བྲིས་སྐུའི་རྣམ་བཤད་མཐོང་བ་དོན་ལྡན་ཞེས་བྱ་བ་བཞུགས་སོ།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །བྲིས་སྐུའི་རྣམ་བཤད་མཐོང་བ་དོན་ལྡན་ཞེས་བྱ་བ་བཞུགས་སོ། །[1]

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཨོཾ་ཡིག་བཀྲ་ཤིས་བརྗོད་པ་སྔར་བཏང་ནས། །ཝཱ་ཀཀྱེ་དན་གདན་སྤྱི་བོའི་གཙུག་བཅས་ཏེ། །ན་མཿམཆོད་བསྟོད་ཀུན་བཟང་རྣམ་ཐར་གྱི། །ཆས་ཞུགས་ཟློས་གར་འགུལ་བས་སྐལ་བ་བཟང་། །ཟླ་ཟེར་བསིལ་བ་ཙམ་ལ་སྙན་ངག་པས། །བདུད་རྩིར་བཏགས་མོད་མཁས་པའི་ལང་ཚོའི་གཉེན། །ལེགས་བཤད་འབའ་ཞིག་བདུད་རྩིའི་དཔྱིད་ཡིན་པར། །རྟོགས་པ་ཀུན་དགའི་ནཱ་མ་ཅན་ངོར་འགོད། །དེ་ཡང་སྟོན་པའི་སྐུ་གཟུགས་བྲིས་སུ་བྲིས་པའི་ཐོག་མ་རྒྱལ་པོ་གཟུགས་ཅན་སྙིང་པོས་རྒྱལ་པོ་ཨུ་དྲ་ཡ་ཎ་ལ་སྐྱེས་སུ་བསྐུར་བ་དེ་ཡིན་ལ། དེ་ཡང་སྟོན་པའི་སྐུ་ལ་རིག་བྱེད་པ་དག་བལྟ་བས་མ་ངོམས་ནས་མིག་འབྲས་མྱོས་པ་ལྟ་བུར་གྱུར་སྐབས། སྟོན་པ་ཆུ་འགྲམ་དུ་བཞུགས། དེའི་གཟུགས་བརྙན་ཆུ་ཀླུང་དུ་འཆར་བ་དཔེར་བགྱིས་པ་ཆུ་རློན་མའོ། །གཉིས་པ་ནི། སིངྒ་ལའི་རྒྱལ་པོའི་བུ་མོ་མུ་ཏིག་འཁྲི་ཤིང་གིས། མུ་ཏིག་བྲེ་བོ་ཆེ་གསུམ་སྟོན་པ་ལ་སྐྱེས་སུ་ཕུལ་བའི་སྐྱེས་ལན་རས་ཀྱི་གཞི་མར་རི་མོ་ཅི་ཐོབ་པའི་ཐང་སྐུ་ལས་འོད་ཟེར་བཀྱེ་དེ་མནན་པ་འདི་སྐྱེ་མཆེད་གཙང་སྟེ། ཁ་ཆེ་དང་ཡུལ་དབུས་ཀྱི་ཕྱོགས་སུ་དར་རོ། །གསུམ་པ་སྟོན་པ་ལྷ་གནས་སུ་བཞུགས་པའི་དུས། རྒྱལ་པོ་ཨུ་དྲ་ཡ་ཎ་རབ་ཏུ་བྱུང་ཟིན་ལ། སྟོན་པ་དྲན་ཆེས་ནས་ཙན་དན་ལ་འབུར་དུ་དོད་པ་ཞིག་བཞེངས། ལྷ་ལས་བབས་པའི་དུས་སྐུ་དེས་སྟོན་པ་ལ་བསུ་བ་བྱས། ཙན་དན་ཇོ་བོར་གྲགས་པ་དེང་སང་རྒྱ་ནག་ན་བཞུགས་པ་འདི་དངོས་ལ་བཤུས་པའི་སི་ཐང་བྱུང་བ་རྣམས་ཏེ་དོན་སྟོན་པ་དངོས་སུ་བཞུགས་པའི་དུས་ནའང་སྐུའི་སྣང་བརྙན་ཕྱོགས་གཅིག་ཏུ་མ་ཆད་ལ། ཕྱིས་ཡུལ་སྣ་ཚོགས་སུ་བྱུང་བའི་དབང་གིས་བོད་ཡུལ་འདིར་ཡང་། བལ་བྲིས་རྒྱ་བྲིས་སུ་གྲགས་པ་དག་བྱུང་ངོ་། །ཕྱེད་བཅས་བཅུ་གཉིས་ཆ་དང་། མཐོ་དང་། ཐལ་མོ་དང་། ཆ་ཆེན་ཞེས་པ་གང་གིས་བརྗོད་ཀྱང་དོན་གཅིག་པའོ། །ཕྱིས་ཤེས་པར་ལྡན་པ་དག་གིས་དུས་འཁོར་གྱི་ལུགས། སྡོམ་འབྱུང་ཞེས་ཐ་དད་དུ་བགྲངས་ཀྱང་རྣམ་པར་དབྱེ་བ་ཆེར་མ་བྱུང་པ་འདི་ལྟ་སྟེ། དཔལ་ལྡན་རྒྱུད་དུ། རྒྱལ་བའི་བདག་པོ་གཙུག་ཏོར་ནས་ནི་མཛོད་སྤུའི་དབུས་སུ་ཕྱེད་དང་བཅས་པའི་ཉི་མའི་སོར་དུ་འགྱུར། །དེ་ནས་མགྲིན་པའི་ཆུ་སྐྱེས་དེ་བཞིན་སྙིང་ག་དང་ནི་ལྟེ་གསང་ཆུ་སྐྱེས་དེ་བཞིན་ནོ། །ཞེས་གསུངས་པའི་འགྲེལ་པར། འདིར་རྒྱལ་བའི་བདག་པོ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་སྟེང་ནས་མཛོད་སྤུའི་དབུས་ཞེས་པ་སྨིན་མའི་དབུས་སུ་ཕྱེད་དང་བཅས་པའི་ཉི་མའི་སོར་དུ་འགྱུར་ཏེ་ཕྱེད་དང་བཅས་པའི་སོར་བཅུ་གཉིས་ཀྱི་ཚད་དོ། །དེ་ནས་མགྲིན་པའི་ཆུ་སྐྱེས་དེ་བཞིན་ཕྱེད་དང་བཅས་པའི་སོར་བཅུ་གཉིས་ཀྱི་ཚད་དོ། །སྙིང་ག་ཡང་ཕྱེད་དང་བཅས་པའི་སོར་བཅུ་གཉིས་སོ། །དེ་ནས་ལྟེ་གསང་ཆུ་སྐྱེས་དེ་བཞིན་ཞེས་པ་ནི་ལྟེ་བའི་ཆུ་སྐྱེས་ཕྱེད་དང་བཅས་པའི་སོར་བཅུ་གཉིས་སོ། །དེ་བཞིན་དུ་གསང་བའི་ཆུ་སྐྱེས་ཕྱེད་དང་བཅས་པའི་སོར་བཅུ་གཉིས་སོ། །དེ་ལྟར་གཙུག་ཏོར་ནས་གསང་བའི་པདྨའི་མཐར་ཕྱེད་དང་བཅས་པའི་སོར་དྲུག་ཅུ་རྩ་གཉིས་ཀྱི་ཚད་ནི་སྐུའི་ཚད་དོ་ཞེས་གསུངས་ལ། སྡོམ་འབྱུང་ལས། ཚངས་པའི་རི་མོ་སོགས་གཟུགས་ཀྱི། །ཆ་ལྔ་ཡང་ནི་གདན་ཡིན་ནོ། །ཞེས་པ་འདིའི་གདན་ནི། རྒྱུའི་དོན་ཡིན་པར་རྒྱུད་སྡེ་མཁན་པོ་རྣམས་འཆད་པས་ན་བཞུགས་སྐུའི་དབང་དུ་བྱས་ནས་པདྨའི་ཟླ་བའི་སྟེང་ནས་གཙུག་ཏོར་གྱི་བར་མཉམ་པ་ལྔར་ཕྱེ། དུམ་བུ་གསུམ་ཅན་སྐུ་ལུས་ཀྱིས་ནི། མགྲིན་པ་ནས་གསང་བའི་མཐར་ཐུག་པ་ལ་ཆ་མཉམ་གསུམ་དུ་བྱས་པའི་གཅིག་ནི་ཞལ་ཚད་དོ། །ཆ་མཉམ་པས་ནི་ཞལ་བྱས་ཏེ། ཞལ་ནི་བཅུ་གཉིས་ཆ་ཡིན་ནོ། །ཞེས་གསུངས། འདིར་སོར་ཕྱེད་པ་མ་གསུངས་པ་ནི་རྒྱུད་ཞལ་གསལ་མི་གསལ་གྱི་ཁྱད་ཙམ་དུ་རིག་པར་བྱ་སྟེ། དོན་ལ་དེ་དགོས་པ་ཡིན་ནོ། །བྲི་བའི་ཚེ་སྐྱིལ་ཀྲུང་གི་དཔངས་ཙམ་འཕར་བས་དེ་བསྣན་གྱི་འབུར་ལ་དེ་ཀ་གསང་གནས་ཀྱི་འཕང་ཚད་དུ་རྟོགས་པས་ལོགས་སུ་མི་དགོས་སོ། །སྐུ་བཞེངས་པའི་དབང་དུ་བྱས་ནས། དཔལ་ལྡན་རྒྱུད་དུ། ཞབས་ཀྱི་འོག་དང་རྗེ་ངར་བརླ་དང་དཔྱི་ཡང་མ་ནུ་དེ་ཉིད་རིག་བྱེད་རྣམས་ཀྱིས་ཏེ། །ཞེས་པ་ལ་འགྲེལ་པར། ཞབས་ཀྱི་འོག་ནི་མ་ནུ་ཞེས་པ་སོར་བཅུ་བཞི་རྣམས་ཀྱི་འགྱུར་རོ། །རྗེ་ངར་ནི་དེ་ཉིད་ཅེས་པ་ཉི་ཤུ་རྩ་ལྔ་ཡིས་བརླ་ཡང་དེ་བཞིན་ནོ། །ཞབས་ཀྱི་དཔངས་ནི་རིག་བྱེད་ཅེས་པ་སྟེ་ཕྱེད་དང་བཅས་པའི་སོར་བཞི་ཡིས་སོ། །དེ་བཞིན་དུ་པུས་མོའི་ཚིགས་དང་དཔྱི་ཡང་སོར་བཞི་ཡིས་སོ། །དེ་ལྟར་ཕྱེད་དང་བཅས་པའི་སོར་དྲུག་ཅུ་རྩ་གཉིས་ཀྱིས་དཔྱི་ནས་རྐང་པའི་མཐིལ་གྱི་མཐར་རོ། །དེ་ལྟར་སོར་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ནི་སངས་རྒྱས་ཀྱི་སྐུའོ། །རྐང་པའི་མཐིལ་ལ་ཞལ་གང་སོར་གཉིས་ཡོད་པས་མ་ནུའོ། །དེ་ཡང་སྡོམ་འབྱུང་ལས། བརླ་དང་བྱིན་པའི་མཚམས་སུ་ནི། །སོར་བཞི་པ་དང་ཡང་དག་ལྡན། །པུས་མོའི་ལྷ་ང་སོར་བཞིའི་ཚད། །ཞབས་ཀྱི་བོལ་གྱིའང་དེ་ཉིད་དོ། །ཞེས་གསུངས་སོ། །དཔལ་ལྡན་རྒྱུད་དུ། བྲང་ཕྱེད་ཕྱེད་བཅས་ཉི་མས་རང་དཔུང་དཔུང་ལག་རྣམས་ནི་མཁའ་མིག་རྒྱལ་པོ་ཉི་མའི་ཚད་ཀྱིས་སོ། །ཞེས་གསུངས་པ་འགྲེལ་པར། བྲང་ཕྱེད་ཕྱེད་བཅས་ཉི་མས་ཞེས་པ་ནི་ཕྱེད་དང་བཅས་པའི་བཅུ་གཉིས་ཚད་ཀྱིའོ། །རང་དཔུང་དཔུང་ལག་རྣམས་ནི་མཁའ་མིག་རྒྱལ་པོ་ཉི་མའི་ཚད་ཀྱིས་སོ། །ཞེས་པ་ནི་ཉི་ཤུ་པ་ཡི་དཔུང་པའོ། །བཅུ་དྲུག་གིས་ཉེ་བའི་དཔུང་པའོ། །བཅུ་གཉིས་ཀྱིས་ལག་པའི་གུང་མོའི་སོར་མོའི་མཐར་ཐུག་པའོ། །གཅིག་གིས་ལག་པ་དང་ཉེ་བའི་དཔུང་པའི་ཚིགས་དང་དཔུང་པ་དང་ཉེ་བའི་དཔུང་པའི་ཚིགས་སོ། །ཕྱེད་དང་བཅས་པའི་སོར་དྲུག་ཅུ་རྩ་གཉིས་ཏེ་གཡོན་ལ་ཇི་ལྟ་བ་དེ་བཞིན་དུ་གཡས་ལའང་ངོ་། །འདིར་ཕྱེད་བཅས་བཅུ་གཉིས་པ་གཅིག་གསུམ་དུ་གསིལ་བས་ཕྲག་དཔུང་། འཁྲིག་དཔུང་། འཁྲིག་ལག་གི་ཚིགས་རེ་རེའང་སོར་མོ་བཞི་པར་བྱེད་པ་དེ་བཞིན། སྡོམ་འབྱུང་ལས། མགྲིན་པའི་རྩ་བའི་དབུས་ཀྱི་ཚད་དཔུང་པ་གཉིས་ཀྱིའང་ཆ་ཡིན་ནོ། །འདིས་ཕྲག་པ་མགུལ་རིམ་བར་མའི་དབུས་ཐད་ནས་བརྩམ་པའང་བཤད། ནུ་མའི་བར་གྱི་ཚད་ཀྱིས་ནི། །ནུ་མ་དཔུང་པའི་བར་གྱི་ཚད། །ལག་ངར་གཉིས་ཀྱི་ཚད་ཀྱིས་ནི། །དཔུང་པ་གཉིས་ཀྱི་འང་ཚད་དེ་ཉིད། །འདིར་འང་གི་སྒྲས་དཔུང་པ་འཁྲིག་མ་ལ་སོར་བཞིས་ལྷག་པ་བཤད་པས་རྒྱུད་གཉིས་མཐུན་པར་སོང་ངོ་། །དེ་ནི་སངས་རྒྱས་ཀྱི་དབང་དུ་མཛད་པ་སྟེ། དྲི་མེད་འོད་དུ། ཐམས་ཅད་དུ་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་གཅིག་ནི་སྐུའི་ཚད་དེ་གྲུ་བཞིའོ། །དེ་ཉིད་ནི་སེམས་ཅན་རྣམས་ཀྱི་ཁྲུ་བཞི་སྟེ། མི་རྣམས་ཀྱི་སོར་མོ་དགུ་བཅུ་རྩ་དྲུག་གོ །སྟེང་དང་འོག་ཏུ་ནི་བརྒྱད་ཅུ་རྩ་བཞིའོ། །དེ་ལྟར་མི་རྣམས་ནི་མཚན་ཉིད་མི་ལྡན་པའོ། །ཞེས་གྲུབ་པོ་ཞེས་གསུངས། དཔལ་ལྡན་རྒྱུད་ལས། རིག་བྱེད་ཕྱེད་དང་བཅས་པའི་བཞི་དང་ཆུ་གཏེར་ཕྱེད་དང་བཅས་པའི་རིག་བྱེད་རིག་བྱེད་ཀྱིས། །གཙུག་ཏོར་མགོ་བོའི་འོག་ཏུ་འགྱུར་ཏེ་རྒྱལ་བའི་བདག་པོའི་དཔལ་ལྡན་དཔྲལ་བ་དག་དང་ཤངས་དང་ནི། །ཤངས་ཀྱི་འོག་ཏུ་ཨོས་སྐོའི་མཐའ་དང་དེ་ནས་མགྲིན་པ་དག་སྟེ་མགྲིན་པའི་རྩ་བའི་ཆུ་སྐྱེས་དབུས། །ཞེས་པ་ཚུན་ལྷའི་ཐིག་རྩ་ཡིན་ལ། ལྷག་མ་དོན་གཞན་ནོ། །དེ་ཡང་འགྲེལ་པར། རིག་བྱེད་ཅེས་པ་བཞི་ཡིས་གཙུག་ཏོར་གྱི་ཚད་དོ། །ཕྱེད་དང་བཅས་པ་བཞི་ཡིས་མགོ་བོའི་དཔངས་སོ། །བཞི་ཡིས་དཔྲལ་བའོ། །བཞི་ཡིས་དང་ཡིག་ལས་ཤངས་སོ། །ཕྱེད་དང་བཅས་པའི་བཞི་ཡིས་ཤངས་ཀྱི་འོག་ཨོས་སྐོའི་མཐར་རོ། །བཞི་ཡིས་མགྲིན་པའོ། །ཞེས་གསུངས། དེ་ཉིད་སྡོམ་འབྱུང་ལས། དཔྲལ་བ་ཞལ་དང་ཤངས་ཀྱི་ཚད། །ཆ་གསུམ་ཞལ་གྱི་དཀྱིལ་འཁོར་རོ། །ཞེས་གསུངས། དེར་མགྲིན་པ་སོར་ནི་བཞི་པ་སྟེ། མཁས་པས་སྐྲ་མཚམས་དབུ་དང་ནི། །སྙན་གཡས་ལའང་དེ་ཉིད་སྦྱར། །འདི་སྐྲ་མཚམས་ཡན་གྱི་དབུ། སྙན་རང་གི་ཚད་ཀྱང་སོར་བཞིར་དངོས་སུ་བཤད་པ་འདྲ་ཡང་དོན་སྨིན་མའི་དབུས་དང་ཡས་རྩེ་མཉམ་པ་དགོས་ལ། རྣ་ཤལ་ཨོས་སྐོའི་མཐའ་དང་མཉམ་པ་བསྣན་པའོ། །སྨིན་མའི་དབུས་ཀྱི་བར་དང་། ཤངས་ཀྱི་འོག་ནས་ཡས་མཆུའི་བར། སྤྱན་དེ་ཉིད་དུ། སྨིན་མའི་དབུས་གང་ཞལ་གྱི་སྟེ། སྤྱན་གྱི་ཞེང་ཡང་སོར་གཉིས་སོ། །དེ་དག་དཀྱུས་ནི་སོར་བཞི་ཡི། །ཚད་ཉིད་དུ་ནི་ཤེས་པར་བྱ། །ཞེས་པའོ། །ཆ་ནི་བཅུ་གཉིས་ཚད་ཀྱིས་ནི། །ལྷ་ཡི་སྐུ་གཟུགས་བྲི་བར་བྱ། །ཞེས་པའི་ལྷ་ནི་ཁྲོ་ཆགས་སམ་དྲང་སྲོང་ཁྲོས་པའི་ཉམས་ཅན་རྣམས་ཏེ། རལ་པ་ལ་ཆ་ཆེན་གདན་ལ་ཆ་ཆེན་གཅིག་དང་རོ་གདན་བཅས་པའོ། །གཞན་དུ་འདིར་བཤད་པ་ནི་བཞེངས་པ་ཞལ་ཚད་བཅུ་པར་བྱས། དཔུང་མགོ་ནས་གུང་མོའི་རྩེ་མཐར་ཐུག་ལ་ཞལ་ཚད་ལྔ། དེས་ཕྱག་མ་བཏུད་པར་པུས་མོར་སླེབ་པ་ཡིན་ལ། མཛོད་སྤུའི་སྤུའི་གྲངས་ཀྱང་སུམ་ཅུ་རྩ་གཉིས་སུ་དྲི་མེད་འོད་ལས་བཤད་པས་ཆེ་བ་རྣམས་ལ་སྐྲ་རིས་ལྟར་གསིལ་བ་ལེགས་སོ། །དམིགས་བསལ་སྡོམ་འབྱུང་ནས། དམན་པའི་ཆ་སོགས་ཆ་རྣམས་ནི། །ཉེ་བར་མཛེས་བཞིན་ལེགས་པར་བྲི། །དེར་ཡང་ཞལ་གྱི་ཚད་མཚུངས་པའི། །ཕྱག་གཉིས་ཅུང་ཟད་བྲི་བར་བྱ། །ཚུལ་ཇི་ལྟར་བྲི་ན། སོར་གཉིས་དོར་བར་བྱས་ནས་ནི། །ཞི་བའི་ལྷ་ནི་བྲི་བར་བྱ། །དེར་ཡང་ཞལ་ནི་མཐོ་གང་ཚད། །མཐོ་གང་རང་རང་གིའོ། །བྱས་ཏེ་ཕྱག་ནི་རྟག་མཛེས་བྲིས། །ཡན་ལག་ཉིང་ལག་ཐམས་ཅད་ལ། །སོར་ནི་གཉིས་གཉིས་དོར་བར་བྱ། །ཞི་བ་སེམས་དཔའ་སེམས་མ་ལྷ་ཡི་རྒྱལ་པོ་ལ་སོགས་པའི་དབང་དུ་བྱས་པའོ། །ཇོ་བོ་རིན་པོ་ཆེ་ལ་སོགས་པ་དབུས་ལི་ཕལ་ཆེ་བ་ཞལ་འཛེངས་རིང་། གཞན་འདི་ནས་བཤད་པ་ཇི་ལྟ་བ། ཁ་ཆེ་བ་ཕལ་ཆེར་ཞལ་སོག་ཁ། ནུ་བར་དོག་ལ། དེའི་ཆས་དཔུང་མགོ་རྒྱས། དོན་ལ་འགྲིག ཁྲོ་བོ་ཁྲོ་མོའི་དབང་ཕྱུག་མ། །བྲན་ཕོ་བྲན་མོ་ཅི་བགྱིད་མ། །དྲག་ཅིང་འཇིགས་པའི་གཟུགས་རྣམས་ནི། །ཆ་བཅུ་པར་ནི་རྣམ་པར་བྲི། །གདན། སྐྲ་དང་བཅས་པས་ཆ་བཅུ་པ། །ཡིད་དུ་འོང་བའི་རང་གཟུགས་ནི། །ཆ་དགུ་པར་ནི་མངོན་པར་བྲི། །ལྷ་མོ་རྣམས་སོ། །གཙོ་བོ་རྣམས་མཚན་ཉིད་ཇི་ལྟ་བ་བཞིན་དུ་བྲི་ཡིས། དེ་ལྟར་མ་བྲིས་པར། ཨོས་སྐོ་མགྲིན་པ་བྱིན་པ་རྣམས། །གསུམ་པོ་རིང་ན་སྐྱོན་ཆེན་པོ། །སྔགས་པ་དག་ཉིད་ངེས་པར་ནི། །གནས་ལས་ཉམས་ཤིང་བསྐྲད་པར་འགྱུར། །ཤངས་དང་སྙན་དང་ཕྱག་སོར་རྣམས། །གསུམ་པོ་ཐུང་ན་སྐྱོན་ཆེན་པོ། །དངོས་གྲུབ་ངེས་པར་འཇོམས་པ་དང་། །དེ་བཞིན་དཔལ་ཡང་ཉམས་པར་འགྱུར། །བྱིན་པ་ཞལ་དང་མཁུར་ཚོས་ཏེ། །གསུམ་པོ་སྦོམ་པ་སྐྱོན་ཆེན་པོ། །སྒྲུབ་པོ་བདག་ཉིད་ངེས་པར་ཡང་། །དཔལ་ལས་རིང་ཞིང་བདུད་བགེགས་འབྱུང་། །འགྲམ་པ་བྲང་དང་རྩིབ་ལོགས་ཏེ། གསུམ་པོ་ཞོམ་ན་སྐྱོན་ཆེན་པོ། །དོན་ནི་ཉམས་པར་འགྱུར་བ་དང་། །འདིར་ནི་བགེགས་འབྱུང་ཐེ་ཚོམ་མེད། །ནུ་མ་སྙན་དང་དཔྲལ་བ་རྣམས། །གསུམ་པོ་ཡོ་ན་སྐྱོན་ཆེན་པོ། །སྒྲུབ་པ་པོ་ནི་མྱུར་བར་ནི། །དགྲ་ཡི་རྩོད་པས་གདུང་བར་འགྱུར། །བརླ་དང་དཀུ་དང་ནང་ཚོམས་གཉིས། །གསུམ་པོ་ཉམས་ན་སྐྱོན་ཆེན་པོ། །ཆོམ་རྐུན་རྣམས་ཀྱིས་འཇིགས་པ་དང་། འཆི་བར་འགྱུར་པ་ཐེ་ཚོམ་མེད། །སྙན་དང་མཆུ་དང་དཔྲལ་བ་དང་། །ཤངས་ཉམས་སྤྱན་ནི་ཡོ་གྱུར་ན། །སྔགས་པ་བདག་ཉིད་ངེས་པར་ཡང་། །སྣ་ཚོགས་བགེགས་འབྱུང་འཆི་བར་འགྱུར། །གྱེན་དུ་གཟིགས་ཤིང་དབུགས་བསྐྱོད་ཚུལ། །གདན་ལས་ཡོ་ཞིང་བསྐྱོད་ལྟ་བུ། །རང་གི་གནས་ལས་རྟག་འཕོ་ཞིང་། །དོན་རྣམས་འཇོམས་པ་ཉིད་དུ་འགྱུར། །མགྲིན་པ་ནང་ཚོམས་ལ་སོགས་སྐུའི། །སྐྱོན་ནི་གྲངས་མེད་ཅིག་ཏུ་གྲགས། །འདིར་ནི་སྤྱན་སོགས་ཡོ་བ་འམ། །ཕྱག་རྒྱ་ཕྱག་མཚན་ནོར་གྱུར་ན། །མྱ་ངན་སྡུག་བསྔལ་གྱིས་རབ་གདུང་། །སྣ་ཚོགས་སྐྱོན་སོགས་བརྟག་པར་བྱ། །རྒྱབ་ཡོལ་གདུགས་དང་གདན་རྣམས་ཏེ། །གསུམ་པོ་ཆུང་ཞིང་དོག་པ་སྐྱོན། །མཛའ་བོས་མི་སྙན་བརྗོད་པ་དང་། །དཔལ་ཉམས་འཆི་བར་འགྱུར་བ་ཡིན། །སྐྱོན་ནི་འདི་དག་སྐྱོན་ཆེན་པོ། །མཁས་པས་ལེགས་པར་བལྟ་བར་བྱ། །སྐྱོན་དེ་ལྟ་བུ་དག་སྤངས་བར་བྱའོ། །ཕན་ཡོན། སྔགས་པ་ལས་ནི་དང་པོ་པས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་བསྒྲུབས་ན་མྱུར་བར་ནི། །དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་གསུངས་སོ། །མདོར་བསྡུ་ན། དེ་ཉིད་དུ། དུལ་ཞིང་བཟོ་རྣམས་ཀུན་ཤེས་ལ། །ཆོ་ག་མཐོང་ཞིང་མ་ཉམས་པ། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་ཤིང་། །གཟུགས་མཛེས་པས་ནི་བྲི་བར་བྱ། །ཞི་ལ་ཞི་བའི་ཚུལ་གྱི་སྐུ། །དྲག་ལ་དྲག་ཅིང་འཇིགས་བྱེད་པ། །དཔའ་ལ་དཔའ་ཞིང་ང་རྒྱལ་སྐུ། །སྒེག་པ་ལ་ནི་བཞད་པའི་ཞལ། །མཚན་ཉིད་འདི་ལྟར་མཚོན་ནས་ནི། །སྔགས་པ་རྣམས་ཀྱིས་བྲིས་སྐུ་བྲི། །ཞེས་གསུངས་པ། ཞི་ཆགས་ཁྲོ་བའི་ཉམས་དོད་པར་བྱ་བ་ཡིན་ནོ། །གང་གི་ཤེས་མཛངས་ལྷ་ཡི་བླ་མ་དང་། །བཟོ་སྦྱངས་བི་ཤྭ་ཀརྨ་གཉིས་པ་ལྟའི། །ཀུན་དགའ་བཀྲ་ཤིས་ཞེས་བྱའི་གནངས་ཆེན་གྱིས། །བསྐུལ་ནས་པདྨ་དཀར་པོས་འབད་པས་སྦྱར། །གང་གི་དགེ་བའི་ཚོང་ཟོང་གིས། །ཐུབ་པའི་གཟུགས་སྐུའི་ནོར་བསྒྲུབས་ནས། ཇི་ལྟར་འདམ་པའི་ཞིང་ཁམས་ཀྱི། །འགྲོ་རྣམས་འདྲེན་པའི་དབང་པོར་ཤོག །བྲིས་སྐུའི་མཚན་ཉིད་རྒྱུད་སྡེ་ལས་གསུངས་པ་གོ་སླ་བར་སྦྱར་བ་འདི། ཆོས་ཀྱི་རྒྱལ་པོ་བྱང་པའི་གནངས་ཆེན་རྣམ་དཔྱོད་ཀྱི་འབྱོར་པས་ཕྱུག་པ་ཀུན་དགའ་བཀྲ་ཤིས་ཀྱིས་བསྐུལ་བའི་ངོར། ཤཱཀྱའི་བཙུན་པ་པདྨ་དཀར་པོས་སྦྱིན་པར་བྱས་པའི་ཆོས་སོ།། །།མངྒ་ལཾ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net