བྱང་ཆུབ་ཆེན་པོར་སེམས་བསྐྱེད་པའི་ཆོ་ག་ཤིན་ཏུ་རྒྱས་པའི་མདོའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།
༄༅། །བྱང་ཆུབ་ཆེན་པོར་སེམས་བསྐྱེད་པའི་ཆོ་ག་ཤིན་ཏུ་རྒྱས་པའི་མདོའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །[1]
བཅོམ་ལྡན་འདས་ཀྱི་རྒྱལ་ཚབ་རྗེ་བཙུན་བྱམས་པའི་ཞབས་ལ་ཕྱག་འཚལ་ལོ། །འགྲོ་བའི་ཁམས་ཀུན་བྱང་ཆུབ་ཆེར། །བསྒྱུར་བའི་སེམས་བསྐྱེད་གསེར་འགྱུར་རྩི། །གང་ལ་མངའ་བ་དེ་ཀུན་ལ། །འཕགས་ནོར་འདོད་པས་བདག་འདུད་དོ། །འདིར་ཇོ་བོ་རྗེ་ལྷ་གཅིག་གམ་སློབ་དཔོན་ཆེན་པོ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱིས་ཇི་ལྟར་གསུངས་པའི་ཐེག་པ་ཆེན་པོར་སེམས་བསྐྱེད་པའི་ཆོ་ག་བྱ་བར་འདོད་པས། སློབ་དཔོན་གྱི་སྤྱན་སྔར་འདུག་སྟེ་གསོལ་བ་གདབ་པར་བྱའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་ཞུགས་པ་རྣམས་ཀྱིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ། ཞེས་ལན་གསུམ་གྱིས་སོ། །དེ་ནས་སློབ་དཔོན་གྱིས་དེ་སྐྱབས་སུ་འགྲོར་གཞུག་སྟེ། དཀོན་མཆོག་ལ་དམིགས་པའི་ཕྱག་གསུམ་བཙལ་ནས། མདུན་དུ་ཙོག་པུ་ལག་པ་གཉིས་ཐལ་མོ་སྦྱར་བས་འདུག་ཏུ་བཅུག་ནས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་གཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་རྣམས་ཀྱི་མཆོག ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ་གྱིས་སོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་དམིགས་ཏེ་བཟང་སྤྱོད་ནས་བྱུང་བའི་ཡན་ལག་བདུན་པ་བྱས་ནས། སློབ་དཔོན་གྱི་སྤྱན་སྔར་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པས་སམ་སྔར་བཞིན་གྱིས་འདུག་ནས་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། སྐྱེ་བ་འདི་དང་སྐྱེ་བ་གཞན་དང་། གཞན་དག་ཏུ་སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། སྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་གཟུང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །དེ་ནས་སློབ་དཔོན་གྱིས་ཁྱོད་ཀྱིས་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། བྱང་ཆུབ་ཀྱི་སྒོར་ཞུགས་པ་ཡིན་པས། བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པ། བླ་མ་དང་མཆོད་པར་འོས་པ་བསླུ་བ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ་དང་། སེམས་ཅན་ཐམས་ཅད་ལ་གཡོ་དང་སྒྱུས་སྤྱོད་པ་བཞི་ལས་ཟློག་པར་བྱའོ། །བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་ཆོས། སྲོག་གི་ཕྱིར་ཡང་བསམས་བཞིན་དུ་བརྫུན་མི་སྨྲ་བ་དང་། སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་གནས་པར་བྱ་ཡི་གཡོ་སྒྱུས་མ་ཡིན་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་ཕྱོགས་བཅུར་ཡང་དག་པའི་ཡོན་ཏན་བརྗོད་པར་བྱ་བ་དང་། སེམས་ཅན་འགའ་ཞིག་དགེ་བ་ལ་འགོད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ལ་ནི་མ་ཡིན་པ་སྟེ་བཞི་ལ་བསླབ་པར་བྱའོ། །གཞན་ཡང་ཆོས་བཅུ་པ་ཞེས་པའི་མདོ་ལས་གསུངས་པ་དག་ལའང་བསླབ་པར་བྱ་བ་ཡིན་ནོ། །དེ་ལྟར་སྨོན་པའི་སེམས་བསྐྱེད་པ་འདིའི་ཕན་ཡོན་ནི། སྡོང་པོ་བཀོད་པའི་མདོ་ལས་དཔག་ཏུ་མེད་པ་གསུངས་ཤིང་། བྱང་ས་ལས། བྱང་ཆུབ་སེམས་དཔའ་ནི་སེམས་བསྐྱེད་མ་ཐག་ཏུ་བླ་ན་མེད་པའི་བྱང་ཆུབ་ཐེག་པ་ཆེན་པོ་ལ་ཞུགས་པ་ཡིན་ཏེ། ཞེས་ནས། དེ་ལྟར་དང་པོ་སེམས་བསྐྱེད་པ་དེ་ནི་བསྡུ་བ་དང་། རྩ་བ་དང་། རྒྱུ་མཐུན་པ་དང་། རྟེན་དུ་གྱུར་པ་ལས་རིག་པར་བྱའོ། །ཞེས་གསུངས་སོ། །འཇུག་པའི་སེམས་བསྐྱེད་པ་ལ། དགེ་བའི་བཤེས་གཉེན་གྱི་རྐང་པར་གཏུགས་ལ་ཕྱག་བྱས་ཏེ་འདུག་ལ། དགེ་བའི་བཤེས་གཉེན་ཀྱང་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ། དེའི་སྡོམ་པའི་ཆོ་ག་ཤེས་པ། དེ་འབོགས་པའི་སྒོ་ནས་སློབ་མ་རྗེས་སུ་འཛིན་ནུས་པ་ཞིག་དགོས་པ་དེ་བདག་གིས་འགྲུབ་རུང་དུ་ཡོད་དོ་བྱས་ཏེ། འདི་སྐད་བརྗོད་དུ་བཅུག སློབ་དཔོན་ཁྱེད་ལས་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་དེ་ལེན་པར་འཚལ་གྱི། དེ་ལ་གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་གསན་ཅིང་སྩལ་བར་རིགས་སོ། །ལན་གསུམ་གྱིས་གསོལ་བ་གདབ་བོ། །སློབ་དཔོན་གྱིས། ཁྱོད་འདི་ལྟར་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བ་དང་། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འདོད་དམ། དེས་འདོད་དོ། །དེ་ལ་ཁྱོད་ཀྱི་སེམས་བསྐྱེད་པ་བརྟགས་པ་དང་། ཡི་དམ་བརྟན་པར་བྱའོ། །གཞན་དང་འགྲན་པའི་ཆེད་དུ་མ་ཡིན་ནམ། མ་ཡིན་ནོ། །གཞན་གྱི་ནན་གྱིས་ལེན་དུ་བཅུག་པ་མ་ཡིན་ནམ། མ་ཡིན་ནོ། །ཞེས་ལན་གདབ། སྨོན་པ་བླངས་པའི་དེ་མ་ཐག་ཏུ་ལེན་ན་བདུན་རྣམ་དག་སྔར་གྱི་དེ་ཀས་ཐུས་ལ། མིན་ན་འདིར་དེ་བྱའོ། །དེ་ནས་དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་གྱིས་ལ་ཕྱག་གསུམ་ཚོལ་ཅིག་བྱས་ཏེ་སྔར་བཞིན་འདུག་པ་ལ། སློབ་མས་འདི་ལྟར་བསྐུལ་བར་བྱ་སྟེ། སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་བདག་ལ་མྱུར་དུ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་སོ། །བླ་མས། མིང་འདི་ཞེས་བྱ་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། ཡིན་ལགས། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། བཏབ་ལགས། ཞེས་ཁས་བླང་། དེ་ནས། མི་ཟད་པ་དཔག་ཏུ་མེད་པའི་བསོད་ནམས་ཀྱི་གཏེར་ཆེན་པོར་གྱུར་པ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་བྱང་ཆུབ་སེམས་དཔའི་སྡོམ་པ་རིང་པོར་མི་ཐོགས་པར་ཐོབ་པར་འགྱུར་རོ་སྙམ་བསམས་སེམས་རབ་ཏུ་དང་བར་འགྱུར་བས་དགའ་བ་དང་རངས་པ་བཅས་ཏེ་ཅང་མི་སྨྲ་བར་འདུག་ལ། སློབ་དཔོན་གྱིས། བྱང་ཆུབ་སེམས་དཔས་མི་སློབ་པའི། །དངོས་དེ་གང་ནའང་ཡོད་མིན་ལ། །ཞེས་གསུངས་པས། དེས་བསླབ་པར་བྱ་བའི་གནས་མཐའ་དག་སུས་བརྗོད་པར་ནུས། འོན་ཀྱང་ཨ་ཏི་ཤས། འཇུག་པའི་སེམས་ཀྱི་བདག་གཉིད་སྡོམ་གནས་པས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་བསླབས་པས། །ཞེས་གསུངས་པ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་གསུམ་དུ་འདུ་བ་ཡིན་ལ། དང་པོ་ནི། སོ་སོ་ཐར་པ་ལས་ཇི་སྐད་གསུངས་པ་བཞིན་བཅས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་རྣམས་དགག་པའི་གཉེན་པོའི་ཆུ་ལོན་བརྩིགས་པ་ཡིན་ལ། གཉིས་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་ལ་སོགས་པ་ལེགས་པར་བསྒྲུབ་ཅིང་ནན་ཏན་དུ་སྦྱོང་བ། གསུམ་པ་ནི། རང་གི་ནུས་པའི་ཡུལ། སེམས་ཅན་ལ་འདི་དང་ཕྱི་མ་ཐམས་ཅད་དུ་བདེ་བ་འབྱུང་བ་ཞིག་འདུག་ན་དེའི་གྲོགས་བྱེད་དགོས་པ་ཡིན་ནོ་གཞན་དུ་ན། བདེ་ཡང་མི་ཕན་མི་བྱའོ། །ཞེས་པས། གནས་སྐབས་སུ་བདེ་ཡང་ཕུགས་དེ་མི་ཕན་པའི་རྒྱུར་འགྲོ་བ་དང་། ཕུགས་གནོད་པར་འགྱུར་བ་རྩོམ་པ་ཐམས་ཅད་ལ་ཟློག་པའི་གྲོགས་བྱ་དགོས་པ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ནི་དེ་དག་ཡིན་ལ། དེ་བདག་ལས་ལེན་པར་འདོད་དམ། ཞེས་དྲི། དེས་ལེན་པར་འཚལ་ལོ། །ཞེས་ལན་བཏབ། དེ་ལྟར་ཁས་ལེན་པར་གྱུར་ན། བྱང་ཆུབ་སེམས་དཔའི་སྡོམ་པ་བྱིན་པ་ནི། བཙུན་པའམ། ཚེ་དང་ལྡན་པའམ། རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང་། ཕྱོགས་བཅུའི་འཇིག་རྟེན་ན་ད་ལྟ་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ། བསླབ་པའི་གཞི་དག་དང་། ཚུལ་ཁྲིམས་གང་དག་ལ་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབས་པར་གྱུར་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སློབ་པར་འགྱུར་བ་དང་། ཕྱོགས་བཅུ་དག་ན་ད་ལྟ་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟ་སློབ་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་ནོད་དམ་དེས་ནོད་དོ། །དེ་ལྟར་ལན་གཉིས་ལན་གསུམ་བརྗོད་པས་སྡོམ་པ་དེ་བླངས་པར་འགྱུར་པ་ཡིན་ནོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཏེ། ཐལ་མོ་སྦྱར་བས་འདུག་ལ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་བ་ལན་གསུམ་གྱི་བར་དུ་ཡང་དག་པར་མནོས་ལགས་ཏེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་འདིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ། བདག་མིང་འདི་ཞེས་བགྱི་བས་དཔང་དུ་གྱུར་པར་འཕགས་པའི་ཆོས་ལྐོག་ཏུ་གྱུར་ཀྱང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐས་གཏུགས་པའི་ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་བའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །ཞེས་ལན་གསུམ་བརྗོད། འདི་ནི་སློབ་དཔོན་གྱིས་སོ། །དེ་ནས་སློབ་མས་ཕྱག་འཚལ་ལོ། །སློབ་དཔོན་གཉིས་ཀ་ལངས་ཏེ། སློབ་དཔོན་གྱིས། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག འདི་ནི་ཆོས་ཉིད་ཡིན་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་ལས་བརྗོད་པ་རྫོགས་པ་དེའི་ཚེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་ལྟ་བུའི་ལྟས་འབྱུང་བར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་ལྟར་སངས་རྒྱས་ཀྱི་ཞིང་ག་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླང་བ་མནོས་སོ། །ཞེས་ཡང་དག་པར་མཁྱེན་པར་འགྱུར་རོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་ཆོས་ཀྱི་བརྩེ་བས་བུ་དང་སྤུན་ཟླའི་དགོངས་པ་མཛད་ལ། དེ་ལྟར་དགོངས་པ་མཛད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བར་འགྱུར་རོ། །ཞེས་བརྗོད་པ་གཟིགས་འཇུག་གོ །ཡང་སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླང་བ་འདི་དད་པ་མེད་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། གང་གི་ཕྱིར་དད་པ་མེད་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་རབ་ཏུ་བསྟན་ན། དད་པ་མེད་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་མ་དད་པས་སྤོང་བར་བྱེད་དེ། དེས་ན་ཇི་སྲིད་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་ལ་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་བ། དེ་སྙེད་ཀྱི་བསོད་ནམས་མ་ཡིན་པའི་ཕུང་པོ་མ་དད་པ་དེ་ལ་ལྡན་པར་འགྱུར་རོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་བསྲུང་བར་བྱ་བ་ཡིན་པས། གཞན་སྡིག་པ་ལས་བཟློག་པར་བྱ་སྟེ། དེའི་ཕྱིར་མཆོག་ཏུ་དགེ་བའི་བྱང་ཆུབ་སེམས་དཔས་གསང་བར་བྱ་བ་ཡིན་ནོ། །འདི་ནི་གྱ་ཚོམས་སུ་སྨྲ་བ་དགག་པ་ཡིན་ནོ། །དེ་ནས་བསླབ་པ་བརྗོད་དེ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ཐོབ་པའི་བྱང་ཆུབ་སེམས་དཔས་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་ཏེ་བདག་བསྟོད་པ་དང་། གཞན་ལ་སྨད་ན་ནི་བྱང་ཆུབ་སེམས་དཔའ་ཕམ་པའི་གནས་ལྟ་བུའི་ཆོས་དང་པོའོ། །ལོངས་སྤྱོད་དག་ཡོད་དེ། བདག་བཞིན་དུ་ཆགས་པའི་རང་བཞིན་གྱིས་སྡུག་བསྔལ་བ་དང་། བཀྲེན་པ་དང་། མགོན་མེད་པ་དང་། རྟེན་མེད་པའི་སློང་བ་པོ་ལེགས་པར་འོངས་པ་རྣམས་ལ་སྙིང་སྲ་བས་ཟང་ཟིང་མི་གཏོང་བ་དང་། ཆོས་ལ་སེར་སྣ་བྱེད་པའི་ཕྱིར་དོན་དུ་གཉེར་བ་འོངས་པ་རྣམས་ལ་ཆོས་ཀྱི་བགོ་བཤའ་མི་བྱེད་པ་ཕམ་པའི་གནས་ལྟ་བུ་གཉིས་པའོ། །ཚིག་རྩུབ་པོར་སྨྲས་པ་ཙམ་གྱིས་གཏོང་བར་མི་བྱེད་དེ། ཁྲོ་བའི་ཀུན་ནས་དཀྲིས་པ་དེ་ལྟ་བུ་འཕེལ་བར་བྱེད་ལ། ཁྲོ་བས་ཟིལ་གྱིས་ནོན་པས་ལག་པའམ། བོང་བའམ། དབྱུག་པས་སེམས་ཅན་རྣམས་ལ་བརྡེག་པར་བྱེད་རྣམ་པར་འཚེ་བར་བྱེད། རྣམ་པར་མཐོ་འཚམ་པར་བྱེད་པ་དང་། ཁྲོ་བའི་བསམ་པ་བདོ་བ་ཁོ་ན་ཞེ་ལ་གཟུང་སྟེ། གཞན་དག་གིས་བཤད་ཀྱིས་སྦྱངས་ཀྱང་མི་ཉན་ཞིང་མི་བཟོད་ལ་བསམ་པ་མི་གཏོང་བ་འདི་ཡང་ཕམ་པའི་གནས་ལྟ་བུའི་ཆོས་གསུམ་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སྐུར་པ་འདེབས་པ་དང་། བདག་ཉིད་དམ་གཞན་དག་གིས་གཡོམ་ལ་དམ་པའི་ཆོས་ལྟར་བཅོས་པ་ལ་མོས་ནས། དམ་པའི་ཆོས་ལྟར་བཅོས་པ་རྣམས་ལ་དགའ་བ་དང་། རྟོག་པ་དང་། འཇོག་པ་ནི་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པའོ། །ཕམ་པའི་གནས་ལྟ་བུ་བཞི་པོ་འདི་དག་ལས་གང་ཡང་རུང་བ་ཞིག་ཀུན་ནས་དཀྲིས་པ་ཆེན་པོས་སྤྱད་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་གཏོང་བར་འགྱུར་པས་ཁྱེད་ཀྱིས་ངོ་ཚ་ཤེས་པ་དང་། བག་ཡོད་པ་དང་། ཁྲེལ་ཡོད་པས་གནས་འདི་དག་སྤང་བར་བྱའོ། །གཞན་ཉེས་བྱས་ཀྱི་ལྟུང་བ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ཀྱང་བསྒྲིམས་ཏེ་བསྲུངས་པས་མ་གོས་པར་བྱའོ་ཞེས་པས་སོ། །བླ་མ་མེད་ན་རང་གིས་ལེན་པའི་ཚེ་དགོངས་གསོལ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དགོངས་སུ་གསོལ་ཞེས་པ་ཙམ་མོ། །དེ་ཡང་ཟླ་འོད་གཞོན་ནུའི་ཞལ་སྔ་ནས་ཁོ་བོའི་ཡོངས་སུ་འཛིན་པ་དཔལ་འབྲུག་པ་རིན་པོ་ཆེའི་བར་གྱི་བླ་མ་རྣམས་ཀྱི་ཕྱག་བཞེས་གསུང་གི་གསང་བ་མ་བསླད་པའོ།། །། བྱང་ཆུབ་སེམས་དཔའི་ས་ལས་གསུངས་པ། སེམས་བསྐྱེད་པ་རྣམ་པ་གཉིས་བསྡུས་པར་བླང་བ་ནི། ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཀྱི་དོན་ཡང་བྱེད་ཅིང་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འགོད་པར་གྱུར་ཅིག ཅེས་ལན་གསུམ་བརྗོད་པ་སྨོན་པའོ། །རྟེན་ནམ་ཡིད་ཀྱིས་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་པའི་སྤྱན་སྔར་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་འདུག་པའམ། ཙོག་པུར་འདུག་ཐལ་མོ་སྦྱར་བས། འདི་སྐད་དུ། བདག་མིང་འདི་ཞེས་བགྱི་བ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་འཚལ་ཏེ། དེ་དག་གི་སྤྱན་སྔར་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱ་བའི་ཚུལ་ཁྲིམས་གང་ལ། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང་། ཕྱོགས་བཅུ་ན་ད་ལྟ་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་པ་རྣམས་བདག་གིས་ཡང་དག་པར་བླང་ངོ་ཞེས་ལན་གཉིས་ལན་གསུམ་བརྗོད་པས་སོ།། །། སྲིད་པའི་ཕན་བདེའི་ཡལ་འདབ་ཀུན་གྱི་གཞི། །རྫོགས་པའི་སངས་རྒྱས་ས་བོན་དྲུང་པོ་བ། །གང་ཞིག་སེམས་ཀྱི་དམ་པའི་པདྨ་ནི། །སྐྱེས་པའི་ཡིད་རྫིང་ཐམས་ཅད་ཕྱག་བྱའི་གནས། །འདིར་དབུ་མ་ལུགས་ཀྱི་སེམས་བསྐྱེད་ལེན་པའི་ཆོ་ག བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས་ཇི་ལྟར་གསུངས་པ་བྲི་བར་བྱ་སྟེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ལན་གསུམ། སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་སྐྱབས་འགྲོ། དེ་ནས་ཕྱག་དང་དངོས་སུ་འབྱོར་པའི་མཆོད་པ་བསྟར་ཏེ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་འཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པས་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་ཡན་ལག་བདུན་པ་བྱའོ། །གཉིས་པ་ནི། བྱང་ཆུབ་ཀྱི་སེམས་ནི་རྣམ་པ་གཉིས་ཏེ། སྨོན་པ་དང་འཇུག་པ་སྟེ། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་པས་སོ། །དེ་གཉིས་ཀྱང་། ལམ་དུ་འགྲོ་འདོད་པ་དང་འགྲོ་བཞིན་པའི་ཁྱད་ལྟ་བུར་གསུངས་ཏེ། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པར་བྱ། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་སོ། །དེ་བས་ན་དེ་གཉིས་ཀྱི་ཕན་ཡོན་ལ་ཡང་། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །གང་ནས་གཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་སྒྲོལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་ན། །དེ་ནས་གཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང་། །ཞེས་གསུངས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་པ་ཙམ་ཡང་ཕན་ཡོན་དཔག་ཏུ་མེད་ན། བྱང་ཆུབ་ཏུ་ཞུགས་ནས་སྤྱད་པ་སྤྱོད་པ་ལྟ་ཅི་སྨོས་སྙམ་སེམས་ལ་གཞོག་ཅིག །ཅེས་སྐབས་དང་བསྟུན་པའི་བཤད་པ་བྱ། རང་ཉིད་ཀྱིས་ལེན་པ་ལ་བཤད་པ་འདི་དག་མི་དགོས། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་དེ་བསླབ་པ་ལ་ཇི་ལྟར་བསླབས་པ་དེ་བཞིན་དུ་བདག་གིས་ཀྱང་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་སུ་བཞག་པའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའི་བསླབ་པ་ལ་རིམ་པ་བཞིན་སློབ་པར་བྱའོ་སྙམ་པས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་རྣམས། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ། རྗེས་ནི། བདག་གི་སེམས་གཟེངས་བསྟོད་པའི་ཕྱིར། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །གཞན་དག་དགའ་བ་བསྐྱེད་པའི་ཕྱིར་དུ་ནི། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་ལན་གཅིག་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནོད་ནས་རྩ་བའི་ལྟུང་བ་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ། བློན་པོ་ལ་འབྱུང་ཉེ་བ་ལྔ། ཕལ་པ་ལ་འབྱུང་ཉེ་བ་བརྒྱད་དེ་བཅོ་བརྒྱད། རྫས་ཀྱི་སྒོ་ནས་བློན་པོའི་རྣམས་གཅིག་ཏུ་འདུས་པས་བཅུ་བཞི། བྱང་ས་ནས་བཤད་པའི་ཕམ་བཞི་དང་ཉན་རང་དུ་སེམས་བསྐྱེད་རྣམས་བསྲུང་། གང་ལས་ལྟུང་བ་དང་ལྟུང་བའི་གཟུགས་བརྙན། གང་ལས་ལྟུང་མེད་དང་ལྟུང་མེད་ཀྱི་གཟུགས་བརྙན་དུ་འགྱུར་བའི་གནད་བཤད་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་བསླབ་པའི་ཁོག་པ་འདི་ཡིན་པའི་ཕྱིར་རོ།། །། ཡང་ན་སྐྱབས་སུ་འགྲོ་བ་ནི། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་འདི་སྐད་དུ་གསུངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་བྱ་བའི་སླད་དུ། དུས་འདི་ནས་གཟུང་སྟེ་བྱང་ཆུབ་སྙིང་པོ་ལ་གནས་ཀྱི་བར་དུ། ཡང་དག་པར་རྫོགས་པའི་སངས་རྒྱས་རྐང་གཉིས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། འཇིགས་པ་ཐམས་ཅད་དང་བྲལ་བ། སྐྱེས་བུ་ཆེན་པོ། སྐྱེས་བུ་ཁྱུ་མཆོག སྐུ་བསམ་གྱིས་མི་ཁྱབ་པ། བླ་ན་མེད་པའི་སྐུ། ཆོས་ཀྱི་སྐུ་མངའ་བ་ལ་སྐྱབས་སུ་མཆིའོ། །ཆོས་འདོད་ཆགས་དང་བྲལ་བའི་མཆོག་ལ་སྐྱབས་སུ་མཆི་སྟེ། བླ་ན་མེད་པ། དེ་བཞིན་གཤེགས་པ་ལ་མངའ་བ། ཞི་བ་ཆོས་ཀྱི་སྐུ། སོ་སོ་རང་གི་རིག་པ་ལ་སྐྱབས་སུ་མཆིའོ། །དགེ་འདུན་དུལ་བ་ཚོགས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཕྱོགས་བཞིའི་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བཟླས། ཇི་སྙེད་སུ་དག་མའི་མཐར་སེམས་བསྐྱེད་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འགོད་པའི་སླད་དུ། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་དུས་འདི་ནས་གཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འགོད་པའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་ཤིང་ལྷག་མ་སྔར་བཞིན་དུ་སྦྱར་བར་བྱ་བ་ཚུལ་གཅིག་གོ །གང་ཡང་རྡོ་རྗེ་ཐེག་པའི་འཇུག་སྒོ་ཅིག །བདག་ཉིད་ཆེན་པོས་ཕྱེ་ལ་གཞན་ཁྲིད་ཐབས། །འདིའོ་སྟོན་འདོད་རྡོ་རྗེ་ཐེག་པ་ལ། །གུས་པའི་ཕྱག་འཚལ་བདག་གི་ལས་སུ་བྱ། །འདིར། དོན་དམ་པའི་སེམས་བྱང་ཆུབ་སེམས་དཔའ་སྔགས་ཀྱི་སྒོའི་སྤྱོད་པ་སྤྱད་པར་འདོད་པ་རྣམས་ཀྱིས་བསྐྱེད་པར་བྱ་བ་ནི། སློབ་དཔོན་གྱིས། བུ་དུས་གསུམ་དུ་སྒྲིབ་པ་མེད་པར་གནས་པས་དམ་ཚིག་ཆེན་པོ་ལ་འཇུག་པའི་སྡོམ་པ་ནོས་ཤིག ཅེས་བསྒོ། སློབ་མས་ཕྱག་བཙལ་ཐལ་མོ་སྦྱར་པུས་མོ་བཙུགས་ཏེ་འདུག་པས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། སློབ་དཔོན་གྱིས་དམ་ཚིག་ཆེན་པོར་འཇུག་པའི་སྡོམ་པ་སྩལ་དུ་གསོལ། སྟོན་པའི་བཀའ་སྤྱི་བོས་ནོད་པར་འཚལ་ལོ། །དེ་ནས་སློབ་དཔོན་གྱིས། རིགས་ཀྱི་བུ་དགོངས་ཤིག བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཁྱེད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ལྷག་པའི་བསམ་པས་བདག་གི་ལུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་བར་བགྱིའོ། །དེ་ནས་སློབ་མས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་གཟུང་སྟེ། ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དུས་ཐམས་ཅད་དུ་ཡོང་ཡེ་འབུལ་གྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་བཞེས་སུ་གསོལ། ཞེས་ལན་གསུམ་བརྗོད་པས་སྡོམ་པ་གཟུང་ངོ་། །དོན་དམ་པ་སྨོན་ལམ་གྱི་རང་བཞིན་ཅན་གྱིས་བསྐྱེད་པ་ཡང་། འདི་སྐད་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་ཞུགས་ནས་ནམ་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱིས། རང་གི་སེམས་ཐོག་མ་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་རང་བཞིན། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟར་བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་ལན་གསུམ་གྱིས་སོ། །དེ་ལྟར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཆོ་གས་བསྐྱེད་པ་རིག་གཏད་དམ། རྗེས་སུ་གནང་བའི་དབང་ལ་མ་བལྟོས་པའི་ཆོ་ག་བྱ་སྤྱོད་ཀྱི་རྒྱུད་བདག་ཉིད་ཆེན་པོ་རྣམས་ཀྱིས་ལུང་དུ་བཀྲལ་བ་ལྟར་བཤད་པ་འདི་རྣམས་ཀྱང་ཅོག་གྲྭ་བླ་མ་དཔལ་གྱི་སེང་གེར་གྲགས་པའི་དུས་འཁོར་བ་དེའི་ངོར། བྱང་ཆུབ་སེམས་དཔའ་པདྨ་དཀར་པོས་སྦྱར་བའོ།། །།
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net