིས་པ་ནི། ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་ལྟ་བུར་གདུལ་བྱའི་དོན་དུ་ཉན་ཐོས་སུ་སྤྲུལ་པའོ། །དེ་གཉིས་ནི་ཉན་ཐོས་བཏགས་པ་བ། གསུམ་པ་ནི། ད་ལྟ་ཉན་ཐོས་ཀྱི་ལམ་ལ་གནས་ཀྱང་ཕྱིས་ལམ་དེ་བོར་ནས་རང་སངས་རྒྱས་སམ་སངས་རྒྱས་སུ་འགྱུར་བ་ཞིག་དང་། དེ་ལ་ཡང་སོ་སོ་སྐྱེ་བོ་དང་འཕགས་པའོ། །དང་པོ་ནི་མཛོད་དུ། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཞེས་དྲོད་རྩེ་ལ་གནས་པ་སངས་རྒྱས་སུ་འགྱུར་བ་དང་། བཟོད་འབྲིང་ལ་གནས་པ་རང་རྒྱལ་དུ་འགྱུར་བ་ཞིག་གོ །གཉིས་པ་དེ་ལ་ཆགས་པ་མ་བྲལ་བ་དང་བྲལ་བ་གཉིས། དང་པོ་རྒྱུན་ཞུགས་དང་ཕྱིར་འོང་། སྨོན་ལམ་གྱི་སྟོབས་ཀྱིས་ངེས་པར་སྐྱེ་བ་འཛིན་པའོ། །གཉིས་པ་ཕྱིར་མི་འོང་སྟེ། འདོད་པར་སྐྱེ་བའི་རྒྱུ་འདོད་ཉོན་དགུ་སྤངས་ཀྱང་སྤྲུལ་པའི་སྟོབས་ཀྱིས་སྐྱེ་བ་འཛིན་པའོ། །དེ་གཉིས་འཕགས་པའི་ལམ་ཐོབ་པ་དེ་འཁོར་བའི་སྐྱེ་བར་བསྒྱུར་བས་ན་བསམ་གྱིས་མི་ཁྱབ་པའི་སྐྱེ་བ་དང་ལྡན་པའོ། །དེ་གཉིས་ཀྱང་ཐེག་ཆེན་ལས་དང་པོ་པ་ལས་བསྐལ་པ་མང་པོས་འཚང་རྒྱ་བ་བུལ་བ་ཡིན་ཏེ། སྔར་ཡིད་འབྱུང་དང་རང་དོན་མྱང་འདས་ཐོབ་པར་འདོད་པ་ལ་གོམས་པར་བྱས་པས་སོ། །བདེན་པ་མཐོང་བ་འདོད་པ་ལས་འདོད་ཆགས་དང་མ་བྲལ་བ་ལམ་གྱི་དོན་མ་བྱས་པ་ནི་ཞིང་སྟོང་དུ་སྐྱེས་ནས་སྤྲུལ་པ་དོན་དུ་གཉེར་བས་བསམ་གཏན་ལ་བརྩོན་ཞིང་སྤྲུལ་པ་དེ་ལ་བརྟེན་ནས་རང་རྒྱལ་ལམ་སངས་རྒྱས་སུ་འགྱུར་རོ། །དེ་ལྟར་ཡང་། ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཞེས་སོགས་ཀྱིས་སོ། །བཞི་པ་ནི། ཉན་ཐོས་ཀྱི་ལམ་གཞན་རྫོགས་པར་བྱས་ནས་མཐར་དགྲ་བཅོམ་དུ་བྱེད་པར་ངེས་པ་སྟེ། འོན་ཀྱང་གནས་སྐབས་སུ་ཡིན་གྱི་མཐར་ཐུག་ཉན་ཐོས་སུ་རིགས་ངེས་པ་མི་སྲིད་དོ། །གཞི་ཀུན་ཞེས་བྱ་བ་ནི། བྱིས་པ་རྣམས་ལ་བདག་དང་བདག་གིར་གྱུར་པ་ཕུང་པོ་ལ་སོགས་པ་ཡིན་ནོ། །སྐྱེ་བ་མེད་པ་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་ཉན་ཐོས་གཞི་དེ་དག་མི་རྟག་པ་ལ་སོགས་པའི་རྣམ་པས་གང་ཟག་གི་བདག་མེད་པར་ཤེས་པ་དང་སྤོང་བར་བྱེད་པ། རང་རྒྱལ་དེའི་སྟེང་དུ་རྟེན་འབྲེལ་གྱིས་གཟུང་བ་ཆོས་ཀྱི་བདག་མེད་པ་ཤེས་པ་དང་སྤོང་བར་བྱེད་པ་སྟེ། ལྷན་ཅིག་སྤྱོད་རྒྱུའི་མིང་ལྷན་ཅིག་སྤྱོད་པས་ཐོབ་པའོ། །ཡང་ན་གདུལ་བྱ་རིགས་གཉིས་པོ་དེ་རྣམ་མཁྱེན་དུ་འཇུག་པ་ལ་དང་པོར་དེ་ལ་བརྟེན་དགོས་པས་གཞི་ཡང་ཡིན་ལ། དེ་དག་གི་ཡེ་ཤེས་ཀྱང་ཡིན་པས་གཞི་མཐུན་བསྡུས་ནས་གཞི་ཤེས་ཞེས་བྱའོ། །ཕུང་པོ་དང་བཅས་པ་ཞེས་བྱ་བ་ནི། དགྲ་བཅོམ་པ་ཁམས་གསུམ་པའི་ཉོན་མོངས་པ་སྤངས་ནས་ཕུང་པོ་ཙམ་མ་བོར་བའོ། །ཕུང་པོ་མེད་པའི་ཉེ་བར་ཞི་བ་ཞེས་བྱ་བ་ནི། དགྲ་བཅོམ་པ་ཉོན་མོངས་པ་ཐམས་ཅད་ཀྱང་སྤངས་ལ། ཕུང་པོ་ལྔའི་སྡུག་བསྔལ་གྱི་མེ་ཡང་ཞི་བར་བྱས་པའོ། །གང་ཟག་འགྲོ་བ་རྣམས་ལ་འཁོར་བ་ཇི་སྲིད་བར་ཕན་པར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཐབས་ལམ་ཐམས་ཅད་སྐྱེ་བ་མེད་པར་ཤེས་པའི་ངོ་བོ་ཉིད་ཀྱིས་འབྲས་བུ་འཇིག་རྟེན་པ་ཐམས་ཅད་ཀྱི་དོན་མངོན་པར་མཐོ་བ་དང་ཉན་རང་བྱང་སེམས་ཀྱི་ལམ་ལ་སྐལ་བ་བཞིན་དུ་འཁྲིད་ནས་སངས་རྒྱས་སུ་སྒྲུབ་པར་མཛད་པ་གང་ཡིན་པས་སོ། །བོ་དྷི་བྱང་ཆུབ། ས་ཏྭ་སེམས་དཔའ་འམ་སྙིང་སྟོབས་ཆེ་བ་ལ་བྱ་བས། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་གཅིག་ཏུ་བརཏལ་ཞིང་མི་ནུར་བས་ན་བྱང་ཆུབ་སེམས་དཔའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་སེམས་བསྐྱེད་པ་ལྟ་བུ་མ་ཡིན་གྱི། སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ལ་ཞུགས་པས་ན་སེམས་དཔའ་ཆེན་པོའོ། །རྣམས་ཞེས་པ་དབྱེ་བ་སྟེ་ཚོགས་སྦྱོར་བ་མོས་པ་དང་ལྡན་པ། ས་དང་པོ་པ་ལྷག་བསམ་དག་པ། གཉིས་པ་ནས་དྲུག་པའི་བར་མཚན་མར་སྤྱོད་པ། བདུན་པ་མཚན་མེད། བརྒྱད་པ་མན་མངོན་པར་འདུ་བྱེད་མེད་པར་སྤྱོད་པའོ། །ཡང་ན། སོ་སྐྱེ་དང་། ལྷག་བསམ་དག་པ། རྩོལ་བ་དང་བཅས་པར་མཚན་མ་མེད་པར་གནས་པ། མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པར་གནས་པ། སྤྱོད་པ་ལ་ངེས་པར་ཞུགས་པ། སྐྱེ་བ་གཅིག་གིས་ཐོགས་པའོ། །ལམ་ཐམས་ཅད་སྐྱེ་བ་མེད་པར་ཤེས་པའི་ངོ་བོ་ཉིད་ཅེས་བྱ་བ་ནི། ཉན་རང་སངས་རྒྱས་ཀྱི་ལམ་གསུམ་རང་བཞིན་མེད་པར་ཤེས་པ་ལམ་གསུམ་གྱི་བྱ་བ་བྱེད་ཀྱང་ཡང་དག་མཐའ་མངོན་དུ་མི་བྱེད་པར་རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་པར་བྱེད་པའོ། །ཐབས་རྣམ་པ་ཐམས་ཅད་སྐྱེ་བ་མེད་པ་ཐུགས་སུ་ཆུད་པ་གང་དང་ཡང་དག་ལྡན་པས་སངས་རྒྱས། གང་ཟག་ཡང་དག་པར་བསྡམས་པའི་སྐུ་ཅན་རྣལ་འབྱོར་ཅན་གྱི་དབང་ཕྱུག་གི་གཙོ་བོ་ཐུབ་པ་རྣམས་འབྲས་བུ་སྤྱོད་པའི་གཉེན་པོར་རྣམ་པ་ཀུན་དང་ལྡན་པར་སྣ་ཚོགས་པ་ལས་བརྩམས་ནས་ཐམས་ཅད་མངོན་དུ་མཛད་པའི་ཚུལ་འདི་ཡིས་ལེགས་པར་གསུངས་པ་རྣམ་པ་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ། །རྣམ་པ་ཐམས་ཅད་སྐྱེ་བ་མེད་པ་ཐུགས་སུ་ཆུད་པ་ཞེས་བྱ་བ་ནི་རྣམ་མཁྱེན་ཏེ། དེ་ཉིད་གནོད་འཇོམས་ལས། དེ་བས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་གི་རྣམ་པ་དང་ལྡན་པ་རྣམ་པར་མི་རྟོག་པ་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་དངོས་པོ་མཉམ་པས་མཉམ་པར་འཇུག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པར་བསྟན་ཏེ་ཞེས་པས་སོ། །གང་དག་གིས་ཆོས་ཆོས་ཞེས་འཇོག་པ་དེའི་ངོ་བོ་ནི་རྣམ་པ། འབྲས་བུ་ནི་རྟགས། རྒྱུ་ནི་མཚན་མ་སྟེ། བྱིས་པ་ལྟ་ཅི་སྨོས། འཕགས་པ་གསུམ་གྱིས་གཟིགས་པ་དེ་ལྟ་བུ་ཡང་མ་ཡིན་པ་སྐྱེ་བ་མེད་པ་ལ་སོགས་པའི་རྣམ་པ་ཐམས་ཅད་ཀྱི་མཆོག་གི་རྣམ་པ་ལ་སོགས་པའི་ཁྱད་པར་གསུམ་ལྡན་དེར་ཐུགས་སུ་ཆུད་པའོ། །གང་དང་ཡང་དག་ལྡན་པས་སངས་རྒྱས་ཞེས་པ། ཡང་དག་པ་ཉིད་ཀྱི་མཐའ་རྟོགས་པ་ཞེས་པ་སྟེ། བུདྡྷ་ཞེས་པའི་སྒྲ་ལས་དྲངས་ན་གཏི་མུག་གི་གཉིད་སངས་པས་ན་མི་གཉིད་སངས་པ་བཞིན་ཏེ་དེའི་ཕྱིར་སངས་པ་དང་། ཡང་ན་བློ་བྱེ་ཞིང་རྒྱས་པས་ན་པདྨ་ཁ་བྱེ་ཞིང་རྒྱས་པ་དང་འདྲ་བས་སངས་རྒྱས་སོ། །དེས་ཀུན་རྫོབ་འདི་ལྟར་དུ་མི་གཟིགས་ཏེ། ཀུན་རྫོབ་ནི་གཏི་མུག་གི་གཉིད་ཀྱིས་ནོན་པའི་དབང་གིས་བྱུང་བའི་རྨི་ལམ་ཡིན་ལ། དེ་ནི་གཉིད་དེ་སངས་ཟིན་པའི་ཕྱིར་རོ། །དཔེར་ན་མི་གཉིད་སད་པ་ལ་རྨི་ལམ་མི་རྨི་བ་བཞིན་ནོ། །དེས་ན་ཡེ་ཤེས་ཚད་མེད་པ་ནི་ཡོད་དེ་ཆོས་ཐམས་ཅད་ཤིན་ཏུ་སངས་རྒྱས་པར་གཟིགས་པས་སོ། །དེའི་ཕྱིར་ཆོས་ཐམས་ཅད་ཐུགས་སུ་ཆུད་ཅིང་མ་ལུས་པར་བྱང་ཆུབ་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཚིག་གི་དོན་ཡིན་ནོ། །ཆོས་བཤེས་ཀྱིས། སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་ལ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པར་སྣང་བ་བསྐྱེད་པའི་སྒོ་ནས་དོན་བྱ་བར་མཛད་པས་ཆོས་ཀྱི་སྐུ་ཡིན་ནོ་ཞེས་འཆད་པར་མཛད་དོ། །དེའི་ཕྱིར་བཅོམ་ལྡན་འདི་ནི་རྟག་ཏུ་ཡེ་ཤེས་ཀྱི་སྣང་བ་རབ་འབྱམས་ཚད་མེད་པ་ཁོ་ན་ཡིན་མོད་ཀྱི། ཡེ་ཤེས་གཅིག་པུ་དེ་ཁོ་ན་ལ་གདུལ་བྱའི་དོན་མཛད་པའི་དབང་གིས་སྐུ་དང་ཡེ་ཤེས་དུ་མར་བཏགས་པར་ཟད་དོ། །དེ་བས་ན་གདུལ་བྱས་སོ་སོར་འཛིན་པས་རྒྱལ་བའི་ངོ་བོ་ཉིད་ཐ་དད་པར་མི་དབྱེ་བ་ཉིད་དོ། །ཞེས་སོ། །ཡང་དག་པར་བསྡམས་པའི་སྐུ་ཅན་ཞེས་བྱ་བ་ནི། དེས་སྒྲིབ་པའི་ས་བོན་ཐམས་ཅད་དྲུངས་ཕྱུང་བས་བག་ཆགས་ཀྱི་མཚམས་སྦྱོར་བ་མེད་པར་སྔོན་གྱི་སྨོན་ལམ་གྱི་མཐུ་དང་སེམས་ཅན་གྱི་ལས་ཀྱི་དབང་གིས་ནམ་མཁའ་ཇི་སྲིད་གཞན་གྱི་དོན་མཛད་པ་ཡིན་ནོ། །རྣམས་ཞེས་འཕགས་པ་དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བར་བསྟན་པ་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་འཛིན་ཤིན་ཏུ་རྣམ་པར་སངས་རྒྱས་པ་ལ་སྙོམས་པར་ཞུགས་མ་ཐག་ཏུ་སེམས་ཅན་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་སྐུ་ཀུན་ཏུ་གནས་པར་གྱུར་ཏོ། །སྐུ་ཇི་སྙེད་པ་དེ་སྙེད་གྱི་གསུང་དང་ཐུགས་དག་ཀུན་ཏུ་གནས་པར་གྱུར་ཏོ་ཞེས་སྟོན་པའི་ཕྱིར་རོ། །རྣམ་པ་ཀུན་དང་ལྡན་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་པའི་མཆོག་སྟོང་པ་ཉིད་དམ་རྟེན་ཅིང་འབྲེལ་པར་འབྱུང་བ་དབུ་མའི་ལམ་དུ་གཞོལ་བར་བྱེད་པ་དང་ལྡན་པའོ། །སྣ་ཚོགས་པ་ལས་བརྩམས་ཏེ་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་སྣ་ཚོགས་པའི་གདུལ་བྱའི་རིགས་དང་བསམ་པ་དང་སྤྱོད་པ་དང་མོས་པ་དང་དབང་པོ་ཐ་དད་པ་རྣམས་ལ་སྐད་སྣ་ཚོགས་དང་སྒོ་སྣ་ཚོགས་དང་སྒྲ་སྣ་ཚོགས་དང་ཆོ་འཕྲུལ་སྣ་ཚོགས་དང་འཇུག་པ་སྣ་ཚོགས་དང་འབྲས་བུ་ཐོབ་པ་སྣ་ཚོགས་ཀྱིས་སོ། །ཐམས་ཅད་མངོན་དུ་མཛད་པའི་ཚུལ་འདི་ཞེས་བྱ་བ་ནི། ཐོག་མར་དགེ་བ་ལ་སོགས་པས་སྐད་ཅིག་གཅིག་ལ་གདུལ་བྱ་གང་གང་གིས་འདུལ་བ་མཁྱེན་པ་གཅིག་གིས་མངོན་དུ་མཛད་དེ་གསུང་རྣམ་པ་གཅིག་གིས་ཐམས་ཅད་ཀྱི་སེམས་རངས་པར་མཛད་པའི་ཚུལ་འདིས་ནམ་མཁའ་གནས་ཀྱི་བར་སྟོན་པར་བྱེད་དོ། །དེ་ཡང་། ཞི་བའི་བློ་གྲོས་རྣམ་གྲངས་འདིས། སེམས་ཅད་ཐམས་ཅད་ཀྱི་ཐེ་ཚོམ་གྱི་དྲི་བ་ཐ་དད་པ་རྣམ་པར་བསམས་ཏེ། བཅོམ་ལྡན་འདས་ཀྱི་གན་དུ་སོང་ནས་སེ་གོལ་གཏོགས་པ་སྲིད་ལ་ཐེ་ཚོམ་གྱི་དྲི་བ་དེ་དག་གསོལ་ཀྱང་། དེས་སེམས་གཅིག་གི་རྗེས་སུ་ཞུགས་པའི་དྲན་པས་ཐམས་ཅད་གཟུང་ནས། གསུང་རྣམ་པ་གཅིག་གིས་དེ་དག་གི་ཐེ་ཚོམ་གྱི་དྲི་བ་ཐམས་ཅད་གཅོད་དེ། དེ་དག་ཐམས་ཅད་ཀྱང་རང་རང་གི་ཐེ་ཚོམ་གྱི་དྲི་བ་འཆད་པར་ཤེས་ཤིང་། བཅོམ་ལྡན་འདས་ཀྱིས། ཞུས་པ་ལུང་བསྟན་པས་ཐམས་ཅད་ཀྱང་སེམས་རངས་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། སྤྱོད་པའི་གཉེན་པོར་ཞེས་པ་ནི། རྩ་བའི་སྤྱོད་པ་འདོད་ཆགས་ཞེ་སྡང་གཏི་མུག་ཆ་མཉམ་བཞི། རེ་རེ་ཡང་དབྱེ་བས་བརྒྱད་ཁྲི་བཞི་སྟོང་། དེ་དག་འདིས་འཇོམས་པར་བྱེད་པས་སོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་ཆོས་ནི། དྷརྨ་ཞེས་པ་ཡིན་ལ། དེའི་བྱིངས་ནི། དྷྲྀ་དྷ་ར་ཎེ་འཛིན་པ་ལའོ་ཞེས་འདོན་པས། འཛིན་པས་ན་ཆོས་ཞེས་བྱའོ། དེ་ཤེས་བྱ། ལམ། མྱང་འདས། ཡིད་ཡུལ། བསོད་ནམས་ཚེ། གསུང་རབ། འབྱུང་འགྱུར། ངེས་པ། ཆོས་ལུགས་ཏེ་དོན་བཅུ་ལ་གཙོ་བོར་འཇུག་ལ། གསུང་རབ་ནི། རིགས་པ་སྟོན་པ་དང་། དོན་ཕྱིན་ཅི་མ་ལོག་པ་ངེས་པར་འཛིན་པ་དང་། ལམ་དང་མྱང་འདས་ངན་འགྲོ་དང་འཁོར་བར་ལྟུང་བ་ལས་ངེས་པར་འཛིན་པས་སོ། །དེ་དག་ཁོ་ན་སདྡྷརྨ་སྟེ་དམ་པའི་ཆོས་ཞེས་བྱའོ། །དེ་ཡང་དམ་པ་རྫོགས་པའི་སངས་རྒྱས་ཡིན་ལ། དེས་བསྟན་པའི་ཆོས་ཡིན་པས་སམ། ཡང་ན་དམ་པ་ནི་མཆོག་ཏུ་གྱུར་པ་ཡིན་ལ་ཆོས་ཀྱང་ཡིན་པས་གཞི་མཐུན་བསྡུས་ཏེ་འམ། ཡང་ན་སྐྱེས་བུ་དམ་པས་སྤྱད་པར་བྱ་བའི་ཆོས་ཡིན་པས་དམ་པའི་ཆོས་ཞེས་བྱའོ། །འཁོར་ལོ་ནི་རྒྱུ་བས་སམ་ཚོགས་པའི་དོན་གྱིས་སོ། །དང་པོ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང་མཐུན་པར་ཆོས་ཀྱི་རྗེས་འདུལ་བར་བྱ་བའི་སྐལ་བ་གང་ལ་ཡོད་པ་དེའི་རྒྱུད་ལ་ཞུགས་ནས་ཇི་ལྟ་བ་བཞིན་དུ་རྟོགས་པའི་ངོ་བོ་ཉིད་ཀྱིས་ཉོན་མོངས་པ་ཐམས་ཅད་གཅོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངོ་། །ཆོས་ཕུང་གི་ཚད་ལ། ཤློ་ཀ་སྟོང་དང་དྲུག་སྟོང་དང་ཕུང་སོགས་གཏམ་རེ་སྟོན་པ་དང་། གླང་པོ་ཆེ་རབ་བརྟན་གྱི་ཁུར་ཚད་ཀྱི་སྣག་ཚས་ཆོས་ཀྱི་ཕུང་པོ་གཅིག་བྲི་བར་ནུས་པཞིག་གོ་ཟེར་ལ། འདིའི་དབང་དུ་བྱས་ནས་མདོ་འགའ་ཞིག་ཏུ་ལྷས་བྱིན་གྱིས་གླང་པོ་ཆེ་ལྔ་སྟོང་གིས་ཁུར་བར་བྱ་བའི་གླེགས་བམ་རྣམས་ཁ་ཏོན་དུ་རྗོད་པར་བྱེད་དེ་ཞེས་འབྱུང་མོད་ཀྱང་དོན་དུ་སྤྱོད་པའི་གཉེན་པོ་རེ་རྫོགས་པར་སྟོན་པ་ཞིག་ལ་བྱའོ། །དེ་ཡང་འགའ་ཞིག་ཚིག་ཏུ་འདོད་ཅིང་གཟུགས་སུ་འདོད་དོ། །འགའ་ཞིག་མིང་སྟེ་འདུ་བྱེད་དུ་འདོད་ལ། འགའ་ཞིག་རྣམ་པར་རིག་པ་ཙམ་དུ་སྨྲའོ། །བསྐོར་བ་ཞེས་པ་གཞན་གྱི་རྒྱུད་ལ་གོ་བ་བྱེད་པ་སྟེ་དོན་ཤེས་པར་བྱེད་པའི་ཕྱིར་རོ། །དྲང་བའི་དོན་དུ་རིམ་པ་གསུམ་དུ་བཞག་སྟེ། བཅོམ་ལྡན་འདས་ཆོས་ཀྱི་གཡེའི་དགོན་པ་མ་ག་དྷ་རྡོ་རྗེའི་གདན་བྱང་ཆུབ་གྱི་སྙིང་པོའི་སྤོ་འཛམ་བུའི་ཤིང་གི་དྲུང་དུ་ས་གའི་ཉའི་ཐུན་ཐ་མ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་སོང་བ་ན། ཟབ་ཞི་སྤྲོས་བྲལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་སྔོན་ཁྱེའུ་ཆོས་ཀྱི་བློ་གྲོས་སུ་གྱུར་པའི་ཚེ། བསྐལ་བཟང་གི་སངས་རྒྱས་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ་བ་པོར་སྨོན་ལམ་བཏབ་པའི་མི་མཇེད་ཀྱི་བདག་པོ་ཚངས་པ་གཙུག་ཕུད་ཅན་གྱིས་ཤེས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་ལན་གསུམ་དུ་བསྐུལ་བའི་མཐར་གནང་སྟེ། ཆུ་སྟོད་ཀྱི་ཚེས་བཞི་ལ་ཝཱ་རཱ་ཎ་སཱིར་གཤེགས་ནས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སྔོན་གྱི་སངས་རྒྱས་གསུམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱོགས་དེར་ཁྲི་སྟོང་བྱུང་བའི་ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་ལྔ་སྡེ་བཟང་པོ་དང་། སྡེ་ཆེན་པོ་བརྒྱད་དང་། ཕྱོགས་བཅུའི་སེམས་དཔའ་དག་ལྷགས་ནས་སྟོང་ཆེན་པོ་འདིའི་སྐྲའི་རྩེ་མོའི་ཆ་ཤས་ཙམ་ཡང་མ་ལུས་པར་ཁྱབ་པ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་ཚངས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་ཕྱག་བཙལ་ནས། ལྷའི་འཛམ་བུ་ཆུ་བོའི་གསེར་ལས་བྱས་པའི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་རྣམ་པ་ཐམས་ཅད་ཀྱི་བརྒྱན་པ་ཉིན་མོར་བྱེད་པ་འདི་ཡང་ཟིལ་གྱིས་གནོན་པ། སྔོན་གྱི་རྒྱལ་བ་གསུམ་གྱིས་བཞེས་པ་ཕུལ་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་བོ། །དེའི་ཚེ་དྭགས་རུ་རུ་གསེར་གྱི་ཁ་དོག་ཅན་ཟུང་ནགས་ནས་འཐོན་ཏེ་འཁོར་ལོའི་རྩེ་མོ་ལ་མིག་རྩེ་གཅིག་ཏུ་ལྟ་ཞིང་འཁོད་དོ་ཞེས་ཀྱང་གྲག་གོ །དེའི་ཚེ་བཅོམ་ལྡན་འདས་ནམ་གྱི་ཆ་སྟོད་ལ་འཕགས་པ་མི་སྨྲ་བར་བཞུགས། གུང་ཐུན་ལ་འབེལ་བར་གྱུར་པའི་གཏམ་དག་གསུངས། ནམ་གྱི་ཆ་སྨད་ཀྱི་ཐུན་ལ་ལྔ་སྡེ་ལ་བོས་ནས་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བར་མཛད་པས། སྟོང་ཆེན་འདི་ན་བདེན་བཞི་གཅིག་པུའི་མིང་བྱེ་བ་ཁྲག་ཁྲིག་རྒྱ་སྟོང་ཕྲག་དགུ་བཅུ་རྩ་བཞི་ཡོད་པ་ཅིག་ཅར་དུ་གྲག་པར་གྱུར་ཏོ། །དེའི་ཚེ་ལྷ་རྣམས་ཀྱིས་ཀྱང་། གྲོགས་པོ་དག་བཅོམ་ལྡན་འདས་ཀྱིས་ཝཱ་རཱ་ཎ་སཱིར་ལན་གསུམ་ཟློས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་ཆོས་དང་ལྡན་པ་སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པ་འགའ་ཡང་མ་བསྐོར་བ་ཞིག་བསྐོར་བས་ལྷའི་རིགས་འཕེལ་ཞིང་ལྷ་མ་ཡིན་གྱི་རིགས་ཉམས་སོ་ཞེས་སྒྲ་བསྒྲགས་སོ། །ཇི་ལྟར་ན་ལན་གསུམ་དུ་བཟླས་པ་ཡིན་ཞེ་ན། བདེན་པ་རྣམས་ལན་གསུམ་དུ་བཟླས་པའི་ཕྱིར་རོ། །ཇི་ལྟར་ན་རྣམ་པ་བཅུ་གཉིས་ཡིན་ཞེ་ན། བདེན་པ་རྣམས་ལ་སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་ཞེས་བྱ་བ་དང་། ཡོངས་སུ་ཤེས་པར་བྱ། སྤང་བར་བྱ། མངོན་སུམ་དུ་བྱ། བསྒོམ་པར་བྱ་ཞེས་བྱ་བ་དང་། ཡོངས་སུ་ཤེས་སྤངས། མངོན་སུམ་དུ་བྱས། བསྒོམས་ཤེས་བྱ་བ་རྣམ་པ་གསུམ་དུ་བྱས་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས། བདེན་པ། ཤེས་བྱ། ཤེས་པ་ལན་གསུམ་དུ་བཟླས་པ། བཟླས་པ་རེ་རེ་ལ་མིག་ཤེས་པ་རིག་པ་བློ་སྐྱེ་ཞེས་ཟེར་ཞིང་། ཆོས་འཁོར་གྱི་ངོ་བོ་མཐོང་ལམ་དུ་འདོད། སློབ་དཔོན་དབྱིག་གཉེན་གྱིས། འཕགས་པའི་ལམ་ཐམས་ཅད་ཀྱང་ཆོས་འཁོར་ཡིན་པར་བཤད་དོ། །དེ་ནས་སྟོན་པ་སངས་རྒྱས་ནས་ལོ་བཅུ་དྲུག་པ་ལ་བྱ་རྒོད་ཀྱི་ཕུང་པོར་ཤེར་ཕྱིན་གསུངས་པ་ནི་གཉིས་པར་བཞག་སྟེ། དེ་ཉིད་དུ། ལྷའི་བུ་དག་གིས་སྨྲས་པ། ཀྱེ་མ་ཨ་ལ་ལ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་མཐོང་ངོ་ཞེས་ཆེད་དུ་བརྗོད་པས་སོ། །མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། འཇམ་དཔལ་གྱིས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་ཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པ་དང་། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་གསུངས་པས་ཆོས་ཀྱི་འཁོར་ལོ་གསུམ་པ་ནི་འབྲས་བུའི་ཐེག་པ་སྟེ། དེ་ཡང་མཚན་བརྗོད་ཀྱི་འགྲེལ་པ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ་ལས། འདིར་ངེས་པར་དཔལ་ལྡན་འབྲས་སྤུངས་རྒྱལ་བའི་མཆོད་རྟེན་ཆེན་པོར་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་སེང་གེ་ཞེས་བྱ་བ་ལ་རྒྱུད་སྣ་ཚོགས་པ་ཉན་པར་འདོད་པ་རྣམས་ཀྱིས་གསོལ་བ་བཏབ་པས། དཔྱིད་ཟླ་འབྲིང་པོའི་ཉ་ལ་དཔལ་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དང་། དེའི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དང་པོའི་སངས་རྒྱས་རྣམ་པར་སྤྲོས་ནས། དེར་ཉི་མ་དེ་ཉིད་ལ་ལྷ་ལ་སོགས་པ་རྣམས་ལ་སངས་རྒྱས་ཀྱིས་དབང་བསྐུར་ནས་རྒྱས་པར་དང་བསྡུས་པའི་དབྱེ་བས་གསང་སྔགས་ཀྱི་ཚུལ་ཐམས་ཅད་བསྟན་ཏོ་ཞེས་གསུངས་པ་དེ་ཉིད་དེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མིའི་འགྲོ་བ་རྣམས་ལ་གསང་སྔགས་ཐམས་ཅད་དེར་གསུངས་སོ། །འདི་ནི་འཐད་དེ། དུས་འཁོར་རྩ་བའི་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །ཞེསབཤད་པས་སོ། །འདིར་ཆོས་ཀྱི་འཁོར་ལོ་མ་ལུས་པ་བསྐོར་བ་ཞེས་གསུངས་པས་དང་། དྲི་མེད་འོད་ལས། རྣམ་པ་གཞན་དུ་ན་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་ཏེ། རྡོ་རྗེ་ཐེག་པ་སྟོན་པར་བྱེད་པ་པོ་ཉིད་མ་ཡིན་པའི་ཕྱིར་རོ། །ཞེས་པའི་ཉེས་པར་ཐལ་དོགས་ནས་ཇི་ལྟ་བ་སྨྲས་སོ། །ངེས་པའི་དོན་དུ་དེ་བཞིན་གཤེགས་པ་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་དང་། རྟག་ཏུ་མཉམ་པར་བཞག་པ་ཡིན་པས་ཡི་གེ་འབྲུ་གཅིག་ཀྱང་མ་གསུངས་མོད་ཀྱི། འོན་ཀྱང་དེའི་སྔོན་གྱི་སྨོན་ལམ་གྱི་མཐུ་དང་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ཇི་ལྟ་ཇི་ལྟར་འདུལ་བ་དེ་ལྟ་དེ་ལྟ་བུར་དེ་བཞིན་གཤེགས་པ་གསུང་ངོ་སྙམ་སེམས་པ་དེ་དག་ལ་འབྱུང་ངོ་། །དང་པོར་ནི་ཐེག་དམན། གཉིས་པར་ནི་རྒྱུའི་ཐེག་ཆེན། གསུམ་པར་ནི་འབྲས་བུའི་ཐེག་ཆེན་ཐམས་ཅད་སྡུད་ཅིང་། དེ་དག་ཚུལ་གསུམ་དུ་བཞག་སྟེ་རིམ་པ་བཞིན། བདེན་པའི་དེ་ཉིད་ཀྱི་ཚུལ། ཕ་རོལ་ཏུ་ཕྱིན་པའི་ཚུལ། གསང་སྔགས་ཀྱི་ཚུལ་ཞེས་ཉམས་ལེན་བྱིན་རླབས་བརྒྱུད་པའི་ཤིང་རྟ་ཆེན་པོ་པ་རྣམས་བཞད་དོ། །ཟབ་མོ་ལྟ་བའི་ཤིང་རྟ་ཆེན་པོ་པ་དག་གིས་མདོ་ལུགས་ཁོ་ནའི་དབང་དུ་བྱས་ནས་བསོད་ནམས་མ་ཡིན་པ་བཟློག་པ། བདག་བཟློག་པ། ལྟ་བ་ཀུན་བཟློག་པ་སྟེ་གསུམ་དུ་ཕྱེ་ལ། དེ་ཡང་འོད་སྲུངས་ཀྱི་ཞུས་པའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་པ་སྟེ། དང་པོ་ནི། བདེན་པ་བཞིར་སྟོན་པ། གཉིས་པ་ནི་རྣམ་ཐར་སྒོ་གསུམ་དུ་སྟོན་པ། གསུམ་པ་ནི་ཆོས་ཐམས་ཅད་རབ་ཏུ་མི་གནས་པ་དབུ་མའི་ལམ་དུ་སྟོན་པར་མཛད་པ། དེ་ལས་དང་པོ་ནི། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་གཙོ་བོར་བྱས་པ། གཉིས་པས་ནི་རྣམ་གྲངས་ཀྱི་དོན་དམ་གཙོ་བོར་བསྟན་པས་དྲང་དོན་གྱི་ངེས་དོན། གསུམ་པ་དོན་དམ་པའི་བདེན་པ་བསྟན་པས་ངེས་དོན་ནོ་ཞེས་བཞེད་དོ། །རྒྱ་ཆེན་སྤྱོད་པའི་ཤིང་རྟ་ཆེན་པོ་པ་དག་གིས། བདེན་བཞི། མཚན་ཉིད་མེད་པ། ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གསུམ་དུ་ཕྱེ་ལ། དགོངས་པ་ངེས་འགྲེལ་གྱི་རྗེས་སུ་འབྲངས་པ་སྟེ་འདིའི་རྗེས་འབྲང་དག་གིས་དང་པོ་ནི། བདེན་བཞི། བར་པ་ཤེར་ཕྱིན། ཐ་མ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་མཚན་གཞིར་འཛིན་ཅིང་། དེ་ལ་དང་པོ་དྲང་དོན། གཉིས་པ་དགོངས་པ་ཅན། གསུམ་པ་ངེས་དོན་དུ་འཇོག་ལ། དེ་བཤད་པའི་གནས་ནི་རི་མ་ལ་ཡ་ལ་སོགས་པར་འདོད་དོ། །མཚན་གཞི་དེ་ནི་སྐྱོན་དང་བཅས་པ་སྟེ། གང་ཞིག་རིགས་པས་གནོད་པ་བྱར་རུང་བ་དེ་ནི་ངེས་པའི་དོན་དུ་བཞག ལུང་དང་རིགས་པས་གྲུབ་པ་དགོངས་པ་ཅན་ནོ་ཞེས་བྱས་པས་སོ། །རང་ཉིད་ཀྱི་འདོད་པ་ནི། སངས་རྒྱས་ཀྱི་གསུང་ནང་ཕན་ཚུན་འགལ་བ་མི་སྲིད་པས། དགོངས་འགྲེལ་ནས་གསུངས་པའི་གཉིས་པའི་མཚན་གཞི་དབུ་མ་པས་གཉིས་པར་བཞག་པ་གང་ཡིན་པ་དེ་ཁོ་ན་སྟེ། མདོ་དེ་ཉིད་དུ། བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཞེས་གསུངས་པས་སོ། །དེ་ཡང་མེད་པར་དགག་པ་ཁས་བླངས་པའི་ཕྱིར་དྲང་བའི་དོན་དང་རྩོད་པའི་གཞིར་གྱུར་ཏོ། །དེ་བཞིན་དུ་སྙིང་པོའི་མདོར་ཡང་། དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ་ཞེས་འབྱུང་བའི་ཕྱིར་རོ། །གསུམ་པའི་མཚན་གཞི་ཡང་དབུ་མ་པས་གཟུང་བ་དེ་ཉིད་དེ། གང་ཞིག་དང་པོར་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ཡོད་ཅེས་བསྟན་པ་དེ་ཡང་ཡོད་པའི་མཐའ། གང་ཕྱིས་བདག་མེད་པ་ཡིན་ཞེས་བསྟན་པ་ལ་སོགས་པ་ནི་མེད་པའི་མཐའ། མཐའ་དེ་གཉིས་ལ་མི་གནས་པ་གང་ཡིན་པ་དེ་ནི་དབུ་མའི་ལམ་ཞེས་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཡིན་ལ། འཁོར་གསུམ་ཡོངས་སུ་དག་པའི་གཏམ་ཡང་དེའོ། །དེ་ཁོ་ན་ཉིད་ལ་དབྱེ་བ་མེད་པས་ལུས་ཅན་གྱི་ཡེ་ཤེས་ལ་ཡང་དབྱེ་བར་མི་རིགས་པས་ན་དབུ་མའི་ལམ་འདིར་ཐེག་པ་གཞན་གཉིས་ཀྱང་ངེས་པར་འཇུག་དགོས་པས་ན་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་བསྟན་པའི་ཕྱིར་འདིའི་གདུལ་བྱ་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་ཞེས་རིགས་པ་ཡིན་ནོ། །དེ་ལྟར་ཡང་མདོ་དེ་ཉིད་དུ། བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཞེས་འབྱུང་བས་དང་། སྙིང་པོའི་མདོར་ཡང་། དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱིས་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་པར་མཛད་དོ། །ཞུགས་པར་གྱུར་ནས་དེ་བཞིན་གཤེགས་པའི་ཆོས་ཉིད་མཐོང་ན་ནི་བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དེ་ཞེས་འབྱུང་བའི་ཕྱིར་རོ། །མིང་གི་རྣམ་གྲངས་ཚངས་པའི་འཁོར་ལོ་ཞེས་ཀྱང་བྱའོ། །དེ་ལྟ་བུའི་ཆོས་ཀྱི་འཁོར་ལོ་ཐམས་ཅད་ཀྱང་ལུང་རྟོགས་ཀྱི་ཆོས་གཉིས་སུ་འདུས་ཏེ། དང་པོ་ནི། མདོ་སྡེ། དབྱངས་སུ་བསྙད་པ། ལུང་དུ་བསྟན་པ། ཚིགས་བཅད། ཆེད་དུ་བརྗོད་པ། གླེང་གཞི། རྟོགས་བརྗོད། དེ་ལྟ་བུ་བྱུང་བ། སྐྱེས་རབས། ཤིན་ཏུ་རྒྱས་པའི་སྡེ། རྨད་དུ་བྱུང་བ། གཏན་ལ་ཕབ་པ་སྟེ་གསུང་རབ་ཡན་ལག་བཅུ་གཉིས་དེ་དག་ཀྱང་སྤང་བྱ། བསླབ་བྱ། ཤེས་བྱ་ལ་ལྟོས་ནས་སྡེ་སྣོད་གསུམ། དེ་ཡང་གནས་དང་། མཚན་ཉིད་དང་། ཆོས་དང་། དོན་སྨོས་པའི་ཕྱིར་མདོ་སྡེ། མངོན་དུ་ཕྱོགས་པ་དང་། ཡང་དང་ཡང་དུ་སྟོན་པས་དང་། ཟིལ་གྱིས་གནོན་པས་དང་། དོན་རྟོགས་པར་འགྱུར་བས་ན་མངོན་པ། ལྟུང་བ་དང་། འབྱུང་བ་དང་། ལྡང་བ་དང་། ངེས་པར་འབྱུང་བའི་སྒོ་ནས་འདུལ་བའམ། ཡང་ན། གང་ཟག བཅས་པ། རབ་དབྱེ། རྣམ་པར་ངེས་པས་སོ། །དེ་ཡང་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་སུ་འདུས་ཏེ། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །བསྡུས་པའི་ཕྱིར་ནི་རྒྱུ་ནི་དགུས་འདོད་དོ། །ཞེས་སོ། །ཡང་ན་བཀའ་དང་དེའི་དགོངས་འགྲེལ་ཏེ། ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་ཏེ། །ཞེས་པས་སོ། །མིང་གི་རྣམ་གྲངས་བཤད་པའི་ཆོས་ཞེས་ཀྱང་བྱའོ། །གཉིས་པ་ལ། གང་ཞིག་འདོད་ཆགས་དང་བྲལ་བའི་ཆོས་འགོག་བདེན་དང་། གང་གིས་འདོད་ཆགས་དང་བྲལ་བར་བྱེད་པའི་ཆོས་ལམ་བདེན་ཏེ། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་སོ། །དང་པོ་ནི་ཐོབ་བྱ་མྱང་ངན་ལས་འདས་པ་ཡིན་པས་འབྲས་བུའི་ཆོས། ཕྱི་མ་ནི་འདི་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པས་བསྒྲུབ་པའི་ཆོས། ཡང་ན་ལྷག་པ་ཚུལ་ཁྲིམས། ཏིང་ངེ་འཛིན། ཤེས་རབ་བོ། །དེ་དག་ཀྱང་བྱང་ཆུབ་སེམས་དཔའི་སྔོན་གྱི་སྨོན་ལམ་གྱི་འདྲེས་ལས་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྨོན་ལམ་ནི་ཤེས་རབ་དང་སྙིང་རྗེའི་བདག་ཉིད་ཡིན་པའི་ཕྱིར་ཤེས་རབ་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པ་གཟུང་། སྙིང་རྗེས་ནི་སེམས་ཅན་ཐམས་གཟུང་ནས་བདག་སངས་རྒྱས་ནས་གཞན་ཡང་བྱང་ཆུབ་པར་བྱའོ། །ཞེས་རྣམ་པ་གཉིས་ཀྱི་བདག་ཉིད་ཀྱིས་འཇུག་སྟེ། སྨོན་ལམ་གྱི་འདྲེས་འདི་ལས་དང་པོས་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཕྱི་མས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་གྲུབ་བོ། །འབྲས་བུ་གཉིས་ལས་ཀྱང་སྔ་མ་རྒྱུ། ཕྱི་མ་འབྲས་བུའི་ཐ་སྙད་མཛད་དོ། །དེ་ལྟར་ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པས་ཡོངས་སུ་བསྐོར་བའི་སངས་རྒྱས་དེ་བསྒྲུབ་པར་བྱ་བ་ཉིད་ཀྱིས་ནི་ཡུམ་ཞེས་བྱ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་སྐལ་བ་ཇི་ལྟ་བ་བཞིན་ཀུན་ཏུ་འགྲོ་ཞིང་སངས་རྒྱས་ཀྱི་མཐར་ཐུག་པར་བྱེད་པས་སྐྱེད་པ་དང་གསོ་བས་ཀྱང་ཡིན་ནོ། །དཔེར་ན་འཇིག་རྟེན་ན་སྐྱེད་པའམ་ཕན་ཆེན་པོ་འདོགས་པ་དེ་ལ་མ་ཞེས་བརྗོད་པ་བཞིན་ནོ། །དེ་ཕྱིར་དེ་ལ་ཕྱག་འཚལ་ལོ་ཞེས་སྦྱར་བར་མཛད་དོ། །ཞར་ལ་སངས་རྒྱས་རྣམས་ཀྱི་ཡབ་ནི་སྙིང་རྗེ་ཆེན་པོ་སྟེ། ཕ་ནི་ཐབས་ལ་མཁས་པ་སྟེ། །མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཞེས་ལུང་ལས་འབྱུང་བས་སོ། །གསུམ་པ་ནི། དེ་ལྟར་ཕྱག་མཛད་པ་མངོན་པར་རྟོགས་པའི་རྒྱན་རྩོམ་མོ་སྙམ་དགོངས་ནས་ཡིན་པས་ཕྱག་འཚལ་བ་སྔོན་དུ་བཏང་བ་ཉིད་ཀྱིས་དམ་བཅས་པ་ཡིན་ནོ། །དེ་ལྟར་དམ་བཅས་ནས་འགྲེལ་པར།བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གཞི་དང་། གཉེན་པོ་དང་། རྣམ་པ་རྣམས་ལས་གང་ཡང་རུང་བ་ཞིག་བསྡུས་པ་མཛད་ན་ཞེས་པ་ནས། སྙམ་དུ་གཞན་དག་སེམས་པར་འགྱུར་བ་མ་ཡིན་ནམ་ཞེ་ན་ཞེས་པའི་བར་ནི་བརྒལ་བ་ཡིན་ནོ། །དེ་ནི་མ་ཡིན་ཏེ་ཞེས་པ་ནས། གཞི་དང་གཉེན་པོ་དང་རྣམ་པ་ཐམས་ཅད་བསྡུས་པས་མངོན་པར་རྟོགས་པ་རིལ་རྫོགས་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་འཐད་པ་ཡིན་ནོ་ཞེས་པའི་བར་གྱིས་ལན་ཏེ། དེ་ཡང་གཞི་ལ་སོགས་པ་མཐའ་དག་བསྡུས་པས་ནི་ཕྱོགས་རེ་བའི་ཉེས་པ་སྤངས་ལ། གང་ཟག་གཅིག་གི་ཆ་རྐྱེན་དུ་མངོན་པར་རྟོགས་པ་རིལ་བསྟན་པས་ནི་བསྟན་བཅོས་གསུམ་དུ་ཐལ་བ་སྤངས་པའོ། །དེའང་འགྲེལ་པར་འདིར་བསྟན་ལ། འཕགས་པ་དང་འགྲེལ་ཆེན་གྱིས་དགོས་འབྲེལ་གྱི་འོག་ཏུ་མཛད་དོ། །འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་སོགས་ཀྱིས་རྫོགས་སྨིན་སྦྱང་གསུམ་བཤད་པ་ནི་བྱང་ཆུབ་སེམས་དཔའ་གང་གིས་སངས་རྒྱས་གང་གི་དྲུང་དུ་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་དུས་ཀྱི་སངས་རྒྱས་ཀྱི་དངོས་པོ་ཇི་ལྟར་ཁས་བླངས་པ་དེ་གྲུབ་པ་སྨོན་ལམ་རྫོགས་པ། དེ་ཇི་ལྟ་བའི་རང་གི་འཁོར་གྲུབ་པ་གདུལ་བྱ་སྨིན་པ། དེ་ཇི་ལྟ་བའི་རང་གི་སྣོད་བཅུད་ཀྱི་ཞིང་གྲུབ་པ་ཞིང་འབྱོངས་པའི་ཚད་དེ། སྨོན་ལམ་ཀྱི་དབང་གིས་སྤྲུལ་པའི་སྐུའི་ཞིང་ཁམས་དང་གདུལ་བྱ་ལ་དག་པ་དང་མ་དག་པ་མཆོག་གི་སྤྲུལ་པའི་སྐུའི་སྐུའི་བོང་དང་འོད་ཟེར་སོགས་ལ་ཁྱད་པར་སྣང་སྟེ་འོ་སྐོལ་གྱི་སྟོན་པ་དང་བདེ་བ་ཅན་པ་བཞིན་ནོ། །དེ་དག་ལོངས་སྐུ་དང་སྤྲུལ་པ་གཞན་གྱི་གདུལ་བྱའི་དོན་བྱེད་པ་ལ་ཁྱད་པར་མེད་ཅིང་ཆོས་སྐུ་ནི་གཅིག་པ་ཉིད་དོ། །དེ་ཡང་འོ་སྐོལ་གྱི་སྟོན་པས་དང་པོར་ཤཱཀྱ་ཐུབ་པ་ཆེན་པོ་ཇི་ལྟ་བའི་དངོས་པོ་ཁས་བླངས་པ་དེ་ལྟར་གྲུབ་ལ། འཇམ་དཔལ་ཀུན་བཟང་སོགས་ཞིང་གདུལ་བྱ་སྐུའི་ཁྱད་པར་རྒྱ་ཆེན་པོ་བཟུང་བས་ད་དུང་ཡང་འཚང་མི་རྒྱ་སྟེ། དེ་དག་འགྲུབ་པའི་རྒྱུ་ཚོགས་གྲངས་མ་ཚང་བས་སོ།། །། གཉིས་པ་བཤད་པ་ཉིད་ཉེ་བར་དགོད་པ་ལ། བསྟན་བཅོས་ལ་གཞུག་པའི་ཆེད་དུ་དོན་འགྱུར་གྱི་ཐེ་ཚོམ་སྐྱེད་བྱེད་དགོས་དོན། རྟོགས་པ་དང་འཆད་སླ་བར་བྱ་བའི་ཕྱིར་བསྡུས་དོན་ལུས་རྣམ་གཞག གཏན་ལ་དབབ་པའི་ཕྱིར་མཚམས་སྦྱར། བརྒལ་ལན་བསྙད་ཀྱིན་ཚིག་དོན་ཡན་ལག་རྒྱས་པར་བཤད་པ་ལས་དང་པོ་ནི། ཤེར་ཕྱིན་གྱི་མདོ་ལས། མངོན་པར་རྟོགས་པ་བརྒྱད་རྒྱ་ཆེར་བསྟན་ན། ཡང་འདི་བརྩམས་པ་ལ་དགོས་པ་ཅི་ཡོད་སྙམ་པའི་དོགས་པ་བསལ་བ་དང་། རང་གི་བསྟན་བཅོས་ལ་བརྗོད་པར་བྱ་བ་མེད་པ་དང་། སྒྲུབ་པར་མི་ནུས་པ་དང་། འདོད་པར་བྱ་བ་མ་ཡིན་པ་དང་། འབྲེལ་པ་མེད་པར་རྟོག་པ་བཟློག་པའི་ཕྱིར་བརྗོད་བྱ་དང་། ཉིང་དགོས་དངོས་སུ་དང་འབྲེལ་བ་དོན་གྱིས་ཐོབ་པ་གསུངས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་རྟོགས་པ་བརྒྱད་རིམ་པ་ཕྱིན་ཅི་མ་ལོག་པ་མངོན་མཐོ་ངེས་ལེགས་ཐོབ་པར་བྱེད་པའི་ལམ་མ་ལུས་པ་དེ་ནི་འདིའི་དོན་གྱིས་བརྗོད་བྱའོ། །སྟོན་པའི་བཤད་པ་གང་གི་རྒྱས་འབྲིང་བསྡུས་པའི་གཞུང་རྣམས་ནི་འདིའི་སྒྲའི་བརྗོད་བྱའོ། །འདི་ལས་བཤད་པ་གང་གི་རྒྱལ་བའི་གཞུང་དེ་དག་མྱུར་དུ་ཁོང་དུ་ཆུད་པར་འགྱུར་བ་ནི་དགོས་པ་གཅིག་གོ །ཐེག་པ་གཞན་གྱི་གང་ཟག་ཉན་རང་དང་ཕྱི་རོལ་པས་མྱོང་བ་མ་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་དང་གདམས་ངག་ལ་སོགས་པ་ཆོས་སྤྱོད་བཅུ་ཡི་སྒྲུབ་པའི་བདག་ཉིད་གནས་སྐབས་བརྒྱད་ཀྱིས་ཕྱེ་བ་དང་། ཡུམ་གྱི་མདོ་དོན་མངོན་པར་རྟོགས་པ་གཙོ་བོར་བསྟན་པ་རྣམས་མདོར་བསྡུས་པ་འདི་ལས་ཐོས་པའི་ཤེས་རབ་ཀྱིས་ངེས་པར་བྱས་ནས་དྲན་པའི་ཤེས་པ་ལ་བཞག་སྟེ་བསམ་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ནས་སྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པའི་བློ་དང་ལྡན་པས་ངེས་པར་འབྱེད་པའི་ཆ་མཐུན་པ་ནས་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་མཚན་ཉིད་ས་རབ་ཏུ་དགའ་བ་ལ་སོགས་པ་རིམ་གྱིས་བགྲོད་པས་མི་གནས་པའི་མྱ་ངན་ལས་འདས་པ་མཐོང་བར་འགྱུར་བའི་ཕྱིར་ན་འདིའི་ཉིང་དགོས་དེ་བདེ་བླག་ཏུ་ནི་རྟོགས་པ་ཞེས་བྱ་བ་ཡང་འདིས་ཡིན་པས་འདི་ནི་བྱ་བ་རྩོམ་པའི་དགོས་པ་གཉིས་པ་ཡིན་ནོ། །རྗོད་པར་བྱེད་པ་འདི་དང་བརྗོད་པར་བྱ་བ་ཐབས་དང་ཐབས་ཀྱིས་བསྒྲུབས་པར་བསྙད་པའི་ཁོང་ནས་འབྲེལ་པ་བསྟན་ནོ། །ཤཱནྟི་པ་ཡི་གེ་འབྲི་མཆོད་སོགས་ཆོས་སྤྱོད་བཅུར་བྱེད། ཆོས་བཤེས་དང་གསེར་གླིང་པ་ཕར་ཕྱིན་བཅུ་ལ་བྱེད། འགྲེལ་པར་བྱང་ཆུབ་ཀྱི་སེམས་དང་སྦྱིན་པ་ལ་སོགས་པ་ཞེས་གསུངས་པ་ཡང་བྱང་ཆུབ་ཀྱི་སེམས་འཇུག་པའི་སྤྱོད་པ། གདམས་ངག་སོགས་ལྷག་མ་སྦྱིན་སོགས་བསྒྲུབ་པའི་སྦྱོད་པ། ཆོས་སྐུ་འགྲུབ་པའི་སྤྱོད་པ་ཞེས། སྐབས་བརྒྱད་སྤྱོད་པ་རྣམ་པ་གསུམ་དུ་འདུ་བར་དགོངས་ནས་སོ། །ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་ཞེས་པའི་དོན། ཆོས་ནི་གཟུགས་ལ་སོགས་པ་ཇི་སྙེད་པའི་ཆོས་ཅན་དུ་བསྡུ་བ་རྣམས་ཏེ། དེ་རྣམས་ཀྱི་དབྱིངས་ནི་རང་བཞིན་ནོ། །ཇི་ལྟར་མེའི་རང་བཞིན་ཚ་བ་ཉིད་དེ་ལ་མེའི་ཁམས་སུ་བརྗོད་པ་ན། མེ་དང་དེའི་ཁམས་ཚ་བ་ཉིད་ནི་ཅུང་ཟད་ཀྱང་དབྱེ་བར་མི་ནུས་ལ། ཐམས་ཅད་དུ་གཅིག་པར་ཡང་མི་བརྗོད་དེ་འཛིན་པ་ཐ་དད་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་རྣམས་དང་དེའི་དབྱིངས་ཀྱང་དེ་ལྟར་བལྟའོ། །དོན་དེ་ཉིད་ལེགས་བར་མཐོང་བས་ན་ཆོས་ཐམས་ཅད་མཐའ་ཡས་པ་ལྟར་དེའི་དབྱིངས་ཀྱང་དེ་དག་ལས་གཞན་དུ་མི་དམིགས་པས་ན་ཆོས་ཀྱི་དབྱིངས་ཀྱང་མཐའ་ཡས་པས་ཀུན་ཏུ་འགྲོ་བར་རྟོགས་པའོ། །དེ་ལྟར་ཡང་གནོད་འཇོམས་ལས། འདུས་བྱས་ཀྱི་ཆོས་གང་ཡིན་པ་དེ་དག་ཐམས་ཅད་གྱུར་པའི་ཚུལ་གྱིས་ཡོངས་སུ་གྲུབ་པའི་རྣམ་པ་ལ་ནི་ཐ་དད་དུ་དབྱེ་བ་མེད་དེ། རྣམ་པ་གཅིག་ཡིན་དུ་ཟིན་ཀྱང་། གང་གི་ཚེ་རབ་ཏུ་བསྟན་པར་བྱ་བའི་ཕྱིར་རྣམ་པར་ཕྱེ་སྟེ་སྨྲ་བར་འདོད་པར་གྱུར་པ་དེའི་ཚེ་ཐབས་གཞན་མེད་པས་གཟུགས་ཀྱི་དེ་བཞིན་ཉིད། སྒྲའི་དེ་བཞིན་ཉིད། དྲིའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་སྒྲ་རྣམས་ཀྱིས་སོ་སོར་ཕྱེ་སྟེ་བསྟན་པ་ཙམ་དུ་ཟད་ཀྱི། དེ་བཞིན་ཉིད་དེ་ནི་དེ་དག་གི་རྣམ་པ་དང་། དེ་དག་ཏུ་བརྗོད་པར་གྱུར་པ་ནི་མ་ཡིན་ནོ། །ཞེས་སོ། །དེ་ལྟ་བུའི་དགོས་འབྲེལ་གྱི་ངག་འདི་ནི་དབང་རཏལ་ལ་ངེས་ཤེས་དང་། དབང་རྣོན་ལ་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་ཏེ་བསྟན་བཅོས་འདི་ལ་འཇུག་པའི་ཕྱིར་ཐོག་མར་སྦྱར་བ་དོན་དང་ལྡན་པ་ཡིན་ནོ།། །། གཉིས་པ་རྟོགས་པ་དང་འཆད་སླ་བའི་ཕྱིར་བསྡུས་དོན་ལུས་རྣམ་པར་གཞག་པ་ལ། དངོས་བཏགས་མ་ཕྱེ་བའི་ཤེར་ཕྱིན་ལུས་རྣམ་གཞག་གི་མདོ། དེ་དངོས་བརྒྱད་ཀྱིས་བཤད་པ་ལུས་རྣམ་གཞག་གི་བསྡུས་པ། དེ་དག་དོན་བདུན་ཅུར་གསིལ་བ་ལུས་རྣམ་གཞག་གི་རྒྱས་པ་བསྟན་པ་ལས། དང་པོ་ནི། དེ་ལྟར་དགོས་འབྲེལ་བསྙད་ནས་དཀྱུས་ས་བསྟན་པའི་རྟ་ཐོགས་པ་མེད་པར་རྒྱུག་པ་ལྟར་གདུལ་བྱ་རྣམས་ཀྱིས་བདེ་བླག་ཏུ་མཐོང་བ་དང་། དཀྱུས་ས་མཐོང་བའི་རྟའི་ཁ་ལོ་པ་སེམས་སྟོབས་ཆེ་བ་ལྟར་བསྟན་བཅོས་ཀྱི་དོན་རྣམ་པར་དབྱེ་བ་བྱས་པ་ཡང་མི་འཛིངས་པ་ཉིད་ཀྱིས་བཤད་པོ་བཤད་པ་བྱ་སླ་བར་གཟིགས་ནས་བསྡུས་པའི་དོན་གསལ་བར་མཛད་དེ། གང་ཞེ་ན། ཐོས་པ་དང་བསམ་པ་དང་སྒོམ་པ་ལ་སོགས་པའི་ཤེས་པ་སྐྱེ་བའི་རིམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐུགས་སུ་ཆུད་པས་གསལ་བ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ལུས་ཐམས་ཅད་ཀྱི་མདོའོ། །དེ་ཡང་ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་གཞི་མཐུན་པ་ཡིན་ཏེ། དེའི་ཤེས་རབ་ནི་པྲཛྙྱཱ་ཞེས་པ། གཞན་སྒྲ་ཤེས་དང་སོ་སོར་ནི། །རང་གིས་རབ་ཏུ་ཤེས་ཕྱིར་དང་། །རབ་ཞི་ཐོབ་ཤེས་རབ་ཕུལ་བྱུང་། །ཡོན་ཏན་ཐོབ་ཤེས་ཕྱིར་ཤེས་རབ། །ཅེས་པ་རྣམས་ལ་འཇུག་པའི་གཞན་གྱི་སྒྲ་ལས་ཤེས་པའི་ཕྱིར་ཤེས་རབ་ཅེས་བཞག་པ་ཚོགས་སྦྱོར། སོ་སོ་རང་གིས་རིག་པས་ཤེས་རབ་ཅེས་པ་མཐོང་ལམ་མཉམ་བཞག་ཡེ་ཤེས། ཤེས་བྱ་ཇི་སྙེད་པ་རབ་ཏུ་ཤེས་པས་ཤེས་རབ་ཅེས་བྱ་བ་དེའི་རྗེས་ཐོབ་ཡེ་ཤེས། སྒོམ་སྤངས་རབ་ཏུ་ཞི་བ་ཐོབ་ཅིང་རྟོགས་པ་ཕུལ་དུ་བྱུང་བར་འགྲོ་བ་ཤེས་པའི་ཕྱིར་ཤེས་རབ་ཅེས་བྱ་བ་སྒོམ་ལམ། ཡོན་ཏན་མ་ལུས་པ་ཐོབ་པར་ཤེས་པའི་ཤེས་རབ་ཅེས་བྱ་བ་བར་ཆད་མེད་ལམ། ཡང་ན་པྲ་ཕྲལ་ཏེ། པ་ར་མཱརྠ་ཞེས་པ་དོན་དམ་པ། ཛྙྱཱ་ནི་ཛྙྱཱ་ན་སྟེ་ཡེ་ཤེས། དོན་དམ་པ་ཤེས་པའི་ཡེ་ཤེས་ཡིན་པས་ཤེས་རབ་བོ། །དེའི་ཕྱིར་སློབ་དཔོན་གྱིས་སྡུད་འགྲེལ་དུ། དེ་ཁོ་ན་ཉིད་ཀྱི་རང་བཞིན་ནི་ཕ་རོལ། ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པའོ་ཞེས་པས་སངས་རྒྱས་ཀྱི་ཡེ་ཤེས་སོ། །པཱ་རམ་ཕ་རོལ། ཨཱི་ཏ་ཕྱིན་པ་སྟེ། ཕ་རོལ་ནི་མཐའོ། །ཕྱིན་པ་ནི་སོན་པ་སྟེ། ཕ་རོལ་ཏུ་ཕྱིན་པར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའོ། །སྒྲ་ཡངས་པ་འདིའི་དབང་དུ་བྱས་པ་ལམ་ཐམས་ཅད་ལ་ཕར་ཕྱིན་ཞེས་སོ། །ཡང་ན་ཕ་རོལ་ནི་དེ་བཞིན་ཉིད་དེ་ཆོས་ཐམས་ཅད་ཀྱི་མཐར་ཐུག་པར་གནས་པའི་ཕྱིར་རོ། །དེ་ཐོབ་པ་ཕྱིན་པ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདིས་ནི་ཉན་རང་། བྱང་སེམས། སངས་རྒྱས་ཐུན་མོང་མ་ཡིན་པའི་མཁྱེན་པ་གསུམ་ལ་ཤེར་ཕྱིན་དུ་བརྗོད་པ་སྟེ། གནོད་འཇོམས་སུ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་དང་། ཡང་དག་པའི་མཐའི་དེ་བཞིན་ཉིད་ཅེས་བྱ་བ་ནི་ཐམས་ཅད་དུ་ཡང་དེ་བཞིན་ཉིད་གཅིག་མོད་ཀྱི། དེའི་གཞི་དང་འཇུག་པ་དང་ཐ་དད་པས་རྣམ་པ་གསུམ་དུ་བཞག་སྟེ་ལམ་གྱི་རྣམ་པར་ཤེས་པའི་ས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ས་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་པའོ་ཞེས་སོ། །ཡང་ན་དམ་པ་ལས་བྱུང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འཕགས་པའི་ལམ་རྣམས་ཏེ། དོན་དམ་ལ་དམིགས་པའི་ཕྱིར་དམ་པ་ལས་བྱུང་བའོ། །ཡང་ན་ཆོས་ཐམས་ཅད་ཀྱི་ཕ་མཐར་གྱུར་ཅིང་ཆོས་ཐམས་ཅད་ཀྱི་མཐར་ཐུག་པར་གནས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའོ། །དེ་ནི་སངས་རྒྱས་ཉིད་དོ། །རྣམ་པར་དབྱེ་ན་འབྲས་བུ་ལམ་གཞུང་གསུམ། ཆོས་བཤེས་ཀྱིས་ངོ་བོ་ཉིད་དང་དེར་བརྟེན་པའོ། །ཞེས་དང་པོ་རང་བཞིན་ཤེར་ཕྱིན་ལ་བརྗོད་ཀྱང་། དེ་ནི་རྣམ་པར་ཕྱེ་བའི་ཆོས་དེ་དག་གམ། གཞན་ཞེས་བརྗོད་པར་བྱར་མེད་པས་ལོགས་སུ་མ་བཀར་རོ། །འབྲས་བུ་ནི་སངས་རྒྱས་ཏེ། དེ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ག་སྒྱུ་མ་ལྟ་བུ་སྟེ། སྡུད་འགྲེལ་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཙོ་བོ་ནི་བཅོམ་ལྡན་འདས་ཏེ་སྒྱུ་མ་ལྟ་བུའི་རང་བཞིན། ཞེས་སོ། །དེ་ཐོབ་པ་དང་རྗེས་སུ་མཐུན་པས་བྱང་སེམས་ཀྱི་འཕགས་ལམ་རྣམས་ནི་ལམ་ཤེར་ཕྱིན། སྟོང་ཕྲག་བརྒྱ་པ་ལ་སོགས་པ་གཞུང་། དང་པོ་ནི་དངོས། ཕྱི་མ་གཉིས་ནི་བསྒྲུབ་བྱ་དེའི་དོན་དུ་སྦྱོར་བ་གཉིས་ཀྱིས་བཏགས་པ་བ། དེ་ལས་གཞན་པ་དག་ནི་གཟུགས་བརྙན་ཙམ་མོ། །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད་སོགས་ཀྱིས་སམ། བཅོམ་ལྡན་ཉག་ཅིག་ཕ་རོལ་ཕྱིན། །དྲུག་གི་སྤྱི་ལ་བཞུགས་པ་ལགས། ཞེས་སོ། །གཉིས་པ་ནི། དེ་དངོས་པོ་བརྒྱད་ཀྱིས་ཕྱིན་ཅི་མ་ལོག་པ་དང་མ་ཚང་བ་མེད་པས་ཡང་དག་པར་བཤད་དེ། རྣམ་པ་ཀུན་མཁྱེན་པ་ཉིད་དང་། ལམ་ཤེས་པ་ཉིད་དང་། དེ་ནས་ཐམས་ཅད་ཤེས་པ་ཉིད་དང་། རྣམ་ཀུན་མངོན་པར་རྫོགས་པར་རྟོགས་པ་དང་། རྩེ་མོར་ཕྱིན་པ་དང་། མཐར་གྱིས་པ་དང་། སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་སྐུ་དང་བཅས་པ་དེ་རྣམ་པ་བརྒྱད་དོ། །དངོས་པོ་ཞེས་པ་མངོན་པར་རྟོགས་པ་སྟེ། རྣམ་མཁྱེན་གྱི་དངོས་པོའམ། རྣམ་མཁྱེན་གྱི་མངོན་རྟོགས་ཞེས་བྱ་བའི་དོན་ཏེ་ལྷག་མ་རྣམས་ལ་ཡང་སྦྱར་རོ། །དེ་ནས་ཞེས་པ་དེ་ནི་ལམ་ཤེས། དེ་ནས་གཞི་ཤེས་ལྟ་བུ་ལྷག་མ་ལ་ཡང་སྦྱར་བས་གོ་རིམས་སྟོན་ཏེ། དང་པོར་སེམས་བསྐྱེད་པ་སྒྱུ་མ་ཙམ་གྱི་བདག་ཉིད་དུ་བྱང་ཆུབ་སེམས་དཔའ་རང་གི་ལམ་ཐམས་ཅད་བསྡུས་པ་དེ་བསྟན་ལ། དེ་ཉན་ཐོས་ལ་སོགས་པའི་ལམ་ཡོངས་སུ་ཤེས་པ་མེད་པར་མེད་པས་དང་། དེ་ཡང་དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་མ་ཡིན་པས་མཁྱེན་གསུམ་གྱི་གོ་རིམ་དེ་ལྟར་བཤད་དོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པ་གསུམ་ཐོབ་པ་དབང་དུ་བྱ་བའི་ཕྱིར་རྣམ་པ་དང་ལམ་དང་གཞི་ཤེས་པ་རྣམས་བསྡུས་ནས་མཁྱེན་གསུམ་བསྒོམ་པས་དང་། དེ་ཐོབ་པ་དང་ལྡན་པས་ཁྱད་པར་གྱི་བསྒོམ་པ་གསལ་བ་རབ་ཀྱི་ཐར་ཐུག་པར་འགྲོ་བས་དང་། དེ་ཐོབ་པ་དང་ལྡན་པས་སོ་སོ་བ་དང་བསྡུས་པའི་དོན་ཁོང་དུ་ཆུད་པ་བརྟན་པར་བྱ་བའི་རིམ་པས་བསྒོམ་པ་དང་། དེ་དང་ལྡན་པས་ཤིན་དུ་གོམས་པར་བྱ་བའི་རྟོགས་པའི་ཆོས་དེ་དག་ཉིད་སྐད་ཅིག་གཅིག་ལ་མངོན་དུ་བྱས་པ་ནི་སྦྱོར་བ་བཞིའི་གོ་རིམས་སུ་བཞག་གོ །དེ་དང་ལྡན་པས་སྐད་ཅིག་མ་གཉིས་པ་ལ་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་དང་བྲལ་བ། ཕྱིན་ཅི་མ་ལོག་པ་རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་མཛད་པས་སོ། །སློབ་དཔོན་གྱི་སྡུད་འགྲེལ་དུ། རབ་དགའ་ནས་དྲུག་པའི་བར་ལ་ལམ་ཤེས། བདུན་པར་གཞི་ཤེས། བརྒྱད་པ་ལ་རྣམ་ཀུན། དགུ་པ་དང་བཅུ་པ་ལ་རྩེ་མོ། བཅུ་པའི་ཁྱད་པར་ལམ་དང་བར་ཆད་མེད་ལམ་དུ་སྦྱོར་བ་ཕྱི་མ་གཉིས་བཞག་སྟེ། རང་གི་ངོ་ཏི་དེ་དང་དེར་ཡིན་ལ། གཞན་དག་ཏུ་ཆ་ཤས་སམ་དེ་དག་ཉིད་ཁྱད་པར་གྱུར་པ་ལ་སོགས་པ་སྟེ། དཔེར་ན་ཕར་ཕྱིན་ཕྱི་མ་བཞི་ཤེས་རབ་ཉིད་ཡིན་ཀྱང་རང་གི་ངོ་ཏི་དྲུག་པ་ལ་བཤད་པ་བཞིན་ནོ། །གསུམ་པ་ནི། དངོས་པོ་བརྒྱད་ཀྱི་དང་པོ་ལ་བཅུ་སྟེ། སེམས་བསྐྱེད་པ་དང་། གདམས་ངག་དང་། ངེས་འབྱེད་ཡན་ལག་རྣམ་པ་བཞི་དང་། སྒྲུབ་པ་ཡི་ནི་རྟེན་ནམ་རྒྱུར་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རིགས་དང་། བསྒྲུབ་པའི་དམིགས་པ་དག་དང་། བསྒྲུབ་པའི་ཆེད་དུ་བྱ་བ་དང་། བསྒྲུབ་པ་ཉིད་ནི་གོ་ཆའི་བསྒྲུབ་པ་དང་། འཇུག་པའི་བསྒྲུབ་པའི་བྱ་བ་དང་། ཚོགས་ཀྱིས་ནི་བསྒྲུབ་པ་དང་། ངེས་པར་འབྱུང་བའི་བསྒྲུབ་པ་དང་བཅས་པ་རྣམས་སོ། །དེ་ནི་ཐུབ་པའི་རྣམ་ཀུན་མཁྱེན་པ་འདྲེན་པར་བྱེད་པས་བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་ལམ་ཉིད་དུ་བཞག་གོ །གཉིས་པ་ལ་བཅུ་གཅིག་སྟེ། འོད་ཀྱིས་མོག་མོག་པོར་བྱེད་པ་ལ་སོགས་པ་ལྔ་བསྟན་པའི་རྟེན་དང་། སློབ་མ་ཉན་ཐོས་ཀྱི་ལམ་དང་། བསེ་རུའི་དཔེས་རང་རྒྱལ་གྱི་ལམ་གང་དང་། ཚེ་འདི་དང་གཞན་པའི་ཡོན་ཏན་གྱི་ཕན་ཡོན་ཆེ་བ་བྱང་སེམས་ཀྱི་མཐོང་བའི་ལམ་དང་། སྒོམ་ལམ་གྱི་བྱེད་པ་དང་ནི། སྒོམ་ལམ་མོས་པ་ཡིད་བྱེད་དང་། བསྟོད་དང་བཀུར་དང་བསྔགས་པ་ཡིད་བྱེད་དང་། བསྔོ་བ་ཡིད་ལ་བྱེད་པ་བླ་ན་མེད་པ་དང་། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བླ་ན་མེད་པ་དག་ཟག་བཅས་སྒོམ་ལམ་དང་། སྒྲུབ་པ་དང་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་འདི་གཉིས་ནི་ཟག་མེད་སྒོམ་པའི་ལམ་མོ། །དེ་ནི་བྱང་ཆུབ་སེམས་དཔའ་ཐེག་པ་གསུམ་གྱི་ལམ་ལ་མཁས་པ་རྣམས་ཀྱིས་གཞན་རྗེས་སུ་འཛིན་པ་ལམ་ཤེས་ཀྱི་ཡུལ་གསལ་བར་རྟོགས་པ་ཉིད་ནི་དེ་འདྲར་བཤད་པའོ། །གསུམ་པ་ལ་དགུ་སྟེ། ཤེས་པས་སྲིད་ལ་མི་གནས་ཤིང་སྙིང་རྗེས་ཞི་བ་ལ་མི་གནས་པའི་གཞི་ཤེས་དང་། ལྡོག་པས་བསྟན་པ་ཉན་རང་གི་གཞི་ཤེས་དང་། ཐབས་མ་ཡིན་པས་རྒྱལ་བའི་ཡུམ་རིང་བ་དང་། ཐབས་ཀྱིས་རྒྱལ་བའི་ཡུམ་རིང་བ་མ་ཡིན་པ་ཉིད་དང་། མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་དག་དང་། དེ་སྒོམ་པའི་སྦྱོར་བ་དང་། སྦྱོར་བ་དེ་ཡི་མཉམ་ཉིད་དང་། ཉན་ཐོས་ལ་སོགས་པ་གསུམ་གྱིས་མཐོང་བའི་ལམ་མོ། །བཤད་པ་དེ་འདྲ་རྒྱལ་བའི་སྲས་དང་ཉན་རང་གི་ཀུན་ཤེས་མ་འདྲེས་པར་འབྱེད་པའི་བསྒོམ་པ་ཉིད་དུ་འདོད་དོ། །བཞི་པ་ལ་བཅུ་གཅིག་སྟེ། རྣམ་པ་དང་། སྦྱོར་བར་བཅས་པ་རྣམས་དང་། ཡོན་ཏན་དང་། སྐྱོན་དང་། འབྲས་བུ་ནི་མཚན་ཉིད་དང་བཅས་པ་དང་། ཐར་པ་ཆ་མཐུན་དང་། ངེས་འབྱེད་ཆ་མཐུན་དང་། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་དང་། མི་སློབ་པའི་དགེ་འདུན་སྲིད་པ་དང་ཞི་བ་མཉམ་ཉིད་དུ་བསྒོམ་པ་དང་། ཞིང་དག་བླ་ན་མེད་པར་བསྒྲུབ་པ་དང་ནི་རྣམ་ཀུན་མངོན་པར་རྫོགས་པར་རྟོགས་པ་སྟེ། འདི་ནི་ཐབས་ལ་མཁས་པ་དང་བཅས་པ་ཡིན་ནོ། །ལྔ་པ་ལ་བརྒྱད་དེ། རྩེ་སྦྱོར་དེ་ཡི་དྲོད་རྟགས་དང་། རྩེ་མོ་རྣམ་འཕེལ་དང་། བཟོད་པ་བརྟན་པ་དང་། ཆོས་མཆོག་སེམས་ཀུན་ཏུ་གནས་པ་དང་། མཐོང་བ་ཞེས་བྱ་བ་དང་བསྒོམ་པ་ཞེས་བྱ་བའི་ལམ་ནི་སོ་སོ་ལ་རྣམ་པར་རྟོག་པ་རྣམ་བཞི་ཡི་གཉེན་པོ་རྣམ་པ་བཞི་དང་ནི། བར་ཆད་མེད་པའི་ཏིང་ངེ་འཛིན་དང་། ལོག་པར་སྒྲུབ་པའི་བརྒལ་ལན་དང་བཅས་པ་ནི་རྩེ་མོའི་མངོན་པར་རྟོགས་པའོ། །དྲུག་པ་ལ་བཅུ་གསུམ་སྟེ། སྦྱིན་སོགས་ཕར་ཕྱིན་དྲུག དཀོན་མཆོག་གསུམ། ཚུལ་ཁྲིམས། གཏོང་བ། ལྷ་རྗེས་དྲན་དྲུག ཆོས་རྣམས་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། མཐར་གྱིས་སམ་རིམ་གྱིས་པ་རྣམ་པ་གསུམ་ལྷག་པའི་རྣམ་པ་བཅུའོ། །བདུན་པ་ལ་བཞི་སྟེ། རྣམ་པར་སྨིན་པ་མ་ཡིན་པའི་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་དང་། དེ་བཞིན་དུ་རྣམ་པར་སྨིན་པའི་ཟག་པ་མེད་པའི་དང་། མཚན་ཉིད་མེད་པའི་ཆོས་ཐམས་ཅད་དང་། གཉིས་སུ་མེད་པའི་མཚན་ཉིད་དུ་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་སྟེ། སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་མཚན་ཉིད་ཀྱིས་ནི་རྣམ་པ་བཞི་བཞག་གོ །བརྒྱད་པ་ལ་བཞི་ལས། ངོ་བོ་ཉིད་ཀྱི་སྐུ་དང་། དེ་བཞིན་གཞན་པ་ཞེས་བྱ་བ་ཆོས་སྐུ་དང་། ལོངས་སྤྱོད་རྫོགས་པར་བཅས་པའི་སྐུ་དང་། སྤྲུལ་པའི་སྐུ་ནི་ཆོས་ཀྱི་སྐུ་ལ་མཛད་པ་དང་བཅས་པ་རྣམ་པ་བཞིར་ཕྱེ་བ་ནི་ཡང་དག་པར་བརྗོད་པ་ཡིན་ནོ། དེ་བཞིན་གཞན་པ་ཞེས་བྱ་བ་དེ་བཞིན་གཤེགས་པའི་ཟག་པ་མེད་པའི་ཡོན་ཏན་གྱི་ཆོས་ཚད་མེད་པས་ཕྱེ་བས་ངོ་བོ་ཉིད་ཀྱི་སྐུ་ལས་རེ་ཞིག་གཞན་པར་བཞག་པའི་ཕྱིར་རོ། །དེ་ལྟར་ཡང་གསེར་གླིང་པས། ཕྱོགས་འདི་ལ་དེ་བཞིན་གཞན་ནི་ཆོས་སྐུ་དང་ཞེས་བཤད་ན་རྟོགས་སླ་བ་ཡིན་ནོ་ཞེས་སོ། །དེ་ཡང་ངོ་བོ་ཉིད་ལོངས་རྫོགས་བཅས་ཞེས་པས་དང་པོ་གཉིས་ཟབ་པ་དང་། དེ་བཞིན་གཞན་པ་སྤྲུལ་སྐུ་ཞེས་པ་ཕྱི་མ་གཉིས་རྒྱ་ཆེ་བར་ཞར་གྱིས་བསྟན་པའི་ཆེད་དུ་གོ་རིམས་དེ་ལྟར་དུ་མཛད་དོ།། །། གསུམ་པ་གཏན་ལ་ཕབ་པའི་ཕྱིར་མཚམས་སྦྱར་བརྒལ་ལན་བསྙད་ཀྱིན་ཚིག་དོན་ཡན་ལག་རྒྱས་པར་བཤད་པ་ལ། རྒྱས་པ་ལ་དགའ་བའི་གདུལ་བྱའི་ངོར་སྐབས་བརྒྱད་དུ་ཕྱེ་ནས་བཤད། འབྲིང་པོ་ལ་དགའ་བའི་ངོར་དེ་དྲུག་ཏུ་བསྒྲིལ་བའི་ཚུལ་བསྟན། བསྡུས་པ་ལ་དགའ་བའི་ངོར་དེ་རྣམ་པ་གསུམ་དུ་བཞག་པ་ལས། དང་པོ་ལ་སྐབས་བརྒྱད། དང་པོ་ལ་བཅུ་ལས། དང་པོ་སེམས་བསྐྱེད་ལ། ངོ་བོ། དམིགས་པ། རབ་དབྱེ་གསུམ་ལས། དང་པོ་ནི། ཐེག་ཆེན་དུ་སེམས་བསྐྱེད་པ་ནི། སྟོང་པ་དང་སྙིང་རྗེའི་སྙིང་པོ་ཅན་དུ་སེམས་བསྐྱེད་པ་སྟེ་སྙིང་རྗེས་ཆེད་དུ་བྱ་བ་གཞན་གྱི་དོན་གྱི་ཕྱིར་དམིགས་ལ་སྟོང་པ་ནི་ཤེས་རབ་སྟེ་དེས་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའོ། །ཚུལ་ཇི་ལྟ་བུར་ཞེ་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་གཞན་གྱི་དོན་གྱི་ཕྱིར་སྐལ་པ་ཇི་ལྟ་བ་བཞིན་དུ་འབད་པར་བྱའོ་ཞེས་སྨོན་ནས་དེ་བསྒྲུབ་པ་ཕུན་སུམ་ཚོགས་པས་རྫོགས་པར་བྱའོ་སྙམ་པས་སོ། །དེ་ཡང་བྱང་ཆུབ་སེམས་དཔའ་དང་པོར་སྙིང་རྗེས་ལས་ཐམས་ཅད་བྱས་ནས་ཕྱིས་ཤེས་རབ་ཀྱིས་ཡོངས་སུ་སྦྱོང་ངོ་། །དེ་བས་ན་སྙིང་རྗེས་ནི་སྒྲུབ་པར་བྱེད་དོ། །ཤེས་རབ་ཀྱིས་ནི་དག་པར་བྱེད་དོ། །སྙིང་རྗེས་ནི་ལས་ཐམས་ཅད་སེམས་ཅན་གྱི་དོན་དུ་བྱ་བའི་ཕྱིར་བསོད་ནམས་ཀྱི་ཚོགས་སུ་བགྲང་ངོ་། །ཤེས་རབ་ཀྱིས་ནི་བྱང་ཆུབ་ཀྱི་དོན་གྱི་ཕྱིར་བྱས་པས་ཡེ་ཤེས་ཀྱི་ཚོགས་སུའོ། །དེ་བས་ན་ཀུན་རྫོབ་འཛིན་པའི་སྙིང་རྗེ་དང་། དོན་དམ་འཛིན་པའི་ཤེས་རབ་ལ་གནས་ཏེ་གཅིག་གི་གྲོགས་གཅིག་གིས་བྱས་པ་ལས་སྒྱུ་མ་ཙམ་དུ་ཅིག་ཅར་འཇུག་ཅིང་བསྒྲུབ་བོ། །རྒྱུ་མཚན་འདི་གཟིགས་ནས་སློབ་དཔོན་གྱི་སྡུད་འགྲེལ་དུ། དེ་ལྟ་བས་ན་སེམས་བསྐྱེད་པ་སྒྱུ་མ་ལྟ་བུའི་རང་བཞིན་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པས་མངོན་པར་རྟོགས་པ་བརྒྱད་བསྡུས་པ་ཡིན་ཏེ། དེ་ལྟར་ལུང་ལས་ངེས་སོ། །རིགས་པས་ཀྱང་རྟོགས་པར་བྱ་སྟེ་ཞེས་དང་། ཇི་སྐད་བཤད་པའི་སེམས་བསྐྱེད་པ་མ་གཏོགས་པའི་ཆོས་གཞན་མེད་དེ། གདམས་ངག་ལ་སོགས་པ་ཡང་ཁྱད་པར་གྱི་དོན་བསྟན་པའི་ཕྱིར་སེམས་བསྐྱེད་པའི་དབྱེ་བ་ཁོ་ན་ཡིན་ནོ་ཞེས་སོ། །དབྱིག་གཉེན་གྱིས། ཡོན་ཏན་གསུམ་དང་གཉིས་ལ་དམིགས་པ་དང་ལྡན་པའི་སེམས་བསྐྱེད་པ་ཞེས་གསུངས་པ་ནི་མཚན་ཉིད་སྔ་མ་དང་རྣམ་གྲངས་པའོ། །ཡོན་ཏན་གསུམ་ནི་སྐྱེས་བུ་བྱེད་པའི་ཡོན་ཏན། དོན་བྱེད་པའི་འབྲས་བུ་ཡོངས་སུ་འཛིན་པའི་འོ། །དང་པོ་སྤྲོ་བ་ཆེན་པོ་གོ་ཅའི་བརྩོན་འགྲུས་དང་། རྩོམ་པ་ཆེན་པོ་སྦྱོར་བའི་བརྩོན་འགྲུས་སོ། །གཉིས་པ་དོན་ཆེན་པོ་བདག་དང་གཞན་ལ་ཕན་པའོ། །གསུམ་པ་འབྱུང་བ་ཆེན་པོ་བྱང་ཆུབ་ཡང་དག་པར་བསྒྲུབ་པའོ། །དོན་གཉིས་ནི་སྔར་བཤད་པ་དེའོ། །སེམས་པ་ཞེས་པ་ནི་མཚུངས་པ། གང་དེ་དང་མཚུངས་པར་ལྡན་ན། སེམས་འབྱུང་བ་སྟེ་དོན་སེམས་པ་དང་མཚུངས་པར་ལྡན་པའི་སེམས་ཡུལ་ཁྱད་པར་ཅན་དུ་སྣང་བར་སྐྱེ་བ་ཞེས་སྟོན་པའོ། །མདོ་སྡེ་རྒྱན་དུ། སྤྲོ་བ་ཆེ་དང་རྩོམ་པ་ཆེ་སོགས་སོ། །དེ་ཡང་གཞན་གྱིས་བསྟན་ཞིང་གཞན་གྱིས་རྣམ་པར་རིག་བྱེད་ལས་སེམས་བསྐྱེད་པ་གང་ཡིན་པ་དེ་ནི་ཡང་དག་པར་བླངས་པ་བརྡ་ལས་བྱུང་བའམ་ཀུན་རྫོབ་སེམས་བསྐྱེད་ཅེས་བྱའོ། །གྲོགས་དང་རྒྱུ་དང་དགེ་རྩ་དང་ཐོས་པ་དང་དགེ་བ་ལ་གོམས་པའི་སྟོབས་ཀྱིས་ཐོབ་པ་དང་པོ་བཞི་མི་བརྟན་ལྷག་མ་ནི་བརྟན་པར་འབྱུང་ངོ་། །དེ་ལྟར་ཡང་གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །སོགས་སོ། །དེ་ལྟ་བུའི་ཀུན་རྫོབ་པའི་སེམས་བསྐྱེད་དེ་ཉིད་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་ཏེ། སློབ་དཔོན་གྱི་འགྲེལ་ཆེན་དུ། རིགས་ལ་སོགས་པའི་ནུས་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པ་ལ་སོགས་པས་སྟོང་པ་དང་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་བསྐྱེད་དོ་ཞེས་གསུངས་ཤིང་། རྗེ་བཙུན་གྱི་མདོ་སྡེ་རྒྱན་དུ། བློ་ལྡན་སེམས་མཆོག་སྐྱེས་མ་ཐག་ཏུ་ཡང་། །མཐའ་ཡས་ཉེས་པ་བྱེད་ལས་སེམས་རབ་བསྡམ། །ཞེས་དང་། དེའི་འགྲེལ་ཆེན་དུ། བྱང་ཆུབ་ཀྱི་སེམས་ཀྱི་མཆོག་དེ་སྐྱེས་མ་ཐག་ཏུ་སེམས་ཅན་མཐའ་ཡས་པའི་རྟེན་ཅན་གྱི་ཉེས་པ་བྱེད་པ་ལས་སེམས་རབ་ཏུ་བསྡམ་པར་འགྱུར་ཏེ་དེའི་ཕྱིར་འདི་ངན་འགྲོས་འཇིགས་པར་མི་འགྱུར་རོ་ཞེས་དང་། གཞན་ཡང་། གང་ཚེ་གཞན་གྱི་དོན་ཕྱིར་ལུས་དང་ནི། །སྲོག་ལ་མི་བལྟ་རབ་ངལ་ཁས་ལེན་པ། །དེ་ལྟ་བུ་དེ་གཞན་གྱིས་གནོད་པའི་ས། །ཇི་ལྟར་ངན་པ་བྱེད་པའི་ལས་ལ་འཇུག །ཅེས་སོ། །དེ་ཡང་སྨོན་པ་དང་འཇུག་པའི་ངོ་བོ་རྣམ་པ་གཉིས་ཏེ། སྨོན་པ་ནི་འགྲོ་བར་འདོད་པ་དང་འདྲ་སྟེ། གཞན་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ཡིན་ལ། འཇུག་པ་ནི་འགྲོ་བ་དངོས་དང་འདྲ་སྟེ་སངས་རྒྱས་བསྒྲུབ་པའི་སྦྱོར་བ་ཡིན་ནོ་ཞེས། འགྲོ་བར་འདོད་དང་འགྲོ་བ་ཡི་སོགས་སོ། །ཡང་ན་སྨོན་པ་ནི་འབྲས་བུ་ལ་དམ་བཅའ་བ་དང་། འཇུག་པ་ནི་རྒྱུ་ལ་དམ་བཅའ་བ་སྟེ། ཀུན་ལས་བཏུས་ལས། སེམས་བསྐྱེད་པ་ནི་རྣམ་པ་གཉིས་ཏེ། ཁྱད་པར་ཅན་མ་ཡིན་པ་དང་ཁྱད་པར་དུ་འཕགས་པའོ། །དེ་ལ་ཁྱད་པར་ཅན་མ་ཡིན་པ་ནི། ཀྱེ་མའོ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག་ཅིག་སྙམ་པའོ། །ཁྱད་པར་དུ་འཕགས་པ་ནི་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག་ཅིག་སྙམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའོ་ཞེས་སོ། །ལུགས་གཉིས་ཀར་སྨོན་པ་ཆོ་ག་མེད་པར་སྐྱེ་བ་ཤས་ཆེ་བར་བཤད་པ་ལ་འཁྲུལ་ནས་སྨོན་པ་སེམས་བསྐྱེད་ཆོ་གས་ལེན་པ་མི་འཐད་དོ་ཞེས་གླེང་ཡང་། ཇོ་བོ་རྗེ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་ལ་རིང་མོར་སྦྱངས་པ་རྣམས་ལ་ཆ་རྒྱུས་མེད་པས་བསྙོན་པར་ཟད་དོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སྙིང་རྗེ་ནི་རྩ་བ། རྟག་ཏུ་སེམས་ཅན་ལ་ཕན་པར་སེམས་པ་ནི་བསམ་པ། ཐེག་ཆེན་གྱི་ཆོས་ལ་མོས་པ་མོས་པ། ཐེག་ཆེན་གྱི་ཡེ་ཤེས་འཚོལ་བར་དམིགས་པ་དམིགས་པ། གོང་ནས་གོང་དུ་འདུན་པ་ནི་འགྲོ་བ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི་རྟེན། ལྡོག་པར་འགྱུར་བའི་རྒྱུ་ནི་རིགས་དང་མི་ལྡན་པ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དང་། སྙིང་རྗེ་ཆུང་བ་དང་། འཁོར་བའི་སྡུག་བསྔལ་ཤིན་ཏུ་ཡུན་རིང་ཞིང་མི་ཟད་པས་འཇིགས་པ་བཞི། ཐེག་པ་གཞན་གྱི་སེམས་སློང་ཞིང་དང་དུ་ལེན་པ་ཉེས་དམིགས། ཚོགས་གཉིས་འཕེལ་བ་ཕན་ཡོན། རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པ་ནི་ངེས་པར་འབྱུང་བ། སོ་སོ་རང་གི་ས་ལ་སྦྱོར་བས་ཀུན་ཏུ་འོད་ཐོབ་པའི་བར་ནི་མཐར་ཐུག་པའོ། །དེའི་རྩ་བ་སྙིང་རྗེར་འདོད་སོགས་པས་སོ། །ལུང་དང་སྒྲུབ་པ་དང་རྟོགས་པའི་ཁྱད་པར་དག་གིས་སེམས་བསྐྱེད་པ་ནི་དོན་དམ་པའི་སེམས་བསྐྱེད་པ་སྟེ། ཐེག་ཆེན་གྱི་ཆོས་ལ་མོས་པའི་ས་བོན། ཤེར་ཕྱིན་སྐྱེད་བྱེད་ཀྱི་མ། བསམ་གཏན་གྱི་བདེ་བ་མངལ། སྙིང་རྗེ་སྐྱོང་བའི་མ་མ་སྟེ། ཁྱད་ཆོས་འདིས་ཀྱང་ཡིན་ནོ། །དེ་ཡང་རབ་ཏུ་དགའ་བ་དང་པོ་སྐྱེ་བའི་མཚམས་སུ་བཞག་སྟེ། རྫོགས་པའི་སངས་རྒྱས་རབ་མཉེས་བྱས་ལ་སོགས་ཀྱིས་སོ། །ད་ནི་མཚན་ཉིད་དེ་ལ་བརྒལ་བ་སྟོན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཞེས་ནས་ཞེ་ནའི་བར་ཏེ། འདོད་པ་སེམས་བསྐྱེད་དུ་ཇི་ལྟར་འགྱུར་ཞེས་པའོ། །བདེན་མོད་ཀྱིས་ནས་ཤེས་པར་བྱ་བའི་ཕྱིར་ཡིན་ནོ་ཞེས་པའི་བར་ནི་ལན་ཏེ། རྒྱུ་དགེ་བའི་ཆོས་ལ་འདོད་པ། འབྲས་བུ་སེམས་བསྐྱེད། གང་ཆོས་ལ་མངོན་པར་འདོད་པ་ཉིད་ཀྱིས་སེམས་བསྐྱེད་པའི་ཕྱིར་ཞེས་དགོངས་ནས་རྒྱུས་འབྲས་བུ་བསྟན་པ་དང་། ཡང་རྒྱུ་འདུན་ཅིང་དོན་དུ་གཉེར་བའི་འབྲས་བུ་དེ་འཕེལ་བར་འགྱུར་རོ་ཞེས་ཉེ་བར་གདགས་པས་གཅིག་ཏུ་བྱས་པ་དང་། ཡང་ན་འདོད་པ་དེ་སྨོན་ལམ། དེ་དང་ལྷན་ཅིག་སྤྱོད་པས་སེམས་བསྐྱེད་པ་ཡང་དེའི་སྒྲར་བསྟན་ནོ་ཞེས་པ་ལན་ནོ། །གཉིས་པ་ནི་སེམས་བསྐྱེད་པའི་དམིགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་དང་གཞན་གྱི་དོན་དེ་ནི་མདོའི་བརྗོད་བྱ་རྗོད་བྱེད་བཞིན་དུ་བསྟན་པ་སྟེ། དོན་དམ་པར་ཆོས་རྣམས་ལ་ཡོངས་སུ་བཙལ་ན་འཁོར་གསུམ་ཡོངས་སུ་དག་པ་ཡིན་ཏེ། སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོ་མི་དམིགས་པས་སོ། །ཀུན་རྫོབ་ཏུ་སྙིང་རྗེས་སྤྱོད་པས་སེམས་ཅན་ཐམས་ཅད་ལ་ཅི་འདོད་པ་དེ་དག་ཐམས་ཅད་སྦྱིན་པར་བྱེད་དེ། དེ་བས་ན་ཡོངས་སུ་གཏོང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་པ་འདིས་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་བསམ་གཏན་བྱ་བར་བསྟན་ཏེ། སྒྱུ་མ་ཙམ་གྱི་ཚུལ་གྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་གནས་པས་སོ། །དེའི་ཕྱིར་རྣམ་པ་ཐམས་ཅད་དུ་དང་པོར་སེམས་བསྐྱེད་པའི་དམིགས་པར་གྱུར་པ་བྱང་ཆུབ་དང་། སེམས་ཅན་ཡོངས་སུ་མ་བཏང་བས་བྱང་ཆུབ་སེམས་དཔའི་མིང་ཡང་དག་པའི་དོན་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་འདིས་ཤེས་སོ། །དེ་ཡང་ཉི་ཁྲི་ལྔ་སྟོང་པ་ལས། བྱང་ཆུབ་ཀྱི་དོན་བསྡུས་པར་བསྟན་པ་ནི། འདི་སྐད་དུ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་དང་། དེ་རྒྱས་པར་བསྟན་པ་ནི་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གནས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་སོགས་སོ། །གཞན་གྱི་དོན་བསྡུས་པར་བསྟན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་རེ་རེ་ཞིང་གདྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཞིག་ཡོད་པ་དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདའ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་དང་། དེའི་རྒྱས་པར་ནི། བྱང་ཆུབ་སེམས་དཔའ་སེམས་ཅན་སེར་སྣ་ཅན་རྣམས་ནི་སྦྱིན་པ་ལ་སོགས་སོ། །དེ་ཡང་འབུམ་ལས་རྒྱས་པ་དང་། བརྒྱད་སྟོང་པ་ལས་བསྡུས་པའི་སྒོ་ནས་བརྗོད་དོ། །གསུམ་པ་ནི། སེམས་བསྐྱེད་པ་དེ་ཡང་། དང་པོ་འདུན་པ་དང་ལྡན་པ་ནི་ས་དང་འདྲ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅན་དང་དེའི་ཚོགས་འཕེལ་བའི་ཕྱིར་རོ། །གཉིས་པ་བསམ་པ་དང་ལྡན་པ་ནི་གསེར་བཟང་པོ་དང་འདྲ་སྟེ། ཕར་ཕྱིན་དྲུག་གིས་བསྡུས་པ་ཕན་པ་དང་བདེ་བའི་བསམ་པ་བྱང་ཆུབ་ཀྱི་བར་དུ་འགྱུར་བ་མེད་པར་གནས་པས་སོ། །གསུམ་པ་ལྷག་པའི་བསམ་པ་དང་ལྡན་པ་ནི་ཚེས་ཀྱི་ཟླ་བ་དང་འདྲ་སྟེ། དགེ་བའི་ཆོས་ཐམས་ཅད་འཕེལ་བར་འགྱུར་བའི་ཕྱིར་རོ། །ལྷག་པ་ཞེས་པ་ནི་ཁྱད་པར་རྟོགས་པའི་བསམ་པའོ། །གསུམ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱི་ལས་དང་པོ་པ་ཚོགས་ཀྱི་སས་བསྡུས་སོ། །བཞི་པ་སྦྱོར་བ་དང་ལྡན་པ་ནི་མེ་དང་འདྲ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་སྒྲིབ་པའི་བུད་ཤིང་གི་བྱེ་བྲག་དག་གི་སྲེག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་ཕྱིར་རོ། །འདི་ནི་ས་དང་པོ་ལ་འཇུག་པ་སྦྱོར་བའི་ལམ་མོས་པས་སྤྱོད་པའི་སས་བསྡུས་སོ། །ལྔ་པ་སྦྱིན་པའི་ཕར་ཕྱིན་དང་ལྡན་པ་ནི་གཏེར་ཆེན་པོ་དང་འདྲ་སྟེ། ཟང་ཟིང་གི་ལོངས་སྤྱོད་ཀྱིས་སེམས་ཅན་དཔག་ཏུ་མེད་པ་ཚིམ་པར་བྱེད་པ་དང་མི་ཟད་པའི་ཕྱིར་རོ། །དྲུག་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང་ལྡན་པ་ནི་རིན་ཆེན་འབྱུང་གནས་དང་འདྲ་སྟེ། དེ་ལས་ཡོན་ཏན་རིན་པོ་ཆེ་ཐམས་ཅད་འབྱུང་བའི་ཕྱིར་རོ། །བདུན་པ་བཟོད་པའི་ཕར་ཕྱིན་དང་ལྡན་པ་ནི་རྒྱ་མཚོ་ཆེན་པོ་དང་འདྲ་སྟེ། མི་འདོད་པ་ཐོག་ཏུ་བབས་པ་ཐམས་ཅད་ཀྱིས་མི་འཁྲུགས་པའི་ཕྱིར་རོ། །བརྒྱད་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་དང་ལྡན་པ་ནི་རྡོ་རྗེ་དང་འདྲ་སྟེ། ཡིད་ཆེས་པ་བརྟན་པས་མི་ཕྱེད་པའི་ཕྱིར་རོ། །དགུ་པ་བསམ་གཏན་གྱི་ཕར་ཕྱིན་དང་ལྡན་པ་ནི་རིའི་རྒྱལ་པོ་དང་འདྲ་སྟེ། དམིགས་པའི་གཡེང་བས་བསྐྱོད་མི་ནུས་པའི་ཕྱིར་རོ། །བཅུ་པ་ཤེས་རབ་ཀྱི་ཕར་ཕྱིན་དང་ལྡན་པ་ནི་སྨན་གྱི་རྒྱལ་པོ་དང་འདྲ་སྟེ། སྒྲིབ་གཉིས་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །བཅུ་གཅིག་པ་ཐབས་ཀྱི་ཕར་ཕྱིན་དང་ལྡན་པ་ནི་དགེ་བའི་བཤེས་གཉེན་དང་འདྲ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །བཅུ་གཉིས་པ་སྨོན་ལམ་གྱི་ཕར་ཕྱིན་དང་ལྡན་པ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པའི་ཕྱིར་རོ། །བཅུ་གསུམ་པ་སྟོབས་ཀྱི་ཕར་ཕྱིན་དང་ལྡན་པ་ནི་ཉི་མ་དང་འདྲ་སྟེ། གདུལ་བྱའི་ལོ་ཏོག་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །བཅུ་བཞི་པ་ཡེ་ཤེས་ཀྱི་ཕར་ཕྱིན་དང་ལྡན་པ་ནི་དྲི་ཟའི་གླུ་དང་འདྲ་སྟེ། གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པའི་ཕྱིར་རོ། །བཅུ་པོ་དེ་ནི་གོ་རིམ་བཞིན་དུ་ས་བཅུས་བསྡུས་སོ། །བཅོ་ལྔ་པ་མངོན་པར་ཤེས་པ་དང་ལྡན་པ་ནི་རྒྱལ་པོ་དང་འདྲ་སྟེ། མཐུ་ཐོགས་པ་མེད་པས་གཞན་གྱི་དོན་སྒྲུབ་པའི་ཕྱིར་རོ། །བཅུ་དྲུག་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ནི་བང་མཛོད་དང་འདྲ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་ཀྱི་གནས་ཡིན་པའི་ཕྱིར་རོ། །བཅུ་བདུན་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དང་ལྡན་པ་ནི་ལམ་པོ་ཆེ་དང་འདྲ་སྟེ། འཕགས་པའི་གང་ཟག་ཐམས་ཅད་གཤེགས་ཤིང་རྗེས་སུའང་གཤེགས་པ་ཡིན་པའི་ཕྱིར་རོ། །བཅོ་བརྒྱད་པ་ཞི་གནས་དང་ལྷག་མཐོང་དང་ལྡན་པ་ནི་བཞོན་པ་དང་འདྲ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གང་དུ་ཡང་མི་ལྟུང་བས་བདེ་བླག་ཏུ་ཁྱེར་བའི་ཕྱིར་རོ། །བཅུ་དགུ་པ་གཟུངས་དང་སྤོབས་པ་དང་ལྡན་པ་ནི་བཀོད་མའི་ཆུ་དང་འདྲ་སྟེ། ཐོས་པ་དང་མ་ཐོས་པའི་ཆོས་དང་དོན་འཛིན་པས་མི་ཟད་པའི་ཕྱིར་རོ། །ལྔ་ནི་ཁྱད་པར་གྱི་ལམ་གྱིས་བསྡུས་སོ། །ཉི་ཤུ་པ་ཆོས་ཀྱི་དགའ་སྟོན་དང་ལྡན་པ་ནི་སྒྲ་བརྙན་དང་འདྲ་སྟེ། ཐར་པ་འདོད་པའི་གདུལ་བྱ་རྣམས་ལ་སྙན་པར་སྒྲོག་པའི་ཕྱིར་རོ། །འདི་ནི་བྱང་སེམས་ཀྱི་ས་དང་འབྲེལ་བ་སངས་རྒྱས་ཀྱི་ས་ལ་འཇུག་པ་སྦྱོར་བའི་ལམ་གྱིས་བསྡུས་སོ། །ཉེར་གཅིག་པ་བགྲོད་པ་གཅིག་པ་དང་ལྡན་པ་ནི་ཆུ་བོའི་རྒྱུན་དང་འདྲ་སྟེ། ཤེས་པ་དང་ཤེས་བྱ་མཉམ་པ་ཉིད་དུ་རྟོགས་པས་སྙིང་རྗེ་ཆེན་པོ་དང་ཤེས་རབ་ཀྱིས་རྒྱུན་མི་འཆད་པར་གཞན་གྱི་དོན་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་སངས་རྒྱས་ཀྱི་སས་བསྡུས་པའི་དངོས་གཞིའི་གནས་སྐབས་ཐོབ་པ་ཡིན་ནོ། །ཆོས་ཀྱི་སྐུ་དང་ལྡན་པ་ནི་སྤྲིན་ཆེན་པོ་དང་འདྲ་སྟེ། སྤྲུལ་པའི་སྐུས་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ཀུན་ཏུ་སྟོན་པས་སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་དེ་ལ་རག་ལས་པས་སོ། །དེ་དང་བཅས་པ་རྣམས་ཀྱིས་རྣམ་པ་ཉི་ཤུ་རྩ་གཉིས་སོ། །འདི་རྗེས་ལ་ཐོབ་པ་སངས་རྒྱས་ཀྱི་སས་བསྡུས་སོ། །མདོ་མདོ་སྡེ་རྒྱན་འཕགས་པས་ཐ་མ་གསུམ་བྱང་སེམས་ཀྱིར་བཤད་པའི་བྱང་སེམས་ཀྱི་མིང་དྲང་དོན་ཏེ་མཆོག་གི་སྤྲུལ་སྐུ་ལྟ་བུ་མཛད་པ་བཅུ་གཉིས་ཀྱི་དགུ་པ་ཡན་སྟོན་པའི་སྐབས་ལ་དེར་བཏགས་པས་སོ། །དཔེ་ནི་བློ་གྲོས་མི་ཟད་པའི་མདོའི་རྗེས་སུ་འབྲངས་ལ། དེ་དང་འདིར་ལྷག་བསམ་དང་སྦྱོར་བ་བསྣོར་ཏེ་བཤད་དོ། །དེ་དག་ཀྱང་མོས་སྤྱོད་ལ་མོས་པ་ལས་བྱུང་བ་དང་། ས་བདུན་ལ་ལྷག་པའི་བསམ་པ་རྣམ་དག་དང་། དག་པ་ས་གསུམ་ལ་རྣམ་པར་སྨིན་པ་དང་། སངས་རྒྱས་ཀྱི་ས་ལ་སྒྲིབ་པ་མེད་པར། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་སོགས་ཀྱིས་སོ།། །། གཉིས་པ་གདམས་ངག་ལ། ངོ་བོ། རབ་དབྱེ་དགེ་འདུན་དཀོན་མཆོག་དགར་ཏེ་བཤད་པ་ལས། དང་པོ་ནི། སེམས་བསྐྱེད་པ་ནི་མགོ་ལ་སེམས་ཅན་གྱི་ཁུར་ཆེན་པོ་ཐོགས་པ་ཡིན་ལ། དེ་ཐོགས་པས་ཕ་རོལ་གནོན་པ་དག་དལ་གྱིས་འགྲོ་བ་མི་མཛེས་པས་ཉན་ཐོས་ཀྱི་བརྩོན་འགྲུས་ལས་བརྒྱ་འགྱུར་དུ་བྱ་བར་རིགས་ཏེ། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སོགས་ཀྱིས་སོ། །དེའི་ཕྱིར་གང་ལ་བརྩོན་པར་བྱ་བ་ནི་གདམས་ངག་ཡིན་པས་སེམས་བསྐྱེད་པའི་དེ་མ་ཐག་ཏུ་བསྟན་པ། ཐེག་ཆེན་དུ་སེམས་བསྐྱེད་པ་དོན་དུ་གཉེར་བའི་དོན་ཐོབ་པའི་བྱ་བ་ཉེ་བར་སྟོན་པ་དང་། ཐེག་ཆེན་གྱི་གདམས་ངག་དག་མཚན་མཚོན་ནོ། །འདོམས་པ་དང་ཉེ་བར་བསྟན་པ་ནི་རྣམ་གྲངས་སོ། །མཚན་གཞི་སེམས་དང་པོ་བསྐྱེད་པའི་དུས་ཇི་ལྟ་བ་ནས་བར་ཆད་མེད་པའི་ལམ་གྱི་བར་སྐབས་སུ་ཇི་ལྟར་བབ་པའི་བསླབ་པར་བྱ་བའོ། །དེ་ཡང་སློབ་དཔོན་གྱིས་སྡུད་འགྲེལ་དུ། དེས་ན་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་བསྐྱེད་པ་ལ་སོགས་པའི་ཆོས་བསྒྲུབས་པས་ཐོབ་པའི་ཡོན་ཏན་ཡོངས་སུ་བསྲུང་བའི་ཕྱིར་དང་། མངོན་པར་འཕེལ་བར་བྱ་བའི་ཕྱིར་བྱེད་པ་ཁྱད་པར་འཕགས་པའི་གང་ཟག་གི་བསླབ་པ་ནི་གདམས་ངག་ཡིན་ནོ་ཞེས་གསུངས་པས་སོ། །ཐོབ་ཟིན་པའི་ཡོན་ཏན་ཡོངས་སུ་བསྲུང་བ་ནི་མི་ཉམས་པར་བྱེད་པའི་དོན་གྱིས་གདམས་ངག་སྟེ་ཤེས་རབ་ཀྱི་ལས་སོ། །མངོན་པར་འཕེལ་བ་ཞེས་བྱ་བ་ནི། དེའི་འོག་ཏུ་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱེད་པའི་ཕྱིར་ན་རྗེས་སུ་བསྟན་པ་སྟེ་སྙིང་རྗེའི་ལས་སོ། །དེའི་ཕྱིར་ཤེས་རབ་ཀྱིས་ཡོངས་སུ་སྦྱོང་བ་དང་སྙིང་རྗེས་ཡོངས་སུ་བསྒྲུབ་པ་ཞེས་བྱ་བ་ནི་ཐམས་ཅད་དུའོ། གཉིས་པ་ནི་བསྒྲུབ་པའི་རྣམ་པ་ལ་འདོམས་པ་དང་། དེའི་དམིགས་པ་བདེན་པ་རྣམས་ལ་འདོམས་པ་དང་ནི། རྟེན་སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་ལ་འདོམས་པ་དང་། ཁྱད་པར་དུ་འགྲོ་བའི་རྒྱུ་མ་ཞེན་པ་ལ་འདོམས་པ་དང་། མི་ལྡོག་པར་འགྲོ་བའི་རྒྱུ་ཡོངས་སུ་མི་ངལ་བ་ལ་འདོམས་པ་དང་། ཐེག་པ་གཞན་གྱི་མི་འགྲོ་བའི་རྒྱུ་ལམ་ནི་ཡོངས་སུ་འཛིན་པ་དང་། གཞན་གྱི་དྲིང་མི་འཇོག་པར་འགྲོ་བ་ཉིད་ཀྱི་རྒྱུ་སྤྱན་ལྔ་དང་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པའི་རྒྱུ་མངོན་ཤེས་ཀྱི་ཡོན་ཏན་དྲུག་དང་། མཐར་ཐུག་པའི་རྒྱུ་དང་པོ་མཐོང་ལམ་དང་གཉིས་པ་བསྒོམ་ལམ་ཞེས་བྱ་ལ། འདི་ཙམ་ཁོ་ནས་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བས་གདམས་ངག་ནི་རྣམ་པ་བཅུ་ཡི་བདག་ཉིད་དུ་ཤེས་པར་བྱ་བའོ། །དེ་དག་བསྡུ་ན།རྣམ་དམིགས་རྟེན་རྒྱུ་བཞིར་རོ། །དང་པོ་དེ་འགྲེལ་པར་བྱང་ཆུབ་ཀྱི་སེམས་སོགས་ཀྱིས་བསྟན་ཏེ། འདི་ལ་གཉིས། རྣམ་པ་དང་། དེའི་ཐུན་མོང་མ་ཡིན་པའི་ཁྱད་པར་རོ། །རྣམ་པ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་མི་འདའ་བས་མི་དམིགས་པའི་ཚུལ་གྱིས་འཇུག་པའོ། །དེ་ཡང་གདམས་པར་བྱ་བའི་ཡུལ་ནི་ཀུན་རྫོབ་སྟེ་དེ་རིག་པས་བཤིག་ནས་བདག་རྣམ་པ་གཉིས་མེད་པར་ཤེས་པས་ངེས་པ་བསྐྱེད་པ་ནི་ཀུན་རྫོབ་ལ་བརྟེན་ནས་དོན་དམ་པ་འཚོལ་བའོ། །དོན་དམ་འཚོལ་བའི་རིག་ངོར་བརྟག་མི་བཟོད་ལ་མ་བརྟགས་པའི་ངོར་ཉམས་དགའ་བ་ཙམ་དུ་འཆར་བས་ན་སྒྱུ་མ་ལྟ་བུར་གདམས་པ་ལྟར་དུ་བསླབ་པའོ། །དེ་གཉིས་ནི་གཅིག་གི་གྲོགས་གཅིག་གིས་བྱས་ནས་མཐར་ཐུག་པ་ན་བདེན་པ་གཉིས་སུ་མི་ཕྱེད་པར་འགྱུར་ལ། རེ་ཞིག་ནི་ཟུང་དུ་འབྲེལ་བར་གནས་པས་མོས་པ་རྣམ་པར་འཕེལ་བར་བྱེད་དོ། །དེའང་མདོར། བྱང་ཆུབ་སེམས་དཔའ་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་སྤྱད་པ་ཞུས་པའི་ལན་དུ་འདི་ལ་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། ཞེས་ཀུན་རྫོབ་ཏུ་འཇུག་པ་ཡོད་པར་བསྟན་ནས། དེའང་དོན་དམ་པར་མི་དམིགས་པར་བསྟན་པ་ནི་བྱང་ཆུབ་སེམས་དཔའ་དང་། དེའི་མིང་དང་། ཡུམ་དང་དེའི་མིང་དང་། དེ་ལ་སྤྱོད་པ་ལ་སོགས་པ་བཞི་དང་ཕུང་པོ་ལྔ་བཀག་པ་དང་། འཐད་པར་དེ་དག་གི་རང་བཞིན་སྟོང་པར་གསུངས་པའོ། །དེའི་ཐུན་མོང་མ་ཡིན་པའི་ཆོས་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཞེས་པ་སྟེ། འཛམ་བུའི་གླིང་ནས་སྟོང་གསུམ་མང་པོའི་བར་དྲུག་པོ་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་ལྟ་བུ་ཤ་སྟག་གིས། འདམ་བུའི་ཚལ་དང་འོད་མའི་ཚལ་དང་བུ་རམ་ཤིང་གི་ཚལ་ལམ་སྨྱིག་མའི་ཚལ་ལམ་འབྲས་ཀྱི་ཞིང་ངམ་ཏིལ་གྱི་ཞིང་ལྟར་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་ཀྱིས་འདི་ལ་སྤྱོད་པའི་རྒྱལ་སྲས་ཀྱི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆ་ནས་རྒྱའི་བར་དུ་ཡང་མི་ཆོག་པ་དང་། དེའི་འཐད་པར་འདིའི་ཆེད་དུ་བྱ་བ་དང་སྦྱོར་བ་དང་འབྲས་བུ་ཁྱད་པར་ཞུགས་པ་གསུངས་པས་སོ། །ཉན་རང་གི་ངེས་འབྱེད་བཞི་མཐོང་སྒོམ་རིམ་པ་ཇི་ལྟ་བ་ཚུལ་དྲུག་དང་སྦྱར་རོ། །དེ་ཡང་ཡོངས་སུ་མི་ཉམས་པའི་ཆོས་ཅན་གྱི་དབང་དུ་བྱས་པའི་སེམས་དང་པོ་བསྐྱེད་པ་ནས་ཡིན་པ་དང་། ཀུན་རྫོབ་ཏུ་སེམས་བསྐྱེད་པའི་ཤེས་རབ་དེ་ལྟ་བུ་དང་ལྡན་པས་ནི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་འདྲེན་ནུས་པས་སོ། །ཞེས་དགོངས་ནས་མར་མེའི་སྙིང་པོ་ཚིག་པའི་དཔེ་འདིར་ཡང་བསྙད་པར་མཛད་པ་ནི་འཕགས་པས་སོ། །རྣམ་པར་དབྱེ་བ་གཉིས་པ་འགྲེལ་པར། སྡུག་བསྔལ་ལ་སོགས་ཀྱིས་གསུངས་ཏེ། དོན་ནི་སྡུག་བསྔལ་ལ་ཤེས་བྱ་ཤེས་བྱེད་བྲལ་བར་དམིགས་དགོས་ཞེས་མདོར། གཟུགས་སྟོང་པ་ཉིད་སོགས་ཀྱིས་འབྲས་བུ་སྡུག་བསྔལ་གྱི་སྟོང་ཉིད་དང་ཤེར་ཕྱིན་དེ་བཞིན་ཉིད་ཀྱི་ངོ་བོར་གཅིག་པར་བསྟན་པས་སོ། །ཀུན་འབྱུང་ལ་སྤང་བྱ་སྤོང་བྱེད་དང་བྲལ་བར་དམིགས་དགོས་སོ་ཞེས་མདོར། གཟུགས་སྐྱེ་བའི་ཆོས་ཅན་སོགས་ཀྱིས་སྟོང་པ་ཉིད་དང་། གཟུགས་སོགས་རྒྱུར་གྱུར་པ་ཐ་མི་དད་པ་བཤད་པས་སོ། །འགོག་པ་ལ་ཐོབ་བྱ་ཐོབ་བྱེད་དང་བྲལ་བར་དམིགས་དགོས་སོ་ཞེས་མདོར། སྟོང་པ་ཉིད་དེ་ནི་སོགས་ཀྱིས་འགོག་པའི་ཏིང་ངེ་འཛིན་དུ་བརྗོད་པ་དང་། གང་ཡང་འདི་འདྲ་བ་དེ་ལ་ནི་གཟུགས་མེད་སོགས་ཀྱིས་སྤྲོས་པ་དགག་པ་གཉིས་གསུངས་པས་སོ། །ལམ་ལ་རྟེན་བྱ་རྟེན་བྱེད་བྲལ་བར་དམིགས་དགོས་སོ་ཞེས་མདོར་ཡང་། བདག་ཉིད་ལ་སྦྱིན་པའི་སོགས་ཀྱིས་ལམ་གྱི་ངོ་བོ་དང་། ནང་སྟོང་པ་སོགས་ཀྱིས་རྣམ་པར་མི་རྟོག་པའི་དང་། སྔོན་གྱི་མཐའ་སོགས་ཀྱིས་ངེས་པར་འབྱིན་པར་ནུས་པའི་ཁྱད་པར་གསུམ་གྱིས་ཡུལ་དེ་ལ་སྦྱོར་བ་དང་མི་སྦྱོར་བ་དེ་ཁོ་ན་བཀག་པས་སོ། །དེ་ལྟར་དམིགས་ཡུལ་བཞི་པོ་དེ་ནི་ཇི་ལྟར་འཕགས་པ་རྣམས་ཀྱིས་ཐ་སྙད་དུ་བདེན་པར་གཟིགས་པ་དེ་བཞིན་དུ་སོ་སོ་སྐྱེ་བོ་ཕྱིན་ཅི་ལོག་དང་བཅས་པས་བདེན་པར་མི་མཐོང་བས་འཕགས་པའི་བདེན་པ་བཞི་ཞེས་བྱའོ། །འཁོར་བའི་འབྲས་བུས་བསྡུས་པའི་ཟག་བཅས་མཚན་ཉིད། མཚོན་བྱ་སྡུག་བདེན། འཁོར་བའི་རྒྱུས་བསྡུས་པའི་ཟག་བཅས། ཀུན་འབྱུང་གི་བདེན་པ། རྣམ་བྱང་གི་འབྲས་བུས་བསྡུས་པའི་ཟག་མེད་ཀྱི་ཆོས། འགོག་བདེན། རྣམ་བྱང་གི་རྒྱུས་བསྡུས་པའི་ཟག་མེད་ཀྱི་ཆོས། ལམ་བདེན། འགོག་བདེན་ནི་ལྷག་མ་གསུམ་དང་དེ་ཉིད་དང་གཞན་ནོ། །ཞེས་བརྗོད་དུ་མེད་པ། སྡུག་ཀུན་གཞི་གཅིག་ལ་ལྟོས་ནས་ངོ་བོ་ཐ་དད་པ་ལྟོས་ས་ཐ་དད་ལ་ལྟོས་ནས་ངོ་བོ་གཅིག་པ་སྲིད་དེ་སྔ་མའི་ལས་ཉོན་ཕྱི་མའི་རྒྱུར་འགྱུར་བ་ཡོད་པས་སོ། །ལམ་ཟག་བཅས་དང་སྡུག་ཀུན་ངོ་བོ་གཅིག་པ་སྲིད་དོ། །རིམ་པ་བཞིན་ཐར་འདོད་ཀྱི་ཤེས་བྱ། སྤང་བྱ། ཐོབ་བྱ། བརྟེན་བྱའོ། །རྒྱུད་བླར། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ་སོགས་ཀྱིས་སོ། །འཁོར་འདས་གཉིས་སུ་ངེས་ལ། དེ་ཡང་རྒྱུ་དང་འབྲས་བུར་ཟད་པས། དང་པོ་གཉིས་འཁོར་བའི་དང་། ཕྱི་མ་འབྲས་བུ་མྱང་འདས་དང་དེའི་རྒྱུར་བཞག་གོ །མཚན་གཞི་དང་པོ་ལ་སྣོད་བཅུད་གཉིས་སམ། ཟག་བཅས་ཀྱི་འབྲས་བུ་ཡིད་དུ་འོང་བ་རྣམས་ནི་འགྱུར་བའི་སྡུག་བསྔལ། མི་འོང་བ་སྡུག་བསྔལ་གྱི་སྡུག་བསྔལ། དེ་གཉིས་ལ་མ་གཏོགས་པ་དེས་བསྡུས་པ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །སྤྱི་མཚན་ནི་རྐྱེན་ལ་རག་ལས་ཤིང་རྐྱེན་དང་བྲལ་ན་ནི་འགག་སྟེ་རང་དབང་མེད་པས་ན་མི་རྟག་པའོ། །གནོད་པའི་ཕྱིར་སྡུག་བསྔལ། བདག་གིར་མེད་པར་སྟོང་པ། མུ་སྟེགས་ཅན་གྱིས་བཏགས་པའི་བདག་དང་སེམས་ཅན་སོགས་པ་མེད་པས་ན་བདག་མེད་པའོ། །ཀུན་འབྱུང་ལ་མཚན་གཞི་སྤྱི་མཚན་གཉིས་ལས། དང་པོ་ལ་ཉོན་མོངས་ལས། དང་པོ་ལ་རྒྱུ་དང་ངོ་བོ་འབྲས་བུ་གསུམ་ལས། རྒྱུའི་རྐྱེན་རང་རང་ནི་རིགས་འདྲ་སྔ་མས་བཞག་པའི་བག་ལ་ཉལ། དམིགས་རྐྱེན་སྡུག་མི་སྡུག་གི་ཡུལ་ཉེ་བར་གྱུར་པ། བདག་རྐྱེན་ཚུལ་བཞིན་མ་ཡིན་པ་ཡིད་བྱེད། དེ་མ་ཐག་རྐྱེན་རིག་པ་སྔ་མ་སྟེ། ཕྲ་རྒྱས་སྤངས་པར་མ་གྱུར་དང་། །ཡུལ་ནི་ཉེ་བར་གྱུར་པ་དང་། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྣམས་ནི་སྐྱེ་བར་འགྱུར། །ཞེས་སོ། །དེ་ཡང་ཆོས་མངོན་པའི་སྐབས་སུ་ཕྲ་རྒྱས་ཞེས་གདགས། མདོ་སྡེའི་སྐབས་སུ་བག་ལ་ཉལ་ཞེས་གདགས་ཞེས་སྔོན་གྱི་ལོ་ཙཱ་བ་རྣམས་གསུང་ངོ་། །གཉིས་པ་ལ་མཚན་ཉིད་དབྱེ་བ་གཉིས། གང་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའོ། །གཉིས་པ་ལ། མཐོང་སྤངས་དང་སྒོམ་སྤངས་གཉིས། དང་པོ་ནི། ཉན་ཐོས་ལྟར་ན་འདོད་པ་ཁམས་ན་སྡུག་བསྔལ་མཐོང་སྤངས། ཀུན་འབྱུང་འགོག་པ་ལ་ལྟ་བ་དང་པོ་གཉིས་དང་ཐ་མ་བོར་བས་བདུན་བདུན། ལམ་ལ་ལྟ་བ་དང་པོ་གཉིས་བོར་བས་བརྒྱད་དེ་སོ་གཉིས་སོ། །མཛོད་དུ། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་སོ། །ཞེས་སོ། ཁམས་གོང་གཉིས་ན་ཁོང་ཁྲོ་བོར་བས་དེ་དག་དགུ་དང་དྲུག་དྲུག་བདུན་དུ་འགྱུར་བས་ཉེར་བརྒྱད་པ་གཉིས་ཏེ་བསྡོམས་པས་གྱ་བརྒྱད་དོ། ཐེག་ཆེན་ལྟར་ན་འདོད་ཁམས་ན་བདེན་པ་བཞི་ལ་བཅུ་བཅུ་སྟེ་བཞི་བཅུ། ཁམས་གོང་གཉིས་ན་ཁོང་ཁྲོ་མེད་དེ་རྒྱུད་ཞི་གནས་དང་ལྡན་པའི་ཕྱིར་དང་། འདིས་བདག་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་གསུམ། བདག་གི་གཉེན་ལ་དེ་ལྟ་བུ་གསུམ། བདག་གི་དགྲ་ལ་ཕན་བཏགས་སོ་འདོགས་སོ་འདོགས་པར་འགྱུར་རོ་གསུམ་སྟེ་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་པོ་མེད་པའི་ཕྱིར་རོ། །དེས་ན་བདེན་པ་བཞི་ལ་དགུ་དགུ་སྟེ་སོ་དྲུག་པ་གཉིས་སོ། །དེ་ཡང་ལོག་པར་ཞུགས་ཚུལ་གྱིས་ཕྱེ་ན། སྡུག་ཀུན་ལ་དངོས་སུ་དང་། ལོག་པ་ལ་དང་། དབང་གིས་ལོག་ཞུགས་དང་གསུམ་མོ། །འགོག་ལམ་ལ་དངོས་སུ་དང་། ལོག་པ་ལ་ལོག་ཞུགས་གཉིས་སོ། །དངོས་སུ་ལོག་ཞུགས་ནི་བདེན་པ་བཞི་ལ་འཇིག་ལྟས་གང་ཟག་དང་། ཆོས་ཀྱི་བདག་དང་བདག་གིར་བལྟས། མཐར་འཛིན་གྱི་རྟག་པའམ་ཆད་པར་བཟུང་། ལོག་ལྟས་དེ་དག་གི་རྣམ་པ་མི་སྲིད་པར་སྐུར་པ་བཏབ། མ་རིག་པས་ཡུལ་དང་ལྟ་བ་ཐམས་ཅད་ལ་རྨོངས། ཐེ་ཚོམ་གྱི་གཉེན་པོ་ལ་སོམ་ཉི་ཟོས། ལྔས་སྡུག་ཀུན་ལ་དངོས་སུ་ལོག་པར་ཞུགས་ལ། འགོག་ལམ་ལ་དེའི་སྟེང་དུ་བདག་མེད་ལ་སྐྲག་སྟེ་མནར་སེམས་པའི་ཁོང་ཁྲོ་དང་དྲུག་གིས་དངོས་སུ་ལོག་པར་ཞུགས་སོ། །དེས་འགོག་ལམ་དང་ས་གོང་མ་ལ་ཉན་ཐོས་ཀྱི་དངོས་སུ་དམིགས་མི་ནུས་ཀྱང་བློས་དེ་དག་ཏུ་བཏགས་པ་དངོས་སུ་དམིགས་པས་དངོས་སུ་ལོག་ཞུགས་སུ་བཏགས་སོ། །ལོག་པ་ལ་ལོག་ཞུགས་ནི་ལྟ་བ་ལ་མཆོག་འཛིན་གྱིས་ལྟ་བ་དང་པོ་གསུམ་ལ་བཟང་པོར་བལྟས། ཚུལ་ཁྲིམས་དང་བརཏལ་ཞུགས་ལ་མཆོག་ཏུ་འཛིན་པས་ལྟ་ངན་དང་འབྲེལ་བའི་སྤྱོད་ངན་ལ་འདག་གྲོལ་ངེས་འབྱིན་གྱི་ལམ་དུ་བལྟས། འདོད་ཆགས་ང་རྒྱལ་གཉིས་ཡུལ་ལ་དམིགས་པ་བསྒོམ་སྤངས་ཡིན་ཀྱང་ལྟ་ངན་གསུམ་པོ་ལ་ཞེན་པའི་འདོད་ཆགས་དང་གསུམ་པོས་སེམས་ཁེངས་པའི་ང་རྒྱལ་རྣམས་བདེན་བཞི་ལ་དམིགས་ནས་ལྟ་བ་དང་པོ་གསུམ་དུ་འཁྲུལ་ལ། དེ་ལ་དམིགས་ནས་འཁྲུལ་པའི་ཕྱིར་ལོག་པ་ལ་ལོག་ཞུགས་སོ། །ཁོང་ཁྲོས་བདེན་པ་རྣམས་ལ་ལོག་ལྟའི་དབང་གིས་དེ་དང་མི་མཐུན་པའི་ལྟ་བའམ་གྲུབ་མཐའ་ལ་མནར་སེམས་པ་སྟེ་དབང་གི་ལོག་ཞུགས་སོ། །དེ་ལྟར་ཉོན་མོངས་བརྒྱ་རྩ་བཅུ་གཉིས་མཚན་གཞི། མཐོང་བའི་ལམ་གྱིས་གཞོམ་པར་བྱ་བའི་ཟག་བཅས་མཚན་ཉིད། མཐོང་སྤངས་མཚོན་བྱའོ། །གཉིས་པ་ལ་ཉན་ཐོས་ལྟར་ན། འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་བཞི། ཐེག་ཆེན་ལྟར་ན་དེའི་སྟེང་དུ་འཇིག་ལྟ་དང་མཐར་འཛིན་གཉིས་ཏེ་དྲུག་གོ །དེ་ཉིད་འདོད་ཁམས་སུ་དྲུག་དང་། ཁམས་གོང་གཉིས་སུ་ཁོང་ཁྲོ་བ་མ་གཏོགས་པ་ལྔ་ལྔ་སྟེ་བཅུ་དྲུག དེའང་འདོད་ཁམས་ས་གཅིག གཟུགས་ཁམས་བསམ་གཏན་ས་བཞི། གཟུགས་མེད་བཞི་ས་བཞི་སྟེ་ས་དགུ་ལ་འདོད་ཆགས་དགུ་དགུ་བརྒྱད་ཅུ་གྱ་གཅིག དེ་བཞིན་དུ་ང་རྒྱལ་གྱ་གཅིག མ་རིག་པ་གྱ་གཅིག འཇིག་ལྟ་གྱ་གཅིག མཐར་འཛིན་གྱ་གཅིག འདོད་པའི་ཁོང་ཁྲོ་དགུ་སྟེ་བཞི་བརྒྱ་དང་བཅུ་བཞི་མཚན་གཞི །བསྒོམ་པའི་ལམ་གྱིས་གཞོམ་པར་བྱ་བའི་ཟག་བཅས་མཚན་ཉིད། བསྒོམ་སྤངས་མཚོན་བྱའོ། །གསུམ་པ་འབྲས་བུ་ནི། སྤྱིར་མཐོང་བསྒོམ་གྱི་སྤང་བྱའི་འབྲས་བུ་འཁོར་བ། བྱེ་བྲག་ཏུ་མཐོང་སྤངས་ཀྱི་འབྲས་བུ་ནི་རིགས་འདྲ་ཕྱི་མ་དང་། རིགས་མི་འདྲ་གཙོ་ཆེར་ལུས་ངག་གི་ཉེས་སྤྱོད་དང་ངན་སོང་གསུམ། བསྒོམ་སྤངས་ཀྱི་རིགས་འདྲ་ཕྱི་མ་དང་། རིགས་མི་འདྲ་ཁམས་གསུམ་གྱི་ལུས་སོ། །ཉན་ཐོས་ཀྱི་ལུགས་ལ། དེ་དག་སྤངས་ཟིན་ནས་རིགས་འདྲའི་འབྲས་བུ་མེད་ཅིང་། རིགས་མི་འདྲའི་འབྲས་བུ་མི་སྐྱེད་ཀྱང་སྔར་སྐྱེས་ཟིན་ཡོད་པ་སྲིད་དོ། །གཉིས་པ་ལས་ལ། སེམས་དང་བསམ་པའི་ལས་སོ། །དང་པོ་ནི། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། འདོད་པའི་བདེ་འགྲོའི་རྒྱུ་བསོད་ནམས་དང་། ངན་འགྲོའི་རྒྱུ་བསོད་ནམས་མ་ཡིན་པ་དང་། ཁམས་གོང་གི་རྒྱུ་མི་གཡོ་བའི་ལས་སོ། །གཉིས་པ་ལུས་ངག་ཡིད་གསུམ་གྱི་ལས་ཏེ་མི་དགེ་བ་བཅུ་དང་། ཟག་བཅས་ཀྱི་དགེ་བཅུའོ། །གཉིས་པ་ནི། ས་བོན་གྱི་ཆོས་ཀྱི་ཚུལ་གྱིས་ཕུང་པོ་ལྔའི་རྒྱུར་གྱུར་པས་ན་རྒྱུ། འབྱུང་བའི་ཚུལ་གྱིས་ཀུན་འབྱུང་། རྒྱུ་དང་འབྲས་བུར་འབྲེལ་བ་སྐྱེ་བའི་ཕྱིར་རབ་ཏུ་སྐྱེ་བ། མངོན་པར་འགྲུབ་པར་བྱེད་པའི་དོན་གྱིས་རྐྱེན་ནོ། །གསུམ་པ་ལ། ངོ་བོ། དབྱེ་བ། དང་པོ་ནི། དེ་བཞིན་ཉིད་ལ་དམིགས་པའི་བློས་གང་དུ་ཟག་བཅས་ཀྱི་དངོས་པོ་འགག་པར་བྱས་པའོ། །མདོ་ལས་ཀྱང་། གང་དུ་མིག་དང་རྣ་བ་དང་། དེ་བཞིན་སྣ་དང་ལྕེ་དང་ལུས། །ཡིད་དང་དེ་བཞིན་མིགདང་གཟུགས། །མ་ལུས་པར་ནི་འགག་པར་འགྱུར། །ཞེས་སོ། །དེ་ཡང་མུ་བཞིར་བརྟག་པ་ལས་འདས་ཏེ་སྤྲོས་པ་མེད་པའི་ཕྱིར་ཟབ་བོ། །སྤྱི་མཚན་ནི། ཕུང་པོ་འཇིག་ཅིང་མེད་པར་འགྱུར་བས་ན་འགོག་པ། འདོད་ཆགས་ཞེ་སྡང་གཏི་མུག་གི་མེ་རྣམ་པ་གསུམ་མེད་པར་བྱས་པས་ན་ཞི་བ། གནོད་པ་མེད་པའི་ཕྱིར་གྱ་ནོམ་པ། སྐྱོན་རྣམས་ལས་འབྱུང་བའམ་བྲལ་བས་ན་ངེས་འབྱུང་ངོ་། །གཉིས་པ་དབྱེ་བ་ལ། འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པའི་ས་བོན་ཉམས་སྨད་པས་འགོག་པ་སྟེ་བརྡའི་འགོག་པ་བཏགས་པ་བ་འཕགས་པའི་ཤེས་རབ་ཀྱིས་དེ་ཀུན་ཏུ་བཅོམ་པས་འགོག་པ་དོན་དམ་པ་སྟེ་མཚན་ཉིད་པ་དང་གཉིས་སོ། །ཕྱི་མ་ལ་སློབ་པའི་འབྲས་བུ་བསྡུས་པ་མ་རྫོགས་པ་དང་། མི་སློབ་པའི་འབྲས་བུས་བསྡུས་པ་རྫོགས་པ་གཉིས། གཉིས་པ་དེ་ལ་རྒྱན་ཅན་རྒྱན་མེད། ལྷག་བཅས་ལྷག་མེད། མི་གནས་པའི་མྱང་འདས་ཀྱིས་བསྡུས་པ་ཁྱད་པར་དུ་འཕགས་པའི་འགོག་པ་དང་ལྔའོ། །བཞི་པ་ལམ་བདེན་ལ་རྟེན་དང་བརྟེན་པ་གཉིས་སོ། །རྟེན་ལ་ལུས་དང་སེམས་ཀྱི་རྟེན་གཉིས། དང་པོ་ནི། ཉན་ཐོས་དག་མཚམས་མེད་ཀྱི་ལས་བྱས་པ་ལས་ཀྱི་སྒྲིབ་པ། ཟ་མ་མ་ནིང་ཉོན་མོངས་པའི་སྒྲིབ་པ་དང་། ངན་སོང་གསུམ་སྒྲ་མི་སྙན་པ་འདུ་ཤེས་མེད་པའི་ལྷ་རྣམས་རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེ་བ་ལམ་གང་གི་ཡང་རྟེན་དུ་མི་འདོད་དེ། མཚམས་མེད་པ་ཡི་ལས་རྣམས་དང་ཞེས་སོ། །བྱེ་བྲག་ཏུ་ཚོགས་ལམ་དང་སྦྱོར་ལམ་དང་པོ་གསུམ་གླིང་གསུམ་གྱི་མི་ཁོ་ན་ལ་གསར་དུ་སྐྱེ། སྐྱེས་ཟིན་ལྷ་ལའང་ཡོད། ཆོས་མཆོག་མཐོང་ལམ་མི་དང་འདོད་ལྷ་གཉིས་ལ་གསར་སྐྱེ། སྒོམ་ལམ་དང་མཐར་ཕྱིན་ལམ་ཁམས་གསུམ་གའི་རྟེན་ལ་སྲིད་པར་འདོད་དེ། མཛོད་དུ། ཐོས་བསམ་ལས་བྱུང་ལས་གསུམ་པོ། །མི་ཡི་ནང་ནས་འཕེན་པར་བྱེད། །ཅེས་སོ། །ཐེག་ཆེན་གྱི་ནི་སེམས་བསྐྱེད་སྐྱེ་བའི་རྟེན་དང་འདྲའོ། །གཉིས་པ་ནི། ཉན་ཐོས་ཚོགས་ལམ་ནི་ཐོས་བསམ་གཙོ་བས་འདོད་སེམས་ལ་བརྟེན་པ་གཙོ་ཆེ། སྦྱོར་མཐོང་གཉིས་ནི་སྒོམ་བྱུང་ཡིན་པས་བསམ་གཏན་དང་པོའི་ཉེར་བསྡོགས། དངོས་གཞི་ཙམ་པོ། རྟོག་པ་མེད་ལ་དཔྱད་པ་ཙམ་དངོས་གཞི་ཁྱད་པར་ཅན་ཏེ་གསུམ། བསམ་གཏན་གཉིས་པ་གསུམ་པ་བཞི་པ་སྟེ་དྲུག་ལ་བརྟེན་ནོ། །འདོད་སེམས་རྣམ་གཡེང་ཆེ་བས་ཞི་གནས་མེད་ལ། གཟུགས་མེད་ལ་ཆུང་བས་མི་བརྟེན། སྒོམ་ལམ་ནི་ས་དྲུག་པོ་དེ་དང་། གཟུགས་མེད་དང་པོ་གསུམ་ལ་བརྟེན་ནོ། །སྲིད་རྩེ་རྒྱུ་བ་མི་བསལ་བས་རྟེན་དུ་མི་རུང་། བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཉེར་བསྡོགས་པས་འོག་མའི་དངོས་གཞི་ལ་བརྟེན་པ་སླའོ། །མཛོད་དུ། སྒོམ་བྱུང་མི་ལྕོགས་མེད་པ་དང་། །ཁྱད་པར་བསམ་གཏན་ས་པའོ། །གཉིས་ནི་འོག་ནས་ཡོད་པའམ། །ཞེས་སོ། །ཐེག་ཆེན་པ་མཐོང་ལམ་བསམ་གཏན་བཞི་པའི་རབ་མཐའ། སྒོམ་ལམ་ཁམས་གསུམ་ས་དགུ་ལ་རྟེན་པར་འདོད། དབྱེ་བ་ནི། ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་དང་ལྔ། ཐེག་པས་ཕྱེ་ན་བཅོ་ལྔའོ། །དང་པོ་ལ་ཐར་པའི་ཆ་དང་མཐུན་པ་མངོན་རྟོགས་དང་རྣམ་པར་ཐར་པའི་སྣོད་དུ་གྱུར་པས་སོ། །དབྱེ་བ་ནི་ཆུང་འབྲིང་ཆེན་པོའོ། །འདིར་ཐོས་བསམ་གཙོ་བོ་དང་། སྒོམ་བྱུང་ནི་ཕལ་པའི་ཚུལ་དུའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ། སྦྱོར་ལམ་དེ་ཁོ་ཉིད་ལ་འདིས་སྦྱོར་བས་སོ། །དབྱེ་ན་དྲོད་རྩེ་བཟོད་པ་ཆོས་མཆོག་བཞི། གསར་དུ་བདེན་པ་མངོན་པར་རྟོགས་པ་མཐོང་ལམ། དེ་ཁོ་ན་ཉིད་གསར་དུ་མཐོང་བས་སོ། །རྣམ་པར་དབྱེ་ན་བཅུ་དྲུག རྗེས་ལ་མངོན་རྟོགས་སྒོམ་ལམ། མཐོང་ལམ་དུ་མཐོང་བ་ལ་རྒྱུན་དུ་གོམས་པར་བྱེད་པས་སོ། །དབྱེ་ན་ཟག་བཅས་དང་ཟག་མེད་སྒོམ་ལམ། དང་པོ་མོས་པ་བསྔོ་བ་རྗེས་སུ་ཡི་རང་བ་གསུམ། ཕྱི་མ་ལ་བསྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་མོ། །སྤྱིར་ཟག་བཅས་ཟག་མེད་ཅེས་པ་ཟག་པའི་སྒོ་དྲུག་དང་འབྲེལ་མ་འབྲེལ་དང་། འདོད་པ་སྲིད་པ་མ་རིག་པ་ལྟ་བའི་ཟག་པ་སྤངས་མ་སྤངས་དང་། ཤེས་སྒྲིབ་སྤངས་མ་སྤངས་ཀྱིས་འཇོག་པ་གསུམ་ཡོད་པ་ལས་འདིར་ཕྱི་མ་སྟེ། དེ་ཡང་ཆོས་བཤེས་ཀྱིས། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་བྱེ་བྲག་ནི་རྣམ་པར་རྟོག་པ་དང་བཅས་པ་དེ་དང་བྲལ་བ་གཙོ་བོར་གྱུར་པའོ་ཞེས་སོ། །ཐོགས་མེད་འཇིག་རྟེན་པའི་སྒོམ་ལམ་བསམ་གཏན་གཟུགས་མེད་བརྒྱད་དང་། འདས་པ་བདེན་བཞི་ཤེས་པའི་ཏིང་ངེ་འཛིན་ཆེ་འབྲིང་ཆུང་དགུར་བཞེད་དོ། །ལྔ་པ་ལ་ངོ་བོ་དབྱེ་བ་གཉིས་ལས། དང་པོར་མཐར་ཐུག་པའི་མངོན་རྟོགས། མི་སློབ་ལམ་རང་ལུགས་ཀྱི་བསླབ་པ་རྫོགས་པས་སོ། །གཉིས་པ་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་གནས་མ་ལུས་པར་གྱུར་པའི་ཟད་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་སམ་མི་སློབ་པའི་ཆོས་བཅུའོ། །ལམ་གྱི་སྤྱི་མཚན་འཕགས་པའི་ལམ་དུ་ཞུགས་ནས་མྱ་ངན་ལས་འདས་པར་འགྲོ་བས་ལམ། རིགས་པ་དང་ལྡན་པར་བཤད་པས་ལམ་དེ་ལ་འཁྲུལ་པ་མེད་ཅིང་ཚད་མར་གྱུར་པས་རིགས་པ། ཡང་དག་པར་ཐོབ་པར་བྱེད་པས་སྒྲུབ་པ། ཤིན་ཏུ་ཡང་དག་པར་འབྱུང་བས་སླར་འཁོར་བར་མི་སྐྱེ་བའི་ཕྱིར་ངེས་པར་བྱིན་པའོ། །གདམས་ངག་གི་རབ་དབྱེ་གསུམ་པ། སངས་རྒྱས་ལ་ཞེས་སོགས་ཀྱིས་ཏེ། སངས་རྒྱས་ནི་བསྟན་དུ་མེད་པས་དམིགས་བྱ་དམིགས་བྱེད་མཉམ་པ་ཉིད་དུ་དམིགས་དགོས་ཞེས་མདོར། སངས་རྒྱས་ལ་རྣམ་མཁྱེན་ཉིད་ཀྱི་སོགས་ཀྱིས་སངས་རྒྱས་དང་བྱང་ཆུབ་མཚན་ཉིད་གཅིག་པ་ཉིད་ཀྱི་མཚོན་བྱ་སངས་རྒྱས་དང་མཚོན་བྱེད་རྣམ་མཁྱེན་དུ་མི་སྦྱོར་བར་དང་། བྱང་ཆུབ་ལ་རྣམ་མཁྱེན་ཉིད་ཀྱི་སོགས་ཀྱིས་རྣམ་མཁྱེན་རྟོགས་པས་བྱང་ཆུབ་ཏུ་བཞག་གོ་ཞེས་རྒྱུ་མཚན་དང་རྒྱུ་མཚན་ཅན་མི་སྦྱོར་བར་དང་། གཟུགས་ལ་རྣམ་མཁྱེན་ཉིད་ཀྱི་སོགས་ཀྱིས་ཡུལ་ཅན་རྣམ་མཁྱེན་ཉིད་མི་དམིགས་པས་ཡུལ་གཟུགས་སོགས་ལ་མི་སྦྱོར་བས་བསྟན་པས་སོ། །ཆོས་ལ་འདོད་ཆགས་དང་བྲལ་བའམ་བརྗོད་དུ་མེད་པ་ཡིན་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་དམིགས་དགོས་སོ་ཞེས་མདོར། གཟུགས་དངོས་པོ་ཡོད་སོགས་ཀྱིས་གཞི་ཤེས་དང་། སྦྱིན་པའི་ཕ་རོལ་སོགས་ཀྱིས་ལམ་ཤེས་དང་། ཕྱིར་མི་ལྡོག་པའི་སེམས་ཅན་སོགས་ཀྱིས་རྣམ་མཁྱེན་གསུམ་གྱི་ཡུལ་གཞི་གཉེན་པོ་རྣམ་པ་ཐམས་ཅད་ལ་སྤྱོད་པ་བཀག་པའི་ཕྱིར་རོ། །དགེ་འདུན་ལ་འདུས་མ་བྱས་པས་སྐྱེ་བ་མེད་པ་ཉིད་དུ་དམིགས་དགོས་སོ་ཞེས་མདོར། གནས་པ་འདིས་གནས་པའི་སོགས་ཀྱིས་སྒྲིབ་པ་མ་ལུས་པར་ཟད་པ་ནི་སངས་རྒྱས་སོ། །དེ་ནི་དགེ་འདུན་མ་ཡིན་པས་ལོགས་སུ་བཞག་ནས་ཉན་ཐོས་ཀྱི་མིང་གིས་འོག་ནས་འཆད་པར་འགྱུར་བ་ཉི་ཤུ་ཚང་བའོ། །འདིར་སངས་རྒྱས་ཞེས་བྱ་བ་དེ་ནི་དོན་གཉིས་ཕུན་སུམ་ཚོགས་པའི་རང་བྱུང་གི་ཡེ་ཤེས། དེ་ནི་ཡོན་ཏན་བརྒྱད་དང་ལྡན་ནོ། །བརྒྱད་ནི། འདུས་མ་བྱས་པ་དང་། ལྷུན་གྱིས་གྲུབ་པ་དང་། གཞན་གྱི་རྐྱེན་གྱིས་རྟོགས་པར་བྱ་བ་མ་ཡིན་པ་དང་། མཁྱེན་པའི་ཡེ་ཤེས་དང་། ཐུགས་རྗེ་དང་། ནུས་པ་དང་། རང་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །སྔ་མ་དྲུག་གི་དང་པོ་གསུམ་གྱིས་རང་དོན། དེའི་འོག་མ་གསུམ་གྱིས་གཞན་དོན། ཡང་ན་མཁྱེན་པའང་མཆོག་ཏུ་རྟག་པ་དང་ཉེ་བར་ཞི་བས་རང་ཉིད་མངོན་པར་བྱང་ཆུབ་པའི་གནས་ཀྱི་ཡོན་ཏན་ཡིན་པས་རང་དོན། ཐུགས་རྗེ་དང་ནུས་པ་ནི་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་འཇུག་པའི་ཡོན་ཏན་ཡིན་པས་གཞན་དོན་ནོ། །སངས་རྒྱས་ལས་ཆོས་འབྱུང་ལ། རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་རང་བཞིན་ཆོས་སོ། །དེ་ནི་ཡོན་ཏན་བརྒྱད་དང་ལྡན་ཏེ། བསམ་དུ་མེད་པ་ཉིད་དང་། གཉིས་སུ་མེད་པ་ཉིད་དང་། རྣམ་པར་རྟོག་པ་མེད་པ་ཉིད་དང་། དག་པ་དང་། མངོན་པར་གསལ་བར་བྱེད་པ་དང་། གཉེན་པོའི་ཕྱོགས་ཉིད་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བའི་རྒྱུའོ། །དེ་ལས་སྔ་མ་དྲུག་གི་དང་པོ་གསུམ་འགོག་བདེན་གྱི་དང་། ལྷག་མ་གསུམ་ལམ་བདེན་གྱིའོ། །ཆོས་ལས་དགེ་འདུན་འབྱུང་ལ། སངས་རྒྱས་ཀྱི་གཟིགས་པ་དང་ཉེ་བར་གནས་པའི་རིག་གྲོལ་དང་ལྡན་པ་ཕྱིར་མི་ལྡོག་པའི་ཚོགས་སོ། །དེ་ཡང་རྒྱུད་བླའི་ཇི་ལྟ་ཇི་སྙེད་ནང་གི་ནི་སོགས་ཀྱི་འགྲེལ་ཆེན་དུ་ཇི་ལྟ་བ་བཞིན་ཡོད་པ་དང་། ཇི་སྙེད་པ་ཡོད་པ་སྟེ། རྒྱུ་གཉིས་ཀྱིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་གཟིགས་པ་རྣམ་པར་དག་པའི་ཕྱིར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་དཀོན་མཆོག་བླ་ན་མེད་པའི་ཡོན་ཏན་དང་ལྡན་པར་བསྟན་ནོ་ཞེས་གསུངས་ལ། དེའི་རྒྱུ་གཉིས་ནི་ཆགས་པ་མེད་པ་དང་། ཐོགས་པ་མེད་པའོ། །དེ་གཉིས་ཀྱིས་རིམ་པ་བཞིན། ཇི་ལྟ་བའི་ཡུལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་གཟིགས་པ་དང་། ཇི་སྙེད་པའི་ཡུལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་གཟིགས་པའོ། །ཡུལ་མཐོང་ཚུལ་ལ་ཆགས་ཐོགས་གཉིས་ཀྱི་སྒྲིབ་པ་ལས་གྲོལ་བས་གྲོལ་བ་དང་། ཡུལ་ཅན་དེ་གཉིས་རིག་པའི་ཡོན་ཏན་དུ་བཞག་པ་ནི་རྒྱུད་བླ་མ་རྩ་འགྲེལ་གྱི་དགོངས་པ་ཡིན་ནོ། །གཟིགས་པ་གཉིས་ལས་ལོགས་ཤིག་ཏུ་ནང་གི་ཡེ་ཤེས་གཟིགས་པ་གཟོ་བ་དང་། དམན་པའི་སྒྲིབ་པ་ལས་གྲོལ་བ་ཞེས་རློམ་ཚོད་ཀྱིས་བཞག་པ་དང་། རིག་གྲོལ་གྱི་ཡོན་ཏན་བརྒྱད་ལ་སོགས་པར་སྨྲ་བ་དག་ནི་སྨྱོན་པའི་གར་རོ། །དེ་ལྟ་བུ་སྐྱབས་གནས་གསུམ་ཡང་བསྐལ་པ་ཡོངས་སུ་འགྱུར་བ་མང་པོར་ཡང་དགེ་བའི་རྩ་བ་མ་བསྐྲུན་པ་རྣམས་དེ་དང་ཕྲད་པ་མི་འཐོབ་པས་འབྱུང་བར་དཀོན་པ་དང་། རྣམ་པར་ཐམས་ཅད་དུ་དྲི་མ་དང་བྲལ་བར་དྲི་མ་མེད་པར་དང་། མངོན་པར་ཤེས་པ་དྲུག་སོགས་ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པས་མཐུ་དང་ལྡན་པར་དང་། འགྲོ་བ་ཐམས་ཅད་ཀྱི་བསམ་པ་དགའ་བའི་རྒྱུ་ཡིན་པའི་ཕྱིར་འཇིག་རྟེན་གྱི་རྒྱན་དུ་གྱུར་པར་དང་། འཇིག་རྟེན་ལས་འདས་པའི་ཕྱིར་མཆོག་ཏུ་གྱུར་པ་དང་། འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་བསྟོད་སྨད་ལ་སོགས་པས་རྣམ་པར་མི་འགྱུར་བས་ནོར་བུ་རིན་པོ་ཆེ་དང་ཆོས་མཐུན་པར་བཞག་གོ །དེ་ཡང་དོན་རྣམ་པ་གསུམ་གྱི་གང་ཟག་རྣམ་པ་དྲུག་གི་དབང་དུ་བྱས་ནས་གསུམ་དུ་བཞག་སྟེ། གནས་སྐབས་སུ་གདུལ་བྱ་ཐེག་པ་ལ་རིམ་གྱིས་འཇུག་པའི་དོན་དུ་ཡིན་ནོ། །དོན་དམ་པའི་སྐྱབས་གནས་ནི། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར་སོགས་ཀྱི་རིགས་པའི་གནོད་པ་འབབ་པ་ཅན་དག་ནི་མ་ཡིན་ལ། སྐྱེ་བ་དང་འགག་པ་མེད་པས་རབ་ཏུ་ཕྱེ་བའི་ཐུབ་པ། རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་འདོད་ཆགས་དང་བྲལ་བའི་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང་། ཐེག་པ་གསུམ་པའི་ཚོགས་ཀྱང་ཆོས་ཀྱི་སྐུ་རྣམ་པར་དག་པ་མཐར་ཐུག་པ་ཐོབ་པས་མཐར་ཕྱིན་པར་འགྱུར་བའི་ཕྱིར་ན་སངས་རྒྱས་ཁོ་ནའོ། །དེ་དག་ནི་དེ་ཁོ་ན་ཉིད་ཀྱི་དཀོན་མཆོག་གསུམ་ཡིན་ལ། དེ་དག་གི་རྗེས་ཐོབ་ཀྱིས་བསྡུས་པ་སྐུ་དང་ཡེ་ཤེས་སྦྱོར་ལམ་པ་དག་ནི་མངོན་པར་རྟོགས་པའི་དཀོན་མཆོག་གསུམ་དང་། རི་མོར་བྲིས་པ་ལ་སོགས་པའི་བརྙན་པོ་དང་། པོ་ཏི་དང་། ཚོགས་ལམ་པ་དག་ནི་མདུན་ན་བཞུགས་པའི་དཀོན་མཆོག་གསུམ་སྟེ། ཇོ་བོས། ཐེག་པ་ཆེན་པོ་པའི་གཞུང་གིས་ནི་དཀོན་མཆོག་གསུམ་འདི་ལྟ་བུ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་དཀོན་མཆོག་གསུམ་དང་། མངོན་པར་རྟོགས་པའི་དཀོན་མཆོག་གསུམ་དང་། མདུན་ན་བཞུགས་པའི་དཀོན་མཆོག་གསུམ་མོ། །ཞེས་པ་ལ་སོགས་པས་སོ། །ཐེག་དམན་པ་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ལ་སངས་རྒྱས་སུ་གཙོ་བོར་འཛིན་ལ། དེ་དག་ཀྱང་གང་ཞེ་ན་ཟད་པ་ཤེས་པ་ལ་སོགས་པའི་འཁོར་དང་བཅས་པ། བྱེ་བྲག་བཤད་པ་ལས། གཟུགས་ཀྱི་སྐུ་ཡང་སངས་རྒྱས་སུ་མ་བཀག་ཅིང་། འདུལ་བར་དཀོན་མཆོག་གཞན་ཞེས་པའང་དེ་ལ་དགོངས་པས་དེའང་སངས་རྒྱས་སུ་བཟུང་ངོ་། །མྱ་ངན་ལས་འདས་པ་སོ་སོར་བརྟགས་པས་འགོག་པ་ནི་ཆོས་སོ། །དགེ་འདུན་དུ་བྱེད་པའི་ཆོས་སློབ་པ་དང་མི་སློབ་པ་ནི་དགེ་འདུན་ནོ། །སྐྱབས་སུ་འགྲོ་བ་རང་གི་ངོ་བོ་ནི་ངག་གི་རྣམ་པར་རིག་བྱེད་དང་། སྐྱབས་ཀྱི་དོན་ནི། དེ་ལ་བརྟེན་ནས་སྡུག་བསྔལ་ཐམས་ཅད་ལས་གཏན་དུ་ཐར་པའོ། །གནས་སྐབས་ཀྱི་དགོས་པ་ནི་སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་ལ་སྒོར་གྱུར་པ་ཡིན་ནོ། །ཇི་ལྟར་བྱ་བ་ནི། སངས་རྒྱས་ལ་སྟོན་པ། ཆོས་ལ་སྐྱབས། དགེ་འདུན་ལ་གྲོགས་ཀྱི་ཚུལ་ལོ། །ཐེག་པ་ཆེན་པོའི་ནི། ཀུན་ཏུ་འགྲོ་བ་དང་། ཁས་ལེན་པ་དང་། རྟོགས་པ་དང་། ཟིལ་གྱིས་གནོན་པ་བཞིས་ཐེག་དམན་ལས་ཁྱད་པར་དུ་འཕགས་སོ། །དེ་ཡང་ངོ་བོ། རྒྱུ། འབྲས་བུ། ལས། ལྡན་པ། དབྱེ་བའོ། །དང་པོ་ནི། སངས་རྒྱས་ཉིད་འདོད་པས་ཁས་ལེན་པའོ། །དེ་ཡང་སངས་རྒྱས་གང་ཁོ་ན་ལ་སྐྱབས་སུ་སོང་བ་དེ་ཁོ་ནའི་དངོས་པོ་དོན་དུ་གཉེར་བའོ། །རྒྱུ་ནི་སྙིང་རྗེ། འབྲས་བུ་ནི་རྣམ་པ་ཐམས་ཅད་མཁྱེན་པའོ། །གནས་སྐབས་ནི་རང་དོན་ཡོན་ཏན་རྣམ་པར་འཕེལ་བ་དང་། གཞན་དོན་བསམ་པ་སྙིང་རྗེས་ཀུན་ལ་ཁྱབ་པ་དང་། སྦྱོར་བ་ཐེག་ཆེན་གྱི་ཆོས་རྒྱས་པར་བྱེད་པ་དང་། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པའོ། །ལས་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བྱེད་ཅིང་དཀའ་བ་སྤྱད་པ་དག་ལ་མི་སྐྱོ་བའོ། །ལྡན་པ་ནི་ངེས་པར་འབྱུང་བའི་བྱ་བ་ལ་ཐེག་པ་ཐམས་ཅད་ཀྱིས་གཏོད་པའི་ཡོན་ཏན་དང་ལྡན་པའོ། །དབྱེ་བ་ནི། བརྡར་བཏགས་པ་རགས་པ་ཀུན་རྫོབ་ཀྱི་དང་། ཆོས་ཉིད་ཀྱིས་ཐོབ་པ་ཕྲ་བ་དོན་དམ་པའི་འོ། །གདམས་ངག་བཞི་པ་འདིར། བརྩོན་འགྲུས་བརྩམ་པ་ཉིད་ཀྱིས་ཞེས་པ་ནི། བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པ་དང་པོ་ངེས་པར་བྱུང་ཞིང་མོས་པས་སྤྱོད་པ་རྣམ་པར་འཕེལ་བ་བསོད་ནམས་ཀྱི་ཚོགས་བསགས་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡོངས་སུ་སྦྱང་ཞིང་ཐེག་པ་ཆེན་པོའི་ལྟ་བ་དྲང་པོར་བྱ་བའི་ཕྱིར་དོན་ཕྱིན་ཅི་མ་ལོག་པར་འཛིན་པའི་ཐོས་པ་བཙལ་ལ་སེམས་པར་བྱེད་པས་ལེགས་པར་ཤེས་ནས་ཏིང་ངེ་འཛིན་སྒོམ་པ་ལ་རབ་ཏུ་སྦྱོར་བར་བྱེད་པས་ཏེ། དེ་བཞིན་དུ་ནི་ཚོགས་བསགས་ནས། །རྒྱལ་སྲས་གཟོད་ནས་དག་པ་པོ། །ལེགས་པར་ཤེས་པའི་སེམས་དགེ་ལ། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་འདིའི་སེམས་དགེ་ལ་ཞེས་པ་ནི་འཆད་འགྱུར་གྱི་རློམ་སེམས་ཀྱི་སྒྲིབ་པ་མེད་པའི་མི་ངལ་བ་དེ་ཡིན་ལ། དེ་ལ་སྦྱོར་བའི་ཕྱིར་བསྒོམ་མོ་ཞེས་པའི་དོན་ནོ། །ཇི་སྐད་བཤད་པའི་དོན་ལ་ཞེས་པ་ན། དེ་ནས་དང་པོར་སྡོམ་བརྩོན་སོགས་ཀྱིས་བསྟན་པའི་སྒོམ་པའི་རིམ་པ་སློབ་དཔོན་ཉིད་ཀྱིས་གཞན་དུ་ཇི་སྐད་བཤད་པ་དེ་དག་ལ་ནན་ཏན་དུ་བྱའོ། །ལུས་ལ་བསོད་ཉམས་ཉིད་ཀྱིས་མངོན་པར་ཞེན་པར་འགྱུར་བས་ཞེས་བྱ་བ་ནི་ལུས་ངག་ཡིད་ཀྱི་བདེ་བའི་རོ་མྱང་བ་བསོད་ཉམས་ཏེ་དེའི་རྒྱུས་ལེ་ལོ་ལ་སོགས་པ་ཏིང་ངེ་འཛིན་གྱི་དྲི་མ་སྐྱེ་བ་དག་གོ །ལུས་ལ་སོགས་པ་ངོ་བོ་ཉིད་མེད་པར་བསྟན་པས་འདོམས་པ་ཞེས་བྱ་བ་ནི་གཉེན་པོ་འདུ་བྱེད་བརྒྱད་བསླབ་པར་རོ། །དེ་ཡང་ཤེར་འབྱུང་གི གང་གི་ཕྱིར་རྣམ་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཡིན་ལ། དམིགས་པ་དང་བཅས་པའི་སྤྱོད་པས་ཀྱང་རྣམ་པར་རྟོག་པ་དེ་མི་བཟློག་པ་དེས་ན་བསྒྲུབ་པ་དང་། དམིགས་པ་དང་། རྟེན་རྣམས་སུ་དམིགས་པ་ལོག་ན་ཞེན་པ་ཐམས་ཅད་བཟློག་པའི་ཕྱིར་ན་དངོས་པོ་ཐམས་ཅད་ལ་རློམ་སེམས་པ་མེད་པའི་ཕྱིར་ན། དུས་ཐམས་ཅད་དུ་སེམས་ཞུམ་པ་མེད་པའི་རང་བཞིན་ཅན་གྱིས་ཐེག་པ་ཆེན་པོ་ལ་གནས་པར་འགྱུར་ཞིང་སེམས་བརྟེན་པ་ཡང་ཏིང་ངེ་འཛིན་ཐོབ་པའི་ཕྱིར་ཐེ་ཚོམ་དང་ཕྱིན་ཅི་ལོག་དང་བྲལ་བར་འགྱུར་རོ་ཞེས་གསུངས། གང་རྣམ་པར་རྟོག་པ་ལས་ལོག་པ་ནི་མི་རྟོག་པར་དབུ་མའི་གཞུང་ལ་གྲགས་པའི་ཕྱིར་རོ། །མདོར་ཡང་། ལུས་ཀྱི་ལས་ཁ་ན་མ་ཐོ་བ་སོགས་ཀྱི་མི་དམིགས་པ་ནི་བྱང་ཆུབ་སེམས་དཔའི་ལམ་ཉིད་ཡིན་པར་བསྟན་ནོ། །བསྒོམ་རིམ་ཡང་སློབ་དཔོན་གྱི་སྡུད་འགྲེལ་དུ། འདི་ལྟར་དང་པོར་རེ་ཞིག་གནས་ཡིད་དུ་འོང་བར་བྱས་པའི་ཕྱོགས་སུ། སྟོན་པར་མཛད་པའི་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་སེང་གེའི་ཁྲི་ལ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་དང་ལྡན་པ། ཇི་བཞིན་དུ་མཆོད་པ་སྔོན་དུ་འགྲོ་བའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་སོགས་པས་ཡོངས་སུ་བསྐོར་བར་བསམས་ལ་ཕྱག་བྱའོ། །དེ་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲང་སྟེ་མཉམ་པར་བཞག་པའི་ཕྱག་རྒྱ་བཅས་ལ། ལྕེ་རྐན་ལ་སྦྱར་ནས་མིག་སྣ་གོང་དུ་གཏད་དེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྔ་མ་བཞིན་དུ་དམིགས་ཏེ། དེ་དག་ལས་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་གསལ་བར་བྱེད་པའི་མན་ངག་མནོས་ལ། རྩ་བའི་སེམས་ཀྱི་མཚན་ལ་དམིགས་ནས། དེ་ཉིད་ཀྱི་ཚིག་བྱེ་བྲག་དང་། ལེའུ་ལ་སོགས་པའི་དབྱེ་བ་ལ་རྗེས་སུ་དཔྱོད་པའི་སེམས་ཀྱིས་རྣམ་པར་དཔྱད་དེ། དེ་ནས་མངོན་པར་རྟོགས་པ་བརྒྱད་ཀྱི་གནས་སྐབས་ཀྱི་དབྱེ་བའི་གྲངས་བརྩི་བ་དང་། མངོན་པར་རྟོགས་པའི་རང་བཞིན་སོ་སོར་ངེས་པ་དང་། སྒྲོ་འདོགས་པ་དང་། སྐུར་པ་འདེབས་པ་མེད་པར་སྤྱོད་པ་དང་། མངོན་སུམ་དང་། རྗེས་སུ་དཔག་པའི་ཚད་མས་བརྟག་པའི་ཕྱིར། སོ་སོར་རྟོག་པ་དེ་ཉིད། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྣམ་པ་བཞིར་རྣམ་པར་དཔྱད་དོ། །ཡི་གེ་ཡང་གསིལ་བུ་དང་། བསྡུས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་དོན་མེད་པ་དང་། དོན་དང་བཅས་པ་ཉིད། རྣམ་པ་དེ་གཉིས་ལ་རྣམ་པར་དཔྱོད་པའི་ཕྱིར། རྣམ་པར་དཔྱོད་པའི་སེམས་སོ། །དེའི་ཚེ་རྣམ་པར་དཔྱད་པའི་རྒྱུ་མཚན་གྱིས་འདི་ཉིད་བདེན་གྱི། གཞན་ནི་རྨོངས་པའོ་ཞེས་ངེས་པར་འཛིན་པའི་སེམས་ཀྱིས་ངེས་པར་གཟུང་ནས། ཇི་ལྟ་བ་བཞིན་དུ་རྣམ་པར་དཔྱད་པ་ཉིད་ཀྱི་དོན་མཚན་ལ་དམིགས་པ་རྩ་བའི་སེམས་སུ་སྡུད་པའི་སེམས་ཀྱིས་བཅུག་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འདུད་པ་ནི་འདུན་པའི་སེམས་སོ། །ཤེས་རབ་ཀྱི་མིག་གིས་སྒྱུ་མ་ལྟ་བུ་ལས་ཆོས་ཐམས་ཅད་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བས་མ་གཟིགས་པས་རྣམ་པར་རྟོག་པ་མེད་དེ། དེ་ལ་རྒྱུ་དང་འབྲས་བུའི་ངོ་བོ་དང་བྲལ་བའི་ཕྱིར་སྟོང་པ་ཉིད་དོ། །རང་དང་སྤྱིའི་མཚན་མ་མེད་པས་ན་མཚན་མ་མེད་པའོ། །དེས་དོན་དུ་གཉེར་བར་བྱ་བའི་དངོས་པོ་མི་དམིགས་པའི་ཕྱིར་སྨོན་པ་མེད་པ་ཉིད་དོ། །ཡང་དེ་བཞིན་དུ་རང་བཞིན་གྱི་འོད་གསལ་བའི་རྣམ་པར་གྲོལ་བའི་སྒོའི་ཏིང་ངེ་འཛིན་དང་། སེམས་བསྐྱེད་པ་ལ་སོགས་པའི་རིམ་པས། ཆོས་ཉིད་ཡོངས་སུ་མི་ཤེས་པ་དེ་དག་ཕྱིན་ཅི་ལོག་གིས་བཅིངས་པས་འཁོར་བ་ན་སྤྱོད་པའི་འཆིང་བ་དང་ལྡན་པའི་སེམས་ཅན་གྱི་ཁམས་ངེས་པར་ལེགས་པར་ལ་འགོད་པའི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །དེ་ལ་ཏིང་ངེ་འཛིན་ལེ་ལོ་དང་། དམིགས་པ་བརྗེད་པ་དང་། བྱིང་རྒོད་དང་། མ་རྩོལ་བ་དང་། རྩོལ་ཆེས་པ་དང་སྐྱོན་དྲུག་པོ་དེ་དག་གནས་སྐབས་ཇི་ལྟ་བར་སྐྱེས་པ་ན་དེའི་གཉེན་པོ་འདུ་བྱེད་བརྒྱད་ཇི་ལྟ་བ་བཞིན་དུ་བསྟེན་པར་བྱ་སྟེ། འདི་ལྟར་ཏིང་འཛིན་གྱི་ཡོན་ཏན་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ཀྱི་དད་པས་རྣལ་འབྱོར་པ་ལ་འདུན་པ་ཡང་དག་པར་སྐྱེའོ། །འདུན་པ་དེའི་སྟོབས་ཀྱིས་བརྩོན་འགྲུས་རྩོམ་མོ། །དེ་ནས་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ལུས་དང་སེམས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་དང་སེམས་ཤིན་ཏུ་སྦྱངས་པས་ལེ་ལོ་བཟློག་པར་འགྱུར་རོ། །དེ་ལྟར་དད་པ་ལ་སོགས་པ་བཞིས་ལེ་ལོ་སྤོང་བར་འགྱུར་རོ། །དམིགས་པ་བརྗེད་པའི་གཉེན་པོ་ཉིད་དེས་ཡང་དག་པའི་དམིགས་པ་ལ་གནས་སོ། །ཤེས་བཞིན་ནི་བྱིང་རྒོད་ཀྱི་གཉེན་པོ་སྟེ། དེ་ཉིད་ཀྱིས་དགའ་བའི་དངོས་པོ་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པས་བྱིང་བ་སྤོང་ངོ་། །ཡང་དག་པར་སྐྱོ་བའི་དངོས་པོ་མི་རྟག་པ་ལ་སོགས་པ་ཡིད་ལ་བྱེད་པ་ལ་སོགས་པས་རྒོད་པ་སྤོང་བ་འགྱུར་རོ། །བྱིང་རྒོད་ཞི་བར་བྱ་བའི་དུས་སུ་མི་རྩོལ་ན་ཡང་སྐྱོན་ཡིན་པས་སེམས་པ་ལ་གོམས་པར་བྱའོ། །བྱིང་རྒོད་ཞི་བ་ན་གང་གི་ཚེ་སེམས་དམིགས་པ་ལས་རབ་ཏུ་མི་གཡོ་བས་ན་མངོན་པར་འདུ་བྱེད་པ་ལ་ཞུགས་པར་གྱུར་ན། དེའི་ཚེ་ཡང་རྩོལ་བ་སྐྱོན་ཡིན་ནོ། །དེ་ལ་སེམས་རྣམ་པར་གཡེངས་ན་དེའི་ཕྱིར་དེའི་གཉེན་པོ་བཏང་སྙོམས་བསྒོམ་པར་བྱའོ། །རིམ་པ་དེ་ལྟར་བསྒོམས་ནས་ལངས་ཏེ། སྔར་སྡུད་པར་བྱེད་པ་རྡོ་རྗེ་འཆང་གི་གཟུགས་སུ་མོས་པར་བྱས་ནས་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྤྱན་དྲངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པས་ཆོས་ཀྱི་སྦྱིན་པ་བྱིན་ཏེ། དེ་དག་ཐམས་ཅད་མངོན་པར་མ་ཞེན་པའི་རྣལ་འབྱོར་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་བཞིན་དུ་ཐུན་མཚམས་བཞིར་བསྒྲུབ་པར་བྱའོ་ཞེས་པས་བསྟན་ནོ། །དེའི་ཕྱིར་གདམས་ངག་འདི་ཁྱད་པར་དུ་འགྲོ་བའི་རྒྱུར་བཞག་གོ །ལྔ་པ་དུས་རིང་མོ་སོགས་ཀྱིས་ཏེ་རློམ་སེམས་པ་ཡོད་ན་སྐྱོ་བར་འགྱུར་བས་མདོར། གཟུགས་ནས་བྱང་ཆུབ་ཀྱི་བར་དུ་རློམ་པ་མེད་པ་བསྟན་པ་འདི་གསུངས་ལ། དེ་ཡང་མ་ཞེན་པའི་ཏིང་ངེ་འཛིན་དེའི་རྒྱུ་མཚན་ཐོབ་པ་ན་སྒྱུ་མ་ལྟ་བུར་རྟོགས་པའི་སྟོབས་ཀྱིས་བདག་ཏུ་འདུ་ཤེས་པ་མེད་ལ། སེམས་ཅན་གཞན་དུ་འདུ་ཤེས་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་བདག་དང་གཞན་གྱི་ཆར་འབྱེད་པ་མེད་པས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བའི་ཕྱིར་མཚན་མར་འཛིན་པ་ལས་ཕྱིར་ཕྱོགས་པས་བྱང་ཆུབ་ཀྱི་སྤྱོད་པ་ལ་མི་ངལ་བས་ཕྱིར་མི་ལྡོག་གོ །དྲུག་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ལུས་དང་སེམས་ཤིན་ཏུ་སྦྱངས་པས་གོང་ནས་གོང་དུ་གྱུར་ནས་བསམ་གཏན་གྱི་དངོས་གཞི་ཐོབ་ཅིང་། མངོན་པར་ཤེས་པ་དོན་དུ་གཉེར་བས་དེ་སྦྱངས་ན་བསམ་གཏན་བཞི་པའི་རབ་ཀྱི་བར་དུ་འགྱུར་ལ། དེས་སེམས་ལས་སུ་རུང་བའི་སྟོབས་ཀྱིས་ཏིང་ངེ་འཛིན་ལ་གནས་བཞིན་དུ་སངས་རྒྱས་དཔག་ཏུ་མེད་པ་མཐོང་སྟེ། དེ་དག་ལ་ཞི་གནས་དང་ལྷག་མཐོང་གི་ཡེ་ཤེས་རྒྱ་ཆེན་པོ་ཐོབ་པར་བྱེད་པའི་གདམས་ངག་རྙེད་པར་འགྱུར་བ་ནི། མདོར་ཡང་། ཡེ་ཤེས་གང་དང་ལྡན་པས་ཤར་ཕྱོགས་གྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་མཐོང་ངོ་། །དེ་རྣམས་ལས་ཆོས་བསྟན་པ་ཡང་མཉན་ནོ་སོགས་ཀྱིས་གསུངས་པ་འདི་ལ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཞེས་བྱའོ། །དེའི་ཚེ་གང་ལ་གང་གིས་གང་གསུངས་ཞེས་དཔྱོད་ཅིང་འོན་ཀྱང་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་ཆོས་འདི་རྣམས་འགའ་ཡང་སྨྲ་བར་འགྱུར་བ་མེད་དོ་ཞེས་བྱ་བ་ལ་སོགས་པས་སོ་སོར་རྟོག་སྟེ། དེ་ནི་ལམ་ཡོངས་སུ་གཟུང་བ་ལ། ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ལ་བསླབ་པ་ཡིན་ནོ། །བདུན་པ་ཤའི་སྤྱན་དང་སོགས་ཀྱིས་ཏེ། ཡུལ་ལྟ་བར་བྱེད་པ་དང་། གསལ་བར་བྱེད་པ་དང་། གདུལ་བྱ་འཁྲིད་པར་བྱེད་པས་སྤྱན་ནོ། །ཤའི་སྤྱན་ནི། དམན་པ་དཔག་ཚད་བརྒྱ་མཐོང་བ་ནས། རབ་ནི་སྟོང་གསུམ་ཚུན་ཆད་ཀྱི་གཟུགས་རྣམས་མཐོང་བ་སྟེ། རྣམ་པར་སྨིན་པ་ལས་བྱུང་བའི་ཕྱིར་ཡུལ་གྱི་དངོས་པོའི་ཚད་སོ་སོར་ངེས་པ་ཡིན་ནོ། །སོ་སྐྱེའི་རབ་ཀྱིས་དེ་ལས་གཞན་མི་མཐོང་སྟེ། ཤའི་མིག་དེ་བདག་པོའི་འབྲས་བུའི་ཡུལ་ཅན་ཡིན་ལ། དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ལྷའི་མིག་ནི་ཁམས་གོང་གཉིས་ཀྱི་སས་བསྡུས་པའི་མིག་ལས་ནི་འདས་ཏེ་དེའི་ཡུལ་ནི་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡིན་ལ། དེ་ནི་དེ་མཐོང་བའི་ཡུལ་ཅན་ཡིན་པས་སོ། །ཤེས་རབ་ཀྱི་སྤྱན་ནི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་ཡུལ་དུ་བྱས་ཏེ་གཟིགས་པའི་ཡུལ་ཅན་ནོ། །ཆོས་ཀྱི་སྤྱན་ནི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་པོའི་རྣོ་རཏལ་དང་རྟོགས་པ་ཡུལ་དུ་བྱེད་པའི་གཟིགས་པའོ། །གསུང་རབ་ཡན་ལག་བཅུ་གཉིས་ཤེས་པ་ཆོས་ཀྱི་སྤྱན་ཞེས་བཙུན་པ་ངོ་བོ་ཉིད་མེད་པ་སྨྲའོ། །སངས་རྒྱས་ཀྱི་སྤྱན་ནི། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་ཅིང་རྟོགས་པའི་ཡུལ་གཟིགས་པའི་ཡུལ་ཅན་ནོ། །འབུམ་ཊཱིཀ་ཏུ། གཟུགས་ཐམས་ཅད་ལ་འཇུག་པ་ནི་ཤའི། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ཤེས་པ་ལྷའི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་རབ་ཀྱི། གནས་དང་གནས་མ་ཡིན་པ་མཁྱེན་པ་མ་གཏོགས་པའི་ཤེས་པ་དགུ་ནི་ཆོས་ཀྱི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ནི་སངས་རྒྱས་ཀྱི་སྤྱན་ནོ་ཞེས་ཀྱང་གསུངས་སོ། །དེ་དག་ཀྱང་ཡུལ་གྱི་དབྱེ་བས་ལྔར་བཞག་ལ། རྒྱུ་ནི་མདོ་ལས། མིག་ལྔ་སྦྱང་བར་འདོད་པ་དང་ཐོབ་པར་འདོད་པས་ཕར་ཕྱིན་དྲུག་ལ་བརྩོན་པར་བྱའོ་ཞེས་འབྱུང་བ་དང་། སྤྱིར་བསམ་གཏན་དང་། ཁྱད་པར་འདིར་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་དེའོ། །དེ་ལྟར་སྤྱན་ལྔའི་ཡུལ་ཡུལ་ཅན་རྣམས་ཤེས་རབ་ཀྱི་དེ་བཞིན་ཉིད་དུ་གཅིག་པ་ཉིད་དུ་བསྒྲུབ་པའོ། །ཚོགས་ཀྱི་ས་ནས་གོང་ནས་གོང་དུ་སྤྱན་སོ་སོར་ཐོབ་བོ། །དེ་བས་ན་གཞན་གྱིས་དྲིང་མི་འཇོག་པར་འགྱུར་རོ། །བརྒྱད་པ་རྫུ་འཕྲུལ་དང་སོགས་ཀྱིས་ཏེ། འདི་ལ་རྒྱུ། ངོ་བོ། འབྲས་བུ། བྱེད་ལས། ལྡན་པའི་ཡོན་ཏན། འཇུག་པའི་རབ་དབྱེ། གཞན་ལ་ཕན་འདོགས་པ་ཆེ་བའི་བདག་ཉིད་དེ་བདུན་ལས། དང་པོ། རྟེན་ནི་ཐེག་ཆེན་པས་བསམ་གཏན་བཞི་པའི་དངོས་གཞི་ཤིན་ཏུ་དག་པ་ལ་བརྟེན་ལ་ཡེ་ཤེས་རྣམ་པར་མི་རྟོག་པས་ཡོངས་སུ་གཟུང་བ་དང་། ཡིད་ལ་བྱེད་པ་མངོན་ཤེས་གང་དང་གང་རྣམ་པ་གང་དང་གང་གིས་སྐྱེ་བར་འགྱུར་བ་དེ་ལན་མང་དུ་ཡིད་ལ་བྱེད་པ་ལ་བརྟེན་ནས་འགྲུབ་སྟེ། དཔེར་ན་རྫུ་འཕྲུལ་གྱི་མངོན་ཤེས་ལ་ལུས་ཡང་བར་མོས་པ་ལ་སོགས་པས་ཇི་ལྟར་མཉམ་པར་བཞག་པས་འགྲུབ་པ་བཞིན་ནོ། །མདོ་སྡེ་རྒྱན་ལས། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་གཟུང་བ་དང་། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །ཞེས་སོ། །གཞན་ནི་དངོས་གཞི་དག་པ་བ་གང་རུང་ལས་སོ། །སྤྱིར་མངོན་པར་ཤེས་པ་ཙམ་ནི་བདག་རྐྱེན་བསམ་གཏན་ལ་བརྟེན་ནས་ཡུལ་མངོན་སུམ་དུ་གྱུར་པའི་རིག་པ་ཡིན་ལ། ཐེག་ཆེན་གྱི་ནི་བདག་རྐྱེན་བསམ་གཏན་བཞི་པ་ཤིན་ཏུ་དག་པ་ལ་བརྟེན་ནས་ཡུལ་མངོན་སུམ་དུ་གྱུར་པའི་ཏིང་ངེ་འཛིན་མི་དམིགས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པ། བྱེ་བྲག་ཕྱེ་བའི་མཚན་ཉིད་འཇོག་ན་གཞན་འདྲ་བ་ལས། རྫུ་འཕྲུལ་གྱི་ཡུལ་མངོན་སུམ་དུ་ཞེས་རིམ་པར་སྦྱར་བས་སོ། །ཡུལ་མངོན་དུ་གྱུར་པའི་ཤེས་པ་མངོན་ཤེས། ཡུལ་དུས་ཐམས་ཅད་དུ་བྱ་བ་ཐོགས་མེད་དུ་བྱེད་པས་མཐུའོ། །དེ་ཡང་དབྱིག་གཉེན་གྱིས། ཤེས་པ་མངོན་དུ་གྱུར་པ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་བྱང་སེམས་རྣམས་ཀྱི་མཐུ་མངོན་པར་ཤེས་པས་བསྡུས་པ་ཡིན་ནོ་ཞེས་སོ། །དབྱེ་ན་ས་གཡོ་བ་དང་གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་སོགས་རྫུ་འཕྲུལ་གྱི་མངོན་ཤེས་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སྒྲ་ཆུང་ངུ་དང་ཆེན་པོ་ཐོས་པ་ལྷའི་རྣ་བའི་དང་། གཞན་གྱི་སེམས་འདོད་ཆགས་དང་བཅས་པ་དང་འདོད་ཆགས་བྲལ་བ་ཡོངས་སུ་ཤེས་པ་གཞན་གྱི་སེམས་ཤེས་པའི་དང་། རང་དང་གཞན་གྱི་ཚེ་རབས་སྔ་མ་དུ་མ་རྗེས་སུ་དྲན་པ་སྔོན་གྱི་གནས་རྗེས་སུ་དྲན་པའི་དང་། སེམས་ཅན་གྱི་འཆི་འཕོ་དང་སྐྱེ་བ་དང་གཟུགས་ཐམས་ཅད་མཐོང་བ་ལྷའི་མིག་གི་མངོན་ཤེས་སོ། །འདིར་འཕགས་པས། སྤྱན་ལྔས་བསྡུས་པའི་ལྷའི་སྤྱན་གང་ཡིན་པ་ནི་རྣམ་པར་སྨིན་པ་ལས་བྱུང་བ་ཡིན་ལ། མངོན་པར་ཤེས་པས་བསྡུས་པ་འདི་ནི་བསམ་གཏན་མངོན་པར་འདུ་བྱས་པ་ལས་བྱུང་བ་ཡིན་ནོ་ཞེས་སོ། །འདི་ལྔའི་ཆ་འདྲ་ཙམ་མུ་སྟེགས་བྱེད་ལ་ཡང་ཡོད་ལ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པ་ཟག་པ་ཟད་པའི་མངོན་ཤེས་ཏེ། ཉན་ཐོས་ཀྱི་འདི་རྗེས་སུ་མཐུན་པ་ཙམ་ཡིན་ཏེ་ཉོན་སྒྲིབ་ཀྱི་ཟག་ཟད་ཙམ་ཡིན་པས་སོ། །འབྲས་བུ་ནི་འཕགས་པའི་གནས་རྣམ་པར་ཐར་པ་དང་། ལྷའི་གནས་བསམ་གཏན་གཟུགས་མེད་དང་། ཚངས་པའི་གནས་ཚད་མེད་བཞི་སྟེ། དེ་དག་གི་བདེ་བས་གནས་པ་དང་། སངས་རྒྱས་ཀྱི་ཞིང་རྣམས་སུ་བགྲོད་ནས་སངས་རྒྱས་མཆོད་ཅིང་ཆོས་ཉན་པ་དང་། སེམས་ཅན་སྦྱོང་བ་རྣམས་སོ། །བྱེད་ལས་ནི་རྣམ་པ་དྲུག་སྟེ། མཐོང་བའི་ལས་འཇིག་རྟེན་སྒྱུ་མར་མཐོང་བ། སྟོན་པའི་ལས་དབང་བཅུ་དང་ལྡན་པས་འཇིག་ཆགས་དང་། སྒྱུ་འཕྲུལ་སྣ་ཚོགས་སྟོན་པའོ། །འོད་ཟེར་གྱི་ལས་ངན་འགྲོ་ལ་རེག་པས་བདེ་འགྲོར་འཕེན་པ་དང་། བདུད་སྤ་བཀོང་ཞིང་སྐྲག་པ། རྣམ་པར་རོལ་པའི་ལས། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་རྣམ་པ་མང་པོས་རྣམ་པར་རྩེ་བ་ཀུན་ཏུ་སྟོན་ནོ། །སྤྲུལ་པའི་ལས་ནི། བཟོའི་ལས་ཀྱི་གནས་དང་སྐྱེ་བ་དང་། དགའ་ལྡན་ན་བཞུགས་པ་མཆོག་གི་སྤྲུལ་པའི་སྐུའོ། །ཞིང་ཡོངས་སུ་དག་པའི་ལས་ནི། ཡེ་ཤེས་ལ་དབང་བས་སྣོད་ཀྱི་འཇིག་རྟེན་ཇི་ལྟར་འདོད་པ་བཞིན་དག་པར་སྟོན་པ་དང་། བཅུད་ཀྱི་སེམས་ཅན་སངས་རྒྱས་ཀྱི་སྒྲ་མི་གྲག་པར་སྐྱེས་པ་ལ་མཚན་བསྒྲགས་པས་སངས་རྒྱས་དང་མི་འབྲལ་བར་སྐྱེ་བར་བྱེད་པའོ། །ལྡན་པ་ནི། སེམས་ཅན་སྨོན་པར་བྱེད་ནུས་པ། སངས་རྒྱས་ཀྱིས་བསྔགས་པ། ཚིག་སེམས་ཅན་རྣམས་ཀྱིས་གཟུང་བར་འོས་པ་གསུམ་མོ། །འཇུག་པའི་རབ་དབྱེ་ནི། མངོན་པར་ཤེས་པ་དྲུག རིག་པ་གསུམ། རྣམ་ཐར་བརྒྱད། ཟིལ་གནོན་བརྒྱད། ཟད་པར་བཅུ། ཏིང་ངེ་འཛིན་དཔག་ཏུ་མེད་པ་འཇུག་པའོ། །གཞན་ལ་ཕན་འདོགས་ཆེ་བ་ནི། ཡེ་ཤེས་ཀྱི་མཆོག་ལ་དབང་ཐོབ་པས་འགྲོ་བ་ཉོན་མོངས་པས་དབང་མེད་པ་རྣམས་རང་དབང་ཡོད་པ་ལ་འགོད་པས་དབང་ཆེ་བ། རྟག་ཏུ་གཞན་ལ་ཕན་འདོགས་པར་དགའ་བས་དགའ་བ་ཆེ་བ། སྲིད་པས་མི་འཇིགས་པས་མི་འཇིགས་པ་ཆེ་བའོ། །དེ་དག་ཀྱང་གཟོད་མ་ནས་ཞི་བ་ཉིད་དུ་རྟོགས་པར་བྱའོ། །དེ་བས་འདི་རྣམ་པར་ཐམས་ཅད་མཁྱེན་པ་ཉིད་རྫོགས་པའི་རྒྱུར་འགྱུར་རོ། །དགུ་པ་ཆོས་ཤེས་པ་ནི་འདོད་པའི་ཁམས་ལ་དམིགས་ཏེ་ས་ལ་ལྟ་བ་དང་འདྲ། རྗེས་སུ་རྟོགས་པའི་ཤེས་པ་ནི་ཁམས་གོང་གི་ཉོན་མོངས་པའི་གཉེན་པོ་གནམ་ལ་ཡར་ལྟ་བ་དང་འདྲ་བས། གཅིག་གི་ཡུལ་གཅིག་གིས་མཐོང་བ་བཀག་ནས་རྣལ་འབྱོར་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པས་སྒྱུ་མ་མཁན་བཞིན་དུ་ཐམས་ཅད་མངོན་པར་ཞེན་པ་མེད་པའི་ཡུལ་ཅན་དེས་མཐོང་སྤངས་དྲུངས་ཕྱུང་བའི་དོན་དུ་བསྒོམ་པར་བྱའོ་ཞེས་སོ། །དྲུག་པ་འདུས་བྱས་ཏེ། ལམ་འདུས་བྱས་པ། སྤངས་པ་འདུས་མ་བྱས་པ། དེ་གཉིས་ཕན་ཚུན་ཐ་དད་པར་གདགས་པར་མི་ནུས་པ་བཞིན་དུ་བསྒོམ་པའི་ལམ་རྣམ་པར་གཞག་པ་ནི་བཏགས་པ་བ་ཡིན་གྱི་མཚན་ཉིད་པ་ནི་མ་ཡིན་ཏེ་ཇི་ལྟར་མཐོང་བའི་ལམ་གྱིས་མངོན་སུམ་དུ་བྱས་པའི་དངོས་པོ་དེ་ག་ལ་མངོན་དུ་ཕྱོགས་པར་བྱེད་པས་མཐོང་ལམ་དང་སྒོམ་ལམ་ངོ་བོའི་སྒོ་ནས་ཐ་མི་དད་པའི་ཕྱིར་རོ། །འོན་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་སྒྱུ་མ་ཙམ་གྱིས་ཐ་དད་དུ་བྱས་ནས་སྒོམ་སྤངས་དྲུངས་འབྱིན་པའི་དོན་དུ་བསྒོམ་པར་བྱའོ། །འདིར་དཔྱད་པ། དང་པོར། སེམས་བསྐྱེད་ནས་ཉམས་སུ་ལེན་རྒྱུ་གདམས་ངག་ཡིན་ལ། དེ་ལེན་ཁྱེར་ལ་འདོམས་པ་བསྒྲུབ་པ། ཡུལ་གང་ལ་དམིགས་ནས་ལེན་པ་དམིགས་པ། བདེན་པ་བཞི་ལ་དམིགས་པས་དཀོན་མཆོག་གསུམ་ལ་དང་བ་སྐྱེ་ཞིང་། དེ་གསུམ་ལ་བརྟེན་ནས་ཚོགས་བསགས་པས་མོས་པ་འཕེལ་ལ། དེ་འཕེལ་བས་ཐོས་བསམ་གྱི་ཤེས་རབ་མཐར་ཕྱིན་པར་འགྱུར་ཞིང་། དེས་རྣམ་པར་རྟོག་པ་བཟློག་ནས་མི་རྟོག་པར་གྲུབ་སྟེ། ཞེན་པ་མེད་པའི་ཏིང་ངེ་འཛིན་ཐོབ། དེའི་ཡོན་ཏན་གྱིས་མི་ངལ་བར་ལམ་འཛིན། དེས་ཏིང་ངེ་འཛིན་རབ་ཏུ་གྱུར་པས་སྤྱན་དང་མངོན་ཤེས་བསྒྲུབས་ཏེ་རྟག་ཏུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་ཕྱིན་ནས་དགེ་བའི་བཤེས་གཉེན་མཉེས་པར་བྱེད་ཅིང་ཡང་གདམས་ངག་ནོད་ལ་དེའི་ཚེ་ནོད་པའི་གདམས་ངག་ཀྱང་མཐོང་ལམ་བསྒོམ་ལམ་ལ་རིམ་པར་བསླབ་པ་ཡིན་ལ། མཐར་ཕྱིན་པ་ན་དེ་དང་དེར་འགྱུར་གྱི་ད་ལྟ་ནི་མ་ཡིན་པས་དེ་གཉིས་མཐར་ཕྱིན་པའི་རྒྱུར་བཞག་གོ །དེ་བས་ན་གདམས་ངག་འདི་ཚོགས་ལམ་པའི་བསླབ་བྱ་གཙོ་བོར་ཡིན་ཏེ། སློབ་དཔོན་གྱིས་སྡུད་འགྲེལ་དུ། གདམས་ངག་ཐོབ་པའི་ལས་དང་པོ་པ་ཚོགས་ཀྱི་ལམ་ཐོབ་པ་ཡིས་དད་པ་ལ་སོགས་པའི་ཆོས་གོམས་པར་བྱས་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཞེས་དང་། འགྲེལ་ཆེན་དུ། དེ་ནི་དེ་ལྟར་བྱང་ཆུབ་ཏུ་སེམས་དང་པོ་ལ་སོགས་པ་བསྐྱེད་པས་དུས་ཇི་ལྟ་བ་བཞིན་དུ་དོན་དུ་གཉེར་བར་བྱེད་པའི་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་སོགས་པའི་དགེ་བའི་ཆོས་ལ་སློབ་པས་བསོད་ནམས་ཀྱི་ཚོགས་བསགས་པ་ན། བསམ་གཏན་ལ་ཐོབ་མངོན་པར་ཤེས། །མངོན་པར་བསྒྲུབ་པའི་སྒོ་ནས་ཏེ། །སངས་རྒྱས་དཔག་ཏུ་མེད་པ་ལ། །མཆོད་པའི་ཕྱིར་དང་ཉན་པའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །འདིས་ནི་སངས་རྒྱས་དཔག་མེད་ལ། །བསྐལ་དཔག་མེད་གྱུར་བསྙེན་བཀུར་བྱས། །དེ་ལ་བསྙེན་བཀུར་བྱས་པའི་ཕྱིར། །སེམས་ནི་ལས་རུང་མཆོག་ཏུ་འགྱུར། །ཞེས་བྱ་བས་སེམས་ལས་སུ་རུང་བ་ཉིད་ཀྱི་སྟོབས་ཀྱིས་ཏིང་ངེ་འཛིན་ལ་གནས་པ་ནི། ཏིང་ངེ་འཛིན་གྱི་སྒོ་ནས། དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། །སངས་རྒྱས་རྣམས་ལས་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་པའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་བྱ་བའི་ཚུལ་གྱིས་གདམས་ངག་ལ་འཇུག་གོ་ཞེས་སོ། །དེ་ལྟར་འཇུག་པའི་བྱང་ཆུབ་སེམས་དཔའ་དང་འབྲེལ་བའི་དོན་གྱི་གདམས་ངག་ནི་ཞེས་སེམས་བསྐྱེད་དང་པོ་ནས་སེམས་ལས་སུ་རུང་བའི་བར་གསུངས་ལ། མདོ་སྡེ་རྒྱན་རྩ་འགྲེལ་དུའང་འདིའི་བར་དུ་ནི་འཇིག་རྟེན་པའི་ཡང་དག་པར་འགྲུབ་པ་ཡིན་ནོ། །དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །སོགས་ཀྱིས་སྦྱོར་ལམ་བཤད་པའི་ཕྱིར་རོ། །འགྲེལ་ཆེན་གྱི། ཏིང་ངེ་འཛིན་གྱི་སྒོ་ནས་གདམས་ངག་ལ་འཇུག་གོའི་བར་ཏེ། དེར་སྒོམ་བྱུང་ཡོད་པ་དང་། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ཚོགས་ལམ་ཆེན་པོར་བཞག་པ་ཤེས་པའི་ཕྱིར་དུ་གསུངས་པར་སྣང་སྟེ། མདོ་སྡེ་རྒྱན་གྱི་གདམས་ངག་གི་ཕན་ཡོན་ལྔ་བཤད་པར། སྣོད་དུ་གྱུར་པ་སྨོས་པའི་ཕྱིར་དང་ཀུན་བཏུས་སུ། དེ་བསྒོམས་པས་མངོན་པར་རྟོགས་པ་དང་། རྣམ་པར་ཐར་པའི་གནས་ཀྱི་སྣོད་ཉིད་དུ་གྱུར་པ་ཞེས་ཚོགས་ལམ་ལ་གསུངས་པས་སོ།། །། གསུམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་དེ་དག་ཀྱང་ཞུགས་པ་དང་འབྲས་བུ་ལ་གནས་པའི་དབྱེ་བས་སྐྱེས་བུ་ཟུང་བཞི་གང་ཟག་བརྒྱད་དུ་བཞག་སྟེ། ཇི་ལྟར་ཞེ་ན། དབང་པོ་རཏལ་པོ་དད་པའི་རྗེས་སུ་འབྲང་བ་དང་། རྣོན་པོ་ཆོས་ཀྱི་རྗེས་སུ་འབྲང་བ་དང་། དད་པས་མོས་པ་དང་མཐོང་བས་ཐོབ་པ་དང་། རྒྱུན་ཞུགས་མིའི་རིགས་ནས་རིགས་སྐྱེ་དང་། ལྷའི་རིགས་ནས་རིགས་སྐྱེ་དང་། ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པ་དང་། ཕྱིར་མི་འོང་བར་མ་དོ་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་དང་། མངོན་པར་འདུ་བྱེད་པ་དང་བཅས་པས་དང་། མངོན་པར་འདུ་བྱེད་མིན་པ་དང་། འོག་མིན་འགྲོ་འཕར་བ་དང་། འོག་མིན་འགྲོ་ཕྱེད་འཕར་བ་དང་། འོག་མིན་འགྲོ་ཐམས་ཅད་དུ་འཕོ་བ་གསུམ་དང་། སྲིད་རྩེའི་མཐར་ཐུག་འགྲོ་དང་། གཟུགས་ཀྱི་ཆགས་པ་བཅོམ་པ་གཟུགས་མེད་ཉེར་འགྲོ་དང་། མཐོང་བ་ཡི་ཆོས་ལ་ཞི་བ་དང་། ལུས་མངོན་བྱེད་དང་། མངོན་སུམ་དུ་བྱེད་པ་ཞེས་པའི་ཚིག་གིས་དོན་རྣམ་གྲངས་སུ་བསྟན་པ་དགྲ་བཅོམ་པ་ཞུགས་པ་དང་། བསེ་རུ་ལྟ་བུ་དང་ནི་ཉི་ཤུའོ། །དད་མོས་མཐོང་ཐོབ་ལ་རྒྱུན་ཞུགས་འབྲས་གནས་ཙམ་པོ། ཕྱིར་འོང་ཞུགས་པ་དང་འབྲས་གནས་ཙམ་པོ། །ཕྱིར་མི་འོང་ཞུགས་པ་དང་འབྲས་གནས་ཙམ་པོ་རྣམས་བསྡུས་པར་འཕགས་པའོ། །སློབ་དཔོན་གྱིས། འབྲས་བུ་དང་པོ་དང་གཉིས་པ་ལ་གནས་པ་དང་། འབྲས་བུ་བཞི་པ་ལ་ཞུགས་པའི་གང་ཟག་ནི་གོ་སླ་བ་ཉིད་ཀྱིས་བསྡུས་པར་མ་བཤད་དོ་ཞེས་གསུངས་ནས། རང་གི་བཞེད་པ་འཆད་པར་འགྱུར་བའི་ལམ་ཤེས་པ་ཉིད་ཀྱིས་སོགས་ཀྱིས། རྒྱུན་ཞུགས་ཞུགས་པ་དབང་པོ་རཏལ་རྣོ་གཉིས། རྒྱུན་ཞུགས་རིགས་སྐྱེ་གཉིས། རྒྱུན་ཞུགས་འབྲས་གནས། ཕྱིར་འོང་ཞུགས་པ་དང་མཐོང་ དོགས་པ་ གཅིག དེའི་འབྲས་གནས། བར་ཆད་གཅིག་པ། ཕྱིར་མི་འོང་ཞུགས་པ་དང་མཐོང་གཅིག འདའ་བ་བཞི། འོག་མིན་འགྲོ་གསུམ། སྲིད་རྩེར་འགྲོ་གཉིས། དགྲ་བཅོམ་ཞུགས་པ། རང་སངས་རྒྱས་ཏེ་ཉི་ཤུར་བཤད་ཅེས་གྲགས་སོ། །འདིའི་སྲིད་རྩེར་འགྲོ་ལ་མཐོང་ཆོས་ཞི་དང་ལུས་མངོན་བྱེད་ཅེས། ནུབ་སྒོ་བ་དང་། གསེར་གླིང་པས་སོ། །ཟླ་ཟེར་དང་། ཆོས་བཤེས། གཟུགས་ཀྱི་ཆགས་པ་དང་བྲལ་བ་དང་། མཐོང་ཆོས་ཞི་བའི་ལུས་མངོན་བྱེད་གཞན་རྣམས་འདྲ། རཏྣ་ཀཱིརྟིས། དད་མོས། མཐོང་ཐོབ་རྒྱུན་ཞུགས་ཞུགས་པར་བསྐྱལ་ནས་ལྷག་མ་རྣམས་ནུབ་སྒོ་བ་དང་མཐུན་ལ། དབང་པོ་རཏལ་རྣོ་བཤད་བཞིར་བྱས་སོ། །དག་ལྡན་དང་ཤེས་རབ་སྒྲོན་མེར་འོག་མིན་འགྲོ་ལོགས་སུ་བགྲང་། དགྲ་བཅོམ་ཞུགས་པ་མ་བསྟན། གཞན་འཕགས་པ་བཞིན་དུའོ། །རང་གི་འདོད་པས་ན། འགྲེལ་པར། དེའི་འོག་ཏུ་ཕྱིར་མི་འོང་བ་སྟེ། ཞེས་པས་ཕྱིར་མི་འོང་འབྲས་གནས་ཙམ་པོ་བསྟན། གཟུགས་ཀྱི་གོང་འཕོ་གཅིག་ཏུ་བགྲངས། སྲིད་རྩེའི་མཐར་ཐུག་འགྲོ་བ་ནི་ཞེས་པས། གཟུགས་སུ་སྐྱེས་ནས་དེར་འགྲོ་བ་དང་། གཟུགས་ཀྱི་ཆགས་པ་དང་བྲལ་བ་དག་སྟེ་ཞེས་པས། གཟུགས་མེད་ཉེར་འགྲོ་གཉིས་གཅིག མཐོང་ཆོས་ཞི་དང་། ལུས་མངོན་བྱེད་སོ་སོ། གཞན་སྔ་མ་བཞིན། སློབ་དཔོན་གྱི་དགོངས་པར་མངོན་ཏེ། འགྲེལ་ཆེན་དུ། གཟུགས་ཀྱི་ཆགས་པ་མ་བཅོམ་པའི་དབྱེ་བར་མངོན་པ་བཞིན་སྲིད་རྩེ་འགྲོ་བགྲངས་པས་སོ། །མཐའ་གཅིག་ཏུ་ལུང་སྟོན་པར་ནི་འདིའི་འགྲེལ་མཛད་རྣམས་ཀྱི་གཞུང་ལ་བརྟགས་ཀྱིན་མི་ནུས་པས་རང་མོས་པའི་རྗེས་སུ་འཇུག་པ་ནི་འོས་པ་ཉིད་དོ། །སློབ་དཔོན་གྱི་དེ་ལྟར་ཡང་། སྟོང་ཕྲག་ཉི་ཤུ་ལྔ་པ་ལས་རྒྱ་ཆེར་གསུངས་པ་སོགས་ཞལ་འཕངས་པ་ལྟར་འཆད་ན། ད་ལྟར་བྱང་ཆུབ་སེམས་དཔའི་ཚོགས་འདི་ལ་མིང་དེ་སྐད་དུ་བཞག་པ་ནི་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས་གསུངས་ཤིང་གསུང་བའི་དགོངས་པ་ཡང་། དེ་ཉིད་དུ། ལོག་པ་བརྒྱད་ལས་ཡང་དག་འདས། །རྣམ་པར་ཐར་པ་བརྒྱད་ལ་རེག །ཡང་དག་བརྒྱད་ལ་ཞེན་པ་མེད། །དེ་ཕྱིར་བརྒྱད་པ་ཞེས་བྱའོ། །སངས་རྒྱས་མཐོང་ལ་ཆགས་མེད་དེ། །སེམས་ཅན་དཔག་མེད་དད་པར་བྱེད། །དེ་ཕྱིར་བློ་ལྡན་དད་པས་འབྲང་། །ཆོས་རྒྱུན་བསམ་གྱིས་མི་ཁྱབ་པ། །རྒྱུན་དེ་ལས་ཀྱང་འདའ་མི་བྱེད། །ཆོས་ཉིད་དེ་ཡི་རྗེས་སུ་ཐོབ། །དེ་ཕྱིར་ཆོས་རྗེས་འབྲང་ཞེས་གསུངས། །ལམ་ལ་རྒྱུན་ཞེས་ངས་བརྗོད་དེ། །བསམ་དུ་མེད་པས་སངས་རྒྱས་ལམ། །གང་དག་ལ་ལ་དེར་ཞུགས་པ། །དེ་དང་དེ་ནི་རྒྱུན་ལ་གཞོལ། །གང་གིས་བྱང་ཆུབ་འགྲུབ་འགྱུར་བའི། །རྐྱེན་རྣམས་མང་པོ་གང་གསུངས་པ། །བདག་གིས་ཤེས་པར་བྱའོ་ཞེས། །དེ་ཚོལ་བ་ནི་འོངས་པ་ཡིན། །འགྲོ་བ་རྣམ་གསུམ་གང་དུ་ཡང་། །དེ་ནི་ཕྱིར་ཞིང་མི་འགྲོ་སྟེ། །སངས་རྒྱས་ཆོས་རྣམས་ཐོབ་པས་ན། །དེས་དེ་ཕྱིར་མི་འོང་ཞེས་བརྗོད། །གང་གི་སེམས་ཅན་རབ་སྡུག་བསྔལ། །ཉོན་མོངས་ཐམས་ཅད་དེ་ཡིས་བཅོམ། །ཉོན་མོངས་པ་ལས་རབ་ཏུ་གྲོལ། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །མ་རིག་ནམ་མཁའ་ཇི་བཞིན་དུ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །འདི་ནི་མངོན་སུམ་གྱུར་པས་ན། །རང་རྒྱལ་བ་ཞེས་བརྗོད་པ་ཡིན། །ཞེས་སངས་རྒྱས་མཐོང་བ་དང་སེམས་ཅན་དད་པར་བྱེད་ལ། དེ་ལ་མ་ཆགས་པ་དད་པའི་རྗེས་འབྲང་། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལས་མི་འདའ་བར་ལམ་ཡོངས་སུ་གཟུངས་བ་དེའི་རྗེས་སུ་འབྲངས་པས་ཆོས་ཀྱི་རྗེས་འབྲང་། སངས་རྒྱས་སུ་འགྲོ་བའི་རྒྱུན་ལ་ཞུགས་པས་རྒྱུན་ཞུགས། འདོད་པའི་ཁམས་འདིར་འཚང་རྒྱ་བ་སྟོན་པར་ལན་ཅིག་འོང་བས་ཕྱིར་འོང་། ཁམས་གསུམ་དུ་མི་འོང་བར་སངས་རྒྱས་ཐོབ་པར་བྱེད་པས་ཕྱིར་མི་འོང་། རང་གི་སྡུག་བསྔལ་དང་ཉོན་མོངས་པ་ཐམས་ཅད་བཅོམ་ནས་གཞན་རྒྱུད་ཉོན་མོངས་པ་ལས་འབྲལ་བར་བྱེད་པའི་ཆོས་སྟོན་པས་དགྲ་བཅོམ། རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་གཟིགས་པས་རང་རྒྱལ་ཞེས་བྱའོ། །དགོས་པ་ནི་དེ་ཉིད་དུ། ཀུན་དགའ་བོ་སེམས་ཅན་གང་དག་དམན་པ་ལ་མོས་པ་དེ་དག་གི་ཆེད་དུ་དེ་བཞིན་གཤེགས་པ་ཐམས་མཁས་པས་དེ་ལྟ་བུའི་ཆོས་སྟོན་ཏོ། །ཞེས་དང་། གཞན་ལས། འདི་ན་སེམས་ཅན་དམན་ལ་མོས་རིག་ནས། །བྱང་ཆུབ་སེམས་དཔའ་འདི་དག་ཉན་ཐོས་འགྱུར། །རང་རྒྱལ་བྱང་ཆུབ་པར་ཡང་རབ་ཏུ་སྟོན། །ཞེས་སོ། །འདི་ཉིད་ཀྱི་མདོར། ཤཱ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདིས་སྤྱོད་པ་དེ་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་ལགས།འདི་ནས་ཤི་འཕོས་ནས་ནི་གང་དུ་སྐྱེ་བར་འགྱུར། ཞེས་ཞུས་པའི་ལན་དུ། སངས་རྒྱས་ཀྱི་ཞིང་གཞན་ནས་ཚེ་འཕོས་ཏེ་འདིར་སྐྱེས་པའམ། དགའ་ལྡན་གྱི་ལྷའི་རིགས་དང་། མིའི་ནང་ནས་ཤི་འཕོས་ཏེ་འདིར་སྐྱེས་པར་ཤེས་པར་བྱའོ་ཞེས་གསུངས་ནས། ཡང་དང་པོ་དེ་ནི། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་རྣལ་འབྱོར་མྱུར་དུ་འགྲུབ་པ་སྟེ། ཚེ་རབས་འདི་འདས་ནས་ཀྱང་ཆོས་ཟབ་མོ་འདི་དག་དེ་ལ་མངོན་དུ་འགྱུར་རོ། །དེ་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་མཉམ་པར་གཞོག་གོ །སངས་རྒྱས་ཀྱི་ཞིང་གང་དང་གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་ཡང་སྐྱེ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་བསྙེན་བཀུར་བྱེད་པར་འགྱུར་རོ་ཞེས་དང་། གཉིས་པ་དེ་ནི་ཚེ་གཅིག་གིས་ཐོགས་པ་སྟེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་པ་མེད་པའོ། །གཟུངས་ཀྱི་སྒོ་དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ཀྱང་དེར་མ་འདུས་པ་མེད་དོ། །ཞེས་དང་། གསུམ་པ་དེ་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་གཏོགས་པར་དབང་པོ་རཏལ་བ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་ཡང་མྱུར་དུ་མཉམ་པར་གཞོག་པ་མ་ཡིན་ནོ་དེ་ལ་གཟུངས་ཀྱི་སྒོ་ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་མྱུར་དུ་མངོན་དུ་མི་འགྱུར་རོ། །ཞེས་གསུངས་པའི་དང་པོ་མཆོག །གཉིས་པ་བར་མ། གསུམ་པ་དམན་པར་བསྟན་པ་རིམ་པ་བཞིན་ཕྱིར་མི་འོང་དང་། ཕྱིར་འོང་དང་། རྒྱུན་དུ་ཞུགས་པ་སྟེ། དང་པོ་དག་པའི་ཞིང་དུ་འཚང་རྒྱ་བར་འགྱུར་བ། གཉིས་པ་མ་དག་པའི་འདོད་པའི་ཁམས་སུ་འཚང་རྒྱ་བ་སྟོན་པར་འགྱུར་བ། གསུམ་པ་དེ་གཉིས་གང་རུང་དུ་གདོད་འགྱུར་བ་སྟེ། དེ་ཡང་དེ་དག་ལས་བྱང་ཆུབ་རྙེད་པར་དཀའ་བ་ཙམ་ལ་དགོངས་ནས་རཏལ་པོར་བཞག ཕྱིར་མི་ལྡོག་པ་བཀོལ་པ་ནི། དེ་ལ་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་མྱུར་དུ་སྐྱེ་བར་བཤད་བྱའི་ཚིག་ཐ་མ་ལ་ལྟོས་ནས་སོ། །འཕགས་པས་སྔ་མ་གཉིས་དབང་རྣོན། ཕྱི་མ་དབང་རཏལ་དང་སྦྱར་རོ། །ཤཱཱར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པ་དག་ཅེས་ནས། དེ་དག་དབང་པོ་རཏལ་བ་ཡིན་ཏེ་ཞེས་པའི་བར་གྱིས་དད་པའི་རྗེས་འབྲང་བསྟན་ཏེ། འདི་ལ་མདོ་གཉིས། དང་པོས་བསམ་གཏན་དང་ཕར་ཕྱིན་དྲུག་ལ་བརྩོན་པར་གྱུར་ཀྱང་ཐབས་མི་མཁས་པའི་ཕྱིར་ལྷ་ཚེ་རིང་པོར་སྐྱེས་ཏེ། དེའི་རིང་བརྩོན་པ་ལྷོད་པར་འགྱུར་ལ། ཕྱིར་མིའི་ནང་དུ་སྐྱེས་པའི་ཚེ་སྔོན་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་སྤྱོད་པའི་མཐུས་བརྩོན་པར་བྱེད་ཀྱང་དབང་པོ་རཏལ་པོར་འགྱུར་རོ། །གཉིས་པ་གཞན་འདྲ་ལ། བསམ་གཏན་གྱི་འབྲས་བུ་བཏང་ནས་ལྷའི་ནང་དུ་མ་སྐྱེས་ཤིང་མིར་སྐྱེས་ཀྱང་ཐབས་མི་མཁས་པས་དབང་རཏལ་དུ་བཞག་གོ །དེ་ནས་བསྐལ་པ་བཟང་པོ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་པའི་བར་གྱིས་དབང་རྣོན། དེ་དག་ནི་བསམ་གཏན་དང་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབས་ནས་སྙིང་རྗེས་འབྲས་བུ་བསམ་གཏན་སྤངས་ཏེ་སེམས་ཅན་གྱི་དོན་བྱ་བར་ལྷུར་ལེན་པ་དང་། སངས་རྒྱས་མཉེས་པར་བྱ་བ་ལྷུར་ལེན་པས་བསྐལ་པ་བཟང་པོ་འདི་ཉིད་ཀྱི་རིང་ལ་འཚང་རྒྱ་བས་སོ། །འཕགས་པས་འབྲས་བུ་བར་མ་གཉིས་ཀྱིས་ཞུགས་པ་དད་ཐོབ་ལ་རིམ་པར་སྦྱར་རོ། །དེ་ནས་ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་སྟེ། དེ་ཡང་སྲིད་པ་ལ་བརྐམ་པའི་ཕྱིར་མ་ཡིན་གྱི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ་ཞེས་པའི་བར་གྱིས་མིའི་རིགས་སྐྱེ། ཡོན་ཏན་སྔ་མ་བཞིན་དང་ལྡན་ཞིང་སྔོན་སེམས་ཅན་ཡོངས་སུ་བཟུང་བ་རྣམས་སྨིན་པར་བྱེད་པའི་ཕྱིར་མིར་སྐྱེ་བ་བསྟན་པའོ། །སངས་རྒྱས་རྣམས་མཉེས་པར་བྱེད་དོ་ཞེས་པའི་བར་གྱིས་ལྷའི་རིགས་སྐྱེ་སྟེ། ཡོན་ཏན་སྔ་མ་བཞིན་དང་ལྡན་ཞིང་འདོད་ལྷ་དྲུག་གི་ནང་དུ་སྐྱེས་ནས་མཐུ་ཕུན་སུམ་ཚོགས་པ་ལ་གནས་ནས་སེམས་ཅན་སྨིན་པར་བྱ་བ། སངས་རྒྱས་ཀྱི་ཞིང་དག་པར་བྱ་བ། སངས་རྒྱས་མཉེས་པར་བྱ་བ་རྣམས་བྱེད་པའོ། །དེ་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་ཏེ་དེ་དག་དེའི་ཚེ་ཚུལ་བཞིན་དུ་གནས་ནས་དབང་པོ་མ་ཉམས་པ་དང་། དྲན་བཞིན་ཤེས་བཞིན་དུ་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བསྐོར་ཏེ་མདུན་དུ་བྱས་ནས་འདིར་སྐྱེ་བ་བསྟན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་དག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དག་ཀྱང་ཡོད་དོ་ཞེས་པའི་བར་འདིས་ཚེ་གཅིག་བར་ཆད་གཅིག་པ་བསྟན་ཏེ། དེ་ལ་ཡང་མདོ་གཉིས་བྱུང་བའི་དང་པོས་ཚངས་པའི་འཇིག་རྟེན་དུ་དེའི་བདག་པོར་སྐྱེས་ནས་རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་ཆོས་ཉན་པ་དང་། དེ་དག་མཉེས་པར་བྱ་བ་ལྷུར་ལེན་པ་དང་། སྔོན་ཆོས་ཀྱི་འཁོར་ལོ་བསྐོར་བའི་གསོལ་བ་འདེབས་པ་པོར་སྨོན་ལམ་བཏབ་པས་སངས་རྒྱས་ནས་རིང་པོ་མ་ལོན་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའོ། །གཉིས་པ་སྣང་ཚུལ་དུ་རྗེ་བཙུན་ཇི་ལྟ་བའོ། །དེ་ནས་དེ་དག་ནམ་ཡང་འདོད་པའི་ཁམས་སུ་མི་སྐྱེ། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་སུ་ཡང་མི་སྐྱེ་ཞིང་། དེ་དག་ཏུ་ཡང་སེམས་ཅན་གྱི་དོན་བྱེད་པ་ཡོད་དོའི་བར་གྱིས་བར་མ་དོར་འདའ་བ། འཕགས་པས་འདིར། ཚངས་རིགས་ཀྱི་ལྷ་རྣམས་ནས་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སྐྱེ་བར་འགྱུར་བ་ཞེས་དྲངས། འདི་ལ་མདོ་ལྔ། དང་པོས་མངོན་ཤེས་ཀྱི་མཐུས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སོང་ནས་དེ་བཞིན་གཤེགས་པ་རྣམས་མཆོད་པ། གཉིས་པས་མངོན་ཤེས་ལ་གནས་ཤིང་། ཞིང་ཡོངས་སུ་དག་པ་རྣམས་ཉིད་ན་གནས་པར་འདོད་པ་བསྐྱེད་པ། གསུམ་པས་མངོན་ཤེས་ཀྱི་མཐུས་སངས་རྒྱས་ཀྱི་ཞིང་ཚེ་ལོ་དཔག་ཏུ་མེད་པར་སྐྱེས་ནས་ཚེ་ཇི་སྲིད་ཐུབ་ཀྱི་བར་དུ་གནས་ཏེ། སེམས་ཅན་དང་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་ཉིད་ལ་བརྩོན་པར་བྱེད་པ། བཞི་པས་དཀོན་མཆོག་གསུམ་གྱི་སྒྲ་དང་བྲལ་བར་སྐྱེས་ནས་སྒྲ་གསུམ་དང་ལྡན་པའི་ཆོས་བཤད་པས་དགའ་བ་སྐྱེས་པ་དེ་དག་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བྱེད་པ། ལྔ་པས་མ་དག་བའི་ཁམས་གསུམ་དུ་མི་སྐྱེ་ཞིང་། དེ་གསུམ་གྱིས་འགྲོ་བའི་དོན་ཡང་བྱེད་པ་བསྟན་ནོ། །དེ་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པ་ཡང་ཡོད་དོ་ཞེས་པའི་བར་གྱིས་མངོན་པར་འདུ་མི་བྱེད་པ། ཡོན་ཏན་སྔ་མ་དེ་དག་ཉིད་དང་ལྡན་ཞིང་དག་པའི་ཞིང་དུ་སྐྱེས་ཏེ་ས་དང་པོ་ཐོབ་པར་བྱས་ནས་འཕྲལ་དུ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ཏེ་ཕྱིར་མི་ལྡོག་པའི་ས་ཐོབ་པར་བྱེད་པ་དགེ་སློང་མི་འཁྲུགས་པ་ལྟ་བུ། དེ་ནས་བསྐལ་པ་ལས་ལྷག་པར་གནས་པ་ཡོད་དོ་ཞེས་པའི་བར་གྱིས་སྐྱེ་གནས་ཡོངས་སུ་མྱ་ངན་ལས་འདའ་བ་བསྟན་ཏེ། གནོད་འཇོམས་ལས། ཡོན་ཏན་དེ་དག་ཉིད་དང་ལྡན་ཞིང་། སངས་རྒྱས་ཀྱི་ཞིང་གི་སྟོབས་བསྐྱེད་པ་དང་། བདག་ཉིད་ཡོན་ཏན་རྣམས་ཀྱིས་སེམས་ཀྱི་རྒྱུད་ཡོངས་སུ་དག་པར་བྱས་ཤིང་རྩོལ་བ་ཆུང་ངུས་དང་པོ་ཐོབ་པར་བྱས་ནས་འཕྲལ་ཁོ་ན་ཆེན་པོ་འབད་མི་དགོས་པར་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་དུས་ཇི་སྲིད་ཡོད་ཀྱི་བར་དུ་བསྟན་པ་གནས་པར་བྱེད་དོ་ཞེས་སོ། །དེ་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དོན་དུ་འདོད་པ་དག་ཀྱང་ཡོད་དོ་ཞེས་པའི་བར་གྱིས་མངོན་པར་འདུ་བྱེད་པ་དང་བཅས་པས་འདའ་བར་བསྟན་ཏེ། ཡོན་ཏན་དེ་དག་ཉིད་དང་ལྡན་ཞིང་དག་པའི་ཞིང་དུ་སྐྱེས་ནས་འབད་མི་དགོས་པར་ས་དང་པོ་ཐོབ་པར་བྱས་ཏེ་ས་གོང་མ་རྣམས་མ་སྐྱེས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ཐམས་ཅད་ལ་སྙོམས་པར་ཞུགས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བྱེད་དོ། །དེ་ནས་སྙོམས་པར་འཇུག་པ་འདི་དག་ཡང་དང་ཡང་དུ་རྣམ་པར་བསྣན་ཅིང་སྙོམས་པར་འཇུག་པ་དག་ཀྱང་ཡོད་དོའི་བར་གྱིས་འཕར་བ་སྟེ། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཐོད་བརྒལ་དུ་སྙོམས་པར་འཇུག་པ་ལ་མཉམ་པར་བཞག་ནས་སྙོམས་པར་འཇུག་པ་དེ་རྣམས་ཀྱིས་གནས་པར་བྱེད་དོ། །འཕགས་པས་འདི་ལུས་མངོན་བྱེད་ལའོ། །དེ་ནས་དེ་དག་ནི་ཕྱིར་མི་ལྡོག་པ་ཡིན་པར་ཤེས་པར་བྱའོའི་བར་གྱིས་ཕྱེད་འཕར་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་སངས་རྒྱས་ཀྱི་ཆོས་རྣམས་དང་ལྡན་ཞིང་ཡོངས་སུ་འདྲིས་པའི་ཤེས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཡོངས་སུ་ཤེས་པར་བྱས་ནས། དེ་དག་མངོན་སུམ་དུ་མི་བྱེད་པར་གཞན་དག་ལམ་དང་འབྲས་བུ་དེ་དག་ལ་སོ་སོར་འགོད། རང་གཞན་གཉིས་ཀྱིས་ཕྱེ་བའི་གཞན་དག་དེར་འཕར་བས་ཕྱེད་འཕར་དུ་བཏགས་སོ། །ཡོངས་སུ་འདྲིས་པའི་ཤེས་པ་དེ་ཉིད་ལ་བྱང་ཆུབ་སེམས་དཔའི་བཟོད་པ་དམ་པ་ཞེས་བྱའོ། །འདི་གཉིས་འཕགས་པས། བསམ་གཏན་དང་པོ་ལས་ཡོངས་སུ་ཉམས་ནས་བསམ་གཏན་དང་པོར་ཞེས་དང་། ཚངས་པའི་འཇིག་རྟེན་ནས་ཤི་འཕོས་ཏེ་གནས་གཙང་མར་ཞེས་སྦྱར་ཏེ། ཉི་ཁྲིར་འབུམ་ཊཱིཀ་བཞིན་ལས་དེ་མ་བྱུང་། དེ་ནས་བསྐལ་པ་བཟང་པོ་པར་ཤེས་པར་བྱའོ་ཞེས་པའི་བར་གྱིས་གནས་ཐམས་ཅད་དུ་འཕོ་བ་སྟེ། གང་བསྐལ་པ་བཟང་པོ་འདི་ཉིད་ལ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དག་སྟེ། དེ་དག་རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ་དགའ་ལྡན་གྱི་གནས་སྦྱོང་བར་བྱེད་དོ། །འདི་ལ་ཐམས་ཅད་དུ་འཕོ་བ་ཞེས་པ་ནི་གཟུགས་ཁམས་སུ་འཚང་རྒྱ་ཞིང་། ཡང་དགའ་ལྡན་ནས་འདིར་འོངས་ནས་འཚང་རྒྱ་བའི་ཚུལ་སྟོན་པས་སོ། །དེ་ནས་ཚེ་གཅིག་གིས་ཐོགས་པར་ཤེས་པར་བྱའོ་ཞེས་པའི་བར་གྱིས་སྲིད་རྩེར་འགྲོ་བ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ལྡན་ཞིང་ཡོངས་སུ་འདྲིས་པའི་ཤེས་པས་འཕགས་པའི་བདེན་པ་འཚོལ་བ་ལ་གནས་པའོ། །འདི་འཕགས་པས་ཕྱིར་མི་འོང་ཚེ་གཅིག་བར་ཆད་གཅིག་པ་ལ་སྦྱར་ཞིང་དེ་ཉིད་ཀྱི་ཚངས་རིས་ནས་དགེ་རྒྱས་ཀྱི་བར་གྱི་ཞེས་སྦྱར་ཡང་ལུང་དུ་མི་སྣང་། དེ་ནས་བསྐལ་པ་གྲངས་མེད་ཚད་མེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་པའི་བར་གྱིས་གཟུགས་མེད་ཉེར་འགྲོ་སྟེ། བསྐལ་པ་གྲངས་མེད་པ་བྱེ་བ་འབུམ་ཕྲག་མང་པོས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་ཅིང་སེམས་ཅན་གྱི་དོན་བྱ་བ་ལ་བརྩོན་པར་གནས་ཏེ། དཔེར་ན་བདག་གི་ཡོངས་འཛིན་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ལྟ་བུ་ལ་སོགས་པའོ། །སྣང་བ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཞིང་རྒྱ་ཆེན་པོ་བསྒྲུབ་པའི་ཐབས་ཀུན་ཏུ་འགྲོ་བ་ཉིད་ཀྱིས་གཟུགས་མེད་ཉེར་འགྲོ་ཞེས་བྱའོ། །འཕགས་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་སོགས་སྦྱར་དེ་ནས་ངན་སོང་ཐམས་ཅད་ལས་ཡང་དག་པར་འདའ་བའི་ཕྱིར་ཆོས་སྟོན་པ་དག་ཀྱང་ཡོད་དོ་ཞེས་པའི་བར་གྱིས་མཐོང་ཆོས་ཞི་སྟེ། ལུས་སོགས་ཀྱི་གནས་ངན་ལེན་ཞི་བ་དང་། སེམས་ཅན་གྱི་ངན་སོང་གི་ལམ་རྒྱུན་གཅོད་ཕར་ཕྱིན་དྲུག་རེ་རེ་ལྷུར་བླང་བ་དེ་དེ་ལྟར་བརྒྱད་ཀྱིས་སེམས་ཅན་ཐམས་ཅད་མཐོང་བའི་ཆོས་ལ་བདེ་བར་གནས་པས་ངན་འགྲོའི་ལམ་ཞི་བར་བྱེད་པས་སོ། །འཕགས་པས་འདི་ཡང་འདི་གར་སྦྱར་ལ། གཞན་ཡང་བདག་མི་བསྟོད། ངན་འགྲོར་མི་ལྟུང་། དགེ་བའི་ལམ་མི་གཏོང་བ་རྣམས་འདིར་སྦྱར་རོ། །དེ་ནས་ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ་ཞེས་པའི་བར་གྱིས་ལུས་མངོན་བྱེད་དེ། སངས་རྒྱས་ཀྱི་ཆ་བྱད་ཀྱིས་ཕྱོགས་བཅུར་སེམས་ཅན་སྨིན་པར་བྱས་ཏེ་དེར་སངས་རྒྱས་མཉེས་པར་བྱ་བ་ལྷུར་བླངས་ནས་སངས་རྒྱས་ཀྱི་ཞིང་དེ་ན་མཐོང་བའི་ཡོན་ཏན་རྣམས་གཟུང་ནས་བདག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས་གདུལ་བྱ་དེ་དག་ཚེ་གཅིག་གིས་ཐོགས་པར་བྱེད་པའོ། །འདི་ཕྱོགས་སྤྱི་དང་བྱེ་བྲག་གི་དབྱེ་བས་མདོ་ཚན་བཅུ་གཅིག་གོ །དེ་ནས་མཐར་གྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དག་ཀྱང་ཡོད་དོ་ཞེས་པའི་བར་གྱིས་བསེ་རུ་སྟེ། སངས་རྒྱས་ཀྱི་མཚན་བཟང་པོ་ལ་སོགས་པའི་ཆོས་དང་ལྡན་ཞིང་སྔོན་གྱི་སྨོན་ལམ་གྱི་མཐུས་སངས་རྒྱས་ཀྱི་ཆ་བྱད་དུ་རྣམ་པར་སྤྲུལ་པ་ཆེན་པོ་དང་། སྤྱོད་ལམ་ཞི་བ་དང་། དབང་པོ་གསལ་བ་དང་། ཡོངས་སུ་དག་པ་དང་ལྡན་པར་གྱུར་ནས་སྐྱེ་བོ་མང་པོ་དགའ་བར་བྱས་ནས། དགའ་བ་དང་མགུ་བའི་མཐུ་དེ་ཉིད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱས་ཏེ་དེ་དག་རིམ་གྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །སྒྲ་མེད་ལུས་ཀྱི་ཆོས་སྟོན་པར་མཐུན་པས་སོ། །འཕགས་པས་མཐོང་ཆོས་ཞིར་སྦྱར་རོ། །དེས་རང་བྱང་ཆུབ་ཏུ་འཚང་རྒྱ་བ་ཡོད་དེ་ཞེས་པ་མདོར་མ་བྱུང་། ཆོས་བཤེས་འཕགས་པ་དང་མཐུན། ཤཱནྟི་པ་གཞན་དུ་འཆད་དེ་མ་བྲིས་སོ། །དེ་ནས་བདག་ཉིད་ཀྱང་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ་སངས་རྒྱས་ཀྱི་ཆོས་སྣང་བ་དེ་དང་ནམ་ཡང་འབྲལ་བར་མི་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་བྱུང་བ་ཡིན་ནོ་ཞེས་པའི་བར་གྱིས་དགྲ་བཅོམ་ཞུགས་པ་སྟེ་དབང་པོ་ཤིན་ཏུ་གསལ་བ་ཐོབ་ནས་བདག་ལ་མི་བསྟོད་གཞན་ལ་མི་སྨོད་པ་དང་། སྦྱིན་པ་དང་ཚུལ་ཁྲིམས་ཀྱིས་དབུལ་བ་དང་ངན་འགྲོར་མི་སྐྱེ་བ་དང་། དགེ་བའི་ལས་ཀྱི་ལམ་མི་གཏོང་བ་དང་། དེ་གཉིས་ཀྱིས་ཚེ་རབས་མང་པོར་འཁོར་ལོས་བསྒྱུར་བར་གྱུར་ནས་སེམས་ཅན་སྡུད་པ་དང་། དེ་གཉིས་འཁོར་ལོས་བསྒྱུར་བར་ལན་མང་པོར་གྱུར་ནས་སངས་རྒྱས་མཉེས་པར་བྱེད་པ་དང་། འདི་འཕགས་པས་འོག་མིན་འགྲོ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་སྣང་བ་ཐམས་ཅད་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས་སངས་རྒྱས་ཀྱི་ཆོས་ཀྱི་སྣང་བ་ཉིད་ཀྱང་ཡོངས་སུ་སྨིན་པར་བྱེད་ཅིང་མངོན་པར་རྫོགས་པར་སངས་རྒྱས་ཀྱི་རབ་ཏུ་གནས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱུ་གུ་སངས་རྒྱས་ཀྱི་ཆོས་ལ་འཕེལ་བའི་རིམ་པ་ཡིན་པས་དགྲ་བཅོམ་ཞུགས་པ་ཞེས་སོ། །ཟླ་ཟེར་བས། མཐོང་ལམ་སྐད་ཅིག་བཅོ་ལྔ་ཞུགས་པ། བཅུ་དྲུག་ལ་རྒྱུན་ཞུགས། མངོན་གྱུར་ཞུགས་པ། རིང་སོང་ཕྱིར་འོང་། མི་གཡོ་ལེགས་བློ་ཞུགས་པ། བཅུ་པ་ཕྱིར་མི་འོང་དུ་བྱས་ཏེ་འདི་དག་སྤངས་པས་ཕྱེ་བ་མིན་ཞིང་རྒྱུ་མཚན་འགའ་ཞིག་འདྲ་བ་ཙམ་གྱིས་ཡིན་པས་ལེགས་པ་མ་ཡིན་ནོ།། །། ད་ནི་ཞར་བྱུང་དུ་མཚོན་བྱེད་པའི་དགེ་འདུན་བཤད་པར་བྱ་སྟེ། ཆགས་བྲལ་སྔོན་སོང་དང་སྔོན་དུ་མ་སོང་བ་གཉིས། དང་པོ་མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པ་དབང་རཏལ་དད་པའི་རྗེས་འབྲང་དང་དབང་རྣོན་ཆོས་ཀྱི་རྗེས་འབྲང་། བདག་ཉིད་ཤེས་པས་རྟོགས་པ་མེད་ཀྱི་ལུང་ལས་ཐོས་པ་བཞིན་དུ་དད་པས་འཕགས་པའི་ལམ་གྱི་རྗེས་སུ་འཇུག་པས་དད་པའི་རྗེས་འབྲང་། གཞན་གྱི་དྲིང་མི་འཇོག་ཅིང་ཆོས་ཀྱི་ཚུལ་དང་མཐུན་པར་རིགས་པ་དང་སྦྱོར་བས་ན་ཆོས་ཀྱི་རྗེས་འབྲང་། དེ་དག་སྔར་སྒོམ་སྤངས་ཡེ་མ་སྤངས་པའམ། འཇིག་རྟེན་པའི་ལམ་གྱིས་འདོད་པའི་སྒོམ་སྤངས་ལྔ་མན་ཆད་སྤངས་ན་ཡང་འབྲས་བུ་དང་པོ་ལ་ཞུགས་པ། འདི་ཆགས་བྲལ་སྔོན་སོང་མིན་ནོ། །དྲུག་པ་ནས་བརྒྱད་ཀྱི་བར་སྤངས་ན་འབྲས་བུ་གཉིས་པ་ལ་ཞུགས་པ། འདོད་པ་ལ་འདོད་ཆགས་དང་བྲལ་བའམ། དེར་མ་ཟད་གོང་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་ན་འབྲས་བུ་གསུམ་པ་ལ་ཞུགས་པ། དེ་རྣམས་སེམས་བཅུ་དྲུག་པ་སྐྱེས་པ་ན་གང་ལ་ཞུགས་པ་དེའི་འབྲས་གནས་སུ་འགྱུར་རོ། །དགྲ་བཅོམ་པར་འགྱུར་བ་མི་སྲིད་དེ་མཐོང་ལམ་གྱིས་སྒོམ་སྤངས་སྤོང་བ་དང་། མཐོང་ལམ་གྱི་སྔོན་དུ་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར་རོ། །འབྲས་བུ་གསུམ་པོ་གང་ལ་གནས་ཀྱང་འདྲ། དེའི་ཚེ་དབང་པོ་རཏལ་པོ་དད་པའི་རྗེས་འབྲང་དང་དབང་རྣོན་ཆོས་ཀྱི་རྗེས་འབྲང་བ་ཞེས་མི་བྱ་བར་དབང་རཏལ་ནི་དད་པས་མོས་པ། དབང་རྣོན་ལ་ནི་མཐོང་བས་ཐོབ་པ་ཞེས་བྱ་སྟེ། དད་པ་དང་ཤེས་རབ་ལྷག་པས་མོས་པ་དང་མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་ོ། །འོ་ན་འདོད་པའི་སྒོམ་སྤངས་ལྔ་སྤངས་པ་བཅུ་དྲུག་པ་ལ་གནས་པ་དེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པར་མི་འགྱུར་རམ་ཞེ་ན། འབྲས་བུ་ཐོབ་ནས་འབྲས་བུ་ཁྱད་པར་ཅན་གྱི་ལམ་མ་ཐོབ་པས་འབྲས་བུ་ལ་གནས་པ་ཇི་སྲིད་དུ་ཁྱད་པར་དུ་བྱ་བའི་ཕྱིར་འབྲས་བུ་གཞན་ཐོབ་པ་ལ་མི་བརྩོན་པ་དེ་སྲིད་དུ་ཞུགས་པ་མིན་ནོ། །གཉིས་པ་ལ་ཅིག་ཅར་བ་དང་རིམ་གྱིས་པ། དང་པོ་ཀུན་ལས་བཏུས་སུ། ཅིག་ཅར་ངེས་པར་འབྱིན་པ་ནི་གང་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་མི་ལྕོགས་པ་མེད་པ་ལ་བརྟེན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་རྣམ་པས་ཅིག་ཅར་སྤོང་བ་སྟེ། འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་པོ་དགྲ་བཅོམ་པའི་འབྲས་བུ་གཉིས་ལ་གདགས་སོ། །ཕལ་ཆེར་ནི་མཐོང་བའི་ཆོས་སམ་འཆི་བའི་དུས་ཀྱི་ཚེ་ཀུན་ཤེས་པ་ཐོབ་པར་བྱེད་དོ། །གལ་ཏེ་མི་བྱེད་ན་ཡང་དེ་སྨོན་ལམ་གྱི་སྟོབས་ཅན་ཡིན་ཏེ་སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་ཉིད་དུ་སྐྱེས་ཏེ་སངས་རྒྱས་འབྱུང་བ་མེད་པ་ན་རང་རྒྱལ་བར་འགྱུར་རོ་ཞེས་པའོ། །གཉིས་པ་ལ་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་དགྲ་བཅོམ་པ་བཞི་ལས། དང་པོའི་ཞུགས་པ་ནི་བཤད་ཟིན་ལ། འབྲས་བུ་ལ་གནས་པ་ནི་སྲིད་པ་ལན་བདུན་པ་དང་རིགས་ནས་རིགས་སྐྱེའོ། །ཇི་ལྟར་འདོད་པའི་ཁམས་ཀྱི་ཉོན་མོངས་པ་དགུ་པོ་བཞིན་དུ་སྲིད་པའི་རྩེ་མོའི་བར་དུ་ཡང་དགུ་ཡིན་ལ། ས་དང་ས་ན་དེའི་གཉེན་པོ་བར་ཆད་མེད་པའི་ལམ་དང་རྣམ་གྲོལ་ཞེས་བྱ་བ་ཡང་ཡོན་ཏན་རྣམ་པ་དགུ་དགུ་སྟེ། རྩ་བའི་ཆུང་འབྲིང་ཆེན་པོ། དེ་དག་རེ་རེ་ཡང་ཆུང་ངུ་འབྲིང་ཆེན་པོར་ཕྱེ་བས་སོ། །དེ་དག་ལས་ལམ་ཆུང་ངུའི་ཆུང་ངུས་ཉོན་མོངས་པ་ཆེན་པོའི་ཆེན་པོ་སྤོང་ལ། དེ་བཞིན་དུ་ལམ་ཆེན་པོའི་ཆེན་པོས་ཉོན་མོངས་པ་ཆུང་ངུའི་ཆུང་ངུའི་བར་སྤོང་སྟེ། དང་པོ་ཁོ་ནར་ལམ་ཆེན་པོ་མི་སྲིད་པའི་ཕྱིར་དང་། ལམ་ཆེན་པོ་སྐྱེས་པ་ལ་ཉོན་མོངས་པ་ཆེན་པོ་མི་སྲིད་པའི་ཕྱིར་རོ། །དེ་ཡང་རྒྱུན་ཞུགས་ཏེ་དེ་ལ་མྱ་ངན་ལས་འདས་པའི་མཚོར་འབབ་པའི་འཕགས་པའི་ལམ་གྱི་ཆུ་བོའི་རྒྱུན་དུ་ཞུགས་པས་སོ། །འབྲས་བུ་ལ་གནས་པ་ཚེ་དེ་ལ་སྒོམ་སྤངས་གཅིག་ཀྱང་མ་སྤངས་ན་ཚེ་བདུན་གྱི་བར་དུ་སྐྱེ་ལ། མཐར་མཐོང་ལམ་སྐྱེས་པའི་རྟེན་དང་འདྲ་བའི་རྟེན་ལ་དགྲ་བཅོམ་པ་ཐོབ་བོ། །ཐམས་ཅད་ཚེ་བདུན་པ་ནི་མ་ཡིན་གྱི་བུལ་ཤོས་ཡིན་པས་རེ་ལྟར་ཐོགས་ན་ལན་བདུན་པའོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ལྷ་དང་མི་བར་སྲིད་དེ་ཉེར་བརྒྱད་ཀྱི་བར་དུ་ལེན་ཡང་བདུན་ཚན་དུ་འདྲ་བའི་ཕྱིར་ལན་བདུན་པ་སྟེ་ཤིང་འདབ་མ་བདུན་པ་བཞིན་ནོ་ཟེར་རོ། །དེ་ཡང་བར་སྐབས་སུ་འཕགས་པའི་ལམ་མངོན་དུ་བྱེད་ཅིང་མྱ་ངན་མི་འདའ་བར་སྲིད་པ་ཐ་མའི་ཚེ་སངས་རྒྱས་འབྱུང་བ་མེད་ན་རང་རྒྱལ་དུའོ། །ཡོད་ན་དགྲ་བཅོམ་མོ། །གཉིས་པ་རིགས་ནས་རིགས་སྐྱེ་ནི། སྤངས་པ། མཐོང་ལམ་སྐྱེས་པའི་ཚེ་དེ་ལ་འདོད་ཁམས་ཀྱི་སྒོམ་སྤང་ཆེན་པོ་གསུམ་མམ། འབྲིང་པོའི་ཆེན་པོ་སྟེ་བཞི་སྤངས་པ་རྟོགས་པ། སྒོམ་ལམ་ཟག་མེད་ཀྱི་དབང་པོ་ཆུང་ངུའི་གསུམ་མམ། འབྲིང་གི་ཆུང་དུ་ཐོབ་པ། སྐྱེ་བ་འདོད་ཉོན་གསུམ་སྤངས་ན་གསུམ། བཞི་སྤངས་ན་གཉིས་ལེན་ནོ། །དེ་ཡང་མཐོང་ལམ་འདོད་ལྷའི་རྟེན་ལ་ཐོབ་ན་འདོད་ལྷའི་ནང་དུ་གསུམ་མམ་གཉིས་སྐྱེ་བ། ལྷའི་རིགས་ནས་རིགས་སྐྱེ། མིའི་རྟེན་ལས་ཡིན་ན་མིའི་ནང་དུ་གསུམ་མམ་གཉིས་ལེན་པ་མིའི་རིགས་ནས་རིགས་སྐྱེའོ། །གཉིས་པ་ལན་ཅིག་ཕྱིར་འོང་བ་ལ་ཞུགས་གནས་གཉིས་ལས། དང་པོ་འདོད་པའི་སྒོམ་སྤངས་གཅིག་ནས་ལྔའི་བར་དུ་སྤངས་པ་དང་། དྲུག་པ་སྤོང་བ་ལ་སྦྱོར་བ། གཉིས་པ་ནི་འདོད་ཉོན་དྲུག་པ་སྤངས་པ་ནི་ལན་ཅིག་ཕྱིར་འོང་སྟེ། ཚེ་དེ་ཉིད་ལ་མྱ་ངན་ལས་མི་འདའ་ཡི་ལྷ་དག་གི་ནང་དུ་སོང་ནས་མིའི་འཇིག་རྟེན་དུ་ལན་ཅིག་འོང་བས་སོ། །འབྲས་བུ་ལ་གནས་པ་དེ་ཉིད། སྤངས་པ་འདོད་ཉོན་བདུན་ནམ་བརྒྱད་སྤངས་པ། རྟོགས་པ་སྒོམ་ལམ་ཟག་མེད་ཀྱི་དབང་པོ་བདུན་ནམ་བརྒྱད་ཐོབ་པ། སྐྱེ་བ་གཅིག་བླངས་ནས་མྱང་འདས་སམ་ཕྱིར་མི་འོང་ཐོབ་པ་ཚེ་གཅིག་བར་ཆད་གཅིག་པ་སྟེ། མྱང་འདས་ལ་ཚེ་གཅིག་གིས་ཆོད་པའི་ཕྱིར་རམ། ཕྱིར་མི་ཡོང་བའི་འབྲས་བུ་ལ་བར་ཆད་གཅིག་གིས་ཆོད་པའི་ཕྱིར་རོ། །གསུམ་པ་ཕྱིར་མི་འོང་ལ་ཞུགས་འབྲས་གཉིས་ཀྱི་དང་པོ། ཉོན་མོངས་པ་རྣམ་པར་བདུན་ནམ་བརྒྱད་པ་སྤངས་པ་དང་། དགུ་པ་སྤོང་བ་ལ་སྦྱོར་བའོ། །སྔོན་འཇིག་རྟེན་པའི་ལམ་གྱིས་རྣམ་པ་གསུམ་མམ་བཞི་སྤངས་པ་དང་། བདུན་ནམ་བརྒྱད་པ་སྤངས་པ་འབྲས་བུ་ལ་གནས་པ་དེ་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་མ་བྱས་པ་དེ་སྲིད་དུ་རིགས་སྐྱེ་འམ་བར་ཆད་གཅིག་པ་མ་ཡིན་ནོ། །གཉིས་པ་ནི། འདོད་ཉོན་དགུ་སྤངས་པ་ཕྱིར་མི་འོང་སྟེ། ཐ་མའི་སྐལ་བ་ཅན་གྱི་ཆོས་རྣམ་པ་ལྔ་སྤངས་པས་སླར་འདོད་པའི་ཁམས་སུ་མི་འོང་བས་སོ། །རྣམ་པར་དབྱེ་ན་སྐྱེས་བུ་དམ་པའི་འགྲོ་བ་བདུན། ལུས་མངོན་བྱེད་དང་བརྒྱད་དོ། །སྐྱེས་བུ་དམ་པའི་འགྲོ་བ་བདུན་ནི། གཟུགས་ཀྱི་ཉོན་མོངས་པ་སྤངས་པའི་ཕྱིར་མི་འོང་ལྔ། གཟུགས་ཀྱི་ཉོན་མོངས་སྤངས་པ་དང་། མཐོང་ཆོས་ཞིའོ། །དང་པོ་ལ་ཡང་བར་མ་དོར་ཡོངས་སུ་འདའ་བ་དང་། སྐྱེས་ནས་མངོན་པར་འདུ་བྱེད་དང་བཅས་པར། འདུ་བྱེད་མེད་པར། གོང་དུ་འཕོ་བའོ། དབང་པོ་རྣོན་པོའི་ཉོན་མོངས་པ་ཆུང་ངུ་གཟུགས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་ལ་མངོན་པར་འགྲུབ་པའི་མ་སྤངས་པ་དེ་ཉིད་གཟུགས་ཀྱི་བར་དོ་མངོན་པར་གྲུབ་ནས་དེར་ཟག་མེད་ཀྱི་ལམ་བསྒོམས་ཏེ་དགྲ་བཅོམ་པ་ཐོབ་པར་བྱེད་པ། འདའ་བ་ལྷག་མ་གསུམ་རིམ་བཞིན། དབང་པོ་ལས་ཉོན་མོངས་པ་ཐམས་ཅད་འབྲིང་དུ་གྱུར་པ་གཟུགས་ཁམས་སུ་སྐྱེ་བ་གཅིག་བླངས་ནས་སྐྱེས་མ་ཐག་ལྷག་བཅས་སུ་ཡོངས་སུ་མྱ་ངན་ལས་འདས་པ་ཐོབ་པ། ཚེ་དཀྱིལ་ལ་འབད་རྩོལ་ལ་བརྟེན་ནས་ཐོབ་པ། ཚེ་མཇུག་ཏུ་འབད་མི་དགོས་པར་ཐོབ་པའོ། །གོང་དུ་འཕོ་བ་ལྷག་མཐོང་ཤས་ཆེར་སྤྱོད་པ་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དང་། ཞི་གནས་ཤས་ཆེར་སྤྱོད་པ་སྲིད་རྩེའི་མཐར་ཐུག་པར་འགྲོ་བ་གཉིས་ལས་དང་པོ་གང་དུ་སྐྱེས་པ་དེ་ཉིད་དུ་མྱ་ངན་ལས་མི་འདའ་བར་གོང་དུ་འགྲོ་བས་ན་གོང་འཕོ། དེ་ཡང་འདོད་པའི་རྟེན་ལ་ཕྱིར་མི་འོང་ཐོབ་པས་བསམ་གཏན་བཞི་པའི་སེམས་ལ་བརྟེན་ནས་མཉམ་བཞག་བདེན་པའི་རྣམ་པ་ཅན་ཟག་མེད་གཉིས་ཀྱི་བར་དུ་རྗེས་ཐོབ་ཟག་བཅས་འཇིག་རྟེན་པའི་རྣམ་པ་ཅན་དུ་སྤེལ་བ་ཆུང་ངུ་གསུམ་སྤེལ། བཞི་པ་གཉིས་སྤེལ་བ་འབྲིང་པོ་དྲུག་སྤེལ། དྲུག་པ་གསུམ་སྤེལ་བ་ཆེན་པོ་དགུ་སྤེལ། བརྒྱད་པ་བཞི་སྤེལ་བ་ཤིན་ཏུ་ཆེ་བ་བཅུ་གཉིས་སྤེལ། བཅུ་པ་ལྔ་སྤེལ་བ་ཆེས་ཆེར་ཆེ་བ་བཅོ་ལྔ་སྤེལ། དེ་ལས་མ་ཉམས་ན་གཙང་མ་རིས་ལྔར་རིམ་པ་བཞིན་སྐྱེ། ཉམས་ན་བསམ་གཏན་དང་པོའི་བར་དུ་འོངས་ཏེ། ཤི་ནས་བསམ་གཏན་དང་པོར་སྐྱེ། དེ་ནས་རིམ་གྱིས་འོག་མིན་དུ་འདའ་བ་སྟེ། དེ་ལ་རཏལ་རྣོ་འབྲིང་གསུམ་གྱིས་འཕར་བ། ཕྱེད་དུ་འཕར་བ། གནས་ཐམས་ཅད་དུ་འཆི་འཕོ་བ་གསུམ། དང་པོ་འདོད་པ་ནས་ཚངས་རིས་སུ་སྐྱེས་དེར་བཅོ་ལྔ་སྤེལ་བསྒོམས་ནས་འོག་མིན་དུ་སྐྱེས་ཏེ་དགྲ་བཅོམ་པ། གཉིས་པ་འདོད་པ་ནས་ཚངས་རིས། དེ་ནས་གཙང་མའི་གནས་གཅིག་གམ་གཉིས་སུ་སྐྱེས་ནས་དེ་ནས་འོག་མིན་དུ་ཐོབ་པ། གསུམ་པ་ནི་འདོད་པ་ནས་ཚངས་རིས་ཚངས་མདུན་སྐྱེ། ཚངས་ཆེན་ལྟ་བའི་གནས་ཡིན་པའི་ཕྱིར་དང་། གཙོ་བོ་གཅིག་ཏུ་ཟད་པས་མི་སྐྱེ། བསམ་གཏན་གྱི་གནས་གཞན་ཐམས་ཅད་དུ་སྐྱེས་ནས་འོག་མིན་དུ་དགྲ་བཅོམ་པ་ཐོབ་པའོ། །གཉིས་པ་ནི། གོང་དུ་འཕོ་བ་བསམ་གཏན་མ་སྤེལ་བར་ཞི་གནས་ཤས་ཆེར་བསྒོམས་ཤིང་སྙོམས་འཇུག་གི་རོ་མྱངས་པས་ཚངས་རིས་ནས་འབྲས་བུ་ཆེའི་བར་ཐམས་ཅད་དུ་སོང་ནས་གནས་གཙང་མ་བོར་ཏེ་གཟུགས་མེད་བཞིར་རིམ་གྱིས་སོང་སྟེ་མཐར་དགྲ་བཅོམ་པ་སྲིད་རྩེར་ཐོབ་པའོ། །གོང་དུ་འཕོ་བ་དེ་དག་བར་སྐབས་སུ་ཡང་མྱ་ངན་ལས་འདར་རུང་ངོ་། །དེ་དག་ཀྱང་བར་མ་དོ། སྐྱེས་ནས་གོང་འཕོ་གསུམ་དུ་བསྡུས། དང་པོ་ལ། དཔེ་གསུམ་གྱིས་མྱུར་བ། མྱུར་བ་མ་ཡིན་པ། ཡུན་རིང་མོ་ཞིག་ནས་འདའ་བ་གསུམ། བར་པ་ལ་སྐྱེས་ནས། དེར་མངོན་པར་འདུ་བྱེད་དང་བཅས་པ། འདུ་བྱེད་མེད་པར་ཏེ་གསུམ། གོང་དུ་འཕོ་བ་ནི་འཕར་སོགས་གསུམ་གྱིས་ཏེ་དགུ །ཡང་ན་གསུམ་གར་མྱུར་བ་མྱུར་བ་མ་ཡིན་པ། ཡུན་རིང་མོས་འདའ་བས་ཕྱེ་བ་དགུ །དེ་དག་ཀྱང་ལས་དང་ཉོན་མོངས། དབང་པོའི་བྱེ་བྲག་གིས་གཟུགས་སུ་ཉེར་འགྲོ་དགུར་བཞག་གོ །དྲུག་པ་གཟུགས་མེད་ཉེར་འགྲོ་སྟེ། ཕྱིར་མི་འོང་ཐོབ་པའི་རྟེན་དེ་ལ་གཟུགས་ལས་འདོད་ཆགས་དང་བྲལ་ཡང་གཟུགས་མེད་པ་ལས་མ་བྲལ་བས་གཟུགས་མེད་དུ་སྐྱེས་ནས་དགྲ་བཅོམ་ཐོབ་པར་བྱེད་པ་སྟེ། དེ་ཡང་གཟུགས་མེད་ལ་བར་དོ་མེད་པས་དེར་འདའ་བ་མེད་ཅིང་། གཞན་སྐྱེས་གནས་དང་། མངོན་པར་འདུ་བྱེད། འདུ་བྱེད་མེད་པ། སྲིད་རྩེའི་གོང་འཕོ་རྣམས་སོ། །དེ་དག་ནི་མཐོང་ལམ་ཐོབ་པའི་རྟེན་དེ་ལ་ཕྱིར་མི་འོང་ལས་གཞན་མི་ཐོབ་པའི་དབང་དུ་བྱས་པའོ། །བདུན་པ་ནི། མཐོང་ལམ་ཐོབ་པའི་རྟེན་དེ་ལས་ཕྱིར་མི་འོང་ཐོབ་ཅིང་ཁམས་གོང་མའི་ཉོན་མོངས་ཐམས་ཅད་ཀྱི་གཉེན་པོ་ཡང་ཚེ་དེ་གར་རྫོགས་ཏེ་མྱ་ངན་ལས་འདས་པ་ཐོབ་པའོ། །དེ་དག་ནི་ལས་དམ་པ་དགེ་བ་ཁོ་ན་ལ་འཇུག་ཅིང་དམ་མིན་མི་དགེ་བ་ལ་མི་འཇུག་པ་དང་། འགྲོ་བ་འདི་དག་ཏུ་སོན་པ་རྣམས་ལ་ཡང་ཕྱིར་འོང་བ་མེད་པས་དམ་པའི་འགྲོ་བ་ཞེས་བྱ་ལ། དེ་ཡང་གཟུགས་ཀྱི་ཉེར་འགྲོ་ཁོ་ནར་འདོད་པ་ནོངས་པ་སྟེ། སློབ་དཔོན་གྱིས་མཐོང་ཆོས་ཞི་བདུན་པར་འཇོག་པའི་དགོས་པ་མ་མཐོང་བར་ཟད་དོ། །དེ་དག་ལས་ཙམ་པོ་གཉིས་དང་བཞི་པའི་ཞུགས་པ་གཅིག་བསྣན་ནས་སློབ་པའི་དགེ་འདུན་བཅོ་བརྒྱད་ཀྱང་འབྱེད་དོ། །བརྒྱད་པ་ནི། མིའི་རྟེན་ལ་ཕྱིར་མི་འོང་ཐོབ་ནས་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་རྫོགས་པར་བྱས་ནས། དེ་ནས་འགོག་པའི་སྙོམས་འཇུག་ཐོབ་པར་བྱས་ཏེ་འདའ་བ་ལ་འདོད་པར་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ཡིན་ན་ཚེ་དེ་ཉིད་ལ་འདའ་སྟེ་ཁམས་གོང་དུ་མི་འགྲོ །འདོད་པར་ཡང་མི་སྐྱེ། ཚེ་ཡོངས་སུ་གྱུར་པའི་དབང་པོ་རཏལ་ན་ཉམས་སྲིད་པས་ཕྱི་མ་ལ་གཟུགས་ཁམས་སུ་སྐྱེས་ཏེ་འགོག་པ་ལ་སྙོམས་པར་ཞུགས་ནས་མྱ་ངན་ལས་འདས་པ་དང་འདྲ་བའི་ཆོས་ལུས་ཀྱིས་མངོན་སུམ་དུ་བྱེད་པའི་ཕྱིར་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་ཏེ་སེམས་མེད་པས་ལུས་ལ་བརྟེན་ཏེ་སྐྱེ་བའི་ཕྱིར་རོ། །དེའི་ཚུལ་ཡང་དེ་འགོག་པ་དེ་ལས་ལངས་ནས་གང་ལས་དེ་འདི་སྙམ་དུ། ཀྱེ་མ་འགོག་པའི་སྙོམས་པར་འཇུག་པ་ནི་མྱ་ངན་ལས་འདས་པ་དང་འདྲ་བར་ཞི་བ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་བ་རྣམ་པར་ཤེས་པ་དང་བཅས་པའི་ལུས་ཞི་བ་སྔོན་མ་ཐོབ་པ་ཐོབ་པར་འགྱུར་ཏེ། དེ་ལྟར་འདིས་དེའི་ཞི་བ་ཉིད་ལུས་ཀྱིས་མངོན་དུ་བྱས་པ་ཡིན་ནོ། །དེ་དག་ཕྱིར་མི་འོང་གི་དབྱེ་བ་རགས་རིམ་ཏེ་རྒྱས་པར་ཁྲི་ཉིས་སྟོང་དགུ་བརྒྱ་དགུ་བཅུ་རྩ་དྲུག བཞི་པ་དགྲ་བཅོམ་ལ་ཞུགས་གནས་གཉིས་ལས། དང་པོ་ནི། ཕྱིར་མི་འོང་དེ་བསམ་གཏན་དང་པོའི་ཉོན་མོངས་གཅིག་སྤངས་ནས། སྲིད་རྩེའི་ཉོན་མོངས་བརྒྱད་སྤངས་བའི་བར་དང་། དགུ་པ་སྤོང་བའི་བར་ཆད་མེད་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པ་ཡང་དགྲ་བཅོམ་ཞུགས་པའོ། །གཉིས་པ་འབྲས་གནས་ནི། ཉོན་མོངས་པ་དགུ་པ་དེ་ཟད་པ་ཐོབ་པ་དང་། ལྷན་ཅིག་ཏུ་ཟད་པ་ཤེས་པ་རྣམ་གྲོལ་གྱི་ལམ་དེ་ཐོབ་པ་ན་འབྲས་བུ་གཞན་གྱི་ཕྱིར་བསླབ་པར་བྱ་བ་མེད་པས་མི་སློབ་པ། ལྷ་དང་མི་ལ་སོགས་པ་ཀུན་གྱིས་མཆོད་པར་འོས་པས་སམ་ཉོན་མོངས་པའི་དགྲ་བཅོམ་པས་ན་དགྲ་བཅོམ་པ་ཞེས་བྱའོ། །དེ་ཡང་དད་པས་མོས་པ་རྣམས་ཀྱིས་འབྲས་བུ་དེ་ཐོབ་པའི་ཚེ། དུས་ཀྱི་རྣམ་པར་གྲོལ་བ་ཞེས་གདགས་ཏེ། དུས་དང་ཡོ་བྱད་ལ་སོགས་པ་དང་ལྡན་ན་ཉོན་མོངས་པ་ལས་གྲོལ་ཞིང་འབྲས་བུ་འཐོབ་ཀྱི། མ་ལྡན་ན་ཐར་པ་ཐོབ་མི་ནུས་པའི་ཕྱིར་རོ། །མཐོང་བས་ཐོབ་པ་དག་འབྲས་བུ་དེ་ལ་གནས་པའི་ཚེ་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཞེས་གདགས་ཏེ། དུས་དང་ཡོ་བྱད་ལ་ལྟོས་མི་དགོས་པར་ཉོན་མོངས་པ་སྤོང་བར་ནུས་པས་སོ། །ཡང་ན་ཉམས་པ་སྲིད་མི་སྲིད་ཀྱི་སྒོ་ནས་དུས་གཞན་དང་གཏན་དུ་རྣམ་པར་གྲོལ་བའི་ཕྱིར་རོ། །དེའི་དང་པོ་ལ་ཉམས་པའི་ཆོས་ཅན། འཆི་བར་སེམས་པའི། རྗེས་སུ་བསྲུང་བའི། གནས་པ་ལས་མི་བསྐྱོད་པའི། རྟོགས་པའི་ཆོས་ཅན་ལྔ། ཕྱི་མ་ནི་མི་གཡོ་བའི་ཆོས་ཅན་ཏེ་དགྲ་བཅོམ་དྲུག་གོ །དེ་ལྟར་རྣམ་པ་དྲུག་གིས་སློབ་པ་ཡང་དབྱེར་རུང་སྟེ་དགྲ་བཅོམ་པ་དེ་དག་དེ་རྣམས་སྔོན་དུ་འགྲོ་བ་ཡིན་པས་སོ། །ཡང་ན་འགོག་པའི་སྙོམས་འཇུག་མ་བསྒྲུབ་པར་ཤེས་རབ་ཀྱིས་ཟག་པ་ཉི་ཚེ་ལས་གྲོལ་བར་བྱས་པས་ཤེས་རབ་རྐྱང་པའི་རྣམ་གྲོལ་དང་། ཉོན་སྒྲིབ་དང་སྙོམས་འཇུག་གི་སྒྲིབ་པ་གཉིས་ཀ་ལས་གྲོལ་བས་ན་གཉིས་ཀའི་ཆ་ལས་རྣམ་གྲོལ་ལམ། ཡང་ན་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་གཉིས་སོ། །གང་ཟག་བརྒྱད་པོ་ཐམས་ཅད་ལ་རིགས་ལ་སོགས་པས་རྣམ་པར་ཕྱེ་ན་རེ་རེའང་འབུམ་བཞི་ཁྲི་བདུན་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་ལྔར་འགྱུར་རོ། །རང་སངས་རྒྱས་བསྐལ་པ་བརྒྱའི་བར་དུ་ཚོགས་བསགས་པ་དབང་པོ་རྣོན་པོ་ཕལ་དང་མི་འདེ་བར་བསེ་རུ་དང་འདྲ་བར་གཅིག་པུར་བཞུགས་པས་ན་རང་སངས་རྒྱས་བསེ་རུ་ལྟ་བུ་ཞེས་བྱ་བ་དང་། རང་སངས་རྒྱས་ཕལ་དང་ཐབས་ཅིག་ཏུ་གཤེགས་ཤིང་བཞུགས་པ་དང་སྤྱོད་པ་ན། ཚོགས་དང་སྤྱོད་པ་སྟེ་རྣམ་པ་གསུམ་མོ།། །། གསུམ་པ་ངེས་འབྱེད་ཡན་ལག་བཤད་པ་ལ། ཁྱད་པར་ཅན་གྱི་སྦྱོར་ལམ་བཞི། བཅུ་གཉིས་སུ་འབྱེད། དེ་དག་གི་རྣམ་དམིགས་རྒྱུའི་ཁྱད་པར་རྟོག་པ་མཚུངས་ལྡན་ཡོངས་འཛིན་གྱི་ཁྱད་པར་དུ་གྱུར་པའི་ཚུལ་གསུམ་ལས། དང་པོ་ནི། བསོད་ནམས་ཚོགས་ནི་ཡང་དག་རྫོགས། །དེ་ནས་བློ་ལྡན་བསམ་པ་བརྟན། །དད་སོགས་དགེ་བའི་ཆོས་རྣམས་ཀྱིས། །རྒྱུད་ནི་ཡོངས་སུ་བསྒོས་གྱུར་པ། བསྐལ་པ་གྲངས་མེད་ངེས་འབྱུང་བས། །ཡེ་ཤེས་ཚོགས་ནི་བསྒྲུབ་བྱའི་ཕྱིར། །མངོན་ཤེས་གདམས་ངག་བསྟན་པ་ཡི། །སྤྱོད་པའི་ས་ལ་རབ་ཏུ་འཇུག །ཅེས་པ་བཞིན་ཚོགས་ལམ་དད་པའི་ས་ཆོས་ཀྱི་རྒྱུན་ལ་གདམས་ངག་རྒྱ་ཆེན་པོ་རྙེད་པ་ལྟར་ཆོས་རྣམ་པར་འབྱེད་པར་བྱས་ཤིང་མཉམ་པར་བཞག་པའི་སེམས་ཀྱིས་ཆོས་ཐམས་ཅད་བདག་མེད་པར་སྒོམ་པ་ན། གང་གི་ཚེ་རིམ་གྱིས་དོན་ཐ་དད་པར་གྱུར་པའི་མངོན་པར་ཞེན་པ་མེད་པའི་ཕྱིར་ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་གསལ་བས་ཆོས་ཐམས་ཅད་ཡིད་ཀྱི་བརྗོད་པ་ཙམ་དུ་མཐོང་བ་ནི་དྲོད་དེ་རྣམ་པར་མི་རྟོག་པའི་ཚོགས་ཡེ་ཤེས་ཀྱི་མེའི་སྔ་ལྟས་ཡིན་པའི་ཕྱིར་རོ། །ཆོས་ལ་ངེས་པར་རྟོག་པའི་བཟོད་པ་དང་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱའོ། །མདོ་སྡེ་རྒྱན་དུ། བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པར། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཞེས་སོ། །དེ་ནས་ཆོས་ཀྱི་སྣང་བ་དེ་ཉིད་འཕེལ་བར་བྱ་བའི་ཕྱིར་བདག་མེད་པར་བསྒོམ་པ་ལ་བརྩོན་འགྲུས་རྩོམ་པའི་ཡེ་ཤེས་ཀྱི་སྣང་བ་འབྲིང་ཙམ་དུ་གསལ་བར་གྱུར་པ་རྩེ་མོ་སྟེ་དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར་རོ། །སྣང་བ་མཆེད་པའི་ཏིང་ངེ་འཛིན་ནོ། །ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་ཀུན་ཏུ་རྩོམ། །ཞེས་སོ། །དེ་ནས་སེམས་ཙམ་དུ་གནས་པས་ཕྱིའི་དོན་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་ཤིན་ཏུ་གསལ་བར་ཤེས་པའི་སྣང་བ་སྐྱེས་པ་བཟོད་པ་སྟེ། ངན་འགྲོ་མེད་པས་ཆོས་ཆེན་པོ་ལ་བཟོད་པའི་ཕྱིར་རོ། །དེའི་ཚེ་དོན་དུ་སྣང་བ་ཐམས་ཅད་ནི་སེམས་ཁོ་ནར་ཟད་ཀྱི། དོན་སེམས་ལས་གཞན་པ་ནི་མ་ཡིན་ནོ་ཞེས་བྱ་བར་མཐོང་སྟེ། དེས་གཟུང་བའི་རྣམ་པར་གཡེང་བ་ནི་སྤངས། འཛིན་པའི་རྣམ་པར་གཡེང་བ་འབའ་ཞིག་ལུས་པས་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱའོ། །དེ་ཡང་། ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་རྣམ་པར་གནས། །དེ་ནས་དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་མཐོང་བར་འགྱུར། །དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤངས་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །ཞེས་སོ། །དེ་ནས་གང་གི་ཚེ་དོན་ལ་འཛིན་པར་བྱེད་པའི་རྣམ་པར་གཡེང་བར་སྣང་བ་མེད་པའི་ཡེ་ཤེས་ཀྱི་སྣང་བ་རྫོགས་པར་གྱུར་པ་ཆོས་མཆོག་སྟེ་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རམ། འཇིག་རྟེན་པའང་ཡིན་ལ་ཟག་པ་མེད་པའི་ཆོས་རྣམས་ཐོབ་པར་བྱེད་པའི་མཆོག་ཀྱང་ཡིན་པས་སོ། །དེ་ཡང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེ་མ་ཐག་ཏུ་ཐོབ་པར་འགྱུར་བའི་སྐབས་དེ་ན་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱའོ། །དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །ཅེས་སོ། །གནས་སྐབས་འདི་དག་ཐམས་ཅད་ནི་ལྷག་པར་མོས་པ་བརྟན་པ་ཡིན་པས་མོས་པས་སྤྱོད་པའི་ས་ཞེས་བྱ་བར་བཤད་དོ། །འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སོ་སོ་སྐྱེ་བོ་ཡིན་ན་ཡང་། བྱིས་པའི་རྒུད་པ་ཐམས་ཅད་ལས་ཡང་དག་པར་འདས་ཤིང་ཏིང་ངེ་འཛིན་དང་གཟུངས་དང་རྣམ་པར་ཐར་པ་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྲངས་མེད་པ་དང་ལྡན་པ་ཡིན་ནོ་ཞེས་དཀོན་མཆོག་སྤྲིན་ལས་གསུངས་སོ། །རྣམ་པར་མི་རྟོག་པས་གདོན་མི་ཟ་བར་རྟོགས་པ་ནི་ངེས་པར་འབྱེད་པ་སྟེ་མཐོང་ལམ། དེའི་ཕྱོགས་གཅིག་ལ་སྐྱེད་པར་བྱེད་པ་ཉིད་ཀྱིས་ཕན་པའི་ཕྱིར་མཐུན་པ་ནི་ངེས་འབྱེད་ཆ་མཐུན་ནོ། །དེ་དག་ཀྱང་མི་རྟག་པ་ལ་སོགས་པའི་མཚན་ཉིད་ཀྱིས་དངོས་པོ་ལ་དམིགས་པ་དང་། ཆོས་སུ་གཏོགས་པའི་གཉེན་པོའི་ཕྱོགས་སུ་གྱུར་པ་ཉིད་ཀྱིས་ནི་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པ་དང་། ཐེག་པ་གསུམ་རྟོགས་པའི་རྒྱུ་ཉིད་དང་། དགེ་བའི་བཤེས་གཉེན་དང་ཐབས་ལ་མཁས་པའི་མཚན་ཉིད་ཀྱིས་ཡོངས་སུ་འཛིན་པ་དང་བཅས་པ་ཡིས་བྱང་ཆུབ་སེམས་དཔའ་སྐྱོབ་པ་སངས་རྒྱས་སུ་ཆས་པ་ཡི་དྲོད་སོགས་བཞིའི་བདག་ཉིད་ཀྱིས་སྦྱོར་ལམ་ཁྱད་དུ་འཕགས་ཤིང་། གཞན་ཡང་གྲངས་ཇི་ལྟ་བ་བཞིན་དུ་གཟུང་བའི་རྣམ་པར་རྟོག་པ་གཉིས་དང་། འཛིན་པའི་རྣམ་པར་རྟོག་པ་གཉིས་ཏེ། དེ་ལྟར་འོག་ནས་འཆད་པའི་རྩེ་མོའི་མངོན་པར་རྟོགས་པས་བསྡུས་པ་མཐོང་སྒོམ་ལམ་གྱིས་སྤངས་བ་བྱ་བའི་རྣམ་པར་རྟོག་པ་བཞི་པོ་རྣམས་དང་མཚུངས་པར་ལྡན་ལ། ཇི་སྐད་བཤད་པའི་ལྡན་པ་ལ་བརྟེན་པ་དེ་དག་བཅུ་གཉིས་ཏེ། གང་ཞེ་ན། དྲོད་ཆུང་དང་འབྲིང་དང་ཆེན་པོ། དེ་བཞིན་རྩེ་མོ། བཟོད་པ། ཆོས་མཆོག་རྣམས་ལའོ། །འདིས་ཀྱང་ཉན་ཐོས་བསེ་རུ་ལྟ་བུ་དང་། བཅས་པ་དག་གི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་དག་ནི་བདེན་པ་བཞིའི་གཟུགས་སུ་རུང་བ་ལ་སོགས་པ་ལ་དམིགས་པ་དང་། བདག་ལྟའི་གཉེན་པོ་མི་རྟག་པ་སོགས་ཀྱི་རྣམ་པར་ཞུགས་པ་དང་། རང་གི་ཐེག་པ་ཁོ་ན་ཐོབ་པའི་རྒྱུར་གྱུར་པ་དང་། ཡོངས་སུ་འཛིན་པ་དང་བྲལ་བ་དང་། རྣམ་པར་རྟོག་པ་བཞི་པོ་རང་གི་བྱང་ཆུབ་ཀྱི་གེགས་སུ་གྱུར་པ་མ་ཡིན་པས་ན་གང་གི་ཕྱིར་དེ་དང་འདྲེས་པ་གྱུར་ཀྱང་མ་འདྲེས་པར་སྐྱེས་པ་ཡིན་ནོ་ཞེས་རྣམ་པར་གཞག་གོ །གཞན་ཡང་བྱང་སེམས་ཀྱི་དེ་དག་འཚང་རྒྱ་བའི་རྒྱུ་ལ་མཁས་པའི་སྟོབས་ཀྱིས་བཟོད་པ་འབྲིང་དུ་རྣམ་དག་གི་རྒྱུའི་སྒོ་ནས། ཆོས་མཆོག་ཆུང་ངུར་ཏིང་འཛིན་གྱི་འབྲས་བུའི་སྒོ་ནས་བཟོད་པ་ཆུང་ངུར་ངོ་བོའི་སྒོ་ནས། གཞན་རྣམས་ལ་ནི་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་བདེན་བཞི་ལ་དམིགས་པ་ཡིན་ནོ། །འདིར་འགྲེལ་པར། གང་གི་ཕྱིར་འདི་ནི་རྣམ་པར་གཞག་པ་གཞན་ཁོ་ན་ཡིན་ཏེ། དེའི་ཕྱིར་ཐེག་པ་གཞན་ལ་བསྟན་ནས་ནི་གང་དུ་ཡང་སུན་འབྱིན་པར་བརྗོད་པར་མི་བྱའོ། །ཞེས་གསུངས་ཏེ། ཐེག་པ་ཆེན་པོའི་ལུགས་རྣམ་པར་གཞག་པ་ལ། ཐེག་པ་དམན་པའི་ལུང་རིགས་དང་མི་མཐུན་ནོ་སྙམ་བསྙོན་པར་མི་བྱ་སྟེ། དེ་གཉིས་རྣམ་པར་གཞག་པ་ཐ་དད་པས་སོ་ཞེས་དགོངས་པ་སྟེ། དེང་སང་ནི་དེ་འདྲ་བ་མང་ངོ་། །དེ་བས་ན་འདིར་འགྲེལ་བྱེད་རྣམས་ཀྱི་ཐེག་ཆེན་བཀར་བསྒྲུབ་པ་བསྟན་ལ། དེ་ཡང་། སྔར་ལུང་མ་བསྟན་ལྷན་ཅིག་བྱུང་། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང་། །ཡོད་དང་མེད་ན་ཡོད་མེད་དང་། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །ཞེས་གསུངས་པའོ། །དེ་ལས་སྔར་ལུང་མ་བསྟན་ཞེས་པ། གལ་ཏེ་འདི་དམ་པའི་ཆོས་ཀྱི་བར་ཆད་བྱེད་པར་ཕྱིས་འགའ་ཞིག་གིས་བྱས་པ་ཡིན་ན། ཅིའི་ཕྱིར་མ་འོངས་པའི་འཇིགས་པ་བཞིན་དུ་སྔ་ནས་ལུང་མ་བསྟན། ལྷན་ཅིག་བྱུང་། ཐེག་པ་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་དང་དུས་མཉམ་པ་ཉིད་དུ་བྱུང་བར་དམིགས་ཀྱིས། ཕྱིས་ནི་མ་ཡིན་ན། ཇི་ལྟར་འདི་སངས་རྒྱས་ཀྱི་བཀའ་མ་ཡིན་སྙམ་དུ་ཤེས། སྤྱོད་ཡུལ་མ་ཡིན། དེ་ལྟར་ཟབ་ཅིང་རྒྱ་ཆེ་བའི་ཆོས་འདི་ནི་རྟོག་གེ་བ་རྣམས་ཀྱིས་སྤྱོད་ཡུལ་མ་ཡིན་ཏེ། མུ་སྟེགས་རྣམས་ཀྱི་བསྟན་བཅོས་ལ་དེ་ལྟ་བུ་མི་དམིགས་པའི་ཕྱིར་རོ། །བརྗོད་དུ་ཟིན་ཀྱང་དེ་ལ་མ་མོས་པའི་ཕྱིར་འདི་གཞན་དག་གིས་བཤད་དོ་ཞེས་བྱར་ཡང་མི་རུང་ངོ་། །གྲུབ་པ་དང་། འོན་ཏེ་གཞན་ཞིག་གིས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་དོ་ཞེ་ན་འདི་སངས་རྒྱས་ཀྱི་བཀའ་ཡིན་པ་ཉིད་དུ་གྲུབ་སྟེ། གང་ཞིག་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་སྐད་འཆད་པ་དེ་ཉིད་སངས་རྒྱས་ཡིན་ནོ། །ཡོད་དང་མེད་ན་ཡོད་མེད་དང་། །གལ་ཏེ་ཐེག་པ་ཆེན་པོ་ཅུང་ཟད་ཅིག་ཡོད་ན་ནི་དེ་ཡོད་དང་འདི་སངས་རྒྱས་ཀྱི་བཀའ་ཡིན་པར་གྲུབ་སྟེ། འདི་ལས་གཞན་པའི་ཐེག་པ་ཆེན་པོ་མེད་པའི་ཕྱིར་རོ། །འོན་ཏེ་མེད་ན་ནི་དེ་མེད་དང་། ཉན་ཐོས་ཀྱི་ཐེག་པ་ཡང་མེད་པས་ཉན་ཐོས་ཀྱི་ཐེག་པ་ནི་སངས་རྒྱས་ཀྱི་བཀའ་ཡིན་གྱི་ཐེག་པ་ཆེན་པོ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ཡང་མི་རུང་སྟེ། སངས་རྒྱས་ཀྱི་ཐེག་པ་མེད་པར་སངས་རྒྱས་མི་འབྱུང་བའི་ཕྱིར་རོ། །གཉེན་པོ་དང་ནི། ཐེག་པ་ཆེན་པོ་སྒོམ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཉིད་ཀྱིས་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་འགྱུར་ཏེ། དེ་ལྟ་བས་ན་སངས་རྒྱས་ཀྱི་བཀའ་ཡིན་ནོ། །སྒྲ་གཞན་ཕྱིར། འདི་ནི་སྒྲ་ཇི་བཞིན་གྱི་དོན་མ་ཡིན་ནོ། །དེ་ལྟ་བས་ན་སྒྲ་ཇི་བཞིན་གྱི་དོན་གྱི་རྗེས་སུ་འབྲངས་ནས་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་པར་རིག་པར་མི་བྱའོ། །གཉིས་པ་ནི། བཅུ་གཉིས་ལས། དང་པོ་དྲོད་ཆུང་ངུའི་དམིགས་པ་ནི་མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་སྡུག་བསྔལ་ལ་སོགས་པའི་འཕགས་པའི་བདེན་པའི་བརྟེན་ཅན་ལ་དམིགས་པའོ། །དྲོད་ཆུང་ངུ་དེ་ཡི་ནི་རྣམ་པ། སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་མངོན་པར་ཞེན་པ་དང་། དམིགས་པ་ལ་སོགས་པ་འགོག་པ་ཡིན་ནོ། །ཉན་རང་གི་སྡུག་བདེན་སོགས་རང་མཚན་དམིགས་པ་དེ་ལ་བདག་ཏུ་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར། དེའི་རྣམ་པ་མི་རྟག་པ་སོགས་ཀྱིས་དམིགས་ལ། དེའི་རྣམ་པ་དེ་ཀ་ཆོས་སུ་ལྟ་བ་ཡིན་ནོ། །འདིར་ནི་སྡུག་བདེན་གྱི་མི་རྟག་པ་སོགས་དེའི་ཆོས་ལ་དམིགས་ལ། དེའི་རྣམ་པ་ཆོས་སུ་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར་མངོན་པར་ཞེན་པ་མེད་པ་ལ་སོགས་པའོ། །དེ་བས་ན་འདིར་ཆོས་སུ་མངོན་པར་ཞེན་པ་སོགས་མི་མཐུན་ཕྱོགས། ཆོས་སུ་མངོན་པར་ཞེན་པ་མེད་པ་སོགས་གཉེན་པོ། མི་བདེན་པའི་རྟོག་པས་ཀུན་ནས་བསླངས་པའི་ཡོད་པ་དང་མེད་པར་འཛིན་པས་སྔ་མར་འགྱུར་ལ། དེ་ཁོ་ན་ཉིད་དུ་དེ་དག་མེད་དོ་ཞེས་ཤེས་པར་གྱུར་པས་ཕྱི་མའོ། །མངོན་པར་ཞེན་པ་མེད་པ་ཞེས་བྱ་བ་ཡང་གཉེན་པོ་དགག་པ་ཙམ་སྟེ། ཞེན་པའི་དངོས་པོ་མེད་པ་ཞིག་གི་ཞེན་པ་ལས་ལོག་པའི་དངོས་པོ་ཞིག་ལ་མི་འཛིན་ཏོ། །ཉན་རང་རང་གི་ཙམ་ལས་མ་ཡིན་ལ། འདི་ནི་ཐེག་པ་གསུམ་ཆར་གྱི་རྟོགས་པ་ཐོབ་པའི་རྒྱུའོ། །རྒྱུ་ནི་ལྷག་མ་བཅུ་གཉིས་ལ་ཡང་དེ་སྐད་ཡིན་ནོ། །དྲོད་འབྲིང་གི་དམིགས་པ། འདི་དག་ཐམས་ཅད་མིང་ཙམ་སྟེ། །འདུ་ཤེས་ཙམ་ལ་རབ་ཏུ་གནས། །རྗོད་པར་བྱེད་པ་མ་གཏོགས་པ། །བརྗོད་པར་བྱ་བ་བརྟག་མི་བྱ། །ཞེས་བྱ་བའི་ཚུལ་གྱིས་དེ་ཁོ་ན་ཉིད་དུ་བརྗོད་པ་ཙམ་དུ་ཡོད་པའི་གཟུགས་སོགས་བསྒྲུབ་པ་ནི་འདུ་བ། དགག་པ་ནི་འགོད་པའོ། །བསྒྲུབ་དང་དགག་པ་མ་གཏོགས་པ། །སྒྲ་ལས་བྱུང་བའི་ཐ་སྙད་གཞན། །ཡོད་མིན་ཞེས་པས་མི་དམིགས་ཤིང་མ་མཐོང་བའོ། །དེའི་རྣམ་པ་ནི་མིང་དེ་ཡང་རྒྱུན་གྱི་ཚུལ་གྱིས་གནས་པ་ཡང་མ་ལགས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ནི་བཀག་མེད་གསལ། །ཡུལ་མེད་པ་ལ་དགག་པ་ནི། །སྦྱོར་བ་ལེགས་པ་ཡོད་མ་ཡིན། །རྣམ་པར་རྟོག་ལ་བརྟེན་ན་ཡང་། །ཀུན་རྫོབ་པར་འགྱུར་ཡང་དག་མིན། །ཞེས་བྱ་བའི་ཚུལ་གྱིས་མི་གནས་པ་ཡང་མ་ལགས་པ་དང་། རྒྱུན་མི་འདྲ་བ་ཉིད་ཀྱིས་ནི་གནས་པ་དང་བྲལ་བ་ཡང་མ་ལགས་པ་དང་། དེ་ཁོ་ན་བཞིན་དུ་གནས་པ་དང་བྲལ་བ་མ་ལགས་པ་ཡང་མ་ལགས་པ་དང་། དྲོད་ཆེན་མོའི་དམིགས་པ་ནི། གཟུགས་ནས་སངས་རྒྱས་ཞེས་བྱ་བའི་བར་གྱི་ཆོས་ཐམས་ཅད་བཏགས་པ་ཙམ་དུ་དང་། རྣམ་པ་དེ་ནི་དགེ་བ་ལ་སོགས་པ་ཉིད་ཀྱིས་ཆོས་གང་ཡང་བརྗོད་དུ་མེད་པའོ་ཞེས་པས་སོ། །འདི་གསུམ་བར་ཆད་མེད་ན་མཐོང་བའི་ལམ་ཆེས་ཉེ་བ་ཡིན་པས་ཐར་པ་ཆ་མཐུན་ལས་ཁྱད་པར་འཕགས་སོ། རྩེ་མོ་ཆུང་ངུའི་དམིགས་པ་ནི། དེ་ཁོ་ན་ཉིད་དུ་མེད་པ་ཉིད་ཀྱིས་གཟུགས་ལ་སོགས་པ་དེ་ལ་དངོས་པོར་དམིགས་པའི་ཚུལ་གྱིས་མི་གནས་ཏེ། གཟུགས་ལ་སོགས་པ་དེ་དག་ནི། གཟུགས་སོགས་དེ་ཡི་ངོ་བོར་རང་བཞིན་མེད་པས་སོ། །གཟུགས་སུ་རུང་བ་ནི་གཟུགས་ཀྱི་མཚན་ཉིད། དེ་དུ་མ་སྤུངས་པས་གཟུགས་ཀྱི་ཕུང་པོ། དེ་བཞིན་ཉམས་སུ་མྱོང་བ་ཚོར་བའི། མཚན་མར་འཛིན་པ་འདུ་ཤེས། སེམས་མངོན་པར་འདུ་བྱེད་པ་འདུ་བྱེད། རྣམ་པར་རིག་པ་རྣམ་ཤེས་ཀྱིས་སོ། །གོ་རིམ་ནི། རིམ་ནི་རགས་དང་ཀུན་ཉོན་མོངས། །སྣོད་སོགས་དོན་ཁམས་ཇི་བཞིན་ནོ། །ཞེས་སོ། །གཟུགས་ལ་ཀུན་བརྟགས་པའི་གཟུགས། རྣམ་པར་བརྟགས་པའི་གཟུགས། ཆོས་ཉིད་ཀྱི་གཟུགས་སོ། །དང་པོ་ནི། གཟུང་བ་དང་འཛིན་པའི་ཚུལ་གྱི་བརྟགས་པའོ། །གཉིས་པ་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡིན་པས་ཤེས་པ་ཉིད་དེར་སྣང་བ་ལ་དེ་ལྟར་རྣམ་པར་བརྟགས་པའོ། །གསུམ་པ་ནི། དེ་ཁོ་ན་ཉིད་དུ་གཟུགས་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཡོངས་སུ་གྲུབ་པའོ། །ལྷག་མ་བཞི་ཡང་དེ་བཞིན་ཤེས་པར་བྱའོ། །དོན་དམ་པར་གཟུགས་ལ་སོགས་པའི་ཆོས་དེ་དང་སྟོང་པ་ཉིད་དག་ནི་ཕན་ཚུན་ངོ་བོ་གཅིག་གི་རང་བཞིན་དུ་གཅིག་ཡིན་པ་དེས་ནང་སྟོང་པ་ཉིད་དེ་ལ་མི་རྟག་པ་ལ་སོགས་པ་མེད་པ་ཉིད་ཀྱིས་ན་གཟུགས་ལ་སོགས་པ་དེ་དག་མི་རྟག་པའམ་རྟག་པ་ལ་སོགས་པའི་རྣམ་པས་གནས་པར་མི་བྱ་བས་མི་གནས་པའོ། །རྩེ་མོ་འབྲིང་གི་དམིགས་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་མི་རྟག་པ་ལ་སོགས་པ་དེ་དང་རྣམ་པ་ཐམས་ཅད་མཁྱེན་པའི་སྟོང་པ་ཉིད་རྣམས་ནི་དེ་དང་དེ་ཡི་ངོ་བོས་སྟོང་པའི་ཕྱིར་དེ་དག་ཕན་ཚུན་བདག་ཉིད་གཅིག་གི་རང་བཞིན་དུ་གཅིག་པས་སོ། །དེའི་རྣམ་པ་ནི། ཆོས་ཉིད་ཀྱི་སྒོ་ནས་གཟུགས་ལ་སོགས་པའི་ཆོས་རྣམས་ལ་བདག་གིར་མི་འཛིན་པ་གང་ཡིན་པ་དང་། རྩེ་མོ་ཆེན་པོའི་དམིགས་པ་ནི། ངོ་བོ་ཉིད་མེད་པ་ཉིད་ཀྱིས་གཟུགས་ལ་སོགས་པ་དེ་དག་ལ་སྔོན་པོ་ལ་སོགས་པའི་མཚན་མར་མི་མཐོང་པའི་ཕྱིར་དང་། དེའི་རྣམ་པ་ནི། ཆོས་ཡང་དག་པར་རབ་ཏུ་འབྱེད་པའི་ཤེས་རབ་ཀྱིས་ནི་ཡོངས་སུ་རྟོགས་པ་དེས་དངོས་པོ་ཐམས་ཅད་དམིགས་སུ་མེད་པར་རོ། །བཟོད་པ་ཆུང་ངུའི་དམིགས་པ་ནི། མཚན་ཉིད་ཀྱི་ངོ་བོ་ཉིད་དང་། རང་བཞིན་གྱི་མཚན་ཉིད་དག་སྟོང་པ་ཉིད་དུ་གཅིག་པས་གཟུགས་ལ་སོགས་པ་ངོ་བོ་ཉིད་མེད་པ་ཉིད་དོ། །མཚན་ཉིད་ནི་སྤྱི་ཡིན་ལ། རང་བཞིན་ནི་ཁྱད་པར་གཞན་ནོ། །དེའི་རྣམ་པ་ནི་དོན་དམ་པར་དེ་ལྟར་ཟད་ཀྱང་ཀུན་རྫོབ་སྐྱེ་བོ་དམིགས་པ་ཅན་གྱི་ངོར་གཟུགས་ལ་སོགས་པ་དེ་དངོས་པོ་མེད་པ་ཉིད་ངོ་བོ་ཉིད་དོ་ཞེས་པའོ། །བཟོད་འབྲིང་གི་དམིགས་པ། རང་བཞིན་གྱིས་མ་སྐྱེས་པ་ཉིད་ཀྱི་གཟུགས་ལ་སོགས་པ་དེ་དག་སྐྱེ་བ་ཡང་མེད། ངེས་པར་འབྱུང་བ་མྱ་ངན་ལས་འདས་པ་ཡང་མེད་པའོ། །དེའི་རྣམ་པ་ནི་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་རྟོགས་པ་ཁོ་ནས་རྣམ་པར་སྨིན་ལས་བྱུང་བའི་རྣམ་པར་དག་པ་ཐོབ་པ་ཡིན་ལ། དེ་ཡང་རྣམ་པར་སྨིན་པ་ལས་ཡང་དག་པར་འདའ་བ་དང་ལུས་ངག་སེམས་ཡོངས་སུ་དག་པ། ངན་འགྲོའི་རྒྱུ་ལས་ཡང་དག་པར་འདའ་བ་འདོད་ཆགས་དང་ལྡན་པ་ལ་སོགས་པའི་སེམས་མི་སྐྱེ་བ། ཡོངས་སུ་ཉམས་པ་ལས་ཡང་དག་པར་འདའ་བ་ནི་མདོར། འདི་ནམ་ཡང་མའི་མངལ་དུ་སྐྱེ་བར་མི་འགྱུར་ཏེ་རྟག་ཏུ་རྒྱུན་མི་འཆད་པར་རྫུས་ཏེ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་དང་། །བཟོད་པ་ཆེན་པོའི་དམིགས་པ་ནི། རང་དང་སྤྱིའི་མཚན་ཉིད་མི་འཐད་པས། ཆོས་དེ་དག་མཚན་མ་མེད་པ་ལ་སྦྱོར་བ། དེ་ཡི་རྣམ་པ་ནི། ཆོས་ཐམས་ཅད་ལ་མཚན་མར་མི་བརྟེན་པས་དང་། ལྷག་པར་མོས་པ་མིན་པ་དང་། འདུ་ཤེས་པ་མེད་པ་ཡིན་ནོ། ཆོས་མཆོག་ཆུང་ངུའི་དམིགས་པ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཞེས་སོགས་བྱང་ཆུབ་སེམས་དཔའི་རྒྱུའི་ཏིང་ངེ་འཛིན་ནོ། དེའི་རྣམ་པ་ནི། དཔའ་བར་འགྲོ་བ་སོགས་ཏིང་ངེ་འཛིན་ཐམས་ཅད་ཀྱི་བདག་ཉིད་ཇི་ལྟ་བ་དེ་ཡི་བྱེད་པ་ལ་འཇུག་པ་ཉིད་དོ། །ཆོས་མཆོག་འབྲིང་གི་དམིགས་པ་ནི། ལུང་སྟོན་པ་ཐོབ་པ་དང་། དེའི་རྣམ་པ་ནི། ཏིང་ངེ་འཛིན་ལ་སོགས་པར་མི་རྟོག་པས་བདག་ནི་མཉམ་པར་བཞག་པའོ་སྙམ་པ་ལ་སོགས་པའི་རློམ་སེམས་པ་ཟད་པའོ། །ཆོས་མཆོག་ཆེན་པོའི་དམིགས་པ་ནི། ཆོས་ཉིད་ཀྱི་ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུམ་པོ་ཕན་ཚུན་ངོ་བོ་གཅིག་པ། དེའི་རྣམ་པ་ནི། ཏིང་ངེ་འཛིན་དུ་རྣམ་པར་མི་རྟོག་པའོ། །དེ་ལྟར་ངེས་འབྱེད་ཆ་མཐུན་ནི། ཆུང་དང་འབྲིང་དང་ཆེན་པོ་དག་ཏུ་ཕྱེ་བ་ཡིན་ནོ། །འགྲེལ་པར། དམིགས་པ་མི་རྟག་ནས། ཤེས་པར་བྱའོའི་བར་ནི་དང་པོ་ལས་གཞན་པ་བཅུ་གཅིག་པོའི་དམིགས་རྣམ་དུ། ཆོས་ཅན་བདེན་པའི་རྟེན་ཅན་མ་བསྟན་པས། རྟེན་ཆོས་ཅན་མེད་པའི་ཆོས་ཙམ་ནི་བསྒོམ་པར་མི་རིགས་སོ། ཞེས་བརྒལ་བ། སྒྲ་གཉིས་བརྗོད་བྱ་ཐ་དད་མེད་པ་དང་། དོན་ཀྱི་ཤུགས་ཀྱིས་ཆོས་ཅན་གོ་བར་བསྟན་པ་ཡིན་ནོ། །ཞེས་པ་ལན་ནོ། གསུམ་པ་ནི། སྲིད་པར་བརྒྱུད་པའི་བྱ་བ་བྱེད་པའི་གཞི་ཉོན་མོངས་པ་ལ་དམིགས་པའི་རྟོག་པ་དང་། དེ་ཡི་གཉེན་པོ་ལམ་ལ་དམིགས་པ་ཡི་རྟོག་པ་སྟེ། གཟུང་བར་རྟོག་པ་རྣམ་པ་གཉིས་པོ་རིམ་པ་བཞིན་རྨོངས་པ་མ་རིག་པ་ལ་སོགས་པའི་ཡུལ་དགུ་དང་། ཕུང་པོ་ལ་སོགས་པ་ཡུལ་དགུའི་བྱེ་བྲག་གིས་གཉིས་པོ་དེ་ནི་སོ་སོར་ཡང་རྣམ་པ་དགུ །གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པའི་རྣམ་པར་རྟོག་པའང་རྣམ་པ་གཉིས་སུ་འདོད་དོ། གཉིས་པོ་དེའང་རིམ་པ་བཞིན། རང་དབང་ཅན་གྱི་བདག་ལ་སོགས་པའི་རྟེན་དགུའི་ངོ་བོ་དང་། ཕུང་པོ་ལ་སོགས་པ་དགུའི་རྟེན་ལས་བརྟེན་པ་འཛིན་རྟོག་གཉིས་ཀྱང་དེ་བཞིན་དུ་དགུ་དགུར་འབྱེད་པ་ཡིན་ནོ། །རྟོག་གེ་བས་སྒྲ་དོན་འདྲེས་རུང་བའི་ཤེས་པ་ཞིག་ལ་རྟོག་པ་ཟེར་ལ། འདིར་ནི་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པར་མངོན་པར་ཞེན་པ་ཞིག་ལ་ཟེར། དེ་ནམ་ཕྱིན་ཅི་ལོག་ཏུ་སྣང་བ་དེའི་ཚེ་རྣམ་པར་རྟོག་པའི་མིང་བཏགས་དེ་ཉིད་དོན་ལ་མེད་པ་སྣང་བའི་ཕྱིར་ཡང་དག་པ་མ་ཡིན་པ་དང་། རྣམ་པ་ཐམས་ཅད་དུ་དོན་ལ་མེད་པ་སྒྲོ་བཏགས་ནས་འཛིན་པས་ཀུན་ཏུ་རྟོག་པ་སྟེ། དེའི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དང་གཟུང་འཛིན་གཉིས་སུ་སྣང་བས་གཉིས་སྣང་གི་རྟོག་པ་ཞེས་ཀྱང་བྱའོ། །རྣམ་པར་དབྱེ་ན་གཟུང་རྟོག་དང་འཛིན་རྟོག་གཉིས་ཏེ། ཡུལ་དང་ཡུལ་ཅན་ལ་རྟོག་པ་གཉིས་ཡོད་པའོ། །དང་པོ་ལའང་ཡུལ་ཀུན་ནས་ཉོན་མོངས་དང་། ཡུལ་རྣམ་བྱང་ལ་རྟོག་པ་གཉིས་ཡོད་པས། གཞིའི་རྟེན་ཅན་གྱི་རྣམ་པར་རྟོག་པ་དང་། གཉེན་པོའི་རྟེན་ཅན་གྱི་རྣམ་པར་རྟོག་པ་གཉིས་སམ། མིང་གི་རྣམ་གྲངས། ཀུན་ཉོན་གཟུང་རྟོག རྣམ་བྱང་གཟུང་རྟོག དང་པོ་དེ་ལ་ཡང་། མ་རིག་པའི་རྣམ་པར་རྟོག་པ་དང་། ཕུང་པོའི། མིང་དང་གཟུགས་ལ་མངོན་པར་ཞེན་པའི། མཐའ་གཉིས་ལ་ཆགས་པའི། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་མི་ཤེས་པའི། འཕགས་པའི་ལམ་ལ་མི་གནས་པའི། དམིགས་པའི། བདག་ལ་སོགས་པའི། རྣམ་པར་དག་པ་སྐྱེད་པ་ལ་སོགས་པའི་རྣམ་པར་རྟོག་པ་དགུའོ། །གཉིས་པ་དེ་ལ་ཡང་ཕུང་པོའི་དོན་གྱིས་རྣམ་པར་རྟོག་པ་དང་། སྐྱེ་བའི་སྒོའི་དོན་ནམ་སྐྱེ་མཆེད་ཀྱི་དོན་གྱི། རིགས་ཀྱི་དོན་ནམ་ཁམས་ཀྱི་དོན་གྱི། སྐྱེ་བའི་དོན་གྱི། སྟོང་པ་ཉིད་ཀྱི་དོན་གྱི། ཕ་རོལ་ཏུ་ཕྱིན་པའི་དོན་གྱི། མཐོང་བའི་ལམ་གྱི། སྒོམ་པའི་ལམ་གྱི། མི་སློབ་པའི་ལམ་གྱི་རྣམ་པར་རྟོག་པ་སྟེ་དགུའོ། །གཉིས་པ་འཛིན་རྟོག་ལ། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ནམ། རྫས་འཛིན་རྟོག་པ་དང་བཏགས་འཛིན་རྟོག་པ་ཞེས་པ་གཉིས་དང་པོ་ལ། རང་དབང་ཅན་གྱིས་བདག་ཏུ་རྣམ་པར་རྟོག་པ་དང་། གཅིག་པུའི་བདག་ཏུ། རྒྱུའི་བདག་ཏུ། ལྟ་བ་ལ་སོགས་པའི་བདག་ཏུ། ཀུན་ནས་ཉོན་མོངས་པའི་རྟེན་གྱི་བདག་ཏུ། འདོད་ཆགས་དང་བྲལ་བའི་རྟེན་གྱི་བདག་ཏུ། མཐོང་བའི་ལམ་གྱི་རྟེན་གྱི་བདག་ཏུ། སྒོམ་པའི་ལམ་གྱི་རྟེན་གྱི་བདག་ཏུ། དོན་བྱས་པའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་སྟེ་རྣམ་པ་དགུའོ། །གཉིས་པ་ལ་ཡང་། ཕུང་པོར་བཏགས་པའི་རྣམ་པར་རྟོག་པ་དང་། སྐྱེ་མཆེད་དུ་བཏགས་པའི། ཁམས་སུ་བཏགས་པའི། རྟེན་ཅིང་འབྲེལ་འབྱུང་དུ་བཏགས་པའི། རྣམ་བྱང་དུ་བཏགས་པའི། མཐོང་ལམ་དུ་བཏགས་པའི། སྒོམ་ལམ་དུ་བཏགས་པའི། ཁྱད་པར་ལམ་དུ་བཏགས་པའི། མི་སློབ་ལམ་དུ་བཏགས་པའི་རྣམ་པར་རྟོག་པ་སྟེ་རྣམ་པ་དགུའོ། དེ་ལྟར་རྣམ་པར་རྟོག་པ་དེ་དག་ལས་ཕྱི་རོལ་གཟུགས་སྒྲ་ལ་རྟོག་པ་གཟུང་རྟོག་ཁོ་ནའི་མུ། རང་གི་ཤེས་པ་སྐད་ཅིག་མར་རྟོག་པ་འཛིན་རྟོག་ཁོ་ནའི་མུ། གཞན་གྱི་ཤེས་པ་ལ་རྟོག་པ་གཉིས་ཀའི་མུ། གཟུང་འཛིན་གཉིས་མེད་ཀྱི་ཡུལ་གཉིས་ཀ་མ་ཡིན་པའི་མུ་སྟེ་མུ་བཞི། འདི་དག་གི་རགས་པའམ་ཀུན་བརྟགས་ཀྱི་ཆ་མཐོང་སྤངས། ཕྲ་བ་འམ་ལྷན་སྐྱེས་ཀྱི་ཆ་སྒོམ་སྤངས་སོ། །དང་པོ་ནི། སྦྱོར་བའི་ལམ་དུ་མགོ་ནོན་གྱིས་སྤོང་སྟེ། ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པའམ་བརྗོད་པ་ཙམ་དུ་ཤེས་པ་དྲོད་ལ། རྣམ་བྱང་གི་གཟུང་བ་རང་བཞིན་མེད་པ་འམ་དོན་དུ་མེད་པར་ཤེས་པ་རྩེ་མོ་ལ། རྫས་འཛིན་རང་བཞིན་མེད་པར་ཤེས་པ་བཟོད་པ་ལ། བཏགས་འཛིན་རང་བཞིན་མེད་པར་ཤེས་པ་ཆོས་མཆོག་ལ་ལྡན་ཏེ། དེའི་ཕྱིར་སློབ་དཔོན་གྱིས་རྣམ་པར་རྟོག་པ་བཞི་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་གྲངས་བཞིན་དུ་ལྡན་པ་ཡིན་ནོ་ཞེས་གསུངས་སོ།། །། ཡོངས་འཛིན་ལུས་རྣམ་པར་གཞག་པའི་ཚེ་དང་པོར་བཀོད་ཀྱང་། རྒྱས་པར་སྟོན་པ་ན། ཇི་སྐད་བཤད་པ་ཁྱད་པར་འགྱུར་བ་ནི་དགེ་བའི་བཤེས་གཉེན་གྱིས་ཟིན་པ་ལའོ་ཞེས་བསྟན་པའི་ཕྱིར་འཇུག་ཐོགས་སུའོ། །དེ་ཡང་སེམས་དཔའ་མི་འགོང་བ་ཉིད་དང་མི་སྐྲག་པ་ལ་སོགས་པའི་ཐབས་ལ་མཁས་པས་བསམ་པ་ཇི་ལྟ་བ་བཞིན་དུ་རྒྱལ་པོ་ལ་བཙུན་མོ་སྡུག་པ་ཤི་བ་བརྡ་སྤྲོད་པའི་ཚུལ་དུ་རིམ་གྱིས་དངོས་པོ་མ་ལུས་པ་ངོ་བོ་ཉིད་མེད་པ་ལ་སོགས་པར་སྟོན་པར་བྱེད་པ་དང་། དེ་ཡི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་བའི་ཆོས་བོར་བ་ནི། བདེ་འགྲོ་ལ་སོགས་པའི་འབྲས་བུ་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དགེ་བའི་བཤེས་གཉེན་ཡིན་པས་རྣམ་པ་ཀུན་ཏུ་ཡོངས་སུ་འཛིན་པ་ཡིན་ནོ། །མི་མཐུན་ཕྱོགས་གང་ཞེ་ན། ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་མ་བྱས་པར་ཐོག་མ་མེད་པའི་དུས་ནས་གོམས་པར་བྱས་པའི་དམིགས་པ་བཀག་སྟེ་མོད་ཁོ་ནར་ལས་དང་པོ་པ་ལ་སྐྱེ་བ་མེད་པ་ལ་སོགས་པ་སྟོན་པར་བྱེད་པ་ནི་དམྱལ་བ་ལ་སོགས་པའི་འབྲས་བུ་དང་དམ་པའི་ཆོས་སྤོང་བར་བྱེད་པའི་རྒྱུར་འགྱུར་བ་ཡིན་པའི་ཕྱིར་དང་། གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་དོན་ཏུ་ཉེ་བར་སྟོན་པ་པོ་བདུད་ཀྱི་ཆོས་ཀྱིས་སླུ་བ་ཉེ་བར་སྟོན་པ་ནི་སྡིག་པའི་གྲོགས་པོའོ་ཞེས་ཀྱང་བསྟན་ནོ། །སློབ་དཔོན་ཐབས་ལ་མཁས་པ་ཁོ་ན་ཡོངས་སུ་འཛིན་པར་བཞེད་ཟེར་ཏེ། དེ་དེའི་བཞེད་པ་མིན་ནོ།། །། བཞི་པ་བསྒྲུབ་པའི་རྟེན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་རིགས་བཤད་པ་ལ། རྟེན་ཆོས་བསྒྲུབ་པའི་དབྱེ་བས་རིགས་བཅུ་གསུམ་དུ་ཕྱེ་བ། ཆོས་དབྱིངས་རིགས་ཡིན་ན་དེ་ལྟར་དབྱེར་མི་རུང་བའི་བརྒལ་ལན། ཞར་ལ་འདིར་བསྟན་གྱི་ཆོས་དབྱིངས་དེ་དེ་བཞིན་གཤེགས་པའི་སྙིང་པོར་བཤད་པ་ལས། དང་པོ་ནི། སེམས་བསྐྱེད་པ་དང་ཐར་པ་ཆ་མཐུན་དང་ངེས་འབྱེད་ཡན་ལག་རྣམས་ཀྱི་སྔོན་དུ་འགྲོ་བ་དེ་ཡིན་པས་དང་པོ་ཁོ་ནར་རིགས་བཤད་པར་འོས་པ་ལ་འདིར་ཅིའི་ཕྱིར་བཤད་ཅེ་ན། དོན་གྱི་གོ་རིམ་དེ་ལྟར་འཐད་མོད་ཀྱང་། འདིར་སེམས་བསྐྱེད་པ་ལ་སོགས་པའི་རྒྱུ་སྦྱངས་ཏེ་སྦྱོར་བའི་ལམ་ཐོབ་པ་ན་རིགས་ལ་གནས་པར་བགྲང་ངོ་ཞེས་རྒྱུ་འབྲས་སུ་བཤད་པའི་གོ་རིམ་ཡིན་པས་འགལ་བ་མེད་དོ། །དེ་ཡང་མདོར། ནམ་མཁའ་ལ་བྱའི་རྗེས་མེད་དོ་སོགས་དཔེས་བསྙད་པའི་ཆོས་དབྱིངས་དེ་རྟོགས་པ་ཡིས་ནི་ཆོས་ཀྱི་ངེས་འབྱེད་ཡན་ལག་བཞི་མཐོང་སྒོམ་གྱི་རྟེན་ཏེ་དྲུག་དང་། གཉེན་པོ་བཞི་དང་ནི། མི་མཐུན་པའི་ཕྱོགས་སྤོང་བ་དང་། དེ་དག་ཉིད་ཀྱི་བྲལ་བ་དང་བྲལ་བ་ཐོབ་པ་ཡོངས་སུ་གཏུགས་པ་དང་། དེ་ནས་འཁོར་འདས་ལ་མི་གནས་པའི་ཤེས་རབ་སྙིང་རྗེར་བཅས་པ་དང་། དེ་ནས་སློབ་མ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མིན་པའི་ཡོན་ཏན་གྱི་རྟེན་ཉིད་དང་། དེའི་འོག་ཏུ་སྐལ་པ་ཇི་ལྟ་བ་བཞིན་དུ་བཞུགས་པ་ལ་སོགས་པའི་ལྡེམ་པོར་དགོངས་པའི་སྒོ་ནས་ཐེག་པ་གསུམ་གྱི་ལམ་ལ་འགོད་པའི་རང་བཞིན་གཞན་གྱི་དོན་གྱི་གོ་རིམ་ཀྱི་རྟེན་དང་། དེའི་འོག་ཏུ་འཁོར་བ་ཇི་སྲིད་པར་གཞན་གྱི་དོན་གྱི་ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་རྟེན་རྣམས་ལ་ཀུན་རྫོབ་ཏུ་རིགས་ཞེས་བྱའོ། །དགུ་པ་ནི་འོད་བྱེད་ནས་མངོན་གྱུར་གྱི་བར་པ། བཅུ་པ་ནི་ས་བདུན་པ་བ། བཅུ་གཅིག་པ་དག་ས་གསུམ་པ་བ། བཅུ་གཉིས་པ་ཁྱད་པར་ལམ་པ་སྐྱེ་བ་གཅིག་གིས་ཐོགས་པ་དང་སྲིད་པ་ཐ་མ་བ། བཅུ་གསུམ་པ་རྒྱུན་མཐར་ཆོས་བཤེས་ཀྱིས་སོ། །འདིར། གཉེན་པོ་དང་ནི་སྤོང་བ་དང་། ཞེས་པའི་འགྲེལ་པར། དེའི་འོག་ཏུ་དེ་དག་སྐྱེས་པའི་སྟོབས་ཀྱིས་རྐུན་པོ་ཕྱུང་བ་དང་སྒོ་འཕར་བཅད་པ་ལྟར་དུས་མཉམ་ཏུ་གཉེན་པོ་དང་མི་མཐུན་པའི་ཕྱོགས་སྐྱེ་བ་དང་འགག་པ་དག་གོ །ཞེས་གསུངས་པ་ལ་སྤང་བྱ་ཇི་ལྟར་སྤོང་བ། ཡིད་ལ་བྱེད་པ་ཅི་འདྲ་བ་ཞིག་གིས་སྤོང་བ། གང་ཞིག་གང་ལ་སྤོང་བ་གསུམ་ལས། དང་པོ་ནི། ཉོན་མོངས་ཀྱི་རྒྱུ་རྐྱེན་བཞི་པོ་ཡོངས་སུ་ཤེས་པ་དང་། ཉོན་མོངས་ཀྱི་ངོ་བོ་ཉིད་རབ་ཏུ་མ་ཞི་བར་ཡོངས་སུ་ཤེས་པ་དང་། འབྲས་བུ་བདག་གཞན་ལ་གནོད་པ་ལ་སོགས་ཀྱི་ཉེས་དམིགས་ཡོངས་སུ་ཤེས་པས་ཉོན་མོངས་སྐྱེས་པ་དང་དུ་མི་ལེན་ཅིང་མ་སྐྱེས་པ་སྤང་བར་བྱ་བའི་ཕྱིར་གཉེན་པོ་བརྟེན་པའོ། །གཉིས་པ་ནི། འདྲེས་པ་ལ་དམིགས་པ་སྟེ་ཆོས་ཐམས་ཅད་སྟོང་པའམ་བདག་མེད་དུ་ཤེས་པས་སོ། །གཉེན་པོ་དེ་ཡང་རྒྱུད་ཡོངས་སུ་སྨིན་པར་བྱེད་པའི་དང་། ཉེ་བར་སྤོང་བའི་དང་། ཕྱོགས་གཅིག་སྤོང་བའི་དང་། མཐའ་དག་སྤོང་བའི་གཉེན་པོ་བཞི་ལས་དང་པོ་ཚོགས་ལམ་དུ་ཉོན་མོངས་ཀྱི་ཡུལ་སྒྲོ་བཏགས་བློ་འཁྲུལ་པ་རུ་ཤེས་པས། སྤོང་བ་ལ་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར་སྐྲངས་འབུར་གྱི་ཆུ་སེར་རྣག་ཏུ་སྨིན་འཇུག་པ་བཞིན་ནོ། །གཉིས་པ་སྦྱོར་ལམ་སྟེ། དེས་སྤང་བྱའི་ཡུལ་དང་འགལ་བའི་སྟོང་པ་བདག་མེད་སོགས་པས་གསལ་བར་འགྱུར་བའི་ཕྱིར་རྣག་གཟག་པར་བྱེད་པའི་རྐྱེན་གསོག་པ་བཞིན་ནོ། །དེ་གཉིས་སྔོན་དུ་རྒྱུ་སྤོང་བའི་གཉེན་པོ་ས་བོན་གྱི་ནུས་པ་འཇོམས་བྱེད་དོ། །གསུམ་པ་མཐོང་ལམ་སྟེ་ཞི་གནས་ཀྱིས་མཐོང་སྤངས་ཀྱི་ངོ་བོ་སྤོང་ལ་ལྷག་མཐོང་གིས་ས་བོན་ཟད་པར་བྱེད་པས་རྣག་མཚོན་གྱིས་ཟག་པ་དང་ཁ་འཁྱིམས་པ་བཙིར་བས་དག་པར་བྱེད་པ་བཞིན་ནོ། །དེ་ནི་ཀུན་བརྟགས་ཙམ་གྱི་གཉེན་པོ། བཞི་པ་སྒོམ་ལམ་སྟེ་མཐོང་བའི་རྒྱུན་གོམས་པར་བྱས་པས་ལྷན་སྐྱེས་ཀྱི་ས་བོན་སྤོང་ཞིང་རྣམ་གྲོལ་གྱི་ལུས་ཡོངས་སུ་སྨིན་པར་བྱེད་པ་རྣག་ཟགས་པའི་རྨ་གསོས་པར་བྱེད་པ་བཞིན་ནོ། །གསུམ་པ་ནི། མཐོང་ལམ་ཀྱིས་སྤང་བྱ་མངོན་དུ་རྒྱུ་མི་སྤོང་སྟེ་འདས་པ་འགགས་ཟིན། མ་འོངས་བ་མ་སྐྱེས། ད་ལྟ་བ་ལམ་དང་མཉམ་དུ་འཇུག་པ་མེད་པས་མི་སྤོང་། དེས་ན་ས་བོན་སྤོང་བ་ཡིན་ནོ། །སྡུག་བསྔལ་ཆོས་བཟོད་སྐྱེ་བ་དང་མཐོང་སྤངས་རྣམས་སྤོང་བ་ཅིག་ཅར། སྒོམ་སྤངས་ནི་སྒོམ་ལམ་དགུར་རིམ་པ་བཞིན་ཇི་ལྟར་ས་བོན་སྤོང་བ་ཡང་གཉེན་པོ་སྐྱེ་བ་དེ་དང་དེ་འགག་པ་སྣང་བ་བྱུང་བ་དང་མུན་པ་འགག་པ་དུས་མཉམ་པ་བཞིན་ནོ། །དེ་ལྟ་བས་ན་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་ནི། བསྟན་པ་གནས་པའི་རྒྱས་པ་རྣམ་པར་གཞག་པ་སྤྲོས་པ་དང་བཅས་པ་ཡིན་ལ། དོན་ལ་དེ་བཞིན་ཉིད་ཤེས་པ་དང་མཚུངས་པར་ལྡན་པ་གཅིག་ཁོ་ན་སྟེ། འགྲེལ་ཆེན་དུ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་སྤོང་སྟེ། བདེན་པ་རྣམས་ཀྱི་མངོན་པར་རྟོགས་པ་ནི་གཅིག་པའི་ཕྱིར་རོ། །དེ་བས་ན་ས་དང་པོའི་སྐད་ཅིག་དང་པོ་ནི་མཐོང་བའི་ལམ་ཡིན་ནོ། །དེ་ལས་གཞན་པ་སྐད་ཅིག་མ་གཉིས་པ་ལ་སོགས་པ་ནས་རྡོ་རྗེ་ལྟ་བུར་བརྗོད་པའི་བར་ཆད་མེད་པའི་ལམ་གང་ལས་དེ་མ་ཐག་ཏུ་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཐོབ་པའི་བར་འདི་དག་ཐམས་ཅད་ནི་མཆོག་གི་དོན་ལ་སོགས་པས་ཆོས་ཀྱི་དབྱིངས་སོ་སོར་རྟོག་པའི་ཕྱིར་བསྒོམ་པའི་ལམ་ཡིན་པར་བཤད་དོ། །ཅེས་སོ། །གཉིས་པ་ནི། ཆོས་ཀྱི་དབྱིངས་རིགས་ཡིན་ན་དེ་ལ་རྣམ་པར་དབྱེར་མེད་པའི་ཕྱིར། འདི་ནི་ཉན་ཐོས་ཀྱི། འདི་ནི་རང་སངས་རྒྱས་ཀྱི། འདི་ནི་ཐེག་པ་ཆེན་པོའི་ཞེས་བྱ་བ་ལ་སོགས་པས་རིགས་ནི་ཐ་དད་དུ་དབྱེར་རུང་བ་མ་ཡིན་ནོ་ཞེས་བརྒལ་བའོ། །ལན་ནི། ཇི་ལྟར་ཉན་ཐོས་དག་ནི་རིགས་ཀྱི་ངོ་བོ་གཅིག་ཡིན་ཡང་རྐྱེན་གྱིས་བྱས་པའི་རྟོག་པ་ཐ་དད་པ་ཙམ་གྱིས་རིགས་ཐ་དད་པ་འཇོག་པ་ལྟར། ཁོ་བོ་ཅག་ཀྱང་རིགས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་གཅིག་པུ་ཁོ་ན་རྟོགས་པའི་རིམ་པ་ལས་རིགས་ཁྱད་པར་ཅན་བཅུ་གསུམ་དུ་འདོད་དོ་ཞེས་དང་། བླ་ཆོས་ཉིད་དུ་འཇིག་རྟེན་གྱིས་བསྔགས་སམ་གྲགས་པས་ལན་དུ། དཔེར་ན་འཇིམ་པ་གཅིག་ལས་མངོན་པར་འགྲུབ་ཅིང་མེ་ལྕེ་གཅིག་གིས་སོ་བཏང་བའི་རྟེན་བུམ་པ་ལ་སོགས་པ། བརྟན་པ་སྦྲང་རྩི་དང་ལི་ཁར་ལ་སོགས་པས་བཀང་བའི་ཚེ། འདི་ནི་སྦྲང་རྩིའི། འདི་ནི་ལི་ཁ་རའི་སྣོད་དོ་ཞེས་ཐ་དད་པར་འདོད་པ་དེ་བཞིན་དུ། བརྟེན་པའི་ཆོས་ཐེག་པ་གསུམ་གྱི་རྟོགས་པའི་བྱེ་བྲག་གིས་རྟེན་དེ་ཡི་དབྱེ་བ་ཡོངས་སུ་བརྗོད་པ་ཡིན་ནོ། །གསུམ་པ་ནི། འདིར་བསྟན་ཆོས་ཀྱི་དབྱིངས་ཞེས་བྱ་བ་དེ་ནི་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཡིན་ལ། དེའི་དབང་དུ་མཛད་ནས་སྙིང་པོའི་མདོ་སོགས་དང་། རྒྱུད་བླར། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བསྒྲུབས་སོ། །གཏན་ཚིགས་གང་གིས་ཞེ་ན། དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་འཕྲོ་བ་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་དབྱེར་མེད་པས་དང་། དེ་བཞིན་གཤེགས་པའི་རིགས་ཡོད་པའི་དོན་གསུམ་དང་ལྡན་པ་ཞེས་བྱ་བ་འདིས་སོ། །དང་པོ་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུས་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཁྱབ་པའི་དོན་ཏེ། ཇི་ལྟར་ནམ་མཁའ་གཟུགས་རྣམས་ཀུན་ཏུ་སོང་། །དེ་བཞིན་འདི་ཡང་སེམས་ཅན་ཚོགས་ཀུན་སོང་། །ཞེས་གསུངས་པས་སོ། །གཉིས་པ་ནི། དེ་བཞིན་ཉིད་ནི་ཐམས་ཅད་ལ་ཁྱད་པར་མེད་ལ། དེ་བཞིན་གཤེགས་པ་ཡང་དེ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་ནོ་ཞེས་པའི་དོན་ཏེ། དེ་བཞིན་ཉིད་ནི་ཐམས་ཅད་ལ། །སོགས་ཀྱིས་སོ། །གསུམ་པ་ནི། སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་སྐྱེད་པའི་རིགས་ཡོད་པའི་དོན་ཏེ། རིགས་ནི་ས་བོན་ནམ་རྒྱུའོ། །ཐོག་མ་མེད་པའི་དུས་ཀྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ནི་འགྲོ་ཀུན་དང་། །མྱ་ངན་འདས་པའང་འཐོབ་པ་ཡིན། །ཞེས་དང་། དེ་ཉིད་ཐོགས་མེད་ཀྱིས། ཆོས་ཀྱི་སྐུ་ལྟར་རྒྱ་ཆེ་བ་དེ་བཞིན་གཤེགས་པ་དང་དབྱེར་མེད་པའི་མཚན་ཉིད་ངེས་པའི་རིགས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང་ཐམས་ཅད་ཀྱི་ཚེ་ཐམས་ཅད་ལ་ཁྱད་པར་མེད་པའི་ཚུལ་དུ་ཡོད་དོ་ཞེས་སོ། །འདིར་རིགས་ངེས་པ་ཞེས་པ་ཡང་མཐར་སེམས་ཅན་ཐམས་ཅད་འཚང་རྒྱ་རུང་ལ་དགོངས་སོ། །དེ་ཡང་ངོ་བོ། རྒྱུ། འབྲས་བུ། ལས། ལྡན་པ། འཇུག་པ། གནས་སྐབས་ཀྱི་རབ་དབྱེ། ཀུན་ཏུ་འགྲོ་བ། མི་འགྱུར་བ། དབྱེར་མེད་པའི་དོན་བཅུས་རྒྱས་པར་བཤད་དེ། ཆོས་སྐུ་བསམ་པའི་དོན་འགྲུབ་པའི་མཐུ་དང་། དེ་བཞིན་ཉིད་གཞན་དུ་མི་འགྱུར་བ་དང་། རིགས་ནི་སྙིང་རྗེས་བརླན་པ་སྟེ། རང་མཚན་གསུམ་རིམ་པ་བཞིན་ནོར་བུ་ནམ་མཁའ་ཆུ་དང་ཆོས་མཐུན་པས་དང་། རང་བཞིན་གྱིས་ཡོངས་སུ་དག་པའི་སྤྱིའི་མཚན་ཉིད་དཔེ་གསུམ་གྱི་དག་པ་དང་མཐུན་པ་ངོ་བོའི་དོན་ནོ། །ཆོས་ལ་ཁོང་ཁྲོ་ལོག་ལྟ་སྡུག་བསྔལ་གྱིས་འཇིགས་པ། སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་རིམ་པ་བཞིན་འདོད་ཆེན་མུ་སྟེགས་ཉན་རང་གི་སྒྲིབ་པ་བཞི་སྟེ། དེ་དག་པར་བྱེད་པའི་རྒྱུ་ཐེག་ཆེན་ལ་མོས་པ། ཤེར་ཕྱིན། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན། སྙིང་རྗེ་ཆེན་པོ་བཞི་ནི་རྒྱུའི་དོན་ནོ། དེ་བཞི་ལས་རིམ་པ་བཞིན་དུ་ཕྱིན་ཅི་ལོག་བཞི་ལས་བཟློག་པའི་གཙང་བདག་བདེ་རྟག་པའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་ནི་འབྲས་བུའི་དོན་ནོ། །བདེ་གཤེགས་སྙིང་པོ་ཡོད་པས་སྡུག་བསྔལ་ལ་སྐྱོ། མྱ་ངན་ལས་འདས་པ་ལ་འདུན་འདོད་དོན་གཉེར། སྨོན་པ་སྐྱེད་པར་བྱེད་པ་ནི་ལས་ཀྱི་དོན་ནོ། །ཆོས་ཀྱི་སྐུ་རྣམ་པར་དག་པའི་རྒྱུ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པའི་རྒྱུ་དང་། དེབཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་པའི་རྒྱུ་སྟེ་གནས་གསུམ་པོ་རྣམས་ཀྱི་སྣོད་དང་རིན་ཆེན་ཆུས་རྒྱ་མཚོ་ཆེན་པོ་དང་ཆོས་མཐུན་པ་མོས་པ་དང་། ཤེས་རབ་ཏིང་ངེ་འཛིན་དང་སྙིང་རྗེ་རྣམ་པ་གསུམ་གྱི་ན་དེ་བཞིན་གཤེགས་པའི་ཁམས་རྒྱུ་དང་ལྡན་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པའི་ཡེ་ཤེས་དང་། ཟག་པ་ཟད་པ་སྟེ་སྤངས་པས་བསྡུས་པ་ཐེག་ཆེན་མི་སློབ་པའི་རྒྱུད་ཀྱི་གནས་གསུམ་སྣང་བ་དང་དྲོད་དང་མདོག་གིས་མར་མེ་དང་ཆོས་མཚུངས་པ་འདི་དག་ཆོས་ཀྱི་དབྱིངས་དང་ཕན་ཚུན་རྣམ་པར་དབྱེ་བ་མེད་པ་ཉིད་ཀྱིས་འབྲས་བུའི་ལྡན་པ་སྟེ་ལྡན་པའི་དོན་ནོ། །དང་པོས་ནི་ལམ་དང་འབྲས་བུ་དང་། ཕྱི་མས་གཞི་འབྲས་དབྱེར་མེད་དུ་བསྟན་ནོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྣམ་པར་དག་པ་སྤྱིའི་མཚན་ཉིད་བསྟན་པ་གང་ཡིན་པ་དེར། དེ་ཁོ་ན་མ་མཐོང་བ་སོ་སྐྱེ་དང་། མཐོང་བ་འཕགས་པ་དང་། རྣམ་པར་དག་པ་མཐར་ཕྱིན་པའི་དེ་བཞིན་གཤེགས་པའི་གཟིགས་པའི་འཇུག་པ་ལས་རིམ་པ་བཞིན་ཕྱིན་ཅི་ལོག་དང་། ཕྱིན་ཅི་མ་ལོག་པ་དང་། ཡང་དག་པར་ཇི་ལྟ་བ་བཞིན་སྤྲོས་པ་མེད་པ་སྟེ་རྣམ་པ་གསུམ་དུ་གཞག་གོ །འདི་ནི་འཇུག༫༬༭་པའི་དོན་ནོ། །འདིས་ཀྱང་སངས་རྒྱས་ལ་མ་དག་པ་སྣང་བ་དང་། དག་པ་དངོས་པོ་བ་ཞིག་སྣང་བ་བཀག་གོ །གང་ཟག་དེ་གསུམ་གྱི་གནས་སྐབས་ཀྱི་དབྱེ་བ་ལས་བརྩམས་ཏེ་ངོ་བོ་སོགས་སྔར་བཤད་པའི་དོན་དྲུག་པོ་འདིས་བསྡུས་པའི་ཁམས་དེ་ནི་མ་དག་པའི་གནས་སྐབས་ན་སེམས་ཅན་གྱི་ཁམས། མ་དག་པ་དང་དག་པའི་གནས་སྐབས་སུ་བྱང་སེམས། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ན་དེ་བཞིན་གཤེགས་པའོ། །དེ་ནི་གནས་སྐབས༮༯༰་ཀྱི་དབྱེ་བའི་དོན་ནོ། །སེམས་ཀྱི་རང་བཞིན་རྣམ་པར་མི་རྟོག་པ་གང་ཡིན་པ་དེ། ཉེས་པ་དང་། ཡོན་ཏན་དང་། ཡོན་ཏན་རྣམ་པར་དག་པ་མཐར་ཐུག་པའི་གནས་སྐབས་གསུམ་པོ་དེར་རིམ་པ་བཞིན་རྗེས་སུ་སོང་བ། རྗེས་སུ་ཞུགས་པ། མཚུངས་པ། དུས་ཐམས་ཅད་དུ་ཁྱད་པར་མེད་པར་གྱུར་པས་ཁྱབ་པ་རིམ་པ་བཞིན་ཟངས་གསེར་གྱི་སྣོད་དུ་ནམ་མཁའ་བཞིན་ནོ་ཞེས་པ་ཀུན་ཏུ་འགྲོ་༱༲࿀བའི་དོན་ནོ། །མ་དག་པ་དང་དག་པའི་གནས་སྐབས་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་གློ་བུར་བ་དང་ལྡན་པའི་ཕྱིར་དང་། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ན་རྣམ་པར་དབྱེ་བ་མེད་ཅིང་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པ་གདྒཱའི་ཀླུང་གི་བྱེ་མ་ལས་འདས་པའི་སངས་རྒྱས་ཀྱི་ཆོས་དང་རང་བཞིན་གྱིས་ལྡན་པའི་ཕྱིར། དེ་བཞིན་གཤེགས་པའི་ཁམས་སྔ་མ་དང་ཕྱི་མར་གཏན་འགྱུར་བ་མེད་པ་ནི་མི་འགྱུར་བའི་དོན་ནོ། །འདིར་སངས་རྒྱས་ཀྱི་མཚན་དཔེ་དངོས་པོ་བ་ཞིག་ཁྲ་མེར་རེ་དེའི་སྟེང་ན་ཡོད་པ་མ་ཡིན། འོ་ན་ཅི་ཞེ་ན། དེ་བཞིན་ཉིད་དེ་རང་བཞིན་མེད་པས་ཐོག་མ་ཐ་མ་ཐམས་ཅད་དུ་ཐམས་ཅད་འཆར་རུང་ལ་དགོངས་སོ། །སངས་རྒྱས་ཀྱི་ཆོས་རྣམ་པར་དབྱེ་བ་མེད་པའི་དོན་དང་། དེའི་རིགས་རང་བཞིན་གྱིས་བསམ་གྱིས་མི་ཁྱབ་པའི་རྣམ་པ་ཐོབ་པའི་དོན་དང་། རྫུན་པ་དང་སླུ་བ་མེད་པའི་དོན་དང་། གཏན་དུ་ཉེ་བར་ཞི་བའི་དོན་བཞིས་ཆོས་ཀྱི་སྐུ་དང་། དེ་བཞིན་གཤེགས་པ་དང་། དོན་དམ་བདེན་པ་དང་། མྱ་ངན་ལས་འདས་པ་ཞེས་བྱ་བ་རྣམ་གྲངས་གཞི་གཅིག་ལ་འདུ་བས་དོན་གཅིག་ཅིང་གཉིས་སུ་དབྱེར་མེད་པས་དབྱེ་བ་མེད་པའི་དོན་ནོ། །དེ་ལྟར་དོན་བཅུས་རྣམ་པར་གཞག་པ་དེ་དཔེའི་སྒོ་ནས་སྙིང་པོར་བརྗོད་པར་ཡང་བྱ་སྟེ། ཐོག་མ་མེད་པའི་དུས་ནས་ཉེ་བར་གནས་པ་མ་འབྲེལ་བའི་རང་བཞིན་གྱིས་ཉོན་མོངས་པའི་སྦུབས་ཉིད་དང་། ཐོག་མ་མེད་པ་ནས་ཉེ་བར་གནས་པ་འབྲེལ་པའི་རང་བཞིན་དག་པའི་ཆོས་ཉིད་གཉིས་ཡེ་ནས་ལྷན་ཅིག་སྐྱེས་པའི་དབང་དུ་བྱས་ནས་དཔེ་དགུས་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་གཏུམས་པར་བཤད་དེ། དཔེ་དགུ་ནི། པདྨའི་ནང་ན་སངས་རྒྱས་དང་། བུང་བའི་ཚོགས་ཀྱིས་བསྐོར་བའི་སྦྲང་རྩི་དང་། སྦུན་པའི་ནང་ན་སྙིང་པོ་དང་མི་གཙང་བའི་ནང་ན་གསེར་དང་། ས་ལ་གཏེར་དང་། འབྲུའི་ལྐོག་ན་ཤིང་གི་མྱུ་གུ་ཁ་འབུས་པ་དང་། གོས་སྲུལ་ནང་ན་རིན་པོ་ཆེ་ལས་བྱས་པའི་སྐུ་དང་། མི་མོའི་མངལ་ན་འཁོར་ལོས་བསྒྱུར་བ་དང་། ས་ལ་རིན་པོ་ཆེའི་གཟུགས་ཡོད་པའོ། །ཕྱི་རོལ་གྱི་དཔེ་དང་རིམ་པ་བཞིན་ཆོས་མཐུན་པའི་ཉོན་མོངས་པ་དེ་བཞིན་གཤེགས་པའི་སྙིང་པོ་གཏུམ་པར་བྱེད་པ་དག་གང་ཞེ་ན། འདོད་ཆགས་ཀྱི་བག་ལ་ཉལ། ཞེ་སྡང་གི གཏི་མུག་གི དུག་གསུམ་དྲག་པོ་ཀུན་ནས་ལྡང་བ་དང་། མ་རིག་བག་ཆགས་ཀྱི་སས་བསྡུས། མཐོང་སྤང་། སྒོམ་སྤང་། མ་དག་པའི་ས་ལ་བརྟེན་པ། དག་པའི་ས་ལ་བརྟེན་པའོ། །དང་པོ་གསུམ་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་རྒྱུད་ལ་ཡོད་པའི་ཉོན་མོངས་པ། མི་གཡོ་བའི་འདུ་བྱེད་པ་སོགས་པའི་རྒྱུ་གཟུགས་དང་གཟུགས་མེད་པའི་ཁམས་སྒྲུབ་པར་བྱེད་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞོམ་བྱའོ། །བཞི་བ་འདོད་ཆགས་ལ་སོགས་པ་སྤྱོད་པའི་སེམས་ཅན་གྱི་རྒྱུད་ལ་ཡོད་པ་བསོད་ནམས་དང་བསོད་ནམས་མ་ཡིན་པའི་འདུ་བྱེད་ལ་སོགས་པའི་རྒྱུ་འདོད་པའི་ཁམས་འབའ་ཞིག་སྒྲུབ་པར་བྱེད་པ་མི་སྡུག་པ་ལ་སོགས་པའི་བསྒོམ་པའི་ཤེས་པས་གཞོམ་པར་བྱ་བའོ། །ལྔ་པ་ནི། དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་ཟག་པ་མེད་པའི་ལས་འཇུག་པའི་རྒྱུ། དྲི་མ་མེད་པའི་ཡིད་ཀྱིས་ལུས་གྲུབ་པར་བྱེད་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བྱའོ། །དྲུག་པ་སོ་སོ་སྐྱེ་བོ་སློབ་པའི་རྒྱུད་ལ་ཡོད་པ་དང་པོར་འཇིག་རྟེན་ལས་འདས་པའི་ཆོས་མཐོང་བའི་ཤེས་པས་གཞོམ་པར་བྱ་བ། བདུན་པ་འཕགས་པའི་གང་ཟག་སློབ་པའི་རྒྱུད་ལ་ཡོད་པ་ཇི་ལྟར་མཐོང་བའི་འཇིག་རྟེན་ལས་འདས་པའི་ཆོས་བསྒོམ་པའི་ཤེས་པས་གཞོམ་པར་བྱ་བ། བརྒྱད་པ་མཐར་མ་ཐུག་པའི་བྱང་སེམས་མ་དག་པའི་ས་ལ་གནས་པའི་རྒྱུད་ལ་ཡོད་པ་ཡེ་ཤེས་རྣམ་པར་བདུན་གྱི་མི་མཐུན་ཕྱོགས། བརྒྱད་པ་ལ་སོགས་པ་ས་གསུམ་བསྒོམ་པའི་ཤེས་པས་གཞོམ་པར་བྱ་བ། དགུ་བ་མཐར་ཐུག་པའི་བྱང་སེམས་དག་པ་པའི་རྒྱུད་ལ་ཡོད་པ་ཡེ་ཤེས་གསུམ་གྱི་མི་མཐུན་ཕྱོགས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཞོམ་པར་བྱ་བའོ། །རྒྱས་པར་བརྒྱད་ཁྲི་བཞི་སྟོང་ལ་སོགས་པར་དབྱེ་བས་ཀྱང་ངོ་། །མདོར་བསྡུ་ན། སངས་རྒྱས་ཀྱི་གཟུགས་སྦྲང་རྩི་སྙིང་པོ་གསུམ་གྱི་དཔེས་ཁམས་དེ་ཆོས་ཀྱི་སྐུའི་རང་བཞིན་དུ་བསྟན། གསེར་གྱི་དཔེས་དེ་བཞིན་ཉིད་ཀྱི་རང་བཞིན་དུ། གཏེར་དང་། ཤིང་དང་། རིན་པོ་ཆེའི་སྐུ་དང་། འཁོར་ལོས་བསྒྱུར་བ་དང་། གསེར་གྱི་གཟུགས་ཀྱི་དཔེ་ལྔས་རིགས་ཀྱི་རང་བཞིན་དུ་བསྟན་པ། སྙིང་པོ་དེ་གཏན་དུ་བ་ཡིན་པའི་ཕྱིར་འབྲེལ་པ་རྣམ་པར་དབྱེ་བ་མེད་པས་འབྲལ་མི་ཤེས་པ་འདུས་མ་བྱས་ཀུན་དང་། མ་འབྲེལ་བ་རྣམ་པར་དབྱེ་བ་དང་བཅས་པའི་ཆོས་འབྲལ་ཤེས་པ་འདུས་བྱས་ཐམས་ཅད་ཀྱི་གཞི་དང་གནས་དང་རྟེན་ཡིན་ནོ། །སྙིང་པོ་དེ་མཆིས་པས་དེ་མ་རྟོགས་ན་འཁོར་བ་དང་། ཚུལ་བཞིན་རྟོགས་ན་མྱ་ངན་ལས་འདས་པ་ཞེས་ཀྱང་རུང་གི མེད་ན་མ་ཡིན་ནོ། །དཔེར་ན་ནམ་མཁའི་ཁམས་ཡོད་པས་འགའ་ཞིག་ཏུ་སྤྲིན་དང་བཅས་ལ། ལ་ལར་སྤྲིན་མེད་པར་སྣང་བ་བཞིན་ནོ། །གློ་བུར་གྱི་ཉེས་པ་ཡང་དག་ཀུན་རྫོབ་ཏུ་བརྟག་མི་བཟོད་པ་སྤྲིན་ལྟ་བུ། ཆོས་དབྱིངས་དེར་བརྟག་བཟོད་པ་ནམ་མཁའ་ལྟ་བུས་ན་འདོད་ཆགས་སོགས་གློ་བུར་བ་དེ་དག་ཁོ་ན་ལ་ཚུལ་བཞིན་དུ་ཞུགས་ན་དེ་དག་ལས་རྣམ་པར་གྲོལ་བར་འགྱུར་ཏེ་དེ་དག་ཡོངས་སུ་ཤེས་པ་ཉིད་དེ་དག་གི་ངེས་པར་འབྱུང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ཀྱི་དབྱིངས་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཡང་མེད་ལ། ཕྱིས་རྣམ་པར་དག་པར་འགྱུར་རོ་ཞེས་བྱ་བ་ཡང་འཐད་པ་ཡིན་ནོ། །སྙིང་པོ་དེ་མཐོང་བ་ལ་གང་ཟག་བཞི་ནི་མིག་དང་མི་ལྡན་ཏེ། སོ་སྐྱེ་ཉན་རང་ཐེག་པ་ལ་གསར་དུ་ཞུགས་པའོ། །ས་ཆེན་པོ་ལ་ཞུགས་པ་དག་གིས་ཀྱང་ཅུང་ཟད་ཙམ་ལས་མ་མཐོང་ལ། དེ་བཞིན་གཤེགས་པ་ཉིད་གནས་འདི་ལ་འཁྲུལ་པ་མེད་པའི་གཟིགས་པ་མངའོ། །དེ་ལྟར་ལྟ་བར་དཀའ་བ་དེ་ནི་ཉེ་བར་ཞི་ཞིང་ཞི་བའི་དབྱིངས་ཡིན་ནོ། །ཆོས་ཐམས་ཅད་ཀྱི་དབྱིངས་ནི་དེ་ལྟ་བུ་ཞིག་ན། དེ་སེམས་ཅན་ལ་ཡོད་དོ་ཞེས་གསུངས་ན་འགལ་བར་མི་འགྱུར་རམ་ཞེ་ན་མི་འགྱུར་ཏེ། སེམས་ཞུམ་པ་སོགས་སྐྱོན་ལྔ་སྤངས་ནས་སྙིང་པོ་འདི་ལ་དྲང་བའི་དོན་དུ་ཡིན་པས་སོ་ཞེས་ཤེས་པར་མཛད་དོ། །ཚུལ་འདིས་འདི་ལ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་ཡི་ཉན་ཐོས་ཀྱི་སྙིང་པོ་ཞེས་བྱ་བ་ལོགས་པ་མི་བརྗོད་པ་དང་། རྟོགས་བྱ་སྙིང་པོ་ནི་གཅིག་ཏུ་དེ་ཡིན་ལ། དེ་ཇི་ལྟ་བ་རྟོགས་པའི་ཡུལ་ཅན་ཡང་སངས་རྒྱས་ཀྱི་གཟིགས་པ་ཁོ་ནར་ངེས་པས་མཐར་ཐུག་ཐེག་པ་གཅིག་ཡིན་པ་ཡང་བདེ་བླག་ཏུ་ཤེས་པར་འགྱུར་རོ། །དེ་ནི་མདོ་སྡེ་རྒྱན་ནས། །ཡོད་པ། མཆོག མཚན་ཉིད། རྟགས། རབ་དབྱེ། ཉེས་དམིགས། ཕན་ཡོན། དཔེ་རྣམས་ཀྱིས་གསུངས་པའི་ཡོད་པ་ཞེས་པ། དེ་ལྟ་བུའི་སྙིང་པོ་ཐམས་ཅད་ལ་ཁྱད་པར་མེད་པར་ཡོད་ན་ཐམས་ཅད་བྱང་ཆུབ་སེམས་དཔའ་བཞིན་དུ་དབང་པོ་རྣོ་བའམ་ཉན་ཐོས་བཞིན་དུ་དབང་པོ་རཏལ་བ་ཞིག་ཏུ་ངེས་ཐང་ན། དེ་ལྟ་མ་ཡིན་པར་ཐ་དད་པར་མཐོང་བ་འདི་ཅི་ལས་གྱུར་སྙམ་ན་བདེན་མོད་ཀྱང་། རང་བཞིན་ལས་ཐམས་ཅད་སངས་རྒྱས་ཀྱི་རིགས་སུ་ངེས་པས་མཐར་འཚང་རྒྱ་བར་མི་འགྱུར་བའི་སེམས་ཅན་ནི་གཅིག་ཀྱང་མེད་དོ། །གནས་སྐབས་སུ་རྐྱེན་གྱིས་བསྒྱུར་བས་དེ་དང་དེར་བཞག་སྟེ། ས་སྣ་ཚོགས་པས་རྙོགས་ན་ཆུ་ཡང་མདོག་ཐ་དད་དུ་སྟོན་ལ་མ་དཀྲུགས་པར་བཞག་ན་དྭངས་པར་གཅིག་པ་བཞིན་ནོ། །དེ་ཕྱིར་རྐྱེན་ཁམས་མོས་པ་སྒྲུབ་པ་འབྲས་བུ་སྣ་ཚོགས་པ་བཞིས་རིགས་ཐ་དད་པར་བཞག་སྟེ། ལང་གཤེགས་ནས། བློ་གྲོས་ཆེས་པོ་གཞན་ཡང་མངོན་པར་རྟོགས་པར་འགྱུར་པའི་རིགས་ལྔ་ཡོད་དེ། ལྔ་གང་ཞེ་ན་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་དང་། དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པའི་རིགས་དང་། གང་དུ་ཡང་མ་ངེས་པའི་རིགས་དང་། རིགས་མེད་པ་དང་ལྔའོ་ཞེས་འབྱུང་ལ། བམ་བརྒྱད་མར། རང་བཞིན་གྱི་ཆོས་རྟོགས་པར་འགྱུར་བའི་རིགས་ཅན་དང་། རང་བཞིན་མེད་པའི་ཆོས་མངོན་པར་རྟོགས་པར་འགྱུར་བའི་རིགས་ཅན་དང་། རང་བཞིན་མེད་པའི་ཆོས་མངོན་པར་རྟོགས་པར་ཁོང་དུ་ཆུད་པ་བདག་གིས་སོ་སོ་རང་གིས་རྟོགས་པར། སངས་རྒྱས་ཀྱི་ཞིང་ཕྱིར་རོལ་ཡངས་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཅན་ཞེས་བཞིར་བཤད་དོ། །དེ་དག་ལས་མཆོག་ནི་ཐེག་ཆེན་གྱི་རིགས་ཏེ། དགེ་རྩ་ཁྱད་པར་དུ་འཕགས་པ་དང་སྟོབས་སོགས་ཐམས་ཅད་ཡོད་པ་དང་། གཞན་གྱི་དོན་ཆེན་པོ་དང་། མི་ཟད་པ་མི་གནས་པའི་མྱང་འདས་ཐོབ་པའི་རྒྱུ་མཚན་གྱིས་སོ། །མཚན་ཉིད་ནི། འཕགས་ཆོས་བསྐྱེད་པའི་དབྱིངས་ནུས་རིགས་ཀྱི་མཚན་ཉིད། དེ་ཡང་རང་བཞིན་དུ་གནས་པ་དང་རྒྱས་འགྱུར་གཉིས། དང་པོ་ཆོས་ཉིད་ཀྱིས་ཐོབ་པ་དང་། གཉིས་པ་རྐྱེན་གྱིས་ཁྱད་པར་དུ་བྱས་པའོ། །དེ་ཡང་བྱང་ས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་བཞིན་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ། གཉིས་པ་ཡང་དེར། སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ་ཞེས་པ། དང་པོ་རྟེན་དང་ཕྱི་མ་བརྟེན་པའི་ངོ་བོ་ཉིད་རྒྱུའི་དངོས་པོར་ཡོད་ལ་འབྲས་བུ་སངས་རྒྱས་ཀྱི་དངོས་པོར་མེད་པའོ། །དེ་ཡང་། གོ་ཏྲའི་སྒྲ་གུ་ཎ་ཏ་ར་ཞེས་པའི་དབང་གིས། འདི་ལས་ཡོན་ཏན་སྒྲོལ་ཞིང་འབྱུང་བས་རིགས་ཞེས་སམ། གོ་ནི་དོན་བཅུ་ལ་འཇུག་པ་ལས། ཕྱོགས་དང་ས། ཏཱ་ཡི་སྐྱོབ་པ། བྱང་ཕྱོགས་སམ་སས་བསྡུས་པའི་སེམས་ཅན་སྐྱོབ་པས་རིགས་སམ། ཡང་ན་ཀུ་ལཱ་སྟེ། སྙིང་རྗེའི་དབང་གིས་འགྲོ་བ་ངན་པར་ཐིམ་པའམ། ཡོན་ཏན་གྱི་ཚོགས་ཀྱི་རྟེན་ཡིན་པས་རིགས་སོ། །རྣམ་གྲངས་ནི་ས་བོན། ཁམས། རང་བཞིན་ནོ། །འདིར་འཕགས་པས། དེ་དག་གི་རང་བཞིན་དུ་གནས་པའི་རིགས་ལ་རང་བཞིན་དུ་བརྗོད་པའི་དོན་བརྗོད་དགོས་སོ། །ཞེས་བྱ་བ་ལ་སོགས་པ་སྨྲེངས་ནས་རང་ཉིད་འདིར་ནི་བར་ཆོད་མེད་པ་ཉིད་ལ་རང་བཞིན་དུ་གནས་པའི་རིགས་སུ་མངོན་པར་འདོད་དོ་ཞེས་གསུངས། ཉན་ཐོས་དག རིགས་ནི་ཐར་པའི་རིགས་མ་ཆགས་པའི་དགེ་བར་འདོད་དེ། མ་ཆགས་འཕགས་རིགས་ཞེས་འདོན་པས་སོ། །རྟགས་ནི། སྦྱོར་བའི་སྔ་རོལ་ནས། སྙིང་རྗེ། ཐེག་ཆེན་ལ་མོས་པར་དཀའ་བ་སྤྱད་པ་ལ་ཇི་མི་སྙམ་པའི་བཟོད་པ། ཕར་ཕྱིན་དྲུག་གི་དགེ་བ་ལ་སྤྱོད་པའོ། །ཆོས་བཅུ་པ་ལས་གཉེན་པོ་ལ་མ་ལྟོས་པར་ལུས་ངག་ཡིད་འཇམ་པ། གཡོ་རྒྱུ་ཆུང་བ། སེམས་ཅན་ལ་བྱམས་པ། དང་བ་དག་ཀྱང་བཤད་དོ། །རབ་དབྱེ། ངེས་མ་ངེས་གཉིས་རྐྱེན་གྱིས་མི་འཕྲོག་པ་དང་ཕྲོགས་པ། སྔ་མ་གཉིས་སུ་ཕྱི་མ་གཉིས་ཀྱི་རྒྱུ་མཚན་གྱིས་བཞག་གོ །ཆོས་བཤེས་ཀྱིས་སྦྱོར་ལམ་ནས་མི་བཟློག་པ་དང་། ཨ་བྷ་ཡས། དབང་འབྲིང་རབ་དགའ་ནས་དབང་རཏལ་ས་བརྒྱད་པ་ནས་ཕྱིར་མི་ལྡོག་པ། དབང་རྣོན་སེམས་བསྐྱེད་མ་ཐག་པ་ནས་མི་བཟློག་པར་བཞེད། འོན་ཀྱང་ས་དེ་དག་ཏུ་དམན་པར་བཟློག་པ་མེད་ཅིང་དེས་ཅུང་ཟད་གཞན་དོན་རྒྱུན་ཆད་པ་ལ་དགོངས་ཀྱི། དབང་པོ་རཏལ་འབྲིང་ཡང་དམན་པར་ནི་སྦྱོར་ལམ་ཐོབ་ནས་མི་བཟློག་པར་ཐག་ཆོད་དོ། །ཉེས་དམ༫༬༭ིགས་ནི། ཉོན་མོངས་མང་བ། མི་དགེ་བའི་གྲོགས་པོ། ཡོ་བྱད་ཀྱིས་འཕོངས་པ། གཞན་དབང་དུ་གྱུར་པ་བཞིས་རིགས་ཡོད་ཀྱང་ཡོན་ཏན་དག་ལ་མི་འཇུག་གོ །ཕན་ཡ༮༯༰ོན་ནི་སྡིག་པ་མཉམ་པར་སྤྱད་ཀྱང་འདི་ངན་འགྲོར་མྱུར་དུ་མི་འགྲོ །སོང་ཡང་མྱུར་དུ་འཐོན། དེར་སྡུག་བསྔལ་ཆུང་། དེར་སྐྱོ་ཞིང་དེའི་སེམས་ཅན་སྨིན་པར་བྱེད་པའོ། །དཔེ༱༲࿀་ནི་གཉིས་ཀྱིས་གསེར་མང་གསལ་དྲི་མ་མེད་ལས་སུ་རུང་བ་བཞི་བཞིན། རིགས་ཀྱང་དགེ་བའི་རྩ་བ་མང་པོའི་གནས། ཡེ་ཤེས་ཀྱི། དྲི་མ་མེད་པའི། མཐུའི་གནས་སུ་ཆོས་མཐུན། རིན་པོ་ཆེ་རིགས་མདོག་དབྱིབས་ཚད་བཞི་བཞིན་རིགས་ཀྱང་། བྱང་ཆུབ་ཆེན་པོའི་རྒྱུ་མཚན། ཡེ་ཤེས་ཆེན་པོའི། འཕགས་པའི་ཏིང་ངེ་འཛིན་གྱི། སེམས་ཅན་མང་པོ་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་མཚན་གྱིས་སོ། །རིགས་ཆད་དེའི་དུས་དང་གཏན་ཡོངས་སུ་མྱ་ངན་འདའ་བའི་རྒྱུ་མེད་པ། དང་པོ་ལ་གཅིག་ཏུ་ཉེས་པར་སྤྱོད་པ། དགེ་རྩ་ཆད་པ། ཐར་པ་ཆ་མཐུན་མ་ཐོབ་པ། དགེ་བའི་རྩ་བ་དམན་པ་ཡོད་པ་བཞིར་བཤད་ཀྱང་། འཚང་རྒྱ་བ་བུལ་བ་དང་། ཆེས་བུལ་བའི་ཁྱད་ལ་དགོངས་སོ། །གཞན་ཡང་ཐེག་ཆེན་གྱི་གཉིས་རིགས་ཀྱིས་ཆེ་བ་དང་འབྲས་བུས་ཀྱང་ཁྱད་པར་འཕགས་སོ་ཞེས་ཤེས་པར་མཛད་དོ། །ལྔ་པ་བསྒྲུབ་པའི་དམིགས་པ་ནི། བསྒྲུབ་པའི་རྟེན་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་དག་གི་དམིགས་པ་གང་ཡིན་ཞེ་ན། ཆོས་རྣམས་ཐམས་ཅད་དེ་བསྡུས་ན་བཅུ་གཅིག་གོ །དེ་ཡང་མ་ཆགས་མི་སྡང་རྨོངས་པ་མེད་པས་བསྐྱེད་པའི་ལས་དགེ་བ་སྟེ་དགེ་སྦྱོང་གི་ཚུལ་ལྟ་བུ། ལ་སོགས་པ་དུག་གསུམ་གྱིས་བསྐྱེད་པའི་ལས་མི་དགེ་བ་སྟེ། ཡན་ལག་ལྔས་ལས་ཀྱི་དངོས་གཞི་རྫོགས་པར་འགྱུར་བ་སྲོག་གཅོད་ལྟ་བུ། དགེ་མི་དགེ་གང་དུ་ཡང་བཞག་ཏུ་མེད་པའི་ལས་ལུང་མ་བསྟན་ཏེ། ལུས་ཀྱི་ལས་འཆག་པ་ལྟ་བུ། དང་པོ་བླང་བ། བར་མ་དོར་བ། ཐ་མ་བཏང་སྙོམས་སུ་བྱ་བས་མངོན་མཐོའི་གནས་ལ་མཁས་པར་བྱ་བ་ཡིན་ནོ། །གསུམ་པོ་དེ་དག་ལས་དགེ་བ་སྤྱད་གཞིར་བྱེད་ནས། སོ་སྐྱེའི་ལམ་གྱིས་བསྡུས་པའི་དགེ་བ་འཇིག་རྟེན་པ་ཡི་རྟོགས་པ་སྟེ། དགེ་བ་ཟག་བཅས་ཀྱི་ཕུང་པོ་ལྔ་ལྟ་བུ་དང་། འཕགས་པའི་ལམ་གྱིས་བསྡུས་པའི་དགེ་བ་གང་དག་འཇིག་རྟེན་ལས་འདས་པ་སྟེ་ཟག་མེད་ཀྱི་བསམ་གཏན་བཞི་ལ་སོགས་པ་ལྟ་བུ་ངེས་ལེགས་ལ་མཁས་པར་འདོད་པས་སེམས་པར་བྱེད་པ་དང་། ཟག་པའི་སྒོ་དྲུག་དང་འབྲེལ་བའི་ཆོས་ཟག་བཅས་ཏེ། བདག་ཏུ་ལྟ་བའི་གཉེན་པོ་མིན་པ་ཉེར་ལེན་གྱི་ཕུང་པོ་ལྟ་བུ། ཟག་པའི་སྒོ་དྲུག་ནི། ཟག་པ་དེའི་བདག་ཉིད། དེ་དང་འབྲེལ་བ། དེས་བཅིངས་པ། དེའི་རྗེས་སུ་འབྲེལ་བ། དེའི་རྗེས་སུ་མཐུན་པ། དེའི་རྒྱུ་ལས་བྱུང་བའོ། །ཟག་པའི་སྒོ་དྲུག་དང་མ་འབྲེལ་བའི་ཆོས་ཟག་པ་མེད་པའི་ཆོས་ཏེ། བདག་ཏུ་ལྟ་བའི་གཉེན་པོ་ཉིད་ཀྱི་དྲན་པ་ཉེ་བར་བཞག་པ་ལྟ་བུ་སྤང་གཉེན་ལ་མཁས་པར་བྱ་བའི་ཕྱིར་དང་། རྒྱུ་རྐྱེན་ལ་རག་ལས་པ་གང་དག་འདུས་བྱས་ཏེ་འདོད་པའི་ཁམས་ལྟ་བུ་དང་། ཟག་མེད་བྱང་ཕྱོགས་ལྟ་བུ་རྒྱུ་རྐྱེན་ལ་རག་མ་ལས་པ་འདུས་མ་བྱས་པ་དེ་བཞིན་ཉིད་ལྟ་བུ་ལམ་ལ་མཁས་པར་བྱ་བ། སློབ་མ་ཉན་ཐོས་ལ་སོགས་པ་འཕགས་པ་ཐམས་ཅད་གྱི་རྒྱུད་ལ་འབྱུང་བའི་ཡོན་ཏན་ཐུན་མོང་གི་ཆོས་ཏེ་འཕགས་རྒྱུད་ཀྱི་བསམ་གཏན་བཞི་ལྟ་བུ་རྣམས་དང་། གང་དག་ཐུབ་པའི་ཡོན་ཏན་ཐུན་མོང་མིན་པའི་ཆོས་ཏེ་སྟོབས་བཅུ་ལྟ་བུ་འབྲས་བུ་མཁས་པར་བྱ་བའི་དོན་དུ་བསྒོམ་མོ། །འདི་དག་ལ་ཡང་དམིགས་པའི་ཚུལ་ནི། དངོས་པོ་དེ་དང་དེ་ནི་ཀུན་བརྟགས་པ་ཡིན་ལ། དེ་ཐམས་ཅད་རིག་པས་བཤིག་པ་ནི་དངོས་པོ་མེད་པ། བྱ་བ་བྱེད་པའི་དོན་ཇི་ལྟར་སྣང་བ་ནི་ཡང་དག་པའི་ཀུན་རྫོབ། ཐོས་པ་ལ་སོགས་པའི་ཤེས་པ་སྐྱེས་པས་དེ་ཁོ་ན་ཉིད་ལ་སྒྲིབ་པའི་རང་བཞིན་ཅན་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་བསྒོམས་པའི་སྟོབས་ཀྱིས་ཇི་ལྟ་བ་བཞིན་དུ་སྒྱུ་མ་ལྟ་བུར་ཤེས་པ་ཉིད་དག་པ་ཡིན་ནོ། །དེ་བས་ན་རང་བཞིན་གཙོ་བོར་བྱས་པ་ནི་རིགས་ཡིན་ལ། དེ་དང་རྗེས་སུ་འབྲེལ་བའི་རྣམ་པར་འགྱུར་བ་ནི་དམིགས་པ་ཡིན་ནོ། །གཉིས་ཀ་ཡང་གཉིས་ཀ་ཡིན་པ་མ་བཀག་པས་དམིགས་པ་དག་པའི་མཐར་ཐུག་པར་འགྲོ་བ་ཡང་འཐད་པར་འགྱུར་རོ།། །། དྲུག་པ་བསྒྲུབ་པའི་ཆེད་དུ་བྱ་བ་ནི། དམིགས་པ་རྟོགས་པའི་བྱང་ཆུབ་སེམས་དཔའི་ཆེད་དུ་བྱ་བ་གང་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་སྒྲ་འཇུག་པའི་རྒྱུ་ལས་བརྩམས་ཏེ་གསུངས་པ། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་། སེམས་ཅན་གྱི་སྡེ་ཆེན་པོ་བརྒྱད་ལ་སོགས་པ་ནས་ཕྱིར་མི་ལྡོག་པའི་བར་ཀུན་གྱི་མཆོག་སངས་རྒྱས་ཉིད་དུ་འགྱུར་བར་བྱའོ་ཞེས་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་དང་། གདུལ་བྱ་རྣམས་ཀྱིས་བདག་ཏུ་ལྟ་བ་ནས་གཟུང་ལྟ་བ་ཐམས་ཅད་བག་ཆགས་དང་བཅས་པ་སྤོང་བར་བྱ་བའི་ཕྱིར་ཆོས་སྟོན་པས་དང་། འདོད་ཆགས་ལ་སོགས་པ་མ་ལུས་པ་སྤངས་ནས་བྱང་ཆུབ་རྟོགས་པར་བྱེད་པ་དང་། རྣམ་པ་གསུམ་པོ་ལ་རིམ་པ་བཞིན་སེམས་ཆེན་པོ་དང་། སྤོང་བ་ཆེན་པོ་དང་། རྟོགས་པ་ཆེན་པོ་གསུམ་གྱི་ཐ་སྙད་བཞག་ནས་སངས་རྒྱས་རང་བྱུང་གི་ཡེ་ཤེས་བསྒྲུབ་པ་དེའི་ཆེད་དུ་བྱ་བ་འདི་གསུམ་ཡིན་པར་ཤེས་པར་བྱའོ། །དམིགས་པ་ནི་དེའི་ཆེ་བ་ཡིན་ལ། ཆེད་དུ་བྱ་བ་ནི་མ་འོངས་པའི་སྐལ་བ་སྟེ། མདའ་གཏོང་བ་དང་། འབེན་ལ་འཕོག་པའི་ཁྱད་བཞིན་ནོ།། །། བདུན་པ་གོ་ཆའི་བསྒྲུབ་པ་ནི། གནས་རྩོམ་འབྱུང་བ་ཆེན་པོའི་བདག་ཉིད་ཅན་གྱི་ལེན་བཟོད་དོན་ཆེན་པོའི་བྱ་བ། བསྒྲུབ་པའི་མཚན་ཉིད། །གནས་ཆེན་པོ་ནི་སེམས་བསྐྱེད་པ། རྩོམ་པ་ཆེན་པོ་རང་བཞིན་གྱི་དོན། འབྱུང་བ་ཆེན་པོ་ནི་འབྲས་བུ་བྱང་ཆུབ་ཆེན་པོ་དེ་ཉིད་ཀྱི་ཕྱིར་གོ་རིམ་བཞིན་དུ་ལེན་པ་ཆེ་བ་སེམས་ཅན་ཐམས་ཅད་ཉེ་བར་ལེན་པ། བཟོད་པ་ཆེ་བ་སྡུག་བསྔལ་ཐམས་ཅད་དང་དུ་ལེན་པ། དོན་ཆེན་པོ་ཡང་དག་པ་ཐོབ་པའི་བྱ་བ་བྱེད་པ། དང་པོ་ཡང་བདག་གཞན་མཉམ། གཞན་ལྷག གཞན་དོན་གྱི་རབ་དབྱེ། གཞན་དོན་ཕུན་ཚོགས། བསྒྲུབ་པ་ཁྱད་པར་དུ་བྱ་བ། སྤྱོད་ཡུལ་བསྔོ་བ་དག་གིས་དང་། བར་མ་བཟློག་པས་དང་། ཕྱི་མ་ཟིལ་གནོན་མྱང་འདས་ཡོན་ཏན་སེམས་ཅན་ཡོངས་སུ་མི་གཏོང་བའི་ཆེ་བ་བཞིས་བཤད་དོ། །ཡང་དག་པ་ཐོབ་པར་བྱེད་པས་ན་བསྒྲུབ་པ་ཞེས་བྱའོ། །དབྱེ་ན། གོ་ཆའི་བསྒྲུབ་པ། འཇུག་བསྒྲུབ། ཚོགས་བསྒྲུབ། ངེས་འབྱུང་བསྒྲུབ་པའོ། །དང་པོ་ནི། བསམ་པའི་བརྩོན་འགྲུས་ཀྱི་བྱ་བ། དབྱེ་ན་དྲུག་གམ་སོ་དྲུག གཉིས་པ་སྦྱོར་བའི་བརྩོན་འགྲུས་ཀྱི་བྱ་བ་དགུ །གསུམ་པ་མ་ཞུམ་པ་དང་མི་འཁྲུགས་པའི་བརྩོན་འགྲུས་ཀྱི་བྱ་བ་བཅུ་བདུན། བཞི་པ་ཆོག་མི་ཤེས་པའི་བརྩོན་འགྲུས་ཀྱི་བྱ་བ་བརྒྱད་དོ། །གོ་རིམ། གོ་བགོས་པ་ནི་འཇུག་གོ །ཞུགས་པས་ནི་དཔུང་གི་ཚོགས་བསོག་གོ །དཔུང་གི་ཚོགས་བསགས་པས་ནི་མ་རྒྱལ་བ་ལས་རྒྱལ་བ་ངེས་པར་འབྱུང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རིམ་པ་བཞིན་དུ་ཐོབ་པས་སྔ་མ་ཕྱི་མ་དང་ངོ་བོ་མི་གཅིག་པ་ཡོད་ལ། ཕྱི་མ་སྐྱེས་པ་ན་སྔ་མ་དང་ངོ་བོ་གཅིག་ཏུ་འགྱུར་རོ། །ས་མཚམས་ནི་ཐོགས་མེད་སློབ་དཔོན་གཉིས་ཀས། གོ་ཆ་དང་འཇུག་པའི་བསྒྲུབ་པ་དག་ནི་གོ་རིམ་བཞིན་དུ་བརྒྱུད་པ་དང་། དངོས་སུ་སྦྱོར་བའི་རང་བཞིན་ཚོགས་དང་མོས་པས་སྤྱོད་པའི་སས་བསྡུས་པ་ཡིན་ནོ། །ཚོགས་ཀྱི་བསྒྲུབ་པ་བརྩེ་བ་ནས་བརྩམས་ཏེ་གཟུངས་ཀྱི་བར་ནི་མངོན་སུམ་དུ་སྦྱོར་བའི་རང་བཞིན་ཆོས་མཆོག་ཆེན་པོས་བསྡུས་པ་ཡིན་ནོ། །ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་དུ་གྱུར་པའི་ཚོགས་ཀྱི་བསྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཡིན་ལ། ས་གཉིས་པ་ལ་སོགས་པའི་རང་བཞིན་བསྒོམ་པའི་ལམ་གྱི་ངོ་བོ་ཉིད་ཡིན་ཞིང་། གཉེན་པོའི་ཕྱོགས་ཀྱི་བདག་ཉིད་ཅན་གྱི་ཚོགས་ཀྱི་བསྒྲུབ་པ་ནི་གཉིས་ཀའི་སྤྱོད་ཡུལ་ཅན་ཡིན་ནོ། །ངེས་པར་འབྱུང་བའི་བསྒྲུབ་པ་ནི་བསྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ་ཞེས་གསུངས་པ་ཉིད་དོ། །འགྲེལ་པར། དེ་རང་གི་ངོ་བོ་ཞེས་ནས་བསྒྲུབ་པ་སྟེ་ཞེས་གསུངས་པའི་བར་གྱིས་མཁྱེན་གསུམ་གྱི་ལམ་ལ་གོམས་པའི་མཐུ་མ་ཐོབ་པའི་ཕྱིར་དཀར་པོའི་ཆོས་སྤྱིའི་རྟེན་ཅན་སྒོ་དུ་མ་ནས་སྤྱོད་པའི་བྱ་བ་ནི་མཁྱེན་གསུམ་གྱི་ཡུལ་གྱི་བསྒྲུབ་པ་དང་། སྦྱོར་བཞི་ལ་ཡུན་རིང་དུ་འདྲིས་པའི་མཐུས་མངོན་རྟོགས་རེ་རེ་ལ་ཡང་ཕར་ཕྱིན་དྲུག་གི་རྟེན་ཅན་དུ་བསྡུས་ཏེ་བསྒྲུབ་ནུས་པའི་བྱ་བ་སྦྱོར་བའི་བསྒྲུབ་པ་དང་པོ་སྤྱི། ཕྱི་མ་ཁྱད་པར་རོ། །ཆོས་སྐུ་བྱ་བའི་འབྲས་བུ་ཡིན་པས་དེའི་བསྒྲུབ་པ་མེད་དོ་ཞེས་སྟོན་པའོ། །ཕར་ཕྱིན་དྲུག་ལ་མི་མཐུན་ཕྱོགས་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར་ཕར་ཕྱིན་དྲུག་ལྡན་དུ་བགོ་བར་བྱ་བ་ནི་གོ་ཆ་ཡིན་ལ། དེ་བསམ་པའི་བརྩོན་འགྲུས་ཀྱིས་བསྒྲུབ་པ་ནི་གོ་ཆའི་བསྒྲུབ་པའོ། །དེ་ཡང་ཇི་ལྟར་ཞེ་ན། སྦྱིན་སོགས་ཕར་ཕྱིན་དྲུག་པོ་དེ་དག་སོ་སོར་སྦྱིན་པ་ལ་སོགས་པ་རྣམ་པ་དྲུག་ཏུ་བསྡུས་པ་ཡི་དྲུག་ཚན་དྲུག་གིས་རྣམ་པར་གཞག་པས། གོ་ཆའི་བསྒྲུབ་པ་གང་ཡིན་པ་དེ་ཡང་རྣམ་པ་དྲུག་དང་། སོ་དྲུག་ཏུ་ཇི་བཞིན་བཤད་དོ། །དེ་ཡང་། ཆོས་ཀྱི་སྦྱིན་པ་ལྟ་བུ་ཞིག་སྦྱིན་པ་བྱིན་པས་སྦྱིན་པའི་གོ་ཆ། ཉན་ཐོས་ཀྱི་ཡིད་ལ་བྱེད་པ་ལ་སོགས་པ་སྤོང་བས་སྦྱིན་པའི་ཚུལ་ཁྲིམས་ཀྱི་གོ་ཆ། སྐྱེ་བོ་ཐམས་ཅད་ཀྱིས་མི་སྙན་པར་སྨྲ་བ་བཟོད་པ་ཉིད་སྦྱིན་པའི་བཟོད་པའི་གོ་ཆ། འདུན་པ་བསྐྱེད་པ་སྦྱིན་པའི་བརྩོན་འགྲུས་ཀྱི་གོ་ཆ། ཐེག་པ་གཞན་དང་མ་འདྲེས་པའི་རྩེ་གཅིག་པ་སྦྱིན་པའི་བསམ་གཏན་གྱི་གོ་ཆ། བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་སྦྱིན་པའི་ཤེས་རབ་ཀྱི་གོ་ཆ་སྟེ། དེ་བཞིན་དུ་ཚུལ་ཁྲིམས་སྲུང་བར་བྱེད་པ་ལ་དྲུག བཟོད་པ་རྫོགས་པར་བྱེད་པ་ལ་དྲུག བརྩོན་འགྲུས་རྩོམ་པ་ལ་དྲུག བསམ་གཏན་བསྒྲུབ་པ་ལ་དྲུག ཤེས་རབ་སྒོམ་པར་བྱེད་པ་ལ་དྲུག་གོ །འདིས་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་མཚན་མ་མེད་པར་བྱེད་པ་མི་དམིགས་པས་གོ་ཆ་ཆེན་པོ་ཐབས་མཁས་པ་དང་ལྡན་པ་དང་། དགེ་བའི་བཤེས་གཉེན་ཡོངས་སུ་འཛིན་པ་ཆེན་པོ་ཉིད་དུ་ཤེས་པས་དེ་བགོས་པ་དང་ཆོས་མཐུན་ནོ།། །། བརྒྱད་པ་འཇུག་པའི་བསྒྲུབ་པ་ནི། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་ལྡང་བའི་འཇུག་པ་དང་། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པ་དང་། འཕགས་པའི་ལམ་གྱི་འཇུག་པ་དང་། བྱམས་པ་ལ་སོགས་པ་ཚད་མེད་པའི་འཇུག་པ་དང་། དམིགས་པ་མེད་པ་དང་ལྡན་པའི་འཇུག་པ་དང་། འཁོར་གསུམ་རྣམ་པར་དག་པའི་འཇུག་པ་དང་། ཆེད་དུ་བྱ་བའི་འཇུག་པ་དང་། མངོན་ཤེས་དྲུག་གི་འཇུག་པ་དང་། རྣམ་པ་ཀུན་མཁྱེན་པའི་ཚུལ་ལ་ནི་འཇུག་པ་དགུ་པོ་འཇུག་པའི་བསྒྲུབ་པ་སྟེ། དང་པོ་ཐེག་པ་ཆེན་པོའི་ཆོས་ལ་འཇུག་པ་དང་། ཕྱིས་གོང་ནས་གོང་དུ་ཁྱད་པར་རྟོགས་པས་དེ་ལ་འཛེག་པ་ཡིན་པར་ཤེས་པར་བྱའོ། །མཧཱ་ཆེན་པོ་སྟེ་བདུན་གྱིས་ཡིན་ནོ། །དེ་ཡང་། དམིགས་པ་ཆེན་པོ་མདོ་སྡེ་ལ་སོགས་པའི་ཆོས་རྒྱ་ཆེན་པོ་དཔག་ཏུ་མེད་པ་དང་ལྡན་པ་དང་། བསྒྲུབ་པ་ཆེན་པོ་རང་གི་དོན་དང་གཞན་གྱི་དོན་གཉིས་བསྒྲུབ་པ་དང་། ཡེ་ཤེས་ཆེན་པོ་རྟོགས་པའི་དུས་ན་བདག་མེད་པ་རྣམ་པ་གཉིས་ཤེས་པ་དང་། བརྩོན་འགྲུས་རྩོམ་པ་ཆེན་པོ་བསྐལ་པ་གྲངས་མེད་པ་གསུམ་དུ་རྟག་ཏུ་གུས་པར་བྱས་ཏེ་སྦྱོར་བ་དང་། ཐབས་ལ་མཁས་པ་ཆེན་པོ་འཁོར་བ་ཡོངས་སུ་མི་གཏོང་ཞིང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། ཡང་དག་པར་འགྲུབ་པ་ཆེན་པོ། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པར་ཡང་དག་པར་འགྲུབ་པ་དང་། སངས་རྒྱས་ཀྱི་འཕྲིན་ལས་ཆེན་པོ་ཡང་དང་ཡང་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་པའོ། །དང་པོ་ལྔ་རྒྱུ། ཕྱི་མ་གཉིས་འབྲས་བུ། ཡཱ་ན་འགྲོ་བ་དང་ཐེག་པ་རྣམ་གྲངས་ཏེ། འདིས་འགྲོ་བའི་ཕྱིར། ལམ་ལ་ཐེག་པ་དང་། འདིར་འགྲོ་བའི་ཕྱིར། འབྲས་བུ་ལ་ཐེག་པའོ། །སྔ་མ་བརྒྱད་ནི་ལམ་དང་། དེ་བས་ན་ལས་དང་བྱེད་པས་བསྒྲུབ་པའོ། །ཕྱི་མ་འབྲས་བུའོ། །དེ་ལྟ་བུའི་ཐེག་ཆེན་ནི། རིགས་མོས་སེམས་བསྐྱེད་ཕར་ཕྱིན་དྲུག །ས་དང་པོ་སྐྱོན་མེད་པ་ལ་འཇུག་པ་དང་། ས་བདུན་པའི་བར་སེམས་ཅན་སྨིན་པར་བྱེད་པ་དང་། དག་ས་ཞིང་སྦྱོང་བ་དང་། མི་གནས་པའི་མྱང་འདས་དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདའ་བ་སྟོན་པ་བཅུར་འདུ་བ་འམ། ཡང་ན། ཆོས་ལྔ་དག་དང་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་གཉིས་ཀྱི་ངོ་བོར་ནི། །ཐེག་པ་ཆེན་པོ་མཐའ་དག་འདུས། །ཞེས་ཀྱང་བཤད་དོ། །གོ་རིམ་ནི། དང་པོར་སེམས་གནས་པར་བྱེད་པ། གནས་པ་བརྟན་པའི་ཕྱིར། ཚོགས་གཉིས་གསོག་པ། ཕར་ཕྱིན་དྲུག་ལ་འཁོར་གསུམ་ཡོངས་དག་གིས་བསླབ་པ། བསླབས་པས་མཐོང་བསྒོམ་མི་སློབ་པའི་དགེ་འདུན་ཁྱད་པར་ལམ་གྱི་བར་དུ་འགྲོ་བ། དེ་ཉིད་མཐོང་ནས་གཞན་གྱི་དོན་བྱེད་པ། གཞན་གྱི་དོན་ལ་འཇུག་པའི་འཆིང་བ་དམིགས་པ་ཡིན་པས་དེ་བཅིལ་བ། བཅིལ་ནས་བྱ་བྱེད་ལས་གསུམ་དག་པས་སྒྱུ་མའི་སྐྱེས་བུ་བཞིན་དུ་གཞན་དོན་སྤྱོད་པ། སྤྱོད་པ་ཐམས་ཅད་ཆེད་དུ་བྱ་བ་གསུམ་གྱི་ཕྱིར་དུ། ཆེད་དུ་བྱ་བའི་ཐབས་མངོན་ཤེས། མངོན་ཤེས་ཐོབ་ནས་འཚང་རྒྱ་བ་ཉིད་དུ་སྤྲོ་བས་དེ་ལྟར་དུ་བཞག་སྟེ། འགྲེལ་ཆེན་དུ། དེ་ལྟར་ན་རྟོགས་པའི་རིམ་པས་ཡང་དག་པར་གནས་པའི་མཚན་ཉིད་ཅན་ཐེག་པ་ཆེན་པོའི་ཆོས་མཐའ་དག་གནོན་པའི་ངོ་བོ་ཉིད་འཇུག་པའི་བསྒྲུབ་པ་ནི་རྣམ་པ་དགུ་ཉིད་འགྱུར་བ་ཡིན་ནོ་ཞེས་སོ། །ཞི་གནས་སྐྱེས་ནས་བསམ་གཏན་གཟུགས་མེད་ལ་སྙོམས་པར་འཇུག་པ། ཀུན་ལས་བཏུས་སུ། ཡིད་ལ་བྱེད་པ་བདུན་གྱིས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ། འདུ་ཤེས་མེད། འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་དུ་ཡང་དེ་བཞིན་ནོ་ཞེས་པས་ལྷག་མཐོང་གི་ལམ། ས་དེ་དང་། དེའི་ཉེར་བསྡོགས་སུ་གྱུར་པ་དྲུག་དང་། དངོས་གཞིར་གྱུར་པ་སྟེ་བདུན་ནོ། །དང་པོ་མཚན་ཉིད་རབ་ཏུ་རིག་པའི་ཡིད་ལ་བྱེད་པ་ནི། འདོད་པ་རྣམས་ལ་རགས་པའི་བདག་ཉིད་ཉེས་དམིགས། གནོད་པ་མང་བ་ཡམས་དང་འགོ་ནད་ལྟ་བུ། བསམ་གཏན་དང་པོ་དེ་དག་དང་བྲལ་བ་ཞི་བའི་རང་བཞིན་དུ་ཤེས་པའི་ཡིད་བྱེད་ཐོས་བསམ་དང་འདྲེས་པའོ། །དེ་ཡང་ཐོས་བསམ་གྱིས་བར་བར་དུ་གྲོགས་བྱེད་པས་ཡིན་གྱིས་ཐོས་བསམ་ཡིད་ལ་བྱེད་པ་མིན་ནོ། །མོས་པ་ལས་བྱུང་བའི་ཡིད་བྱེད་ནི། ཐོས་བསམ་ལས་འདས་ནས་སྒོམ་པ་གཅིག་པུས་ཞི་རགས་སུ་ཡང་ཡང་ཡིད་བྱེད་དོ། །དབེན་པ་ལས་བྱུང་བའི་ཡིད་བྱེད་ནི། ཡང་ཡང་གོམས་པས་འདོད་པའི་ཉོན་མོངས་ཆེན་པོ་སྤོང་བའོ། །དགའ་བ་སྡུད་པའི་ཡིད་བྱེད་ནི། འདོད་ཉོན་ཆེན་པོ་སྤངས་པས་ཡང་དང་ཡང་དུ་སྤོང་བ་ལ་དགའ་ཞིང་ཉོན་མོངས་པ་ཆེན་པོའི་གནས་ངན་ལེན་དང་བྲལ་བའི་དབེན་པ་ལ་དགའ་བས་འདོད་ཉོན་འབྲིང་སྤོང་བར་བྱེད། དཔྱོད་པ་ཡིད་བྱེད་ནི་འབྲིང་སྤངས་པས་བདག་ཉིད་ལ་ཉོན་མོངས་པ་མངོན་དུ་མི་རྒྱུ་བར་མཐོང་བ་ན། ཅི་ཉོན་མོངས་སྤངས་ནས་མི་རྒྱུ་བ་ཡིན་ནམ། མ་སྤངས་ཀྱང་མི་རྒྱུ་བ་ཡིན་སྙམ་ནས་སྡུག་པའི་མཚན་མ་སོགས་ཡིད་ལ་བྱས་པས་ན་ཉོན་མོངས་མངོན་དུ་རྒྱུ་བར་མཐོང་སྟེ་དེས་སྐྱོ་ཞིང་བསམ་གཏན་ཡིད་ལ་བྱེད་པའོ། །སྦྱོར་བ་མཐའི་ཡིད་བྱེད་ནི་འདོད་ཉོན་ཆུང་ངུ་སྤང་བའི་ཕྱིར་དང་པོའི་དངོས་གཞི་ལ་ཐུག་གི་བར་གཉེན་པོ་སྒོམ་པ་དེ་མ་ཐག་རྣམ་པར་གྲོལ་བ་མངོན་དུ་བྱེད་པས་དང་། འདི་ལ་བརྟེན་ནས་འདོད་ཉོན་སྤོང་མི་ནུས་པ་མེད་པས་ན་དང་པོའི་འདི་ཁོ་ན་ལ་མི་ལྕོགས་པ་མེད་པ་ཞེས་ཀྱང་བྱའོ། །དེ་ལྟར་དྲུག་གོ །སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་ནི་དང་པོའི་དངོས་གཞིའོ། །དེ་དག་གི་དང་པོ་གཉིས་སྦྱོར་བ་དང་། རབ་དབེན་སྦྱོར་ཐ་གཉིས། བར་ཆད་མེད་དང་། དགའ་སྡུད་བཞི་ཆར། དཔྱོད་པ་ཁྱད་པར་ལམ། འབྲས་བུ་ཡིད་བྱེད་རྣམ་གྲོལ་ལམ་མོ། ཡང་། དང་པོ་གཉིས་རྣམ་པར་སུན་འབྱིན། བར་མ་བཞི་ནི་སྤོང་བ། འབྲས་བུ་ཡིད་བྱེད་རྟེན། དེའི་གོང་མ་རྣམས་ཐག་སྲིང་གཉེན་པོའོ། ཡན་ལག་ནི་བསམ་གཏན་དང་པོ་ལ། རྟོག་དཔྱོད་དགའ་བདེ་སེམས་རྩེ་གཅིག་པ་ལྔ། གཉིས་པ་ལ་ནང་རབ་ཏུ་དང་བ། དགའ། བདེ། སེམས་རྩེ་གཅིག་པ། གསུམ་པ་ལ། བཏང་སྙོམས། དྲན་པ། ཤེས་བཞིན། བདེ་བ། སེམས་རྩེ་གཅིག་པ་ལྔ། བཞི་པ་ལ། འདུ་བྱེད་བཏང་སྙོམས་ཡོངས་སུ་དག་པ། དྲན་པ་ཡོངས་སུ་དག་པ། སྡུག་བསྔལ་ཡང་མིན་བདེ་བ་ཡང་མིན་པའི་ཚོར་བ། སེམས་རྩེ་གཅིག་པ་བཞིའོ། །བསམ་གཏན་དང་པོར་རྟོག་དཔྱོད་ཀྱི་སྤང་བྱ་འདོད་པའི་འདོད་ཆགས་དང་། གནོད་སེམས་དང་། རྣམ་པར་འཚེ་བའི་རྣམ་རྟོག་གསུམ་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་དང་། འཆལ་ཚུལ་དང་། རྣམ་གཡེང་ལྔ་སྤོང་། དེ་གཉིས་གཉེན་པོའི་ཡན་ལག དེས་དང་པོར་ཡིད་ལ་ཕན་འདོགས་པའི་དགའ་བ་སྐྱེ། དེ་ནས་ལུས་ལ་ཕན་འདོགས་བདེ་བ་སྐྱེ་བས་འདིར་ཚོར་བ་སྡུག་བསྔལ་དང་ཡིད་མི་བདེ་ལས་གྲོལ་ལོ། །དེ་གཉིས་ཕན་ཡོན་གྱི་ཡན་ལག དེ་ལྟ་བུའི་དགའ་བདེའང་སྤང་བྱ་དེ་རྣམས་ཀྱིས་དབེན་པར་མཐོང་བ་ལས་སྐྱེས་པས་ན་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཞེས་བྱའོ། །གཉེན་པོ་དང་ཕན་ཡོན་གྱི་ཡན་ལག་གཉིས་ཀྱི་གནས་ནི་དངོས་གཞི་སྟེ་སེམས་རྩེ་གཅིག་པའོ། །གནས་འདི་འོག་མ་གསུམ་ལ་ཡང་ངོ་། །རྟོག་པ་ནི་བློ་རྩིང་བའི་རྣམ་པ་ཡིན་ལ། དཔྱོད་པ་ནི་ཞིབ་པའི་འོ། །དེ་བས་སེམས་རྩེ་གཅིག་པའི་ངང་དུ་གཉེན་པོ་རྟོག་དཔྱོད་ཀྱི་རྣམ་པ་ལྔའི་སྤང་བྱ་ལས་གྲོལ་ཞིང་འབྲས་བུ་དབེན་པ་ལས་སྐྱེས་པའི་དགའ་བདེ་མྱོང་བ་ཙམ་བསམ་གཏན་དང་པོའི་དངོས་གཞིའོ། །བསམ་པའི་གཏན་པ་བཅས་ཏེ་བསྒོམ་པས་ན་བསམ་གཏན་ཞེས་བྱ། དང་པོ་དེ་རྟོག་པ་མེད་དཔྱོད་པ་ཙམ་དུ་ཟད་པའི་ཚེ་ན་བསམ་གཏན་ཁྱད་པར་ཅན་ཞེས་བྱ་སྟེ་ཚངས་པ་ཆེན་པོའི་རྒྱུར་བཤད་དོ། །ནང་རབ་ཏུ་དང་བས་ནི་བསམ་གཏན་དང་པོའི་རྟོག་དཔྱོད་ལས་གྲོལ་བར་བྱེད་པས་གཉེན་པོ་དགའ་བདེ་ཕན་ཡོན། རྟོག་དཔྱོད་ལས་གྲོལ་བས་དགའ་བདེ་སྐྱེ་བས་ན་འདི་ལ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཞེས་བྱའོ། །སེམས་རྩེ་གཅིག་པའི་ངང་དུ་གཉེན་པོ་ནང་རབ་ཏུ་དང་བས་སྤང་བྱ་བསམ་གཏན་དང་པོའི་རྟོག་དཔྱོད་ལས་གྲོལ་ཞིང་འབྲས་བུ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་མྱོང་བ་ཙམ་གཉིས་པའི་དངོས་གཞིའོ། །བཏང་སྙོམས་དྲན་ཤེས་བཞིན་གསུམ་གྱིས་བསམ་གཏན་གཉིས་པའི་དགའ་བ་ལ་ཆགས་པ་སྤངས་པས་གཉེན་པོ་གཟུགས་ཀྱི་ལུས་དང་ཤིན་ཏུ་སྦྱངས་པའི་ལུས་གཉིས་བདེ་བའི་འཚོར་བ་བདེ་བ་ནི་ཕན་ཡོན། བཏང་སྙོམས་དྲན་ཤེས་ནི་སྤོང་བའི་འདུ་བྱེད་བརྒྱད་ཀྱི་གསུམ་པོ་དེའོ། །སེམས་རྩེ་གཅིག་པའི་ངང་དུ་གཉེན་པོ་བཏང་སྙོམས་དྲན་པ་ཤེས་བཞིན་གསུམ་གྱིས་བསམ་གཏན་གཉིས་པའི་དགའ་བའི་ཆགས་པ་ལས་གྲོལ་ཞིང་འབྲས་བུ་ལུས་སེམས་གཉིས་ཀྱི་བདེ་བའི་ཚོར་བ་བདེ་བ་ཙམ་མྱོང་བ་གསུམ་པའི་འོ། །འདུ་བྱེད་བཏང་སྙོམས་དང་དྲན་པ་ཡོངས་དག་གིས་བསམ་གཏན་གསུམ་པའི་བདེ་བ་ལ་ཆགས་པ་སྤངས་པས་གཉེན་པོ། དེ་ཡང་འདུ་བྱེད་བཏང་སྙོམས་དང་རྟོག་དཔྱོད་བདེ་སྡུག་ཡིད་བདེ་ཡིད་མི་བདེ་དབུགས་རྔུབ་སྟེ་བརྒྱད་ལས་གྲོལ་བས་ན་ཡོངས་སུ་དག་པ་ཞེས་བྱ། ཚོར་བ་བཏང་སྙོམས་ནི་ཕན་ཡོན། སེམས་རྩེ་གཅིག་པའི་ངང་དུ་གཉེན་པོ་འདུ་བྱེད་བཏང་སྙོམས་ཡོངས་དག་དང་དྲན་པ་ཡོངས་དག་གཉིས་ཀྱི་བསམ་གཏན་གསུམ་པའི་བདེ་བའི་ཆགས་པ་ལས་གྲོལ་ཞིང་ཚོར་བ་བཏང་སྙོམས་ཙམ་མྱོང་བ་བསམ་གཏན་བཞི་པའི་དངོས་གཞིའོ། །བསམ་གཏན་དེ་དག་ལ་ཡན་ལག་མང་དུ་ཡོད་ཀྱང་ཇི་ཙམ་ཞིག་ཚོགས་པས་བསམ་གཏན་གྱི་ལུས་གྲུབ་པར་འཇོག་པ་རྣམས་གཙོ་བོར་སྨོས་སོ། །དེ་བས་ན་ཡན་ལག་ཚོགས་པའི་ལུས་ཀྱང་བསམ་གཏན་གྱི་དངོས་གཞིའི་གནས་སྐབས་སུ་ཡིན་གྱིས་ཉེར་བསྡོགས་ཀྱི་དུས་སུ་མ་ཡིན་ནོ། །གཟུགས་མེད་རྣམས་ལ་ཡན་ལག་མི་འདྲ་བ་མེད་དེ་རྩེ་གཅིག་པ་དང་ཚོར་བ་བཏང་སྙོམས་སུ་མཚུངས་པ་ཁོ་ནའོ། །དེ་ཡང་ཉེར་བསྡོགས་ཀྱི་ཚེ་ལྷག་མཐོང་ཡོད་ཀྱང་དངོས་གཞིའི་ཚེ་ཞི་གནས་འབའ་ཞིག་པའོ། །ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱི་ཚེ་ནི་ས་འོག་མའི་ཕུང་པོ་དང་ནམ་མཁའ་ཙམ་ལ་དམིགས་ཤིང་། དངོས་གཞིའི་ཚེ་རང་སའི་ཕུང་པོ་རྣམས་ལ་ཡང་དམིགས་སོ། །དེས་ན་ཏིང་ངེ་འཛིན་གྱི་དམིགས་པའམ་སྣང་བ་ལ་མི་འདྲ་བ་ཙམ་གྱིས་ཕྱེ་བ་ཡིན་པས། སྔོན་པོ་སོགས་ཁ་དོག་གི་འདུ་ཤེས་ནུབ། གྱང་སོགས་ཐོགས་པའི་འདུ་ཤེས་ནུབ། གོས་རྒྱན་སོགས་སྣ་ཚོགས་པའི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་པར་སྣང་བ་ལ་སྙོམས་པར་འཇུག་པ་ནི་ནམ་མཁའ་མཐའ་ཡས་སོ། །ནམ་མཁའི་འདུ་ཤེས་དེ་ཡང་རགས་པར་མཐོང་བས་བཟློག་ནས་ནམ་མཁར་མོས་པའི་རྣམ་ཤེས་དེ་ཉིད་མཐའ་ཡས་སོ་སྙམ་ཞིང་རང་སའི་ཕུང་པོ་ལ་དམིགས་པ་ནི་རྣམ་ཤེས་མཐའ་ཡས་སོ། །རྣམ་ཤེས་ཀྱི་འདུ་ཤེས་དེ་ཡང་རགས་པར་མཐོང་ནས་བཟློག་ལ། གཟུགས་ཅན་དང་ནམ་མཁའི་འདུ་ཤེས་ནི་སྔར་བཟློག་ཟིན་པས་གཟུགས་ཅན་གྱི་དམིགས་པ་ནི་ཅི་ཡང་ཡོད་པ་མ་ཡིན་ནོ་ཞེས་དངོས་གཞི་ལ་འཇུག་པ་ནི་ཅི་ཡང་མེད་པའོ། །ཅི་ཡང་མེད་པ་ལ་རགས་པར་མཐོང་ནས་བཟློག་ཅིང་འདུ་ཤེས་ལ་ནད་དང་འདུ་ཤེས་མེད་པ་ལ་རྨོངས་པར་བལྟས་ནས་འདུ་ཤེས་རགས་པ་མེད་ཅིང་འདུ་ཤེས་ཕྲ་མོ་ཙ་མ་ལ་དམིགས་ནས་དངོས་གཞི་ལ་སྙོམས་པར་འཇུག་པ་ནི་འདུ་ཤེས་མེད། འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །དེ་བས་ན་ཚོར་བ་དང་འདུ་ཤེས་གཉིས་ལ་འདོད་ཆགས་དང་བྲལ་བའི་རིམ་པས་བསམ་གཏན་དང་གཟུགས་མེད་དུ་རྣམ་པར་བཞག་པ་ཡིན་ནོ། །ཕར་ཕྱིན་དྲུག་ལ་སྤྱོད་པའི་ཚེ་ས་འོག་མ་དང་གོང་མའི་དབྱེ་བས་རགས་པ་དང་ཞི་བ་ལ་སོགས་པ་ནི་རྣམ་པ། ས་གང་ལ་ཚོར་བ་གང་ཞིག་ཡོད་པ་དེ་ནི་རྟགས། སྙོམས་པར་འཇུག་པའི་བདེ་བའི་རོ་མྱོང་བ་ནི་མཚན་མ་སྟེ། དེས་བསམ་གཏན་དང་གཟུགས་མེད་ལ་འཇུག་ཅིང་ལྡང་བ་ན་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་པ་ཡང་ཡང་དུ་གོམས་པས་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་དམིགས་སུ་མེད་པའི་རྣམ་པ་ཅན་གྱི་ལམ་ཡོངས་སུ་འཛིན་པས་རྣམ་རྟགས་མཚན་མ་ནི་མེད་པར་བྱེད་པའོ། །དེ་ནི་འདིར་བསྟན་གྱི་ཉམས་ལེན་ནོ། །དེ་ལ་བསམ་གཏན་དང་པོའི་དངོས་གཞི་ཆུང་འབྲིང་ཆེན་པོ་གསུམ་དུ་བསྒོམས་པས་འབྲས་བུ་བསམ་གཏན་པ། ཚངས་རིས་འདུན་ན་འདོན་ཆེན་པོར། གཉིས་པས་འོད་ཆུང་ཚད་མེད་འོད་འོད་གསལ། གསུམ་པས་དགེ་ཆུང་ཚད་མེད་དགེ་དགེ་རྒྱས། བཞི་པས་སྤྲིན་མེད་བསོད་ནམས་སྐྱེས་འབྲས་བུ་ཆེ་རྣམས་སུ་སྐྱེ་ལ། དེའི་གོང་གི་མི་ཆེ་བ་སོགས་ལྔ་ནི་འཕགས་པའི་གནས་ཡིན་པས་འཇིག་རྟེན་པའི་བསམ་གཏན་འབའ་ཞིག་པས་སྐྱེ་བ་ནི་མེད་དོ། །གནས་ཀྱི་རྟེན་མེད་པས་གཟུགས་མེད་ལ་ཆུང་འབྲིང་ཆེན་པོར་བསྒོམས་ན་ཚེ་རིང་ཐུང་གི་དང་ཉོན་མོངས་མང་ཉུང་གི་བཟང་ངན་གྱི་ཁྱད་པར་ཙམ་དུ་ཟད་དོ། །དེ་དག་ཏུ་སྲེད་པ་ལྟ་བ་ང་རྒྱལ་མ་རིག་པ་བཞིས་ཉོན་མོངས་པ་ཅན་དུ་གྱུར་པས་བསྒྲིབས་ལ་ལུང་དུ་མ་བསྟན་པར་འགྱུར་རོ། །དག་པའི་བསམ་གཟུགས་ནི་དགེ་བའི་ཕྱིར་ཀུན་ནས་དཀྲིས་པའི་དྲི་མ་དང་བྲལ་བས་རྣམ་བྱང་ཞེས་བྱ་ལ། རབ་ཀྱི་མཐའི་ཆ་ལས་བྱུང་བའི་བསམ་གཟུགས་ནི། ཡོན་ཏན་ཁྱད་པར་ཅན་མངོན་དུ་སྒྲུབ་པའི་ཕྱིར་འདོད་པ་བཞིན་དུ་ལས་སུ་རུང་བས་མཆོག་ཏུ་འགྲོ་བར་བྱེད་པས་རྣམ་པར་དག་པ་ཞེས་བྱའོ། །འདིར་ཤེར་ཕྱིན་ཉིད་ལྡོག་ཆ་དེ་དག་དང་མཐུན་པར་ལྡང་བ་ཙམ་སྟེ། ཀུན་བཏུས་སུ། བསམ་གཏན་དང་པོས་བསྡུས་པའི་ཏིང་ངེ་འཛིན་ཇི་སྙེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྙོམས་པར་འཇུག་པ་དེ་དག་གི་མིང་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མི་ཤེས་སོ་ཞེས་སོ། །སྦྱིན་སོགས་ཕར་ཕྱིན་དྲུག་ལ་གྲངས་ངེས། མཚན་ཉིད། གོ་རིམ། ངེས་ཚིག སྒོམ་པ། རབ་དབྱེ། བསྡུ་བ། མི་མཐུན་ཕྱོགས །ཡོན་ཏན། ཕན་ཚུན་རྣམ་པར་ངེས་པ་བཅུ། དང་པོ་ནི། ཕར་ཕྱིན་དྲུག་གི་རིམ་པ་བཞིན་ལོངས་སྤྱོད། ལུས། འཁོར། ལས་ཀྱི་མཐའ་ཐམས་ཅད་འགྲུབ་པ་སྟེ་མངོན་པར་མཐོ་བ་བཞི། ཉོན་མོངས་པའི་དབང་དུ་མི་འགྲོ་བ། བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པ་གཉིས་ཏེ་རང་དོན་ལ་ལྟོས་ནས་གྲངས་ངེས་པ་དང་། དང་པོ་གསུམ་གྱིས། གཏོང་བ། མི་གནོད་པ། གནོད་པ་བྱེད་པ་ལ་བཟོད་པ་གསུམ་གྱིས་གཞན་དོན་བྱེད་པ་དང་། ཕྱི་མ་གཉིས་ཀྱིས་སེམས་གནས་པ་དང་རྣམ་པར་གྲོལ་བར་བྱེད། བརྩོན་འགྲུས་ཀྱིས་དེ་གཉིས་ཀྱི་གཞི་བྱེད་པས་རང་དོན་གསུམ། གཉིས་དོན་ལ་ལྟོས་ནས། ཡོ་བྱད་ཀྱིས་མི་འཕོངས་པ་དང་། མི་འཚེ་བ་དང་། འཚེ་བ་བཟོད་པ། དགེ་བའི་གྲོགས་བྱ་བས་མི་སྐྱོ་བ་དང་། རྫུ་འཕྲུལ་ལ་སོགས་པའི་མཐུས་དགའ་བར་བྱེད་པ་དང་། ཐེ་ཚོམ་གཅོད་པའི་སྒོ་ནས་ལེགས་པར་བརྗོད་པ། གཞན་དོན་ལ་ལྟོས་ནས། ལོངས་སྤྱོད་ལ་མི་ལྟ་བ། བསླབ་པ་ལ་གུས་པ། སྡུག་བསྔལ་ལ་མི་སྐྱོ་བ། དགེ་བ་ལ་མི་སྐྱོ་བ། ཞི་གནས་ཀྱི་རྣལ་འབྱོར། ལྷག་མཐོང་གི་རྣམ་པར་མི་རྟོག་པ་སྟེ་ཐེག་ཆེན་ཐམས་ཅད་འདུས་པ་ལ་ལྟོས་ནས། ཡུལ་རྣམས་ལ་མི་ཆགས་པའི་ལམ་དང་། དེ་ཐོབ་པའི་རྣམ་གཡེང་སྡོམ་པའི་ལམ་དང་། སེམས་ཅན་མི་གཏོང་བའི་ལམ་དང་། དགེ་བ་འཕེལ་བའི་ལམ་དང་། ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ལམ་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་སྦྱོང་བའི་ལམ་སྟེ་ལམ་ལ་ལྟོས་ནས། དང་པོ་གསུམ་ལྷག་པ་ཚུལ་ཁྲིམས་ཀྱི། བསམ་གཏན་ལྷག་པ་ཏིང་ངེ་འཛིན་གྱི། ཤེས་རབ་ལྷག་པ་ཤེས་རབ་ཀྱི། བརྩོན་འགྲུས་ཐམས་ཅད་ལ་གཏོགས་པ། བསླབ་པ་གསུམ་ལ་ལྟོས་ཏེ་གྲངས་ངེས་སོ། །གཉིས་པ་ནི། གཏོང་བའི་ཆོས་བཞི་ལྡན་སྦྱིན་པའི་ཕར་ཕྱིན་གྱི་མཚན་ཉིད། མི་མཐུན་ཕྱོགས་སེར་སྣ་ཉམས་པ་དང་། ཆོས་ཀྱི་བདག་མེད་རྟོགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། གང་ཅི་འདོད་པ་དེ་ལ་དེ་སྦྱིན་པས་འདོད་པ་ཐམས་ཅད་རྫོགས་པར་བྱེད་པ་དང་། སྦྱིན་པས་བསྡུས་ནས་ཐེག་པ་གསུམ་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་སྦྱོར་བས་སེམས་ཅན་སྨིན་པར་བྱེད་པའོ། །དེ་བཞིན་དུ་སྤོང་བའི་སེམས་པའི་ཆོས་བཞི་ལྡན། མི་འཁྲུགས་པའི་ཆོས་བཞི་སྔན། དགེ་བའི་རྩ་བ་ལ་སྤྲོ་བའི་ཆོས་བཞི་ལྡན། སེམས་རྩེ་གཅིག་པའི་ཆོས་བཞི་ལྡན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཆོས་བཞི་ལྡན་ནོ། །མི་མཐུན་ཕྱོགས་ནི་རིམ་པ་བཞིན། འཆལ་ཚུལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང་། འཆལ་བའི་ཤེས་རབ་བོ། །འདོད་པ་ཡོངས་སུ་རྫོགས་པར་བྱེད་པའི་ཚུལ་ནི། ལུས་དང་ངག་ཡང་དག་པར་སྡོམ་པས་དང་། གནོད་པ་བྱེད་པ་ལ་བཟོད་པ་དང་། དགེ་བ་ལ་གྲོགས་དང་། ཡིད་ལ་འཐད་པ་དང་། ཐེ་ཚོམ་གཅོད་པའོ། །གསུམ་པ་ནི། སྔ་མ་ལ་བརྟེན་ནས་ཕྱི་མ་སྐྱེ་བ་སྟེ། ལོངས་སྤྱོད་ལ་མི་ལྟ་བས་ཚུལ་ཁྲིམས་ཡང་དག་པར་ལེན། ཚུལ་ཁྲིམས་དང་ལྡན་ན་བཟོད། བཟོད་ན་བརྩོན། བརྩོན་ན་ཏིང་ངེ་འཛིན་སྐྱེ། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །སྔ་མ་སྔ་མ་རྣམས་དམན། ཕྱི་མ་ཕྱི་མ་རྣམས་མཆོག དེ་བཞིན་རགས་ཕྲ་ཡང་ངོ་། །བཞི་པ་ནི། རང་གཞན་གྱི་དབུལ་བ་འདོར་བས་ན་སྦྱིན་པ། ཉོན་མོངས་པའི་གདུང་བ་ལས་བསིལ་བ་ཐོབ་པས་ན་ཚུལ་ཁྲིམས། ཁོང་ཁྲོ་བ་བཟོད་པས་ན་བཟོད་པ། དགེ་བ་མཆོག་དང་སྦྱོར་བས་ན་བརྩོན་འགྲུས། ཡིད་ནང་དུ་འཛིན་པས་ན་བསམ་གཏན། འདིས་དོན་དམ་པ་ཤེས་པས་ན་ཤེས་རབ། ལྔ་པ་ནི། རྒྱུ་དང་། རྣམ་སྨིན་དང་། སྨོན་ལམ་དང་། སོ་སོར་རྟོག་པའི་སྟོབས་ལ་བརྟེན་པ་བཞི་དངོས་པོ་ལ་བརྟེན་པའོ། །མོས་པ་དང་། རོ་མྱང་བ་དང་། རྗེས་སུ་ཡི་རང་བ་དང་། མངོན་པར་དགའ་བ་ཡིད་ལ་བྱེད་པ་བཞི་ཡིད་ལ་བྱེད་པ་ལ་བརྟེན་པའོ། །ངོམས་མི་ཤེས་པའི་བསམ་པ་དང་། རྒྱ་ཆེན་པོའི། དགའ་བའི། ཕན་པའི། མ་གོས་པའི་དགེ་བའི་བསམ་པ་སྟེ་དྲུག་བསམ་པ་ལ་བརྟེན་པའོ། །འཁོར་གསུམ་དག་པ་ཐབས་ལ་བརྟེན་པའོ། སྐུ་དང་། སྤྱོད་པ་དང་། སྟོན་པ་ལ་དབང་འབྱོར་པ་གསུམ་དབང་འབྱོར་རོ། །དྲུག་པ་ནི། སྦྱིན་པ་ནི་རྣམ་པ་དྲུག་སྟེ། ལེན་པ་པོ་རྣམས་ལ་དོན་གཏོང་བ་ངོ་བོ། མ་ཆགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པ་རྒྱུ། ལུས་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྲས་བུ། རང་གཞན་རྗེས་སུ་འཛིན་པའི་བྱང་ཆུབ་ཆེན་པོའི་ཚོགས་རྫོགས་པར་བྱེད་པ་ལས། སེར་སྣ་མེད་པ་ལྡན་པ། ཆོས་ཟང་ཟིང་མི་འཇིགས་པའི་རབ་དབྱེ་ལ་འཇུག་པའོ། །ཚུལ་ཁྲིམས་ཀྱི་ཡན་ལག་དྲུག་ནི་ངོ་བོ་སྟེ། ཚུལ་ཁྲིམས་དང་ལྡན་པར་གནས་པ། སོ་སོ་ཐར་པའི་སྡོམ་པས་བསྡམས་པ། ཆོ་ག་ཕུན་སུམ་ཚོགས་པ། སྤྱོད་ཡུལ་ཕུན་སུམ་ཚོགས་པ། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པ་རྣམས་ནི་ཡན་ལག་དྲུག་གོ །ཞི་བ་མྱང་འདས་ཀྱི་བསམ་པས་ཟིན་པ་རྒྱུ། བདེ་བ་སྦྱིན་བྱེད་འབྲས་བུ། ཡོན་ཏན་ཐམས་ཅད་ཀྱི་རྟེན་ཉོན་མོངས་ཀྱི་གདུང་བ་ཞི་བ་དང་། མི་དགེ་བའི་རྒྱུས་འཇིགས་པ་དང་ཁ་ན་མ་ཐོ་བ་དང་འཁོན་རྣམས་མི་འབྱུང་བའི་ཕྱིར་འཇིག་པ་མེད་པ་ལས་བསོད་ནམས་ཀྱི་ཚོགས་དང་ལྡན་པ། བརྡར་བཏགས་པ་སོར་སྡོམ། ཆོས་ཉིད་ཀྱིས་ཐོབ་པ་བསམ་གཏན། ཟག་མེད་གྱི་སྡོམ་པའི་རབ་དབྱེ་ལ་འཇུག་པའོ། །བཟོད་པ་ནི། གནོད་པ་ལ་མི་མཇེད་པ། སྡུག་བསྔལ་ལ་ཇི་མི་སྙམ་པ། ཆོས་ལ་ངེས་པར་རྟོགས་པ་ངོ་བོ། སྙིང་རྗེ་ཚུལ་ཁྲིམས་ཐོས་སོགས་དགེ་བ་ལ་བརྟེན་པ་རྒྱུ། འཁོན་མེད་པ། དབྱེན་མེད་པ། ཡིད་བདེ་བ། འགྱོད་པ་མེད་པར་འཆི་བ། ཤི་ནས་བདེ་འགྲོར་སྐྱེ་བ་ལྔ་འབྲས་བུ། རང་གཞན་གྱི་དོན་བྱེད་པ་ལས། དཀའ་ཐུབ་ཀྱི་གཙོ་བོ་དང་ཀུན་ཏུ་ལྡན་པ། སྔར་གྱི་མི་མཇེད་མི་སྙམ་ངེས་རྟོགས་ཀྱི་རབ་དབྱེ་ལ་འཇུག་པའོ། །བརྩོན་འགྲུས་ཀྱི། དགེ་བ་ལ་སྤྲོ་བ་ངོ་བོ། དད་པ་དང་དོན་གཉེར་རྒྱུ། དད་པ་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་འཕེལ་བ་འབྲས་བུ། ཉོན་མོངས་ཀྱི་གཉེན་པོ་བྱེད་པ་ལས། མ་ཆགས་པ་ལ་སོགས་པའི་ཡོན་ཏན་ལྡན་པ། བསླབ་པ་གསུམ་ལ་ལུས་དང་སེམས་ཀྱི་རྟག་ཏུ་བརྩོན་པ་དྲུག་དང་གུས་སྦྱོར་བསྣན་པས་བདུན་གྱིས་རབ་དབྱེ་ལ་འཇུག་པའོ། །བསམ་གཏན་གྱི། སེམས་ནང་དུ་གནས་པ་ངོ་བོ། དྲན་བརྩོན་རྒྱུ། བདེ་བ་སྐྱེ་བ་འབྲས་བུ། མངོན་ཤེས་འཕགས་པ་ལྷ་ཚངས་པའི་གནས་ལ་དབང་བསྒྱུར་བ་ལས། ཆོས་ཐམས་ཅད་ཀྱི་གཙོ་བོ་ལྡན་པ། རྟོག་དཔྱོད་དང་བཅས་པ་རྟོག་པ་མེད་པ་ལ་དཔྱོད་པ་ཙམ་དང་། རྟོག་དཔྱོད་གཉིས་ཀ་མེད་པའམ། ཡང་ན་དགའ་བ་དང་ལྡན་པ། སིམ་པ་དང་ལྡན་པ། བཏང་སྙོམས་དང་ལྡན་པའི་རབ་དབྱེ་ལ་འཇུག་པའོ། །ཤེས་རབ་ཀྱི་དབྱེ་བ་དྲུག་སྟེ། ཤེས་བྱ་ཡང་དག་པར་རབ་ཏུ་འབྱེད་པ་ངོ་བོ། ཏིང་ངེ་འཛིན་རྒྱུ། ཀུན་ནས་ཉོན་མོངས་པ་ལས་གྲོལ་བ་འབྲས་བུ། ཤེས་རབ་ཀྱི་བླ་ན་མེད་པར་འཚོ་བ་དང་། ལེགས་པར་བཤད་པ་གཉིས་ལས། ཆོས་ཐམས་ཅད་ཀྱི་མཆོག་ལྡན་པ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དམན་པ་དང་། འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་ཀྱི་རབ་དབྱེ་ལ་འཇུག་པའོ། །བདུན་པ་ནི། དཀར་པོའི་ཆོས་སྦྱིན་པ། ཚུལ་ཁྲིམས་རྣམ་པར་གཡེང་བ་རྗེས་ཐོབ་ཀྱི། བསམ་གཏན་ཤེས་རབ་མཉམ་བཞག་གི །བཟོད་བརྩོན་གཉིས་ཀས་བསྡུས་སོ། །བརྒྱད་པ་ནི། སྦྱིན་པ་ལ། ལོངས་སྤྱོད་ལ། གདོལ་པ་ལ དོགས་པ་ ། དེ་ཙམ་གྱིས་ཆོག་པར་འཛིན་པ་ལ། རྣམ་སྨིན་ལ། དེ་དག་གི་བག་ལ་ཉལ་བའི་མི་མཐུན་ཕྱོགས་ལ། ཐེག་ཆེན་གྱི་ཡིད་ལ་བྱེད་པའི་དང་། འཁོར་གསུམ་དུ་རྟོག་པའི། གཉིས་ཀྱི་བདག་ཉིད་རྣམ་པར་གཡེང་བ་ལ་ཆགས་པ་བདུན། དེ་ལས་རྣམ་པར་གྲོལ་བའི་ཕྱིར་མ་ཆགས་པ་ཉིད་ལན་བདུན་དུ་བཤད་དོ། །སྦྱིན་པ་ལ་བཞིན་དུ་ཚུལ་ཁྲིམས་སོགས་ལྔ་ལ་ཡང་། ལོངས་སྤྱོད་ལ་ཆགས་པའི་སྦྱིན་པར་འཆལ་པའི་ཚུལ་ཁྲིམས་ལ་སོགས་པ་བརྗོད་ནས་ཤེས་པར་བྱའོ། །དགུ་པ་ནི། རེ་རེ་ཡང་རྒྱ་ཆེ་བ། ཟང་ཟིང་མེད་པ། དོན་ཆེ་བ། མི་ཟད་པ་བཞིས་དང་། རྟེན་གཞི། རྒྱུ་མཚན། ཡོངས་སྔོ། རྒྱུ། ཡེ་ཤེས། ཞིང་། གནས་བརྒྱད་ཀྱིས་སོ། །བཅུ་པ་ནི། ཕན་ཚུན་རྣམ་པར་ངེས་པ་ནི། ཚུལ་ཁྲིམས་བཟོད་པ་མི་འཇིག་པའི་སྦྱིན་པར། བསམ་གཏན་ཤེས་རབ་ཆོས་ཀྱི་སྦྱིན་པར། བརྩོན་འགྲུས་དེ་གཉིས་ཀས་བསྡུས་སོ། །དེ་བཞིན། དགེ་བ་ཆོས་སྡུད་ཀྱིས་ལྔ་པོ་ཐམས་ཅད་དང་། དེ་བཞིན་ལྷག་མ་རྣམས་ལ་ཡང་ངོ་། །རབ་ཏུ་དབྱེ་བ་རྣམ་པར་ངེས་པ་ནི། སྦྱིན་སོགས་རེ་རེར་ཕར་ཕྱིན་དྲུག་ཏུ་བཤད་པ་དག་གོ །ཆོས་ཉིད་ཀྱི་རྣམ་པར་ངེས་པ་ནི། སྦྱིན་སོགས་ཀྱི་དོན་བརྗོད་བྱ་དང་མདོ་ལ་སོགས་པ་ཕན་ཚུན་རྗོད་བྱེད་དུ་བསྡུས་པའོ། །རྒྱུ་མཚན་གྱི་རྣམ་པར་ངེས་པ། སྦྱིན་པ་ནི་ཚུལ་ཁྲིམས་ལ་སོགས་པའི་རྒྱུ་མཚན་དང་། ཚུལ་ཁྲིམས་ཀྱང་སྦྱིན་པ་ལ་སོགས་པའི་རྒྱུ་མཚན། དེ་བཞིན་དུ་ལྷག་མ་དག་ཀྱང་ངོ་། །གཞན་ཡང་འབྲས་བུ་དང་ངེས་པར་འགྱུར་བ་དང་། གདོན་མི་ཟ་བར་བྱ་བ་དང་། རྟག་ཏུ་བྱ་བ་གཙོ་ཆེ་བ། ཚོགས་གཉིས་ཡང་དག་པའི་སྦྱོར་བའི་ཁྱད་པར་ཀྱང་ཤེས་པར་བྱའོ། །འཕགས་པའི་ལམ་ཞེས་བྱ་བ་འདིར་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་བསྒོམ་པ་གསུངས་ཏེ། བྱང་ཆུབ་གསུམ་པོའི་ཕྱོགས་སུ་གྱུར་པས་བྱང་ཕྱོགས། རང་སྤྱིའི་མཚན་ཉིད་ཤེས་རབ་ཀྱིས་བརྟགས་ཏེ་མཐོང་བ་རྣམས་དྲན་པས་གསལ་བར་འཛིན་ཏེ་དྲན་པ་ཤས་ཆེ་བས་དྲན་པ་ཉེར་བཞག་གོ །རབ་དབྱེ་ལུས་ཚོར་སེམས་ཆོས་དྲན་པ་ཉེར་བཞག་སྟེ་བཞིའོ། །དེ་ལ་ཡང་། རྟེན་ཐེག་པ་ཆེན་པོའི་ཐོས་བསམ་བསྒོམ་པའི་ཤེས་རབ། གཉེན་པོ་ལུས་སོགས་བཞི་ལ་བདག་མེད་པར་འཇུག་པས་ཕྱིན་ཅི་ལོག་བཞིའི་ཡང་གཉེན་པོ། འཇུག་པ་དྲན་པ་ཉེར་བཞག་བཞིས། བདེན་པ་བཞི་ལ་བདག་འཇུག་ཅིང་གཞན་ཡང་འཛུད་པ། དམིགས་པ་སེམས་ཅན་ཐམས་ཅད་ཀྱི་ལུས་སོགས་བཞི་ལ་དམིགས་པ། ཡིད་བྱེད་ལུས་སོགས་དེ་དག་མི་དམིགས་པར་ཡིད་ལ་བྱེད་པ། ཐོབ་པས་ལུས་སོགས་དང་བྲལ་བའི་ཕྱིར་ཡང་མིན། མི་འབྲལ་བའི་ཕྱིར་ཡང་མ་ཡིན་པ། མཐུན་པས། ཕ་རོལ་ཏུ་ཕྱིན་པ་དང་མཐུན་པས་དེའི་མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པ། རྗེས་སུ་འཇུག་པས། འཇིག་རྟེན་ཉན་རང་གི་ཡང་རྗེས་སུ་འཇུག་པས་དེ་དག་ལ་དེ་བསྟན་པའི་ཕྱིར་བསྒོམ་པ། ཡོངས་སུ་ཤེས་པ་ལུས་སྒྱུ་མ་ཚོར་བ་རྨི་ལམ་སེམས་ནམ་མཁའ་ཆོས་གློ་བུར་བ་སྤྲིན་སོགས་ལྟ་བུར་ཤེས་པ། སྐྱེ་བས་བསམས་བཞིན་དུ་སྲིད་པར་སྐྱེ་བ་ན་ལུས་ཚོར་སོགས་ཕུན་སུམ་ཚོགས་ཤིང་དེ་ལ་ཀུན་ནས་ཉོན་མོངས་མེད་པ། ཆེན་པོས་རང་བཞིན་གྱི་དབང་པོ་རྣོ་བ་འདིས་དྲན་པ་ཉེར་བཞག་བསྒོམ་པ་ཆུང་ཡང་གཞན་དག་པས་ཆེ་བ། མཆོག་ཉིད་ཀྱི་བསྒོམ་པ་ཡོངས་སུ་གྲུབ་པ་རྣམས་འདྲེས་པ་ཉེ་བར་འདྲེས་པར་བསྒོམ་པ། བསྒོམ་པས། ཤིན་ཏུ་བསྒོམས་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་མི་ཟད་པའོ། །ཡང་དག་པར་འགྲུབ་པས། ས་བཅུ་དང་སངས་རྒྱས་སུ་འགྲུབ་པ་བཅུ་བཞིའོ། །དྲན་པ་ཉེར་བཞག་དེ་དག་གི་མི་མཐུན་པའི་ཕྱོགས་ཉེས་པ་རྣམས་ཀྱི་གཉེན་པོ་ཡང་དག་པར་སྤོང་བ་སྒོམ་པ་སྟེ། བརྩོན་འགྲུས་ཀྱིས་དགེ་བ་བསྐྱེད་ཅིང་སྡིག་པ་མི་དགེ་བའི་ཆོས་རྣམས་སྤོང་བས་ན་ཡང་དག་པར་སྤོང་བའོ། །རབ་དབྱེ་སྡིག་པ་མ་སྐྱེས་པ་མི་སྐྱེད། སྐྱེས་པ་ཡང་དག་པར་སྤོང་། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད། སྐྱེས་པ་ཡང་དག་པར་འཕེལ་པའོ། །དེ་ཡང་འཁོར་བའི་ཉེས་པ་རྣམས་ལ་ཀུན་ཉོན་མེད་པར་ལོངས་སྤྱོད་པ་དང་། སྒྲིབ་པ་ལྔ་དོར་བ་དང་། ཐེག་ཆེན་གྱི་ཡིད་བྱེད་དོར་བ་དང་། ས་དྲུག་ལ་འཇུག་པ། ས་བདུན་པ་ལ་མཚན་མ་མེད་པར་གནས་པ། བརྒྱད་པ་ལ་ལུང་བསྟན་ཐོབ་པ། དགུ་པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ། བཅུ་པ་དབང་བསྐུར། གསུམ་ཆར་ལ་ཞིང་དག་བྱ་བ། སངས་རྒྱས་ཀྱི་ས་ལ་མཐར་ཐུག་པར་བྱ་བ། མི་མཐུན་པའི་ཕྱོགས་ཀྱི་གཉེན་པོར་བསྒོམ་པ་སྟེ། ཕྱི་མ་དེ་དག་ཐམས་ཅད་དུ་འདུན་པ་བསྐྱེད་ནས་ཞི་ལྷག་གི་རྣལ་འབྱོར་ལ་འབད་ཅིང་བསྒོམ་པ་དེ་ཡང་ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་རྒྱུ་མཚན་དག་དང་ལྷན་ཅིག་བསྒོམ། ཞུམ་རྒོད་ཀྱི་གཉེན་པོར་བརྩོན་འགྲུས་རྩོམ། རྩོམ་པ་དེའི་ཐབས་ཤེས་རབ་ཀྱི་སེམས་རབ་ཏུ་འཛིན། ཞི་གནས་ཀྱིས་ཡང་དག་པར་འཇོག མཉམ་པ་ཐོབ་ནས་བཏང་སྙོམས་སུ་འཇོག་པའོ། །དེ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་འགྲུབ་པ། དེ་ཡང་རྟེན། བསམ་གཏན་གྱི་ཕར་ཕྱིན། རབ་དབྱེ་འདུན་པའི། རྫུ་འཕྲུལ་གྱི་རྐང་པ། བརྩོན་འགྲུས་ཀྱི། སེམས་ཀྱི་དཔྱོད་པའི་འོ། །ཐབས་ནི་སྤོང་བའི་འདུ་བྱེད་བརྒྱད་ལས། འདུན་བརྩོན་དད་པ་ནི་འབད་པར་བྱེད་པའི་ཐབས། ཤིན་ཏུ་སྦྱངས་པ་ཕན་འདོགས་ཀྱི་ཐབས། དྲན་ཤེས་བཞིན་ཉེ་བར་གཏོད་པའི་ཐབས་ཏེ། སྔ་མ་སེམས་མི་འཕྲོ་བར་བྱེད་པ་དང་། ཕྱི་མ་འཕྲོ་བར་འདུ་ཤེས་པའི་ཕྱིར་རོ། །སེམས་པ་དང་བཏང་སྙོམས་ནི་གཉེན་པོའི་ཐབས་ཏེ། ཞུམ་རྒོད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །མངོན་པར་བསྒྲུབ་པ་རྣམ་པ་དྲུག་སྟེ། མཐོང་བ་སྤྱན་ལྔ་གདམས་ངག་མངོན་ཤེས་དྲུག །གནས་པས་རྣམ་པར་བརྩེ་བ། སྨོན་ལམ། དབང་། ཐོབ་པའོ། །རང་གི་གཞི་ལ་དབང་བྱེད་པས་སམ། དགེ་བའི་རྩ་བ་སྐྱེད་པ་ལ་དབང་བས་དབང་པོ། རབ་དབྱེ་དད་སོགས་ལྔའོ། །དད་པའི་དབང་པོའི་གཞི་ནི་བྱང་ཆུབ་ལ་དམིགས་པ་སྟེ། དད་པས་དབང་བྱེད་པས་དད་པའི་དབང་པོ། དེ་བཞིན། བརྩོན་འགྲུས་ཀྱི་དབང་པོའི་གཞི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ། དྲན་པའི་དབང་པོའི་གཞི་ནི་ཐེག་ཆེན་གྱིས་བསྡུས་པའི་ཐོས་པ། ཏིང་ངེ་འཛིན་གྱི་དབང་པོའི་གཞི་ནི་ཞི་གནས། ཤེས་རབ་ཀྱི་དབང་པོའི་གཞི་ནི་ལྷག་མཐོང་ངོ་། །དད་སོགས་དབང་པོ་དེ་དག་མོས་པའི་ས་ལ་འཇུག་པ་ཀུན་ནས་ཉོན་མོངས་པ་ཅན་ཡིན་ཡང་། མི་མཐུན་པའི་ཕྱོགས་ལྔ་ཉམ་ཆུང་ནས་འདི་ཟིལ་གྱིས་གནོན་མི་ནུས་པས་དད་སོགས་མཐུ་སྐྱེས་པའི་ཕྱིར་སྟོབས། མ་དད། ལེ་ལོ། དྲན་པ་ཉམས་པ། གཡེང་བ། ཤེས་བཞིན་མ་ཡིན་པ་མི་མཐུན་པའི་ཕྱོགས་སོ། །རབ་དབྱེ། དད་པའི་སྟོབས། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་ཀྱི་སྟོབས་སོ། །མཐོང་བའི་ལམ་ལ་དེ་ཁོ་ན་ཉིད་བྱང་ཆུབ་པའི་རྒྱུར་འགྱུར་བས་སམ། སྒོམ་པའི་ལམ་ལ་བྱང་ཆུབ་གསུམ་དུ་འགྲུབ་པའི་ཉེར་རྒྱུར་འགྱུར་བས་བྱང་ཆུབ་ཀྱི་ཡན་ལག རབ་དབྱེ་བདུན། དེ་ཡང་འཁོར་ལོས་གཡུལ་མ་ཕེབས་པ་ཕེབས་པ་ལྟ་བུ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག གླང་པོས་ཕྱིར་རྒོལ་བ་འཇོམས་པ་ལྟ་བུ་ཆོས་རབ་ཏུ་རྣམ་པར་འབྱེད་པ། རྟ་མྱུར་བ་ཉིད་ཀྱིས་འགྲོ་བ་ལྟ་བུ་མངོན་པར་ཤེས་པ་མྱུར་བ་ཉིད་བསྒྲུབ་པའི་བརྩོན་འགྲུས། ནོར་བུ་སྣང་བས་དགའ་བར་བྱེད་པ་བཞིན་བརྩོན་འགྲུས་བརྩམ་པའི་ཆོས་ཀྱི་སྣང་བ་འཕེལ་བ་དང་། རྟག་ཏུ་ལུས་དགའ་བས་ཚིམ་པར་བྱེད་པ་དགའ་བ། བུད་མེད་ཀྱིས་རྒྱལ་པོ་དགའ་བ་ཉམས་སུ་མྱོང་བ་བཞིན་གནས་ངན་ལེན་ཐམས་ཅད་ཡང་དག་བཅོམ་པ་ཤིན་ཏུ་སྦྱངས་པ། ཁྱིམ་བདག་གིས་འབྱོར་པ་ཐམས་ཅད་བསྒྲུབ་པ་བཞིན་བསམ་པའི་དོན་གནས་གྱུར་པའི་འབྱོར་པ་ཐམས་ཅད་བསྒྲུབ་ཅིང་འབྱུང་བ་རྩེ་གཅིག་པའི་ཏིང་ངེ་འཛིན། བློན་པོ་དཔུང་གི་ཚོགས་ཡན་ལག་བཞི་པས་འབུལ་བར་བྱ་བ་ཡང་འབུལ་ལ། དོར་བར་བྱ་བ་ཡང་འདོར་ཞིང་མ་དུབ་པས་དེར་སོན་ཏེ་གནས་པ་ལྟ་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཇི་ལྟར་འདོད་པ་གནས་པའི་རྗེས་ལ་ཐོབ་དེའི་གནས་པས་ཡོན་ཏན་སྐྱེད་ཅིང་སྐྱོན་འདོར་བ་དང་། དེར་རྩོལ་བ་མེད་པར་གནས་པར་བྱེད་པའི་ཕྱིར། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། ཚུལ་དེས་བྱང་ཆུབ་སེམས་དཔའ་འཁོར་ལོས་བསྒྱུར་བ་དང་འདྲ་བར་ས་གོང་ནས་གོང་དུ་འཇུག་པར་བྱེད་དོ། །དེ་ལས་ཐམས་ཅད་དེ་ལ་བརྟེན་ནས་འབྱུང་བས་གནས་ཀྱི་ཡན་ལག བྱང་ཆུབ་ནི་དེའི་ངོ་བོ་ཡིན་པའི་ཕྱིར་རང་བཞིན་གྱི་ཡན་ལགམཐར་ཐུག་པ་མ་ཐོབ་ཀྱི་བར་དུ་རྒྱུན་མི་གཅོད་པས་ངེས་འབྱུང་གི་ཡན་ལག །སེམས་དགའ་བར་བྱེད་པས་ཕན་ཡོན་གྱི་ཡན་ལག །གང་གི་གང་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་མེད་པས་ཉོན་མོངས་མེད་པའི་ཡན་ལག་སྟེ། དང་པོ་བཞི་རིམ་པ་བཞིན། ལྷག་མ་གསུམ་ནི་ལྔ་པའོ། །མཐོང་ལམ་དུ་འཕགས་པའི་འབྲས་བུ་དང་། དེ་ཁོ་ན་ཉིད་སྔོན་མ་མཐོང་བ་མཐོང་བར་བྱ་བ་ཡིན་པས་སམ། སྒོམ་པའི་ལམ་འདི་བརྒྱད་ཀྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པས་ན་འཕགས་ལམ། རབ་དབྱེ་བརྒྱད། དེ་ཡང་། དེའི་འོག་ཏུ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་རྗེས་སུ་འཇུག་པ་ནི་ཡང་དག་པའི་ལྟ་བ་དང་། རྟོགས་པ་དེ་ཉིད་དང་ལུང་རྣམ་པར་གཞག་པ་ཡོངས་སུ་སྤྱོད་པ་ནི་ཡང་དག་པའི་རྟོག་པ་དང་། ལས་གསུམ་རྣམ་པར་དག་པའི་ལས་ནི་ཡང་དག་པའི་ངག །ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བའོ། །ཤེས་བྱའི་སྒྲིབ་པ་དང་། ལམ་གྱི་སྒྲིབ་པ་དང་། ཡོན་ཏན་ཁྱད་པར་ཅན་གྱི་སྒྲིབ་པའི་གཉེན་པོ་བསྒོམ་པའི་རིམ་པ་བཞིན་ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་ཅེས་བྱའོ། །ཉན་རང་གིས་འཁོར་བ་ལ་ཉེས་དམིགས་སུ་མཐོང་ནས་ཡིད་འབྱུང་། མྱ་ངན་ལས་འདས་པ་ཡོན་ཏན་དུ་མཐོང་ནས་དེ་ཉིད་དོན་དུ་གཉེར་ཞིང་སྒྲུབ་པ་དེ་དག་གིས་ནི་སྔོན་གྱི་བརྩོན་པའི་ཤུགས་ཀྱིས་དྲན་པ་ཉེ་བར་བཞག་པ་རྣམས་སྒོམ་པའི་རྒྱུས་འབད་མི་དགོས་པར་མྱ་ངན་ལས་འདས་པ་མངོན་དུ་བྱེད་པར་འགྱུར་གྱི། བྱང་ཆུབ་སེམས་དཔའ་རྣམས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་སེམས་མཉམ་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྐྱེད་པ་ལྷུར་ལེན་པ་དེ་དག་ནི་སེམས་ཅན་ལ་ཕན་པའི་རྒྱུ་ཡིན་པའི་ཕྱིར་འཁོར་བ་ཡང་མྱ་ངན་ལས་འདས་པ་བཞིན་དུ་ཡོན་ཏན་དུ་གཟིགས་ལ། སེམས་ཅན་ལ་ཕན་འདོགས་པའི་གནས་མ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་ཡང་འཁོར་བ་བཞིན་དུ་མི་མཐུན་པར་གཟིགས་པ་དང་ཆོས་ཉིད་ཙམ་དུ་ཟད་པའི་ཕྱིར་དེ་གཉིས་ཀ་མཉམ་པ་ཉིད་དུ་གཟིགས་པས་དམིགས་སུ་མེད་པ་བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་དམིགས་པས་ན་མཉམ་པར་མ་བཞག་པའི་ཤེས་པ་ཐ་མལ་པས་སོ་སོར་རྟོག་གོ །དེ་བས་ན་ཞི་གནས་དང་ལྷག་མཐོང་གི་རྐྱེན་དང་ལྡན་པའི་ཕྱིར་ཡང་དག་པའི་མཐའ་མངོན་སུམ་དུ་མཛད་པར་མི་འགྱུར་རོ། །བྱམས་སོགས་ཚད་མེད་དང་ཞེས་པའི་དོན་ལ། ངེས་པའི་ཚིག རྒྱུ། ངོ་བོ། རབ་དབྱེ། སྐྱོན། ཡོན་ཏན། ལས། དང་པོ་ནི། སེམས་ཅན་ཚད་མེད་པ་ལ་དམིགས་པས་ཚད་མེད། ཚོགས་ཚད་མེད་པའི་རྒྱུར་གྱུར་པས་སམ། ཆོས་ཚད་མེད་པ་ཐོབ་པའི་རྒྱུར་གྱུར་པས་སམ། ཡེ་ཤེས་ཚད་མེད་པའི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར་རོ། །བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་མིང་གི་རྣམ་གྲངས། ཚངས་པའི་གནས་པ་བཞི་ཞེས་ཀྱང་བྱའོ། །རྒྱུ་ནི། ཀུན་བཏུས་སུ། དག་པའི་བསམ་གཏན་བཞི་ལ་བརྟེན་ནས་ཚད་མེད་པ་རྣམས་མངོན་པར་འགྲུབ་བོ་ཞེས་པ་དེའོ། །ངོ་བོ་ནི། བྱང་ཆུབ་སེམས་དཔའི་ཚད་མེད་ནི། མི་མཐུན་ཕྱོགས་སྤངས་པ། གཉེན་པོ་ཁྱད་པར་དང་ལྡན་པ། དམིགས་པ་རྣམ་པ་གསུམ་ལ་འཇུག་པ། ལས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བཞི་ལྡན་ནོ། །བྱམས་པ་སེམས་ཅན་རྣམས་ལ་བདེ་བ་དང་ལྡན་པའི་རྣམ་པ། སྙིང་རྗེ་སྡུག་བསྔལ་དང་བྲལ་བའི་རྣམ་པ། དགའ་བ་བདེ་བ་དང་མི་འབྲལ་བའི་རྣམ་པ། བཏང་སྙོམས་ཚོར་བ་དེ་དག་ལ་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་མེད་པར་བསྒྲུབ་པའི་རྣམ་པ་ཡིན་ནོ། །རྣམ་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །འཇུག་བྱ་སེམས་ཅན་ཀྱི་ཚོགས་ཆེན་པོ། གང་ལ་གནས་པས་དེ་དག་ཏུ་བསྟན་པའི་ཆོས། རྒྱུ་བཞིས་དེ་བཞིན་ཉིད་ལ་འཇུག་པས་བྱམས་པ་སོགས་རེ་རེ་ཡང་རིམ་པ་བཞིན་སེམས་ཅན་ལ་དམིགས་པའི་བྱམས་པ། ཆོས་ལ་དམིགས་པའི། དམིགས་པ་མེད་པའི་བྱམས་པར་སོང་ལ། དེ་བཞིན་ལྷག་མ་གསུམ་ལའོ། །སེམས་ཅན་ལ་དམིགས་པ་ནི་ཉེ་བར་བསྒྲུབ་པ། མི་མཐུན་ཕྱོགས། སྤོང་བ། རྣམ་དག འབྲས་བུ་ཡོངས་སུ་འཛིན་པ་བཞི་དང་། ཆོས་དམིགས། དེ་དག་ཏུ་བྱེད་ཆོས་གཅིག་པུས་དང་། དམིགས་མེད་ཆོས་ཀྱི་བདག་མེད་པ་གཙོ་བོར་གྱུར་པས་འཇིག་རྟེན་གྱི་མཚན་ཉིད་ལ་དང་། མཐའ་ཡོངས་སུ་ཆད་པ་མེད་པ་ལ་དམིགས་པར་འཕགས་པ་བཞེད་དོ། །རབ་དབྱེ་ནི། གཡོ་བ་ཡོངས་སུ་ཉམས་པར་གྱུར་པ་དང་། མི་གཡོ་བ་ཁྱད་པར་དུ་འགྱུར་པའི་སྐལ་བ་ཅན་ཡོངས་སུ་ཉམས་པར་མི་འགྱུར་བའོ། །དང་པོ་ལ། བདེ་བས་དབྱེན་སྤྱོ་བ་སེམས་རྒྱ་ཆུང་བ་དང་། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པ་གསུམ་དུ་ཕྱེ་ནས་བཞིར་བཞག་གོ །ཡང་ན་ཆུང་ངུ་དང་ཆེན་པོ་གཉིས། དང་པོ་ལ། མཉམ་པར་མ་བཞག་པ་དང་གཞག་པའི་ཡང་ཆུང་ངུ་དང་འབྲིང་དང་། གོང་མའི་བྱང་སེམས་ཀྱི་ས་ལ་ལྟོས་ནས་ས་འོག་མ་དམན་པའི་ས་པ་དང་། ཉན་ཐོས་ཀྱི་བསམ་པ་དམན་པ་དང་། ང་རྒྱལ་དང་བཅས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་བྲལ་བ་སྟེ་དྲུག་གོ །དེ་ལས་བཟློག་པ་ནི་ལྷག་པའམ་ཆེན་པོའོ། །ཡང་ན་རྒྱུ་དང་འབྲས་བུ་དང་རྟགས་ཀྱི་གསུམ། ཚངས་པའི་གནས་པ་དག་གིས་གནས་པ་རྒྱུ། འདོད་པའི་སེམས་ཅན་རྣམས་ཀྱི་ནང་དུ་སྐྱེའོ་ཞེས་པ་རྣམ་སྨིན། ཚོགས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པ་བདག་གོ །སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་དོ་ཞེས་པ་སྐྱེས་བུ་བྱེད་པ། ཐམས་ཅད་དུ་ཚངས་པའི་གནས་པ་བཞི་དག་དང་མི་འབྲལ་བར་འགྱུར་རོ་ཞེས་པ་རྒྱུ་མཐུན། དེའི་མི་མཐུན་ཕྱོགས་དང་བྲལ་བ་ཞེས་པ་བྲལ་པའི་འབྲས་བུ་སྟེ་འབྲས་བུ། བག་མེད་པ་གྱུར་ཀྱང་ཞེས་གཉེན་པོའི་ཕྱོགས་མངོན་དུ་མ་གྱུར་པས་དང་། རྐྱེན་མི་ཟད་པས་ཀྱང་མི་འགྱུར་བ་ཞེས་པ་ནི་ཉེས་པ་མེད་པས་ཆེན་པོར་ཕྱིན་པའི་རྟགས་སོ། །སྐྱོན་གྱི་དབྱེ་བ་ནི། རིམ་པ་བཞིན་གྱི་མི་མཐུན་ཕྱོགས། གནོད་སེམས་དང་། རྣམ་པར་འཚེ་བ་དང་། མི་དགའ་བ་དང་། གནོད་སེམས། འདོད་པའི་འདོད་ཆགས་སོ། །དེ་དག་ལས་བདག་དང་གཞན་དང་གཉིས་ཀ་ལས་གནོད་པ་འབྱུང་བ་ནི་ཉེས་དམིགས་ཏེ་མཐོང་བའི་ཆོས་དང་། ཕྱི་མའི་ཁ་ན་མ་ཐོ་བ་འཕེལ་ཞིང་དེ་ལས་སྐྱེས་བའི་འབྲས་བུ་མྱོང་བར་འགྱུར་བའོ། །ཡོན་ཏན་ནི་ཇི་སྐད་བཤད་པའི་སྐྱོན་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་ཀྱང་སེམས་ཅན་གྱི་ཕྱིར་འཁོར་བ་ཡོངས་སུ་མི་གཏོང་བའོ། །སྙིང་རྗེ་བྱེ་བྲག་ཏུ་བཤད་པ་ནི། སེམས་ཅན་རྣམ་པ་བཅུ་ལ་དམིགས་པའོ། །དེ་ཡང་། རབ་ཏུ་འབར་བ་འདོད་ཆགས་ཀྱི་བདེ་བ་ལ་ཆགས་པ་སོགས་སོ། །འབྲས་བུ་ལྔ་དང་། འཁོར་འདས་ལ་མི་གནས་པ་དང་། འཁོར་བ་དང་དེ་སྤོང་བ་ཡོངས་སུ་ཤེས་པ་དང་། རབ་དབྱེ་ནི། རིགས་ཀྱི་ཁྱད་པར། ཡོན་ཏན་དང་སྐྱོན་ཡོངས་སུ་རྟོག་པ། ཚེ་རབས་གཞན་ནས་ཡོངས་སུ་གོམས་པ། འདོད་ཆགས་དང་བྲལ་བ་ཐོབ་པའི་སྒོ་ནས་རིག་པར་བྱ་བ་བཞི་སྟེ། ཕྱི་མ་ཡང་མཉམ་བཞག་སོགས་ལྔས་སོ། །སྙིང་རྗེ་བྱང་ཆུབ་དེ་རྒྱུ་ལམ་འབྲས་བུ་ཐམས་ཅད་དུ་འཇུག་པས་ཤིང་གི་སྡོང་པོ་ལྟ་བུར་བསྟན་པ། སྙིང་རྗེའི་ཕན་ཡོན་ནི། སྙིང་རྗེའི་ཆགས་མེད། སྙིང་རྗེས་བྱམས་པ་ཁྱད་པར་དུ་འཕགས་པ། སྐྲག་པ་ལ་མངོན་པར་དགའ་བའི་རྒྱུ་མཚན། སྙིང་རྗེའི་སྡུག་བསྔལ་གྱི་བདེ་བ་ཟིལ་གྱིས་གནོན་པ། སྙིང་རྗེས་བྱས་པའི་སྦྱིན་པའི་ཕན་ཡོན། སྙིང་རྗེས་སྡུག་བསྔལ་ཁས་ལེན་པ། སྙིང་རྗེའི་སྦྱིན་པ་ལོངས་སྤྱོད་གསུམ་དང་དེའི་འབྲས་བུ་འཕེལ་བ། སྦྱིན་པ་ལ་སྤྲོ་བ། བདེ་བས་བདེ་བ་ཉམས་སུ་མྱོང་བ། སྦྱིན་པ་ལ་རྗེས་སུ་སྟོན་པ། སྦྱིན་པ། ཕར་ཕྱིན་མངོན་པར་བསྒྲུབ་པ་རྣམས་སོ། །སྙིང་རྗེའི་རྐྱེན་ཚོར་བ་རྣམ་པ་གསུམ་ལ་དམིགས་ནས་སྡུག་བསྔལ་ཉིད་གསུམ་གྱི་སྙིང་རྗེ་བར་བྱེད་པ་དམིགས་རྐྱེན། རྒྱུ་བཤེས་གཉེན་རང་བཞིན་དག་གོ །རྒྱུ་བདག་པོ་དེ་མ་ཐག་རྐྱེན་ནོ། །སྙིང་རྗེ་རང་ནི། མཉམ་པ་ཚོར་བ་རྣམ་པ་གསུམ་ཆར་གྱི་གནས་སྐབས་སུ། གང་ཅི་ཚོར་བ་དེ་ནི་སྡུག་བསྔལ་བའོ་ཞེས་རིག བསམ་པ་སེམས་ཅན་ལ་སྙིང་རྗེ་བ། སྒྲུབ་པ་དེ་ཡོངས་སུ་སྐྱོབ་པ། འདོད་ཆགས་དང་བྲལ་བ་ནི་དེའི་མི་མཐུན་ཕྱོགས་རྣམ་པར་འཚེ་བ་སྤངས་པ། མི་དམིགས་པ་བདག་གཞན་སྙིང་རྗེར། མི་དམིགས་པ་རྣམ་པར་དག་པ་ས་བརྒྱད་པར་མི་སྐྱེ་བའི་བཟོད་པ་ཐོབ་པའོ།། །། དགུ་པ་ཚོགས་བསྒྲུབ་པ་ནི། སྙིང་བརྩེ་བ་ཆེན་པོའི་ཚོགས་དང་། སྦྱིན་པའི་ཚོགས་དང་། ལ་སོགས་པ་ཚུལ་ཁྲིམས་ཀྱི་ཚོགས། བཟོད་པའི་ཚོགས། བརྩོན་འགྲུས་ཀྱི་ཚོགས། བསམ་གཏན་གྱི་ཚོགས། ཤེས་རབ་ཀྱི་ཚོགས་དང་དྲུག ཞི་གནས་ཀྱི་ཚོགས་དང་ལྷག་མཐོང་གི་ཚོགས་དང་བཅས་པ་དང་། ཟུང་དུ་འབྲེལ་བའི་ལམ་གང་གི་ཚོགས་དང་། ཐབས་ལ་མཁས་པ་གང་ཡིན་པའི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་དང་ནི་བསོད་ནམས་ཀྱི་ཚོགས་དང་། ལམ་གྱི་ཚོགས་དང་། གཟུངས་ཀྱི་ཚོགས་དང་། ས་བཅུའི་ཚོགས་དང་། གཉེན་པོའི་ཚོགས་ཏེ་འདི་དག་གིས་ཡང་དག་པར་འབྲས་བུའི་ངོ་བོ་བྱང་ཆུབ་ཆེན་པོ་འཛིན་པར་བྱེད་པས་ན་ཚོགས། དེ་གསོག་བྱེད་ཀྱི་བྱ་བ་བསྒྲུབ་པ། དེའི་ཕྱིར་ཚོགས་ཀྱི་བསྒྲུབ་པ་ཡི་རིམ་པ་ཡིན་པར་ཤེས་པར་བྱའོ། །སྙིང་རྗེ་དང་བྲལ་ཞིང་ཐབས་དང་མི་ལྡན་པས་ནི་གཞན་རྣམས་འགའ་ཞིག་ཏུ་མྱ་ངན་ལས་ཟློ་བར་མི་སྲིད་པའི་ཕྱིར། སྙིང་རྗེས་ཡིད་གདུངས་པ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་དེའི་དུས་ཀྱི་བདེ་བ་ཉེ་བར་སྒྲུབ་པ་དང་། ཚུལ་ཁྲིམས་ཀྱིས་མ་འོངས་པའི་བདེ་བ་ཉེ་བར་སྒྲུབ་པ་དང་། བཟོད་བསམ་བརྩོན༫༬༭་འགྲུས་ཀྱིས་གཅིག་ཏུ་ངེས་པའི་བདེ་བ་ཉེ་བར་སྒྲུབ་པ་དང་། ཤེས་རབ༮༯༰་ཀྱིས་གཏན་དུ་བའི་བདེ་བ་ཉེ་བར་སྒྲུབ་པས་ན། ཐབས་སུ་གྱུར་པ་སྦྱིན་སོགས་དྲུག་གིས་རྗེས་སུ་གཟུང་ནས་བདག་ཉིད་དྲུག་ལ་གནས་པ་དང་འདྲ་བར། དེ་ཉིད་ལ་ཡང་དག་པར་སྦྱོར་བ་དང་འཇོག་པ་དང་རབ་ཏུ་འཇོག་པ་མི་གཡེལ་བས་རབ་ཏུ་གཞག་པར་བྱའོ། །ཞེས་པ་དག་རིམ་པ་ཡིན་པར་ཤེས་པར་བྱའོ། །ཞི་གན༱༲࿀ས་ཀྱི་ཚོགས་ནི་གཙོ་བོར་འདོད་པ་ལས་འདའ་བའི་ཕྱིར་བསྒོམ་པ་ཡིན་ཏེ། འདོད་པའི་ཉེས་དམིགས་དེ་དག་གི་རྩ་བ་འདོད་པ་ལ་འདུན་པའི་ཆགས་པ། གནོད་སེམས་བརཏལ་ཞུགས་ལ་རྨོངས་པའི་མ་རིག་པ་རྣམས་ཡིན་ལ། འདོད་པའི་ཉེས་དམིགས་མི་ཤེས་པ་དང་། བསམ་གཏན་ལ་ཐེ་ཚོམ་ཟ་བ་ནི་སྤྱིར་བསྒོམ་པ་ལ་ཕྱོགས་པར་མི་བྱེད། བྱེ་བྲག་ཏུ་རྒོད་འགྱོད་ཀྱིས་ཞི་གནས་ལ་སྒྲིབ་ཅིང་། གཉིད་རྨུགས་ལྷག་མཐོང་ལའོ། །དེ་གཉིས་ཀས་ཀྱང་གཉིས་ཀ་ལའང་སྒྲིབ་བོ། རྒོད་འགྱོད་གཡེང་བ་སྐྱེད་པར་མཐུན། གཉིད་རྨུགས་བྱིང་བ་སྐྱེད་པར་མཐུན་པའི་ཕྱིར་གཅིག་ཏུ་བྱས་ནས་སྒྲིབ་པ་ལྔའོ། །དེ་ལྟར་འདོད་པའི་ཉོན་མོངས་པ་རྣམས་ནི་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལྷག་མཐོང་གིས་སྤང་བར་བྱ་དགོས་ལ། ལྷག་མཐོང་སྐྱེ་བ་ཡང་ཞི་གནས་ལ་རག་ལས་ཤིང་དེ་ཡང་འདོད་པའི་སེམས་རྩེ་གཅིག་པ་ལ་རག་ལས་སོ། །འདོད་པའི་སེམས་དང་གོང་མའི་སེམས་ཀྱི་ཁྱད་པར་ཡང་ཁ་ཕྱིར་བལྟས་པ་དང་ནང་དུ་བལྟས་པ་ལས་ཡིན་པས་སེམས་གནས་པ་དེའི་ཁ་ཕྱིར་བལྟས་ན་ནི་ཡུན་རིང་པོར་དམིགས་པ་ལ་གནས་ནུས་ན་ཡང་འདོད་པའི་སེམས་ཡིན་ནོ། །དེ་ཡང་འདོད་པའི་སེམས་རྩེ་གཅིག་པས་ཞི་གནས་ཀྱི་དམིགས་པ་རྙེད་པར་འགྱུར་ཏེ། ཞི་གནས་ཀྱི་དམིགས་པ་རྙེད་པ་དེ་ཡང་ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ཞེས་བཏགས་པ་དེ་ཡིན་པས་དེ་མཐོང་ནས་དེ་ལ་དམིགས་ནས་སྒོམ་པར་བྱེད་པ་ན་སེམས་ནང་དུ་ཕྱོགས་པར་འགྱུར་རོ། །དང་པོར་འདོད་པའི་སེམས་རྩེ་གཅིག་པ་དེ་བསྒྲུབ་པ་ན་ཡང་སྤོང་བའི་འདུ་བྱེད་བརྒྱད་ཀྱིས་ཉེས་པ་ལྔ་སྤངས་པ་ལས་ཡིན་ལ། དེ་ཡང་ཉེས་པ་ནི། ལེ་ལོ་དང་། གདམས་ངག་བརྗེད་པ་དང་། བྱིང་རྒོད་དང་། འདུ་མི་བྱེད་པ་དང་། འདུ་བྱེད་པ་སྟེ་རྣམ་པ་ལྔ། དད་པ་དང་། འདུན་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་སྟེ་ཆོས་བཞིས་ལེ་ལོའི་གཉེན་པོ་བྱེད་དོ། །དྲན་པས་ནི་བརྗེད་པའི་གཉེན་པོ་བྱེད་དོ། །བྱིང་རྒོད་རྒྱུ་དང་བཅས་པ་སྐྱེས་པ་ཉིད་ན་ཤེས་པའི་ཤེས་བཞིན་དང་དེའི་གཉེན་པོ་འདུ་བྱེད་པའི་སེམས་པས་ནི་འདུ་མི་བྱེད་པ་སེལ་ལོ། །བཏང་སྙོམས་ཀྱིས་སེམས་གནས་ཀྱང་བྱིང་རྒོད་ཀྱི་གཉེན་པོ་རྩོལ་བའི་ཉེས་པ་སེལ་ལ། དེ་ལྟ་བུའི་ཞི་གནས་དེ་སྒྲུབ་བྱེད་ཀྱི་ཐབས་བརྒྱད་དང་བསྒྲུབ་པར་བྱ་བའི་ཞི་གནས་ཉིད་དེ་སེམས་དགུས་ཉམས་སུ་བླང་པར་བྱ་སྟེ། དེ་ལ་ནང་ཉིད་དུ་སེམས་འཇོག་པ་ནི་གཡེང་བ་ཐམས་ཅད་ཞི་བའི་ཕྱིར་དང་པོར་ནང་ཉིད་ལ་སེམས་བསྒྲིམས་ཏེ་གཏོད་པའོ། །རྒྱུན་དུ་འཇོག་པ་ནི་དང་པོར་གཏད་པའི་སེམས་དེ་རགས་ཤིང་གཡོ་ལ་དམིགས་པ་ལས་གཞན་དུ་འཇུག་ན་དེ་ཚར་བཅད་ནས་ཕྲ་ཞིང་དང་བར་བྱེད་དེ་རྙོག་པ་ཞི་བའི་ཚུལ་གྱིས་ངང་བསྲིང་བའོ། །བླན་ཏེ་འཇོག་པ་ནི་སེམས་ཅུང་ཟད་གནས་པའི་ངང་ནས་དམིགས་པ་བརྗེད་དེ་དེ་ལས་གཞན་པའི་ཡུལ་ལ་སེམས་རྒྱུ་བ་ན་སླར་དྲན་པས་དེ་ལ་ཕྱིར་བཀུག་སྟེ་དམིགས་པ་དེ་ལ་སེམས་འཇོག་པའོ། །ཉེ་བར་འཇོག་པ་ནི་ཉེ་བར་ཞེས་བྱ་བ་ནི་ཆུང་བའམ་ཕྲ་བའི་མིང་སྟེ་དྲན་པའི་རྣམ་པ་ཕྲ་མོས་དམིགས་པ་ལ་འཇོག་པའོ། །དུལ་བར་བྱེད་པ་ནི་དེ་ལྟར་དམིགས་པ་ལ་གཏད་པ་ན་སེམས་དེ་གཟུགས་སྒྲ་ལ་སོགས་པའི་ཡུལ་དང་། ཆགས་སྡང་ལ་སོགས་པའི་རྣམ་རྟོག་མང་པོ་འབྱུང་བ་ན་དེ་དག་གི་ཉེས་དམིགས་ཡང་ནས་ཡང་དུ་ཡིད་ལ་བྱས་ནས་སླར་དམིགས་པ་ལ་འཇོག་པའོ། །ཞི་བར་བྱེད་པ་ནི་འདོད་པ་ལ་འདུན་པ་ལ་སོགས་པའི་ཉོན་མོངས་དང་རྣམ་པར་རྟོག་པ་ཕྲ་མོ་སྐྱེས་ན་ཡང་ཉེས་དམིགས་ཀྱི་འདུ་ཤེས་ཀྱིས་བཟློག་ནས་དམིགས་པ་ལ་གཏོད་པའོ། །རྣམ་པར་ཞི་བར་བྱེད་པ་ནི་ཉོན་མོངས་པ་དང་རྣམ་རྟོག་གི་ཉེས་དམིགས་བརྗེད་ནས་ཡང་དེ་དག་ལ་སེམས་འཕྲོ་ན་ཉེས་དམིགས་དྲན་པའི་ཤུགས་བསྐྱེད་དེ་དམིགས་པ་ལ་གཏོད་པའོ། །རྩེ་གཅིག་ཏུ་བྱེད་པ་ནི། འདོད་པ་ལ་ཆགས་པ་དང་ཡུལ་ལ་འཕྲོ་བའི་རྣམ་རྟོག་རྣམས་སྔ་མ་རྣམས་ཀྱིས་ཞི་བར་བྱས་པས་བསྒྲིམས་ཏེ་དམིགས་པ་ལ་གཏད་ན་ཐུན་བར་མ་ཆད་པར་བསྐྱང་བར་ནུས་ལ། མ་བསྒྲིམས་ན་ཐུན་བསྐྱང་མི་ནུས་པར་མཐོང་ནས་ཐུན་བསྐྱང་བའི་སེམས་མངོན་པར་འདུ་བྱེད་པ་སྔོན་དུ་བཏང་སྟེ་གནས་པའོ། །མཉམ་པར་འཇོག་པ་ནི་སྔར་གྱི་རྒྱུན་དེ་ལ་གོམས་པས་དམིགས་པ་ལ་སེམས་མ་གཏད་ཀྱང་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་སེམས་གནས་པར་གྱུར་པ་སྟེ། སེམས་དགུ་པ་འདི་སྐྱེས་པ་ན་ཞི་གནས་གྲུབ་པར་ཐུབ་པ་དགོངས་རྒྱན་ལས་གསུངས་ལ། དེ་ལྟར་སེམས་དགུས་ཏིང་ངེ་འཛིན་དུ་བྱེད་པ་ལ་འཇུག་པ་དགུ་ཡོད་དེ། དང་པོ་གཉིས་བསྒྲིམས་ཏེ་འཇུག་པ། བར་པ་ལྔ་ནི་ཆད་ཅིང་འཇུག་པ། བརྒྱད་པ་བར་དུ་ཆད་པ་མེད་པར་འཇུག་པ། དགུ་པ་ལྷུན་གྱིས་གྲུབ་པར་འཇུག་པའོ། །ཀུན་ལས་བཏུས་སུ། ཐམས་ཅད་ཞི་གནས་ཀྱི་སྒྲས་གསུངས་ལ། དགོངས་པ་ངེས་འགྲེལ་ལས། སྔ་མ་བརྒྱད་རྗེས་མཐུན་པ་དང་། ཕྱི་མ་ཉིད་ཞི་གནས་སུ་བཞེད་དོ། །ལྷག་མཐོང་གི་ཚོགས་ནི་ཆོས་རྣམས་ལ་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྣམ་པར་རྟོག་པ་དང་། ཡོངས་སུ་དཔྱོད་པར་བྱེད་པ་སྟེ། གནས་ངན་ལེན་དང་། མཚན་མའི་གཉེན་པོ་ཉིད་དང་། ཕྱིན་ཅི་ལོག་ལས་འབྱིན་པ་དང་། ཕྱིན་ཅི་ལོག་མ་ཡིན་པ་ལ་སེམས་འཇོག་པར་རམ་ལྷག་མཐོང་ལ་སྤྱོད་པ་རྣམ་སྦྱོང་དང་། མཁས་པའི་དམིགས་པ་དང་། ཉོན་མོངས་པ་རྣམ་པར་སྤྱོད་པའི་ཕྱོགས་གསུམ་མོ། །ལྷག་མཐོང་གི་སྟོང་པ་ཉིད་ལ་དམིགས་པ་ན་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཏུ་ལྟུང་བར་འགྱུར་བས། དེའི་དེ་མ་ཐག་ཏུ་ཟུང་དུ་འབྲེལ་བའི་ཚོགས་ནི། འདི་ལྟར་གང་གི་ཚེ་ཞི་གནས་ཀྱི་དམིགས་པ་ལ་སེམས་བརྟན་པར་གྱུར་པ་དེའི་ཚེ་ཤེས་རབ་ཀྱིས་རྣམ་ཐོངཔར་དཔྱད་པ་ལ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་སྐྱེས་པས། སྣང་བ་བྱུང་བར་གྱུར་པའི་མུན་པ་དང་འདྲ་བར་སྒྲིབ་པ་རྣམ་པར་སེལ་བ་ཡིན་ནོ། །དེ་བས་ན་འདི་གཉིས་ནི་མིག་དང་སྣང་བ་དང་འདྲ་བར། ཡང་དག་པའི་ཡེ་ཤེས་བསྐྱེད་པ་དང་ཕན་ཚུན་རྗེས་སུ་མཐུན་པར་གནས་པ་ཉིད་ཡིན་ནོ། །ཟུང་དུ་འཇུག་པའི་ལམ་གྱི་ཚོགས་དང་ལྡན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རབ་ཏུ་ལྡན་པའི་ཡིད་ལ་བྱེད་པས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་ཐབས་ལ་མཁས་པའི་ཚོགས་ཡིན་ནོ། །ཐབས་ལ་མཁས་པའི་ཚོགས་ཤེས་པ་ནི་ཡེ་ཤེས་ལ་སློབ་པ་ཡིན་པས་ཡེ་ཤེས་ཀྱི་ཚོགས་སོ། །དེ་ཡང་ཆོས་ཅན་རང་རང་གི་ངོ་བོས་སྟོང་བའི་ཚུལ་གྱིས་ཉི་ཤུ་སྟེ། ནང་སྟོང་པ་ཉིད་ལ་སོགས་པའོ། །མིག་སོགས་དྲུག་ནི་སེམས་ཀྱིས་ཟིན་པས་སམ་དབང་པོས་བསྡུས་པས་ནང་གཟུགས་སོགས་དྲུག་སེམས་ཀྱིས་མ་ཟིན་པས་སམ་ཡུལ་གྱིས་བསྡུས་པས་ཕྱི། དབང་པོའི་རྟེན་གྱིས་བསྡུས་པ་གཉིས་ཀ་སྟེ། སེམས་ཀྱི་བསྡུས་པས་ནང་དང་། དབང་པོས་མ་བསྡུས་པས་ཕྱི་སྟེ། ཐེར་ཟུག་ཏུ་གནས་པས་མ་ཡིན་འཇིག་པས་མ་ཡིན་དེ་རྣམས་ཀྱི་ངོ་བོ་ཡིན་པས་དེ་དག་ནི་དེ་དག་གིས་སྟོང་ངོ་། །དེ་ནི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ཅེས་བྱ་སྟེ་མོས་སྤྱོད་དང་པོ་གསུམ་ལའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པ་ཙམ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ལ། དེས་ཀྱང་སྟོང་པ་ཉིད་སྟོང་པ་ཡིན་ཏེ་དེར་འཛིན་པའི་རྣམ་པར་རྟོག་པ་སྤོང་བའི་ཕྱིར་རམ་གཞན་གྱིས་སྟོང་པར་བྱ་བ་མེད་པས་སོ། །དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་དེ་སྦྱོར་བའི་ལམ་ལའོ། །དབྱིབས་ཆེན་པོ་སྣོད་ཀྱི་འཇིག་རྟེན་ཕྱོགས་བཅུས་སྟོང་ལ་ཆེན་པོ་སྟོང་པ། འདི་ནི་ཀུན་ཏུ་འགྲོ་བའི་ཚུལ་གྱིས་ས་དང་པོ་ལའོ། །དོན་དམ་པ་མྱང་འདས། དེ་ཡང་དངོས་པོར་གཟུང་དུ་མེད་པ་ལམ་གྱི་བྲལ་བ་ཙམ་ཡིན་པས་སྟོང་པ་དོན་དམ་པ་སྟོང་ཉིད། འདི་ནི་མཆོག་གི་དོན་གྱིས་ས་གཉིས་པ་ལའོ། །འདུས་བྱས་ནི་ཁམས་གསུམ་སྒྱུ་མ་ལྟ་བུར་རྐྱེན་གྱིས་བྱ་ནུས་པས་འདུས་བྱས་སྟོང་པ་ཉིད་འདི་ནི་རྒྱུ་མཐུན་པས་ས་གསུམ་པ་ལའོ། །འདུས་མ་བྱས་ནི་སྐྱེ་འགག་གནས་པ་མེད་པ་ཅིག་ཤོས་སྐྱེ་སོགས་མེད་པས་སྐྱེ་མེད་སོགས་སུ་འཇོག་པའི་རྒྱུ་མཚན་མེད་པས་ན་འདུས་མ་བྱས་སྟོང་པ་ཉིད། འདི་ནི་ཡོངས་སུ་འཛིན་པ་མེད་པའི་དོན་གྱིས་བཞི་པ་ལའོ། །མཐའ་ནི་ཆ་སྟེ་རྟག་ཆད། འདས་པ་ནི་དབུས་ན་དེ་དག་གི་ཆ་རྣམ་པར་གཅོད་པའི་རྒྱུ་མཚན་གང་གིས་དེའི་རང་བཞིན་དུ་རྣམ་པར་ཅི་ཡང་མེད་པས་མཐའ་ལས་འདས་པ་སྟོང་པ་ཉིད། འདི་རྒྱུད་ནི་ཐ་དད་པ་མེད་པའི་དོན་གྱིས་ས་ལྔ་པ་ལའོ། །དེའི་རྗེས་སུ་སྐྱེས་པ་མེད་པས་ཐོག་མ་མི་འཐད། ཐོག་མཐའ་མེད་པ་ལ་བར་མི་འབྱུང་བས་ན་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད། འདི་ནི་ཀུན་ཉོན་མེད་པ་རྣམ་པར་དག་པའི་དོན་གྱིས་ས་དྲུག་པ་ལའོ། །བྲལ་ཞིང་སྤངས་ལ་ཡོངས་སུ་བཏང་བའི་ངོ་བོ་ནི་དོར་བ། དེ་ལས་བཟློག་པ་ཆོས་ཐམས་ཅད་ཡེ་ནས་རང་བཞིན་གྱིས་སྟོང་སྟེ་དོར་ཞིང་བསལ་བ་མེད་པས་ན་དོར་བ་མེད་པ་སྟོང་པ་ཉིད། འདི་ནི་ཐ་དད་པ་མེད་པའི་དོན་གྱིས་ས་བདུན་པ་ལའོ། འཕགས་པ་ཐམས་ཅད་ཀྱིས་མ་མཛད་པ་ནི་རང་བཞིན་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་རྣམ་པར་འགྱུར་བ་དང་མི་འགྱུར་བའི་སྐྱོན་གྱིས་མ་གོས་པས་ན་རང་བཞིན་སྟོང་པ་ཉིད། སྣང་ངོར་ཆོས་ཀུན་ཕན་ཚུན་ལྟོས་པར་བཞག་ལ་རང་བཞིན་ཡོངས་སུ་མ་གྲུབ་པས་ཆོས་ཐམས་ཅད་ཐམས་ཅད་སྟོང་པ་ཉིད། འདི་གཉིས་འགྲིབ་པ་དང་འཕེལ་བ་མེད་པའི་དོན་དང་། རྣམ་པར་མི་རྟོག་པ་དང་ཞིང་ཡོངས་དག་གཉིས་ཀྱི་རྟེན་ཡིན་པའི་ཕྱིར་འབྲས་བུའི་ས་ཉིད་ཡིན་པས་སོ་སོར་རྟོག་པ་ཡོངས་སུ་སྦྱོང་བའི་དབྱེ་བས་ས་བརྒྱད་པ་ལའོ། །མཚན་ཉིད་དུ་རྣམ་པར་གཞག་པའི་སྤྱི་སྐྱེ་སོགས་ཁྱད་པར་རང་མཚན་ནི་བཏགས་པ་ཙམ་ཡིན་པས་ན་རང་གི་མཚན་ཉིད་སྟོང་པ་ཉིད། བཟླས་པ་ལ་སོགས་པའི་དུས་རྣམས་ལ་ཕན་ཚུན་བློ་བཟློག་ན་དམིགས་སུ་མེད་པས་ན་མི་དམིགས་པ་སྟོང་པ་ཉིད། འདི་གཉིས་ཡེ་ཤེས་ལ་དབང་བའི་རྟེན་འབྲས་བུའི་ས་ཡིན་པ་ཉིད་ཀྱིས་སོ་སོར་རྟོགས་པས་ཡོངས་སུ་སྦྱོང་བའི་དབྱེ་བས་ས་དགུ་པ་ལའོ། །རྐྱེན་ལས་བྱུང་བ་རྣམས་ནི་ངོ་བོ་ཉིད་མེད་པ་དང་ལྡན་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བས་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད། ཉེར་ལེན་གྱི་ཕུང་སོགས་སོ་སོའི་མཚན་ཉིད་ཀྱི་ཅིག་ཤོས་མཚོན་བྱ་བཞག་པ་བརྟག་མི་བཟོད་པས་ན་དངོས་པོ་སྟོང་པ་ཉིད། འདི་གཉིས་ལས་ལ་དབང་བའི་རྟེན་འབྲས་བུའི་ས་ཡིན་པ་ཉིད་ཀྱི་སོ་སོར་རྟོགས་པས་ཡོངས་སུ་སྦྱོང་བའི་དབྱེ་བས་ས་བཅུ་པ་ལའོ། །དངོས་མེད་ནི་ནམ་མཁའ་ལྟ་བུ། དངོས་པོའི་ཆོས་སྒྲིབ་པར་བྱེད་པ་ལ་སོགས་མེད་པ་ལས་དེ་བཏགས་པ་ཙམ་ཡིན་པས་དངོས་པོ་མེད་པ་སྟོང་པ་ཉིད། སྟོང་པས་འཕགས་པ་རྣམས་ཀྱི་ཤེས་མཐོང་གི་ཡང་དག་པ་ཇི་ལྟ་བ་བཞིན་དུ་གསལ་བར་བྱེད་ཀྱང་མཐོང་བས་མ་བྱས་ཤེས་པས་ཀྱང་མ་ཤེས་པས་རང་གི་ངོ་བོ་སྟོང་པ་ཉིད། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་ངུ་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་ཡེ་ནས་གནས་པའོ་ཞེས་བྱ་བས་བྱེད་པ་པོ་གཞན་གྱིས་སྟོང་པ་ཡིན་པའི་ཕྱིར་གཞན་གྱི་ངོ་བོ་སྟོང་པ་ཉིད། འདི་གསུམ་ཉོན་སྒྲིབ་བག་ཆགས་དང་བཅས་པ་དང་། ཤེས་སྒྲིབ་བག་ཆགས་དང་བཅས་པ་དང་། རང་བྱུང་ཉིད་ཡིན་པའི་དོན་གྱིས་སངས་རྒྱས་ཀྱི་ས་ལའོ། །མདོ་ལས་མ་སྐྱེས་པ་ལ་སོགས་པའི་གོ་རིམ་མ་བཤད་པ་ཐམས་ཅད་འདི་དང་མཐུན་པར་སྦྱང་བས་ཤེས་ནུས་སོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་འདིའི་དམིགས་པ་ཅི་ཡིན་ཞེ་ན། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་ལ་དམིགས་པར་འདོད་དེ། རྒྱུ་མཚན་གང་གིས་ཞེ་ན་གང་དང་གང་ཤེས་པ་དེ་དང་དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་བ་ཉིད་ལ་དམིགས་པ་ཡིན་ཏེ། དཔེར་ན་རྨི་ལམ་དུ་རྟ་ལ་སོགས་པའི་ངོ་བོ་ཉིད་ཀྱི་སྟོང་པ་ཉིད་ལ་དམིགས་པ་ལྟ་བུ་རྣམ་པར་མི་རྟོག་པའི་ཡིད་འདི་ཡང་ཤེས་པ་ཡིན་ནོ་ཞེས་པའོ། །ཡེ་ཤེས་ལ་གོམས་པ་དང་ལྡན་པ་ལ་ནི་ཤེས་རབ་རྣམ་པར་དག་པ་དང་ཡང་དག་པའི་ཏིང་ངེ་འཛིན་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པ་ལས་བསོད་ནམས་འབྱུང་བས་ན་བསོད་ནམས་ཀྱི་ཚོགས་སོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་གོམས་པར་བྱས་པས་ན། དངོས་པོ་ཡོངས་སུ་རྟོག་པའི་ལམ། རྩོལ་བ་ལས་བྱུང་བའི་ལམ། རང་བཞིན་ཡོངས་སུ་སྦྱོང་བའི་ལམ། མངོན་པར་རྟོགས་པ་དང་སྦྱོར་བའི་ལམ། མངོན་པར་རྟོགས་པའི་ལམ། རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་ལ་འབད་པས་ན་ལམ་གྱི་ཚོགས་སོ། །ལམ་དང་ལྡན་པ་ནི། འཛིན་པར་བྱེད་པས་ན་གཟུངས་ཀྱི་ཚོགས་ཏེ། བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་དང་། གསང་སྔགས་ཀྱི་དང་། ཆོས་ཀྱི་དང་། དོན་གྱི་གཟུངས་སོ། །དང་པོ་ནི། སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་རྟག་ཏུ་དབེན་པར་སྤྱོད་པ་ཟས་ཀྱི་ཚོད་ཤེས་པ། དབང་པོ་བསྡམས་པ། སུ་དང་ཡང་ལྷན་ཅིག་གཏམ་མི་ཟེར་བ་མི་ཉལ་བར་བརྩོན་པས་ཡི་གེའི་དང་པོ་ཨ་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་དོན་ཡིན་པར་ཡོངས་སུ་བརྟགས་ཏེ། གང་གི་ཚེ་ཞི་གནས་དང་། ལྷག་མཐོང་གི་སྦྱོར་བས་ཡང་དག་པར་བསྒོམ་པར་གྱུར་པ་དེའི་ཚེ་གོམས་པའི་སྟོབས་ཀྱིས་ཨ་ཞེས་བྱ་བ་གཅིག་པུ་ཆོས་ཐམས་ཅད་སྐྱེ་བ་མེད་པའམ་བརྗོད་པ་མེད་པའི་རྣམ་པར་སྣང་སྟེ། དེ་ལྟར་ན་ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྟོགས་པར་བྱ་བའི་རྒྱུ་ཡིན་ནོ། །ཚུལ་དེ་བཞིན་གྱི་ཡི་གེ་དེ་དང་དེ་ལྟ་བུ་ལ་དཔྱད་པས་བསྐལ་པ་མང་པོར་ཆོས་སྟོན་པའི་རྒྱུའི་དྲན་པ་དང་ཤེས་རབ་ཡོངས་སུ་གཏུགས་པ་མེད་པ་སྐྱེ་ལ། དེ་དག་གི་དོན་འཛིན་པས་གཟུངས་སོ། །གཟུངས་དེའི་རྒྱུ་ལས་སྐྱེས་པ་ནི་དོན་དམ་པ་ལ་དམིགས་པར་བཟོད་པ་སྟེ་གཟུངས་ཀྱི་ཡེ་ཤེས་སོ། །དྲན་ཤེས་དེ་གཉིས་ལ་བཟོད་པའི་གཟུངས་ཞེས་བྱའོ། །དེ་ནས་རིང་པོར་མི་ཐོགས་པར་ས་རབ་ཏུ་དགའ་བ་ཐོབ་པར་འགྱུར་རོ། །གཉིས་པ་ནི། ཡི་གེ་དེ་དག་ཉིད་བསྒོམས་པས་དེ་ལ་དབང་ཐོབ་སྟེ། སྔོན་གྱི་སྨོན་ལམ་གྱི་མཐུ་དང་། ཏིང་ངེ་འཛིན་གྱི་དབང་ཐོབ་པའི་སྟོབས་ཀྱིས་གནོད་པ་ཐམས་ཅད་ཞི་བར་བྱ་བ་དང་སྡིག་པ་ཐམས་ཅད་བྱང་བར་བྱ་བའི་ཕྱིར་གསང་སྔགས་ཀྱི་གཞི་རྣམས་བྱིན་གྱིས་རློབ་ལ་དེས་དེ་ལྟར་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་གཞི་དེས་ཀྱང་ཡིད་བཞིན་གྱི་ནོར་བུ་ལྟ་བུར་འདོད་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་དེ། །དེའི་ཚེ་བྱིན་གྱིས་རློབ་པར་ནུས་པའི་ཏིང་ངེ་འཛིན་ཤེས་རབ་དང་བཅས་པ་ལ་གསང་སྔགས་ཀྱི་གཟུངས་ཞེས་བྱའོ། །གཟུངས་དེའི་དམིགས་པར་བྱ་བ་ཡིན་པས་ན་ཡི་གེ་དེ་དག་ཀྱང་གཟུངས་ཞེས་བརྗོད་དོ། །འདིར་གནོད་འཇོམས་ལས། མ་ན་ནི་ཤེས་པ་ཡིན་ལ་ཏྲ་ཡ་ཞེས་བྱ་བ་ནི་སྐྱོབ་བ་ཡིན་པར་བཤད་པས་ཤེས་པ་དང་སྙིང་རྗེ་ལ་གསང་སྔགས་ཞེས་བྱ་བར་བརྗོད་དོ། །དེ་གཉིས་ཀྱི་རྒྱུ་མཐུན་པ་ཡིན་པའི་ཕྱིར་ཡི་གེ་དེ་དག་ལ་ཡང་གསང་སྔགས་ཞེས་བྱའོ། །ཡང་མ་རིག་པ་སྤོང་བར་བྱེད་པ་དང་། རིག་པ་སྐྱེད་པར་བྱེད་པའི་ཕྱིར་དེ་ཉིད་ལ་རིག་པ་ཞེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་གི་གཞི་ཡིན་པའི་ཕྱིར་གཞི་རྣམས་ཞེས་བྱ་སྟེ། དེ་བས་ན་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས། རིག་པའི་གསང་སྔགས་ཀྱི་གཞི་རྣམས་ཞེས་བྱ་བའི་མིང་ཐོབ་བོ། །ཞེས་གསུངས། ཡང་ཏིང་ངེ་འཛིན་གྱི་དབང་དེ་ལྟ་བུར་གྱུར་པས་གསང་སྔགས་རྣམས་འཛིན་པར་བྱེད་པས་ན་གསང་སྔགས་ཀྱི་གཟུངས་ཞེས་ཀྱང་བྱའོ་ཞེས་གསུངས་པ་འདི་ལྟ་བུའི་སྦས་དོན་ལས་ནི་མདོ་སྔགས་དགོངས་པ་གཅིག་པ་དང་། འདི་དང་དེའི་མཐོང་བའི་ལམ་ཐོབ་པ་ལ་སྤངས་རྟོགས་ཁྱད་པར་མེད་པ་དང་། འོན་ཀྱང་ད་དུང་དངོས་བསྟན་གྱི་ཐབས་བརྟེན་ཚུལ་གྱིས་འཚང་རྒྱ་བ་ལ་མྱུར་མི་མྱུར་ནི་ཡོད་དེ། རྡོ་རྗེ་ཐེག་པ་ཉིད་ཀྱི་ལམ་ཆགས་གྲོལ་ལ་ཞུགས་པ་བཞིན་ནོ། །གསུམ་པ་ནི། སར་ཚུད་པ་རྣམས་སངས་རྒྱས་དང་བྱང་སེམས་ཆེན་པོ་རྣམས་ལས་ཆོས་ཉན་པ་ན། སྔོན་མི་ཤེས་ཤིང་སྔོན་མ་ཐོས་པའི་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་སུ་གཏོགས་པའི་ཆོས་ཚད་མེད་པ་རྣམས་རིམ་པ་དེ་ཉིད་ཀྱིས་ཡུན་རིང་པོར་ཡང་མི་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་བོ། །འདི་ལ་ཚིག་གི་གཟུངས་ཞེས་ཀྱང་བྱའོ། །བཞི་པ་ནི། དེ་དག་ཉིད་ཀྱིས་དེ་ལྟར་གཟུང་བའི་ཆོས་ཀྱི་དོན་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་གང་ཡིན་པ་དེ་དག་དུས་དཔག་ཏུ་མེད་པར་མི་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་གཅིག་ཏུ་བྱས་པ་ལ་དོན་གྱི་གཟུངས་ཞེས་བྱའོ། །དེ་དག་ལས་དང་པོ་ནི་སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པ་རྣམས་ཀྱིས་ཏེ་མོས་སྤྱོད་དུ་ཐོབ་པའོ། །ལྷག་པ་གསུམ་ནི་བསྐལ་པ་གྲངས་མེད་པ་དང་པོ་འདས་ནས་ས་དང་པོ་ལ་སོགས་པར་ཐོབ་བོ། །དེ་དག་ཀྱང་འདོད་པ་ལ་ལྷག་པར་ཆགས་པ། ཕྲག་དོག སེར་སྣ། ཆོས་ཀྱི་དགའ་བ་ལ་མི་སྤྲོ་བ་བཞི་སྟེ་བདག་གཞན་མཉམ་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་དེ་དག་ལས་བཟློག་པས་ཐོབ་པར་འགྱུར་རོ། །གཞན་ཡང་ས་དང་པོ་ལ་གནས་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་དང་། ས་ལྷག་མ་རྣམས་སུ་རིམ་པ་བཞིན། དྲི་མ་མེད་པ་དང་། ཤིན་ཏུ་བརྟན་པ་དང་། ཐུབ་པར་དཀའ་བ་དང་། ཡོན་ཏན་གྱིས་སེམས་བརྒྱན་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སྒྲོན་མེ་དང་། ཁྱད་པར་དུ་འགྲོ་བ་དང་། མི་རྟག་པ་དང་། སྒོ་མཐའ་ཡས་པ་དང་། མི་ཟད་པའི་ཟ་མ་ཏོག་སྟེ། དེ་ལྟར་ས་དང་པོར་སོ་སོའི་གཟུངས་ལ་སོགས་པ་གཟུངས་ཚད་མེད་གྲངས་མེད་པ་སྟོང་ཕྲག་དུ་མ་ཐོབ་པར་འགྱུར་རོ། །གཟུང༫༬༭ས་ཐོབ་པའི་རྟོགས་པའི་གནས་སྐབས་ཀྱི་ཁྱད་པར་ས་གོང་མའི་ཡོན་ཏན་ཐོབ་པར་བྱ་བའི་ས་དེ་ཉིད་ཡོན་ཏན་གྱི་གཞི་ཡིན་པས་ན་ས་ཞེས་སྟོན་པ་སའི་ཚོགས་ཏེ། མཐོང་བ་དང་སྒོམ་པའི་ལམ་ལ་ཡོངས་སུ་སྦྱོང་བའི་ཆོས་ཀྱི་དབྱེ་བས་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུར་རྣམ་པར་གཞག་གོ །དེ་ལ་ཡང་ས་གང་གིས་ཡོངས་སུ་སྦྱོང་བར་འགྱུར་བའི་ཆོས་གང་ཡིན་པ་རྣམས་ཇི་སྲིད་མ་རྫོགས་པ་དེ་སྲིད་དུ་ནི་ས་དེ་ཡིན་ལ་ཡོངས་སུ་རྫོགས་ནས་ནི་ས་གཞན་ཡིན་པར་ཤེས་པར་བྱའོ། །དེ་ཡང་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་ཡིས་ས ནི་དང་པོ་ཐོབ་པར་འགྱུར་ཏེ། རྣམ་པ་བཅུ་ནི། ཇི་ལྟ་བ་བཞིན་གཞི་ཐམས་ཅད་ལ་གྱ་གྱུ་མེད་པའི་བསམ་པ་དང་། རང་གཞན་གྱི་དོན་ལ་ཕན་པའི་དངོས་པོ་ཉིད་དང་། སེམས་ཅན་རྣམས་ལ་སེམས་མཉམ་པ་ཉིད་དང་བདོག་པ་ཐམས་ཅད་གཏོང་བ་དང་། དགེ་བའི་བཤེས་གཉེན་བསྟེན་པ་དང་། ཐེག་པ་གསུམ་དུ་གཏོགས་པའི་དམ་པའི་ཆོས་ཀྱི་དམིགས་པ་འཚོལ་བ་དང་། རྟག་ཏུ་ཁྱིམ་ན་གནས་པ་ལ་མི་དགའ་བར་ངེས་པར་འབྱུང་བའི་སེམས་ཉིད་དང་། བླ་ན་མེད་པའི་སངས་རྒྱས་ཀྱི་སྐུ་འདོད་པའི་དགའ་བ་དང་། དམ་པའི་ཆོས་སྟོན་པ་དང་། བདེན་པ་ཡི་ཚིག་སྨྲ་བ་ནི་བཅུ་པ་ཡིན་པར་འདོད་དོ། །རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་འདི་དག་རང་བཞིན་གྱིས་མི་དམིགས་པས་ཁྱད་པར་དུ་བྱས་པ་ནི་ཡོངས་སུ་སྦྱོང་བ་ཡིན་པར་ཤེས་པར་བྱ་སྟེ། སྦྱོང་བ་ན། སྔོན་མ་བྱུང་བའི་ཆོས་ཀྱི་དེ་ཁོ་ན་ཉིད་གསར་དུ་རྟོགས་པས་བྱང་ཆུབ་ལ་ཉེ་བ་དང་སེམས་ཅན་མང་པོའི་དོན་འགྲུབ་པ་གཟིགས་ནས་དགའ་བ་རླབས་པོ་ཆེ་སྐྱེ་བས་ས་དང་པོ་རབ་ཏུ་དགའ་བར་བཞག་པ་དེ་ཐོབ་པ་ཡིན་ནོ། །དེའི་ཡོན་ཏན་ནི་བརྒྱ་ཕྲག་བཅུ་གཉིས་ཏེ་ལྷག་མ་དག་ལའང་འགྲེའོ། །ས་གཉིས་པ་ནི་རྣམ་པ་གསུམ་གྱི་བདག་ཉིད་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་། གཞན་གྱིས་ཕན་པ་བྱས་པ་ལ་དྲིན་དུ་གཟོ་བ་དང་། ཕན་བཏགས་པ་དག་གིས་ཚུར་གནོད་པ་བྱས་པ་བཟོད་པ་དང་། དགེ་བའི་ཆོས་བསྒྲུབ་པ་ལ་འགྱོད་པ་མེད་པར་རབ་ཏུ་དགའ་བ་དང་། སེམས་ཅན་གཅིག་གི་དོན་དུ་ཡང་དུས་ཡུན་རིང་པོར་དམྱལ་བ་ལ་སོགས་པར་ཡང་གནས་པར་སྤྲོ་བའི་སྙིང་བརྩེ་ཆེ་བ་དང་། སྐྱེ་བོ་ཐམས་ཅད་ལ་བཀུར་སྟི་བྱེད་པ་དང་། བླ་མ་ལ་གུས་པར་ཆོས་ཉན་ཅིང་དེས་བསྟན་པའི་ཆོས་བསྒྲུབ་པ་སྟེ་བདུན། བརྒྱད་པ་ལས་གཞན་མེད་པར་སྦྱིན་པ་ལ་སོགས་ཕར་ཕྱིན་རྣམས་ལ་བརྩོན་ཞིང་སྤྲོ་བ་རྣམས་ཡོངས་སུ་སྦྱོང་བས་འབྱོངས་པ་ན། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་ཐེག་པ་གཞན་ཡིད་ལ་བྱེད་པའི་དྲི་མ་ལས་འདས་པས་ན་དྲི་མ་མེད་པའི་སར་བཞག་པ་དེ་ཐོབ་པར་འགྱུར་རོ། །ས་གསུམ་པ་ནི། དམ་པའི་ཆོས་ཐོས་པས་མི་ངོམས་པ་ཉིད་དང་ནི། ཟང་ཟིང་གི་རྙེད་པ་མེད་པར་ཆོས་སྦྱིན་པ་དང་། སངས་རྒྱས་ཀྱི་ཞིང་རྟེན་དང་བརྟེན་པ་ཀུན་སྦྱོང་བ་དང་། གཞན་གྱི་དོན་དུ་འཁོར་བར་འཁོར་བས་ཡོངས་སུ་མི་སྐྱོ་བ་དང་། རང་དང་གཞན་ལ་ལྟོས་ནས་མི་དགེ་བ་ལ་ངོ་ཚ་ཁྲེལ་ཡོད་བྱེད་པ་ཞེས་བྱ་བ་ངོ་བོ་ཉིད་དུ་མི་རྟོག་པས་རློམ་པ་མེད་པའི་བདག་ཉིད་དུ་ཡོངས་སུ་སྦྱོང་བ་དེ་རྣམ་པ་ལྔ་འབྱོངས་པ་ན། གཞན་དག་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པའི་ཕྱིར་འོད་བྱེད་ཅེས་བཞག་པ་དེ་ཐོབ་པའོ། །ས་བཞི་པའི་ནི། ནགས་སམ་དགོན་པར་གནས་པ་དང་། མ་རྙེད་པ་ལ་མངོན་པར་འདོད་པ་ཆུང་བ་དང་། རྙེད་པ་ལྷག་པར་དོན་དུ་མི་གཉེར་བར་ཆོག་ཤེས་པ་དང་། བསོད་སྙོམས་པ་ཉིད་ལ་སོགས་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་སྡོམ་པ་བརྟེན་པ་སྟེ་དེ་ལ་སྦྱོར་བ་དང་།བསླབ་པ་བླངས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་བ་དང་། འདོད་པའི་ཡོན་ཏན་རྣམས་ལ་ཉེས་དམིགས་སུ་ལྟ་བས་སྨོད་པ་དང་། གདུལ་བྱ་དང་འཚམ་པར་མྱ་ངན་ལས་འདས་པར་གཞོལ་བ་དང་། བདོག་པ་ཀུན་ཡོངས་སུ་གཏོང་བ་དང་། དགེ་བ་བསྒྲུབ་པ་ལ་སེམས་མི་ཞུམ་པ་དང་། དངོས་པོ་ཐམས་ཅད་ལ་ལྟ་བ་མེད་པ་སྟེ་བཅུ་ཡོངས་སུ་སྦྱངས་པས་འབྱོངས་པ་ན་མེའི་འོད་ལྟ་བུ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་བདག་ཉིད་ཀྱི་ཤེས་རབ། དེ་ནི་དེ་ལ་ཕལ་ཆེར་སྒྲིབ་པ་གཉིས་པོ་བསྲེག་པར་ཉེ་བར་གནས་པས་ན་འོད་འཕྲོ་ཅན་ཞེས་བཞག་པ་དེ་ཐོབ་བོ། །ས་ལྔ་པའི། རྙེད་པ་ལ་སོགས་པའི་དོན་དུ་ཁྱིམ་པ་དང་རབ་ཏུ་བྱུང་བ་འགྲོགས་པས་འདྲིས་པ་དང་། དད་པ་ཅན་གྱི་ཁྱིམ་གཞན་ལ་མི་སྟོན་པར་འཁྲེན་པ་དང་། སྐྱེ་བོ་མང་བས་འདུ་འཛིར་གྱུར་པའི་གནས་དང་ནི། བདག་བསྟོད་པ་དང་། གཞན་ལ་བརྙས་པ་དང་། མི་དགེ་བའི་ལས་ཀྱི་ལམ་བཅུ་དང་། ཐོས་པ་ལ་སོགས་པས་རློམ་པས་ཁེངས་ནས་གཞན་ལ་མི་འདུད་པ་དང་། དགེ་བ་དང་མི་དགེ་བ་ལ་ཕྱིས་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་དང་། ལོག་པར་ལྟ་བ་ལ་སོགས་པའི་བློ་གྲོས་ངན་པ་དང་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ལ་བཟོད་པའམ་ཕྱོགས་པ་སྟེ། ཆོས་བཅུ་པོ་འདི་ནི་རྣམ་པར་སྤངས་ན་དེའི་བཟློག་པ་ཆོས་བཅུ་ཤེས་ཏེ། དེ་ཉིད་ཡོངས་སུ་སྦྱོང་བས་འབྱོངས་པ་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་མངོན་པར་བརྩོན་ཡང་སེམས་ཅན་ཀྱི་ལོག་པར་བསྒྲུབ་པས་ཀུན་ནས་ཉོན་མོངས་པར་མི་འགྱུར་ཏེ་དེ་གཉིས་ཀ་ཡང་བྱང་དཀའ་བས་ན་སྦྱང་དཀར་བཞག་པའི་ས་ལྔ་པ་དེ་ནི་ཡང་དག་པར་ཐོབ་བོ། །ས་དྲུག་པའི། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་རབ་ཏུ་རྫོགས་པས་དང་། སློབ་མ་ཉན་ཐོས་ཀྱི་ས་ལ་དགའ་བ་སྤངས་པ་དང་ནི་བསེ་རུའི་ས་ལ་དགའ་བ་སྤངས་པ་དང་། ངོ་བོ་ཉིད་མི་དམིགས་པ་ལ་སྐྲག་པའི་སེམས་སྤངས་ནས་དང་། སློང་བའི་སྐྱེ་བོས་བསླངས་ན་མི་ཞུམ་པ་དང་། བདོག་པ་ཀུན་རང་གིས་ངང་གིས་བཏང་ཡང་མི་དགའ་བ་མེད་པ་དང་། དབུལ་ཡང་སློང་བའི་སྐྱེ་བོ་མི་སྤོང་བས་རྒྱུ་གཉིས་ཡོངས་སུ་སྦྱངས་ནས་འབྱོངས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་མྱ་ངན་ལས་འདའ་བ་དང་། འཁོར་བ་དག་ལ་མི་གནས་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་མངོན་དུ་གྱུར་པ་ཡིན་པས་ས་ནི་དྲུག་པ་མངོན་གྱུར་དུ་བཞག་པ་ཡང་དག་པར་ཐོབ་བོ། །ས་བདུན་པའི། བདག་དང་། སེམས་ཅན་དུ་འཛིན་པ་དང་། སྲོག་དང་། གང་ཟག་དང་། ཆད་པ་དང་། རྟག་པ་དང་། མཚན་མ་མེད་པ་དང་། རྒྱུ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་དང་ནི། ཁམས་གསུམ་པ་ལ་གནས་པ་དང་། ཆགས་པ་དང་། སེམས་ནི་ཀུན་ཏུ་ཞུམ་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ཏེ་དཀོན་མཆོག་གསུམ་དང་། ཚུལ་ཁྲིམས་ལ་དེར་ལྟ་བ་ཡི་མངོན་ཞེན་དང་། སྟོང་པ་ཉིད་ལ་རྩོད་པ་དང་། སྟོང་ཉིད་དེ་དང་འགལ་བར་འཛིན་པའི་ཉེས་པ་ནི། ཉི་ཤུ་གང་ལ་རྒྱུན་རྣམ་པར་འཆད་པ་སྟེ་སྤངས་པ། དེ་ཡིས་ས་ནི་བདུན་པ་ཐོབ་བོ། །བཟློག་པ་བླང་བར་བྱ་བ་ཡང་། རྣམ་པར་ཐར་པའི་སྒོ་གསུམ་ཡང་དག་པར་ཤེས་པ་དང་། དགེ་བ་བཅུའི་ལས་ལམ་ལ་འཁོར་གསུམ་རྣམ་པར་དག་པ་ཉིད་དང་། སྐྱེ་བོ་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་དང་ནི། དངོས་པོར་དམིགས་པ་རློམ་པ་མེད་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་དང་། ཐེག་པ་ཆེན་པོའི་ཚུལ་གཅིག་ཏུ་ཤེས་པ་དང་། མི་སྐྱེ་བ་ཡོངས་སུ་ཤེས་པ་དང་། ཆོས་ཟབ་མོ་ལ་ངེས་པར་རྟོགས་པའི་བཟོད་ཤེས་དང་། ཆོས་རྣམས་ཐེག་པ་ཆེན་པོའི་ཐབས་སམ་རྣམ་པ་གཅིག་ཏུ་སྟོན་པ་དང་། རྟོག་པ་ཐམས་ཅད་ཀུན་ཏུ་འཇོམས་པ་དང་། མཚན་མར་འཛིན་པའི་འདུ་ཤེས་པ་མེད་པ་དང་། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྔ་དོར་བ་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྤོང་བ་དང་། ཞི་གནས་ངེས་པར་སེམས་པ་སྟེ་བསྒོམ་པ་དང་། ཐབས་དང་ཤེས་རབ་ཀྱིས་ལྷག་མཐོང་ལ་ནི་མཁས་པར་བྱ་བ་དང་། སེམས་ཉེ་བར་ཞི་བའམ་དུལ་བ་དང་། གཟུགས་སོགས་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་། མངོན་པར་ཆགས་པའི་ས་མིན་པ་དང་། གང་འདོད་པར་སངས་རྒྱས་ཀྱི་ཞིང་གཞན་དུ་ནི་དུས་མཉམ་པར་འགྲོ་བ་དང་། ཀུན་ཏུ་གདུལ་བྱ་རྣམས་དང་མཐུན་པར་བདག་གི་ངོ་བོ་འམ་ལུས་ནི་དེ་དང་དེར་སྟོན་པ་ཉིད་དང་ཉི་ཤུའོ། །དེ་ལྟར་སྤངས་པ་གཉིས་ཀྱིས་ཡོངས་སུ་སྦྱངས་ན་བགྲོད་པ་གཅིག་པའི་ལམ་དང་འབྲེལ་བའི་ཕྱིར་སྦྱོར་བའི་མཐར་ཕྱིན་པར་སོང་བ་ཡིན་པས་རིང་དུ་སོང་བར་བཞག་པ་དེ་ཐོབ་བོ། །ས་བརྒྱད་པའི། སེམས་ཅན་ཀུན་གྱི་ཡིད་དེ་སེམས་དང་སྤྱོད་པ་ཇི་ལྟ་བ་བཞིན་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སུ་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་རྩེ་བ་དང་། སངས་རྒྱས་ཀྱི་ཞིང་དག་པའམ་བཟང་པོར་བསྒྲུབ་པ་དང་། རྣམ་པ་ཐམས་ཅད་དུ་ཆོས་ཡོངས་སུ་བརྟག་པར་བྱ་བའི་ཕྱིར་སངས་རྒྱས་བསྟེན་པ་དང་། ལྷའི་མིག་བསྐྱེད་པ་སྟེ་དབང་པོ་ཤེས་པ་དང་། རྒྱལ་བ་ཡི་ཞིང་བརྟེན་པ་སེམས་ཅན་ཡོངས་སུ་སྦྱང་བ་དང་། ཐམས་ཅད་དུ་སྒྱུ་མ་ལྟར་གནས་པ་དང་། བསམས་བཞིན་སྲིད་པར་སྐྱེ་བ་ལེན་པ་དང་། ལས་ནི་རྣམ་པ་འདི་བརྒྱད་ཀྱིས་ཡོངས་སུ་སྦྱངས་ནས་འབྱོངས་ན་མཚན་མ་ལ་རྩོལ་བའི་འདུ་ཤེས་དང་། མཚན་མ་མེད་པ་ལ་རྩོལ་བའི་འདུ་ཤེས་གཉིས་ཀྱིས་མི་གཡོ་བའི་ཕྱིར་མི་གཡོ་བར་བཞག་པ་ཐོབ་པར་བཤད་དོ། །སྨོན་ལམ་དག་ནི་མཐའ་ཡས་པ་དང་། ལྷ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་དང་། སྤོབས་པ་ཆུ་བོ་ལྟ་བུ་མི་ཟད་པ་དང་། མངལ་དུ་འཇུག་པའི་མཆོག་ཏུ་བཞག་པ་དེའི་དང་ནི་རྒྱལ་པོ་སོགས་ཀྱི་རིགས་དང་། ཉི་མའི་གཉེན་ཞེས་བྱ་བ་ལ་སོགས་པ་རུས་དང་། མའི་ཕྱོགས་ནས་འབྲེལ་བའི་གཉེན་ཆོ་འབྲང་དང་། རང་དབང་བའི་འཁོར་དང་། བརྒྱ་བྱིན་ལ་སོགས་པས་མངོན་པར་སྡོད་པའི་སྐྱེ་བ་དག་དང་ནི། སངས་རྒྱས་ལ་སོགས་པས་བསྐུལ་ཏེ་ངེས་པར་འབྱུང་བ་དང་། ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་བྱང་ཆུབ་ཀྱི་ཤིང་རྣམས་དང་། སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོར་གྱུར་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བ་ཕུན་སུམ་ཚོགས་པ་ཡིན་པ་རྣམ་པ་བཅུ་གཉིས་ཡོངས་སུ་སྦྱངས་པས་འབྱོངས་ན། སོ་སོ་ཡང་དག་པར་རིག་པའི་བློ་གྲོས་བཟང་བའི་ཕྱིར་ལེགས་པའི་བློ་གྲོས་སུ་བཞག་པ་དེ་ཐོབ་བོ། །རྒྱུའི་ས་རྣམས་ཀྱི་ཡོངས་སུ་སྦྱོང་བ་བསྟན་ནས་འབྲས་བུའི་ས་དེ་ཉིད་དུ་ཡོངས་སུ་སྦྱོང་བ་བསྟན་ནས་འབྲས་བུའི་ས་དེ་ཉིད་དུ་ཡོངས་སྦྱོང་མ་བཤད་པར་ས་ཐམས་ཅད་བསྡུ་བའི་སྒོ་ནས་ས་དགུ་འདས་ནས་ཡེ་ཤེས་ནི་གང་གིས་ཐོབ་པ་དེ་སངས་རྒྱས་ཀྱི་སར་གནས་པ་ཞེས་བྱ་བ་ཡིན་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་པར་ཤེས་པར་བྱ་བས་སོ། །དེ་ནི་ཕྲིན་ལས་བཞིན་དུ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོས དོགས་པ་ ་ཐོས་པའི་ཆོས་རྟེན་ལ་ཡོད་པ་ནམ་མཁའ་ལྟ་བུ་ལ་ཁྱབ་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བཞག་པ་དེ་ཐོབ་པའོ། །བྱང་ཆུབ་སེམས་དཔའི་ས་དག་ལ་གནས་པ་ཞེས་ཀྱང་བྱ་སྟེ། དགེ་བ་བསྒྲུབ་པ་སྣ་ཚོགས་ཀྱི་ཕྱིར་དགའ་བས་རྟག་པར་ཐམས་ཅད་དུ་གནས་སོ། །ས་དགུ་པ་ཞེས་པ་ཡང་དམན་པ་ས་བརྒྱད་དང་། བྱང་ས་རྣམས་གཅིག་ཏུ་བསྡུས་པ་ལ་བྱའོ། །དམན་པ་ས་བརྒྱད་ནི་མོས་སྤྱོད་ཀྱི་སའམ་དྲོད་ལ་རྣམ་པར་བྱང་བ་དཀར་པོ་རྣམ་པར་མཐོང་བས་ན་དཀར་པོ་རྣམ་པར་མཐོང་བའི་སའམ་དད་པའི་ས། འཇིག་རྟེན་ཆོས་མཆོག་ལ་ཆོས་ཀྱི་ས། གང་ཟག་ལ་བདག་མེད་པའི་བཟོད་པ་ཐོབ་པས་བྱང་ཆུབ་གསུམ་ཐོབ་པའི་རིགས་དང་ལྡན་པས་རིགས་ཀྱི་ས། དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་གྲལ་དང་པོ་ནས་ཡས་བགྲངས་པ་རྒྱུན་ཞུགས་ཞུགས་པ་གྲལ་བརྒྱད་པ་ལ་བབ་པས་ན་བརྒྱད་པའི་ས། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པས་དེ་ཁོ་ན་ཉིད་རྟག་པར་མཐོང་བས་ན་མཐོང་བའི་ས། ལན་ཅིག་ཕྱིར་འོང་བས་འདོད་པའི་ཁམས་ཀྱི་འདོད་ཆགས་སྲབ་མོར་བྱས་པས་ན་བསྲབས་པའི་ས། ས་འདི་ལ་གནས་པས་འདོད་པ་ལ་འདུན་པ་དང་གནོད་སེམས་སྤངས་པས་ན་འདོད་པའི་འདོད་ཆགས་དང་བྲལ་བ་ཡིན་པས་འདོད་ཆགས་དང་བྲལ་བའི་ས། ཕྱིར་མི་འོང་སྔགས་བྱས་ཏེ་གྲུབ་པའི་དོན་མི་ཉམས་པར་བསྲུང་བའི་ཕྱིར་བྱས་པ་བསྲུང་བའི་ས་སྟེ་དགྲ་བཅོམ་མོ། །འདིར་ནི་ས་དང་པོ་གཉིས་བཞག ཉན་ས་རང་ས་བསྣན། འབྲས་བུ་ཕྱི་མ་གསུམ་གྱིས་ཞུགས་པ་འདིར་བསྟན་ཉན་སའོ། །གཉ༮༯༰ེན་པོའི་ཚོགས་ནི། མཐོང་དང་བསྒོམ་པའི་ལམ་སོ་སོ་དག་ལ་གཟུང་བ་དང་འཛིན་པའི་རྣམ་རྟོག་བཞིར་ཕྱེ་བ་རྣམས་ཉེ་བར་ཞི་བར་བྱ་བའི་ཕྱིར་གཉེན་པོ་དང་པོའི་བཞི་ཀུན་ཉོན་ལ་བརྟེན་ནས་དང་། ཕྱི་མའི་བཞི་ནི་དོན་དམ་པའི་བདེན་པ་ལ་བརྟེན་ནས་སྟོན་པར་མཛད་པས་རྣམ་པ་བརྒྱད་ཅེས་བྱའོ། །བཅུ་པ་ངེས་འབྱུང་སྒྲུབ་པ་ནི། དེ་ལྟར་ཚོགས་བསགས་པ་རྣམས་ནི་ཇི་ལྟར་འཕགས་པ་བྱམས་པས་བརྙེས་པ་ལྟར་ངེས་པར་འབྱུང་བ་ཡིན་པས་དེ་བརྗོད་པ་ཡུལ་གྱི་དབྱེ་བས་བརྒྱད་དེ། ཆེད་དུ་བྱ་བའི་ངེས་པར་འབྱུང་བ་དང་། མཉམ་པ་ཉིད་ཀྱི་ངེས་པར་འབྱུང་བ་དང་། སེམས་ཅན་གྱི་དོན་གྱི་ངེས་པར་འབྱུང་བ་དང་། འབད་པ་མེད་པའམ་ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བ་དང་། མཐའ་ལས་འདས་པ་ངེས་པར་འབྱུང་བ་དང་། ཐོབ་པའི་མཚན་ཉིད་ཀྱི་ངེས་པར་འབྱུང་བ་དང་། རྣམ་པ་ཀུན་མཁྱེན་པར་ངེས་པར་འབྱུང་བ་དང་། ལམ་གྱི་ཡུལ་ཅན་གྱི་ངེས་པར་འབྱུང་བ་སྟེ་རྣམ་པ་བརྒྱད་ཀྱི་བདག་ཉིད་འདི་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་མདོར། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བསྟན་ནས་དེའི་འོག་ཏུ་ཐེག་པ་དེ་གང་ནས་ངེས་པར་འབྱུང་བར་འགྱུར་ཞེ་ན། ཁམས་གསུམ་ནས་ངེས་པར་འབྱུང་ཞིང་དེ་ཙམ་ཉན་ཐོས་ལ་ཡང་ཡོད་པས་ཁྱད་པར་དུ་བྱ་བའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ལ་བ་དེར་གནས་པར་འགྱུར་ཏེ་ཞེས་སྨོས་ལ། ཡང་དེ་ཐེག་ཆེན་དང་ཐ་དད་དམ་སྙམ་པའི་ལོག་རྟོག་བསལ་བའི་ཕྱིར། དེ་ཡང་གཉིས་སུ་མེད་པའི་ཚུལ་གྱིས་ཞེས་སོགས་ཀྱིས་ངེས་པར་འབྱུང་བ་ཉིད། འབྲས་བུའི་ཐེག་ཆེན་དུ་བཤད་པ་སོགས་ཀྱིས་ངེས་འབྱུང་དེ་ཡུལ་གྱིས་བརྒྱད་དུ་ཕྱེ་བ་ལྟར་དེར་འབྱུང་བྱེད་སྒྲུབ་པར་བཞག་སྟེ་བརྒྱད་དུ་བཤད་པ། ཆེད་དུ་བྱ་བ་གསུམ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་ན་འབྱུང་ལ། དེ་ཡང་སེམས་ཅན་གྱི་དོན་ཁྱད་པར་བྱས་ཏེ་བསོད་ནམས་བསགས་པ་ལས། དེ་ཡང་འབད་པ་དང་བཅས་ན་སེམས་ཅན་ཀྱི་དོན་མ་ལུས་པ་བསྒྲུབ་པར་མི་ནུས་ལ་མཚན་མ་མེད་པར་བྱ་བ་ཐམས་ཅད་བྱེད་པ་ཉིད་ཀྱིས་འགྲུབ་བོ། །དེ་ཡང་རྟག་པ་དང་ཆད་པའི་མཐའ་ཐམས་ཅད་དང་བྲལ་བ་རྟོགས་པ་ལས། དེ་ཡང་ཐེག་པ་གསུམ་གྱི་རྟོགས་པ་རྫོགས་པ་ལས། དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པ་ལས། དེ་ཡང་ཁྱད་པར་གྱི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྙེད་པ་ལས་འབྱུང་ངོ་ཞེས་པའི་སྒྲུབ་པ་དེ་དག་ལས་ངེས་འབྱུང་སྒྲུབ་པ་ལས་ཁྱད་པར་འཕགས་པ་གཞན་ཅི་ཡང་མེད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་ཏེ་དང་པོའོ།། །། སྐབས་གཉིས་པ་ལ་བཅུ་གཅིག་ལས། དང་པོ་འོད་ཀྱིས་མོག་མོག་པོར་བྱེད་པ་ལ་སོགས་པ་ལྔ་བསྟན་པའི་རྟེན་ནི། སྔོན་བྱུང་ཤེར་ཕྱིན་སྟོན་པའི་འཁོར་དུ་འདོད་གཟུགས་ཀྱི་ལྷ་ལྷགས་པ་རྣམས་ལམ་ཤེས་སྐྱེ་རུང་དུ་བསྒྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་རྣམས་ཀྱིས་ལྷ་དེ་དག་གི་རྣམ་པར་སྨིན་པ་ལས་སྐྱེས་པའི་འོད་དྲི་མ་ཅན་ལྟ་བུར་མོག་མོག་པོར་མཛད་པ་དེ་ནི་ང་རྒྱལ་བཅོམ་པའི་རྟེན་ཁོ་ན་ལ་ལམ་ཤེས་ཀྱི་རྟོགས་པ་སྐྱེ་བ་ཞེས་དང་། འོ་ན་ང་རྒྱལ་སྤངས་པ་ཐམས་ཅད་ལའམ་ཞེ་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་ཡིན་ནོ་ཞེས་ཡུལ་ངེས་པ་དང་། འོ་ན་ཐེག་པ་གཞན་འདིར་ངེས་པར་མི་འབྱུང་ངམ་ཞེ་ན་ཐེག་པ་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་གཞོལ་བ་ཡིན་པས་དེ་དག་ཀྱང་ལམ་ཤེས་བསྒོམ་པར་བྱ་བ་ཡིན་པས་ཁྱབ་པ་དང་། དེ་ཡང་ཉོན་མོངས་པ་རྣམས་དབང་དུ་བྱས་ནས་དུས་ཡུན་རིང་པོར་སྒྲུབ་པར་བྱེད་པ་ལམ་ཤེས་ཀྱི་རང་བཞིན་དང་། འཁོར་བ་ཇི་སྲིད་པས་སེམས་ཅན་གྱི་དོན་བྱ་བ་ལ་འཇུག་པ་ནི་དེ་ཡི་བྱེད་ལས་ཏེ། རྟེན་ཡུལ་ཁྱབ་པ་ངོ་བོ་ལས་ཀྱིས་ལྔར་འགྱུར་རོ། །ཁྱབ་པ་འདིར་འགྲེལ་པར་ཐེག་པ་གསུམ་རྣམ་པར་གཞག་པ་ནི་དགོངས་པ་ཅན་ཡིན་གྱི་མཚན་ཉིད་པ་མ་ཡིན་ནོ་ཞེས་པ་འདིའི་དོན་ལ། འདུལ་བའི་དབང་གིས་འཕགས་པ་ཐོགས་མེད་དང་། དེའི་རྗེས་སུ་འབྲང་བ་དག་རིགས་སོ་སོར་ངེས་པ་ལ་ཐེག་པ་ནི་སྣ་ཚོགས་སུ་བདེན་ལ། རིགས་མ་ངེས་པ་ལ་ཐེག་པ་གཅིག་ཏུ་བསྟན་ནོ། །དེ་ཡང་། ཁ་ཅིག་དག་ནི་དྲང་ཕྱིར་དང་། །གཞན་ཡང་ཀུན་ནས་གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་པ་དང་། ཆོས་བཅུ་པ་དང་དཀོན་མཆོག་སྤྲིན་ལ་སོགས་པ་ལས་ཀྱང་ཐེག་པ་གཅིག་ཏུ་བསྟན་པའི་དོན་ནི་དྲང་བའི་དོན་ཡིན་ནོ་ཞེས་བསྟན་ནོ་ཞེས་འདོད་དོ། །ལུང་དེ་དག་ནི་འགའ་ཞིག་སྐྲག་པ་ཡོངས་སུ་སྤང་བའི་ཕྱིར་ཡིན་ལ། འཕགས་པ་དེ་ཡང་དེ་ལྟར་ཐུན་མོང་མ་ཡིན་པར་མི་བཞེད་དེ། རྒྱུད་བླའི་འགྲེལ་པར། དགེ་འདུན་ཞེས་བྱ་བ་འདི་ནི་ཐེག་པ་གསུམ་དང་ལྡན་པའི་ཚོགས་ཀྱི་ཚིག་བླ་དྭགས་སོ། །དེ་ཡང་རྟག་ཏུ་འཇིགས་པ་དང་བཅས་པ་དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་བ་ངེས་པར་འབྱུང་བ་འཚོལ་བ་ལ་སློབ་པ་བྱ་བ་དང་བཅས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པ་ཡིན་ནོ། །ཞེས་སོགས་ཀྱིས་ཐེག་པ་གཅིག་ཏུ་འབད་པས་བསྒྲུབས་པའི་ཕྱིར་རོ། །འཕགས་པ་ཀླུ་སྒྲུབ་དང་དེའི་ལུགས་ཀྱི་རྗེས་སུ་འབྲང་བ་དག ཐེག་པ་གསུམ་རྣམ་པར་གཞག་པ་ནི་དགོངས་པ་ཅན་དང་དྲང་བའི་དོན། མཐར་ཐམས་ཅད་མཚང་རྒྱ་བ་ཅན་ཡིན་པས་གཅིག་ཏུ་བསྟན་པ་ངེས་དོན་དུ་བཞེད་དེ། དམ་ཆོས་པད་དཀར་ལས། ཤཱ་རིའི་བུ་ཁྱོད་མ་འོངས་པའི་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་དང་། དགོས་པ་གནས་སྐབས་སུ་དེ་དག་དེར་ངལ་བསོར་འཇུག་པའི་ཕྱིར་ཏེ། དེ་ཉིད་དུ། དྲང་སྲོང་ཆེན་པོས་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ཀྱིས་ཐབས་ལ་མཁས་པ་སྟེ། །ཐེག་པ་གཅིག་པུ་གཉིས་སུ་ཡོད་མ་ཡིན། །བསྟི་བའི་དོན་དུ་ཐེག་པ་གསུམ་བསྟན་ནོ། །ཞེས་དང་། དེ་བཞིན་བདེན་པ་པོའི་ལེའུ། ལང་གཤེགས་སོགས་ལུགས་ལས་རྒྱ་ཆེར་བསྟན་ནོ། །རིགས་པས་ཀྱང་གྲུབ་སྟེ། ཡུལ་དེ་ཁོ་ན་ཉིད་ཤེས་པ་ལས་གཞན་དུ་གྱུར་པའི་སྒྲིབ་གཉིས་མ་ལུས་པ་སྤོང་བྱེད་མེད་ལ། དེ་ཁོ་ན་ཉིད་ཀྱི་ཡུལ་རྣམ་པར་འགྱུར་པ་མེད་པས། དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་མཉམ་བཞག་རྣམས་ཀྱང་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་རྟོགས་པའི་རྣམ་པའི་སྒོ་ནས་ཐ་དད་པ་མེད་པའི་ཕྱིར་རོ། །དེ་ཡང་། ཐར་པ་ཞེས་བྱ་གཅིག་པུ་ཉིད། །མང་པོ་དམིགས་པར་མི་འགྱུར་རོ། །ཞེས་སམ། འཇུག་པར། གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་དྲི་མ་མཐའ་དག་སེལ་བ་ནི། །ལྷུར་བྱེད་གཞན་མེད་ཆོས་རྣམས་དེ་ཉིད་རྣམ་འགྱུར་དབྱེ་བའང་རྟེན་མིན་ཞིང་། །དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་ཐ་དད་འགྱུར་བ་མ་ཡིན་པ། །དེ་ཡི་ཕྱིར་ན་ཁྱོད་ཀྱིས་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་བསྟན། །ཞེས་སོ། །སྐྱེ་བ་ཐམས་ཅད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པ་ཅན་ཡིན་ཏེ། ཞེས་པའི་དོན་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་འཚང་རྒྱ་བར་འགྱུར་རོ་ཞེས་སྟོན་བཞེད་པའོ། །འཁོར་བ་ལ་མཐའ་ཡོད་དམ་མེད་ཅེས་དྲིས་པས། སྟོན་པས་གང་དུ་ཡང་ལུང་དུ་མ་བསྟན་པའི་སྐབས་རྣམ་པར་ཕྱེ་ནས་གང་ཟག་སྒོས་ཀྱི་དབང་དུ་ཡོད་ལ། སྤྱིར་ནི་མེད་ཅེས་གསུང་བའི་སྐབས། འཁོར་བ་ནི་མེད་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུའོ་ཞེས་པས་ཟད་པ་མེད། འཕེལ་བ་མེད་པར་གསུངས་པའི་གནས་སྐབས། ཡང་དག་པར་ནི་སངས་རྒྱས་ཀྱི་གཟིགས་པ་ཁོ་ན་སྟེ་འཁོར་བ་ལྟ་ཅི་སྨོས། མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་འཇོག་མི་ཤེས་སོ། །གང་ཟག་གཅིག་སངས་རྒྱས་པ་ན་དེའི་རང་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་སངས་རྒྱས་ལ་གཞན་སྣང་དག་ནི་མ་ཡིན་ནོ་སྙམ་པ་ནི་དྲང་དོན་ཙམ་སྟེ། བདག་ཏུ་སྣང་བའི་ཕྱི་ནས་གཞན་དུ་སྣང་བ་འདི་གྲུབ་ཅིང་། དེའི་ངོར་བདག་གཞན་འཐད་པས་དེ་སྐད་བྱས་ལ། གཞན་ཆོས་དེ་དང་དེ་རང་གི་སྣང་བ་ཙམ་གྱིས་བཞག་པ་ལས་ལོགས་པ་མེད་པ་ཐེག་པ་ཆེན་པོ་ཐམས་ཅད་ཀྱི་ལུགས་ལ་གནས་པས་རང་སྣང་དག་ནས་གཞན་སྣང་ཤུལ་དུ་ལུས་པ་ནི་སྲིད་པ་མིན་ནོ། །འདིའི་འདོད་ཆགས་དང་བྲལ་བ་ནི་ཉན་རང་། ཅིག་ཤོས་ཀྱི་རྣལ་འབྱོར་པ་རིགས་ངེས་པའི་བྱང་སེམས་ཡིན་པ་ལ་སྙོན་མི་ནུས་ཏེ། སློབ་དཔོན་ཉིད་ཀྱིས་འགྲེལ་ཆེན་དུ། ཉན་ཐོས་ཀྱི་ཐེག་པ་ལ་ལེགས་པར་ཞུགས་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྣོད་དུ་མ་གྱུར་པ་ཉིད་ཀྱིས་རིགས་མ་ངེས་པ་རྣམས་ཐོག་མ་ཉིད་དུ་བྱང་ཆུབ་ཆེན་པོར་དྲང་བའི་དོན་དང་། རབ་ཏུ་ཞུགས་པ་གཞན་རྣམས་ཀྱང་ཡང་དག་པར་གཟུང་བའི་དོན་ཡིན་ནོ་སྙམ་པས་ཞེས་གསུངས་ལ། གནོད་འཇོམས་ལས་ཀྱང་། མདོ་གཞན་ལས་བསྟན་པའི་རིམ་པ་ལྟ་བུའི་དོན་རྒྱ་ཆེར་བསྟན་པར་བྱའོ། །འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་ཁ་ཅིག་ནི་ངེས་པའི་རིགས་ཅན། ཁ་ཅིག་ནི་མ་ངེས་པའི་རིགས་ཅན་ཡིན་པར་ཡང་དག་པར་གཟིགས་སོ། །དེ་ལ་ངེས་པའི་རིགས་ཅན་གང་ཡིན་པ་དེ་དག་ནི་རིགས་ཀྱི་བྱེ་བྲག་ཉིད་ཀྱིས་དེ་འགྲུབ་པས་བརྗོད་ཀྱང་མི་དགོས་ཀྱི། སེམས་ཅན་མ་ངེས་པའི་རིགས་ཅན་གང་དག་ཡིན་པ་དེ་དག་ནི་རྐྱེན་རྙེད་ན་རྐྱེན་ཇི་ལྟ་བ་བཞིན་དུ་བྱང་ཆུབ་གསུམ་གྱི་སྐལ་བ་ཡོད་པར་དེ་བཞིན་གཤེགས་པས་གཟིགས་ནས་དེ་དག་རིམ་གྱིས་སངས་རྒྱས་ཉིད་དུ་བསྒྲལ་བར་བཞེད་པས་ཞེས་འབྱུང་བས་སོ། །འདི་ལ་ཀླུ་སྒྲུབ་ཀྱིས། །བྱང་ཆུབ་རྣམ་པ་གཉིས་ཐོབ་ནས། །སྲིད་པས་སྐྲག་ཡིད་དེ་དག་ནི། །ཚེ་ཟད་ལ་དགའ་མྱ་ངན་ལས། །འདས་ཐོབ་འདུ་ཤེས་ཅན་དུ་འགྱུར། །དེ་ལ་མྱ་ངན་འདས་ཡོད་མིན། །འོན་ཀྱང་སྲིད་གསུམ་ཁམས་སུ་ནི། །སྐྱེ་བ་དེ་ལ་ཡོད་མ་ཡིན། །ཟག་མེད་དབྱིངས་གནས་དེ་དག་ཀྱང་། །མི་ཤེས་ཉོན་མོངས་མིན་སྤང་ཕྱིར། །ཕྱིས་ནི་སངས་རྒྱས་ཀྱིས་བསྐུལ་ནས། །བྱང་ཆུབ་ཀྱི་ནི་ཚོགས་བསགས་ཏེ། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །འདིའི་དོན་སློབ་དཔོན་གྱི་འགྲེལ་ཆེན་དུ། ཉན་ཐོས་ཆེན་པོ་ཕུང་པོ་དང་བཅས་པ་དང་། ཕུང་པོ་མེད་པའི་མིང་ཅན་གྱི་བྱང་ཆུབ་གཉིས་ཐོབ་ནས། ཞེས་གསུངས་པ་འདི་ལས་ན། ཕུང་པོ་ལྷག་བཅས་པ་བྱང་ཆུབ་ལ་འཇུག་པ་ཞིག་དང་། ལྷག་མེད་ཐོབ་ནས་འཇུག་པ་གཉིས་འཐོན་ནོ། །དང་པོ་ནི། གནོད་འཇོམས་ལས། ཡང་གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། ང་རྒྱལ་དང་། རྒོད་པ་དང་། མ་རིག་པ་རྣམས་སྤང་བ་ལ་བཙུད་ནས་དེ་བཞིན་ཉིད་རྟོགས་འདི་ཉིད་ཀྱི་བྱས་པ་བསྲུང་བ་ཅན་གྱིས་རྟོགས་པར་འགྱུར་ཏེ་དེ་ཉིད་ལ་དགྲ་བཅོམ་པའི་ལམ་ཞེས་ཀྱང་བརྗོད་དོ། །ཐམས་ཅད་ལ་ཡང་དེ་དག་འཛུད་པ་ན་ཅི་ནས་སངས་རྒྱས་ཉིད་ལ་འདོད་པ་ཆེར་སྐྱེ་བར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་སྟོན་ནོ། །དེ་ནས་སངས་རྒྱས་ཉིད་འདོད་པ་དེ་དག་སངས་རྒྱས་ཉིད་འདོད་པས་བྱས་པ་བསྲུང་བ་ཅན་གྱི་ས་ལ་ཉོན་མོངས་པ་ཐམས་ཅད་ནི་སྤངས་པར་འགྱུར་ལ་མ་རིག་པའི་བག་ཆགས་ནི་མ་སྤངས་ཏེ། དེ་མ་སྤངས་པས་ཉོན་མོངས་པའི་བག་ཆགས་ཐམས་ཅད་ཀྱང་མ་སྤངས་སོ། །ཡང་དེ་དག་ལ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་ཐེག་པ་བཤད་པར་མཛད་དོ། །བཤད་པ་དེས་ཀྱང་དབང་པོ་ཤིན་ཏུ་སྦྱངས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་ནུས་པའི་བསམ་པ་ཅན་དུ་འགྱུར་ཏེ། རིམ་གྱིས་ཆོས་ཟབ་མོ་ལ་བཟོད་པ་ཡང་ཐོབ་པར་འགྱུར་རོ། །དེ་ལྟར་སངས་རྒྱས་ཀྱི་ས་ལ་བསམ་པ་ངེས་པ། ཉོན་མོངས་པ་ཐམས་ཅད་སྤངས་པ། ཆོས་ཀྱི་དབྱིངས་ཤིན་ཏུ་རྟོགས་པ། ཆོས་ཟབ་མོ་ལ་བཟོད་པ་ཐོབ་པ་རྣམས་དེ་བཞིན་གཤེགས་པས་སངས་རྒྱས་སུ་ལུང་སྟོན་ཏེ། དེའི་ཚེ་ན་ས་བརྒྱད་པ་ལ་གནས་པ་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོར་འགྱུར་རོ། །ཞེས་སངས་རྒྱས་ཉིད་འདོད་པ་ཞེས་དང་། སྤྱོད་པ་ཡོངས་སུ་རྫོགས་པའི་སྒྲས་དང་། རིམ་གྱིས་བཟོད་པ་ཐོབ་པའི་ལུང་སྟོན་པའི་མཚམས་སྨོས་པས་ཀྱང་ཐེག་དམན་དགྲ་བཅོམ་བྱང་ཆུབ་སེམས་དཔའི་ལམ་དུ་འཇུག་པ་ནི་ཚོགས་ལམ་ཆུང་ངུ་ནས་ཡིན་པ་འཐད་ལ། དེ་ཡང་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་ལྟོས་ནས་དེ་མ་ཐོབ་བར་ཏུ་ཐེག་ཆེན་གྱི་སོ་སྐྱེ། འཕགས་མ་འཕགས་ནི་འཇིག་རྟེན་ལ་ལྟོས་ནས་ཡིན་པས་འཕགས་པར་འཐད་ལ། དེ་ཙམ་གྱིས་ཕུང་པོ་གསུམ་པར་མི་འགྱུར་ཏེ། དེའི་རྒྱུ་མཚན་ལ་དཔྱད་ན། གཉིས་ཀ་མིན་པ་ཞིག་གསུམ་ག་ཡིན་པར་མི་འགྱུར་བས་སོ། །དེ་ཡང་དམ་ཆོས་པདྨ་དཀར་པོར་ཉན་ཐོས་ཆེན་པོ་རྣམས་བྱང་ཆུབ་ཏུ་ལུང་བསྟན་པས་ཀྱང་ཤེས་སོ། །གཉིས་པ་ལྷག་མེད་དུ་རྒྱུ་གང་གིས་དེར་འདའ། དེ་ནས་ཇི་ལྟར་འཇུག་པའི་ཚུལ་ནི་འགྲེལ་ཆེན་དུ། སྙིང་རྗེ་ཆེན་པོ་དང་ཤེས་རབ་བྲལ་བས་སྲིད་པ་ལས་སྐྲག་པའི་ཡིད་ཅན་མྱ་ངན་ལས་འདས་པ་མེད་ཀྱང་སྔོན་གྱི་ཤུགས་ཀྱིས་འཕངས་པའི་ཚེ་ཟད་པར་མར་མེ་ཤི་བ་ལྟ་བུར་མྱ་ངན་ལས་འདས་པ་ཞེས་མིང་དུ་བྱས་པ་ཁམས་གསུམ་པའི་སྐྱེ་བ་ལས་འདས་པ་རྣམས་ནི་འཆི་འཕོ་བའི་དེ་མ་ཐག་ཏུ། ཟག་པ་མེད་པའི་དབྱིངས་ལ་མཉམ་པར་བཞག་བཞིན་པ་ཁོ་ནར་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་སུ་པདྨའི་སྦུབས་སུ་སྐྱེའོ། །དེ་ནས་དེ་དག་འོད་དཔག་མེད་པ་ལ་སོགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཉི་མའི་འོད་ཟེར་རྣམས་ཀྱིས་ཉོན་མོངས་པ་ཅན་མ་ཡིན་པའི་མུན་པ་བསལ་བའི་དོན་དུ་སད་པར་མཛད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐར་པའི་གནས་སྐབས་སུ་དམྱལ་བ་ལ་སོགས་པར་རྒྱུ་བ་བཞིན་དུ་འགྲོ་བར་འགྲོ་བའི་རིམ་གྱིས་བྱང་ཆུབ་ཀྱི་ཚོགས་བསགས་ནས་འཇིག་རྟེན་གྱི་བླ་མར་འགྱུར་རོ། །དེས་ན་རྒྱུ་ཡང་སྲིད་པའི་ཉོན་མོངས་པ་ལོག་ནས་འབྲས་བུ་ཁམས་གསུམ་པའི་སྐྱེ་བ་བཟློག་པར་འགྱུར་གྱི་ཟག་པ་མེད་པའི་དབྱིངས་སུ་སྐྱེ་བ་ནི་མ་ཡིན་པའི་ཕྱིར་ཇི་ལྟར་འགལ། ཞེས་གསུངས་པའི་བརྩད་པ་མན་གྱིས་དེ་གཉིས་ཀ་སྲིད་པ་ཇི་ལྟར་ལེན་པའི་ཚུལ་ལ་དཔྱད་པ་དེ་ཡང་གནོད་འཇོམས་སུ། དེ་ལ་ཉོན་མོངས་པའི་བག་ཆགས་མ་སྤངས་པ་གང་ཡིན་པ་དེ་ནི་ཡང་སྲིད་པར་ཉིང་མཚམས་སྦྱོར་བའི་རྐྱེན་ཡིན་ནོ། །ཟག་པ་དང་བཅས་པའི་དགེ་བའི་རྩ་བའི་རྒྱུ་ལས་བྱུང་བ་ཟག་པ་མེད་པའི་དགེ་བའི་རྩ་བ་དེ་དག་ནི་ཡང་སྲིད་པར་འཛིན་པར་བྱེད་པའོ། །ཞེས་གསུངས་ལ། དེར་སྲིད་པ་གཟུང་བའི་ལུས་དེ་ལ་ཡིད་ལས་བྱུང་བའི་ལུས་ཞེས་བྱ་སྟེ། རྣམ་པར་དབྱེ་ན་དགྲ་བཅོམ་གཉིས་དང་དབང་ཐོབ་པའི་བྱང་སེམས་སོ། །དེ་ལྟ་བུའི་ལུས་དེ་ཡང་གནོད་འཇོམས་སུ། འགྲོ་བའམ། སྐྱེ་ནས་སམ། སྐྱེ་བའམ། སྲིད་པའམ། འཇིག་རྟེན་གང་དུ་ཡང་མི་བགྲང་ངོ་། །འོ་ན་ལུས་མངོན་པར་གྲུབ་པ་ཅི་འདྲ་བ་ཞིག་ཅེ་ན། ཡིད་ལས་བྱུང་བ་སྟེ། ཡིད་ལས་བྱུང་བའི་སྤྲུལ་པ་ལྟ་བུར་བལྟ་བ་ཡིས། སྤྲུལ་པ་ཉིད་ནི་མ་ཡིན་ནོ། །ཡང་སྲིད་པ་ཞེས་བྱ་བ་ནི་འཆི་འཕོ་བ་དང་སྐྱེ་བའི་དབང་གིས་བཏགས་པར་བརྗོད་པ་སྟེ། དབང་ཐོབ་པ་རྣམས་ནི་སེམས་ཅན་གྱི་དོན་དུ་འགྱུར་བ་ཡོད་ན་སྐྱེ་གནས་དང་འགྲོ་བ་དེ་དག་ཏུ་སྣང་བར་འགྱུར་ལ། སེམས་ཅན་གྱི་དོན་དུ་འགྱུར་བ་མེད་ན་ནི་བདག་ཉིད་མི་སྣང་བར་འགྱུར་ཏེ་འཆི་འཕོ་བ་དང་སྐྱེ་བ་ཡང་དེ་ཉིད་ཡིན་ལ། ལུས་དེ་ཉིད་ཟག་པ་མེད་པའི་དགེ་བའི་རྩ་བའི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་འདུས་བྱས་ཡིན་ཏེ་འཁོར་བ་ཞེས་ཀྱང་བྱའོ། །ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པའི་ཕྱིར་འདུས་མ་བྱས་ཞེས་བྱ་སྟེ། དེ་ཉིད་ལ་མྱ་ངན་ལས་འདས་པ་ཞེས་ཀྱང་བྱའོ། །འདི་ལྟར་བཅོམ་ལྡན་འདས་དེའི་སླད་དུ་འདུས་བྱས་དང་འདུས་མ་བྱས་པའི་འཁོར་བ་ཡང་མཆིས་ལ། འདུས་བྱས་དང་འདུས་མ་བྱས་པའི་མྱ་ངན་ལས་འདས་པ་ཡང་མཆིས་སོ། །ཞེས་འབྱུང་བ་ལྟ་བུ་ཞེས་འབྱུང་བས་སོ། །འགྲེལ་པར། ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་སྤོང་བ་མ་ཡིན་པ་ཞེས་པའི་འདིའི་ཉོན་མོངས་པ་ཞེས་བྱ་བ་ཡང་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱ་བ་སྟེ། དེས་བསམ་བཞིན་དུ་ཁམས་གསུམ་དུ་འགྲོ་བས་དེ་སྐད་དུ་བཏགས་ཀྱི་སེམས་ཉེ་བར་ཉོན་མོངས་པས་ནི་མ་ཡིན་ནོ། །དགེ་རྩ་མཚུངས་ལྡན་དང་བཅས་པ་ཞེས་པ་ཡང་འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་བཙལ་བས་ཡོངས་སུ་མི་ངོམས་པ་དང་། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དང་ཕྲད་པར་སྨོན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ནི་སྐྱོ་བ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་བརྩོན་པ་དང་། སེམས་ཅན་གྱི་བྱ་བ་ཅི་ཡོད་སྙམ་པ་ལ་སྤྲོ་བ་དང་། ཆོས་ལ་ཀུན་དགའ་བའི་བསམ་པ་མི་འདོར་བ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་རྣམས་ཡོངས་སུ་མི་གཏོང་བའོ། །ཞེས་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བཤད་དོ། །གཉིས་པ་སློབ་མ་ཉན་ཐོས་ཀྱི་ལམ་ནི། རང་བཞིན་དང་རྒྱུ་ངེས་འབྱེད་གཉིས་ལས། དང་པོ་ནི། ལམ་གསུམ་ཤེས་པ་ཉིད་ཀྱི་ཚུལ་ལ། དང་པོ་ནི། སྦྱོར་བ་སེམས་བསྐྱེད་ཀྱིས་ཀུན་ནས་བསླངས་པ། དངོས་གཞི་འཕགས་པའི་བདེན་པ་བཞི་དག་གི་རྣམ་པ་མདོར་མི་རྟག་པ་ཉིད་དང་། སྡུག་བསྔལ་ཉིད་དང་། བདག་མེད་པ་ཉིད་དང་། ཞི་བ་ཉིད་དང་། ནད་ཉིད་དང་། འབྲས་ཉིད་དང་། མྱུ་གུ་ཉིད་དང་། སྡིག་པ་ཉིད་དང་། ཕ་རོལ་ཉིད་དང་། འཇིག་པའི་ཆོས་ཅན་ཉིད་དང་། གཡོ་བ་ཉིད་དང་། རབ་ཏུ་འཇིག་པ་ཉིད་དང་། འཇིག་པ་ཉིད་དང་། འགོ་ནད་ཉིད་དང་། འཚེ་བ་ཉིད་དང་། བདག་མེད་པ་ཉིད་དང་། ཞི་བ་ཉིད་དང་། དབེན་པ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། ལམ་དང་རིག་པ་དང་བསྒྲུབ་པ་དང་། ངེས་པར་འབྱིན་པའི་རྣམ་པ་རྩ་དྲུག་ལས། དང་པོ་བཞི་སྡུག་བསྔལ་བདེན་པའི་རྣམ་པ། དེའི་ཡང་དང་པོ་གཉིས་ངོ་བོ། གཉིས་པ་གཉིས་རྣམ་གྲངས་ཀྱི་རྣམ་པ་སྟེ། ཆོས་མངོན་པ་དང་ཐ་སྙད་མཐུན་པར་གསུངས་པ་ནི་ངོ་བོ་ཉིད་ཀྱི་རྣམ་པ་དང་མིང་མི་མཐུན་ལ་དོན་འདྲ་བས་སོ། །དེའི་འོག་མ་བཞི་ཀུན་འབྱུང་གི་རྣམ་པ་སྟེ། ཀུན་འབྱུང་གི་སྤྱི་མཚན་བཞི་རིམ་པ་བཞིན་རྣམ་གྲངས་དེའི་འོག་མ་གཉིས་ནི་བདེན་པ་དེ་གཉིས་སོ་སོའི་ཡིད་འབྱུང་བའི་རྣམ་པ། དེའི་འོག་མ་གཉིས་དེ་གཉིས་སོ་སོ་ལ་འདོད་ཆགས་དང་བྲལ་བའི་རྣམ་པ། དེའི་འོག་མ་གསུམ་དེ་གཉིས་སོ་སོ་ལ་འགོག་པའི་རྣམ་པ་སྟེ། དེ་ཡང་འཕགས་པ་ཉན་ཐོས་རྣམས་ཡིད་འབྱུང་བ་དང་། འདོད་ཆགས་དང་བྲལ་བ་དང་འགོག་པའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་བྱ་བའི་ལུང་ཇི་ལྟ་བ་བཞིན་ནོ། །ཡིད་ལ་བྱེད་པ་དེ་རྣམས་ཉིད་ཀྱི་མ་རིག་པ་ལ་སོགས་པའི་འགོག་པ་ལ། དེའི་འོག་མ་གསུམ་གྱིས་ཡིད་ལ་བྱེད་པས་དེ་གསུམ་འགོག་པའི་བདེན་པའི་རྣམ་པའོ། །དེའི་འོག་མ་བཞི་ནི་ངེས་པར་འབྱུང་བའི་རྣམ་པ་སྟེ། ཅི་ལྟར་ངེས་པར་འབྱུང་བ་རྣམ་ཐར་སྒོ་གསུམ། གང་ངེས་པར་འབྱུང་བ་མངོན་པར་འདུ་བྱེད་པ་མེད་པ་ཡིན་པས་སོ། །དེའི་འོག་མ་བཞི་རིམ་པ་བཞིན། དེ་རྣམས་ཉིད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་སྒོམ་པར་བྱེད་པ་དང་། མི་དམིགས་པའི་ཚུལ་དུ་ཕར་ཕྱིན་དྲུག་ལ་སྤྱོད་པ་དང་། བདག་མེད་པ་དང་བདག་གི་དང་བྲལ་བར་ཆོས་ལ་སོ་སོར་རྟོག་པ་དང་བསམ་གྱིས་མི་ཁྱབ་པས་སོ་སོར་རྟོག་པ་ལ་ཞེན་པ་མེད་པར་བྱེད་པས་ལམ་གྱི་བདེན་པའི་རྣམ་པའོ། །དེ་དག་ཀྱང་ངོ་བོ་ཉིད་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་དགེ་བ་བྱང་ཆུབ་ཆེན་པོར་བསྔོ་བ་དང་བཅས་པ་ནི་ཉན་ཐོས་ཀྱི་ལམ་འདིར་ཡོན་ཏན་ཡར་ལྡན་དུ་ཤེས་པར་བྱའོ། །གཉིས་པ་ནི། དེ་གང་སྔོན་དུ་འགྲོ་བ་ཅན་ཡིན་ཞེ་ན་ངེས་འབྱེད་ཆ་མཐུན་སྟེ། འཕགས་པ་ཉན་ཐོས་ཀྱི་ལམ་ལ་ནི་ཡུལ་གཟུགས་ལ་སོགས་པ་ཕུང་པོ་རང་རང་གི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་གཟུགས་དང་། ཚོར་བ་སོགས་ཀྱི་སྟོང་པ་ཉིད་རྣམས་ཕན་ཚུན་དུ་དབྱེར་མེད་པས་བསྒོམ་པ་དྲོ་བ། གཟུགས་སོགས་དེ་དག་རང་རང་གི་ངོ་བོས་སྟོང་བའི་ཕྱིར་གཟུགས་སོགས་སུ་མི་དམིགས་པས་བསྒོམ་པ་རྩེ་མོར་གྱུར་པ་དག་ཏུ་འདོད། གཟུགས་སོགས་དེ་ལ་རྟག་པ་ཡང་མིན་ལ་སོགས་པ་མི་རྟག་པ་ཡང་མ་ཡིན་ནོ། །ཞེས་དམིགས་པའི་ཚུལ་གྱིས་གནས་པ་བཀག་པས་བཟོད་པ་རྣམས། ས་རབ་ཏུ་དགའ་བ་ལ་སོགས་བཅུ་དག་ལས་བརྩམས་ནས་ནི་མི་གནས་པར་རྒྱས་པར་བསྟན་པ་ཡིས་བསྒོམ་པ་ཆོས་ཀྱི་མཆོག་ཏུ་འགྱུར་བར་བཤད་དེ། ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པ་དཀོན་མཆོག་གི་མཛོད་བརྙེས་ནས་ཆོས་རྣམས་མ་གཟིགས་པའི་ཕྱིར་རོ། །འདིར་ཉན་ཐོས་རང་གི་ལམ་ལྔ་ལས། ཚུལ་ཁྲིམས་ལ་བརྟེན་ནས་ཉན་ཐོས་ཀྱི་སྡེ་སྣོད་ལ་ཐོས་བསམ་བྱས་ཏེ་ལུང་རིགས་ཀྱི་བདེན་བཞིའི་རྣམ་པ་བཅུ་དྲུག་ཤེས་པར་བྱས་ནས་དྲན་པ་ཉེར་བཞག་བཞི་བསྒོམ། སྦྱོར་ལམ་བཞིར་ཡང་དག་སྤོང་བཞི། རྫུ་འཕྲུལ་རྐང་བཞི། དབང་པོ་ལྔ་སྟོབས་ལྔ་རིམ་པ་བཞིན། དྲོད་རྩེ་བཟོད་པ་ཆུང་ངུ་གསུམ་དུ་ཁམས་གསུམ་གྱི་བདེན་པ་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་མཚུངས་པར་བསྒོམ། འབྲིང་ནས་དང་པོར་ལམ་གྱི་བཞི་དོར་ནས་བཅུ་གཉིས་བསྒོམ། དེ་ནས་འགོག་པའི་བཞི་དོར། དེ་ནས་ཀུན་འབྱུང་བའི་བཞི་དོར། དེ་ནས་དུཿཁའི་གཅིག་དོར་གཉིས་དོར་ནས་གཉིས་བསྒོམ་པའི་བར་ནི་འབྲིང་ཡིན་ལ་གཉིས་པོ་སྲེད་པ་ཤས་ཆེ་ན་ལེ་ལོ་དང་ང་རྒྱལ་གྱི་གཉེན་པོར་མི་རྟག་དུཿཁ་གཉིས། ལྟ་བ་ཤས་ཆེ་ན་བདག་དང་བདག་གིར་ལྟ་བའི་གཉེན་པོ་བདག་མེད་སྟོང་པ་ཉིད་བསྒོམ་མོ། །དེ་ནས་བཟོད་ཆེན་དང་ཆོས་མཆོག་འདོད་ཁམས་ཀྱི་སྡུག་བསྔལ་ཕུང་པོ་ལྔ་ལ་དམིགས་པ་སྐད་ཅིག་རེ་རེའོ། །མཐོང་ལམ་ནི་ཆོས་མཆོག་གི་རྗེས་སུ་འདོད་ཁམས་ཀྱི་སྡུག་བསྔལ་གྱི་ཆོས་ཉིད་རྟོགས་པ་བར་ཆད་མེད་ལམ་གྱིས་བསྡུས་པ་ཆོས་བཟོད། དེ་ཉིད་རྣམ་གྲོལ་ལམ་གྱིས་བསྡུས་པ་ཆོས་ཤེས། དེའི་རྗེས་སུ་ཁམས་གོང་གི་སྡུག་བསྔལ་རྟོགས་པའི་བར་ཆད་མེད་ལམ་རྗེས་བཟོད། དེའི་རྣམ་གྲོལ་ལམ་ནི་རྗེས་ཤེས་སོ། །དེ་བཞིན་དུ་བདེན་པ་གཞན་གསུམ་ལ་ཡང་སྦྱར་བས་སེམས་ཀྱི་སྐད་ཅིག་བཅུ་དྲུག་ཡོད་པའི་དང་པོ་བཅོ་ལྔ་ཡིན་ལ། ཐམས་ཅད་ཀྱང་ཆོས་མཆོག་དང་ས་གཅིག་གོ །བསྒོམ་ལམ་ནི། འདོད་ཁམས་དང་། བསམ་གཏན་བཞི་དང་། གཟུགས་མེད་བཞི་སྟེ་ས་དགུ་པོ་རེ་རེ་ལ་སྒོམ་སྤངས་ཀྱི་ཉོན་མོངས་པ་དགུ་དགུ་སྟེ་གྱ་གཅིག་གི་གཉེན་པོར་འགྱུར་བའོ། །ཅིག་ཅར་བ་ལ་ནི། ཁམས་གསུམ་གྱི་ཉོན་མོངས་བསྒྲིལ་ནས་སྤོང་བས་དགུར་སྐྱེའོ། །མཐོང་སྒོམ་གཉིས་ནི་འཕགས་ལམ་ཡན་ལག་བརྒྱད་དང་བྱང་ཆུབ་ཡན་ལག་བདུན་ཡིན་ནོ། །མི་སློབ་ལམ་ནི་སྲིད་རྩེའི་ཉོན་མོངས་པ་དགུ་ཟད་པ་ཐོབ་ཅིང་ཤེས་པ་ཡིན་ནོ་ཞེས་མཛོད་དུ། ཚུལ་གནས་ཐོས་དང་བསམ་ལྡན་པས་སོགས་ཀྱིས་སོ། །ཟག་པ་མེད་པའི་ལམ་ལ་དགེ་སྦྱོང་གི་ཚུལ་ཞེས་བྱ་ལ། དེ་ཡང་མཐོང་ལམ་དང་བསྒོམ་ལམ་ཟག་པ་མེད་པ་ལ་བརྟེན་པ་འབྲས་བུ་བཞི། འབྲས་བུའི་ངོ་བོ་ནི་ལམ་གྱི་བདེན་པ་ལ་རྣམ་གྲོལ་ལམ། དེས་ཐོབ་པའི་འགོག་པའི་བདེན་པ་ལ་སྤངས་པ་ཞེས་མིང་དུ་བཏགས་ནས་འདུས་བྱས་དང་འདུས་མ་བྱས། དེ་ཡང་མཐོང་སྤངས་སྤངས་པའི་རྣམ་གྲོལ་བརྒྱད་དང་། བསྒོམ་སྤངས་ལས་གྲོལ་བའི་རྣམ་གྲོལ་ལམ་གྱ་གཅིག་སྟེ་བརྒྱད་ཅུ་རྩ་དགུ། དེ་དང་གྲངས་མཐུན་པའི་སྤངས་པ་བརྒྱད་ཅུ་རྩ་དགུའོ། །གསུམ་པ་བསེ་རུ་ལྟ་བུའི་ལམ་ནི། ཉན་ཐོས་དང་ཁྱད་ཞུགས་པ། དེའི་རྣལ་མའི་ལམ། རྒྱུ་ངེས་འབྱེད་ཆ་མཐུན་གསུམ་གྱིས་བཤད་དེ། དང་པོ་མདོ་ལས། ཇི་སྐད་དུ་གནོད་སྦྱིན་སོགས་དང་། གང་འཕགས་པ་རབ་འབྱོར་ཡུམ་འཆད་པ་དང་། རབ་ཏུ་བརྗོད་པ་དང་། སྟོན་པ་དང་། ཉེ་བར་སྟོན་པ་དེ་ནི་ཤེས་པར་མི་རུང་ངོ་། །ཞེས་སོགས་ཀྱིས་གསུངས་ལ། ཉན་ཐོས་རྣམས་ནི་གཞན་གྱིས་བསྟན་པ་ལ་ལྟོས་ནས་རང་གི་བྱང་ཆུབ་རྟོགས་པར་འགྱུར་ལ། རང་སངས་རྒྱས་རྣམས་ནི་སྔོན་ཐོས་པ་ལ་སོགས་པ་མངོན་པར་འདུ་བྱས་པས་རང་བྱུང་གི་བྱང་ཆུབ་བདག་ཉིད་ཀྱིས་རྟོགས་པའི་ཕྱིར་ཏེ། གཞན་སངས་རྒྱས་ལ་སོགས་ཀྱིས་བསྟན་ཡང་མི་དགོས་པ། དེ་ནི་ཤེས་པ་ཟབ་པ་ཡིན་ལ། བསེ་རུ་ལྟ་བུའི་ཡེ་ཤེས་ནི་མ་བརྗོད་པ་ཟབ་པ་ཉིད་དུ་ཡང་མངོན་པར་བརྗོད་དོ། །ཉན་ཐོས་སྒྲར་བརྗོད་པའི་ཆོས་མཉན་པའི་སྒོ་ནས་ཉན་པ་པོ་རྣམས་ཀྱི་འཆད་པ་པོའི་ཤེས་པའི་རྩལ་རྟོགས་པར་བྱེད་ལ། འདི་ནི་རང་གིས་ཐོབ་པའི་ཡེ་ཤེས་ཀྱི་མཐུས་སྒྲ་མེད་པའི་ཆོས་སྟོན་པས་གཞན་དག་དགེ་བ་བཅུ་ལ་སོགས་པ་ལ་འཇུག་པར་བྱེད་དོ། །དེ་ཡང་ཇི་ལྟར་ཞེ་ན། རྣམ་པར་མ་བརྟགས་རྣམ་པར་མ་དཔྱད་པར་ཚིག་ཏུ་མི་ཐོན་པས་བརྗོད་པ་ནི་རྣམ་པར་གཡེངས་པ་ཡིན་ལ། དེ་ཡང་རྒྱུད་འཁྲུག་པར་བྱེད་པ་ཡིན་པས་བྱང་ཆུབ་སེམས་དཔའ་འདི་ལྟར་སངས་རྒྱས་སུ་གྱུར་ནས་བརྗོད་པ་མེད་པར་ཆོས་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་བས་ན་སངས་རྒྱས་དང་འདྲ་བའི་ཕྱིར་རང་སངས་རྒྱས་ཉིད་ཀྱི་གནས་སྐབས་ན་ཡང་སྨོན་ལམ་ལ་སོགས་པའི་མཐུས་སྒྲ་མེད་ཀྱང་གང་གང་ཞིག་ཉན་པར་འདོད་པའི་དོན་ནི། གང་གི་རྣམ་པར་ཤེས་པ་གང་ལ། ཇི་ལྟ་ཇི་ལྟར་ཉན་པར་འདོད་པ་དེ་དེ་ལ་དོན་དེ་དང་དེ་སྒྲ་མེད་ཀྱང་ཆོས་དེ་དེ་ལྟར་སྣང་ངོ་། །ཆོས་སྟོན་པའི་སྒྲའི་དོན་ནི། བརྗོད་པར་བྱ་བའི་ཆོས་ཉན་པ་པོའི་རྣམ་པར་ཤེས་པ་ལ་བསྐྲུན་ཅིང་བསྐྱེད་པ་ཞེས་བྱ་བ་ཡིན་ནོ། །གཉིས་པ། ཇི་སྐད་བཤད་པའི་བདེན་པ་བསྒོམ་པ་ཁོ་ན་དང་། དངོས་པོ་ཇི་ལྟ་བ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པ་ཉིད་དེ། མདོར་ཆོས་བསྟན་པ་འདི་ལ་གཟུགས་སུ་བཏགས་པའང་མེད་ཅེས་སོགས་ཀྱིས་གཟུང་བའི་དོན་གྱི་རྟོག་པ་སྤོང་བའི་ཕྱིར་ཉན་ཐོས་ལས་རྟོགས་པ་མཐོ་བ་དང་། སེམས་ཅན་དེ་དག་གི་སྒྱུ་མ་ལྟ་བུ་སོགས་ཀྱིས་འཛིན་པ་མི་སྤོང་བར་བསྟན་པའི་ཕྱིར་རྫོགས་པའི་སངས་རྒྱས་པས་རྟོགས་པ་དམའ་བ་དང་ནི། འདི་ལས་ཐེག་པ་གསུམ་པོ་འདི་ལྟ་སྟེ་སོགས་ཀྱིས་རྟེན་འབྲིང་གི་དབང་དུ་མཛད་པས་ཀྱང་ཐེག་པ་འབྲིང་དུ་བཞག་པ་བསེ་རུ་ལྟ་བུའི་ལམ་ཡང་དག་པར་བསྡུས་པར་ཤེས་པར་བྱའོ། །གསུམ་པ་གཟུགས་ལ་སོགས་པའི་ཆོས་ཀྱི་བརྡ་ལས་བྱུང་བའི་བཏགས་པའི་དང་ཆོས་ཉིད་དང་མི་འགལ་བར་སྟོན་པའི་རྣམ་པར་དྲོད་དུ་གྱུར་པའོ་རྩེ་མོར་གྱུར་པ་དོན་དམ་པར་གཟུགས་ལ་སོགས་པ་འགྲིབ་པ་དང་འཕེལ་བ་མེད་པ་ལ་སོགས་པས་ཕྱེ་བའི་དོན་དུ་བསླབ་པའི་རྣམ་པའོ། །ནང་སྟོང་པ་ཉིད་ལ་སོགས་པ་ཉི་ཤུ་ཡིས་གཟུགས་སོགས་ཡོངས་སུ་མི་འཛིན་པའི་ཕྱིར་གྱིས་བཟོད་པ་དང་། གཟུགས་སོགས་ལ་སྐྱེ་བ་མེད་པ་སོགས་ཀྱི་རྣམ་པ་ཅན་ནི་ཆོས་ཀྱི་མཆོག་གོ །འདི་ལ། སྒྲུབ་པ་པོ་གང་ཟག་གི་ཁྱད་པར། སྒྲུབ་པ་ལམ། བསྒྲུབས་པ་འབྲས་བུའི་ཁྱད་པར་གསུམ་ལས། དང་པོ་ལ། བསེ་རུ་ལྟ་བུ། ཚོགས་དང་། སྤྱོད་པ། དང་པོ་དབང་པོ་རྣོ་བ་སྐྱོ་ཤས་ཆེ་སྙིང་རྗེ་ཤས་ཆུང་བ་བསེ་རུ་ལྟ་བུ་གཅིག་པུར་གནས་པ་ལ་དགའ་བ། དབང་པོ་འབྲིང་ཟླ་བཅས་ལ་དགའ་བ། དབང་རཏལ་ཟླ་བཅས་ལ་དགའ་བ་རིམ་པ་བཞིན་ནོ། །གཉིས་པ་ཚོགས་གསོག་པ་དང་ལམ་བགྲོད་པའི་ཁྱད་པར་གཉིས་ལས། དང་པོ་བསེ་རུ་བསྐལ་པ་བརྒྱའི་རྒྱུས་ཞེས་པས་སྐལ་པ་བརྒྱའི་བར་དུ་ངེས་འབྱུང་གི་ཚུལ་ཁྲིམས་བསྲུང་། ཉན་ཐོས་ཀྱི་སྡེ་སྣོད་ལ་ཐོས་བསམ་བྱས་པས་ཐར་པ་ཆ་མཐུན་རྫོགས། ད་དུང་སྐྱེ་བ་ལེན་པར་ཤེས་ནས་དེར་རང་བྱུང་ཐོབ་པར་བྱ་བའི་ཕྱིར་སྡེ་སྣོད་ཀྱི་དོན་ཕུང་པོ། ཁམས། སྐྱེ་མཆེད། བདེན་པ། རྟེན་འབྲེལ། གནས་དང་གནས་མ་ཡིན་པ་སྟེ་མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་སྦྱངས་ཏེ་འཆི་འཕོ་ཀར་སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་སྟོང་དུ་སྐྱེ་བར་གྱུར་ཅིག དེར་ཡང་གཞན་ལ་མི་ལྟོས་པར་རང་གིས་ཐོབ་པའི་ཤེས་རབ་ཀྱིས་ལམ་བགྲོད་པར་གྱུར་ཅིག བྱང་ཆུབ་ཐོབ་པ་ན་གདུལ་བྱ་ལ་ལུས་ཀྱི་སྙིང་བརྩེ་བར་བྱེད་ཀྱི་ངག་གི་སྙིང་བརྩེ་བ་བྱེད་པར་མ་གྱུར་ཅིག་ཅེས་བྱ་བའི་སྨོན་ལམ་གྱི་ཚོགས་གསོག་པ་དང་། བསྐལ་པ་བརྒྱའི་སུམ་གཉིས་ཙམ་དུ་ཚོགས་བསགས་པས་བཟོད་པ་འབྲིང་མན་ཆད་སྐྱེས་ནས་མཁས་པར་བྱེད་ཅིང་སྨོད་ལམ་འདེབས་པ་དང་། བསྐལ་པ་བརྒྱའི་སུམ་ཆ་ཙམ་དུ་བསགས་ནས་མཐོང་ལམ་གྱི་བར་ཐོབ་ནས་མཁས་པ་དང་སྨོན་ལམ་སྦྱངས་ཏེ་ལམ་ལྷག་མ་སྐྱེད་དགོས་སོ། །ལམ་བགྲོད་པའི་ཁྱད་པར་ནི། དེ་ནས་ཤི་འཕོས་ཏེ་སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་སྟོང་། གླིང་གསུམ་གྱི་སྐྱེས་པ་དམངས་རིགས་མིན་པ་ཞིག་ཏུ་སྐྱེས་ནས་ཁྱིམ་ནས་ཁྱིམ་མེད་པར་རང་བྱུང་གིས་བསྙེན་པར་རྫོགས་ཏེ་དུར་ཁྲོད་དུ་ཕྱིན་རུས་པ་འདི་ཅི་ལས་བྱུང་སེམས་པས་མ་རིག་པ་ནས་རྒ་ཤིའི་བར་ལུགས་འབྱུང་ལུགས་བཟློག་རྟོགས་པའི་དོན་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་བསྒོམས་པས་སྦྱོར་ལམ་མཐོང་སྒོམ་མི་སློབ་པའི་ལམ་རྣམས་སྟན་གཅིག་ལ་མངོན་དུ་བྱེད་དོ། །མཐོང་སྤངས་ཉོན་སྒྲིབ་དང་ཤེས་སྒྲིབ་གཟུང་རྟོག་སྤོང་། སྒོམ་སྤངས་ཁམས་གསུམ་གྱི་ཤེས་སྒྲིབ་གཟུང་རྟོག་དང་ཁམས་གོང་གི་ཉོན་སྒྲིབ་དགུར་དྲིལ་ཏེ་སྤོང་ངོ་། །འདོད་ཁམས་ཀྱི་ཉོན་མོངས་ནི་འཇིག་རྟེན་པའི་མཐོང་ལམ་གྱིས་སྔར་སྤངས་ཟིན་ཏེ་བསམ་གཏན་བཞི་པ་ཐོབ་པ་མ་ཉམས་པས་སོ། །དེའི་ཕྱིར། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་སོ། །གཉིས་པ་དེས། མ་ཉམས་ན་བཟོད་ཆེན་ནས་ཉམས་ན་དྲོད་ནས་སྐྱེད་དོ། །བསྒྲུབས་པ་འབྲས་བུའི་ཁྱད་པར་ནི། རང་དོན་གནས་པ་དང་གཞན་དོན་རྒྱུ་བའི་སྒོ་ནས་གཉིས། དང་པོ་སྐུ་བསེ་རུ་ལྟ་བུ་གཅིག་པུར་འདུག་པར་གསུང་སྨྲ་བཅད་དམ་པོ། ཐུགས་བདེན་བཞི་རྟེན་འབྲེལ་རྣམ་ཐར་སྒོ་གསུམ་གྱི་དོན་ལ་རྩེ་གཅིག་ཏུ་གནས་པ། ལྷག་མ་གཉིས་ཟླ་བཅས་སུ་འདུག་པ་ཙམ་ཁྱད་པར་གཞན་འདྲའོ། །གཉིས་པ་འདོད་པའི་རྟེན་ཅན་ཡིན་པས་ཁམ་ཟས་ཀྱིས་འཚོ་དགོས་པས་གྲོང་དུ་བསོད་སྙོམས་ལ་གཅིག་པུར་རྒྱུ། ལོག་པར་བསྒྲུབ་པ་རྣམས་ལ་རྫུ་འཕྲུལ་བསྟན་ནས་འགྱོད་པ་སྐྱེད་ཅིང་སྡིག་པ་འདག་པར་བྱེད་ལ་གདུལ་བྱ་ཆོས་དོན་དུ་གཉེར་བ་བྱུང་ན་སྒྲ་མེད་ལུས་ཀྱིས་ཆོས་སྟོན་པ་འདིར་ཡང་ཁྱད་ལྷག་མ་གཉིས་ཟླ་བཅས་སུ་རྒྱུ་བ་ཙམ་མོ། །བཞི་པ་ཚེ་འདི་དང་གཞན་པའི་ཡོན་ཏན་གྱིས་ཕན་ཡོན་ཆེ་བ་མཐོང་ལམ་ལ། ངོ་བོ། རྣམ་པ། ཞར་ལ་དཔྱད་པ་སྟོན་པའི་དང་པོ་ནི། འཇིག་རྟེན་ཆོས་ཀྱི་མཆོག་ཐ་མའི་རྗེས་ཐོགས་ཀྱི་མི་དམིགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །རབ་ཏུ་དབྱེ་བ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པ་དང་། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང་། དེའི་ཆོས་ཤེས་དང་། དེའི་རྗེས་སུ་ཤེས་པའི་བཟོད་པ་དང་། དེའི་རྗེས་སུ་ཤེས་པ་དང་། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། དེའི་ཆོས་ཤེས་དེའི་རྗེས་སུ་ཤེས་པའི་བཟོད་པ་དང་། དེའི་རྗེས་སུ་ཤེས་པ། ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ལམ་ལ་ཆོས་ཤེས་པ་དང་། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ལམ་ལ་རྗེས་སུ་ཤེས་པ་སྟེ་སེམས་ཀྱི་སྐད་ཅིག་བཅུ་དྲུག་གིས་མཐོང་བའི་ལམ་ཡིན་ནོ། །སྦྱོར་ལམ་ཆོས་མཆོག་ཐ་མའི་རྗེས་ཐོགས་དེ་གར་སྡུག་བསྔལ་གྱི་བདེན་པ་དང་ལྷན་ཅིག་སོ་སོ་རང་ཉིད་སྡུག་བསྔལ་གྱི་བདེན་པ་ལ་མངོན་སུམ་དུ་ཉམས་སུ་མྱོང་བའི་ཤེས་པ་ཟག་པ་མེད་པ་གང་གིས་སྡུག་བསྔལ་མཐོང་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་བ་དང་། ཤེས་པ་གང་གི་བཟོད་པའི་རྗེས་ཐོགས་ལ་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པའི་རྗེས་ཐོགས་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་ལ་འདི་ནི་འཕགས་པའི་ཆོས་རྣམས་ཀྱི་རྗེས་སུ་འགྲོ་བ་ཡིན་ནོ་ཞེས་སོ་སོ་རང་གིས་མངོན་སུམ་དུ་ཉམས་སུ་མྱོང་བའི་ཤེས་པ་ཟག་པ་མེད་པ་གང་ཡིན་པའི་སྐད་ཅིག་མ་རྣམ་པ་བཞི་ཡིས་ལྷག་མ་ཡང་བསྟན་པས་ལམ་ཤེས་པ་ཉིད་ལ་མཐོང་བའི་ལམ་ཕན་ཡོན་བཅས་པ་བསྒོམ་པ་འདི་བཤད་དོ། །འདིར་སྐད་ཅིག་ཅེས་འགྲེལ་ཆེན་དུ། སེམས་ཀྱི་སྐད་ཅིག་ཀྱང་ཤེས་བྱ་ལ་ཤེས་པ་སྐྱེ་བ་ཡོངས་སུ་བརྗོད་པ་ཡིན་པར་གཟུང་ངོ་ཞེས་བྱ་རྫོགས་ལ་བཞག་གོ །དེའི་སྐད་ཅིག་དང་པོ་གཉིས་ཀྱིས་གཟུང་བ་བདག་མེད་དང་། ཕྱི་མ་གཉིས་ཀྱིས་འཛིན་པ་བདག་མེད་དུ་རྟོགས་པར་བཤད་དེ་ཐམས་ཅད་ཀྱང་ཐམས་ཅད་དུ་རྣལ་འབྱོར་པ་མཚན་མ་མེད་པའི་མཚན་མས་གནས་པས་ཡིན་ནོ། །གཉིས་པ་ནི། དེ་བཞིན་ཉིད་དང་སངས་རྒྱས་དག་ལ་ཕན་ཚུན་བརྟེན་པ་རྟེན་གྱི་ངོ་བོ་མེད་པར་མདོར་གསུངས་པའི་ཕྱིར་རྣམ་གྲངས་ཀྱི་གནས་པར་ཁས་མི་ལེན་པ་དང་། རྣམ་པ་གཟུགས་ཆེན་མོ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་འདི་ཆེན་པོ་ཉིད་དང་། གཟུགས་ཚད་མ་མེད་པས་ཕར་ཕྱིན་ཚད་མ་མེད་པ་དང་བཅས་པ་དང་། གཟུགས་ཚད་མེད་པ་ཉིད་ཀྱིས་ཕར་ཕྱིན་ཚད་མེད་པ་གསུངས་པ་དང་། དང་པོའི་སྐད་ཅིག་བཞི་རིམ་པ་བཞིན་ནོ། །གཟུགས་མཐའ་ཡས་པའི་ཕྱིར་སོགས་ཕར་ཕྱིན་མཐའ་ལས་འདས་པའམ་མཐའ་མེད་པར་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དང་མ་བྲལ་བ་དེར་གནས་པ་རྣམས་ནི་གཟུགས་ལ་སོགས་པ་ལ་སངས་རྒྱས་ཉིད་དུ་ངེས་པར་འཛིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བླང་མེད་དོར་བ་མེད་སོགས་པས་ཕན་ཡོན་བར་ཆད་བྱེད་པ་ཐམས་ཅད་ཀྱིས་གླགས་མི་རྙེད་པར་ཡོངས་སུ་འཛིན་པར་བཤད་པ་དང་། སེམས་ཅན་ལ་མི་དམིགས་པའི་ཚུལ་གྱིས་བྱམས་པ་ལ་སོགས་པ་ཚད་མེད་བསྒོམ་པར་བཤད་པ་བཞི་གཉིས་པའི་བཞི་དང་རིམ་པ་བཞིན་ནོ། །འཕགས་པས་མཐོང་བའི་ལམ་གྱི་སྐད་ཅིག་མ་བརྒྱད་པ་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་དག་སྟེ་དེ་ལྟ་མ་ཡིན་ན་སྐད་ཅིག་མ་དགུ་པ་ལ་སེམས་ཅན་གྱི་ཁམས་ལ་ལྟོས་པ་མེད་པས་འགོག་པར་ལྟུང་བར་འགྱུར་བས་སོ། །ཞེས་སོ། །སྟོང་པ་ཉིད་ཐམས་ཅད་ཤིན་ཏུ་བསྒོམས་པས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་ལ་སོགས་པ་རྣམས་ཀྱི་འབྲས་བུ་ནི་སངས་རྒྱས་ཉིད་ནི་ཐོབ་པ་ཉིད་ཡིན་པར་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་བྱང་བའི་ཕྱོགས་ཀུན་ནས་ཡོངས་སུ་བསྡུས་པ་དང་། རྩི་མ་གིའི་དཔེས་བསྟན་ནས་ཤེས་རབ་ཀྱི་ཕར་ཕྱིན་ཉེ་བར་འཚེ་བ་ཉམ་ང་བ་དང་ནད་ཀུན་སེལ་བར་བྱེད་པར་བསྟན་པ་བཞི་གསུམ་པའི་བཞི་དང་རིམ་པ་བཞིན་ནོ། །ཤེར་ཕྱིན་གྱིས་འདོད་ཆགས་ནས་མྱ་ངན་ལས་འདས་པར་འཛིན་པའི་བར་དུ་ཉེ་བར་ཞི་བར་བྱེད་པ་ཉིད་དུ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་རྣམས་ཀྱིས་སྲུང་བ་ལ་སོགས་པ་དགེ་བའི་ཆོས་རྣམས་ཀྱི་རྣམ་པར་འཕེལ་བར་གྱུར་བ་དང་། བདག་ཀྱང་སྲོག་མི་གཅོད་པ་ལ་སོགས་པ་རྣམ་པ་ཀུན་མཁྱེན་པའི་ཚུལ་ལ་ནི་བདག་ཉིད་གནས་ཏེ་དེ་ཉིད་ལ་སེམས་ཅན་གཞན་དག་འགོད་པ་དང་། སྦྱིན་པ་ལ་སོགས་པ་ལ་མི་ཟད་པར་འདོད་པས་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་བསྟན་པ་བཞིས་བཞི་པའི་ལམ་ཤེས་ཉིད་ཀྱི་སྐད་ཅིག་མ་བཞི་རྣམ་གྲངས་ཀྱིས་བཤད་པ་ཡིན་ནོ། །གསུམ་པ་ནི། འགྲེལ་པར། ཁ་ཅིག་ནི་འདིར་སོགས་ཏེ། རང་གི་བཞེད་པ་འགྲེལ་ཆེན་དུ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཚོགས་ཀྱི་རྩ་བ་ནི་དངོས་པོ་ལ་མངོན་པར་ཞེན་པ་ཡིན་པས་དེ་དང་འགལ་བ་ཡང་བདག་མེད་པ་གོམས་པ་ཡིན་ཏེ། དེ་བས་ན་དེ་མེད་པར་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པར་ཇི་ལྟར་འགྱུར་ཞེ་ན། དེ་མ་ཡིན་ཏེ། གང་གི་ཕྱིར་ཇི་སྐད་དུ་བཤད་པའི་ཚུལ་གྱིས་བདག་མེད་སྟོན་པ་ལྷུར་བྱེད་པ་རྣམ་པ་བཅུ་དྲུག་པོ་འདི་དག་གདུལ་བྱའི་སྐྱེ་བོ་ཉེ་བ་ལ་ཕན་པ་བསྐྱེད་པར་བཞེད་པ་ཉིད་ཀྱིས་དེ་ལྟར་ཇི་སྐད་དུ་བསྟན་པ་ཡིན་དུ་ཟིན་ཀྱང་ཡང་དག་པར་གོམས་པར་གྱུར་པ་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱི་མཐོང་བའི་ལམ་བསྐྱེད་པར་འགྱུར་བ་ཡིན་ནོ། །གཞན་དག་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཞེས་པ་ཉིད་དོ། །ལྔ་པ་སྒོམ་ལམ་གྱི་བྱེད་པ་ནི། མཐོང་བའི་ལམ་གྱི་མཇུག་ཐོགས་སུ་བསྒོམ་པའི་ལམ་བརྗོད་པར་བྱ་བ་ཡིན་པས་བརྗོད་པར་བྱ་བ་ཉུང་བ་དང་། གདུལ་བྱ་འབྲས་བུ་ལ་གཞོལ་བ་ཉིད་ཀྱིས་འཇུག་པའི་ཕྱིར་དང་པོར་བསྟན་ནོ། །སྒོམ་ལམ་གྱི་འབྲས་བུའམ་བྱེད་པ་དེ་ཡང་། རྣམ་པ་ཀུན་ནས་སེམས་ལ་རང་དབང་དུ་བྱེད་པས་ཞི་བའི་བྱེད་པ་དང་། དེར་རློམ་པ་བཀག་པས་ཐམས་ཅད་ལ་འདུད་པའི་བྱེད་པ་དང་། འདོད་ཆགས་ལ་སོགས་པ་ཟིལ་གྱིས་གནོན་པས་ཉོན་མོངས་པ་ལས་རྒྱལ་བའི་བྱེད་པ་དང་། ཕ་རོལ་གྱིས་བྱས་པའི་གནོད་པས་བརྫི་བ་མེད་པ་ཉིད་ཀྱི་བྱེད་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པའི་བྱེད་པ་དང་ནི། རྟེན་གྱི་ཡུལ་དེ་མཆོད་པར་བྱ་བ་ཉིད་དུ་བྱེད་པ་སྟེ་རྣམ་པ་དྲུག་གོ །རྟེན་འདི་རྒྱུན་མཐའ་བར་འཕགས་སེང་། གཞན་དག་བྱང་ཆུབ་སྙིང་པོའི་སའི་ཕྱོགས་དང་། ཙནྡྲ་གོ་མི་གཉིས་ཀར་འདོད་དོ། །དྲུག་པ་སྒོམ་ལམ་མོས་པ་ཡིད་བྱེད་ནི། སྒོམ་པའི་ལམ་ནི་ཟག་བཅས་དང་ཟག་མེད་གཉིས། དང་པོ་མོས་བསྔོ་ཡི་རང་གསུམ། ཕྱི་མ་སྒྲུབ་པ་དང་རྣམ་དག་ཡིན་པ་ལས། མོས་པ་ཟག་པ་མེད་པའི་སྒོམ་པའི་ལམ་གྱི་ཉེར་བསྡོགས་ཏེ། ཟག་མེད་རྣམས་སྒོམ་པ་ལ་འཇུག་པའི་ཚེ་དེ་དག་གི་ཡོན་ཏན་ཚད་མའི་སྟོབས་ཀྱིས་ངེས་པར་འཛིན་པའི་སེམས་བྱུང་མཚུངས་ལྡན་དང་བཅས་པའོ། །འགྲེལ་པས་ཇི་ལྟར་མོས་པ་བཞིན་དུ་མཐོང་བའི་དགེ་བའི་ཆོས་ཀྱི་རྟེན་སྒོམ་པའི་ལམ་གྱི་དབང་དུ་བྱས་པ་ཡིན་པས་དང་པོ་སྔོན་དུ་མི་བྱེད་པའི་ངོ་བོ་མོས་པ་ཞེས། དེས་ཟག་མེད་ཀྱི་འབྲས་བུ་དངོས་སུ་མི་སྐྱེད་དེ་ཁོ་རང་ཟག་མེད་དེ་ལ་མོས་ནས་འཇུག་པ་ཙམ་ཡིན་ནོ། །དངོས་སུ་མི་སྐྱེད་ཀྱང་ཟག་མེད་དེའི་འབྲས་བུ་བསྐྱེད་པའི་ནུས་པ་ངེས་པར་འཛིན་པས་དེའི་རྟེན་ཡིན་ནོ་ཞེས་དགོངས་སོ། །དེ་ཡང་རྣམ་པར་ཕྱེ་ན་རང་གི་དོན་གྱི་མོས་པ་དང་ནི། རང་གཞན་གཉིས་ཀའི་དོན་གྱི་མོས་པ་དང་། གཞན་དོན་གྱི་མོས་པ་དང་རྣམ་པ་གསུམ་དུ་ཤེས་པར་བྱ་ལ། སྒོམ་ལམ་པ་གང་གིས་རང་གི་དོན་ཉིད་སྒྲུབ་ཅིང་གཞན་གྱི་དོན་ཆེད་དུ་བྱ་བར་འགྱུར་བ་དང་། དེ་གཉིས་ཀའི་དོན་ལ་སྦྱོར་བ་བར་ཆད་དང་བཅས་པ་དང་། དེས་གཞན་ཁོ་ནའི་དོན་དུ་བར་ཆད་མེད་པར་སྦྱོར་བ་རིམ་པ་བཞིན་གྱིས་བཞག་གོ །གསུམ་པོ་དེ་ཡང་ནི་ཆུང་དང་འབྲིང་དང་ཆེན་པོ་སྟེ་སོ་སོར་རྣམ་པ་གསུམ་དུ་ཕྱེ་བས་དགུར་འདོད་དོ། །སླར་ཆུང་ངུའི་ཆུང་ངུ་སོགས་སུ་དབྱེ་བ་ཡིས་དགུ་ཚན་དེ་ཡང་རྣམ་པ་གསུམ་དུ་འགྱུར་བ་ཡིན་པ་དེ་ལྟར་ན་རྣམ་པ་ཉི་ཤུ་རྩ་བདུན་དུ་འདོད་དོ། །དེ་ཡང་མདོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་ཞེས་ནས་བརྩམས་ཏེ། ཤིང་རྣམས་ལོ་མ་མེ་ཏོག་འབྲས་བུ་ཆུ་ཞེང་ཐ་དད་ཀྱང་གྲིབ་མ་ཐ་དད་མེད་པའི་དཔེས་ཕར་ཕྱིན་ཐམས་ཅད་མི་དམིགས་པར་ཤེར་ཕྱིན་དུ་རོ་གཅིག་པའི་གཞན་དོན་མོས་པ་ཆེན་པོའི་ཆེན་པོའི་བར་དུ་གསུངས་སོ། །ཆུང་ངུའི་ཆུང་ངུ་ལ་སོགས་པས་དཔེ་གོང་ནས་གོང་དུ་གྱུར་པས་གང་དང་གང་བསྟེན་པ་དེ་དང་དེའི་རྗེས་སུ་འབྲངས་ནས་ཆེན་པོའི་ཆེན་པོ་ལ་སོགས་པ་བཟློག་པ་མི་མཐུན་ཕྱོགས་ཀྱང་ཤེས་པར་བྱའོ། །བདུན་པ་བསྟོད་བཀུར་བསྔགས་པ་ཡིད་བྱེད་ནི། དེ་བསྒོམ་པའི་བྱང་ཆུབ་སེམས་དཔའ་སྤྲོ་བ་བསྐྱེད་པའི་ཕྱིར། དེ་ལྟར་མོས་པ་ལ་སངས་རྒྱས་ལ་སོགས་པས་བསྟོད་པ་ལ་སོགས་པ་མཛད་དོ། །ཇི་ལྟར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པའི་གནས་སྐབས་རྣམ་པ་གསུམ་རྣམས་ལ་ནི་དགུ་ཚན་གསུམ་གྱིས་ཕྱེ་བ་དང་རིམ་པ་བཞིན་བསྟོད་པ་དགུ་དང་བཀུར་བ་དགུ་དང་ནི་བསྔགས་པ་དགུ་སྦྱར་བར་འདོད་དོ། །བསྟོད་པའི་ཆ་དང་པོ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྐུ་གདུང་གིས་བཀང་བ་སོགས་དང་། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཕྱིར་མི་འོང་ལ་བཞག་པ་སོགས་དང་། སེམས་ཅན་དེ་སྙེད་ཅིག་ཁོ་ན་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པ་སོགས་ཀྱིས་སོ། །དེ་དག་ཀྱང་མོས་པ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ལྷག་པའི་དོན་ཇི་ལྟ་བ་བཞིན་རྟོགས་པའི་སྒོ་ནས་བཞག་གི་གཅམ་བུ་ཙམ་མ་ཡིན་ནོ། །བརྒྱད་པ་བསྔོ་བ་ཡིད་ལ་བྱེད་པ་བླ་ན་མེད་པ་ནི། དེ་ལྟར་མོས་པ་ལས་བསྔོ་བ་འབྱུང་བས་སོ། །པ་རི་ཎ་ཏ་ཡོངས་སུ་བསྒྱུར་བ་སྟེ། དགེ་བ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་ཡོངས་སུ་བསྒྱུར་བས་ན་བསྔོ་བའོ། །དེ་ཡང་ལྡོག་པའི་ཆ་ནས་དབྱེ་བ་བཅུ་གཉིས་ཏེ། དང་པོ་ཁྱད་པར་ཅན་གྱིས་ཡོངས་སུ་བསྔོ་བ། ཅིའི་ཕྱིར་ཁྱད་པར་ཅན་ཞེ་ན། བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་སོ། །དེ་ནི་རབ་སྟེ་འབད་པས་དམ་པར་གྱུར་པ་དང་། ཟླ་མེད་པས་གཙོ་བོ་ཉིད་ཀྱིས་སོ། །དམ་པ་སྟེ་ཐབས་ལ་མཁས་པས་མཆོག་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་མཆོག་གིས་སོ། །གཙོ་བོ་སྟེ་མཉམ་པ་མེད་པ་ཉིད་ཀྱིས་བླ་མའམ་ཕུལ་ཏུ་ཕྱིན་པ་དང་། ལྷག་པ་མེད་པས་གོང་ན་མེད་པའམ་བླ་ན་མེད་པའི་ཕྱིར་རོ། །དེ་ཡི་བྱེད་པ་ནི་ཐེག་པ་གསུམ་གྱི་ལམ་སྟོན་པའི་རྒྱུར་གྱུར་བས་མཉམ་པ་མེད་པ་དང་། མི་མཉམ་པ་སངས་རྒྱས་རྣམས་དང་མཉམ་པ་ཐོབ་པའི་རྒྱུར་གྱུར་པས་ན་མི་མཉམ་པ་དང་མཉམ་པ་སྟེ། དེས་ཉན་ཐོས་ལ་སོགས་པ་དང་ཐུན་མོངས་མ་ཡིན་པས་མཆོག་ཡིན་ནོ། །གཉིས་པ་དེ་ནི་དམིགས་མེད་རྣམ་པ་ཅན་ནི་ཡོངས་སུ་བསྔོ་བ། སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་ལ་སོགས་པ་ཕར་ཕྱིན་དྲུག་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཕུལ་དུ་བྱུང་བའི་དད་པས་ཤིན་ཏུ་དགའ་ཞིང་བདག་ཉིད་ཀྱིས་དེ་དག་ཐམས་ཅད་རྫོགས་པར་བྱའོ་ཞེས་བྱ་བའི་བསམ་པ་ཁྱད་པར་ཅན་མི་དམིགས་པར་དམིགས་པའི་ཡིད་ལ་བྱེད་པའོ། །གསུམ་པ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དེའི་ཡོངས་སུ་བསྔོ་བ་ནི་རྗེས་སུ་ཡི་རང་སྔོན་དུ་འགྲོ་བ་མོས་པ་ཡིད་བྱེད་ཀྱི་དགེ་རྩ་ཐམས་ཅད་ལ་སྒྱུ་མའི་སྐྱེས་བུ་ལྟར་ཆོས་ཐམས་ཅད་མི་དམིགས་པར་བསྒོམས་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །དེ་ཡང་རྗེས་སུ་ཡི་རང་གི་སེམས་ཁྱད་པར་ཅན་གྱི་རྗེས་ཐོགས་ལ་དེ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོའི་སེམས་ཤིན་ཏུ་ཁྱད་པར་ཅན་སྐྱེ། དེའི་ཡང་རྗེས་ཐོགས་ལ་དགེ་བའི་རྩ་བ་དེའི་བག་ཆགས་ཀྱིས་བསྒོས་པ་ཆེས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་སེམས་ཡོངས་སུ་བསྔོ་བའི་རྣམ་པ་ཅན་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་བསོད་ནམས་ཀྱིས་སྐྱེ་བར་འགྱུར་བ་ཡིན་ནོ། །བཞི་པ་དབེན་པའི་ཡོངས་སུ་བསྔོ་བ་ནི། དེ་ནི་བདག་ལ་སོགས་པ་ངོ་བོས་དབེན་པས་འཁོར་གསུམ་དུ་མི་དམིགས་པ་དང་། ལྔ་པ་སངས་རྒྱས་ཀྱི་བསོད་ནམས་ཚོགས་ཀྱི་རང་བཞིན་དྲན་པའི་སྤྱོད་ཡུལ་ཅན་གྱིས་ཡོངས་སུ་བསྔོ་བ་དེ་ནི། དུས་གསུམ་སངས་རྒྱས་ཀྱི་དགེ་བའི་རྩ་བ་རྣམས་རིགས་གང་དག་ཡིན་པ་དང་། རང་བཞིན་གང་ཡིན་པ་དེ་བཞིན་དུ་བསོད་ནམས་ཀྱི་བྱ་བའི་དངོས་པོ་དེ་ཡོངས་སུ་སྒྱུར་བར་བྱེད་པ་དང་། དྲུག་པ་ཐབས་ལ་མཁས་པ་དང་བཅས་པས་ཡོངས་སུ་བསྔོ་བ་དེ་ནི་སྦྱིན་སོགས་མི་དམིགས་པར་རྗེས་སུ་སྒྲུབ་ཅིང་ཡོངས་སུ་སྔོ་བར་བྱེད་པ་མི་ཟད་པའོ། །བདུན་པ་མཚན་མ་མེད་པའི་ཡོངས་སུ་བསྔོ་བ། དེ་ནི་ཁ་ཟས་དུག་དང་བཅས་པའི་དཔེས་མཚན་མའི་འདུ་ཤེས་ཅན་གྱི་ཡོངས་སུ་བསྔོ་བ་དུག་ཅན་ཟུག་རྔུ་ཅན་དུ་བསྟན་པས་དེ་ལས་བཟློག་པ་བཤད་པ་དང་། བརྒྱད་པ་སངས་རྒྱས་ཀྱིས་རྗེས་སུ་ཡི་རང་བའི་བསྔོ་བ་དེ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་རྣམ་པར་མི་རྟོག་པའི་ཡུལ་ཅན་གྱིས་མཁྱེན་ཅིང་། སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པའི་ཡུལ་ཅན་དུ་གཟིགས་པ་ཇི་ལྟར་ལམ་ཐམས་ཅད་མི་དམིགས་པར་དམིགས་པའི་ཡིད་ལ་བྱེད་པའི་ཡོངས་སུ་བསྔོ་བ་ཉིད་ཀྱི་གནང་བ་བྱིན་པ་དང་། དགུ་པ་ཁམས་གསུམ་དུ་གཏོགས་པ་མ་ཡིན་པར་ཡོངས་སུ་བསྔོ་བ། དེ་ནི་ཡོངས་སུ་བསྔོ་བ་འདི་དག་ཐམས་ཅད་སྒྱུ་མ་དང་འདྲ་བ་ཆོས་ཀྱི་དབྱིངས་ཀྱིས་ཡོངས་སུ་བསྔོ་བ་ཡིན་པས། དེ་བས་ན་འདོད་པ་ལ་སོགས་པའི་ཁམས་ཀྱི་རྟོགས་པ་མིན་པ་དང་། ཆུང་དང་འབྲིང་དང་ཆེན་པོ་ཡི་དབྱེ་བས་བསྔོ་བ་གཞན་ཕན་ཡོན་གྱིས་ཕྱེ་བ་ནི་རྣམ་པ་གསུམ་པོ། བསོད་ནམས་ཆེ་འབྱུང་བའི་བདག་ཉིད་དེ་དེའི་བསྔོ་བའོ། །མདོར་དགེ་བ་བཅུའི་ལམ་སོགས་དང་། བླ་ན་མེད་པའི་སོགས་ཀྱི་དཔེས་བསྟན་པ་དག་སྟེ། དེ་ལྟར་བཅུ་གཉིས་འདི་ཡང་། འགྲེལ་ཆེན་དུ། སེམས་ཅན་ཐམས་ཅད་ལ་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་ལམ་ཉེ་བར་སྟོན་པའི་བྱ་བ་དང་ལྡན་པའི་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་གཅིག་ཁོ་ན་འགའ་ཞིག་ལ་མངོན་པར་ཞེན་པ་ཡིན་པས་དེའི་གཉེན་པོའི་དོན་དུ་ཇི་སྐད་བཤད་པའི་ཚུལ་གྱིས་སྐྱེ་བོ་བློ་དམན་པ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་རབ་ཏུ་དབྱེ་བ་རྣམ་པ་བཅུ་གཉིས་སུ་བྱས་པ་ཡིན་ལ། ཤེས་རབ་རྣོ་བ་རྣམས་ཀྱི་བརྙས་པ་བཟློག་པའི་ཕྱིར་ནི་ཤིན་ཏུ་མ་ཕྱེ་བ་ཡིན་ནོ། །ཞེས་པས་ཡོངས་སུ་བསྔོ་བ་ཆེན་པོ་གཅིག་ཉིད་ལ་དེ་ཐམས་ཅད་བཞག་སྟེ། །ཆེད་དུ་བྱ་བ། བློ་རྣམ། རང་བཞིན། བྲལ་བ། རྒྱུ། གྲོགས། མི་མཐུན་ཕྱོགས་སྤོང་བ། གཏན་ཚིགས། ངེས་འབྱུང་། ཕན་ཡོན་ཆེ་ཆུང་གསུམ་རིམ་བཞིན་དུ་བཤད་པས་སོ། །བསྔོ་རྒྱུའི་དགེ་བ་ཡང་འདུས་བྱས་འདུས་མ་བྱས་ཀྱི་དགེ་བ་སྟེ། དབུས་མཐར་དགེ་གཉིས་ཐོབ་པར་བྱ་བའི་ཕྱིར་ཞེས་གསུངས་ལ། འདུས་མ་བྱས་དགེ་བ་བསྔོ་རྒྱུར་མི་རུང་ཟེར་བའང་མི་རིགས་ཏེ། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་ལས། དེ་བཞིན་ཉིད་ཀྱི་ངང་ཚུལ་ཅི་འདྲ་དང་། །དེ་བཞིན་ཉིད་ཀྱི་རང་བཞིན་ཅི་འདྲ་དང་། །དེ་བཞིན་ཉིད་ཀྱི་མཚན་ཉིད་ཅི་འདྲ་དང་། །དེ་འདྲ་ལས་རྣམས་ཀུན་ཀྱང་ཡོངས་སུ་བསྔོ། །ཞེས་དང་། འདི་ཉིད་ཀྱི་ལྔ་པ་བཤད་པའི་མདོས་ཀྱང་ཤེས་སོ། །དེ་བཞིན་ཉིད་གཤིས་ཡིན་ལ་དེ་དགེ་བ་ཡིན་པས་གཤིས་ཀྱི་དགེ་བར་ཡང་འཐད་ཅིང་། ཕལ་ཆེན་ལས། འགྲོ་ཀུན་དགེ་རྩ་ཇི་སྙེད་ཡོད་པ་དང་། །ཞེས་པས་བསྔོ་རྒྱུར་ཡང་བཤད་དོ། །གཤིས་ཀྱི་དགེ་བ་དང་སྡིག་པ་ཞེས་པ་ཆོས་མངོན་པར། དོན་དམ་པའི་དགེ་སྡིག་བཤད་པ་དེ་ཡིན་ནོ། །དེ་ལྟར་ན་གྲངས་ཅན་འདྲའོ་སྙམ་ན་མ་ཡིན་ཏེ་དེས་ནི་བདག་གི་དངོས་པོར་འདོད་ལ། འདིར་ནི་ལྟོས་པས་སོ། །དེ་བཞིན་ཉིད་དང་ཆོས་དབྱིངས་སྤྲོས་པ་དང་བྲལ་བས་ཡོད་པའི་སྒྲ་མི་འཐད་པ་ཡང་མ་ཡིན་ཏེ། ཡོད་པ་ནི་ཀུན་རྫོབ་བམ་དྲང་དོན། སྤྲོས་པ་དང་བྲལ་བ་དོན་དམ་དུ་ཕྱེ་བ་ཡིན་པས་སོ། །ཇི་སྙེད་པར་ཡང་རིགས་ཏེ་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་དེ་ལ་འཇོག་པས་སོ། །དགེ་བ་ལོགས་སུ་བཀར་མི་དགོས་པར་བེམ་པོ་སོགས་ཆོས་དབྱིངས་སུ་འདུ་བ་ཐམས་ཅད་བསྔོ་རྒྱུར་ཐལ་བ་ལྟར་ཡང་མ་ཡིན་ཏེ། སྒྲུབ་པའི་རྟེན་རིགས་བཅུ་གསུམ་བཀར་མི་དགོས་པར་བེམ་པོ་སོགས་ཀྱང་དེར་ཐལ་བ་མཚུངས་པས་སོ། །དེ་བསྔོ་བས་འགྱུར་ན་འདུས་བྱས་དང་། བསྔོ་བས་མི་འགྱུར་ན་བསྔོ་བ་དོན་མེད་པ་ཡང་མ་ཡིན་ཏེ། སྙིང་པོ་དེ་ངོ་བོ་འགྱུར་མེད་རྣམ་པ་དག་པ་དང་ཆེས་དག་པར་འགྱུར་རུང་ཡིན་པར་རྒྱུད་བླ་སོགས་ཐེག་པ་ཆེན་པོ་ཐམས་ཅད་ཀྱིས་མཚུངས་པར་བཤད་པའི་ཕྱིར་དེ་ཙམ་ཀྱིས་འདུས་བྱས་སུ་འཇོག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་མི་ནུས་སོ། །དགུ་པ་རྗེས་སུ་ཡི་རང་ཡིད་ལ་བྱེད་པ་བླ་ན་མེད་པ་ནི། རབ་ཏུ་དགའ་བའི་སེམས་ཀྱིས་ཀུན་རྫོབ་ཏུ་ཐབས་དང་བཅས་པའི་དགེ་བའི་རྩ་བ་རྣམས་ལ་དམིགས་ནས་དོན་དམ་པར་མི་དམིགས་པ་དག་གི་དགེ་བའི་རྩ་བ་ལ་ཡི་རང་བ་རྗེས་སུ་ཡི་རང་ཡིད་ལ་བྱེད་པ་སྒོམ་པ་ཡིན་པར་འདིར་བརྗོད་དོ། །དེ་ལྟར་མོས་པས་ནི་འབྱུང་ཁུངས་དག་ནས་གསེར་གྱི་གར་བུ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱེད་དོ། །བསྔོ་བས་དེ་གསེར་མགར་གྱིས་རྒྱན་དུ་བྱས་པ་བཞིན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་བྱེད་དོ། །རྗེས་སུ་ཡི་རང་གིས་དེ་དང་གཞན་གྱི་བསོད་ནམས་བྱས་པ་མཉམ་པ་ཉིད་དུ་བགོ་བར་བྱེད་དོ། །བཅུ་པ་སྒྲུབ་པ་བསྒོམ་ལམ་ནི། ཡོན་ཏན་མངོན་པར་བསྒྲུབ་པའི་ཕྱིར་སྒྲུབ་པ་སྒོམ་ལམ་མཉམ་བཞག་གི་ཡེ་ཤེས་ཏེ། གཟུགས་ལ་སོགས་པ་ཕྱིན་ཅི་མ་ལོག་པར་མཐོང་བ་ནི་དེ་ཡི་ངོ་བོ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་མདོར་ཡང་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་རྣམ་པར་དག་པ་སོགས་ཀྱིས་སོ། །དེ་མེད་ན་གཞན་གྱིས་སངས་རྒྱས་མི་ཐོབ་པས་མཆོག་ཉིད་དང་། ཆོས་ཀུན་ལ་སྐྱེ་བ་མེད་པ་རྟོགས་པ་སྦྱོར་བ་ནི་མངོན་པར་འདུ་མི་བྱེད་པ་དང་། དེ་ལྟ་བུའི་ངོ་བོ་ཉིད་ལ་སོགས་པ་དང་ལྡན་པའི་ལམ་གྱི་ཆོས་རྣམས་དམིགས་སུ་མེད་པར་ནི་རྣལ་འབྱོར་བའི་རྒྱུད་ལ་གཏོད་པར་བྱེད་པ་དང་། སངས་རྒྱས་ཉིད་དུ་བྱེད་པའི་ཕྱིར་དོན་ཆེན་པོ་ཉིད་དོ། །བཅུ་གཅིག་པ་རྣམ་པར་དག་པའི་བསྒོམ་ལམ་ནི། དེ་ཡང་གཟུང་བ་དང་བོར་བས་རྒྱུ། འབྲས་བུ་རྣམ་པར་དག་པ་རང་སྟེ་གཉིས་ལས། དང་པོ་སངས་རྒྱས་མཉེས་པར་བྱེད་པས་བརྟེན་པ་དང་། སྦྱིན་སོགས་ཕར་ཕྱིན་རྫོགས་པར་བྱེད་པ་དང་། ཞི་གནས་ལ་སོགས་པའི་ཐབས་ལ་མཁས་པ་གང་ཡིན་པ་དང་གསུམ་འདི་ལ་རྣམ་དག་ཏུ་མོས་པའི་སྒོམ་པ་སྐྱེ་བའི་རྒྱུ་དག་ཡིན་ནོ། །བཟློག་པ་ཆོས་ཀྱིས་འཕོངས་པར་འགྱུར་བའི་རྒྱུ་དག་ནི། བདུད་ཀྱི་འཐིབས་ཀྱིས་ནོན་པ་དང་། ཟབ་མོའི་ཆོས་ལ་མ་མོས་པ་དང་། ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པའོ་དེ་བཞི་བོར་བས་སོ། །གཉིས་པ་ལ་ཡང་སྤྱིར་བསྟན་པ་དང་འཕགས་པའི་གང་ཟག་གི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གང་ཡིན་པ་དེ་དག་མི་མཐུན་པའི་ཕྱོགས་ཐམས་ཅད་བྲལ་བ་ཉིད་ཀྱིས་རྣམ་པར་དག་པ་དེ་ཉིད་གཟུགས་ལ་སོགས་པ་རྣམ་པར་དག་པ་ཉིད་དེ། འབྲས་བུ་དང་གཟུགས་ལ་སོགས་པ་རྣམ་པར་དག་པ་ནི། གཟུགས་ལ་སོགས་པ་ལ་བདག་ཏུ་མངོན་པར་ཞེན་པ་ལ་སོགས་པ་དང་བྲལ་བས་རབ་ཏུ་ཕྱེ་བ་གང་གི་ཕྱིར་རོ། །དེ་བས་ན་དེ་གཉིས་རྣམ་པར་དག་པ་ཐ་དད་མ་ཡིན་ཞིང་བཅད་དུ་མེད་པས་རྣམ་པར་དག་པར་བརྗོད་དོ། །ཁྱད་པར་བརྗོད་པ། འཕགས་བཞིའི་རྣམ་དག་སོ་སོར་དང་། ཤིན་ཏུ་བ་དང་ཅིག་ཤོས་ཀྱིས་རྣམ་དག ཤིན་ཏུ་བ་བྱེ་བྲག་ཏུ་བསྒྲུབ་པ་སྟེ་གསུམ་ལས། དང་པོ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་། དེ་དང་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་པུ་གཟུང་བའི་དོན་གྱི་རྣམ་པར་རྟོག་པ་དང་། ཐེག་པ་གསུམ་གྱི་ལམ་གྱི་སྒྲིབ་པ་གསུམ་གྱིས་ཉམས་པའི་ཕྱིར་སྤངས་པས་སློབ་མ་དང་། བསེ་རུ་དང་། རྒྱལ་སྲས་རྣམས་ཀྱི་འབྲས་བུ་དག་པ་སྟེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཆོས་ཀྱི་དབྱིངས་ལས་བྱུང་བ་ཉིད་ནི་བླ་ན་མེད་པ་སངས་རྒྱས་ཀྱི་ཡིན་ནོ། །གཉིས་པ་སངས་རྒྱས་ཀྱི་རྣམ་པ་ཀུན་ཏུ་རྣམ་པར་དག་པས་ཤིན་ཏུ་པའོ། །འདོད་པའི་ཁམས་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་ས་དགུ་ལ་ནི་ཆེན་པོ་ཡི་ཆེན་པོ་ལ་སོགས་པ་དྲི་མ་དགུ་ཡིས་གཉེན་པོ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་ལམ་རྣམ་པ་དགུ་ནི་བྱང་སེམས། རྣམ་པ་ཐམས་ཅད་དང་ཉན་རང་གི་ཅིག་ཤོས་སུ་ཡང་རྣམ་པར་དག་པའི་རྒྱུ་ཡིན་པའི་ཕྱིར་རྣམ་པར་དག་པ་ཤིན་ཏུ་བ་དང་ཅིག་ཤོས་ཞེས་བྱའོ། །གསུམ་པ་དེ་ལ་གཉེན་པོ་ནི་ཆེན་པོའི་ཆེན་པོ་ལ་སོགས་པས་དྲི་མ་ཆུང་ངུའི་ཆུང་ངུ་ལ་སོགས་པར་མི་རིགས་སོ་ཞེས་བྱ་བའི་ཀླན་ཀ་བརྐོ་བར་ལན་ནི། དོན་དམ་པར་ཕན་པར་བྱེད་པ་དང་གནོད་པར་བྱེད་པ་གང་ཡང་ཡོད་པ་མིན་ནོ་ཞེས་དང་། གོས་ལ་ཆགས་པའི་དྲི་མ་ཕྲ་མོ་བསལ་བ་ལ་བཙོ་བླག་མཁན་ཆེ་ཐང་དུ་འབད་པའི་དཔེས་སྤངས་པ་ཡིས་སྒོ་ནས་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་ཁམས་གསུམ་གྱི་བག་ཆགས་མ་ལུས་པའི་གཉེན་པོ་ཉིད་དུ་འདོད་པ་ཡིན་ཏེ། འཇལ་བྱེད་ཤེས་པ་དང་། གཞལ་བྱ་ཤེས་བྱ་དག་རང་བཞིན་མེད་པ་མཉམ་ཉིད་དུ་མངོན་སུམ་གྱིས་མཐོང་ཟིན་སྒོམ་པའི་སློབ་ལམ་གྱི་མཐར་ཐུག་ཡིན་པའི་ཕྱིར། དེ་སྦྱངས་པའི་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བར་བཞག་གོ །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོམ་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་ལམ་ཤེས་པ་ཉིད་ཀྱི་སྐབས་ཏེ་གཉིས་པའོ།། །། སྐབས་གསུམ་པ་ལ་དགུ་ལས། དང་པོ་ཤེས་པས་སྲིད་པ་ལ་མི་གནས་ཤིང་སྙིང་རྗེས་ཞི་བ་ལ་མི་གནས་པའི་གཞི་ཤེས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱང་ཆུབ་སེམས་དཔའ་ལ་ཉེ་བར་འདོད་པ་ནི། དེ་ནི་ཤེས་རབ་ཀྱིས་ཚུར་རོལ་གྱི་མཐའ་འཁོར་བར་མིན་ཅིང་། སྙིང་རྗེས་ཕ་རོལ་གྱི་མཐའ་མྱང་འདས་ལ་མིན་པ་དང་། དེ་དག་གི་བར་ན་ཡང་མི་གནས་པ་སྲིད་ཞི་ལ་མི་གནས་པས་ཏེ། སྙིང་རྗེས་ནི་ཀུན་རྫོབ་འཛིན་ལ། ཤེས་རབ་ཀྱིས་དོན་དམ་པ་གཟུང་སྟེ་བདེན་པ་གཉིས་ཟུང་འཇུག་ཏུ་ཁྱེར་བས་དུས་གསུམ་པའི་ཆོས་རྣམས་སྐྱེ་བ་མེད་པའི་རྣམ་པར་མཉམ་པ་ཉིད་དུ་ཤེས་པའི་ཕྱིར་རོ། །གཉིས་པ་ལྡོག་པས་ཉན་རང་གི་གཞི་ཤེས་ནི། ཤེར་ཕྱིན་ཉན་རང་རྣམས་ལ་རིང་བར་འདོད་པ་ནི། སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བས་འཁོར་བ་འམ་མྱ་ངན་ལས་འདས་པ་ལ་གནས་པ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པར་དམིགས་པ་ཉིད་ཀྱིས་སོ། །གསུམ་པ་ཐབས་མ་ཡིན་པ་རྒྱལ་བའི་ཡུམ་རིང་བ་ནི། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་ཁྱོད་ཀྱི་སྟོང་པར་བཞེད། །ཅེས་འབྱུང་བས། དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་ནི་གཞི་རྟོགས་པ་ཁོ་ན་ཡིན་ལ། དེ་ཡང་ཐམས་ཅད་ལ་ཡོད་པ་ཉིད་མ་ཡིན་ནམ་ཇི་ལྟར་ན་ཉན་རང་དང་བྱང་སེམས་དག་ལ་རིང་བ་དང་ཅིག་ཤོས་སུ་འགྱུར་ཞེ་ན། སྒྱུ་མ་མཁན་གྱིས་སྤྲུལ་པའི་དངོས་པོ་སྣང་བ་ལ་དེའི་རང་གི་ངོ་བོ་མི་ཤེས་པར་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པར་མི་སྣང་བ་བཞིན་དུ། དགེ་བའི་བཤེས་གཉེན་ལ་སོགས་པ་དང་བྲལ་བས་ཐབས་མཁས་པ་མ་ཡིན་པས་ན་མཉམ་པ་ཉིད་ཡོངས་སུ་མི་ཤེས་པས་རྒྱལ་བའི་ཡུམ་རིང་བ་སྟེ། ཉན་རང་དེ་ནི་དངོས་པོ་ལ་མངོན་པར་ཞེན་ནས་འཁྲུལ་པའི་མཚན་མར་དམིགས་པ་དེའི་སྒོ་ནས་སོ། །བཞི་པ་ཐབས་ཀྱིས་རྒྱལ་བའི་ཡུམ་རིང་བ་མ་ཡིན་པ་ནི། བྱང་ཆུབ་སེམས་དཔའ་དེ་ནི་དགེ་བའི་བཤེས་གཉེན་ཡང་དག་པར་མགུ་བར་བྱས་པའི་མན་ངག་ཕྱིན་ཅི་མ་ལོག་པ་ཅན་བདེན་པ་གཉིས་ལ་བརྟེན་པའི་ཐོས་པ་ལ་སོགས་པའི་ཤེས་པ་སྐྱེ་བའི་ཐབས་ལ་མཁས་པ་ཡིས་ཡུམ་འདི་ལ་ཡང་དག་པར་ཉེ་བ་ཉིད་དུ་བཤད་དེ། དངོས་པོ་ལ་མངོན་པར་ཞེན་པའི་འཁྲུལ་པའི་མཚན་མ་བསལ་བ་རྣམས་ཀྱི་གཟུགས་ལ་སོགས་པའི་ཆོས་ཡོངས་སུ་ཤེས་པ་ཉིད་དེའི་མཉམ་པ་ཉིད་ཡོངས་སུ་ཤེས་པ་ཡིན་པས་སོ། །ལྔ་པ་མི་མཐུན་པའི་ཕྱོགས་ནི། ཡུམ་ལ་རིང་བར་རྗེས་སུ་བསྒྲུབ་པ་ནི་ཉན་རང་གི་གཉེན་པོ་ཡིན་ཀྱང་། དངོས་པོར་དམིགས་པ་ཕྱིན་ཅི་ལོག་ཏུ་འཇུག་པ་ཉིད་ཀྱིས་སྤང་བར་བྱ་བ་ཡིན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་མཐུན་ཕྱོགས་སུ་བཞག་སྟེ། ཐབས་ལ་མི་མཁས་པ་དེ་གཟུགས་ལ་སོགས་པ་ཕུང་པོ་སྟོང་པ་ཉིད་དང་། དུས་གསུམ་དུ་རྟོག་པའི་ཆོས་རྣམས་དང་། སྦྱིན་པའི་ཕར་ཕྱིན་ནས་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་བྱང་ཆུབ་ཀྱི་ཆོས་རྣམས་ལ་སྤྱོད་པའི་འདུ་ཤེས་ཀྱིས་སོ། །དྲུག་པ་གཉེན་པོའི་ཕྱོགས་ནི། འཁོར་གསུམ་རྣམ་པར་དག་པས་སྦྱིན་པ་ལ་སོགས་པ་ལ་ངར་འཛིན་མེད་པར་རྟོགས་པས་རང་དང་གཞན་དག་དེ་ལ་སྦྱོར་བའམ་འཛུད་པར་བྱེད་པ་དེ་ནི་ཆགས་པའི་ཚོགས་ཀྱི་མཐའ་འགོག་པས་བླང་བར་བྱ་བ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་དུ་གཉེན་པོ་ཡིན་ནོ། །རྒྱལ་བ་ལ་སོགས་པ་ཡིད་ལ་བྱེད་པ་ལ་སོགས་པ་ནི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པས་གཉེན་པོ་ཡིན་ཀྱང་ཆགས་པ་ཕྲ་མོ་ཡིན་པའི་རྣམ་པ་ཐམས་ཅད་དུ་གཉེན་པོ་མ་ཡིན་ནོ། །དེའི་ཕྱིར་ཆགས་པ་ཕྲ་མོ་དེ་ཡང་མི་མཐུན་ཕྱོགས་ཏེ། ཆོས་ཀྱི་ལམ་ནི་ཆོས་ཐམས་ཅད་ཀྱི་རིགས་ཤེས་པ་དང་ཤེས་བྱ་རང་བཞིན་གྱིས་ངོ་བོ་ཉིད་ནི་དབེན་པའི་ཕྱིར་ན་ཟབ་པ་ཉིད་དོ། །ཅུང་ཟད་དམིགས་པ་ཡང་ཆགས་པ་ཡིན་ལ་དེས་ཀྱང་དེ་ལ་སྒྲིབ་ནུས་པས་མི་མཐུན་ཕྱོགས་སུ་བཞག་གོ །འོ་ན་ཆགས་པ་ཕྲ་མོ་དེ་ཇི་ལྟར་སྤོང་བ་ཡིན་ཞེ་ན། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་རང་བཞིན་གཅིག་པར་ནི་ཤེས་པས་ཆགས་པ་སྤོང་བ་ཡིན་ནོ། །གང་ཞེ་ན་རང་བཞིན་མེད་པའོ། །ཡང་ཇི་ལྟར་ཆོས་རྣམས་ཀྱི་རང་བཞིན་ཟབ་པ་ཡིན་ཞེ་ན། མཐོང་བ་ལ་སོགས་པ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་དམིགས་པའི་དོན་བཀག་པ་ཡིས་རང་བཞིན་དེ་ནི་རྟོགས་པར་དཀའ་བར་བཤད་པས་སོ། །ཅིས་རྟོགས་དཀའ་ཞེ་ན། གཟུགས་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རྣམ་པའི་བར་དག་གི་རང་བཞིན་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་མངོན་པར་རྫོགས་པར་སངས་མ་རྒྱས་པས་བསམ་པར་མི་ནུས་ཤིང་མི་ཤེས་པའི་ཕྱིར་ནི་དེ་ནི་བསམ་གྱིས་མི་ཁྱབ་པར་འདོད་པས་སོ། །སྐྱེ་བོ་དམན་པ་རྣམས་རྗེས་སུ་འཛིན་པས་སམ། གདུལ་བྱ་ཉེ་བའི་ཕྱིན་ཅི་ལོག་སྤོང་བར་བཞེད་ནས་དེ་ལྟར་ཀུན་ཤེས་ཉིད་ཀྱི་ལུགས་འདི་ལ། མི་མཐུན་པ་དང་གཉེན་པོའི་ཕྱོགས་དག་གིས་རྣམ་པར་དབྱེ་བ་མ་ལུས་པ་ཇི་སྐད་དུ་བཤད་པ་འདིར་ཤེས་པར་བྱའོ་ཞེས་མཇུག་སྡུད་དོ། །བདུན་པ་དེ་བསྒོམ་པའི་སྦྱོར་བ་ནི། དེ་ཡང་རྣམ་པ་བཅུ་སྟེ། གཟུགས་ལ་སོགས་ལ་སྤྱོད་པ་བཀག་པས་སྦྱོར་བ་དང་། གཟུགས་ལ་སོགས་པ་དེ་མི་རྟག་པ་ལ་སོགས་པ་སྤྱོད་པ་བཀག་པས་སྦྱོར་བ་དང་། དེ་ཡོངས་སུ་མ་རྫོགས་པ་དང་རབ་ཏུ་རྫོགས་པ་ལ་སྤྱོད་པ་བཀག་པས་སྦྱོར་བ་དང་། དེ་ལ་ཆགས་པ་མེད་པ་ཉིད་ལ་སྤྱོད་པ་བཀག་པས་སྦྱོར་བ་དང་། མི་འགྱུར་བའི་སྦྱོར་བ་དང་། བྱེད་པོ་མིན་པ་ཉིད་དང་བྱ་དཀའ་ཆེད་དུ་བྱ་བ་སྦྱོར་བ་ལ་སོགས་རྣམ་པ་གསུམ་གྱིས་སྦྱོར་བ་དང་། སྐལ་བ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པས་འབྲས་བུ་ཡོད་པར་འདོད་པའི་སྦྱོར་བ་དེ་དང་ནི། གཞན་ལ་རག་ལས་པ་མིན་པ་གང་གིས་དེ་སྦྱོར་བ་དང་། སྣང་བ་རྣམ་པ་བདུན་དུ་ཤེས་པར་བྱེད་པའི་སྦྱོར་བ་ཉིད་དོ། །རྣམ་པ་བདུན་ནི་ཡོངས་སུ་འགྱུར་བ་དང་། མཉམ་ཏུ་ཚོགས་པ་དང་། འགལ་པ་དང་། རྐྱེན་དང་། མི་འཕོ་བ་དང་། རྟེན་མེད་པ་དང་བྱེད་པ་པོ་མ་ཡིན་པར་སྣང་བའོ། །མདོར། གལ་ཏེ་གཟུགས་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་སོགས་ཀྱིས་སོ། །བྱང་ཆུབ་སེམས་དཔའི་སྦྱོར་བ་རྣམ་བཅུ་རྗེས་སུ་འགྲོ་བའི་སྒོ་ནས་བསྟན་ལ། ཉན་རང་ཇི་སྐད་བཤད་པ་ལ་བཟློག་པར་སྦྱོར་རོ། །བརྒྱད་པ་སྦྱོར་བ་དེའི་མཉམ་པ་ཉིད་ནི། གཟུགས་ལ་སོགས་པ་དངོས་པོའི་དོན་ལ་རློམ་པ་མེད་པ་དང་། སྔོན་པོ་ལ་སོགས་པ་མཚན་མ་ལ་རློམ་པ་མེད་པ་དང་། གཟུགས་རྣམ་པ་གཉིས་སམ་རྣམ་པ་ཉི་ཤུ་ཞེས་བྱ་བ་ལ་སོགས་སྤྲོས་པ་ལ་རློམ་པ་མེད་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པར་རྟོགས་པར་རློམ་པ་བཀག་པས་རྟོག་པ་པོ་དང་ཤེས་བྱའི་ཆོས་རྣམ་པ་ཐམས་ཅད་དུ་མི་དམིགས་པ་རྣམ་པ་བཞི་གསུངས་པ་མཉམ་པ་ཉིད་དེ། དེའི་སྒོ་ནས་སྦྱོར་བ་བསྒོམ་དགོས་པས་སྦྱོར་བ་དེ་ཡི་མཉམ་པ་ཉིད་ཅེས་བྱའོ། །དགུ་པ་ཉན་ཐོས་པ་སོགས་པ་གསུམ་གྱི་མཐོང་བའི་ལམ་ནི། སྦྱོར་བའི་མཉམ་པ་ཉིད་སོ་སོར་རྟོགས་ནས་མཐོང་བའི་ལམ་བསྒོམ་དགོས་པས། མཐོང་བའི་ལམ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་སོ་སོ་ལ་ཆོས་ཤེས་པའི་བཟོད་ཤེས་དང་། རྗེས་སུ་ཤེས་པ་དང་བཟོད་ཤེས་སྐད་ཅིག་བདག་ཉིད་འདི་ཀུན་ཤེས་ཀྱི་ཚུལ་ལ་མཐོང་བའི་ལམ་བཤད་པའི་སྐབས་ཡིན་ནོ། །ངོ་བོ་ཉིད་མེད་པས་གཟུགས་སོགས་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མིན་པ་རྣམ་པ་དང་པོ། སྡུག་བསྔལ་དང་སྡུག་བསྔལ་མ་ཡིན་པ་དང་བྲལ་བ་ཉིད་ཀྱིས་རྟག་ཆད་ཀྱི་མཐའ་ལས་འདས་པ་རྣམ་པ་གཉིས་པ་དང་། སྟོང་མིན་སྟོང་པ་དང་བྲལ་བ་རྣམ་དག་རྣམ་པ་གསུམ་པ་དང་། བདག་དང་བདག་ཉིད་མེད་པས་མ་སྐྱེས་མ་འགགས་པ་ལ་སོགས་པ་རྣམ་པ་བཞི་པ་དང་། རྒྱུ་དང་རྒྱུ་མ་ཡིན་པ་སོགས་ཉིད་ཀྱི་ཕྱིར་ནམ་མཁའ་དང་འདྲ་བ་རྣམ་པ་ལྔ་པ་དང་། ཀུན་འབྱུང་བ་དང་ཀུན་འབྱུང་བ་མེད་པ་དང་མི་ལྡན་པའི་ཕྱིར་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ཆགས་པ་སྤངས་པ་རྣམ་པ་དྲུག་པ་དང་། རབ་ཏུ་སྐྱེ་བ་དང་རབ་ཏུ་མི་སྐྱེ་བ་དང་མ་འབྲེལ་བས་ཡོངས་སུ་འཛིན་པ་ལས་གྲོལ་བ་རྣམ་པ་བདུན་པ་དང་། རྐྱེན་དང་རྐྱེན་མ་ཡིན་པ་ལས་གྲོལ་བའི་ངོ་བོ་ཉིད་ཀྱི་བརྗོད་དུ་མེད་པ་རྣམ་པ་བརྒྱད་པ་དང་། གང་གི་ཕྱིར་འགོག་པ་དང་འགོག་པ་མེད་པ་མ་འབྲེལ་བ་དེའི་ཕྱིར་འགོག་པའི་བདེན་པ་འདི་དོན་ཚིག་ཏུ་བརྗོད་པ་ཡིས་རྒྱུད་གཞན་ལ་སྦྱིན་དུ་མེད་པ་རྣམ་པ་དགུ་པ་དང་། ཞི་བ་དང་མ་ཞི་བ་མེད་པས་དམིགས་པ་མེད་པར་བྱེད་པ་རྣམ་པ་བཅུ་པ་དང་། གྱ་ནོམ་པ་དང་གྱ་ནོམ་པ་དང་བྲལ་བའི་ཕྱིར་མཐའ་གཉིས་ལས་འདས་པ་ཤིན་ཏུ་རྣམ་པར་དག་པ་རྣམ་པ་བཅུ་གཅིག་པ་དང་། ངེས་པར་འབྱུང་བ་དང་ངེས་པར་འབྱུང་བ་མེད་པ་ཡང་མེད་པའི་ཕྱིར་ནད་ཐམས་ཅད་མི་འབྱུང་བ་རྣམ་པ་བཅུ་གཉིས་པ་དང་། ལམ་དང་ལམ་མ་ཡིན་པ་དང་བྲལ་བའི་ཕྱིར་ངན་སོང་ཆད་པ་རྣམ་པ་བཅུ་གསུམ་པ་དང་། རིགས་པ་དང་རིགས་པ་མ་ཡིན་པས་མ་འདྲེས་པའི་ཕྱིར་འབྲས་བུ་ནི་མངོན་སུམ་དུ་བྱ་བའི་དོན་གྱིས་ཐབས་ལ་རྣམ་པར་མི་རྟོག་པ་ཉིད་རྣམ་པ་བཅུ་བཞི་པ་དང་། སྒྲུབ་པ་དང་བསྒྲུབ་པ་མ་ཡིན་པ་ལས་རྣམ་པར་གྲོལ་བ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་མཚན་མ་དག་དང་མ་འབྲེལ་བ་རྣམ་པ་བཅོ་ལྔ་པ་དང་། ངེས་པར་འབྱིན་པ་དང་ངེས་པར་འབྱིན་པ་མ་ཡིན་པ་མེད་པ་ཉིད་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་ངོ་བོའི་མཚན་ཉིད་དངོས་དང་མིང་དང་གཉིས་པོ་ལ་ཤེས་པ་སྐྱེ་བ་མེད་པ་ནི་རྣམ་པ་བཅུ་དྲུག་པ་སྟེ། ཀུན་ཤེས་ཉིད་ཀྱི་སྐབས་སུ་སྐད་ཅིག་མ་བཅུ་དྲུག་རྣམ་གྲངས་ཀྱིས་བཤད་པ་ཡིན་ནོ། །མདོར། ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན་སྟོན་པར་བྱེད་པ་མ་ཡིན་སོགས་ཀྱིས་དེ་ལྟར་བཤད་མ་ཐག་པའི་རྣམ་མཁྱེན་འདི་དང་ཡང་ལམ་ཤེས་པ་ཉིད་འདི་དང་། ཐམས་ཅད་ཤེས་པ་ཡང་འདི་ཡིན་ཏེ་རྣམ་པ་གསུམ་པོ་འདི་ནི་གནས་སྐབས་གསུམ་པོ་དག་གི་མཁྱེན་པ་རྒྱུ་དང་བཅས་པ་རྫོགས་པར་ཡོངས་སུ་བསྟན་པ་ཡིན་ནོ། །དེ་ལྟར་འདིར་མཐོང་ལམ་ལས་གཞན་བསྒོམ་པའི་ལམ་མི་སྟོན་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་པས་བལྟས་ནས་འདིའོ། །ཞེས་དང་། གནོད་འཇོམས་ནས། དེའི་འོག་ཏུ་ཐམས་ཅད་ཤེས་པ་ཉིད་རྫོགས་པར་བྱ། འདོད་པས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་བསྟན་ཏེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཤེས་པ་ཉིད་མངོན་སུམ་དུ་མི་མཛད་དུ་ཟིན་ཀྱང་སེམས་ཅན་གྱི་དོན་དུ་ཐམས་ཅད་ཤེས་པ་ཉིད་ཀྱི་རང་བཞིན་དང་། ཐམས་ཅད་ཤེས་པ་ཉིད་ཐོབ་པར་བྱེད་པའི་རྒྱུ་མཁྱེན་ནས་སེམས་ཅན་རྣམས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ལ་སོགས་པ་ལ་སོ་སོར་འགོད་དེ་དེ་བས་ན་ཐམས་ཅད་ཤེས་པ་ཉིད་ཀྱང་དེས་ཡོངས་སུ་རྫོགས་པར་བྱས་པར་འགྱུར་རོ། །ཐམས་ཅད་ཤེས་པ་ཉིད་ཀྱི་གྲོགས་བྱེད་པའི་རྐྱེན་མ་བསྟན་པ་ནི་བྱང་ཆུབ་སེམས་དཔའ་དེ་ཙམ་གྱིས་རྟོགས་པར་འགྱུར་བས་དགོས་པ་མེད་པའི་ཕྱིར་རོ། །ཞེས་ཀུན་ཤེས་མཚན་ཉིད་པ་ཉན་རང་གི་ལམ་དང་འདིར་བསྟན་གྱི་གཙོ་བོ་བྱང་སེམས་དེ་རྗེས་མཐུན་པར་བྱེད་པ་ཤིན་དུ་གསལ་ལོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཏེ་གསུམ་པའོ།། །། སྐབས་བཞི་པ་ལ་བཅུ་གཅིག་ལས། དང་པོ་རྣམ་པ་ནི། འཕགས་པའི་བདེན་པ་བཞི་རྟེན་གཞི། བདེན་པ་གང་ལ་རྟག་པ་ལ་སོགས་པར་འཛིན་པ་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའི་ཆོས་ཉིད་ཀྱི་ངོ་བོ་ཉིད་མི་རྟག་པ་ལ་སོགས་པ་ལ་དམིགས་པའི་ཤེས་པའི་བྱེ་བྲག་རྣམས་རྣམ་པ་ཉིད་ཞེས་བྱ་བར་བཞག་པ་ནི་མཚན་ཉིད་དེ། རབ་དབྱེ་ཀུན་མཁྱེན་པ་ཉིད་ནི་རྣམ་པར་གསུམ་གྱི་དབང་དུ་བྱས་པའི་ཕྱིར་བདེན་པ་གང་ལ་རྣམ་པ་དེ་ནི་རྣམ་པ་གསུམ་དུ་འདོད་དོ། །དེ་ལས་དང་པོ་གཞི་ཤེས་ཀྱི་དབང་དུ་བྱས་པ་མདོར། འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་སོགས་ཀྱིས་མེད་པའི་རྣམ་པ་དང་པོར་བསྟན་པ་ནས། གཟུང་སྟེ་མི་གཡོ་བའི་རྣམ་པའི་བར་དུ་བཤད་ལས་མི་སྐྱེ་བ་དང་། དབེན་པ་དང་། མི་བརྫི་བ་དང་། གནས་མེད་པ་དང་། ནམ་མཁའ་དང་། བརྗོད་དུ་མེད་པ་དང་། མིང་མེད་པ་དང་། འགྲོ་བ་མེད་པ་དང་། མི་འཕྲོག་པ་དང་། མི་ཟད་པ་དང་། སྐྱེ་བ་མེད་པའི་རྣམ་པ་བཅུ་གཉིས་བདེན་པ་དང་པོའི་སོ་སོ་ལ་བཞི་དང་། རྣམ་པའི་རྣམ་གྲངས། ལམ་ལ་དེ་ནི་བཅོ་ལྔར་བཤད་པའི་དང་པོ་བཞི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ལ། ལྷག་མ་ནི་ཤེས་བྱའི་སྒྲིབ་པའི་རྣམ་པ་ཡིན་ནོ། །དང་པོ་བཞི་ནི། བྱེད་པ་པོ་མེད་པ་དང་། ཤེས་པ་པོ་མེད་པ་དང་། འཕོ་བ་མེད་པ་དང་། འདུལ་བ་མེད་པ་ལམ་ཀྱི་མཚན་ཉིད་བཞིའི་རྣམ་གྲངས། ཕྱི་མ་དེ་ལ་བསྒོམ་པའི་ལམ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ། །དང་པོ་རྨི་ལམ་དང་། སྒྲ་བརྙན་དང་། མིག་ཡོར་དང་། སྨིག་རྒྱུ་དང་། སྒྱུ་མའི་རྣམ་པ་སྟེ། ཟག་པ་དང་བཅས་པའི་སྒོམ་པའི་ལམ་ལྔའི་རྣམ་གྲངས། དེ་ལྔ་གང་ཞེ་ན། ངོ་བོ་ཉིད་མེད་པ། མ་སྐྱེས། མ་འགགས། གཟོད་མ་ནས་ཞི། རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །སྒོམ་ལམ་ཟག་མེད་དམ་ཤེས་སྒྲིབ་ཀྱི་གཉེན་པོ་མཐོང་བའི་ལམ་ཞེས་བྱ་བའི་རྣམ་པར་ནི། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་གྲངས་མེད་པ་དང་། གོས་པ་མེད་པ་དང་། སྤྲོས་པ་མེད་པ་དང་། རློམ་པ་མེད་པ་དང་། མི་གཡོ་བ་ཡི་རྣམ་པ། དེ་དག་ཀྱང་། ཀུན་ནས་ཉོན་མོངས་པ་སྤོང་བའི་དང་། ཉོན་མོངས་པའི་བག་ཆགས་སྤོང་བའི་དང་། གཟུགས་ལ་སོགས་པ་སྤྲོས་པ་སྤོང་བའི་དང་། རང་གི་རྟོགས་པ་རོ་མྱང་བར་བྱེད་པའི་རློམ་པ་སྤོང་བའི་དང་། ཡོངས་སུ་ཉམས་པའི་རྣམ་པར་རྟོག་པ་སྤོང་བའི་གཉེན་པོ་དག་གི་རྣམ་གྲངས་ཏེ་ཐམས་ཅད་ཤེས་པ་ཉིད་ཀྱིས་རྣམ་པ་ཉི་ཤུ་རྩ་བདུན་ཡིན་ནོ། །གཉིས་པ་ལམ་ཤེས་ཀྱི་དབང་དུ་བྱས་པ་རྒྱུ་ཀུན་འབྱུང་དང་ལམ་དང་། སྡུག་བསྔལ་དང་། འགོག་པ་ལ་ནི་གོ་རིམས་བཞིན་དུ་དེ་དག་གི་དང་པོ་ཀུན་འབྱུང་བདེན་པའི་རྣམ་པ་འདོད་ཆགས་དང་བྲལ་བ་དང་། མི་གནས་པ་དང་། ཞི་བ་དང་། འདོད་ཆགས་མེད་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། ཉོན་མོངས་པ་མེད་པ་དང་། སེམས་ཅན་མེད་པའི་རྣམ་པ་བརྒྱད་དེ་ཡང་ཀུན་འབྱུང་གི་མཚན་ཉིད་རྒྱུ་ཞེས་བྱ་བ་དེ་ལ། འདུན་འདོད་ཆགས་སྲེད་པ་གསུམ་དུ་ཕྱེ། གཉིས་པ་ཀུན་འབྱུང་བ་ནི། དུག་གསུམ། རབ་སྐྱེ་ལ། ཀུན་ཏུ་རྟོག་པ་གཅིག་པུ། རྐྱེན་ནི་སེམས་ཅན་དུ་མངོན་པར་ཞེན་པ་གཅིག་པུ་སྟེ་ཀུན་འབྱུང་གི་བདེན་པ་ལ་བརྒྱད་ཡོད་པ་ལས་གཉེན་པོ་བརྒྱད་པོ་དེ་བྱུང་ངོ་ཞེས་དང་། ལམ་གྱི་བདེན་པའི་རྣམ་པ་ཚད་མེད་པ་དང་། མཐའ་གཉིས་དང་མ་འབྲེལ་བ་དང་། ཐ་མི་དད་པ་དང་། མཆོག་ཏུ་འཛིན་པ་མེད་པ་དང་། རྣམ་པར་མི་རྟོག་པ་དང་། གཞལ་དུ་མེད་པ་དང་། ཆགས་པ་མེད་པའི་རྣམ་པ་བདུན་དང་ནི། དེ་ཡང་ལམ་བདེན་ཀྱི་མཚན་ཉིད་ལམ་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པའི་ལམ་དང་། ཇི་ལྟར་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པ་གཉིས། རིགས་པ་ལ། རིགས་པ་གང་ཡིན་པ་དང་། ཇི་ལྟར་རིགས་པ་གཉིས། སྒྲུབ་པ་ལ། སྒྲུབ་པ་གང་ཡིན་པ་དང་། ཇི་ལྟར་བསྒྲུབ་པ་གཉིས། ངེས་པར་འབྱུང་བ་ནི་དེ་རྣམས་ཀྱི་ངོ་བོ་ཉིད་གཅིག་སྟེ། དེ་དག་དང་རིམ་པས་རྣམ་གྲངས་སོ། །སྡུག་བསྔལ་གྱི་བདེན་པའི་རྣམ་པ། མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི། མཚན་ཉིད་མེད་པའི་རྣམ་པ་ལྔ་དང་། འགོག་བདེན་རྣམ་པ་སྟོང་ཉིད་བཅུ་དྲུག་ཡིན་ཞེས་བསྒྲགས་སོ། །དེ་ཡང་འགོག་པ་ལྔ་སྟེ། ཕྱི་ནང་གི་བདག་ཉིད་ཅན་ལ་དངོས་པོའི་དབྱེ་བས་དངོས་པོ་འགོག་པ། བཏགས་པའི་བདག་ཉིད་ཅན་གྱི་མངོན་པར་ཞེན་པ་བརྒྱད་འགོག་པ། བྱེད་པ་པོ་འགོག་པ། ཡུལ་དུ་འཁྲུལ་པ་འགོག་པ། བཏགས་པར་འཁྲུལ་པ་འགོག་པ། མཚན་ཉིད་དུ་འཁྲུལ་པ་འགོག་པ། དུས་སུ་འཁྲུལ་པ་འགོག་པ་གསུམ། ལྔ་པ་རང་གི་ངོ་བོ་ཉིད་འགོག་པ་སྟེ། སྟོང་པ་ཉིད་བཅུ་དྲུག་གི་དང་པོ་གསུམ། དེ་ནས་བརྒྱད། ལྷག་མ་ལྔ་རིམ་པ་བཞིན་ནོ། །ཐོག་མཐའ་འགོག་བདེན་གྱི་མཚན་ཉིད་ཀྱི་འགོག་པ། གཉིས་པ་དེའི་ཞི་བ། གསུམ་པ་དེའི་གྱ་ནོམ་པ། བཞི་པ་ལྷག་མ་བཞི་པའི་རྣམ་གྲངས་སོ། །དེ་ལྟར་ལམ་ཤེས་ཀྱི་རྣམ་པ་སུམ་ཅུ་རྩ་དྲུག་གོ །རྣམ་མཁྱེན་གྱི་རྣམ་པའི་དབང་དུ་མཛད་ནས། དྲན་པ་ཉེར་བཞག་བཞི་ནས་བཟུང་སྟེ་སངས་རྒྱས་ཀྱི་རྣམ་པའི་མཐར་ཐུག་པ་རྣམས་ལམ་གྱི་བདེན་པའི་རྗེས་སུ་མཐུན་པར་ཀུན་མཁྱེན་གསུམ་དུ་ཕྱེ་བས་ན་དང་པོ། སློབ་མ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ལ་གོ་རིམས་བཞིན་དེ་སུམ་ཅུ་རྩ་བདུན་དང་། སུམ་དུ་རྩ་བཞི་དང་སུམ་ཅུ་རྩ་དགུ་དག་ཏུ་བཞེད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕགས་པའི་གང་ཟག་ཐམས་ཅད་རྒྱུ་དང་འབྲས་བུའི་ཚུལ་གྱིས་བསྡུས་པས་སོ། །དེ་ཡང་དང་པོ་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ལ་དྲན་པ་ཉེར་བཞག་བཞི། རྩོལ་བ་ལས་བྱུང་བའི་ལམ་ལ་ཡང་དག་སྤོང་བཞི། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ལ་རྫུ་འཕྲུལ་རྐང་བཞི། མངོན་པར་རྟོགས་པ་དང་སྦྱོར་བའི་ལམ་ལ་དབང་པོ་ལྔ། ལམ་འདི་ནི་དྲོད་རྩེའོ། །མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ལ་སྟོབས་ལྔ། ལམ་འདི་ནི་བཟོད་པ་ཆོས་མཆོག མངོན་པར་རྟོགས་པའི་ལམ་ལ་བྱང་ཆུབ་ཡན་ལག་བདུན། ལམ་འདི་མཐོང་ལམ། རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་ལ་འཕགས་ལམ་ཡན་ལག་བརྒྱད། འདི་ནི་སྒོམ་ལམ་མོ། །འདི་ནི་སུམ་ཅུ་རྩ་བདུན་ནོ། །གཉིས་པ་ལམ་ཤེས་པ་ཉིད་ཀྱིས་ལམ་རྣམ་པ་དྲུག་ལས་གཉེན་པོའི་ལམ་གསུམ། བལྟ་བར་བྱས་པའི་གཉེན་པོ། སྟོང་པ་ཉིད་ཀྱི་རྣམ་ཐར། ལྟ་བའི་རྒྱུ་མཚན་གྱི་རྣམ་པ་རྟོག་པའི་གཉེན་པོ་མཚན་མ་མེད་པའི་རྣམ་ཐར། ཁམས་གསུམ་པ་ལ་སྨོན་པའི་གཉེན་པོར་སྨོན་པ་མེད་པའི་རྣམ་ཐར་ཏེ་མྱ་ངན་ལས་འདའ་ཞིང་འཁོར་བ་ལས་ཐར་པའི་སྒོ་ཡིན་པས་ན་རྣམ་པར་ཐར་བའི་སྒོ་གསུམ། སྡུག་བསྔལ་གྱི་རྣམ་པ་ཐ་མ་གཉིས་དང་པོ། དང་པོ་གཉིས་དང་ཀུན་འབྱུང་གི་རྣམ ་གསུམ་པ། འགོག་ལམ་ཐམས་ཅད་གཉིས་པས་བསྡུས་སོ། །སྤྲུལ་པའི་ལམ་རྣམ་ཐར་བརྒྱད་ཀྱི་དང་པོ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་དང་། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ་གནས་པ་གསུམ་མོ། །མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་ནི། རྣམ་པར་ཐར་པ་ལྷག་མ་ལྔ་སྟེ། ཐར་པ་དང་མཐུན་པར་གནས་པའི་ལམ་གྱི་རང་བཞིན་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། ཞི་བར་གནས་པའི་ལམ་གྱི་རང་བཞིན་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་རོ། །འཇིག་རྟེན་ལས་འདས་པའི་ལམ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟེ་བསམ་གཏན་བཞི་དང་གཟུགས་མེད་བཞི་འགོག་པའི་སྙོམས་པར་འཇུག་པའོ། །སྤོང་བའི་ལམ་ནི་བདེན་པ་བཞིས་བསྡུས་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་རང་བཞིན་བར་ཆད་མེད་པའི་ལམ་བཞིའོ། །སངས་རྒྱས་ཉིད་ཀྱི་ལམ་ཕར་ཕྱིན་བཅུ། དེ་ལྟར་སུམ་ཅུ་རྩ་བཞིའོ། །གསུམ་པ་དེ་ལ་ནི་ལམ་ལ་སོགས་དབྱུང་དུ་མེད་པ་ཡིན་པའི་ཕྱིར་གཅིག་པུ་ཁོ་ན་ཡིན་མོད། འོན་ཀྱང་སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད། དེ་བཞིན་ཉིད་ཀྱི་རྣམ་པ། རང་བྱུང་གི་རྣམ་པ། སངས་རྒྱས་ཀྱི་རྣམ་པ་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་ལ་བརྟེན་པའི་རྣམ་པ་སུམ་ཅུ་རྩ་དགུའོ། །དེ་དག་ཐམས་ཅད་བསྒྲིལ་ན་རྣམ་པར་བརྒྱ་དོན་གསུམ་དུ་འགྱུར་རོ། །དེ་དག་ཀྱང་ཉན་རང་ལ་ནི་འདོད་པར་སྐྱེ་བའི་འཕགས་པས་བསམ་གཏན་དང་པོ་དང་གཉིས་པའི་སེམས་ལ་བརྟེན་ནས་རང་ལ་གཟུགས་ཀྱི་འདུ་ཤེས་ཏེ་གཟུགས་སུ་སྣང་བ་རྣམ་པར་མ་བཤིག་པའི་ཕྱིར་གོ་རིམས་བཞིན་དུ་ནང་གཟུགས་ཅན་དུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ངན་པ་ལ་ངན་པ་དང་བཟང་པོ་ལ་བཟང་པོ་སོགས་སུ་བལྟའོ་ཞེས་པ། དང་པོ། ཡང་འདོད་པར་སྐྱེ་བའི་འཕགས་པས་ནམ་མཁའ་མཐའ་ཡས་ཀྱི་སེམས་ལ་བརྟེན་ནས་རང་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པའི་ཕྱིར་ནང་གཟུགས་ཅན་གྱིས་ཕྱི་རོལ་གྱི་གཟུགས་རྣམས་ལ་སྔ་མ་བཞིན་དུ་ལྟ་བ་གཉིས་པ། འདི་གཉིས་གཟུང་ཡུལ་ཇི་ལྟར་འདོད་པར་སྤྲུལ་པ་ལ་སྒྲིབ་པའི་གཉེན་པོར་བསྒོམ་པའོ། །ཡང་བསམ་གཏན་བཞི་པའི་སེམས་ལ་བརྟེན་ནས་དངུལ་གྱི་བུམ་པ་ལྟ་བུ་གསེར་བུམ་ལ་ལྟོས་ཏེ་མི་སྡུག ཟངས་བུམ་ལ་ལྟོས་ཏེ་སྡུག་པ་ཕན་ཚུན་ལྟོས་པའི་འདུ་ཤེས་དང་། དེ་ནས་དངུལ་བུམ་སྡུག་མི་སྡུག་གཉིས་ཀ་དང་འབྲེལ་བའི་འདུ་ཤེས་དང་། སྡུག་མི་སྡུག་གཉིས་ཀ་དངུལ་བུམ་གཅིག་གི་ངོ་བོར་རོ་གཅིག་པའི་འདུ་ཤེས་ཏེ་འདུ་ཤེས་གསུམ་ལ་བརྟེན་ནས་གཟུགས་ཐམས་ཅད་སྡུག་པར་རོ་གཅིག་པའི་རྣམ་པར་མོས་པ་བྱེད་པ་གསུམ་པ། འདི་ནི་གཟུགས་སྡུག་པ་སྤྲུལ་པ་ལ་གོ་རིམས་བཞིན་དུ་དགའ་བ་སྟེ་སྤྲུལ་འདོད་པ་དང་། མི་སྡུག་པ་སྤྲུལ་པ་ལ་མི་འདོད་པའི་རྣམ་པར་རྟོག་པ་དེ་དག་གི་གཉེན་པོར་བསྒོམ་མོ། །རབ་ཏུ་ཞི་ནས་ཐར་པའི་ཆ་དང་མཐུན་པར་གནས་པའི་ལམ་གྱི་རང་བཞིན་ལ་སྦྱོར་བའི་དུས་སུ་ཐམས་ཅད་ནམ་མཁའ་འོ་སྙམ་པའི་འདུ་ཤེས་སྔོན་དུ་བཏང་ནས་དངོས་གཞིའི་དུས་སུ་དགེ་བའི་དམིགས་པ་གང་ཡང་རུང་བ་ལ་སྙོམས་པར་འཇུག་པ་བཞི་པ། དེ་བཞིན་དུ་རྣམ་ཤེས་མཐའ་ཡས་ལྔ། ཅི་ཡང་མེད་དྲུག འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དེ་བདུན། ཞི་བ་མྱ་ངན་ལས་འདས་པ་དང་འདྲ་བ་ལ་གནས་པའི་ལམ་གྱི་རང་བཞིན་ལ་ཚོགས་དྲུག་ཉོན་ཡིད་དང་བཅས་པའི་འཁོར་གྱིས་འདུ་ཤེས་དང་ཚོར་བ་འགོག་པ་སྟེ་བརྒྱད་ཡིན་ལ། འདིར་གཟུགས་ཅན་གཟུགས་ལ་ལྟ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་སྟོང་པ་དང་གཡོ་བ་མེད་པར་ལྟ་བ་སྟེ་དེ་ལྟར་ལྟ་བས་རྣམ་པར་གྲོལ་ཏེ་དེའི་ཕྱིར་རྣམ་པར་ཐར་པ་ཞེས་བྱའོ། །ཞེས་སོགས་འབྱུང་བས་ཤེས་ཕྱིན་དེ་དང་མཐུན་པའི་ལྡོག་ཆར་ཕྱེ་བར་ཟད་དོ། །འགོག་པའི་སྙོམས་པར་འཇུག་པ་ནི་སྙོམས་པར་འཇུག་པའི་རྟེན་གྱི་གང་ཟག ཕྱིར་མི་འོང་དགྲ་བཅོམ་རང་རྒྱལ་དམིགས་པ་ཅན་གྱི་བྱང་སེམས། དེ་ཡང་རྒྱུ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ཞིང་། སྲིད་པའི་རྩེ་མོའི་སེམས་ཐོབ། ཟག་མེད་ཀྱི་ལམ་ཐོབ་པས་སྲིད་རྩེ་ལས་གྱེན་དུ་བསྐྱོད་དེ་འགོག་བདེན་མངོན་སུམ་དུ་ཤེས་པས་འདུ་ཤེས་མེད་པའི་སྙོམས་འཇུག་དེ་ལ་ཐར་པར་འདུ་ཤེས་པ་ཡིན་གྱི། རེ་ཞིག་ཚོར་བ་དང་འདུ་ཤེས་རགས་པ་རྣམས་ཀྱིས་སྐྱོ་ནས་ཞི་བར་གནས་པའི་འདུ་ཤེས་ཀྱིས་སྲིད་རྩེའི་སེམས་ལ་གནས་པའི་མཇུག་ཐོགས་ཁོ་ནར་འཇུག་སྟེ་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མིན་པ་ཚོགས་དྲུག་འཁོར་བཅས་དང་། བརྟན་པ་གཉིས་པོ་དེ་དག་ལས་ཁ་ཅིག་སྟེ་ཉོན་མོངས་པ་ཅན་གྱི་ཡིད་འགོག་པ་སྙོམས་པར་འཇུག་སྟེ། དེ་ཡང་དགག་བྱ་དེ་དག་བཀག་པའི་མེད་དགག་ཙམ་མ་ཡིན་གྱི། དགག་བྱ་དེ་དག་རེ་ཞིག་སྐྱེ་བའི་གེགས་སུ་གྱུར་པའི་ལུས་དང་སེམས་ཀྱི་སྐབས་སོ། །དང་པོ་མི་རྣམས་ཀྱི་ནང་དུ་སྐྱེས་ནས་ཕྱིས་མིའི་གཟུགས་སུ་མངོན་དུ་འགྱུར་བར་བཤད་དོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི། ཉན་ཐོས་ཀྱི་ཟག་པ་མེད་པ། བྱང་ཆུབ་སེམས་དཔའི་རྣམ་གྲངས་ཀྱི་ཟག་པ་དང་བཅས་པས་དེ་བཞིན་ལམ་ཤེས་ཀྱང་དེའི་ཟག་བཅས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཉོན་མོངས་པ་ཤིན་ཏུ་སྤངས་པ་མ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ཟག་མེད་ཁོ་ན་སྟེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བྱང་ཆུབ་པའི་ཕྱིར་རོ། །གཉིས་པ་སྦྱོར་བར་བཅས་པ་རྣམས་ནི། སྦྱོར་བ་པོ་དང་སྦྱོར་པ་གཉིས་ལས། དང་པོ་བཞི་སྟེ། སྔོན་དང་ད་ལྟར་གྱི་སངས་རྒྱས་རྣམས་ལ་བསྙེན་བཀུར་ན་དེ་དག་ལ་ལྷག་པར་བྱ་བ་བྱས་པ། དེ་ལ་དགེ་བའི་རྩ་བ་བསྐྲུན་པ་དང་། དགེ་བའི་བཤེས་ཀྱི་མགོན་དང་བཅས་པ་སྟེ། ཤེས་ཕྱིན་འདི་ཉན་པ་ཡི་སྣོད་བཞི་ཡིན་ནོ། །རྒྱུ་མཚན་སངས་རྒྱས་ལ་བརྟེན་པ་དང་། དེས་གཞུང་ལེན་པ་དང་། ཐེ་ཚོམ་ཀུན་འདྲི་བའི་བྱ་བ་བྱས་པའི་དང་ནི་འཛིན་པའི་དང་། སྦྱིན་དང་ཚུལ་ཁྲིམས་སོགས་ཕར་ཕྱིན་བཅུ་སྤྱོད་པས་དོན་མི་བརྗེད་པ་དང་། ཡང་སོགས་སྒྲས་བྱིན་གྱི་རླབས་ཀྱིས་ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་དུ་འགྱུར་བ་སྟེ་ལེན་དང་འཛིན་པ་ལ་སོགས་པའི་སྒྲས་ལྷག་མ་གཉིས་བསྟན་པ་འདི་དག་སྣོད་དུ་དམ་པ་རྣམས་བཞེད་དོ། །སྦྱོར་བ་ནི་ཉི་ཤུ་སྟེ། གཟུགས་ལ་སོགས་པ་ལ་ངོ་བོ་ཉིད་མེད་པས་མི་གནས་པའི་ཕྱིར་དང་། དེ་དག་ལ་སྦྱོར་བ་བཀག་པ་ཉིད་སྦྱོར་བ་ཡིན་པའི་ཕྱིར་གཟུགས་སོགས་ལ་མི་གནས་པའི་སྦྱོར་བ་ཞེས་བྱ་བ་དང་། གཟུགས་སོགས་དེ་ཡི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཟབ་པའི་སྦྱོར་བ་དང་། གཟུགས་སོགས་དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར་གཏིང་དཔག་དཀའ་བའི་སྦྱོར་བ་དང་། གཟུགས་སོགས་དེ་དག་ཚད་ནི་མེད་པའི་ཕྱིར་ཚད་མེད་པའི་སྦྱོར་བ་དང་། དེ་གསུམ་ནི་ཆུང་འབྲིང་ཆེན་པོས་བཞག་གོ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྲག་པས་སྣོད་མ་ཡིན་ལ། མི་སྐྲག་པས་སྣོད་དུ་འགྱུར་བ་དེ་ལ་ཕྱིར་མི་ལྡོག་པའི་མདུན་ལོག་ཚུན་ཟབ་པ་དེ་མི་བརྗོད། དེ་ནས་བརྗོད་པ་ཚེགས་ཆེན་པོས་ཡུན་རིང་ན་རྟོགས་པའི་ཕྱིར་མངོན་པར་བྱང་ཆུབ་པའི་སྦྱོར་བ་དང་། མི་སྔངས་པས་ལུང་བསྟན་པ་ཐོབ་པའི་སྦྱོར་བ་དང་། ཡང་དག་པར་འཛིན་པས་ཕྱིར་མི་ལྡོག་པ་ཉིད་ཀྱི་སྦྱོར་བ་དང་། རྟག་ཏུ་བར་ཆད་ཀྱི་ཆོས་ལ་ངེས་པར་འབྱུང་བའི་སྦྱོར་བ་དང་། རྟག་ཏུ་ཆོས་བསྒོམ་པ་བར་ཆད་མེད་པ་དང་བཅས་པའི་སྦྱོར་བ་དང་། ཟག་པ་མེད་པའི་ཆོས་གསེར་གྱི་རྟེན་ཉིད་ཀྱི་རྫོགས་པའི་བྱང་ཆུབ་ལ་ཉེ་བའི་སྦྱོར་བ་དང་། འབྲས་བུ་ཆོས་ཀྱི་སྐུ་མངོན་པར་འགྲུབ་པ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བས་གཞན་དོན་གྱི་སྦྱོར་བ་དང་། འཕེལ་བ་མེད་པ་དང་འགྲིབ་པ་མེད་པར་བཤད་པའི་ཕྱིར་འཕེལ་འགྲིབ་མེད་པའི་སྦྱོར་བ་དང་། འདོད་པའི་ཁམས་སུ་མི་དམིགས་པས་ཆོས་དང་ཆོས་མིན་སོགས་གཅིག་མི་མཐོང་བའི་སྦྱོར་བ་དང་། གཟུགས་སོགས་བསམ་མི་ཁྱབ་ཀྱི་རྣམ་པར་མི་མཐོང་བས་བསམ་གྱིས་མི་ཁྱབ་པའི་འདུ་ཤེས་འགོག་པའི་སྦྱོར་བ་དང་། གཟུགས་སོགས་དང་དེ་ཡི་མཚན་མ་དང་དེ་ཡི་ངོ་བོར་རྣམ་པར་མི་རྟོག་པས་རྣམ་པར་མི་རྟོག་པའི་སྦྱོར་བ་དང་། འབྲས་བུ་དང་པོ་མཐོང་བས་འབྲས་བུ་རིན་ཆེན་སྦྱིན་པ་སྦྱིན་པར་བྱེད་པའི་སྦྱོར་བ་དང་། གཟུགས་སོགས་དེ་ནི་རྣམ་པར་དག་པ་རྣམ་པར་དག་པའི་སྦྱོར་བ་དང་། ལམ་སྐོར་དུ་མངོན་པར་བརྩོན་པ་མི་འདོར་བས་ས་མཚམས་དང་བཅས་པའི་སྦྱོར་བ་ཉི་ཤུའོ། །གསུམ་པ་ཡོན་ཏན་ནི། ཡོན་ཏན་མཐོང་བ་སྔོན་དུ་བཏང་ནས་སྦྱོར་བ་རྣམས་ལ་ཤིན་ཏུ་གོམས་པར་བྱེད་པས་སྦྱོར་བའི་འོག་ཏུ་དེ་དག་གི་ཡོན་ཏན་བཤད་དེ། སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱི་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་ལ་སོགས་པ་སངས་རྒྱས་ཀྱི་དགོངས་ཤིང་མཁྱེན་པའི་ཡོན་ཏན། དེ་བཞིན་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པ་སངས་རྒྱས་ཀྱིས་མངོན་དུ་མཛད་པའི་ཡོན་ཏན། ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བའི་ཡོན་ཏན། དོན་ཆེ་བ་ཉིད་ལ་སོགས་པའི་ཡོན་ཏན། ལྷོ་ནས་བྱང་། བྱང་ནས་བྱང་གི་ཕྱོགས་སུ་དར་སོགས་ཡུལ་སྤྱད་པའི་ཡོན་ཏན། ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་པའི་ཡོན་ཏན། སངས་རྒྱས་ཐམས་ཅད་ཀྱིས་དེ་དག་ལ་རྣམ་པ་ཐམས་ཅད་མཁྱེན་པའི་གཏམ་བརྗོད་པ་སྨྲ་བའི་སྐྱེས་བུའི་ཡོན་ཏན་དང་། བསྟན་པ་ཉིད་ཀྱིས་མི་ཕྱེད་པའི་ཡོན་ཏན་དང་། དགེ་བའི་རྩ་བ་ཐུན་མོང་མིན་པ་སྐྱེ་བའི་ཡོན་ཏན་དང་། དམ་བཅས་པའི་དོན་ཇི་ལྟ་བ་བཞིན་དུ་བསྒྲུབ་པའི་ཡོན་ཏན་དང་། འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཡོན་ཏན་དང་། སེམས་ཅན་གྱི་དོན་བསྒྲུབ་པའི་ཡོན་ཏན་རྣམས་ཏེ་ཡོན་ཏན་རྣམ་པ་བཅུ་བཞིའོ། །བཞི་པ་སྐྱོན་ནི། སྐྱོན་ནི་བཅུ་ཚན་བཞིར་བཅས་པ་དང་དྲུག་ཏུ་ངེས་པར་རྟོགས་པར་བྱ་སྟེ་བཞི་བཅུ་རྩ་དྲུག་གོ །དེ་ཡང་གང་ཞེ་ན། ཚེགས་ཆེན་པོ་ཐོབ་པ་དང་། སྤོབས་པ་ཧ་ཅང་མྱུར་བ་དང་། ལུས་ཀྱི་གནས་ངན་ལེན་དང་། སེམས་ཀྱི་གནས་ངན་ལེན་དང་། རིགས་པ་མ་ཡིན་པས་བསྐྱེད་པའི། ཁ་ཏོན་བྱེད་པ་ལ་སོགས་པ་དང་། ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་ཉིད་དང་། རྒྱུ་ལ་མངོན་པར་ཞེན་པ་ཉམས་པ་དང་། གྱ་ནོམ་པའི་རོ་མྱང་བ་ཉམས་པ་དང་། རྣམ་པ་ཐམས་ཅད་དུ་ཐེག་པའི་མཆོག་ཀུན་ཏུ་འཛིན་པ་ཉམས་པ་དང་། རྟག་ཏུ་ཆེད་དུ་བྱ་བ་ཉམས་པ་ཞེས་བྱ་བ་ནི་བཅུ་ཚན་དང་པོའོ། །རྒྱུ་དང་འབྲས་བུ་འབྲེལ་བ་ཉམས་པ་དང་། གོང་ན་མེད་པ་ཉམས་པ་དང་། ཡུལ་རྣམ་པ་མང་པོ་ལ་རྣམ་པར་རྟོག་པའི་སྤོབས་པ་འབྱུང་བ་དང་། ཡི་གེར་འབྲི་བ་ལ་མངོན་པར་ཞེན་པ་དང་། དངོས་པོ་མེད་པ་ལ་མངོན་པར་ཞེན་པ་དང་། ཡི་གེ་ལ་མངོན་པར་ཞེན་པ་དང་། ཡི་གེ་མེད་པ་ལ་མངོན་པར་ཞེན་པ་དང་། ཡུལ་ལ་སོགས་པ་ཡིད་ལ་བྱེད་པ་དང་། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པའི་རོ་མྱང་བ་དང་། ལམ་མ་ཡིན་པས་ཐབས་མཁས་པ་འཚོལ་བ་ཞེས་བྱ་བ་ནི་བཅུ་ཚན་གཉིས་པའོ། །གྲངས་བཞིན་དུ་ཉན་པ་པོ་དང་འཆད་པོ་དག་སྔ་མ་དང་ཕྱི་མ་གང་ཡང་རུང་བ་དང་། མངོན་པར་འབྲེལ་བས་འདུན་པ་དང་སྙོམས་ལས་ཀྱིས་ཉམས་པ་དང་། འདུན་པའི་ཡུལ་ཐ་དད་པས་ཉམས་པ་དང་། འདོད་ཆེན་ཆུང་བ་དང་འདོད་ཆེན་ཆུང་བ་མ་ཡིན་པ་ཉིད་ཀྱིས་ཉམས་པ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་མི་ལྡན་པ་དག་དང་། དགེ་བ་དང་དགེ་བ་མ་ཡིན་པའི་ཆོས་ཉིད་དང་། གཏོང་བ་དང་སེར་སྣ་བྱེད་པ་དང་། སྦྱིན་པ་དང་མི་ལེན་པ་དང་། འགོ་སྨོས་པས་གོ་བ་དང་རྣམ་པར་སྤྲོས་པས་གོ་བ་ཉིད་དང་། མདོ་ལ་སོགས་པའི་ཆོས་མངོན་པར་ཤེས་པ་དང་མངོན་པར་མི་ཤེས་པ་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང་མི་ལྡན་པ་ཞེས་བྱ་བ་ནི་བཅུ་ཚན་གསུམ་པའོ། །དེ་ཁོ་ན་བཞིན་དུ་ཐབས་དང་ཐབས་མ་ཡིན་པ་ལ་མཁས་པ་དང་། གཟུངས་ཐོབ་པ་དང་མ་ཐོབ་པ་དག་དང་། ཡི་གེར་འབྲི་འདོད་པ་དག་དང་ཡི་གེར་འབྲི་མི་འདོད་པ་དག་དང་། འདོད་པའི་འདུན་པ་དང་བྲལ་བ་དང་མ་བྲལ་བ་ཉིད་ཅེས་བྱ་བ་བཞི་དང་། ངན་སོང་གི་འགྲོ་བ་ཕྱིར་ཕྱོགས་པ་དང་། བདེ་འགྲོར་འགྲོ་བ་ལ་ཡིད་བདེ་བ་སྟེ་གཉིས་དང་། འཆད་པ་པོ་དང་ཉན་པ་པོ་དག་སྔ་མ་དང་ཕྱི་མ་གང་ཡང་རུང་བ་དང་འབྲེལ་བས་གྲངས་བཞིན་ཏུ་གཅིག་པུ་དང་འཁོར་ལ་མངོན་པར་དགའ་བ་ཉིད་དང་། གོ་སྐབས་མི་འབྱེད་པ་དང་རྗེས་སུ་འབྲེལ་བར་འདོད་པ་ཉིད་དང་། ཟང་ཟིང་ཅུང་ཟད་ཙམ་འདོད་པ་དང་སྦྱིན་པར་མི་འདོད་པ་ཉིད་དང་། སྲོག་གི་བར་ཆད་དུ་འགྱུར་བ་དང་མི་འགྱུར་བའི་ཕྱོགས་སུ་འགྲོ་བ་ཞེས་པ་བཞི་སྟེ་བཅུ་ཚན་བཞི་པའོ། །དེ་བཞིན་དུ་མུ་གེ་འབྱུང་བའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བ་དང་། ཆོམ་རྐུན་ལ་སོགས་པས་དཀྲུགས་པའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བ་དང་། ཁྱིམ་ལྟ་བས་ཡིད་མི་བདེ་བ་དང་གསུམ་དང་། བདུད་ཀྱིས་འབྱེད་པའི་སྦྱོར་བ་དང་། བཅོས་མ་ཉེ་བར་སྒྲུབ་པ་དང་། ཡུལ་ཇི་ལྟ་བ་བཞིན་མ་ཡིན་པར་དགའ་བ་སྐྱེད་པ་ཞེས་བྱ་བ་གསུམ་མོ། །ལྔ་པ་འབྲས་བུ་མཚན་ཉིད་དང་བཅས་པ་ནི། བྱེད་པར་སྒྲུབ་པ་གང་གི་སྦྱོར་བ་རྣམས་དེ་དག་སྐྱེ་བའི་ནུས་ལྡན་དུ་མཚོན་པར་བྱེད་པས་དེ་མཚན་ཉིད་དུ་ཤེས་པར་བྱ་ལ། དེ་ཡང་རྣམ་པ་གསུམ་སྟེ། ཤེས་པ་དང་། ཁྱད་པར་དང་། བྱེད་པ་སྟེ། དོན་དུ་རྟོགས་པ་ཕུན་སུམ་ཚོགས་པ་དང་སྤངས་པ་ཕུན་སུམ་ཚོགས་པ་གཞན་དོན་ཕུན་སུམ་ཚོགས་པ་རིམ་པ་བཞིན་ནོ། །སྦྱོར་བའི་ངོ་བོ་ཉིད་ནི་གང་སྦྱོར་བ་ཁོ་རང་གི་སྟེང་གི་ཤེས་པ་ཁྱད་པར་བྱེད་པ་རྣམས་ལས་སུ་བསྒྲུབས་པས་སྦྱོར་བ་མཚན་ཉིད་དང་ལྡན་པར་མཚོན་པར་བྱ་བ་ཡང་མཚན་ཉིད་བཞི་པ་ཡིན་ཏེ་དེ་རྣམས་མཚོན་པ་པོ་གཞན་གྱི་སྦྱོར་བའི་སྟེང་དུ་མཚོན་པའམ་རྟོགས་ཤིང་ཁོང་དུ་ཆུད་པར་བྱེད་པས་སོ། །དེ་བས་འདིའི་མཚན་ཉིད་ཀྱི་མཚོན་བྱ་མཚོན་ཚུལ་ནི། དྲང་སྲོང་ཚངས་པའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཚངས་པ་དངོས་ཀྱི་དབྱིབས་དང་རྣམ་པ་མཚོན་པར་བྱེད་པ། བདག་ཉིད་དེ་ལྟ་བུར་དབྱིབས་དང་རྣམ་པ་མཚོན་པར་བྱ་བ་ལྟ་བུ་ཡིན་ནོ། །ས་བརྒྱད་པར། མཁྱེན་གསུམ་གྱི་རྣམ་པ་ཀུན་བློ་གཅིག་ལ་ཅིག་ཅར་འཆར་བས་དེའི་ཚེ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་བྱ་བ་མིང་དོན་དང་ལྡན་ལ། དེ་ཡང་རང་དང་རྗེས་སུ་མཐུན་པའི་རྣལ་འབྱོར་བསྒོམས་པ་ལས་རྙེད་པས་སྔོན་གྱི་སྒོམ་པ་དག་ལ་ཡང་རྣམ་ཀུན་གྱི་ཐ་སྙད་འཇུག་གི་ཞེས་དགོངས་ནས་སློབ་དཔོན་གྱི་སྡུད་འགྲེལ་དུ། ས་བརྒྱད་པ་ནས་རྣམ་ཀུན་མངོན་པར་རྫོགས་པར་རྟོགས་པ་བཞག་པར་མཛད་པ་དང་། རྒྱུད་བླ་འགྲེལ་ཆེན་དུ་ཡང་། བྱང་སེམས་ས་བརྒྱད་པ་བ་མངོན་པར་རྫོགས་པར་སངས་རྒྱས་པར་བཞག་པ་དེ་ཡང་དེ་ལ་དགོངས་སོ། །མཚན་ཉིད་བཞི་ལས། དང་པོ་རྣམ་པ་ཐམས་ཅད་མཁྱེན་པའི་སྦྱོར་བ་དག་མཚོན་པར་བྱེད་པས་ཤེས་པའི་མཚན་ཉིད་ཅེས་བཞག་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབྱེ་བས་ཐ་དད་པ་ལས་དང་པོ་ཐམས་ཅད་ཤེས་པའི་དབང་དུ་བྱས་པ་བཅུ་དྲུག་སྟེ། དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་དང་། འཇིག་རྟེན་འཇིག་པ་མེད་པའི་བདག་ཉིད་ཤེས་པ་དང་། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཤེས་པ་དང་། སེམས་དེ་བསྡུས་པ་ཤེས་པ་དང་། སེམས་ཕྱིར་བལྟས་པ་གཡེང་བ་ཤེས་པ་དང་། སེམས་མི་བཟད་པ་ཡི་རྣམ་པ་ཤེས་པ་དང་། སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་ཤེས་པ་དང་། སོགས་པའི་སྒྲས་སེམས་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཤེས་པ་དང་། སེམས་རྒྱ་ཆེན་པོ་ཤེས་པ་དང་། སེམས་ཆེན་པོར་གྱུར་པ་ཤེས་པ་དང་། སེམས་ཚད་མེད་པ་ཤེས་པ་དང་། རྣམ་ཤེས་བསྟན་དུ་མེད་པ་ཤེས་པ་དང་། སེམས་ལྟར་མེད་པར་ཤེས་པ་དང་། ཤེས་པ་དེ་གཡོ་བ་ལ་སོགས་པ་ཞེས་བྱ་བ་དང་། དེ་ལས་གཞན་པ་གཡོ་བ་ལ་སོགས་པ་དེ་དག་ནི། དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པ་དང་། ཐུབ་པས་དེ་བཞིན་ཉིད་རྟོགས་པ་དེ་གཞན་ལ་བསྟན་པ་ཞེས་བྱ་བ་འདི་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཀྱི་སྦྱོར་བ་རྣམས་ཇི་ལྟ་བར་མཚོན་པར་བྱེད་པའི་ཤེས་པའི་མཚན་ཉིད་བསྡུས་པ་ཡིན་ནོ། །གཉིས་པ་ལམ་ཤེས་པ་ཉིད་ཀྱི་སྒོ་ནས། སྟོང་པ་ཉིད་ཤེས་པ་དང་། མཚན་མ་མེད་པ་དང་བཅས་པ་དང་། སྨོན་པ་རྣམ་པར་སྤངས་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། སོགས་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། དངོས་པོ་མེད་པ་དང་། ངོ་བོ་ཉིད་མེད་པ་དང་། རྟེན་མེད་པ་དང་། ནམ་མཁའི་མཚན་ཉིད་དང་། ཆོས་ཉིད་རྣམ་པར་འཁྲུག་པ་མེད་པ་དང་། འདུ་མི་བྱེད་པ་དང་། རྣམ་པར་མི་རྟོག་པ་དང་། རབ་ཏུ་དབྱེ་བ་དང་། མཚན་ཉིད་མེད་པ་ཤེས་པ་ཉིད་དེ་བཅུ་དྲུག་ལ་ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི་སྦྱོར་བ་དག་མཚོན་པར་བྱེད་པའི་ཤེས་པའི་མཚན་ཉིད་ཡིན་པར་བཞེད་དོ། །གསུམ་པ་རྣམ་མཁྱེན་གྱི་སྒོ་ནས། དེ་བཞིན་གཤེགས་པ་དེ་ནི་དེ་བཞིན་ཉིད་ཀྱི་ཆོས་ལ་མངོན་པར་བརྟེན་ནས་གནས་པར་བྱ་བ་དང་། གུས་པར་བྱ་བ་དང་། བླ་མ་བྱ་བ་ཉིད་དང་། མཉེས་པ་བྱ་བ་དང་། དེ་ལ་མཆོད་པ་དང་། བྱེད་པ་མེད་པ་ཉིད་དང་། ཀུན་ཏུ་འཇུག་པ་མཁྱེན་པ་གང་ཡིན་པ་དང་། མ་མཐོང་བའི་དོན་སྟོན་པར་མཛད་པ་དང་། འཇིག་རྟེན་སྟོང་པ་ཉིད་ཀྱི་རྣམ་པ་དང་། འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པ་དང་། འཇིག་རྟེན་སྟོང་པ་ཉིད་དུ་ཤེས་པར་མཛད་པ་དང་། འཇིག་རྟེན་སྟོང་པ་ཉིད་དུ་མངོན་སུམ་དུ་མཛད་པ་དང་། བསམ་གྱིས་མི་ཁྱབ་པ་ཉིད་དུ་རྟོག་པ་དང་། ཞི་བ་ཉིད་དུ་སྟོན་པ་དང་། འཇིག་རྟེན་འགོག་པ་དང་། འདུ་ཤེས་འགོག་པ་བཅུ་དྲུག་ལ། རྣམ་པ་ཀུན་མཁྱེན་པ་ཉིད་ཀྱིས་ཐུན་མོང་མ་ཡིན་པའི་ཚུལ་ལ་ནི་སྦྱོར་བ་དག་མཚོན་པར་བྱེད་པས་ན་ཤེས་པའི་མཚན་ཉིད་ཅེས་བཤད་དོ། །གཉིས་པ་དེ་དག་སྤྱིའི་ངོ་བོ་ཉིད་དུ་བརྗོད་ནས་ཤེས་པའི་རྣམ་པས་ཡོངས་སུ་དཔྱད་པ་རྣམས་ཀྱི་ཁྱད་པར་ཤེས་པར་བྱ་བའི་ཕྱིར་དེའི་འོག་ཏུ་ཁྱད་པར་ཀྱི་མཚན་ཉིད་བསྟན་པ། བདེན་པའི་སྤྱོད་ཡུལ་ཅན་ནི་འཕགས་པའི་བདེན་པ་བཞིའི་ཡུལ་འཇལ་པའོ། །ཁྱད་ཞུགས་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་ལས་ཁྱད་པར་དུ་འཕགས་པའོ། །ཁྱད་པར་གྱི་ཆོས་གང་གི་ཞེ་ན་བསམ་གྱིས་མི་ཁྱབ་པ་སོགས་ཀྱིས་ཁྱད་པར་གྱིས་སོ། །གང་ཁྱད་པར་དུ་གྱུར་ན་བཟོད་ཤེས་སྐད་ཅིག་མ་ནི་བཅུ་དྲུག་གིས་ཕྱེ་བ་དག་གོ །དེས་ལམ་ཤེས་པ་ལ་སོགས་སྦྱོར་བའི་ཁྱད་པར་ཅན་དུ་མཚོན་པས་ན་ཁྱད་པར་གྱི་མཚན་ཉིད་དུ་བཤད་པ་ཡིན་ནོ། །ཁྱད་པར་དུ་བྱེད་ཆོས་གང་གིས་སྐད་ཅིག་མ་གང་ཁྱད་པར་བྱས་པ་ཞེ་ན། སྐད་ཅིག་མ་བཅུ་དྲུག་མཐར་ཆགས་སུ་སྦྱར་རྒྱུ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པས་ལེགས་པར་ཡོངས་སུ་གཟུང་པའི་ཤེས་རབ་ཀྱི་སྟོབས་ཀྱིས་བསམ་གྱིས་མི་ཁྱབ་པ་ཉིད་དང་། མི་མཉམ་པ་ཉིད་དང་། གཞལ་བ་ལས་ཡང་དག་པར་འདས་པ་དང་། བགྲང་བ་ལས་ཡང་དག་པར་འདས་པ་དང་། འཕགས་པའི་གང་ཟག་ཀུན་སྡུད་པ་དང་། སྐྱེས་བུ་མཁས་པ་ཡིས་རིག་པར་བྱ་བ་དང་། ཉན་ཐོས་ལ་སོགས་པ་ལས་ཐུན་མོང་མིན་པའི་དངོས་པོ་ཡོངས་སུ་ཤེས་པ་ཉིད་དང་། རང་གི་ལུགས་ལ་ལྟོས་པའི་མངོན་པར་ཤེས་པ་ཤིན་ཏུ་མྱུར་བ་དང་། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་ལྟོས་པའི་ཆོས་ཐམས་ཅད་བྲི་བ་མེད་པ་དང་། གང་བ་མེད་པའི་ངོ་བོ་དང་། འཁོར་གསུམ་རྣམ་པར་དག་པས་སྦྱིན་སོགས་ཕར་ཕྱིན་དྲུག་རབ་ཏུ་བསྒྲུབ་པ་དང་། ཡང་དག་པར་སྦྱོར་བས་བསྐལ་པ་དུ་མར་བསྒྲུབས་པའི་བསོད་ནམས་དང་ཡེ་ཤེས་ཡང་དག་པར་འགྲུབ་པ་དང་། རྣམ་པར་མི་རྟོག་པས་ཆོས་ཐམས་ཅད་ལ་དམིགས་པ་དང་། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་བྱང་ཆུབ་སེམས་དཔའི་རྟེན་དང་བཅས་པ་དང་། སྨོན་ལམ་ལ་སོགས་པའི་ཕར་ཕྱིན་ཡོངས་སུ་རྫོགས་པ་རྒྱུའི་ཚོགས་མཐའ་དག་པ་དང་། དགེ་བའི་བཤེས་གཉེན་གྱི་ཐབས་ཀྱིས་ཡོངས་སུ་འཛིན་པ་དང་། མངོན་པར་ཞེན་པའི་རོ་མྱང་བ་མེད་པ་དང་། ཁྱད་པར་ནི་བཅུ་དྲུག་གི་བདག་ཉིད་ཀྱིས་ཤེས་པར་བྱ་སྟེ། གང་གི་ལམ་ནི་གཞན་ཉན་རང་དག་ལས་ཁྱད་པར་དུ་འཕགས་པས་ཁྱད་པར་གྱི་ལམ་དུ་བརྗོད་དོ། །གསུམ་པ་ཁྱད་པར་གྱི་མཚན་ཉིད་རྣམས་ཀྱི་བྱེད་པ་གང་ཡིན་ཞེ་ན། མ་འོངས་པའི་ཕན་པ་དང་། ཚེ་འདིའི་བདེ་བ་དང་། རྣམ་པར་སྨིན་པ་མེད་པའི་ཆོས་ལ་འཇོག་པ་སྐྱོབ་པའི་བྱེད་པ་དང་། གཏན་དུ་ཕན་པར་ཞུགས་པ་མི་ལ་སོགས་པ་རྣམས་ཀྱི་ནི་སྐྱབས་ཀྱི་བྱེད་པ་དག་དང་། སྡུག་བསྔལ་གྱི་རྒྱུ་བཟློག་པ་གནས་ཀྱི་བྱེད་པ་དང་། འཁོར་འདས་མཉམ་ཉིད་དུ་སྒྲུབ་པ་དཔུང་གཉེན་གྱི་བྱེད་པ་དང་། རང་དང་གཞན་གྱི་དོན་རྟོགས་པའི་རྟེན་གྱི་ངོ་བོ་གྱུར་པའི་གླིང་གི་བྱེད་པ་དང་ནི། གཞན་གྱི་དོན་སྒྲུབ་པ་ལ་འཇུག་པ་ཡོངས་སུ་འདྲེན་པ་ཞེས་བྱ་བའི་བྱེད་པ་དང་། སེམས་ཅན་གྱི་དོན་ལ་ལྷུན་གྱིས་གྲུབ་པར་འཇུག་པ་ལྷུན་གྱིས་གྲུབ་པའི་བྱེད་པ་དང་། ཐེག་པ་གསུམ་གྱིས་ངེས་པར་འབྱུང་ཞིང་དེའི་འབྲས་བུ་མངོན་སུམ་མི་བྱེད་པའི་སྦྱོར་བ་དག་དང་། ཐ་མ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྟོན་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་རྟེན་གྱི་དོན་དུ་མཛད་པ་སྟེ་བཅུ་གཅིག་འདི་ནི་སྦྱོར་བ་མཚོན་པའི་བྱེད་པའི་མཚན་ཉིད་ཡིན་ནོ། །བཞི་པ་བྱེད་པོའི་མཚན་ཉིད་ཀྱིས་ཤེས་པར་བྱས་པའི་ངོ་བོ་ཉིད་གང་ཡིན་ཞེ་ན། འདོད་ཆགས་པའི་ཉོན་མོངས་པ་ལས་དབེན་པའི་ངོ་བོ་ཉིད་དང་། དེའི་རྟགས་ལུས་ཀྱི་གནས་ངན་ལེན་ལས་དབེན་པ་དང་། དེའི་མཚན་མ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་དབེན་པ་ཉིད་དང་། འདོད་ཆགས་སོགས་མི་མཐུན་ཕྱོགས་དང་གཉེན་པོ་སྟོང་པ་ཉིད་ཀྱིས་ཐམས་ཅད་ཤེས་པ་ཉིད་དག་གིས་དབེན་པ་དང་། དོན་དམ་པར་མེད་པའི་སེམས་ཅན་མྱ་ངན་ལས་བཟླ་བར་དཀའ་བ་དང་། ཐེག་པ་གཞན་དུ་མི་ལྟུང་བའི་མཚན་ཉིད་མཐའ་གཅིག་ཏུ་ངེས་པ་ཉིད་དང་། ཡུན་རིང་པོ་ནས་གྲུབ་པར་བྱ་བ་མཆོག་ཉིད་ཀྱི་ཆེད་དུ་བྱ་བ་དང་། སྒོམ་པ་དང་སྒོམ་པ་པོའི་ཆོས་མི་དམིགས་པ་དང་། དངོས་པོར་མངོན་པར་ཞེན་པ་མཐའ་དག་འགག་པ་དང་། གཞི་ཤེས་ལམ་ཤེས་ཀྱིས་བསྡུས་པའི་དངོས་པོའི་ཁྱད་པར་ལ་དམིགས་པ་ཞེས་བྱ་བ་གང་ཡིན་པ་དང་། འཇིག་རྟེན་གྱིས་བསྡུས་པའི་འཛིན་པ་ལ་སོགས་པ་ལས་བཟློག་པ་བསྟན་པས་མི་མཐུན་པ་དང་། གཟུགས་ལ་སོགས་པ་ཐོགས་པ་མེད་པར་ཤེས་པ་དང་། དེ་ཤེས་བྱ་དང་ཤེས་བྱེད་མཉམ་པ་ཉིད་ཀྱིས་གཞི་མེད་པ་དང་། དེ་བཞིན་ཉིད་ཀྱི་འགྲོ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། དེ་བཞིན་ཉིད་ནི་མི་དམིགས་པ་དང་ངོ་བོ་ཉིད་བཅུ་དྲུག་གི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་མཚོན་བྱ་ལྟ་བུར་མཚོན་པས་ན་ངོ་བོ་ཉིད་ཀྱི་མཚན་ཉིད་བཞི་པར་བཞེད་པ་ཡིན་ནོ། །དྲུག་པ་ཐར་པ་ཆ་མཐུན་ནི། ཐར་པའི་ཆ་མཐུན་གྱི་དགེ་བའི་རྩ་བ་དང་ལྡན་པ་ལ་ཇི་སྐད་བཤད་པའི་སྦྱོར་བ་ཡོངས་སུ་ཤེས་པ་འབྱུང་བས་དེ་བཤད་པ། མཚན་མ་མེད་པར་དམིགས་པའི་ཤེས་རབ་ཀྱི་རྣམ་པས་རབ་ཏུ་སྦྱིན་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་རང་གི་རྒྱུད་ལ་སྐྱེ་བས་ཡང་དག་པར་བསྒྲུབ་པ་ལ་མཁས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མངོན་པར་རྟོགས་པ་འདི་ལ་ཐར་པའི་ཆ་དང་མཐུན་པར་འདོད་དེ། གཞན་ཤེས་རབ་དང་ཐབས་མཁས་དང་བྲལ་བ་ཉན་རང་གིར་འགྱུར་རོ། །མཁས་པ་ཞེས་བྱ་བའི་དོན་ཡང་། སངས་རྒྱས་ལ་སོགས་པའི་ཡུལ་ལ་དམིགས་པའི་དད་པ་དང་། སྦྱིན་པ་ལ་སོགས་པ་སྤྱོད་ཡུལ་ལ་བརྩོན་འགྲུས་དང་། དགེ་བ་འདོད་པ་ཉིད་ལ་སོགས་པའི་བསམ་པ་ཕུན་སུམ་ཚོགས་པ་ལ་དྲན་པ་དང་། ལས་དང་བྱེད་པ་པོ་དང་བྱ་བ་མ་དམིགས་པའི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་། ཐེག་ཆེན་གྱི་བསྟན་པ་ལ་འཇུག་པའི་རྒྱུར་གྱུར་པའི་ཆོས་རྣམས་རྣམ་པ་ཐམས་ཅད་དུ་ཤེས་པའི་ཐོས་བསམ་གྱི་རང་བཞིན་ཅན་གྱི་ཤེས་རབ་དང་རྣམ་ལྔ་ཉེ་བར་བསྒྲུབ་པར་བྱའོ། །དད་སོགས་དེ་དག་ལ་དབང་པོའི་དོན་མེད་པས་ན་དབང་པོ་མ་ཡིན་པའི་ངོ་བོ། དེ་ཡང་རྫོགས་པའི་བྱང་ཆུབ་དད་པ་ལ་སོགས་པ་ཆེན་པོ་ཡོད་པ་དབང་པོ་རྣོན་པོ་ཡིས་རྟོགས་པར་སླ་ལ། དེའི་རྟགས་སེམས་མི་འགོང་མི་ཞུམ་ཕྱིར་ཕྱོགས་པར་མི་འགྱུར་བས་དེ་ཡང་ཆུང་ངུ་འབྲིང་ཆེན་པོར་རིམ་པ་བཞིན་བཞག་གོ །དད་པ་ཉིད་ཆུང་ངུ་དབང་པོ་རཏལ་པོས་དང་། དབང་པོ་འབྲིང་གིས་རྟོགས་དཀར་བཞེད་དོ། །བདུན་པ་ངེས་འབྱེད་ཆ་མཐུན་ནི། ཐར་པའི་ཆ་དང་མཐུན་པ་སྐྱེས་པའི་སྤྲོ་བ་ཅན་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེ་བས་དེ་བཤད་པ། དྲོ་བ་རྣམས་ཀྱི་དམིགས་པ་རྣམ་ཀུན་གྱི་སྐབས་འདིར་སེམས་ཅན་ཐམས་ཅད་ཡིན་པར་བསྔགས་ཏེ། དེ་དག་ཉིད་ལ་སེམས་མཉམ་པ་དང་། སོགས་པ་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། ཁོང་ཁྲོ་བ་མེད་པའི་སེམས་དང་། རྣམ་པར་འཚེ་བའམ་མཐོ་འཚམ་པ་མེད་པའི་སེམས་ཏེ་ལྔ་དང་། ཕ་དང་མའི་སེམས་དང་། སྤུན་ཟླ་དང་སྲིང་མོའི་སེམས་དང་། བུ་དང་བུ་མོའི་སེམས་དང་། བཤེས་དང་གྲོགས་ཀྱི་སེམས་དང་། གཉེན་དང་སྣག་གི་གཉེན་མཚམས་ཀྱི་སེམས་ཀྱི་རྣམ་པ་དག་ནི་བཅུར་བཤད་དོ། །རྣམ་པ་དེས་སེམས་ཅན་རྣམས་ལ་དམིགས་པས་དྲོད་དུ་གཏོགས་པའི་དགེ་རྩ་ཐོབ་པས་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཞེས་བྱའོ། །དེ་ནས་བདག་ཉིད་སྡིག་པ་ཐམས་ཅད་ལས་བཟློག་ཅིང་སྦྱིན་པ་ལ་སོགས་པ་བསྒྲུབ་པ་ལ་གནས་པས་གཞན་དེ་དག་ལ་ནི་འགོད་པ་དང་ཞུགས་པ་ལ་བསྔགས་པ་བརྗོད་པ་དང་། མཐུན་པ་དགའ་བར་བྱེད་པ་ཉིད་རྣམས་ཀྱི་དམིགས་པ་ན་རྩེ་མོར་གྱུར་བ་སྐྱེའོ། །རྩེ་མོའི་སྐབས་སུ་བདག་གཞན་ལ་བརྟེན་པའི་དམིགས་པ་དང་རྣམ་པའི་དབྱེ་བ་བཤད་པ་དེ་བཞིན། བཟོད་པ་འདི་ཡང་ནི་རང་གཞན་གྱི་རྟེན་ཅན་ཏེ། སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་དང་། འབྲས་བུ་དང་པོ་ལ་སོགས་པ་དང་། རབ་ཏུ་དགའ་བ་ལ་སོགས་པའི་ས་བདག་ཉིད་ཀྱིས་ཡོངས་སུ་ཤེས་པ་བྱེད་ཅིང་། གཞན་དག་ཀྱང་དེ་ཉིད་ལ་ཡང་དག་པར་བསྐུལ་བ་ལ་སོགས་པའི་རྣམ་པ་རྣམས་ཀྱི་དམིགས་པས་སོ། །ཆོས་མཆོག་སྔ་མ་དེ་བཞིན་དུ་བདག་ཉིད་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་སོགས་ཀྱིས་སྒྲིབ་པ་མེད་པའི་ཚུལ་དང་དམ་པའི་ཆོས་གནས་པའི་ཚུལ་ལ་གནས་པ་ཤེས་པར་བྱ་བས་གཞན་རྣམས་ཀྱང་དེ་ལ་ཡང་དག་པར་བསྐུལ་བའི་རྣམ་པ་དམིགས་པས་སོ། །ངེས་འབྱེད་འདི་དག་ཀྱང་ཆུང་འབྲིང་ཆེན་པོ་སྟེ། དྲོད་ཆུང་ངུ་ནི་སེམས་མཉམ་པ་དང་། བྱམས་པ་ཚེ་དེ་ཉིད་ལ་གཞན་ལ་མཐོ་མི་འཚམ་པས་སོ། །འབྲིང་ཕན་སོགས་གསུམ་སྟེ། ཕྱི་མ་ལ་གཞན་དོན་བསམ་པ་ཉིད་ཀྱིས་སོ། །ཆེན་པོ་ཕ་མར་འཛིན་པ་སོགས་ཏེ་འདི་ཕྱི་གཉིས་ཀར་གཞན་དོན་བསྒྲུབ་འདོད་པས་སོ། །རྩེ་མོ་སྡིག་པ་ལས་བཟློག་པར། བདག་གཞན་སྦྱོར་བ་ཆུང་ངུ་སྡུག་བསྔལ་གྱི་རྒྱུ་ལས་བཟློག་འདོད་པའོ། །འབྲིང་སྦྱིན་སོགས་ལ་སྦྱོར་བ་བདེ་བའི་རྒྱུ་ལ་སྦྱོར་འདོད་པའོ། །ཆེན་པོ་ཞུགས་པ་ལ་བསྔགས་པ་སོགས། གཞན་དག་སྡུག་བསྔལ་དང་བདེ་བར་ཕྱིན་ཅི་ལོག་པ་སྤོང་བར་འདོད་པས་སོ། །བཟོད་པ་བདེན་ཤེས་ཆུང་ངུ་སྟེ་འཕགས་པའི་བདེན་པ་ལ་ངེས་པར་སྦྱོར་འདོད་པས་སོ། །འབྲས་བུ་དང་པོ་སོགས་འབྲིང་གཞན་དག་འབྲས་བུ་བཞི་ལ་སྦྱོར་འདོད་པས་སོ། །ས་རབ་དགའ་སོགས་ཆེན་པོ་སྟེ། སངས་རྒྱས་ཉིད་ལ་སྦྱོར་འདོད་པས་སོ། །ཆོས་མཆོག་ཆུང་ངུ་སེམས་ཅན་སྨིན་པ་སྟེ། ཐེག་པ་གསུམ་གྱིས་དེ་ཡོངས་སུ་སྨིན་འདོད་པས་སོ། །འབྲིང་ནི་སྒྲིབ་མེད་དེ་ཁྱད་པར་དུ་བྱང་སེམས་ཀྱི་ལམ་ལ་སྦྱོར་འདོད་པས་སོ། །ཆེན་པོ་ནི་ཆོས་གནས་པ་སྟེ་གཞན་དག་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རབ་ཀྱི་མཐར་ཐུག་པ་ལ་འཇོག་པར་འདོད་པ་ཉིད་ཀྱིས་སོ། །མངོན་པར་རྟོགས་པ་རེ་རེར་ལམ་ཐམས་ཅད་བཤད་པ་ཡང་རྟོགས་པ་རིམ་གྱིས་སྐྱེ་བ་དང་རིགས་ཀྱི་བྱ་བའི་ནུས་པ་སྟོན་པའི་ཕྱིར་ཡིན་ནོ། །བརྒྱད་པ་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ནི། ངེས་པར་འབྱེད་པའི་ཡན་ལག་ནས་བཟུང་སྟེ་མཐོང་བའི་ལམ་དང་སྒོམ་པའི་ལམ་དང་དེ་དག་ལ་རྟོགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་གང་དག་གནས་པ་ནི་དེ་འདིར་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཏེ་དགེ་འདུན་ཡིན་ནོ། །དེ་དག་རྣམས་ཀྱི་མཚན་ཉིད་མ་འདྲེས་པ་གང་ཡིན་ཞེ་ན། གཟུགས་ལ་སོགས་ལས་ལྡོག་པ་ལ་སོགས་པའི་རྟགས། རྣམ་པ་ཉི་ཤུར་བརྗོད་པ་ཡི། །ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་དོ། །ཉི་ཤུ་འདི་དག་སྟེ། ངོ་བོ་ཉིད་མེད་པས་གཟུགས་ལ་སོགས་པའི་ཆོས་ལ་བཟློག་པ་དང་། ཐེ་ཚོམ་ཟད་པ་དང་། སྨོན་ལམ་གྲུབ་པས་མི་དལ་བ་སྟེ་མི་ཁོམ་པ་བརྒྱད་ཟད་པ་དང་། སྙིང་རྗེས་བདག་ཉིད་དགེ་བ་ལ་གནས་ཤིང་གཞན་དག་དེ་ལ་འགོད་པ་དང་། བདག་གཞན་བརྗེ་བ་ཉིད་ཀྱིས་སེམས་ཅན་གཞན་གྱི་རྟེན་ཅན་ནམ་ཡུལ་ལ་ཡོངས་སུ་བསྔོས་པའི་སྦྱིན་སོགས་དང་། ཆོས་ཡང་དག་པར་རྟོགས་པས་ཟབ་མོའི་དོན་ལ་སོམ་ཉི་མེད་པ་དང་གཞན་ལ་ཕན་པ་ཉིད་དུ་ཞུགས་པས་བྱམས་པའི་ལུས། སོགས་པ་ངག་ཡིད་ཀྱི་ལས་དང་། སྦྱོར་བ་ཕུན་སུམ་ཚོགས་པས་བསམ་གཏན་གྱིས་སྒྲིབ་པ་ནི་རྣམ་པ་ལྔ་དང་མི་འགྲོགས་པ་དང་། གཉེན་པོ་རྣམ་པར་བསྒོམ་པ་ཉིད་ཀྱིས་མ་རིག་པ་ལ་སོགས་པའི་བག་ལ་ཉལ་ཀུན་འཇོམས་པ་དང་། རྟག་ཏུ་མཉམ་པར་བཞག་པ་ཉིད་ཀྱིས་དྲན་པ་དང་ནི་ཤེས་བཞིན་དང་ལྡན་པ་དང་། གཙང་སྦྲ་ཀུན་ཏུ་སྤྱོད་པས་གོས་ལ་སོགས་པ་གཙང་བ་དང་། དགེ་བའི་རྩ་བ་འཇིག་རྟེན་ལས་མངོན་པར་འཕགས་པ་ཉིད་ཀྱིས་ལུས་ལ་སྲིན་བུ་བརྒྱད་ཁྲི་རྣམས་མི་འབྱུང་བ་དང་། དགེ་བའི་རྩ་བ་རྣམས་དག་པས་གྱ་གྱུ་མེད་པའི་སེམས་དང་། རྙེད་བཀུར་ལ་མི་ལྟ་བས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་ལེན་པ་དང་། སྦྱིན་སོགས་ཁྱད་པར་དུ་སྒྲུབ་པས་དེ་དང་འགལ་བ་སེར་སྣ་མེད་པ་སོགས་དང་། འཆལ་པའི་ཚུལ་ཁྲིམས་སོགས་མེད་པ་དང་། ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ཉིད་ཀྱིས་ཆོས་ཉིད་དང་མི་འགལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་འགྲོ་བ་ཉིད་དང་། འགྲོ་བ་བདག་གིར་བྱས་པས་སེམས་ཅན་གྱི་དོན་དུ་དམྱལ་བ་འཚོལ་བར་འདོད་པ་དང་། རྟོགས་པ་ལ་ཡིད་ཆེས་པའི་དོན་གྱིས་གཞན་གྱི་བཀྲི་བར་མི་བཏུབ་པ་དང་། སངས་རྒྱས་ཉིད་ཀྱི་ཐབས་ཤེས་པ་ལ་མཁས་པས་ལམ་གཞན་ཏེ་ལམ་ལྟར་བཅོས་པ་ཉེ་བར་སྟོན་པའི་བདུད་ལ་བདུད་ཅེས་བྱ་བར་རྟོགས་པ་དང་། འཁོར་གསུམ་རྣམ་པར་དག་པས་སངས་རྒྱས་དགྱེས་པའི་སྤྱོད་པ་ཅན་ཏེ། རྟགས་ནི་ཉི་ཤུ་པོ་དེ་དག་གིས། དང་པོ་བཅུ་གཅིག་དྲོད་དང་། དེ་ནས་དྲུག་རྩེ་མོ་དང་། དེ་ནས་གཉིས་བཟོད་པ་དང་བཅས་པ་དང་། ལྷག་མ་གཅིག་པུ་ཆོས་མཆོག་རྣམས་ལ་གནས་པ་ནི་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་སོ། །མཐོང་པའི་ལམ་ལ་གནས་པ་བཟོད་པ་དང་ཤེས་པའི་སྐད་ཅིག་བཅུ་དྲུག་གི་རྣམ་པ་ནི་བྱང་ཆུབ་སེམས་དཔའ་མི་ལྡོག་པའི་མཚན་ཉིད་ཡིན་པར་ཤེས་པར་བྱའོ། །རྣམ་པ་གང་ཞེ་ན། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་གཟུགས་སོགས་ཆོས་སུ་འདུ་ཤེས་པ་ལས་ལྡོག་པ་དང་། སངས་རྒྱས་ལ་སོགས་པས་བྱིན་གྱིས་བརླབས་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བརྟན་པ་དང་། ཐེག་ཆེན་གྱི་ཆོས་ཁྱད་པར་དུ་བསྒྲུབས་པས་ཐེག་པ་དམན་པ་དག་ལས་སེམས་རྣམ་པར་ལོག་པ་དང་། ཆོས་རབ་ཏུ་འབྱེད་པའི་མཐུས་བསམ་གཏན་ལ་སོགས་པ་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པར་སྐྱེ་བའི་ཡན་ལག་ཡོངས་སུ་ཟད་པ་དང་བཞི་སྡུག་བདེན་གྱི་རྣམ་པའོ། །མི་དགེ་བ་དང་བྲལ་བ་ཉིད་ཀྱིས་ལུས་སེམས་ཡང་བ་ཉིད་དང་ནི། སེམས་ཅན་འདུལ་བའི་ཐབས་ལ་མཁས་པའི་མཐུས་མངོན་པར་ཞེན་པ་མེད་པར་འདོད་པ་ལ་སྤྱོད་པ་ལ་ཐབས་ལ་མཁས་པ་དང་། ཡུལ་གྱི་ཉེས་དམིགས་མཐོང་བས་རྟག་ཏུ་ཚངས་པར་སྤྱོད་པ་ཉིད་དང་། སྐྱེས་བུ་དམ་པའི་ཆོས་ཉིད་ཀྱི་འཚོ་བའི་ཡོ་བྱད་ཡང་དག་པར་རྣམ་པར་དག་པ་ཉིད་དང་། བཞི་ཀུན་འབྱུང་གི་རྣམ་པའོ། །སྟོང་པ་ཉིད་ལ་གནས་པས་ཕུང་པོ་སོགས་པ་ཁམས་སྐྱེ་མཆེད་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་དང་། མི་མཐུན་ཕྱོགས་བསལ་བ་ཉིད་ཀྱིས་བར་ཆད་བྱེད་པའི་ཆོས་རྣམས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་དང་། རྣམ་པར་རྟོག་པའི་སྐྱོན་ཡོངས་སུ་ཤེས་པ་ཉིད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་སྦྱིན་སོགས་ཚོགས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་དང་། གཟུང་འཛིན་སྤང་བར་བྱ་བས་དབང་པོ་སོགས་དང་བཅས་པ་ཡི་རྟེན་གྲོང་ཁྱེར་ལ་སོགས་པའི་གཡུལ་འགྱེད་པ་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་བཞི་འགོག་བདེན་གྱི་རྣམ་པའོ། །སྦྱིན་སོགས་ཁྱད་པར་རྟོགས་པས་སེར་སྣ་ལ་སོགས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བ་ཡི་གནས་པ་སོ་སོར་བཀག་པ་དང་། ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་ཡིན་པས་རྟོགས་པའི་ཆོས་ནི་རྡུལ་ཙམ་ཡང་མི་དམིགས་པ་ཉིད་དང་། མངོན་པར་ཡིད་ཆེས་པ་ཐོབ་པས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཀྱི་རང་གི་ས་གསུམ་ལ་ཇི་ལྟ་བ་བཞིན་དུ་ངེས་པ་ཉིད་ཀྱིས་གསུམ་ལ་ནི་གནས་པ་དང་། གཅིག་ཏུ་གཞོལ་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་ཀྱི་དོན་དུ་སྲོག་གཏོང་བ་བཞི་ལམ་གྱི་རྣམ་པ་སྟེ། དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན་ནོ་སྟེ། སྐད་ཅིག་མ་རྣམས་ཐོབ་ན། དག་པ་འཇིག་རྟེན་པར་གཟུང་བ་དང་འཛིན་པའི་རྣམ་པ་ཅན་རྗེས་ཀྱི་སེམས་ཀྱིས་བསྡུས་པའི་རང་རང་དང་མཐུན་པའི་གཟུགས་ལ་སོགས་པའི་འདུ་ཤེས་བཟློག་པ་ལ་སོགས་པ་སྐྱེ་བའི་ཕྱིར་རོ། །དེའི་འོག་ཏུ་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་བཟློག་པའི་རྟགས་བརྗོད་པ། དེ་ཡང་ཁྱད་པར་མ་བཟུང་བར་ཁྱད་པར་ཅན་གྱི་བློ་མི་སྐྱེའོ་ཞེས་འབྱུང་བས་ཁྱད་པར་བཤད་པ། བསྒོམ་པའི་ལམ་ནི་ཟབ་པ་ཡིན་ཏེ། ཟབ་མོ་ཞེས་བྱ་བའི་གནས་ནི་སྟོང་པ་ཉིད་ལ་སོགས་པ་ཡིན་ལ་དེ་དང་ལྡན་པའི་ཕྱིར་རོ། །ཇི་ལྟར་སྟོང་པ་ཉིད་སོགས་ཟབ་པ་ཞེས་བྱ་ཞེ་ན། དེ་ནི་སྒྲོ་འདོགས་པ་དང་སྐུར་བའི་མཐའ་གཉིས་ལས་གྲོལ་བ་ཉིད་ཀྱིས་སོ། །སྟོང་པ་ཉིད་ལ་གཟུགས་མེད་པ་ལྟ་བུ་ནི་སྒྲོ་བཏགས་ལས་གྲོལ་བ་དང་། དེ་ལས་སྟོང་པ་ཉིད་གཞན་མ་ཡིན་པ་ལྟ་བུ་ནི་སྐུར་འདེབས་ལས་གྲོལ་བའོ། །དེའི་ཕྱིར་སྟོང་ཉིད་གོམས་པས་མྱ་ངན་ལས་འདས་པར་ཡང་བསྟན་ནོ། །ཁྱད་པར་དང་ལྡན་པའི་སྒོམ་པའི་ལམ་རང་གང་ཞེ་ན། ཡུལ་ངེས་འབྱེད་ཡན་ལག་དང་། མཐོང་བའི་ལམ་དང་སྒོམ་པའི་ལམ་ཉིད་ལ་ཐོས་པའི་རང་བཞིན་གྱི་ཤེས་རབ་ཀྱིས་ཡང་དང་ཡང་དུ་སེམས་པ་དང་། བསམ་པའི་རང་བཞིན་གྱིས་འཇལ་བ་དང་། བསྒོམ་པའི་རང་བཞིན་གྱིས་ངེས་པར་རྟོག་པའམ། ཡང་ན་ཏིང་ངེ་འཛིན་གྱི་སྦྱོར་བས་སེམས་པ། དངོས་གཞི་འཇལ་བ། རྗེས་ཀྱིས་ངེས་པར་རྟོག་པའི་སྒོམ་པའི་ལམ་དེ་ནི་རྒྱུན་ཆགས་པ་ཡིན་པའི་ཕྱིར། དེ་ཆུང་དང་འབྲིང་དང་ཆེན་པོ་རྣམས། ཆུང་ངུའི་ཆུང་ངུ་། ཆུང་ངུའི་འབྲིང་། ཆུང་ངུའི་ཆེན་པོ་སོགས་སུ་དབྱེ་བ་ཡིས། དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོའི་རྣམ་པས། འདོད་པའི་ཁམས་ལ་སོགས་པ་ས་དགུ་དག་ཏུ་ཉོན་མོངས་པ་ཆེན་པོ་སོགས་སྤོང་བའི་གཉེན་པོ་རྣམ་པ་དགུར་བཞེད་དོ། འདིར་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ནི་སྒོམ་སྤངས་ཀྱི་རྣམ་པར་རྟོག་པའོ། །དཔེར་ན་མུན་པ་ཤིན་ཏུ་ཆེ་བ་སྣང་བ་ཆུང་ངུས་སེལ་ལ། ཆུང་ངུ་ནི་ཆེན་པོས་སེལ་བའི་དཔེས་སོ། །མདོར་རྣམ་པར་རྟོག་པ་ཆུང་ངུ་གྲངས་ཡོད་པ། འབྲིང་གཞལ་དུ། ཆེན་པོ་ཚད་ཡོད་པ་བསྡུས་པ་ས་དགུ་ལ་དེའི་གཉེན་པོ་སྟོང་པ་ཉིད་ལ་གནས་པ་ཞེས་བསོད་ནམས་གྲངས་མེད་པ་དང་ལ་སོགས་པ་གཞལ་དུ་མེད་པ་དང་ཚད་མེད་པས་བསྡུས་པའི་དཔེ་རྣམ་པ་གསུམ་གྱིས་མཐར་ཕྱིན་པར་བྱེད་པའི་དོན་གྱིས་བསྟན་པ་རྣམས་སྒོམ་པའི་ལམ་དོན་གཅིག་ལ་རབ་ཏུ་སྦྱོར་བའི་ཕྱིར་ཡིན་པས་དམ་པའི་དོན་དུ་སྒོམ་པའི་ལམ་ལ་དབྱེ་བ་བཟོད་པ་མ་ཡིན་པ་དང་། ཀུན་རྫོབ་ཏུ་ནི་ལྡོག་པ་ལ་ལྟོས་ནས་ཐུགས་བརྩེ་བས་བཤད་པའི་ཆོས་ཀྱི་ངོ་བོ་ཉིད་ནི་བྱིས་པའི་སྐྱེ་བོ་རྣམས་ལ་འབྲས་བུ་ཆེན་པོ་སྐྱེ་བ་རབ་ཏུ་སྟོན་པ་ཉིད་ཀྱིས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པར་དེ་དག་གྱུར་པ་ཡིན་པར་ཐུབ་པ་བཞེད་དོ། །སྟོང་པ་ཉིད་ཀྱི་དངོས་པོ་བརྗོད་དུ་མེད་པ་ལ་ཉམས་པ་དང་ནི་འཕེལ་བར་མི་རུང་བས་བསྒོམ་པ་ཞེས་བྱ་བའི་ལམ་གྱིས་ནི་རྣམ་པར་རྟོག་པ་ཆེན་པོའི་ཆེན་པོ་སོགས་ཅི་ཞིག་ཉམས་ཤིང་དེའི་གཉེན་པོ་ཆུང་ངུའི་ཆུང་ངུ་སོགས་ཅི་ཞིག་ཐོབ་སྟེ། ཅུང་ཟད་ཀྱང་མི་བྱེད་པ་ཉིད་དོ་ཞེ་ན། དེ་ལྟར་མ་ཡིན་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སེམས་བསྐྱེད་པ་ཇི་ལྟ་བ་དེ་བཞིན་གློ་བུར་གྱི་དྲི་མ་དང་བྲལ་ཞིང་མངོན་དུ་བྱས་པའི་ལམ་དེ་བཞིན་ཉིད་ཀྱི་མཚན་ཉིད་འདི་ནི་ཀུན་རྫོབ་ཏུ་མངོན་པར་འདོད་པའི་དོན་སྒྲུབ་པའི་བྱ་བ་བྱེད་དོ། །བྱང་ཆུབ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་དེ་ཡང་བྱང་ཆུབ་དེ་ཡི་མཚན་ཉིད་ཅན་ཡིན་པར་བཞེད་པས་རྒྱུ་དང་འབྲས་བུ་དག་གི་འབྲས་བུ་དང་རྒྱུ་དག་ཕན་ཚུན་རང་བཞིན་རྗེས་སུ་བྱེད་པའི་ཕྱིར་ན་རྒྱུ་འབྲས་ཀྱི་འབྲེལ་བ་ཕྱིན་ཅི་མ་ལོག་པར་བརྗོད་དོ། །དེ་ལྟར་བྱས་ན་སེམས་བསྐྱེད་པ་ནི་སྔ་མས་བྱང་ཆུབ་པར་རིགས་པ་མིན་ལ་ཕྱི་མས་ཀྱང་མ་ཡིན། དང་པོ་དང་ཕྱི་མ་དག་ཕན་ཚུན་ཕྲད་པ་མེད་པའི་ཕྱིར་ཡང་བསྐལ་པ་གྲངས་མེད་པ་གསུམ་དུ་དགེ་བའི་རྩ་བ་བསགས་པ་མེད་ལ། དེ་མེད་པས་བྱང་ཆུབ་ཏུ་འཚང་རྒྱ་བར་ཡང་ཇི་ལྟར་འགྱུར་ཞེ་ན། འཇིག་རྟེན་ན་གྲགས་པ་མར་མེའི་སྙིང་པོ་མེ་ལྕེ་དང་ཕྲད་པའི་སྐད་ཅིག་དང་པོས་ཀྱང་སྐད་ཅིག་གཉིས་པ་ལ་མ་ལྟོས་པར་མ་བསྲེགས་ལ། གཉིས་པས་ཀྱང་དང་པོ་ལ་མ་བརྟེན་པར་མ་བསྲེགས་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་དེ་དག་ལ་བརྟེན་ནས་མར་མེའི་སྙིང་པོ་འཚིག་པར་འགྱུར་བའི་དཔེ་ཡི་ཚུལ་གྱིས་ནི་སེམས་བསྐྱེད་པ་དེའི་ཡུལ་དུ་གྱུར་པ་ས་བཅུ་ལ་སློབ་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཤེས་པར་བྱེད་པ་ཉིད་ཀྱིས་སེམས་བསྐྱེད་པ་དང་པོ་དང་ཕྱི་མ་དག་གིས་ཀྱང་མ་ཡིན་ལ། དེ་དག་ལ་མ་བརྟེན་པར་ཡང་མངོན་པར་རྫོགས་པ་བྱང་ཆུབ་པ་མ་ཡིན་ནོ། །ད་ནི་སྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་བྱང་སེམས་ཀྱི་རྟགས་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་བརྗོད་པའི་ཕྱིར་དེ་དག་གིས་ཀྱང་མ་ཡིན་ལ། དེ་དག་ལ་མ་བརྟེན་པར་ཡང་མངོན་པར་རྫོགས་པར་བྱང་ཆུབ་པ་མེད་པས་རྟེན་ཅིང་འབྲེལ་པར་འབྱུང་བར་བཞག་པ་ཉིད་ཀྱིས་སྐྱེ་བ་ཟབ་པ་དང་ནི། དངོས་པོ་ཐམས་ཅད་བྱུང་བའི་དུས་ཉིད་དུ་རང་བཞིན་གྱིས་མེད་ལ་དེ་མེད་པས་ཀུན་རྫོབ་ཏུ་འགག་པས་འགག་པ་ཟབ་པ་དང་། གནས་སྐབས་ཐམས་ཅད་དུ་དེ་བཞིན་ཉིད་གོམས་ཀྱང་མངོན་དུ་མི་བྱེད་པས་དེ་བཞིན་ཉིད་ཟབ་པ་དང་། དེ་བཞིན་ཉིད་ཀྱི་རང་བཞིན་གྱི་ཆོས་ཐམས་ཅད་ལ་སྦྱིན་སོགས་རྣམ་པ་དུ་མ་སྒྲུབ་པས་ཤེས་བྱ་ཟབ་པ་དང་། དེ་བཞིན་ཉིད་ངོ་བོ་ཉིད་ཀྱིས་མཐོང་རྒྱུ་མེད་པ་ལ་མཐོང་བ་ཞེས་བྱ་བས་ཤེས་པ་ཟབ་པ་དང་། ཆོས་ཐམས་ཅད་ལ་སྤྱོད་པ་མེད་པ་ཉིད་ཤེས་ནས་སྤྱོད་པས་སྤྱོད་པ་ཟབ་པ་དང་། གཉིས་སུ་མེད་པའི་ངོ་བོ་ཉིད་དུ་ཐམས་ཅད་སྒྲུབ་པས་གཉིས་སུ་མེད་པ་ཟབ་པ་དང་། ཚོགས་ཐམས་ཅད་ཡོངས་སུ་རྫོགས་པ་ལ་དེའི་འབྲས་བུ་སངས་རྒྱས་ཉིད་མི་ཐོབ་པ་ཞེས་བྱ་བ་ཐབས་ལ་མཁས་པ་ལ་ཟབ་པ་སྟེ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ཐོབ་པའི་སྒོ་ནས་འགལ་བར་སྣང་བ་ཐམས་ཅད་མི་འགལ་བར་སྒྲུབ་པས་ཟབ་པ་ཉིད་དོ། །དགུ་པ་མི་སློབ་པའི་དགེ་འདུན་སྲིད་པ་དང་ཞི་བ་མཉམ་པ་ཉིད་དུ་བསྒོམ་པ་ནི། སློབ་པའི་ཚོགས་ཀྱི་ཆོས་ཐོབ་པ་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་འབད་པས་སངས་རྒྱས་ཉིད་ཐོབ་པའི་རྒྱུ་མཚན། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དེ། འཁོར་བ་དང་རྣམ་བྱང་། མི་མཐུན་པ་དང་གཉེན་པོའི་ཆོས་རྣམས་རྨི་ལམ་འདྲ་བར་རྟོགས་པའི་ཕྱིར་སྲིད་པ་དང་ཞི་བར་རྣམ་པར་མི་རྟོག་པས་ན་མཉམ་པ་ཉིད་དོ། །རྨི་ལམ་དང་འདྲ་བ་ཡིན་ན་མི་དགེ་བ་དང་དགེ་བའི་ལས་གསོག་པ་མེད་པ་ལ་སོགས་གཉིད་མ་ལོག་པའི་གནས་སྐབས་ན་ཡང་གཉིད་ལོག་པའི་གནས་སྐབས་བཞིན་དུ་འགྱུར་བ་མ་ཡིན་ནམ་ཞེས་པའི་ཀླན་ཀ་ཡི་ལན་ནི། དོན་དམ་པར་ལས་མེད་པ་དང་། ཀུན་རྫོབ་ཏུ་རྨི་ལམ་ལྟ་བུ་ཉིད་ཀྱི་ཅིར་ཡང་སྣང་དུ་རུང་བར་ཇི་སྐད་བཤད་པར་ཟད་དོ། །བསླབ་པར་བྱ་བ་ནི། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་རྟོག་པ་སྤང་བར་བྱ་བའོ། །དེ་གཉིས་ཀ་མཉམ་པ་ཉིད་དུ་རྟོགས་པས་ནི་མི་སློབ་པར་འགྱུར་ཏེ་དེ་ཕན་ཆད་བསླབ་པར་བྱ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་འདིས་མི་སློབ་པའི་དགེ་འདུན་དུ་བཞག་སྟེ། འཕགས་པས། ད་ནི་མི་སློབ་པའི་དགེ་འདུན་བཤད་པར་བྱ་བའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་བརྗོད་པར་བྱའོ། །ཞེས་གསུངས་ལ། དེ་ཉིད་བདག་ཅག་གི་སྣང་ངོའི་རྗེ་བཙུན་ལྟ་བུ་ཡིན་ལ། འདིར་འགྲེལ་ཆེན་དུ། འགོག་པ་ཐོབ་པ་ནི་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཡིན་པ་དེ་བཞིན་དུ། འཕགས་པ་བྱམས་པ་ནི་འཚང་རྒྱ་བ་ཉིད་ལ་ཞུགས་པ་ཡིན་པའི་ཕྱིར་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བྱའོ། །ཞེས་ཀྱང་གསུངས་སོ། །བཅུ་པ་ཞིང་དག་བླ་ན་མེད་པར་བསྒྲུབ་པ་ནི། གཉིས་ཀ་མཉམ་པ་ཉིད་དུ་བསྒོམས་པས་རང་གི་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་སུ་འགྱུར་ཏེ། དེས་ནི་དེའི་འོག་ཏུ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་དབྱེ་བས་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་གཉིས་སྟོན་ཏེ། དེ་ལ་སེམས་ཅན་གྱི་འཇིག་རྟེན་མ་དག་པ་བཀྲེས་པ་ལ་སོགས་པ་གང་ཡིན་པ་དེའི་གཉེན་པོར་ལྷའི་ལོངས་སྤྱོད་ལ་སོགས་པ་དག་པ་ཉེ་བར་བསྒྲུབ་པ་དང་། དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་མ་དག་པ་སྡོང་དུམ་དང་ཚེར་མ་ལ་སོགས་པ་ཡོད་པ་གང་ཡིན་པ་དེ་ལ་གཉེན་པོར་ལག་མཐིལ་ལྟར་མཉམ་པ་ལ་སོགས་པའི་དག་པར་བསྒྲུབ་པ་ཡིས་སངས་རྒྱས་ཀྱི་ཞིང་གཉིས་པོ་ནི་རྣམ་པར་དག་པ་ཉིད་དོ། །བཅུ་གཅིག་པ་ཐབས་ལ་མཁས་པ་ནི། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་བསྒྲུབ་པ་ནི་ཐབས་ལ་མཁས་པས་ཚོགས་ཡོངས་སུ་རྫོགས་པར་བྱས་ནས་ཕྱིས་སྐལ་བ་ཇི་ལྟ་བ་བཞིན་རང་གི་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་ཀྱི་མཛད་པ་དག་བྱ་དགོས་པས། སྟོང་པ་ཉིད་ལ་སོགས་པ་སྒྱུ་མ་ལྟ་བུ་ཡིན་པ་ནི་ཐབས་ལ་མཁས་པའི་ཡུལ་དང་། སྦྱིན་སོགས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་འདྲིས་པར་བྱེད་ཅིང་མངོན་སུམ་དུ་བྱེད་པའི་དུས་དང་དུས་མ་ཡིན་པ་ཤེས་པའི་སྦྱོར་བའི་སྟོབས་ཀྱི་ཏིང་ངེ་འཛིན་དེ་ལ་གནས་ཀྱང་སྟོང་པ་ཉིད་ཐོབ་པར་མི་བྱེད་པ་ཅན། འདི་ནི་ཐབས་ཀྱང་རྣམ་པ་བཅུར་འགྱུར་ཏེ། རེ་ཞིག་གེགས་བྱེད་པའི་དགྲ་རྣམས་བདུད་བཞི་ལས་ནི་ཡང་དག་པར་འདས་པ་བར་ཆད་ཀྱི་ཆོས་ལས་ཡང་དག་པར་འདས་པའི་ཐབས་མཁས་དང་། ཆོས་ཐམས་ཅད་མཉམ་པ་ཉིད་རྣམ་པར་བསྒོམས་པས་འདབ་ཆགས་ནམ་མཁའ་ལ་མི་གནས་པ་ཇི་བཞིན་མི་གནས་པར་གནས་པའི་དང་། སྨོན་ལམ་གྲུབ་པའི་ཤུགས་ཀྱིས་འཕངས་པ་དང་ནི་དཀའ་བ་སྤྱོད་པ་ཐམས་ཅད་ཤིན་ཏུ་ཐུན་མོང་མ་ཡིན་པའི་མཚན་ཉིད་དང་། ཆོས་དཀར་པོ་རྣམ་པར་དག་པ་མཐོང་བས་ཆོས་ཐམས་ཅད་ལ་མ་ཆགས་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་མི་དམིགས་པའི་དང་། མཚན་མེད་ཀྱི་མཚན་མ་མེད་པའི་དང་། སྨོན་མེད་ཀྱི་སྨོན་ལམ་ཟད་པ་དང་། གཞན་གྱི་དྲིས་པ་ན་ཕྱིར་མི་ལྡོག་པ་རྟོགས་པ་དང་། རྗེས་སུ་མཐུན་པར་ལུང་སྟོན་པས་ཕྱིར་མི་ལྡོག་པ་དེ་ཡི་རྟགས་ཀྱི་དང་། ཡུལ་ཐམས་ཅད་ཤེས་པ་ཉིད་ཀྱིས་ཚད་མེད་དང་ཐབས་ལ་མཁས་པ་སྟེ་རྣམ་པ་བཅུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྐབས་ཏེ་བཞི་པའོ།། །། སྐབས་ལྔ་པ་ལ་བརྒྱད་ལས། རྩེ་སྦྱོར་དེའི་དྲོད་ཀྱི་རྟགས་ནི། བྱང་ཆུབ་སེམས་དཔའ་རྣལ་འབྱོར་གྱི་ཆོས་དེ་ལྟ་བུའི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་བསྒོམ་པ་རྩེ་མོར་ཕྱིན་པའི་སྦྱོར་བའི་ལམ་ཐོབ་པ་འདི་མཚོན་པའི་རྟགས་རྣམ་པ་བཅུ་གཉིས་དག་ཏུ་བཞེད་དེ། ཤིན་ཏུ་གོམས་པའི་ཕྱིར་རྨི་ལམ་གྱི་གནས་སྐབས་ན་ཡང་ཆོས་རྣམས་ཀུན་རྨི་ལམ་ལྟ་བུར་ལྟ་བ་ལ་སོགས་པ། ཉན་ཐོས་ལ་སོགས་པའི་ས་ལ་དགའ་བ་མི་སྐྱེ་བ་དང་། དེ་བཞིན་གཤེགས་པ་ལ་སོགས་པ་མཐོང་བ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་སྤྲུལ་པ་དམིགས་པ་དང་། ཆོས་སྟོན་པའི་སེམས་སྐྱེ་བ་དང་། དམྱལ་བ་ལ་སོགས་པའི་སེམས་ཅན་མཐོང་པ་སྔོན་དུ་འགྲོ་བས་རང་གི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་སྤོང་བ་རྗེས་སུ་དྲན་པ་དང་། གྲོང་ཁྱེར་ལ་སོགས་པ་ཚིག་པ་རབ་ཏུ་ཞི་བར་བྱེད་པའི་བདེན་པའི་བྱིན་གྱིས་རླབས་གྲུབ་པ་དང་། གནོད་སྦྱིན་ལ་སོགས་པ་མི་མ་ཡིན་མེད་པར་བྱེད་པའི་བདེན་ཚིག་གྲུབ་པ་དང་། རང་ཉིད་མངོན་པར་ཤེས་པས་ཕ་རོལ་གནོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་དང་། རྣམ་པ་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དང་། ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་གྱུར་པའོ། །གཉིས་པ་དེའི་རྩེ་མོ་རྣམ་འཕེལ་ནི། རྟགས་ཀྱིས་མཚོན་པའི་རྣམ་པར་འཕེལ་བ་དུ་ཞིག་ཡོད་ཅེ་ན། རྣམ་འཕེལ་བཅུ་དྲུག་གི་བདག་ཉིད་དོ་ཞེས་བྱ་སྟེ། འཛམ་བུའི་གླིང་གི་སྐྱེ་བོ་ཅི་ཡོད་པའི་གྲངས་སྙེད་ནས་གཟུང་སྟོང་གསུམ་གྱི་སེམས་ཅན་གྱིས་སངས་རྒྱས་མཆོད་པའི་དགེ་བ་བས་ལྷག་པའི་རྣམ་པར་འཕེལ་བ་ལ་སོགས་པ་ཤེར་ཕྱིན་ཡིད་ལ་བྱེད་པའི། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི། བྱང་ཆུབ་པར་བྱ་བ་དང་བྱང་ཆུབ་པར་བྱེད་པའི་ཆོས་རྣམས་མི་དམིགས་པའི། ཁྱད་པར་ཅན་གྱི་དགེ་བའི་རྩ་བ་བརྟན་པའི་དང་། ལྷའི་རིགས་ཐམས་ཅད་དུ་ཉེ་བར་འགྲོ་བའི་དང་། བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་དང་། སྟོན་པ་དང་འདྲ་བར་སྐྱེ་བོ་ལ་མཚུངས་པར་གནས་པའི་དང་། རྣམ་པ་ཐམས་ཅད་དུ་ཐབས་ལ་མཁས་པ་ལ་བསླབ་པ་ཡོངས་སུ་དག་པའི་དང་། སངས་རྒྱས་ཀྱི་རིགས་ཅན་དུ་གྱུར་པའི་དང་། འབྲས་བུ་སངས་རྒྱས་ཉིད་ཐོབ་པའི་དང་། ཕར་ཕྱིན་གྱི་མི་མཐུན་ཕྱོགས་ཀྱི་སེམས་མི་སྐྱེ་བའི་དང་། གཟུགས་ལ་སོགས་པ་དང་ལྡན་པར་རྟོགས་པའི་སེམས་མི་སྐྱེ་བའི་དང་། ཕར་ཕྱིན་ཀུན་བསྡུ་ཤེས་པའི་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པའི་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་གྱུར་པ་སྟེ་རྣམ་པ་མང་དུ་ནི་དཔེར་མཛད་ནས་གོང་ནས་གོང་དུ་ཁྱད་ཞུགས་པ་མཚོན་པ་དག་གོ །གསུམ་པ་བཟོད་པའི་བརྟན་པ་ནི། རྣམ་པར་འཕེལ་བས་རྣམ་པར་སྤེལ་བ་རང་དབང་དུ་གྱུར་པའམ་རང་གི་བདག་ཉིད་དུ་གྱུར་པས་ངེས་པར་བརྟན་པ་ཞེས་ནི་མངོན་པར་བརྗོད་དེ། དེ་ལྟར་ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་རྣམ་པར་མི་རྟོག་པ་རྟོགས་པའི་གནས་སྐབས་ན། སྙིང་རྗེ་ཆེན་པོ་མངོན་དུ་བྱེད་པའི་ངོ་བོས་ཀུན་མཁྱེན་པ་ཉིད་གསུམ་གྱི་ཆོས་དགེ་བའི་རྩ་བ་རྣམས་ཀྱི་ཡོངས་སུ་རྫོགས་པ་བསྔོ་བ་བླ་ན་མེད་པ་སེམས་ཅན་གྱི་དོན་དུ་ཡོངས་སུ་མི་གཏོང་བའོ། །བཞི་པ་ཆོས་མཆོག་གི་སེམས་གནས་པ་ནི། བརྟན་པའི་ངོ་བོ་ནི་སེམས་གནས་པ་ཡིན་པས། ཚད་དང་ལྡན་པའི་དངོས་པོ་ནི་རྣལ་འབྱོར་པ་རྣམས་ཀྱི་གྲངས་ཚད་འདི་ཙམ་མོ་ཞེས་འཇལ་བར་ནུས་སོ་ཞེས་བྱ་བའི་ཚུལ་གྱིས། གླིང་བཞི་པ་དང་། སྟོང་གཅིག་པུ་དག་དང་། སྟོང་གཉིས་པ་དང་གསུམ་པ་དག་གི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ནི་གཟུང་བར་རུང་གིས་ཞེས་དཔེར་མཛད་ནས། རྗེས་སུ་ཡི་རང་བའི་བསོད་ནམས་ཀྱི་ཚད་ནི་དེ་ལྟ་མ་ཡིན་ནོ་ཞེས་དོན་གཞན་གྱི་ཐབས་ཀྱི་བསོད་ནམས་མང་པོ་ཚད་ལས་འདས་པ་ཉིད་ཀྱིས་ནི་ཏིང་འཛིན་གྱི་སེམས་ཀུན་ཏུ་གནས་པ་ཞེས་ཡོངས་སུ་བསྒྲགས་པ་ཡིན་ནོ། ལྔ་པ་རྣམ་པར་རྟོག་པ་བཞིའི་གཉེན་པོ་ཤུགས་ཀྱིས་རྙེད་པ་མཐོང་བ་ཞེས་བྱ་བའི་ལམ་གྱི་རྩེ་སྦྱོར་ལ། སྤང་གཉེན། རྒྱུར་བཅས་པའི་བྱང་ཆུབ་ཆེན་པོ། མཐོང་ལམ་རྩེ་སྦྱོར་རང་གི་ངོ་བོ་ལས། དང་པོ་ནི། ངེས་འབྱེད་ཆ་མཐུན་གྱི་འོག་ཏུ་མཐོང་ལམ་སྐྱེ་བས་གཟུང་བའི་རྣམ་རྟོག་གཉིས་ཏེ། འཇུག་པ་དང་ནི་ལྡོག་པ་མི་དམིགས་པ་དང་དམིགས་པའི་ངོ་བོ་ཉིད་ཀྱི་ཕྱོགས་དག་ལ་གོ་རིམ་བཞིན་དུ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པའི་ཆོས་ལེན་པ་དང་འདོར་བའི་རྣམ་པ་གཟུང་བའི་རྣམ་པར་རྟོག་པ་དེ་ཉོན་མོངས་པ་དང་འདྲ་བར་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཡིན་ཏེ། དེ་དག་ཡུལ་གྱི་དབྱེ་བས་སོ་སོར་དེ་རྣམ་པ་དགུ་ཡི་བདག་ཉིད། དངོས་པོ་དང་མ་འབྲེལ་བར་འཇུག་པ་ཉིད་ཀྱིས་ན་ཕྱིན་ཅི་ལོག་ཏུ་སྣང་བས་ཇི་ལྟ་བ་བཞིན་གྱི་ཡུལ་མིན་པའི་བདག་ཉིད་དག་ཅེས་བྱའོ། །འཛིན་པར་རྟོག་པ་རྣམ་པ་གཉིས་ཏེ་སོ་སོ་སྐྱེ་བོ་དང་འཕགས་པའི་གང་ཟག་དག་གི་གོ་རིམ་བཞིན་དུ་དབྱེ་བས་སེམས་ཅན་རྫས་དང་བཏགས་པར་ཡོད་པར་རྣམ་པར་རྟོག་པ་ནི་འཛིན་པ་དག་ཏུ་འདོད་པ་དེ་དག་གེགས་བྱེད་པ་ཡིན་པའི་ཕྱིར་མི་མཐུན་ཕྱོགས་སུ་གྱུར་པ་ཡིན་ཏེ། སོ་སོར་དགུ་ཡི་བདག་ཉིད་དུ་དབྱེའོ། །གལ་ཏེ་དེ་དག་གི་ཡུལ་གྱི་དངོས་པོར་གྱུར་པ་གཟུང་བའི་དོན་དག་དེ་བཞིན་དུ་གཟུང་བའི་ངོ་བོར་མེད་པ་དེའི་ཚེ། དེ་དག་གང་གིས་འཛིན་པར་འདོད་དེ་མི་འཛིན་ནོ། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོས་སྟོང་པའི་མཚན་ཉིད་དོ། །ཞེས་བྱ་བས་ན་ཕྱིན་ཅི་ལོག་ཏུ་སྣང་བས་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པའི་རང་གི་ངོ་བོ་དག་ཏུ་ཤེས་པར་བྱའོ། །གཟུང་བའི་རྣམ་པར་རྟོག་པ་དང་པོ་འཇུག་པ་གཟུང་རྟོག་ཇི་ལྟར་རྣམ་པ་དགུ་ཡིན་ཞེས། དབེན་པས་དབེན་པ་མ་རྟོགས་པ་ངོ་བོ་ཉིད་ཀྱི་རྣམ་རྟོག་དང་། ས་མི་གཡོ་བ་སོགས་པ་ལ་འཇུག་པས་སངས་རྒྱས་ཀྱི་རིགས་སུ་ངེས་པ་དང་ནི། སྒྱུ་མ་ལྟ་བུར་རྟོགས་པས་མཐོང་བ་ལ་སོགས་པའི་ལམ་ནི་ཡང་དག་པར་འགྲུབ་པ་དང་། སྣང་བརྙན་ཙམ་དུ་ཟད་པས་ཤེས་པའི་དམིགས་པ་མ་འཁྲུལ་བ་དང་། སྐྱོན་མཐོང་བ་དོར་བར་བྱ་བས་མི་མཐུན་ཕྱོགས་དང་། ཡོན་ཏན་མཐོང་བས་བླང་བར་བྱ་བས་གཉེན་པོ་དང་། དྲི་མ་ཐམས་ཅད་དང་བྲལ་བ་རང་གིས་རྟོགས་པ་དང་། དམན་ཞིང་གྱ་ནོམ་པ་མ་ཡིན་པ་ཉིད་ཀྱིས་ཉན་ཐོས་ལ་སོགས་པའི་ས་ཐག་སྲིང་བར་བྱེད་པ་དང་། བསམ་པ་ཇི་ལྟ་བ་དང་མཐུན་པར་སྤྲུལ་པས་སེམས་ཅན་གྱི་དོན་གྱི་དེ་ཡི་ལས་དང་། ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་སྐྱེ་བོ་ཐམས་ཅད་མྱ་ངན་ལས་འདས་པ་ལ་འགོད་པར་བྱའོ། །ཞེས་སྐྱོན་མེད་པ་ཉིད་ཀྱིས་གཟུང་བར་བྱ་བ་ལ་འཇུག་བྱའི་འབྲས་བུ་ལ་རྣམ་པར་རྟོག་པ་སྟེ་དེ་དག་གི་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི་རྣམ་པར་རྟོག་པ་དེ་ནི་རྣམ་པ་དགུ་འདོད་དོ། །དེ་དག་ནི་མཐོང་བའི་ལམ་གྱི་སྦྱོར་བས་སྤོང་ངོ་། །གཟུང་རྟོག་གཉིས་པ་ཡང་ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། སྲིད་པ་དང་ཞི་བར་ལྟུང་བའི་ཕྱིར་རྟོགས་པ་དམན་པའི་རྣམ་པར་རྟོག་པ་ཉིད་དང་ནི། དགེ་བའི་བཤེས་གཉེན་ཐབས་མཁས་ཀྱིས་ཡོངས་སུ་འཛིན་པ་མེད་པ་དང་། ཤེས་སྒྲིབ་མཐའ་དག་གི་གཉེན་པོར་མ་ཡིན་པས་སྒྲུབ་པའི་ལམ་གྱི་རྣམ་པ་མ་ཚང་བ་དང་། དེ་བཞིན་གཤེགས་པ་སོགས་ཀྱི་གདམས་ངག་ལ་ལྟོས་པ་དང་བཅས་པ་ཉིད་ཀྱིས་གཞན་གྱི་རྐྱེན་གྱིས་འགྲོ་བ་དང་། སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ལ་སོགས་པའི་གསུམ་ལ་མི་འཇུག་པ་ཉིད་ཀྱི་ཆེད་དུ་བྱ་བ་ལོག་པ་དང་། ཉོན་སྒྲིབ་ཀྱི་གཉེན་པོ་ཉིད་ཀྱིས་ཉི་ཚེ་བའི་ལམ་གྱི་བྱེད་པ་དང་། དམིགས་བཅས་ཀྱི་འབྲས་བུ་དང་པོ་ལ་སོགས་པར་རྟོག་པ་སྣ་ཚོགས་པ་ཉིད་དང་། མ་རིག་པའི་བག་ལ་ཉལ་བ་ཐམས་ཅད་མ་སྤངས་པ་ཉིད་ཀྱི་གནས་པ་དང་འཇུག་པ་ལ་རྨོངས་པ་དང་། ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་བྱེད་པ་ཉིད་ཀྱིས་རྣམ་མཁྱེན་ཉིད་མྱ་ངན་ལས་འདས་པ་ཐམས་ཅད་རྗེས་ལ་འགྲོ་བ་ཞེས་བྱ་བ་ལ་ཉེས་པ་དང་བཅས་པས་ལྡོག་པར་བྱའོ་ཞེས་རྣམ་པར་རྟོག་པ་དགུའི་བདག་ཉིད་འདི་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ་ཉན་ཐོས་ལ་སོགས་པའི་ཡིད་ལ་བླང་བར་བྱ་བ་ཉིད་དུ་འབྱུང་བ་མཐོང་བའི་ལམ་གྱི་སེམས་དང་སེམས་ལ་བྱུང་བ་འཇུག་པའི་གནས་སྐབས་ཀྱི་སྤོང་ངོ་སོ་སོ། སྐྱེ་བོའི་འཛིན་པའི་རྟོག་པ་དང་པོའི་སེམས་ཅན་རྫས་སུ་ཡོད་པའི་རྟེན་ཅན་ཇི་ལྟར་དགུ་ཞེ་ན། ཀུན་རྫོབ་ཏུ་སྒྱུ་མ་བཞིན་དུ་འཛིན་པ་དང་ནི་འདོར་བའི་རྣམ་པར་རྟོག་པ་དང་། ཡང་དག་པ་ཉིད་དུ་ཡིད་ལ་མི་བྱེད་པར་ཡིད་ལ་བྱེད་པ་དང་། ཆོས་ཀྱི་ཁམས་རྣམས་ནི་གསུམ་པོ་དག་དང་ཉེར་འབྲེལ་དང་། སྟོང་པ་ཉིད་དུ་མི་གནས་པས་གནས་པ་དང་། དངོས་པོ་ལ་མངོན་པར་མ་ཞེན་པས་ཐམས་ཅད་ལ་མངོན་པར་ཞེན་པ་དང་། རྫས་སུ་ཡོད་པ་མེད་པས་ཆོས་ཀྱི་དངོས་པོར་བཏགས་པ་དང་། དེ་ཉིད་ཤེས་པའི་མ་ཆགས་པས་ཐམས་ཅད་ལ་ཆགས་པ་དང་ནི། མཉམ་པ་ཉིད་བསྒོམ་པའི་གཉེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་མ་ཤེས་པ་ཉིད་ཀྱི་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ཉམས་པའི་རྣམ་པར་རྟོག་པ་དང་བཅས་པ་ལ་འཛིན་པའི་རྟོག་པ་དང་པོར་ཤེས་པར་བྱའོ། །མཐོང་བའི་ལམ་གྱི་སྦྱོར་བའི་དུས་སུ་སྤོང་ངོ་། །སྐྱེས་བུ་བཏགས་པས་ཡོད་པ་རྟེན་ཅན་ཇི་ལྟར་དགུ་ཞེ་ན། ཉན་ཐོས་ལ་སོགས་པའི་ངེས་པར་འབྱུང་བ་ཉིད་ཀྱིས་ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་དུ་ངེས་པར་མི་འབྱུང་བའི་རྣམ་རྟོག་དང་། རང་གི་མངོན་པར་འདོད་པའི་ལམ་མེད་པས་ལམ་གཞན་ལ་ལམ་མིན་པར་ངེས་པར་འཛིན་པ་དང་། རྒྱུ་དང་འབྲས་བུ་ཀུན་རྫོབ་ཀྱི་ངོ་བོས་འགག་པ་དང་བཅས་པའི་སྐྱེ་བ་དང་། བར་ཆད་མེད་པ་དང་ཅིག་ཤོས་སུ་སྣང་བ་ཉིད་ཀྱི་དངོས་པོ་མཐའ་དག་དང་ལྡན་པ་དང་མི་ལྡན་པ་དང་། ནམ་མཁའ་ལ་གནས་པའི་བྱ་དང་འདྲ་བ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་གནས་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་སྒོ་ནས་ཉན་ཐོས་ལ་སོགས་པའི་རིགས་ནི་འཇིག་པ་དང་། དེ་བཞིན་ཉིད་ལས་ཁྱད་པར་དུ་འཕགས་པའི་ཆོས་མེད་པས་དོན་དུ་གཉེར་བ་མེད་པ་དང་། དོན་དམ་པའི་བདེན་པ་ལ་བརྟེན་ནས་རྒྱུ་མེད་པ་དང་། སེར་སྣ་ཤིན་ཏུ་གོམས་པར་བྱས་པའི་ཆོས་ཉིད་ཀྱི་བདུད་ལ་སོགས་པ་ཕྱིར་རྒོལ་བ་ནི་དངོས་པོ་དམིགས་པ་ལ་བཏགས་པའི་དངོས་པོར་མངོན་པར་ཞེན་པ་འཛིན་པའི་རྣམ་རྟོག་གཞན་ཏེ་གཉིས་པ་ཡིན་ནོ། །དེ་ནི་མཐོང་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་སུ་སྤོང་ངོ་། །དེ་ཡང་མཐོང་བའི་ལམ་བར་ཆད་མེད་པ་སྟེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་པོའོ། །དེ་བས་གཉེན་པོ་སྦྱོར་བ་དང་བར་ཆད་མེད་ལམ་མི་མཐུན་ཕྱོགས་ལ་ལྟོས་ནས་བཞིར་སྤང་བྱའི་ཤུགས་ཀྱིས་བསྡུས་སོ། །གཉིས་པ་ནི། བྱང་ཆུབ་ཆེན་པོ་ཐོབ་པའི་དོན་གྱིས་མཐོང་ལམ་དེའང་རྒྱུ་ཅི་གང་དང་བཅས་པ་ཞེ་ན། བྱང་ཆུབ་ལ་གཞན་དག་མཐོང་བའི་ལམ་ལ་སོགས་པ་སྟོན་པས་རབ་ཏུ་འགོད་པ་དང་། བྱང་ཆུབ་དེ་ཡི་རྒྱུ་ཁོ་ནར་ནི་དེ་དག་ལ་ཡང་དག་པའི་ཚིག་དང་དོན་ལ་སོགས་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཏོང་བ་དང་། བྱང་ཆུབ་དེ་ཐོབ་པར་བྱེད་པའི་བར་ཆད་མེད་པའི་རྒྱུ་ཤེར་ཕྱིན་རང་གི་བསྒོམ་པ་ལ་སོགས་པ་བསོད་ནམས་ཆེས་མང་པོའི་མཚན་ཉིད་དོ་ཞེས་བསྟན་པས་སོ། །འདིས་ཐོབ་པའི་བྱང་ཆུབ་ཆེན་པོ་ཇི་ལྟ་བུ་ཞེ་ན། དབུ་མ་རང་ལུགས་ཀྱི་བྱང་ཆུབ་ཆེན་པོ་བཤད། དངོས་སྨྲ་བའི་འདོད་པ་དགག་པ་ལས། དང་པོ་སྒྲིབ་གཉིས་ཀྱི་དྲི་མ་ཟད་པ་དང་། མི་སྐྱེ་བ་མངོན་སུམ་དུ་ཤེས་པའི་ཡེ་ཤེས་སམ་ཆོས་སྐུ་དེ་བྱང་ཆུབ་ཆེན་པོ་ཞེས་བརྗོད་དེ་གདོད་མ་ནས་དྲི་མ་མ་གྲུབ་པས་ཟད་པ་མེད་ཅིང་རང་བཞིན་གྱིས་སྐྱེ་བ་མེད་པའི་ཕྱིར་དེ་དག་ཕྱིན་ཅི་མ་ལོག་པར་གོ་རིམས་བཞིན་དུ་ཤེས་པར་བྱ་བས་སོ། །གཉིས་པ་དངོས་སྨྲ་བས། ཀུན་འབྱུང་གི་དངོས་པོ་སྔར་ཡོད་འཇིག་པ་བདེན་པར་འདོད་པའི་བསམ་པས་ཀུན་འབྱུང་ཟད་པ་ལ་ཟད་དོ་སྙམ་ཤེས་པ་ནི་ཟད་ཤེས། སྡུག་བསྔལ་གྱི་རྒྱུ་ཟད་པས་ཕྱིས་མི་སྐྱེ་བའི་བསམ་པས་སྡུག་བསྔལ་མི་སྐྱེ་བ་ལ་མི་སྐྱེའོ་སྙམ་ཤེས་པ་མི་སྐྱེ་བ་ཤེས་པ་གཉིས་བྱང་ཆུབ་ཡིན་པར་འདོད་དོ། །དེ་རིགས་པས་དགག་པར་བཞེད་ནས། ཟད་པ་དང་མི་སྐྱེ་བ་འགོག་པ་མེད་པའི་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་ལ། དེའི་ཕྱིར་མཐོང་བ་ཞེས་བྱ་བའི་ལམ་གྱིས་ནི་མཐོང་སྤངས་ཀྱི་རྣམ་པར་རྟོག་པའི་རིགས་ཅི་ཞིག་ཟད་པར་བྱས་ཤིང་སྐྱེ་བ་མེད་པའི་རྣམ་པ་ཅི་ཞིག་ཐོབ་སྟེ་མ་ཐོབ་པར་ཐལ་ལོ། །ཁས་བླངས་ཀྱིས་དགག་པར་བཞེད་ནས་གཞན་གྱི་བཏགས་པའི་ཆོས་ཕུང་པོ་ལྔའི་རང་རིག་གིས་དེ་དག་བདེན་པར་འཛིན་པའི་བློ་སྤང་དུ་མི་རུང་བར་ཐལ་ཏེ། དེ་རྣམས་ཀྱང་དོན་དམ་པའི་བདེན་པར་ཡོད་པའི་ཕྱིར་ཁྱབ་སྟེ། གཉེན་པོས་སྤང་ནུས་པ་ལ་ཡུལ་དོན་ལ་མེད་ཅིང་ཡུལ་ཅན་འཁྲུལ་པ་ཡིན་པ་དགོས་པས་སོ། །འདོད་ན་ཤེས་བྱའི་སྒྲིབ་པ་ལ་ཡང་སྟོན་པ་ཡིས་སྒྲིབ་པ་ཟད་པར་ཁྱོད་བརྗོད་པ་གང་ཡིན་པ་དེ་ལ་ཁོ་བོས་མཚར་དུ་བརྩིས་ཏེ་བསྟིང་ངོ་། །རྒྱུ་མཚན་ཅིའི་ཕྱིར་ཞེ་ན་དེས་ཤེས་བྱའི་བདེན་འཛིན་མ་སྤངས་པའི་ཕྱིར་རོ། །འདིར་འགྲེལ་པར། དེ་ལ་སྐྱེ་བ་དང་འཇིག་པས་སྟོང་པའི་ཕྱིར་སོགས་ཀྱིས་རྣལ་འབྱོར་ས་བཞི་བཤད་དེ། ཡུལ་བདེན་མེད་དུ་རྟོགས་ནས་ཡུལ་ཅན་སྤང་ནུས་པར་སྟོན་པའི་ཕྱིར་རོ། །ས་བཞི་ཡང་བདག་མེད་ལ་དམིགས་པ་རྣལ་འབྱོར་གྱི་ས། སེམས་ཙམ་ལ། དེ་བཞིན་ཉིད་ལ་སྣང་བ་མེད་པ་ལ་དམིགས་པའི་རྣལ་འབྱོར་གྱི་སའོ། །དང་པོ་ནི། ཞི་གནས་གྲུབ་ནས་དེའི་འོག་ཏུ་སྐྱེ་བ་དང་འཇིག་པས་སྟོང་པའི་ཕྱིར་ཕུང་སོགས་ལ་གང་ཞིག་བདག་ནི་མེད་དོ་སྙམ་སྟོང་པའི་རྣམ་པར་ཡིད་ལ་བྱེད་པས་འདྲིས་པར་བྱས་པས་ཤིན་ཏུ་སྦྱངས་པ་སྐྱེ་ཞིང་། དེའི་སྟོབས་ཀྱིས་དམིགས་པ་དེ་དག་ལ་རང་ཉམས་སུ་འཇུག་པ་ན་བདག་མེད་པའི་རྣལ་འབྱོར་ལྷག་མཐོང་གི་ངོ་བོར་གྲུབ་པ་ཡིན་ཏེ། དེས་བདག་ཏུ་མངོན་པར་ཞེན་པ་ཡོངས་སུ་བོར་ཏེ་ཉན་རང་རྣམས་རིམས་ཀྱིས་ཉོན་མོངས་པ་སྤངས་ནས་དགྲ་བཅོམ་པར་འགྱུར་རོ། །དེ་བས་ན་འདི་སྒོམ་པ་པོ་ཉན་རང་གཙོ་བོ། བྱང་སེམས་ལས་དང་པོ་པ་ནི་བདག་ཏུ་མངོན་ཞེན་རགས་པ་བོར་བས་རྣལ་འབྱོར་ཕྱི་མ་ལ་མཚམས་སྦྱོར་ཞིང་དེའི་དམིགས་པ་རྙེད་པར་འགྱུར་རོ། །གཉིས་པ་སེམས་ཙམ་ལ་དམིགས་པའི་རྣལ་འབྱོར་གྱི་ས་ནི་གང་ཟག་གི་བདག་གིས་དབེན་པའི་ཕུང་སོགས་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་དང་འཇིག་པའི་ཆོས་ཅན་ལ་ཡང་དག་པར་དམིགས་ཏེ། སྔོན་པོ་དང་སྔོན་པོར་སྣང་བའི་ཤེས་པ་རྫས་གཞན་ཏེ་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། དེ་བས་འདི་དག་སེམས་ཙམ་ཁོ་ན་ཡིན་གྱི་ཕྱི་རོལ་གྱི་དོན་དུ་ནི་གྲུབ་པ་མེད་དོ་ཞེས་ཡིད་ལ་བྱེད་ཅིང་། དེས་ཕྱི་རོལ་དོན་དེ་ཁོ་ནར་གྲུབ་པར་མངོན་པར་ཞེན་པ་སྤངས་ཏེ་འཛིན་པའི་རྣམ་པ། དེ་ཁོ་ནར་གྲུབ་པར་མངོན་པར་ཞེན་པ་མ་སྤངས་པར་མཐོང་བས་རྣལ་འབྱོར་ཕྱི་མ་ལ་མཚམས་སྦྱོར་ཞིང་དེའི་དམིགས་པ་རྙེད་དོ། །གསུམ་པ་དེ་བཞིན་ཉིད་ལ་དམིགས་པའི་རྣལ་འབྱོར་གྱི་ས་ནི། གཟུང་བ་བདེན་པ་མེད་པའི་ཕྱིར་འཛིན་པ་ཡང་བདེན་པར་མེད་དོ་སྙམ་དུ་སེམས་རྩེ་གཅིག་ཏུ་ངེས་པར་སེམས་པར་བྱེད་དེ། དེས་འཛིན་པའི་རྣམ་པའི་མཚན་ཉིད། མིང་རྣམ་པར་རིག་པ་ཙམ་དུ་མངོན་པར་ཞེན་པ་བསལ་ནས་གཉིས་སུ་མེད་པའི་ཡེ་ཤེས་འདི་འབའ་ཞིག་ཡང་དག་པར་ཡོད་པའི་ངོ་བོ་ཉིད་ཡིན་ནོ་སྙམ་རྣལ་འབྱོར་ཕྱི་མ་ལ་མཚམས་སྦྱོར་བ་བྱེད་ཅིང་། དེའི་དམིགས་པ་རྙེད་པར་འགྱུར་ཏེ་བཞི་པ་དམིགས་པ་མེད་པ་ལ་དམིགས་པའི་རྣལ་འབྱོར་གྱི་ས་ནི། གཟུང་འཛིན་གཉིས་སུ་མེད་པའམ་གཉིས་ཀྱིས་སྟོང་པའི་དེ་ཁོ་ན་ཉིད་དེ་ལ་དམིགས་ནས་དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་པ་སྟེ། ཡང་དག་པར་ན་མཐའ་གཅིག་ཏུ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་བཏགས་པའི་ངོ་བོ་དང་བྲལ་བ་ཡིན་ནོ་སྙམ་དུ་བསྒོམས་པས་སྒོམ་པའི་སྟོབས་གྲུབ་པ་ན། ཁ་ཅིག་གིས་ནོར་བུ་དང་དངུལ་དག་ལ་ཤར་བའི་གཟུགས་བརྙན་བཞིན་དུ་འཁྲུལ་པའི་མཚན་མ་མཐའ་དག་སྤངས་པ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་རྣམ་པར་མི་རྟོག་པ་སོ་སོ་རང་གིས་རིག་པར་བྱ་བ་ཅི་ལྟ་ཞིག་ཡང་དག་པར་སྐྱེས་ན་རྣལ་འབྱོར་པས་ཤེས་བྱའི་སྒྲིབ་པ་ཡང་དག་པར་སྤོང་ངོ་། །དེ་ལྟར་ཡང་ལང་གཤེགས་ལས། དེ་བཞིན་ཉིད་ལ་དམིགས་ནས་ནི། །སེམས་ཙམ་ལས་ནི་འདའ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་ནི། །སྣང་བ་མེད་ལ་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེས་ནི་ཐེག་པ་ཆེན་པོ་མཐོང་། །ཅེས་གསུངས་ལ། ཐ་མ་ཆོས་མཆོག་ནས། གཞན་གཉིས་སྦྱོར་བའི་ལམ་ཁོ་ནར་རོ། །རང་གི་ལུགས་དེ་བརྟན་པོ་མཛད་བཞེད་ནས་ཡང་དངོས་པོར་མངོན་པར་ཞེན་པ་ལས་གྲོལ་བ་མི་འཐད་པ་དེའི་ཕྱིར་ཆོས་འདི་ཐམས་ཅད་ལ་སྐུར་པ་འདེབས་པའི་རྒྱུ་བསལ་བྱ་ཅི་ཡང་མེད་ཅིང་སྒྲོ་འདོགས་པའི་རྒྱུ་བཞག་པར་བྱ་བ་ཡང་ཅུང་ཟད་མེད་དེ། ཀུན་རྫོབ་ཏུ་རྫུན་པ་དང་བྲལ་བས་དང་། དོན་དམ་དུ་བདེན་པ་དང་བྲལ་བས་སོ་ཞེས་ལྟ་བ་བཤད་ནས། ཡང་དག་པ་ཉིད་དེ་ལ་བདེན་པ་གཉིས་གཉིས་སུ་མི་ཕྱེད་པ། ཡང་དག་པའི་ཚུལ་ཞེས་བྱ་བས་ལྟ་བར་རམ་བརྟག་པར་བྱ་བ་འདིས་བསྒོམ་པའོ། །དེ་ལྟར་བསྒོམ་ནས་སྒོམ་པ་རྫོགས་ན་སྒྱུ་མའི་གླང་པོས་སྒྱུ་མའི་གླང་པོ་གཞན་ཞིག་ཕམ་པར་བྱས་པ་བཞིན་དུ་ཕྱིན་ཅི་མ་ལོག་པས་ཡང་དག་པ་དེ་ཁོ་ན་ཉིད་མཐོང་ན་རྣམ་པར་གྲོལ་བར་འགྱུར་རོ་ཞེས་འབྲས་བུ་བསྟན་ནོ། །ཚིགས་སུ་བཅད་པ་གསུམ་ནི་འཕྲོས་པ་སྟེ་ད་ལྟའི་མདོས་ཟིན་པ་མ་ཡིན་ནོ། །གསུམ་པ་ནི། དེ་ལྟར་ཞར་ལ་འོངས་པ་བརྗོད་ནས་རྣལ་མ་མཐོང་བའི་ལམ་ཉིད་བསྟན་པ། སྦྱིན་པ་ལ་སོགས་པ་ཕར་ཕྱིན་དྲུག་པོ་རེ་རེར་ནི། སྦྱིན་སོགས་དེ་དག་ཕན་ཚུན་བསྡུས་ནས་སོ་དྲུག་ཏུ་ཕྱེ་བ་གང་། སྐད་ཅིག་མ་གཅིག་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིས་བསྡུས་པ་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་རྣམ་པ་སུམ་ཅུ་རྩ་དྲུག་ཅན་སྐྱེས་པ་གང་ཡིན་པ་དེ་ནི་རྩེ་མོའི་སྐབས་འདིར་མཐོང་བའི་ལམ་ཡིན་ནོ། །དེ་སྐྱེས་ལ་ནི་རྣམ་པར་རྟོག་པ་བཞིས་བསྡུས་པ་མཐོང་སྤངས་བརྒྱ་རྩ་བརྒྱད་དང་། དེའི་བག་ཆགས་དང་བཅས་པ་དྲུངས་ཕྱུང་པ་ཡིན་ནོ། །བཟོད་པ་ཐོབ་པ་དེ་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་འཇིགས་པ་མེད་པས་སེང་གེ ཡང་དང་ཡང་དུ་འཇུག་པས་རྩེ་བའི་ཕྱིར་སེང་གེ་རྣམ་པར་རོལ་པའམ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་རྣམ་ཐར་བརྒྱད་དང་། མཐར་གནས་དགུ་ལ་སྙོམས་པར་ཞུགས་ནས་དེ་ལས་ལངས་པ་རྗེས་ཐོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀུན་ཉོན་ལུགས་མཐུན་དང་། རྣམ་བྱང་ལུགས་མི་མཐུན་ལ་ཡང་དག་པར་རྟོགས་པར་བྱེད་དོ། །སྤྱིར་དབུ་མ་པས་ཆོས་ཐམས་ཅད་རྟེན་འབྲེལ་དུ་བཞག་ལ། འདིར་ནི་དངོས་པོའི་རྟེན་འབྲེལ་བསྟན་ནོ། །དེ་ཡང་སྐད་ཅིག་མ་དང་། འབྲེལ་པ་ཅན་དང་། གནས་སྐབས་པ་དང་། རྒྱུན་ཆགས་པ་སྟེ་བཞིའོ། །དང་པོ་སེམས་སྐད་ཅིག་གཅིག་ལ་ཡན་ལག་བཅུ་གཉིས་ཐམས་ཅད་ཚང་བ་དེ་དངོས་པོ་གང་ལ་ཡང་འདོད་ཆགས་དང་ལྡན་པའི་སེམས་སྐྱེས་པ་བཞིན་ནོ། །གཉིས་པ་འདུས་བྱས་རྣམས་སོ། །འདི་ལ་ཐོགས་མེད་ཀྱིས་བརྒྱད་བཤད་དེ་མིག་དང་གཟུགས་ལས་མིག་ཤེས་འབྱུང་བ་བཞིན་དུ་ནང་གི་རྣམ་པར་ཤེས་པ་འབྱུང་བའི་རྟེན་འབྲེལ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་འཆི་འཕོ་དང་སྐྱེ་བའི། ས་བོན་ལས་མྱུ་གུ །དེ་ལས་སྡོང་བུ་ལྟ་བུ་ཕྱིའི་ལོ་ཏོག་འབྱུང་བའི་དང་། སེམས་ཅན་གྱི་ཐུན་མོང་གི་ལས་ཀྱིས་ས་ཆུ་འབྱུང་བ་སོགས་འཇིག་པ་དང་ཆགས་པའི་དང་། ཁམས་གསུམ་པ་རྣམས་ཟས་བཞི་ལ་བརྟེན་ནས་གནས་པ་ཟས་ཀྱི་བརྟེན་པའི་དང་། དགེ་མི་དགེ་ལས་བདེ་འགྲོ་དང་ངན་འགྲོར་སྐྱེ་བ་འདོད་པ་དང་མི་འདོད་པའི་འགྲོ་བ་རྣམ་པར་འབྱེད་པའི་དང་། ཚོགས་ལམ་ལས་སྦྱོར་ལམ་སོགས་རྣམ་པར་དག་པའི་དང་། བསམ་གཏན་ལས་མངོན་ཤེས་སོགས་མཐུ་སྟོབས་ཀྱིས་རབ་ཏུ་ཕྱེ་བའོ། །གསུམ་པ་གནས་སྐབས་ཐ་དད་ལ་བཞག་པ་སྟེ། ཚེ་འདིའི་ཕུང་པོའི་རྒྱུ་ཚེ་སྔ་མའི་ལས་ཀྱི་ཀུན་སློང་ཉོན་མོངས་དེ་ཚེ་འདི་ལ་ལྟོས་པའི་མ་རིག་པ། ཉོན་མོངས་དེས་ཀུན་ནས་བསླངས་པའི་ཚེ་འདིའི་ཕུང་པོའི་རྒྱུ་བསོད་ནམས་བསོད་ནམས་མ་ཡིན་པ་མི་གཡོ་བའི་ལས་ཀྱི་གནས་སྐབས་ནི་འདུ་བྱེད། མའི་མངལ་དུ་ཡིད་ཤེས་ཉིང་མཚམས་སྦྱར་བའི་ཕུང་པོ་ལྔ་ཚོགས་པ་ནི་རྣམ་ཤེས། མཚམས་སྦྱར་བའི་སྐད་ཅིག་གཉིས་པ་ནས་མེར་མེར་པོ་ལ་སོགས་པ་སྐྱེ་མཆེད་དྲུག་དོད་ཀྱི་བར་ནི་མིང་གཟུགས། དྲུག་པོ་དོད་ནས་ཡུལ་དབང་རྣམ་ཤེས་གསུམ་ཕྲད་པའི་བར་ནི་སྐྱེ་མཆེད་དྲུག ཕྲད་ནས་ཚོར་བ་གསུམ་གྱི་རྒྱུ་ངོ་ཤེས་ཀྱི་བར་ནི་རེག་པ། ཤེས་ནས་འཁྲིག་པ་སྤྱོད་མ་ནུས་ཀྱི་བར་ནི་ཚོར་བ། འདོད་པའི་ཡོན་ཏན་དང་འཁྲིག་པའི་འདོད་ཆགས་ཀུན་ཏུ་སྦྱོར་བ་ལ་ཞུགས་པའི་བར་ནི་སྲེད་པ།འདོད་པའི་ཡོན་ཏན་ལ་ཐོབ་པར་བྱ་བའི་ཕྱིར་རྒྱུག་པའི་དུས་ཀྱི་བསམ་པ་ནི་ལེན་པ། རྒྱུག་པའི་དུས་ན་སྐྱེ་བ་ཕྱི་མ་འགྲུབ་པའི་གནས་སྐབས་ནི་སྲིད་པ། དེ་ནས་ལས་དེས་སྐྱེ་བ་གཞན་དུ་ཉིང་མཚམས་སྦྱོར་བ་ནི་སྐྱེ་བ་གཞན་དེ་ལ་ལྟོས་ཏེ་རྣམ་ཤེས་ཡིན་ཡང་སྐྱེ་བ་འདི་ལ་ལྟོས་ཏེ་སྐྱེ་བ་ཡིན་ནོ། །དེ་ནས་སྐྱེ་བ་གཞན་དེའི་མིང་གཟུགས་སྐྱེ་མཆེད་དྲུག་རེག་ཚོར་ཀྱི་བར་སྐྱེ་བ་འདི་ལ་ལྟོས་ཏེ་རྒ་ཤིར་དབྱིག་གཉེན་གྱིས། མ་རིག་ཉོན་མོངས་སྔོན་གནས་སྐབས་སོགས་ཀྱིས་སོ། །བཞི་པ་ལ། མཚན་མཚོན་གཞི་གསུམ་ངེས་པ་བསམ་པའོ། །དང་པོ་རྐྱེན་གསུམ་ལས་བྱུང་སྟེ། རྐྱེན་གསུམ་ཡང་། གཡོ་བ་མེད་པའི་རྐྱེན། མི་རྟག་པ། ནུས་པའི་རྐྱེན་ནོ། །དང་པོ་འབྲས་བུ་བསྐྱེད་པའི་ཕྱིར་བློ་སྔོན་དུ་གཏོང་བའི་གཡོ་བ་མེད་ཀྱང་རྐྱེན་ཡོད་ན་འབྲས་བུ་འབྱུང་བ་ལ་བྱ། དེས་འབྲས་བུ་ཐམས་ཅད་དབང་ཕྱུག་གི་བློ་སྔོན་དུ་བཏང་ནས་བྱས་པ་སེལ། གཉིས་པ་རྒྱུ་ལས་མ་བྱུང་བའི་རྐྱེན་རྟག་པ་ལས་འབྲས་བུ་མི་འབྱུང་གི་སྔར་མེད་གསར་དུ་སྐྱེས་པ་མི་རྟག་པའི་རྐྱེན་ལས་བྱུང་བ་ལ་བྱ། དེས་གཙོ་བོ་སོགས་རྒྱུ་རྟག་པ་ལས་སྐྱེས་པ་སེལ། གསུམ་པ་གཡོ་བ་མེད་ཅིང་མི་རྟག་ཏུ་ཟིན་ཀྱང་རྐྱེན་གང་རུང་རུང་ལས་འབྲས་བུ་མི་འབྱུང་གི་འབྲས་བུ་དེ་སྐྱེ་བའི་ནུས་པ་ཞིག་ལ་བྱ་བ་དེས་ཐམས་ཅད་རྒྱུར་རྟོགས་པ་སེལ་ཞིང་། གསུམ་གས་རྒྱུ་མེད་དང་ངོ་བོ་ཉིད་ཀྱི་སྐྱེ་བ་སེལ་ལོ། །མཚོན་བྱ་རྐྱེན་ལ་རྟེན་ཅིང་རྒྱུ་འབྲས་མ་འཆོལ་བར་འབྲེལ་བར་འབྱུང་བས་རྟེན་ཅིང་འབྲེལ་འབྱུང་ངོ་། །གསུམ་པ་ནི། ངོ་བོ་དང་བྱེད་ལས་ཀྱི་དབྱེ་བ་དང་བསྡུ་བ་གསུམ་ལས་དང་པོ་མ་རིག་པའི་རྟེན་འབྲེལ། འདུ་བྱེད་ཀྱི། རྣམ་པར་ཤེས་པའི། མིང་གཟུགས་ཀྱི། སྐྱེ་མཆེད་དྲུག་གི རིག་པའི། ཚོར་བའི། སྲེད་པའི། ལེན་པའི། སྲིད་པའི། སྐྱེ་བའི། རྣམ་ཤེས་ཀྱི་རྟེན་འབྲེལ་ཏེ་བཅུ་གཉིས་སོ། །ཡང་དག་པ་ཇི་ལྟ་བ་མཐོང་བ་ལ་སྒྲིབ་ཅིང་འདུ་བྱེད་ཀྱི་རྐྱེན་དུ་གྱུར་པ། མ་རིག་པའི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན། ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་དང་། དེ་ཁོ་ན་ཉིད་ཀྱི་མ་རིག་པ་གཉིས་སོ། །རྣམ་ཤེས་ལ་ཟག་བཅས་ཀྱི་ལས་ཀྱི་ས་བོན་འདེབས་ཤིང་རྣམ་ཤེས་ཀྱི་རྐྱེན་ཏུ་གྱུར་པ། འདུ་བྱེད་ཀྱི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན། བསོད་ནམས། བསོད་ནམས་མིན་པ། མི་གཡོ་བའི་ལས་གསུམ། སྐྱེ་གནས་སུ་ཁྲིད་པར་བྱེད་ཅིང་མིང་གཟུགས་ཀྱི་རྐྱེན་དུ་གྱུར་པ་རྣམ་ཤེས་ཀྱི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན་རྒྱུའི་དང་འབྲས་བུའི་རྣམ་ཤེས་གཉིས་ཏེ་དང་པོ་ལས་དེ་དང་འབྲེལ་བའི་རྣམ་ཤེས་ཚེ་འདིའི་ཕུང་པོ་ལ་ཉིང་མཚམས་སྦྱོར་བའི་རྒྱུར་གྱུར་བ་སྲེད་པའི་གྲོགས་བྱེད་པའི་ཚུལ་གྱིས་གནས་པ་ཡིན་ལ། གཉིས་པ་ཚེ་འདིའི་ཕུང་པོ་ལ་ཉིང་མཚམས་སྦྱོར་བ་ན་མངལ་དུ་ལུས་གྲུབ་པ་ནས་རྒ་ཤིའི་བར་དུ་མིང་གཟུགས་དང་མདུང་ཁྱིམ་ལྟར་ཕན་ཚུན་བརྟེན་ཏེ་གནས་པའོ། །ལུས་ཀུན་འཛིན་པར་བྱེད་ཅིང་སྐྱེ་མཆེད་དྲུག་གི་རྐྱེན་དུ་གྱུར་པ་མིང་གཟུགས་ཀྱི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན། མིང་ལ་ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་བཞི། གཟུགས་ལ་འབྱུང་བ་དང་འབྱུང་གྱུར་གཉིས་སོ། །དབང་པོ་རྫོགས་པར་བྱེད་ཅིང་རེག་པའི་རྐྱེན་དུ་གྱུར་པ་སྐྱེ་མཆེད་དྲུག་གི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན། མིག་ནས་ཡིད་ཀྱི་བར་དྲུག་གོ །ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་སྤྱོད་ཅིང་ཚོར་བའི་རྐྱེན་དུ་གྱུར་པ་རེག་པའི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན། ཚོར་བ་གསུམ་གྱི་རྒྱུ་གསུམ། ཉེ་བར་སྤྱོད་ཅིང་སྲེད་པའི་རྐྱེན་དུ་གྱུར་པ་ཚོར་བའི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན། བདེ་སྡུག་བཏང་སྙོམས་གསུམ། ལས་ཀྱིས་བཏབ་པའི་ཡང་སྲིད་པ་སྡུད་ཅིང་ལེན་པའི་རྐྱེན་བྱེད་པ་སྲེད་པའི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན། ཁམས་གསུམ་ལ་སྲེད་པ་གསུམ། གང་འདོད་པ་ལ་སོགས་པ་ལ་འདུན་ཞིང་ཆགས་པས་ཁམས་སོ་སོ་ལ་སྦྱོར་ཞིང་སྲིད་པའི་རྐྱེན་དུ་གྱུར་པ་ལེན་པའི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན། འདོད་པའི་ཉེར་ལེན། ལྟ་བའི་ཉེར་ལེན། ཚུལ་ཁྲིམས་དང་བརཏལ་ཞུགས་ཀྱི་ཉེར་ལེན། བདག་ཏུ་སྨྲ་བའི་ཉེར་ལེན་བཞི། ལས་ཀྱི་རྣམ་སྨིན་གྱིས་ཡང་སྲིད་པར་འབྱིན་པར་མངོན་དུ་བྱེད་ཅིང་སྐྱེ་བའི་རྐྱེན་དུ་གྱུར་པ་སྲིད་པའི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན། སྔོན་དུས་ཀྱི་སྲིད་པ། སྐྱེ་བའི་སྲིད་པ། འཆི་བའི་སྲིད་པ། བར་དོའི་སྲིད་པ་བཞི། དུཿཁ་ཞིང་རྒ་ཤིའི་རྐྱེན་དུ་གྱུར་པ་སྐྱེ་བའི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན། སྒོ་ང་། མངལ། དྲོད་གཉེར། རྫུས་ཏེ་སྐྱེ་བ་བཞི། འགྲོ་བ་རྣམས་ཉོན་མོངས་པར་བྱེད་ཅིང་མ་རིག་པའི་རྐྱེན་དུ་གྱུར་པ་རྒ་ཤིའི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན། རྒ་བ་ལའང་ཚེའི་དབང་པོ་གཟུགས་སྟོབས་དྲན་པ་ཤེས་རབ་བདེ་བ་འགྱུར་བ་སྟེ་བདུན། ཤི་བ་ལ་དུས་དང་དུས་མིན་པར་འཆི་བ་གཉིས། དེ་ཡང་རྒ་བ་ལས་ངེས་པར་འཆི་བ་འབྱུང་བས་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུག་པ་རྣམ་ཡན་ལག་ཏུ་མ་བཞག་སྟེ། འགའ་ཞིག་ཡིད་བདེ་ཞིང་འཆི་ལ། གདོན་མི་ཟ་བར་འབྱུང་བ་མིན་པས་སོ། །དེ་ལྟ་བུའི་ཡན་ལག་གཉིས་པ་བྱེད་ལས་ཀྱིས་ཕྱེ་ན་རེ་རེས་ཀྱང་བྱ་བ་གཉིས་གཉིས་བྱེད་དེ་གོ་རིམས་བཞིན་སེམས་ཅན་རྨོངས་པར་བྱེད་པ་དང་། འགྲོ་བ་རྣམས་སུ་རྣམ་པར་འབྱེད་པ་དང་། ལས་ཀྱི་འཆིང་བ་འཛིན་པ་དང་། ལུས་ལེན་དུ་འཇུག་པ་དང་། ལུས་རྫོགས་པར་ལེན་དུ་འཇུག་པ་དང་། ཡུལ་གྱི་ལོངས་སྤྱོད་ལ་འཛུད་པ་དང་། སྐྱེ་བ་དང་ལོངས་སྤྱོད་ལ་འཛུད་པ་དང་། སྐྱེ་བ་འདྲེན་པ་དང་། ཡང་སྲིད་པར་རྣམ་པར་ཤེས་པ་ཉེ་བར་ལེན་པ་བཅས་པར་བྱེད་པ་དང་། ཡང་སྲིད་པར་མངོན་པར་ཕྱོགས་པར་བྱེད་པ་དང་། མིང་གཟུགས་སྐྱེ་མཆེད་དྲུག་རེག་ཚོར་གྱི་རིམ་པས་མངོན་པར་འགྲུབ་པར་བྱེད་པ་དང་། ཡང་དང་ཡང་ན་ཚོད་འགྱུར་བ་དང་སྲོག་འགྱུར་བ་ལ་སེམས་ཅན་རྣམས་སྦྱོར་བ་དག་དང་། ཡང་ཕྱི་མ་ཕྱི་མའི་རྐྱེན་བྱེད་པའོ། །གསུམ་པ་བསྡུ་བ་ལ་རྒྱུ་བདུན། ཡན་ལག་བཞི། ལམ་གསུམ། ཉོན་མོངས་པ་གཉིས་སུ་བསྡུ་བའོ། །དང་པོ་ཕྱིན་ཅི་ལོག་གི་རྒྱུ། གཉིས་པ་འདེབས་པ། གསུམ་པ་ཁྲིད་པ། བཞི་ལྔ་གཉིས་ཀུན་འཛིན་པ། དྲུག་བདུན་གཉིས་ཉེ་བར་སྤྱོད་པ། བརྒྱད་དགུ་བཅུ་སྡུད་པ། ཐ་མ་གཉིས་སྐྱེ་བའི་རྒྱུའོ། །གཉིས་པ་ཡན་ལག་བཞི་ནི། དང་པོ་གསུམ་འཕེན་པའི་ཡན་ལག དེ་འོག་བཞི་འཕངས་པའི་ཡན་ལག དེ་འོག་གསུམ་མངོན་པར་འགྲུབ་པར་བྱེད་པའི་ཡན་ལག མཐའ་མ་གཉིས་མངོན་པར་འགྲུབ་པའི་ཡན་ལག་གོ །གསུམ་པ་ལམ་གསུམ་ནི། མ་རིག་པ་སྲེད་ལེན་གསུམ་ཉོན་མོངས་པའི་ལམ་དང་ཉོན་མོངས་པ། འདུ་བྱེད་སྲིད་པ་གཉིས་ལས་ཀྱི་ལམ་དང་ལས་ཀྱི་ཉོན་མོངས། ལྷག་མ་རྣམ་པར་སྨིན་པའི་ལམ་དང་ཚེའི་ཉོན་མོངས། ཐོགས་མེད་རྣམ་ཤེས་ཀྱང་ལས་ཀྱི་ཉོན་མོངས་སུ་བཞེད་དོ། །བཞི་པ་ཉོན་མོངས་པ་གཉིས་སུ་བསྡུ་བ་ནི། ཉོན་མོངས་པའི་ཉོན་མོངས་དང་ལས་ཀྱི་ཉོན་མོངས་ནི་རྒྱུའི་ཉོན་མོངས་ཏེ་ཀུན་འབྱུང་། ཚེའི་ཉོན་མོངས་ནི་འབྲས་བུ་སྟེ་སྡུག་བསྔལ་གྱི་བདེན་པའོ། །བཞི་པ་ངེས་པ་བསམ་པ་ལ། གོ་རིམ། ཐ་དད། རྐྱེན་བྱེད་ཚུལ། ལུགས་མཐུན་ལུགས་མི་མཐུན་བསྟན་པ་བཞི་ལས་དང་པོ། ལུགས་མཐུན་གྱི་དབང་དུ་བྱས་ན། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེ་བས་སྐྱེ་རིམ། ཐོག་མར་ལུས་ལ་བདག་ཏུ་རྨོངས་པ་ལས་དང་པོ་དྲུག་འབྱུང་བ་ལུས་ཀྱི་རྐྱེན། དེ་རྗེས་ཚོར་བ་ལ་སྲེད་པ་སྐྱེ་དེ་ལས་ཕྱི་མ་རྣམས་འབྱུང་བ་ཡུལ་ཉེ་བར་ལེན་པའི་རྐྱེན་ནོ། །ལུགས་མི་མཐུན་གྱི་དབང་དུ། གང་ཟག་རྟོགས་ལྡན་ལ་རྟོགས་པའི་གོ་རིམ་གྱི་ཡིན་ཏེ། རྒ་ཤི་དུཿཁ་རིག་སྟེ་དེ་འགགས་པ་ནས་མ་རིག་པའི་བར་དུ་འགགས་པར་རྟོགས་པས་སོ། །གཉིས་པ་ཐ་དད་ནི། ཡན་ལག་བཅུ་གཉིས་སྐད་ཅིག་མ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད། གནས་སྐབས་པ་ནི་དངོས་པོ་ཐ་དད། རྒྱུན་ཆགས་པའི་འཕེན་པ་དང་འཕངས་པའི་ཡན་ལག་གཉིས་དངོས་པོ་ཐ་དད། མངོན་པར་འགྲུབ་བྱེད་དང་འགྲུབ་པ་ཡན་ལག་ཐ་དད་དོ། །གསུམ་པ་རྐྱེན་བྱེད་ཚུལ་ནི། རིག་པ་རྣམས་བེམ་པོའི་བདག་རྐྱེན། རིག་པའི་ནང་ལ་དམིགས་རྐྱེན་བདག་རྐྱེན། དེ་མ་ཐག་རྐྱེན་གསུམ་དུ་འགྱུར་རོ། །བེམ་པོ་རྣམས་ནི་བེམ་པོའི་ནང་ལ་བདག་རྐྱེན། རིག་པའི་དམིགས་རྐྱེན་དང་བདག་རྐྱེན་དུ་འགྱུར་ལ། ཐམས་ཅད་ཀྱི་རྒྱུའི་རྐྱེན་དང་རང་རང་གི་ས་བོན་ཀུན་གཞི་ལ་ཡོད་པ་དེ་ཡིན་པར་ས་སྡེར་བཤད་དོ། །སྔ་མ་ཕྱི་མའི་རྒྱུ་རྐྱེན་དུ་ཀུན་ལས་བཏུས་ལས་སོ། །དབྱིག་གཉེན་གྱིས་བདག་པོའི་རྐྱེན་ཏེ་ཞེས་པ་གཙོ་ཆེ་བ་ལ་དགོངས་སོ། །བཞི་པ་ལུགས་མཐུན་ལུགས་མི་མཐུན་ངེས་པར་བསམ་པ་ནི། སྔར་བཞིན་མ་རིག་པ་ནས་རྒ་ཤིའི་བར་ནི་ལུགས་འབྱུང་སྟེ། བདེན་པ་རྣམ་པར་གཞག་པའི་དབང་དུ་བྱས་ཏེ་བསྟན་པ། རྒ་ཤི་ཀུན་འབྱུང་དང་རྒ་ཤི་སྡུག་བསྔལ་དང་རྒ་ཤི་འགོག་པ་དང་། རྒ་ཤི་འགོག་པ་དེར་འགྲོ་བའི་ལམ་སོགས་ཀྱི་ལུགས་བཟློག ཡང་མ་རིག་པ་འགག་པས་འདུ་བྱེད་འགག་པ་སོགས་ལུགས་འབྱུང་། གང་འགགས་པས་རྒ་ཤི་འགག སྐྱེ་བ་འགགས་པས་རྒ་ཤི་འགག་གོ །གང་འགགས་པས་སྐྱེ་བ་འགག སྲིད་པ་འགག་པས་སྐྱེ་བ་འགག་གོ་སོགས་ཀྱིས་ལུགས་བཟློག་གོ །དྲུག་པ་སྒོམ་ལམ་རྩེ་སྦྱོར་ལ། རྟེན་སྒོམ་ལམ། སྤང་བྱ་རྣམ་རྟོག བརྟེན་པ་ཡོན་ཏན་ལས། དང་པོ་ནི། སྦྱོར་བ་སེང་གེ་རྣམ་བསྒྱིངས། དངོས་གཞི་ཐོད་བརྒལ་ལས་དང་པོ། བསམ་གཏན་གཟུགས་མེད་བརྒྱད། འགོག་པ་དང་བཅས་པའི་སྙོམས་པར་འཇུག་པ་དགུར་རྣམ་པ་གཉིས་སུ་བསམ་གཏན་དང་པོ་ནས་བཟུང་སྟེ་འགོག་པའི་བར་དུ་སོང་བ་ནི་ལུགས་དང་མཐུན་པ་སྟེ། དང་པོའི་སྐྱེ་རིམ་དང་མཐུན་པའོ། །དེའི་འོག་ཏུ་ལུགས་མི་མཐུན་འགོག་པ་ནས་འགོ་བཟུང་བསམ་གཏན་དང་པོའི་བར་དུ་འོངས་ནས་སོ། །འགོག་པ་ནས་འགོག་པར་ལྡང་མི་སྲིད་པས། འགོག་པ་གཅིག་དང་ཡར་སོང་བརྒྱད། མར་འོང་བརྒྱད་དེ་སྙོམས་འཇུག་གི་རིམ་པ་བཅུ་བདུན་ནོ། །གཉིས་པ་བསམ་གཏན་དང་པོ་ནས་སྙོམས་པར་ཞུགས་དེ་ལས་ལངས་ཏེ་འགོག་པ་ལའོ། །དེ་བཞིན་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བར་དུ་འགོག་པ་ལ་སྙོམས་པར་འཇུག་པས་བཅུ་དྲུག་གོ །འགོག་པ་ཕྱི་མ་དེ་ལས་ལངས་ནས་དེ་མ་ཐག་པའི་སྙོམས་པར་འཇུག་པ་སྲིད་རྩེ་ལ་དམིགས་པ་ནི་སྙོམས་འཇུག་རིམ་པ་གཅིག་པའོ། །འདི་མན་ཆད་དུ་འདོད་པར་གཏོགས་པའི་རྣམ་པར་ཤེས་པ་མཉམ་བཞག་མིན་པའི་ཐུན་མཚམས་གཅོད་པར་གཟུང་སྟེ་ཐོད་རྒལ་དུ་ནི་གང་ལ་ཞུགས་པའི་སྙོམས་པར་འཇུག་པ་དེ་ལས་ཐབས་མཁས་པའི་སྟོབས་ཀྱིས་ལངས་ཏེ་རྣམ་པར་ཤེས་པ་མཉམ་བཞག་མིན་པའི་འདོད་སེམས་དེ་ལྟ་བུ་མངོན་དུ་བྱས་ནས་དེའི་འོག་ཏུ་འགོག་པ་ལས་སོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །འདི་ལ་ནུད་ཆུང་ཞེས་ཁྲི་བརྒྱད་སྟོང་པར་བཤད་དོ། །དེའི་འོག་ཏུ་འགོག་པ་གཅིག་པུ་བོར་བ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལ་དང་། དེ་ནས་འགོག་པ་དང་སྲིད་རྩེ་གཉིས་བོར་བ་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་བཞིན་དུ་གསུམ་དང་བཞི་དང་ལྔ་དང་དྲུག་དང་བདུན་དང་བརྒྱད་ཀྱི་བར་དུ་བརྒལ་བ་སྟེ་བོར་ནས་བསམ་གཏན་དང་པོ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །འདི་ལ་རིམ་པ་བཅོ་བརྒྱད་དང་སྙོམས་འཇུག་དགུ །དེ་ནས་བསམ་གཏན་དང་པོ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །སྔར་གྱི་དེ་ལྟར་གཅིག་བསམ་གཏན་དང་པོ་ལ་སོགས་པ་བོར་ནས་འགོག་པའི་སྙོམས་པར་འཇུག་པའི་བར་དུ་འདོད་སེམས་རེ་དང་སྙོམས་འཇུག་རེ་སྤེལ་ནས་འགྲོ་བས་འདི་ལ་ཡང་རིམ་པ་བཅོ་བརྒྱད་དང་སྙོམས་འཇུག་དགུའོ། །བསམ་གཏན་དང་འགོག་པ་སྤེལ་བ་ནས་འདིའི་བར་དུ་རིམ་པ་སུམ་ཅུ་རྩ་ལྔ་པ་འདི་ཐོད་བརྒལ་དུ་ནི་སྙོམས་པར་འཇུག་པ་ཞེས་བྱ་སྟེ་བསམ་གཏན་དང་པོ་ནས་འགོག་པའི་བར། འགོག་པ་ནས་བསམ་གཏན་དང་པོའི་བར་དུ་འགྲོ་བ་ལུགས་འབྱུང་ལུགས་བཟློག་གི་རིམ་པ་གང་དང་ཡང་མི་འདྲར་འགྲོ་བའི་སྒོ་ནས་མི་འདྲ་བར་འགྲོ་བ་ཞེས་ཀྱང་བྱ་སྟེ་ཐམས་ཅད་བསྡོམས་པས་སྙོམས་འཇུག་བདུན་ཅུ་རྩ་གཉིས་དང་འདོད་སེམས་བཅོ་བརྒྱད་ཡོད་དེ་དེས་བསྒོམ་པའི་ལམ་ནི་བདུན་ཅུར་བཞག་གོ །འདིར་ཤེར་ཕྱིན་གྱི་རྣལ་འབྱོར་གཅིག་པུ་ཉིད་ཆ་ཅུང་ཟད་ཐ་དད་པ་ཙམ་གྱིས་དགུར་ཕྱེ་བ་ཡིན་ལ་ཉན་ཐོས་ལུགས་ནི། བསམ་གཏན་བཞི་གཟུགས་མེད་བཞི་སྟེ་བརྒྱད། ཟག་བཅས་ལ་ཡར་སོང་མར་འོང་གཉིས། དེ་ནས་སྲིད་རྩེ་དོར་བ་བདུན་པོ་ལ་རེ་རེ་བར་དུ་བོར་ནས་ཡར་སོང་མར་འོང་གཉིས། ཟག་མེད་བདུན་ལ་ཡར་སོང་མར་འོང་གཉིས། རེ་རེ་བོར་བའི་ཡར་སོང་མར་འོང་གཉིས། ཟག་བཅས་ཟག་མེད་བདུན་པོ་སྤེལ་བ་ལ་རེ་རེ་བོར་བའི་ཡར་སོང་མར་འོང་གཉིས་ཏེ། ས་བརྒྱད་རྣམ་པ་གཉིས་འབྲེལ་དང་། །གཅིག་བརྒལ་སོང་ཞིང་འོངས་ནས་ནི། །རིགས་མི་མཐུན་པ་གསུམ་པར་འགྲོ། །ཐོད་བརྒལ་གྱི་ནི་སྙོམས་འཇུག་ཡིན། །ཞེས་སོ། །གཉིས་པ་སྤང་བྱ་རྣམ་རྟོག་ནི། བཞི་ལས་སྒོམ་སྤངས་གཟུང་རྟོག་དང་པོ། རྣམ་པར་དགུ་སྟེ་བསྡུས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་འཛིན་པས་ཆོས་མདོར་བསྡུས་པའི་རྣམ་པར་རྟོག་པ་དང་། དེ་རྒྱས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་འཛིན་པས་ཆོས་རྒྱས་པའི་དང་། ཇི་སྐད་བཤད་པའི་ཆོས་ལ་ནན་ཏན་མི་བྱེད་པས་སངས་རྒྱས་ཀྱི་བསྟང་བས་དེ་ཡོངས་སུ་མ་བཟུང་བའི་དང་། དུས་གསུམ་ཞེས་པའི་འདས་པ་བྱུང་བ་དང་འགགས་པ་ཉིད་ཀྱི་སྦྱོར་བའི་ལམ་གྱི་ཡོན་ཏན་མེད་པ་དང་ད་ལྟ་བ་ཡང་དག་པར་སྐྱེ་བའི་རྒྱུ་དང་མི་ལྡན་པས་མཐོང་བའི་ལམ་གྱི་ཡོན་ཏན་མེད་པས་དང་། མ་འོངས་པ་མེད་པས་བསྒོམ་པའི་ལམ་གྱི་ཡོན་ཏན་མེད་པ་དང་། ལེགས་པའི་ལམ་ནི་རྣམ་པ་གསུམ་ལ་དང་པོ། མྱ་ངན་ལས་འདས་པར་སྦྱོར་བའི་ལམ་དང་། སྟོང་ཉིད་མངོན་པར་བསྒྲུབ་པ་མཐོང་བའི་ལམ་དང་། རང་བཞིན་མེད་པ་སྒོམ་པར་བྱེད་པ་བསྒོམ་པའི་ལམ་གྱི་རྣམ་པར་རྟོག་པ་སྟེ། གཟུང་བའི་རྣམ་པར་རྟོག་པ་འདི་གཅིག་སྟེ་ཞེས་པ་དང་པོ་ཡིན་ལ་བསྒོམ་པའི་ལམ་གྱིས་སྦྱོར་བའི་རྣམ་པའི་སྤྱོད་ཡུལ་གྱི་སྤང་བ་ཅན་ནོ། །གཟུང་བའི་རྟོག་པ་གཉིས་པ་བསྒོམ་པའི་ལམ་གྱིས་སེམས་དང་སེམས་ལས་བྱུང་བ་རྣམས་སྤོང་བར་འཇུག་པའི་ཡུལ་ཅན་དགུ་ཡིན་པར་བཞེད་དོ། །བྱང་ཆུབ་ཀྱི་སེམས་མི་སྐྱེ་བའི་རྣམ་པར་རྟོག་པ་དང་། བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པའི་དང་། ཐེག་པ་དམན་པ་གཉིས་ལས་ཉན་ཐོས་ཡིད་ལ་བྱེད་པ་དང་། རང་སངས་རྒྱས་ཡིད་ལ་བྱེད་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པའི་དང་། སྒོམ་པ་དང་། བསྒོམ་པ་མེད་པ་དང་། དེ་དག་ལས་ནི་བཟློག་པ་བསྒོམ་པ་མ་ཡིན་བསྒོམ་པ་མ་ཡིན་པ་ཡང་མ་ཡིན་པ་ཉིད་དང་། ཇི་ལྟ་བ་བཞིན་དོན་མིན་པའི་རྣམ་པར་རྟོག་པ་དགུ་བསྒོམ་པའི་ལམ་ལ་དངོས་ཀྱིས་སྤང་བར་བྱ་བ་ཤེས་པར་བྱའོ། །འཛིན་པའི་རྣམ་པར་རྟོག་པའི་རྫས་སུ་ཡོད་པར་མི་སྐྱེ་བས་སེམས་ཅན་དུ་བཏགས་པའི་སྤྱོད་ཡུལ་གྱི་རྣམ་པར་རྟོག་པ་དང་། སྣང་བ་ཙམ་དུ་ཟད་པའི་ཕྱིར་ཆོས་སུ་བཏགས་པ་དང་། ཐམས་ཅད་དུ་འགྲོ་བའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་སྟོང་པ་མིན་པ་ཉིད་དང་། རྣམ་པར་ཐམས་ཅད་དུ་མངོན་ཞེན་མ་སྤངས་པས་ཆོས་ལ་ཆགས་པ་དང་། ངོ་བོ་ཉིད་མེད་པར་རྟོགས་པས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་བདག་ཉིད་དང་། ཆེད་དུ་བྱ་བ་མི་བྱེད་པས་དངོས་པོར་བྱེད་པ་དང་། གཟུགས་སོགས་མི་དམིགས་པའི་ཕྱིར་ཐེག་པ་གསུམ་གྱི་ངེས་པར་འབྱུང་བ་དང་། ཡང་དག་པར་རབ་ཏུ་མ་ཞུགས་པ་ཉིད་ཀྱི་ཡོན་ཏན་ནི་དག་པ་མ་ཡིན་པ་དང་། སྦྱིན་པ་ལ་སོགས་པར་དམིགས་ཏེ་བསྒྲུབས་པས་སྤྱོད་པ་རྣམ་པར་འཁྲུགས་པ་ལ་རྣམ་པར་རྟོག་པ་དགུ་ལ་འཛིན་པར་བྱེད་པའི་རྣམ་པར་རྟོག་པ་དང་པོར་བཞག་སྟེ་སྒོམ་པའི་ལམ་ལ་སྦྱོར་བས་སྤོང་བ་ཤེས་པར་བྱ་བར་བསྒྲགས་པ་ཡིན་ནོ། །འཛིན་རྟོག་གཉིས་པ་སེམས་ཅན་དུ་བཏགས་པ་དང་། དེ་རྣམ་པར་གཞག་པའི་རྒྱུ་ཡིས་ཡུལ་ཅན་བསྒོམ་པའི་ལམ་དེ་ཡིས་རྣམ་པར་འཇོམས་པས་གཉེན་པོ་བསྒོམ་པའི་ལམ་དང་འབྲེལ་བ་ཡི་མི་མཐུན་ཕྱོགས་གཞན་རྣམ་པ་དགུ་ནི། རྣམ་པ་ཐམས་ཅད་བདག་ཉིད་ཇི་བཞིན་དུ་མ་ཤེས་པ་ཀུན་མཁྱེན་ནི་གསུམ་གྱི་དང་པོ་རྣམ་མཁྱེན་ཉིད་ཀྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་པ་དང་། ལམ་ཐམས་ཅད་ཡོངས་སུ་མ་ཤེས་པས་ལམ་ཤེས་པ་ཉིད་ཀྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་པ་དང་། གཞི་ཐམས་ཅད་ཡོངས་སུ་མ་ཤེས་པས་ཐམས་ཅད་ཤེས་པ་ཉིད་ཀྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་པ་རྣམ་པ་གསུམ་དང་། ཤེར་ཕྱིན་ཡོངས་སུ་མ་ཤེས་པས་ཐམས་ཅད་ཞི་བའི་ལམ་ལ་ཀུན་ཏུ་རྨོངས་པ་དང་། གཟུགས་སོགས་ཤེས་བྱ་དང་དེ་བཞིན་ཉིད་ཡོངས་སུ་མ་ཤེས་པས་དེ་བཞིན་ཉིད་ལ་སོགས་པ་དང་མཚུངས་པར་ལྡན་པ་དང་མི་ལྡན་པ་ལ་ཀུན་ཏུ་རྨོངས་པ་དང་། བདུད་ལ་སོགས་པའི་རང་གི་ངོ་བོ་ཡོངས་སུ་མ་ཤེས་པས་མི་མཉམ་པའི་ཀུན་ཏུ་རྨོངས་པ་དང་། དོན་ལ་སྒྲ་ཇི་བཞིན་དུ་འཛིན་པ་ཉིད་ཀྱི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་ཀུན་ཏུ་རྨོངས་པ་དང་། འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་ཡོངས་སུ་མ་ཤེས་པས་ཉོན་མོངས་པ་རྣམས་ཀྱི་རང་བཞིན་ལ་ཀུན་ཏུ་རྨོངས་པ་དང་། གཟུང་འཛིན་གྱི་མཚན་ཉིད་ཡོངས་སུ་མ་ཤེས་པས་གཉིས་སུ་མེད་པ་ལ་ཀུན་ཏུ་རྨོངས་པ་དགུ་པོ་ལ་འཛིན་པའི་རྣམ་པར་རྟོག་པ་ཐ་མར་བཞེད་དེ། དེ་ལྟར་རྣམ་པར་རྟོག་པའི་དབྱེ་བས་དེའི་གཉེན་པོ་ཡང་བཞི་ཐ་དད་པར་བཞག་གོ །དེ་དག་གི་རྣམ་རྟོག་བརྒྱ་རྩ་བརྒྱད་སྤངས་པ་དང་དུས་མཉམ་དུ་དེ་དག་གིས་བསྡུས་པའི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་སོ། །གསུམ་པ་བརྟེན་པ་ཡོན་ཏན་ནི། བསྒོམ་པའི་ལམ་ལ་གནས་པས་རྣམ་པར་རྟོག་པར་རིགས་བཞི་པོ་འཚེ་བར་བྱེད་པ་ཉིད་ཀྱིས་ཡམས་ནད་དུ་གྱུར་པ་འདི་རྣམས་ཟད་ནས་ནི་གེགས་བྱེད་པ་མེད་པས་ཡུན་རིང་ལོན་ནས་དབུགས་ཕྱིན་པ་ཐོབ་པ་ལྟར་སྙིང་རྗེས་གཞན་གྱི་དབང་དུ་གྱུར་པས་རྣམ་པ་ཀུན་ཏུ་འགྲོ་བ་ཡི་བདེ་བ་བསྒྲུབ་པར་མཁས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐེག་པ་གསུམ་གྱིས་བསྡུས་པ་ཀུན་རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན་དུ་བསྒོམ་པའི་ལམ་ལ་གནས་པ་འབྲས་བུ་མཆོག་གི་མཐར་ཕྱིན་པ་དཔའ་བ་ཐོབ་པ་ཡིས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་མཛེས་པར་གྱུར་པ་ལ་ནི་མངོན་དུ་འོང་བ་རྣམ་པ་ཀུན་ཏུ་བརྟེན་པར་བྱེད་དོ། །བདུན་པ་བར་ཆད་མེད་པའི་རྩེ་སྦྱོར་ནི། བསྒོམ་པའི་ལམ་མཐར་ཐུག་པ་ནི་བར་ཆད་མེད་པའི་ལམ་ཡིན་པས་དེ་བཤད་པ། འགའ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སྐྱེ་བོ་རྣམས་ཉན་ཐོས་དང་བསེ་རུའི་རྟོགས་པ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་སྟེ། ས་ལ་བཀོད་པའི་དགེ་བ་གང་ཡིན་པ་རྣམས་དཔེར་མཛད་ནས། དེ་བས་ཁྱད་པར་དུ་འཕགས་པའི་བསོད་ནམས་མང་པོ་ཉིད་ཀྱིས་ནི་སངས་རྒྱས་ཉིད་ཀྱི་གོ་འཕང་ལ་བར་མེད་དེ་བར་ཆད་མེད་པའི་ཏིང་ངེ་འཛིན་ནོ། །དེས་དེ་མ་ཐག་ཏུ་ཐོབ་པ་སངས་རྒྱས་ཉིད་དེ་ནི་རྣམ་པ་ཀུན་མཁྱེན་པ་ཉིད་དོ། །ཏིང་ངེ་འཛིན་འདི་ཡི་དམིགས་པའི་རྐྱེན་ཅི་ལྟ་བུ་ཞེ་ན། ཆོས་ཐམས་ཅད་དངོས་པོ་མེད་པར་དམིགས་པ་དེ་ཡིན་ནོ། །བདག་པོའི་རྐྱེན་ནི་དྲན་པ་ཡིན་པར་བཞེད་ལ། རྣམ་པ་ནི་རང་བཞིན་གྱིས་ཞི་བ་ཉིད་དོ། །བརྒྱད་པ་ལོག་པར་སྒྲུབ་པའི་བརྒལ་ལན་དང་བཅས་པ་ནི། གནས་འདི་ལ་ནི་གཏིང་དཔག་དཀའ་བའི་ཕྱིར་རབ་ཏུ་སྨྲ་བ་ཐབས་ལ་མཁས་པ་མ་གཏོགས་པ་རྣམས་བརྒྱུད་མར་ཀླན་ཀའི་རྒོལ་བ་བྱེད་དོ། །ཇི་ལྟ་བུ་ཞེ་ན། དམིགས་པ་འཐད་པ་དང་། དེ་ཡི་ནི་ངོ་བོ་ཉིད་ངེས་པར་གཟུང་བ་དང་། རྣམ་པ་ཀུན་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་། དམ་པའི་དོན་དང་ཀུན་རྫོབ་གཉིས་དང་། སྦྱོར་བ་དང་། སངས་རྒྱས། ཆོས་དགེ་འདུན་ཏེ་དཀོན་མཆོག་གསུམ་པོ་དང་། ཐབས་མཁས་བཅས་པ་དང་། ཐུབ་པའི་མངོན་པར་རྟོགས་པ་དང་སྤྲོས་པ་རྣམ་པར་གཞག་པའི་མི་རྟག་ཉིད་ལ་སོགས་པས་རྟག་སོགས་ཕྱིན་ཅི་ལོག་དང་ནི། ལམ་དང་བཅས་པ་དང་། གཉེན་པོ་མི་མཐུན་ཕྱོགས་དག་དང་། ཆོས་ཀྱི་མཚན་ཉིད་དང་ནི། སྒོམ་པ་ལ་སྨྲ་བ་རྣམས་ཀྱིས་ལོག་པར་རྟོག་པའོ། །དེ་ལྟར་འདི་དག་རྣམ་པ་ཀུན་མཁྱེན་པ་ཉིད་རྟེན་ཅན་དུ་བྱས་ནས་རབ་ཏུ་སྨྲ་བ་རྣམས་ཀྱི་རྣམ་པར་ངེས་པ་དང་བཅས་པའི་ལོག་རྟོག་རྣམ་པ་བཅུ་དྲུག་དག་ཏུ་བཞེད་དོ། །དེ་བས་ན་ཀུན་རྫོབ་དང་དོན་དམ་པ་ཕྱེ་ནས་ཀླན་ཀ་དག་བཅོམ་པས་བྱང་ཆུབ་སེམས་དཔའ་རྣམས་བདེན་པ་ཟུང་དུ་སྦྲེལ་ཏེ་ཏིང་ངེ་འཛིན་འདི་བསྐྱེད་པ་ཡིན་ནོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་རྩེ་མོའི་མངོན་པར་རྟོགས་པའི་སྐབས་ཏེ་ལྔ་པའོ།། །། སྐབས་དྲུག་པ་ནི་བཅུ་གསུམ་གྱིས་བཤད་དེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་མཐར་གྱིས་པའི་མངོན་རྟོགས་ནས། ཚུལ་ཁྲིམས་ཀྱི། བཟོད་པའི། བརྩོན་འགྲུས་ཀྱི། བསམ་གཏན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐར་གྱིས་པའི་མངོན་རྟོགས་ཀྱི་བར་དྲུག་དག་དང་། སངས་རྒྱས་རྗེས་སུ་དྲན་པའི་མཐར་གྱིས་པའི་མངོན་པར་རྟོགས་པ་ལ་སོགས་པ། ཆོས། དགེ་འདུན། ཚུལ་ཁྲིམས་གཏོང་བ། ལྷ་རྗེས་སུ་དྲན་པའི་མཐར་གྱིས་པའི་མངོན་རྟོགས་དྲུག་དང་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་དེ་ལྟར་ཤེས་པའི་མཐར་གྱིས་པའི་མངོན་རྟོགས་ཀྱི་བྱ་བར་བཞེད་པའོ། །དེ་ལས་དང་པོ་དྲུག་ནི་འཁོར་གསུམ་རྣམ་པར་དག་པ་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་འབའ་ཞིག་ལ་བྱ་ལ། དེའི་ཤེས་རབ་ཉིད་ཁྱད་པར་ཅན་དུ་གྱུར་པ་ལ་ཐབས་སྟོབས་སྨོན་ལམ། ཡེ་ཤེས་ཕྱེ་བས་ན་ཕར་ཕྱིན་བཞི་པོ་དྲུག་པར་འདུས་པ། དེ་དག་རྣམ་པ་ཡོངས་སུ་རྫོགས་པས་ས་བཅུ་ཡང་དག་པར་སྒྲུབ་པར་བྱེད་པའོ། །འདིར་བསྟན་རྗེས་སུ་དྲན་པའི་དོན་ནི། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པས་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་སྟེ། ཡིད་ལ་མི་བྱེད་པའི་སྒྲ་ཨ་མ་ན་སི་ཀ་ར། ཨ་ཡང་དག་པའི་དོན་དུ་བྱས་ནས་ཡང་དག་པ་ཡིད་ལ་བྱེད་པ་དང་། ཨ་དགག་ཚིག་ཏུ་བྱས་ནས་ཡིད་ལ་མི་བྱེད་པ་ཞེས་བྱའོ། །ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པ་དེས་དེ་བཞིན་གཤེགས་པ་ལ་གཟུགས་སོགས་སུ་ཡིད་ལ་མི་བྱེད་པ་དང་། མཚན་དང་དཔེ་བྱད་ལ་སོགས་པར། ཚུལ་ཁྲིམས་ཀྱི་ཕུང་པོ་སོགས་སུ། སྟོབས་བཅུ་སོགས་སུ། རྟེན་ཅིང་འབྲེལ་པར་འབྱུང་བར་ཡིད་ལ་མི་བྱེད་པས་སངས་རྒྱས་རྗེས་སུ་དྲན་པ་རྣམ་པ་ལྔ་དྲན་པ་ཉེ་བར་བཞག་པ་སོགས། བྱང་ཆུབ་ཡན་ལག འཕགས་ལམ་བརྒྱད་པ་རྣམས་ཀྱི་སྒོམ་པ་རིམ་པ་བཞིན་མོས་སྤྱོད་མཐོང་བསྒོམ་དུའོ། །དེ་བཞིན་དགེ་མི་དགེ་ལུང་མ་བསྟན་ཡིད་ལ་མི་བྱེད་པས་ཆོས་ཀྱི་གསུམ་སྔར་བཞིན་སྐྱེས་བུ་ཟུང་བཞི་ཕྱེ་བའི་ཕྱིར་མི་ལྡོག་པ་ཡིད་ལ་མི་བྱེད་པ་དགེ་འདུན་གྱི། སེམས་དང་པོ་བསྐྱེད་པ་ནས་གཟུང་སྟེ་མ་ཉམས་པ། སྐྱོན་མེད་པ། མ་འདྲེས་པ། ནག་ནོག་མེད་པ། མཆོག་ཏུ་འཛིན་པ་མེད་པ། དབང་འབྱོར་བ། མཁས་པས་བསྔགས་པ། ཤིན་ཏུ་རྫོགས་པ། ཏིང་ངེ་འཛིན་སྒྲུབ་པར་བྱེད་པའི་ཚུལ་ཁྲིམས་ལ་གནས་ཏེ། དེ་དག་ཡིད་ལ་མི་བྱེད་པ་ཚུལ་ཁྲིམས་ཀྱི། ཆོས་དང་ཟང་ཟིང་ཡིད་ལ་མི་བྱེད་པ་གཏོང་བའི། འདོད་པའི་ལྷ་རིགས་དྲུག་ཏུ་སྐྱེ་བའི་རྒྱུན་ཞུགས་ཕྱིར་འོང་། གཟུགས་དང་གཟུགས་མེད་པ་ནི་སྤྱོད་པའི་ཕྱིར་མི་འོང་བ་ཡིད་ལ་མི་བྱེད་པ་ལྷའི། མདོ་སྡེ་གཞན་ལས་ལྷའི་རིགས་གཉིས་རྗེས་སུ་དྲན་པར་བྱ་སྟེ། དགའ་ལྡན་པ་དང་གནས་གཙང་མ་པའོ། །ཆོས་ཐམས་ཅད་ཅེས་པའི་ཆོས། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཕྱོགས། འཕགས་པའི། བདེན་པ་ཚད་མེད། བསམ་གཏན། གཟུགས་མེད། རྣམ་ཐར་བརྒྱད། ཏིང་ངེ་འཛིན། གཟུངས། རྣམ་ཐར་སྒོ་གསུམ། བྱང་ཆུབ་སེམས་དཔའི་སྟོབས། མི་འཇིགས་པ། ཕར་ཕྱིར་བཅུ། སྙིང་རྗེ་ཆེན་པོ་རྣམས་ཡིད་ལ་མི་བྱེད་པ་ནི། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པའི་མཐར་གྱིས་པའི་མངོན་རྟོགས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་མཐར་གྱིས་པའི་སྐབས་ཏེ་དྲུག་པའོ།། །། སྐབས་བདུན་པ་ལ་བཞི་ལས། དང་པོ་རྣམ་པར་སྨིན་པ་མ་ཡིན་པའི་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ནི། ཆོས་ཀྱི་དབྱིངས་རང་གི་ངོ་བོར། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །གང་གི་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡི་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་འབྱུང་བའི་ཕྱིར་མང་པོ་གཅིག་ཏུ་སྡུད་པར་མ་ཟད་ཀྱི། སྦྱིན་པ་ལ་སོགས་པའི་ཡེ་ཤེས་དམིགས་པར་བྱ་བའི་སྐད་ཅིག་རེ་རེས་ཀྱང་དངོས་པོ་སོ་སོར་ངེས་པར་འཛིན་ཏེ་ཕྱིན་ཅི་ལོག་དང་བྲལ་བའི་དངོས་པོ་སྦྱིན་སོགས་ནས་དཔེ་བྱད་བཟང་པོའི་བར་ཐམས་ཅད་ཀྱི་ཟག་པ་མེད་པའི་ཆོས་ཀུན་ཏུ་འཆར་བས་བསྡུས་པའི་ཕྱིར་ཐུབ་པ་བྱང་ཆུབ་སེམས་དཔའི་སྐད་ཅིག་མ་གཅིག་པ་ཡི་མངོན་པར་རྫོགས་པར་བྱང་ཆུབ་པའི་རྟོགས་པ་འདི་ནི་ཤེས་པར་བྱའོ། །ཇི་ལྟར་ཟག་པ་མེད་པའི་ཆོས་གཅིག་ལ་དམིགས་པའི་བསྒོམ་པ་ལ་ཞུགས་པ་ན་ཟག་པ་མེད་པའི་ཆོས་ཐམས་ཅད་སྡུད་པར་ནུས་ཞེ་ན། དོན་འདི་ལ་འཇིག་རྟེན་པའི་དཔེས་བསྟན་པར་བྱ་བ། ཇི་ལྟར་སྐྱེས་བུས་སྔོན་བཟོ་བོ་མཁས་པས་བྱས་པའི་ཟོ་ཆུན་གྱི་རྒྱུད་ཐམས་ཅད་རྡོག་སྟབས་གཅིག་གིས་བསྐྱོད་པ་ན་ཐམས་ཅད་ཅིག་ཅར་འགུལ་བ་ལྟར། སྔོན་གྱི་སྨོན་ལམ་གྱི་འཕེན་པ་དང་། ཆོས་ཀྱི་དབྱིངས་ཀྱི་མཐུས་སྐད་ཅིག་མ་གཅིག་ཁོ་ན་ལ་ཟག་པ་མེད་པའི་ཡེ་ཤེས་སུ་དམིགས་ན་རིགས་མཐུན་པ་ཐམས་ཅད་ཤེས་པ་དེ་བཞིན་ནོ། །གཉིས་པ་རྣམ་པར་སྨིན་པའི་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ནི། དེའི་རྗེས་གང་གི་ཚེ། གཉེན་པོ་སྐྱེས་པས་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་བས་ན་རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་དཀར་པོ་ཐམས་ཅད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་སྨིན་པ་ཆོས་ཉིད་ཀྱི་གནས་སྐབས་སུ་སྐྱེས་པ་དེའི་ཚེ་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་ཡེ་ཤེས་སོ། །གསུམ་པ་མཚན་ཉིད་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ནི། དེའི་འོག་ཏུ་སྦྱིན་པ་ལ་སོགས་པའི་སྤྱོད་པ་ཡིས་གནས་སྐབས་ན་རྨི་ལམ་ལྟ་བུར་ཕུང་པོ་ལྔའི་ཆོས་ཀུན་ལ་ཉེ་བར་གནས་ནས་རྨི་ལམ་འདྲར་རྟོགས་ནས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ངོ་བོའི་ཆོས་རྣམས་མཚན་ཉིད་མེད་པ་ཉིད་དུ་སྐད་ཅིག་མ་ནི་གཅིག་གིས་རྟོགས་པའོ། །བཞི་པ་གཉིས་སུ་མེད་པའི་མཚན་ཉིད་དུ་ཆོས་ཐམས་ཅད་སྐད་ཅིག་གཅིག་ལ་མངོན་པར་རྟོགས་པ་ནི། དེའི་འོག་ཏུ་ཡུན་རིང་མོ་ནས་བར་ཆད་མེད་པ་གཉིས་སུ་སྣང་བ་སྤོང་བ་ལ་གོམས་པའི་དབང་དུ་གྱུར་པས་གཉིས་སུ་སྣང་བའི་བག་ཆགས་དྲུངས་ཕྱུང་བའི་བྱང་སེམས་ཀྱི་རྨི་ལམ་དང་ནི་དེ་མཐོང་བ་ཉིད་གཉིས་ཀྱི་ཚུལ་དུ་མི་མཐོང་བ་ལྟར། ཆོས་རྣམས་གཟུང་བ་དང་འཛིན་པ་གཉིས་སུ་མེད་པ་དེ་ལྟ་བུ་ཡི་ཆོས་ཉིད་ཡིན་ནོ་ཞེས་ཆོས་ཐམས་ཅད་ཀྱི་དེ་ཉིད་སྐད་ཅིག་མ་གཅིག་གིས་མཐོང་བ་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ནོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་པཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་སྐད་ཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐབས་ཏེ་བདུན་པའོ།། །། སྐབས་བརྒྱད་པ་ལ་བཞི་ལས། དང་པོ་ངོ་བོ་ཉིད་སྐུ་ནི། ཆོས་ཀྱི་སྐུ་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་ནོ། །ཐུབ་པའི་ངོ་བོ་ཉིད་ཀྱི་སྐུ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་པ་ཟག་པ་མེད་པའི་ཆོས་གང་དག་མཐར་ཐུག་པ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པར་གྱུར་པ་རྣམ་པ་ཀུན་ཏུ་རྣམ་པར་དག་པ་དེ་དག་གི་གཤིས་སམ། གཉུག་མར་གནས་པ་རང་བཞིན་སྐྱེ་བ་མེད་པའི་མཚན་ཉིད་ཅན་ཏེ། ངོ་བོ་ཉིད་ཅེ་བྱ་བ་ནི་བཅོས་མ་མ་ཡིན་པར་འཇིག་རྟེན་ན་གྲགས་པ་ཡིན་ནོ། །དོན་དམ་པར་དེ་ཁོ་ནར་ཟད་ཀྱང་ཡང་དག་པའི་ཀུན་རྫོབ་མ་སྤངས་པ་དག་གི་སྣང་བས་ཕར་གཞལ་ནས་ཆོས་ཀྱི་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུ་གསུམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་དུ་རྣམ་པར་བཞག་གོ །དེ་ཡང་ལུགས་ལས། གང་ཕྱིར་དབེན་པ་དབེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །ཅེས་འབྱུང་བས། གསུམ་པོ་ཡང་སྐུ་གཅིག་པུ་དེ་དག་ཐ་མི་དད་ཀྱང་ཐ་དད་པ་ལྟར་མོས་པས་ཕྱེ་བ་ཡིན་ནོ། །སྦྱོར་བཞི་བསྒོམས་པ་མཐར་ཐུག་པས་ཐོབ་པའི་འབྲས་བུ་མཚན་ཉིད། ཟག་པ་མེད་པའི་ཆོས་མ་ལུས་པའི་ཡན་ལག་བསགས་པའི་ལུས་ཡིན་པས་སྐུའམ་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་རྟེན་བྱེད་པས་སམ། རིག་པའི་རྗེས་སུ་འབྲང་པས་རྟོགས་བྱ་ཡིན་པའི་ཕྱིར་ཏེ། བདེན་གཉིས་ལས། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཡོན་ཏན་ཕུན་ཚོགས་བསམ་ཡས་ཕྱིར། །རིགས་པའི་རྗེས་འབྲང་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུར་འདོད། །ཅེས་སོ། དེ་ཉིད་རྒྱུད་བླར་བྱང་ཆུབ་ཅེས་པ་སྟེ། ངོ་བོ། རྒྱུ། འབྲས་བུ། ལས། ལྡན། འཇུག་པ། བརྟག་པ། བསམ་གྱིས་མི་ཁྱབ་པའི་དོན་བརྒྱད་ཀྱིས་བཤད་པའི་དང་པོ། དྲི་མ་མེད་པའི་དེ་བཞིན་ཉིད་དམ་དེ་བཞིན་གཤེགས་པའི་སྙིང་པོ་དག་པར་གྱུར་པ་དེའོ། །གཉིས་པ་འཇིག་རྟེན་ལས་འདས་པའི་རྣམ་པར་རྟོག་པ་མེད་པ་དང་། དེའི་རྗེས་ལ་ཐོབ་པ་འཇིག་རྟེན་པའི་ཡེ་ཤེས་གཉིས་པའི་འདིས་ཐོབ་པ་དེ་དག་གོ །གསུམ་པར་རང་བཞིན་རྣམ་པར་དག་པ་དང་། དྲི་མ་མེད་པའི་རྣམ་པར་དག་པ་གཉིས་ལས་ཕྱི་མ་སྒྲིབ་གཉིས་དང་བྲལ་བའོ། །བཞི་པ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་ཐར་པ་ཆོས་ཀྱི་སྐུ། དང་པོ་དེའི་སྟེང་དུ་ཇི་སྲིད་པར་ལྷུན་གྱིས་གྲུབ་པར་སྐུ་གཉིས་ཀྱིས་ཀུན་ཏུ་སྟོན་པ་དང་བསྟན་པ་ལ་དབང་འབྱོར་བ་གཉིས་ཀྱི་འཇུག་པ། ལྔ་པ་དེ་བཞིན་གཤེགས་པའི་མ་འདྲེས་པའི་དོན་དམ་པའི་མཚན་ཉིད་དང་ལྡན་པའོ། །དྲུག་པ་སྐུ་གསུམ་དག་གིས་འཇུག་པ་སྟེ། མཚན་ཉིད་ལྔ་དང་ཡོན་ཏན་ལྔ་དང་ལྡན་པ་ངོ་བོ་ཉིད་སྐུ་སྟེ། མཚན་ཉིད་ལྔ་ནི། སྐྱེ་འཇིག་གནས་གསུམ་བྲལ་བས་འདུས་མ་བྱས། ཡོན་ཏན་གྱི་ཆོས་རྣམས་དབྱེར་མེད་པས་ཐ་མི་དད་པ། མཐའ་གཉིས་སྤངས་པས་ཕྱིན་ཅི་མ་ལོག་པ། སྒྲིབ་པ་གསུམ་དང་བྲལ་བ། རྟོག་པས་དམིགས་པར་བྱ་བ་མ་ཡིན་པ། རྫོགས་པའི་སངས་རྒྱས་ཀྱི་མཉམ་བཞག་སོ་སོ་རང་རིག་པའི་ཡུལ་ཡིན་པའོ། །ཡོན་ཏན་ལྔ་ནི། རྒྱ་ཆེ་བ། གྲངས་མེད་པ། རྟོག་གེ་བའི་ཡུལ་མ་ཡིན་པ། མཉམ་པར་བཞག་པ་འབའ་ཞིག་པ། སྒྲིབ་པ་དག་པའོ། །ཡོན་ཏན་ལྔ་ལྡན་གྱི་གཟུགས་སྐུ་ལོངས་སྐུའི་སྟེ། ཡོན་ཏན་ལྔ་ནི། གསུང་བརྗོད་པ། སྐུ་སྣང་བ། མཛད་པ་སྒྲུབ་པ་རྒྱུན་མི་འཆད་པ་གསུམ། དེ་རྣམས་ཀྱི་ལྷུན་གྱིས་གྲུབ་པར་འཇུག་པ་སྐུ་གསུང་མཛད་པ་དུ་མར་སྟོན་པ་དེའི་རང་བཞིན་དང་བྲལ་བའོ། །ཁྱད་པར་གསུམ་གྱི་རྒྱུར་གྱུར་པའི་གཟུགས་སྐུ་སྤྲུལ་པའི་སྐུ་སྟེ་ཁྱད་པར། སྲིད་པ་ལ་སྐྱོ་བ་བསྐྱེད་ནས་མྱ་ངན་ལས་འདས་པ་ལ་འདུན་པར་མཛད་པ། ཉན་རང་གི་ལམ་ལ་ཞུགས་པ་བཟློག་ནས་ཐེག་ཆེན་དུ་སྨིན་པར་བྱེད་པ། བྱང་ཆུབ་ཏུ་ལུང་སྟོན་པར་མཛད་པ་གསུམ་མོ། །དང་པོ་ཕྱི་མ་གཉིས་ཀྱི་རྒྱུ། དེ་གཉིས་དེ་ལ་གནས་པ་ནམ་མཁའ་ལ་གཟུགས་བཞིན་ནོ། །བདུན་པ་ནི། རྒྱུ་མཐའ་ཡས། སེམས་ཅན་ཟད་པ་མེད་པ། བརྩེ་བ་ཆོ་འཕྲུལ་མཁྱེན་པ་ཕུན་ཚོགས་བདུན་གྱིས་གཟུགས་ཀྱི་སྐུ་གཉིས་རྟག་པ་དང་། ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་ངོ་བོ་ཉིད་མེད་པ་གསུམ་གྱིས་ཆོས་སྐུ་རྟག་པར་བཤད་དོ། །བརྒྱད་པ། ཁ་ཅིག་ཡུལ་མ་ཡིན་པ། དོན་དམ་པས་བསྡུས་པ། རྟོག་པའི་ཡུལ་མ་ཡིན་པ། དཔེ་ལས་འདས་པ། བླ་ན་མེད་པས་ཆོས་སྐུ་བསམ་གྱིས་མི་ཁྱབ་པར་དང་། སྲིད་ཞིས་མ་བསྡུས་པས་གཟུགས་སྐུ་གཉིས་བསམ་གྱིས་མི་ཁྱབ་བོ་ཞེས་བསྟན་ནས། ཆོས་སྐུ་དང་ངོ་བོ་ཉིད་སྐུ་ཡི་ངེས་མེད་དུ་བཤད་ལ་རྣམ་པར་ཕྱེ་ན། གྲོལ་བའི་སྐུ་ནི་རྫོགས་པ་དང་ཞེས་ངོ་བོ་ཉིད་སྐུ། ཆོས་ཀྱི་སྐུ་ནི་སྦྱོང་བ་པའོ་ཞེས་འཆད་ཅིང་དང་པོ་སངས་རྒྱས་ཀྱི་སའི་གཤིས། གཉིས་པ་གདངས་སམ་རྩལ། ས་དེ་གའི་ཆོས་ཉིད་དང་ཆོས་ཀྱི་ཁྱད་དོ། །གཉིས་པ་ཆོས་ཀྱི་སྐུ་ནི། གང་གི་ངོ་བོ་ཉིད་དུ་གྱུར་པས་ངོ་བོ་ཉིད་སྐུར་བཞག་མོད། དེ་ལྟར་འཇོག་པར་བྱེད་པའི་ཟག་པ་མེད་པའི་ཆོས་དེ་དག་གང་ཡིན་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སོ་བདུན་དང་། ཚད་མེད་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་ནི་སྙོམས་པར་འཇུག་པ་དགུ་ཡི་བདག་ཉིད་དང་། ཟད་པར་བཅུ་ཡི་བདག་ཉིད་དང་། ཟིལ་གྱི་གནོན་པའི་སྐྱེ་མཆེད་ནི་རབ་ཏུ་དབྱེ་བས་རྣམ་པ་བརྒྱད་དང་། ཕ་རོལ་གྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པའི་དགྲའི་རྒྱུན་དྲུངས་འབྱིན་པའི་ཏིང་ངེ་འཛིན་ཞེས་བྱ་བ་གང་ཡིན་པ་ཉོན་མོངས་པ་མེད་པ་དང་། ཆགས་པའི་མཚན་མ་ཐམས་ཅད་དང་ཡང་དག་པར་བྲལ་ཞིང་ཐོགས་པ་མེད་པར་ཐེ་ཚོམ་སེལ་བར་མཛད་པའི་སྨོན་ལམ་གྲུབ་པས་འཁོར་བ་ཇི་སྲིད་པར་མཉམ་པར་བཞག་པའི་གནས་སྐབས་སུ་འཇུག་པ་ཞེས་བྱ་བ་སྨོན་ནས་མཁྱེན་པ་དང་། མངོན་ཤེས་དྲུག་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། རྟེན་དང་དམིགས་པ་དང་ཐུགས་དང་ཡེ་ཤེས་ཏེ་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ཞེས་བྱ་བ་བཞི་དང་། དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་འཇིགས་པ་ནི་བཞི་དག་དང་། །བསྲུང་བ་མེད་པའི་རྣམ་གསུམ་དག་དང་། །དྲན་པ་ཉེར་བཞག་རྣམ་གསུམ་དང་། །སེམས་ཅན་གྱི་དོན་མཛད་པའི་དུས་ལས་མི་འདའ་བ་བསྙེལ་བ་མི་མངའི་ཆོས་ཉིད་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་གྱི་ངོ་བོའི་ས་བོན་སྤངས་པས་བག་ཆགས་ཡང་དག་པར་བཅོམ་པ་དང་། སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་ཉིད་དང་། ཐུབ་པ་ཁོ་ནའི་མ་འདྲེས་པའི་ཆོས་བཅོ་བརྒྱད་བཤད་པ་གང་ཡིན་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཞེས་པའི་སྒྲས། ལམ་ཤེས་པ་ཉིད་ལ་སོགས་པ་སྔར་བཤད་པ་ཉིད་ཀྱང་ཡིན་ཏེ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཀུན་གཞིའི་རྣམ་ཤེས་གནས་ཡོངས་སུ་གྱུར་པས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཐམས་ཅད་ཆོས་ཀྱི་སྐུ་ཞེས་མངོན་པར་བརྗོད་པ་ཡིན་ནོ། །རྒྱུན་མི་འཆད་པར་ཁྱབ་པར་སྤྲོ་བའི་ཕྱིར་ཟད་པར་ཞེས་བྱ་ལ། དེ་ཡང་ས་ཆུ་མེ་རླུང་སྔོ་སེར་དམར་དཀར་ནམ་མཁའ་དང་རྣམ་པར་ཤེས་པ་ཞེས་བྱ་བ་བཅུ། རླུང་གི་དམིགས་པ་ནི་གཟུགས་དང་རེག་བྱའི་སྐྱེ་མཆེད་གཉིས་ཀར། གཞན་བདུན་གྱིས་གཟུགས་ཀྱི་སྐྱེ་མཆེད། མཐའ་མ་གཉིས་ཀྱིས་རགས་པ་མིང་བཞིའི་ཕུང་པོའོ། །རྟེན་ནི་གཟུགས་ཅན་རྣམས་བསམ་གཏན་བཞི་པ་དང་། མཐའ་མ་གཉིས་ནམ་མཁའ་དང་རྣམ་ཤེས་སོ། །སྣང་བ་གཅིག་གིས་སྣང་བ་གཞན་ཐམས་ཅད་ཟིལ་གྱིས་གནོན་པ་དང་། སྣང་བ་རྣམས་མི་སྣང་བའི་འདུ་ཤེས་ཀྱིས་ཟིལ་གྱིས་མནན་ཏེ་རེ་ཞིག་མཐོང་བ་མེད་པར་བྱེད་པས་ཡུལ་ལ་རྒྱས་པར་བྱེད་པའི་ཕྱིར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དེ། དབྱེ་བ་ནི། ནང་གཟུགས་དང་། གཟུགས་མེད་པར་འདུ་ཤེས་པ་དག་གི་སོ་སོར་ཆུང་ངུ་དང་ཆེན་པོའི་རྣམ་པ་དག་ཏུ་དེ་དག་ཟིལ་གྱིས་མནན་ནས་ཤེས་ཞེས་བྱ་བ་བཞི་དང་ནང་གཟུགས་མེད་པར་འདུ་ཤེས་པ་དག་ཁོ་ནས་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དག་ཟིལ་གྱིས་མནན་ནས་ཞེས་བྱ་བ་རྣམ་པ་བཞིའོ། །འཕགས་པ་སོགས་ཕལ་ཆེར་ཆོས་སྐུ་དང་ངོ་བོ་ཉིད་མ་ཕྱེ་བར་སྐུ་གསུམ་དུ་བཞེད་དེ་འགལ་བར་མི་བསམ་མོ། །ཉན་ཐོས་ལ་སོགས་པའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང་དེ་བཞིན་གཤེགས་པའི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ཁྱད་པར་ཅི་ཡོད་ཅེ་ན། དང་པོ་ཉན་ཐོས་ཀྱི་ཉོན་མོངས་པ་མེད་པའི་ལྟ་བ་ནི། བདག་མཐོང་བ་ལས་འགའ་ཞིག་གིས་ཉོན་མོངས་པ་སྐྱེ་བར་འགྱུར་ན་མི་རུང་ངོ་ཞེས་མིའི་ཉོན་མོངས་པ་སྐྱེ་བས་ཡོངས་སུ་སྤོང་བ་ཉིད་ཀྱིས་སོ། །གྲོང་ལ་སོགས་སུ་སྐྱེའོ། །མཐའ་དག་དེའི་ཉོན་མོངས་པ་རྣམས་རྒྱུན་གཅོད་པས་རྒྱལ་བའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དུ་བཞག་གོ །ཡང་དེ་གཉིས་ཀྱི་སྨོན་ནས་མཁྱེན་པའི་ཁྱད་པར་ཡང་། སངས་རྒྱས་ཀྱི་སྨོན་ནས་མཁྱེན་པ་ནི། མཚན་མ་མེད་པ་ཉིད་དུ་ལྷུན་གྱིས་གྲུབ་པར་འཇུག་པ་དང་། དངོས་པོ་ལ་མངོན་པར་མ་ཞེན་པས་གཟུགས་སོགས་ལ་ཆགས་པ་སྤངས་པ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་དང་། འཁོར་བ་ཇི་སྲིད་པར་གནས་པའི་ཕྱིར་རྟག་ཏུ་གནས་པ་དང་། ཡང་དག་པའི་སོ་སོར་རིག་པ་བརྙེས་པས་དྲི་བ་ཀུན་གྱི་ལན་འདེབས་པར་བཞེད་པའོ། །ཉན་ཐོས་ལ་སོགས་པའི་ལྡོག་པས་དེ་ལྟ་མ་ཡིན་ནོ། །རྟག་ཏུ་ཐུགས་རྗེ་ཆེན་པོའི་རང་བཞིན་ཅན་ཆོས་ཀྱི་སྐུ་ལ་བཞུགས་ན་ཡང་རྟག་ཏུ་ཇི་ལྟར་དོན་མི་མཛད་ཅེ་ན། དགེ་བའི་བཤེས་གཉེན་ལ་སོགས་པ་དང་ཕྲད་པས་སྔོན་དགེ་བའི་རྩ་བའི་ས་བོན་སངས་རྒྱས་ལ་དམིགས་པའི་རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། སེམས་ཅན་གང་དང་གང་ལ་གང་དང་ནི་གང་ཚེ་ཆོས་བསྟན་པ་ལ་སོགས་པ་བྱ་བ་ཕན་པར་གྱུར་པ་སྔོན་གྱི་སྨོན་ལམ་བཏབ་པ་གྲུབ་པས། བཅོམ་ལྡན་འདས་དེ་དང་དེ་ལ་དེར་སྣང་ངོ་། །དེས་འཚམ་པར་དོན་མཛད་པས་དུས་ཐམས་ཅད་དུ་ཡིད་བཞིན་གྱི་ནོར་བུ་ལྟར་ཉེ་བར་གནས་ཀྱང་རང་གི་ཉེས་པས་བསྐྱེད་པ་ལ་རྒྱུ་མ་ཚང་བས་འབྲས་བུ་སྨིན་པར་མཛད་པ་མི་སྣང་ངོ་སྙམ་དུ་དགོངས་ནས། དཔེར་ན་ལྷ་ཡི་རྒྱལ་པོས་ཆར་པ་ཕབ་ཏུ་ཟིན་ཀྱང་རུལ་བ་ལྟ་བུ་ས་བོན་དུ་མི་རུང་བ་ལས་མྱུ་གུ་མི་འཁྲུང་ལྟར། སངས་རྒྱས་འགྲོ་བ་དག་གི་ཡིད་ལ་རེ་བ་རྫོགས་པར་མཛད་པ་ལ་མཁས་པ་རྣམས་ནི་བྱོན་པར་གྱུར་ཀྱང་སྐལ་བ་མེད་པས་དམ་པའི་ཆོས་ཉན་པ་ལ་སོགས་པའི་བཟང་པོ་མི་མྱོང་ངོ་། །དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་ཐམས་ཅད་སྣང་བའི་སྒོ་ནས་མཛད་པ་རྒྱ་ཆེ་བའི་ཕྱིར་སངས་རྒྱས་ཁྱབ་པར་ངེས་པར་བརྗོད་ལ། རྒྱུན་ཆགས་སུ་འཁོར་བ་ཇི་སྲིད་པར་བཞུགས་ཀྱང་བཅོམ་ལྡན་འདས་དེ་ཉིད་ཟད་པ་མེད་པའི་ཕྱིར་སངས་རྒྱས་རྟག་པ་ཞེས་ཀྱང་བརྗོད་པ་ཡིན་ནོ། །གསུམ་པ་ལོངས་སྐུ་ནི། མཚན་ནི་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་གྲངས་ཚང་བ། གསལ་ལ་རྫོགས་པ་མཉམ་ཉིད་དང་སོར་རྟོག་ཡེ་ཤེས་ཀྱི་བདག་ཉིད་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུ་ལ་བཞུགས་པ་རྣམས་དང་ཐབས་ཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་དགའ་བ་དང་བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་ལོངས་སྤྱོད་པའི་ཕྱིར་ཐུབ་པའི་ལོངས་སྤྱོད་རྫོགས་པའི་སྐུར་བཞེད་དོ། །མཚན་བཟང་པོ་གང་ཞེ་ན། ཕྱག་ཞབས་འཁོར་ལོས་མཚན་པ་དང་། རུ་སྦལ་བཞིན་ཞབས་ཤིན་ཏུ་མཉམ་པ་དང་། ཕྱག་དང་ཞབས་ཀྱི་སོར་མོ་ངང་པའི་རྒྱལ་པོ་ལྟར་དྲ་བས་འབྲེལ་བ་དང་། ཕྱག་ནི་ཞབས་དང་བཅས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། འདི་ཡི་སྐུ་ནི་ཕྱག་ཞབས་ཐལ་གོང་ལྟག་པའི་ཕྱོགས་བདུན་དག་མཐོ་བ་དང་། སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ་དང་། ཞབས་ཀྱི་འབུར་ལོང་བུ་མི་མངོན་པ་དང་། སྐུའི་སྤུ་ནི་གྱེན་དུ་ཕྱོགས་པ་དང་། བྱིན་པ་རི་དྭགས་ཨེ་ན་ཡ་འདྲ་དང་། ཕྱག་རིང་ཞིང་མཛེས་པ་དང་། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག་དང་། པགས་པ་གསེར་མདོག་འདྲ་བ་དང་། པགས་པ་འཇམ་ཞིང་སྲབ་པ་དང་། སྤུ་ནི་རེ་རེ་ནས་གཡས་སུ་ལེགས་པར་འཁྲུངས་པ་དང་། ཞལ་གྱི་མཛོད་པུ་སྤུས་བརྒྱན་པ་དང་། རོ་སྟོད་སེང་གེའི་འདྲ་བ་དང་། འདི་ཡི་དཔུང་པའི་མགོ་ཤིན་ཏུ་ཟླུམ་པ་དང་། ཐལ་གོང་རྒྱས་པ་དང་། འདི་ལ་རོ་མི་ཞིམ་པའང་རོ་མཆོག་ཏུ་སྣང་བས་རོ་བྲོ་བའི་མཆོག་མཁྱེན་པ་དང་། སྐུ་ནི་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། གཙུག་ཏོར་བལྟར་མི་མངོན་པ་དབུས་སུ་ལྡན་པ་དང་། ལྗགས་རིང་ཞིང་མཛེས་པ་དང་། ཚངས་པའི་དབྱངས་དང་། འགྲམ་པ་སེང་གེའི་འདྲ་བ་དང་། ཚེམས་ཤིན་ཏུ་དཀར་བ་དང་། ཚེམས་ཚང་མཉམ་པ་དང་ཚེམས་ཐགས་བཟང་བ་དང་། ཚེམས་གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། སྤྱན་ནི་མདོག་མཐོན་མཐིང་དང་། སྤྱན་རྫི་བ་མཆོག་གི་འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་ཏེ་མཚན་ཡིན་ནོ། །འདི་ལ་མཚན་ནི་གང་བཤད་པ་དེ་དག་གང་གིས་སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན་ཞེ་ན། རྒྱུ་དེ་དང་དེ་ནི་རབ་ཏུ་རྫོགས་པས་མཚན་ནི་འདི་དག་ཡང་དག་འགྲུབ་པ་ཞེས་སྟོན་པས། རིམ་པ་བཞིན་བླ་མ་སྐྱེལ་བ་ལ་སོགས་པས་བསུ་བ་སོགས་དང་། སྡོམ་པ་ཡང་དག་པར་བླངས་པ་བརྟན་པ་དང་། བསྡུ་བའི་དངོས་པོ་བརྟེན་པས་དང་། གྱ་ནོམ་པའི་བཟའ་བཅའ་ལ་སོགས་ཀྱིས་དངོས་པོ་སྦྱིན་པས་དང་། བལྡག་པ་སོགས་ཤིན་ཏུ་གྱ་ནོམ་པའི་དངོས་པོ་སྦྱིན་པ་དང་། གསད་པར་བྱ་བ་ཐར་བར་བྱེད་པ་དང་། འཚོ་བ་ལ་ཕན་བཏགས་པ་ཉིད་དང་། སྲོག་གཅོད་པ་སྤངས་པ་དང་། དགེ་བ་ནི་ཡང་དག་པར་བླངས་པ་དང་། དགེ་བ་ཡང་དག་པར་བླངས་པ་སྤེལ་བ་དང་། ལ་སོགས་པས་རིག་པ་དང་བཟོ་ལ་སོགས་པ་གུས་པར་བྱས་ཏེ་བྱིན་པ་དང་། ནོར་བདོག་པ་ལ་སློང་བ་ཕྱིར་མ་སྤངས་པ་དང་། སྐྱེ་བོ་ཐམས་ཅད་ལ་ཚངས་པར་སྤྱོད་པ་ཡང་དག་པ་ལེན་དུ་འཇུག་ཅིང་གསང་བའི་གསང་ཚིག་བསྲུང་བ་དང་། གདིང་བ་གྱ་ནོམ་པ་བྱིན་པ་དང་། ཁང་བཟང་སོགས་དམ་པ་བྱིན་པ་དང་། འདུ་འཛི་སོགས་ཡོངས་སུ་སྤངས་པ་དང་། སྐྱེ་བོ་བླ་མ་ཐམས་ཅད་གནས་ཇི་ལྟ་བ་བཞིན་དུ་བཀོད་པ་དང་། རྣམ་པ་ཐམས་ཅད་དུ་ཁ་དྲག་ཅིང་ཚིག་གིས་ཁྱད་དུ་མ་བསད་པ་དང་། སྙན་པར་སྨྲ་བ་ལེགས་པར་སྨྲ་བའི་རྗེས་སུ་མཐུན་པར་བྱས་པ་དང་། སྨན་ལ་སོགས་པ་བྱིན་པ་དང་། ནད་པའི་གཡོག་བྱེད་པ་དང་། ནགས་ཚལ་དང་ཀུན་དགའ་ར་བ་ལ་སོགས་པ་བྱེད་པ་ཡང་དག་པར་ལེན་དུ་བཅུག་པ་དང་། གཙུག་ལག་ཁང་ལ་སོགས་པ་ལྷག་པར་བྱིན་པ་དང་། འཇམ་པོ་ལ་སོགས་པའི་གསུངས་པ་དང་། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་གོ་བར་བྱས་པ་དང་། ཚིག་བཀྱལ་པ་སྤངས་པ་དང་། སྐྱེ་བོ་ཐམས་ཅད་ལ་བཀུར་པ་སོགས་དང་། འཚོ་བ་རྣམ་པར་དག་པ་དང་། བདེན་པའི་ཚིག་ཀུན་ཏུ་སྤྱད་པ་དང་། ཕྲ་མའི་ཚིག་སྤངས་པ་དང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བལྟས་པ་དང་། ཁོང་ཁྲོ་བ་སོགས་མེད་པར་བལྟས་པ་རྣམས་ཏེ་སྒྲུབ་བྱེད་རྒྱུའི་མཚན་ཉིད་དེ་དག་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །དཔེ་བྱད་གང་ཞེ་ན། ཐུབ་པའི་སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་། སེན་མོ་མདོག་སྣུམ་པ་དང་། སེན་མོ་མཐོ་བ་དང་། སོར་མོ་རྣམས་ཟླུམ་པ་དང་། སོར་མོ་རྣམས་རྒྱས་པ་དང་། སོར་མོ་རྣམས་བྱིན་གྱིས་ཕྲ་བ་དང་། རྩ་མི་མངོན་པ་དང་། རྩ་མདུད་པ་མེད་པ་དང་། ལོང་བུ་མི་མངོན་པ་དང་། ཞབས་མཉམ་པ་དང་། སེང་གེའི་སྟབས་སུ་གཤེགས་པ་དང་། གླང་པོ་ཆེན་པོའི་སྟབས་སུ་གཤེགས་པ་དང་། བྱ་ངང་པའི་སྟབས་སུ་གཤེགས་པ་དང་ནི། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་། གཡས་ཕྱོགས་སུ་བཟློག་ཅིང་གཤེགས་པ་དང་། མཛེས་པར་གཤེགས་པ་དང་། དྲང་པོའམ་མི་གཡོ་བར་གཤེགས་པ་དང་། སྐུ་འཁྲིལ་བག་ཆགས་པ་དང་། སྐུ་བྱི་དོར་བྱས་པ་འདྲ་བ་དང་། སྐུ་རིམ་པར་འཚམ་པ་དང་། སྐུ་གཙང་བ་དང་། སྐུ་འཇམ་པ་དང་། དག་པའི་སྐུ་དང་། མཚན་ནི་ཡོངས་སུ་རྫོགས་པ་དང་། སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་བ་དང་། གོམ་པ་སྙོམས་པ་དང་། སྤྱན་གཉིས་ནི་རྣམ་པར་དག་པ་དང་། སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང་། སྐུ་ཞུམ་པ་མེད་པ་དང་། སྐུ་རྒྱས་པ་དང་། ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། ཡན་ལག་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ་དང་། གཟིགས་པ་སྒྲིབ་པ་མེད་ཅིང་དག་པ་དང་། དཀུ་ཟླུམ་པ་ཉིད་དང་། དཀུ་སྐབས་ཕྱིན་པ་ཉིད་དང་། དཀུ་མ་རྙོངས་པ་དང་། ཕྱལ་ཕྱང་ངེ་བ་དང་། ལྟེ་བ་ནི་ཟབ་པ་ཉིད་དང་། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང་། ཀུན་ནས་ལྟ་ན་སྡུག་པ་དང་། ཀུན་སྤྱོད་པ་གཙང་བ་དང་། སྐུ་ལ་ནི་རྨེ་བ་ནག་བག་མེད་པ་དང་། ཕྱག་ནི་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་དང་། ཕྱག་རིས་མདངས་ཡོད་པ་དང་། ཕྱག་གི་རི་མོ་ཟབ་པ་དང་། ཕྱག་གི་རི་མོ་རིང་བ་དང་། ཞལ་ནི་ཧ་ཅང་མི་རིང་བ་དང་། མཆུ་ནི་བིམ་པ་ལྟར་དམར་བ་དང་། ལྗགས་མཉེན་པ་དང་། ལྗགས་སྲབ་པ་དང་། ལྗགས་དམར་བ་དང་། འབྲུག་གི་སྒྲ་ཉིད་དང་ལྡན་པ་དང་། གསུང་མཉེན་ཞིང་འཇམ་པ་དང་། མཆེ་བ་ཟླུམ་པ་དང་། མཆེ་བ་རྣོ་བ་དང་། མཆེ་བ་དཀར་བ་དང་། མཆེ་བ་མཉམ་པ་དང་། མཆེ་བ་བྱིན་གྱིས་ཕྲ་བ་དང་། ཤངས་མཐོ་བ་དང་། ཤངས་མཆོག་ཏུ་དག་པ་དག་དང་ནི། སྤྱན་ཡངས་པ་ཉིད་དང་། རྫི་མ་སྟུག་པ་ཉིད་དང་། སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་རེངས་པ་འདྲ་བ་དང་། སྨིན་ཚུགས་རིང་བ་དང་། སྨིན་མ་འཇམ་པ་དང་། སྨིན་མ་སྣུམ་པ་དང་། སྨིན་མ་སྤུ་ནི་མཉམ་པ་དང་། ཕྱག་རིང་ཞིང་རྒྱས་པ་དང་། སྙན་མཉམ་པ་དང་སྙན་གྱི་དབང་པོ་ཉམས་པ་རྣམ་པར་སྤངས་པ་དང་། དཔྲལ་བ་ལེགས་པར་འབྱེས་པ་དང་། དཔྲལ་བ་དབྱེས་ཆེ་བ་དང་། དབུ་ནི་ཤིན་ཏུ་རྒྱས་པ་དང་། དབུ་སྐྲ་བུང་བ་ལྟར་གནག་པ་དང་། དབུ་སྐྲ་སྟུག་པ་དང་། དབུ་སྐྲ་འཇམ་པ་དང་། དབུ་སྐྲ་མ་འཛིངས་པ་དང་། དབུ་སྐྲ་མི་གཤོར་བ་དང་། དབུ་སྐྲ་དྲི་ཞིམ་ཞིང་སྐྱེས་བུ་ཡི་ཡིད་ནི་འཕྲོག་པར་བྱེད་པ་དང་། ཕྱག་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་ནི། གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ་སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བཞེད་དོ། །དེ་དག་གི་རྒྱུ་ཡང་རིམ་པ་བཞིན། འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ལྷག་བསམ་དང་། རིགས་གྱི་མཆོག་ལས་སྐྱེས་པ་དང་། ཚུལ་ཁ་ན་མ་ཐོ་བ་མེད་པ་དང་། དགེ་རྩ་བསགས་པ་དང་། ཡང་དག་པར་མཐར་གྱིས་ཞུགས་པ་དང་། ལུས་ལས་འཚོ་བ་བསྲུང་བ་དང་། ཉོན་མོངས་པའི་མདུད་པ་བྲལ་བ་དང་། ཤིན་ཏུ་སྦས་པའི་ཆོས་ཀྱི་བློ་གྲོས་ཅན་དང་། བགྲོད་དཀའ་བའི་གནས་ཐམས་ཅད་ལས་སྐྱེ་བོ་སྒྲོལ་བར་མཛད་པ་དང་། མི་ཟིལ་གྱིས་གནོན་པ་ལ་མཁས་པ་དང་། ཀླུ་ཟིལ་གྱིས་གནོན་པ་ལ་མཁས་པ་དང་། ནམ་མཁའ་ལ་གཤེགས་པར་མཁས་པ་དང་། སྐྱེ་དགུའི་ཁྱུ་མཆོག་ཏུ་མཁས་པ་དང་། སྐོར་ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པ་དང་། མཛེས་པར་མཁས་པ་དང་། རྟག་ཏུ་སེམས་གྱ་གྱུ་མི་མངའ་བ་དང་། ཡོན་ཏན་ཡང་དག་པར་བརྗོད་པ་དང་། སྡིག་པའི་ཆོས་དང་མ་འབགས་པ་དང་། གདུལ་བྱ་དང་འཚམ་པའི་ཆོས་སྟོན་པ། སྐུ་ལ་སོགས་པའི་ཀུན་སྤྱོད་པ་གཙང་བ་དང་། ཐུགས་ཐུགས་རྗེ་ཅན་དང་། ཐུགས་རྣམ་པར་དག་པ་དང་། ཆོས་འདུལ་བ་ཡོངས་སུ་རྫོགས་པ་དང་། ཡངས་ཤིང་མཛེས་པའི་ཡོན་ཏན་རྫོགས་པའི་དང་། ཐམས་ཅད་ལ་ཐུགས་སྙོམས་པ་དང་། རྣམ་པར་དག་པའི་ཆོས་སྟོན་པའི་དང་། ཆོས་གོ་བར་སྟོན་པ་དང་། ཐུགས་རྟག་ཏུ་མ་ཞུམ་པ་དང་། དགེ་བའི་རྩ་བ་ཡང་དག་པར་འཕགས་པ་དང་། ཡང་སྲིད་པ་ཟད་པ་དང་། རྟེན་འབྲེལ་རྣམ་པར་ཕྱེ་ནས་སྟོན་པར་མཛད་པས་དང་། ཚིག་གི་དོན་ཤིན་ཏུ་རྣམ་པར་དག་པ་སྟོན་པ་དང་། སློབ་མ་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གྱུར་པ་དང་། འཁོར་བའི་སྐྱོན་གྱིས་མ་སྦགས་པ་དང་། ང་རྒྱལ་གྱི་འགྱིང་བཅོམ་པ་དང་། ཆོས་ཟད་པ་རྣམ་པར་བཟློག་པ་དང་། ཆོས་ཟབ་མོ་རྟོགས་པ་དང་། སློབ་མ་མཐུན་པར་འཛིན་པར་འགྱུར་བ་དང་། འཁོར་ཀུན་ནས་མཛེས་པ་དང་། ཐུགས་གཙང་བ་དང་། དུས་མ་ཡིན་པའི་ཆོས་འདུལ་བ་དང་བྲལ་བ་དང་། ལུས་སོགས་ཟོ་མདོག་བདེ་བ་ཐོབ་པའི་ཆོས་སྟོན་པ་དང་། མདངས་ཡོད་པའི་དགེ་སྦྱོང་ཆེན་པོ་མཉེས་པ་དང་། ཆོས་ཟབ་མོ་ལ་གནས་པ་དང་། ཕྱིར་རྗེས་སུ་ཡང་དག་པར་ཡོངས་སུ་དག་པའི་ཆོས་སྟོན་པ་དང་། བསླབ་པ་རབ་ཏུ་མང་པོ་ཀུན་ཏུ་སྟོན་པ་དང་། འཇིག་རྟེན་ཐམས་ཅད་གཟུགས་བརྙན་འདྲ་བར་རྟོགས་པ་དང་། ཚིག་འཇམ་པོས་འདུལ་བ་དང་། ཡོན་ཏན་ཐ་དད་པ་མང་བ་དང་། ཆོས་འདུལ་བ་བྱིས་པའི་སྐྱེ་བོ་ཆགས་པ་ཅན་གྱིས་གཏིང་དཔག་དཀའ་བ་དང་། བསྙེངས་པ་ཐམས་ཅད་མི་མངའ་བ་དང་། སྙན་པ་ལ་སོགས་པར་གསུང་བ་དང་། སྲིད་པ་ཀུན་ཏུ་སྦྱོར་བ་བསྡམས་པ་དང་། གདུལ་དཀའ་བ་འདུལ་བ་དང་། ཆོས་འདུལ་བ་ཤིན་ཏུ་དཀར་བ་དང་། མཉམ་པའི་ས་ལ་གནས་པ་དང་། མཐར་གྱིས་མངོན་པར་རྟོགས་པ་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་དང་། ཤེས་རབ་མཆོག་ལ་གནས་པ་དང་། སྐྱེ་བོ་གཙང་མ་ཕུན་སུམ་ཚོགས་པ་དང་། ཆོས་ཤིན་ཏུ་རྒྱ་ཆེ་བ་དང་། སེམས་ཅན་གྱི་ཚོགས་དྲངས་པ་དང་། འགྲོ་བ་གཞོན་ནུ་ཐམས་ཅད་མངོན་པར་མགུ་བ་དང་། རྟག་ཏུ་ཕྱི་རྗེས་སུ་གཟིགས་པ་དང་། ཆོས་འདུལ་བ་འཇམ་པོ་ལ་མཁས་པ་དང་། ཐུགས་ཀྱི་རྒྱུད་དགེ་བས་བརླན་པ་དང་། ཀུན་ཏུ་སྐྱོན་གཟིགས་པ་དང་། མཆོག་ཏུ་གནོད་པ་བཟློག་པར་མཛད་པ་དང་། འདོད་ཆགས་ལ་སོགས་པའི་གཡུལ་ལས་རྣམ་པར་རྒྱལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་མ་ཉམས་པར་མཛད་པ་དང་། ལྟ་བས་བྱས་པ་ཐམས་ཅད་ཀྱི་གཞན་དུ་མི་འགྱུར་བ་དང་། སྨྲ་བ་ཐམས་ཅད་འཇོམས་པ་དང་། སྨོན་ལམ་གྱི་མཆོག་ཡོངས་སུ་རྫོགས་པ་དང་། ཡུལ་གྱི་དགའ་བ་བཟློག་པར་མཛད་པ་དང་། མཐོང་སྒོམ་གྱི་སྤང་བྱ་བག་ལ་ཉལ་སྤང་བ་དང་། བསྟན་པ་བློ་འཇམ་པོས་ཡོངས་སུ་ཤེས་པ་དང་། ཐུགས་འདོད་ཆགས་པ་སོགས་པས་མ་འཁྲུགས་པ་དང་། རྟག་ཏུ་ཚིག་མི་རྩུབ་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་བཀྲམ་པ་དང་། རྣམ་པ་ཐམས་ཅད་དུ་མཛེས་པར་གྱུར་པ་རྣམས་སོ། །ཉན་རང་དགྲ་བཅོམ་མན་ནས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་བཅུར་བསྒྲེས་པ་སངས་རྒྱས་ཀྱི་བ་སྤུའི་བུ་ག་གཅིག་འགྲུབ། བ་སྤུའི་བུ་ག་ཐམས་ཅད་འགྲུབ་པའི་བསོད་ནམས་བརྒྱས་དཔེ་བྱད་བཟང་པོ་གཅིག དཔེ་བྱད་བརྒྱད་ཅུ་སྙེད་འགྲུབ་པའི་བསོད་ནམས་བརྒྱས་མཚན་སུམ་ཅུའི་གཅིག མཚན་སུམ་ཅུ་འགྲུབ་པའི་བསོད་ནམས་སྟོང་གིས་མཛོད་སྤུ། དེ་འགྲུབ་པ་གསུམ་གྱིས་གཙུག་ཏོར། དེ་འགྲུབ་པ་བྱེ་བ་གྲངས་མེད་པ་བཅུས་གསུངས་འགྲུབ་པར་རིན་ཆེན་ཕྲེང་བར་བཤད་དེ་རྒྱུད་བླའི་ཡོན་ཏན་སྟོབས་མི་འཇིགས་མ་འདྲེས་པ་ཟག་མེད་སོ་གཉིས་ངོ་བོ་ཉིད་སྐུའི་མཚན་སོ་གཉིས། གཟུགས་སྐུའི་དབང་དུ་མཛད་ནས་དྲུག་ཅུ་རྩ་བཞིར་བཤད་དོ། །བཞི་པ་སྤྲུལ་པའི་སྐུ་མཛད་པ་དང་བཅས་པ་ནི། ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་གང་གིས་སྲིད་པ་ཇི་སྲིད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བ་རྣམས་ལ་ཕན་པ་སྣ་ཚོགས་དག་མཉམ་དུ་མཛད་པའི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་དེ་ནི་ཐུབ་པའི་སྤྲུལ་པའི་སྐུ་རྒྱུན་མི་འཆད་པར་འབྱུང་བ་བྱིས་པའི་སྐྱེ་བོ་ཐམས་ཅད་ལ་ཐུན་མོང་དུ་གྱུར་པ་ཡིན་ནོ། །ཀུན་རྫོབ་ཏུ་ཡེ་ཤེས་གཅིག་པུ་དེ་ཀའི་ནུས་པ་ཕྲིན་ལས་ཐམས་ཅད་པར་འཆར་བའི་ཕྱིར་སྤྲུལ་པའི་སྐུ། དེ་བཞིན་འཁོར་བ་ཇི་སྲིད་ཆོས་ཀྱི་སྐུ་འདིའི་ཕྲིན་ལས་ནི་རྒྱུན་མི་འཆད་པར་འདོད་དེ། འགྲོ་བ་རྣམས་ཞི་བའི་ཕྲིན་ལས་དང་ནི་བསྡུ་བའི་དངོས་པོ་རྣམ་པ་བཞི་ལ་འགོད་པ་དང་། ཀུན་ནས་ཉོན་མོངས་པ་དང་བཅས་པ་ཡི་རྣམ་པར་བྱང་བ་རྟོགས་པ་ལ་འགོད་པ་དང་། སེམས་ཅན་རྣམས་ཀྱི་དོན་བདག་ཉིད་ཇི་བཞིན་གྱི་དོན་ལ་འགོད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པའི་དང་། སངས་རྒྱས་ཀྱི་ལམ་ལ་འགོད་པ་དང་། རང་བཞིན་གྱི་སྟོང་པ་ཉིད་ལ་འགོད་པ་དང་། གཉིས་ཟད་པའི་ཆོས་ལ་འགོད་པ་དང་། བརྡ་ལས་བྱུང་བ་ཤེས་པ་ལ་འགོད་པ་དང་། དམིགས་པ་མེད་པའི་ཡེ་ཤེས་ལ་འགོད་པ་དང་། ལུས་ཅན་སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པ་ལ་འགོད་པ་དང་། བྱང་ཆུབ་སེམས་དཔའི་ལམ་ལ་འགོད་པ་དང་ནི། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་བཟློག་པ་ལ་འགོད་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ལ་འགོད་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་འགོད་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་སོ་སོར་ངེས་པ་ལ་འགོད་པ་དང་། སེམས་ཅན་གྱི་དོན་ནི་ཚད་མེད་པ་ལ་འགོད་པ་དང་། སངས་རྒྱས་ཀྱི་དྲུང་དུ་ཉེ་བར་འགྲོ་ཞིང་བསྙེན་བཀུར་བས་བརྟེན་པ་སོགས་ཀྱི་ཡོན་ཏན་ལ་འགོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་ལ་འགོད་པ་དང་། ལས་རྣམས་ནི་འབྲས་བུ་དང་འབྲེལ་བས་ཆུད་མི་ཟ་བ་ལ་འགོད་པ་དང་། བདེན་པ་མཐོང་བ་ལ་འགོད་པ་དང་། ཕྱིན་ཅི་ལོག་ནི་སྤང་བ་ལ་འགོད་པ་དང་། ཕྱིན་ཅི་ལོག་དེ་གཞི་མེད་པའི་ཚུལ་ཤེས་པ་ལ་འགོད་པ་དང་ནི། རྣམ་པར་བྱང་བ་ལ་རབ་ཏུ་འགོད་པ་དང་། དེའི་ཚོགས་པ་ལ་འགོད་པ་དང་ནི། འདུས་བྱས་དང་འདུས་མ་བྱས་པ་ལ་ཐ་དད་པར་ཡོངས་སུ་མི་ཤེས་པ་ལ་འགོད་པ་དང་། མྱ་ངན་ལས་འདས་པ་ལ་འགོད་པ་ཏེ་ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི་རྣམ་པ་ཉི་ཤུ་བདུན་དུ་བཞེད་དོ། །དེ་ལྟ་བུའི་ཕྲིན་ལས་ནི་རྒྱུད་བླར་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པ་གཉིས་སུ་བསྟན་པའི་ཕྱི་མ་ཡིན་ལ་དེ་ཡང་དོན་ཚན་དྲུག་ཏུ་བསྒྲིལ་ཏེ་ངེས་པར་འབྱིན་པས་བཅུ། རྒྱུ་ཚོགས་གཉིས། ཆེད་དུ་བྱ་བ་བྱང་ཆུབ་མཆོག །སེམས་ཅན་ཡོངས་འཛིན། སྒྲིབ་གཉིས། དེ་གཏོར་བའི་རྐྱེན། རྒྱ་མཚོ་ཉི་མ་ནམ་མཁའ་གཏེར་སྤྲིན་དང་རླུང་གི་དཔེས་བསྙད་པ་བྱ་བ་ཡུལ་གྱི་དབང་དུ་བྱས་པའོ། །ལྷུན་གྱིས་གྲུབ་པ་ནི། སྐུ་སྟོན་པ། གསུང་བརྗོད་པ། ཐུགས་ཁྱབ་པ། སྤྲུལ་པ། ཡེ་ཤེས་སྤྲོ་བ། ཐུགས་གསུང་སྐུའི་གསང་བ། ཐུགས་རྗེའི་བདག་ཉིད་དགུ། རིམ་པ་བཞིན། བརྒྱ་བྱིན་རྔ་སྒྲ་སྤྲིན། ཚངས་པ་ཉི་མ་རིན་ཆེན་སྒྲ་བརྙན། ནམ་མཁའ་སའི་དཔེས་བཤད་པ་བྱེད་པ་པོའི་དབང་དུ་བྱས་པའོ། །འཕགས་པ་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་འབྲས་བུ་ཆོས་སྐུའི་སྐབས་ཏེ་བརྒྱད་པའོ།། །། གཉིས་པ་འབྲིང་པོ་ལ་དགའ་བའི་ངོར་དྲུག་ཏུ་བསྒྲིལ་ཏེ་བཤད་པ་ནི། ཡང་སྐབས་བརྒྱད་པོ་འདི་ཉིད་ཀྱི་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་མངོན་པར་མཚོན་པའི་གནས་ཉིད་ཡིན་པ་མཚན་ཉིད། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་མཁྱེན་གསུམ་དེ་ཡི་སྦྱོར་བ་དང་། རྩེ་མོའི་མངོན་པར་རྟོགས་པ་ནི་མཁྱེན་གསུམ་དེ་རབ་ཏུ་གྱུར་བ་དང་ལྡན་པ་དང་། མཐར་གྱིས་པའི་མངོན་པར་རྟོགས་པ་ནི་མཁྱེན་གསུམ་དེ་ཡི་གོ་རིམས་ལྡན་པ་དང་། སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་ནི་མཁྱེན་གསུམ་དེ་མཐའ་ལ་ཐུག་པ་དང་། ཆོས་སྐུ་མཛད་པ་དང་བཅས་པ་མཁྱེན་གསུམ་དེ་ཡི་རྣམ་སྨིན་དེ་ནི་ཡུམ་གྱི་དོན་ཐམས་ཅད་བསྡུས་པ་གཞན་ཏེ་རྣམ་པར་དྲུག་པོ། །གསུམ་པ་བསྡུས་པ་ལ་དགའ་བའི་ངོར་དེ་རྣམ་པ་གསུམ་དུ་བཞག་པ་ནི། ཡུམ་དེ་ལས་བསྡུ་ན། ཡུལ་ནི་ཐམས་ཅད་མཁྱེན་པ་རྣམ་པར་གསུམ་མོ། །རྒྱུ་ནི། སྦྱོར་བ་བཞི་ཡི་བདག་ཉིད་དང་། ཆོས་སྐུ་ཕྲིན་ལས་དང་བཅས་པ་ལ་འབྲས་བུ་ཞེས་བཞག་པ་ནི་དོན་བསྡུས་པ་གཞན་ཏེ་རྣམ་པ་གསུམ་མོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་རྗེ་བཙུན་བྱམས་པས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བི་དྱ་ཀ་ར་སིདྷ་དང་། ཞུ་ཆེན་གྱི་ལོ་ཙ་བ་བནྡེ་དཔལ་བརྩེགས་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། མཧཱ་པཎྜྻི་ཏ་འབུམ་ཕྲག་གསུམ་པ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་གྱིས་ལེགས་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཚོགས་གཉིས་གོམས་པའི་མཐོ་རིས་ཆུ་བོའི་རྒྱུན། །འཐུངས་པའི་རྣམ་སྨིན་ཕུལ་བྱུང་ཙན་དན་གྱི། །ལྗོན་པ་གཞན་ཕན་རྩེ་མོ་མི་ཟད་པའི། །ནམ་མཁའི་ཕ་མཐའ་སྙེགས་པ་སུ་ཡིས་འགོག །ཡོངས་འཛིན་དེད་དཔོན་གྱིས་ཟིན་དགེ་བའི་རྫིངས། །འབད་མེད་ལག་རྩེར་ལེན་པ་དེ་དབང་གིས། །ཉེས་བརྒྱའི་རླབས་ལྡན་སྲིད་པའི་ཆུ་གཏེར་དུ། །ཡང་ཡང་འཇུག་ལ་སྤྲོ་བའི་གོམ་པ་དོར། །དེ་དེར་སྔོན་སྦྱངས་ཀྱིས་དྭངས་མེ་ལོང་གདོང་། །ཆོས་ཕུང་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ། །རྣམ་བཀྲའི་རི་མོ་ངལ་བའི་པིར་ཚོགས་ལ། །ཅི་ཡང་མ་ལྟོས་བཀོད་འདི་ཡ་མཚན་གནས། །སྨྲ་བའི་གླང་ཆེན་ཀུན་ལ་ལྕགས་ཀྱུ་བཞིན། །འོངས་པའི་ནུས་ལྡན་གང་གི་ཚིག་གི་གཏེར། །མཆོག་ཏུ་བཙན་པ་ཐུབ་བསྟན་གྱེན་ནས་གྱེན། །འདྲེན་པའི་ཤིང་རྟ་ཆེན་པོ་ཉིད་དུ་གྱུར། །དེ་ཚེ་གྲགས་པ་མྱོས་དེ་གངས་ཅན་གྱི། །ཐིག་ལེ་གཅིག་གྱུར་ཁེངས་ལྡན་རལ་པའི་ཚོགས། །དེ་ཡི་རྐང་སྟེགས་ཉིད་དུ་བྱས་ནས་སུ། །ས་ལ་དགེ་མཚན་ཅི་ཡང་འགོད་པར་རྩོམ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་རྗེ་བཙུན་བྱམས་པའི་ཞལ་ལུང་ཞེས་བྱ་བ་འདི་ནི། ལུང་དང་རིགས་པ་སྨྲ་བ་ཤེས་རབ་ལེགས་པའི་དཔལ་གྱིས་བསྐུལ་བ་ལྟར་དུ། དཔལ་འབྲུག་པ་མི་ཕམ་པདྨ་དཀར་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ་ཞེས་བྱ་བ་ལྔ་རིག་པ་དེས་རྒྱལ་བྱེད་ཀྱི་ཚལ་གྱི་ཆོས་གྲྭར་སྦྱར་བ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་ལྷན་ཅིག་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག། །།
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net