ཕྱག་རྒྱའི་ཟློས་གར་བདེ་ཆེན་བཞད་པའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །
༄༅། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མདའ་བསྣུན་ཞབས་ཀྱི་རྣམ་པར་ཐར་པ་ལ་བསྔགས་པ་བརྗོད་པའི་ཚིགས་སུ་བཅད་པ་ཨེ་ཝཾ་ཕྱག་རྒྱའི་ཟློས་གར་བདེ་ཆེན་བཞད་པའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །
བདེ་བའི་ཡེ་ཤེས་གཉུག་མ་རྡོ་རྗེའི་ཁམས། །མི་ཕྱེད་སྟོང་པ་ཆེན་པོ་ཐིག་ལེའི་གཟུགས། །དོན་དམ་ལྷན་ཅིག་སྐྱེས་པའི་འོད་ཕྲེང་ཅན། །ཆོས་དབྱིངས་བྱ་རྩོལ་བྲལ་བའི་མཁའ་ལ་ཤར། ༡ །རྣམ་ཀུན་མཆོག་ལྡན་དམིགས་པ་ཀུན་བྲལ་ཨེ་ཡིག་རྡོ་རྗེ་བཙུན་མོའི་ཀློང་། །ཝྃ་ཡིག་འགྱུར་མེད་བདེ་ཆེན་རོས་མྱོས་མི་རྟོག་ཡེ་ཤེས་ཐབས་ཀྱི་ངང་། །སྤྲོས་བྲལ་ཟུང་འཇུག་བློ་འདས་བརྗོད་མེད་ཆོས་སྐུ་སྐྱེ་འགག་སྤངས་པ་ལས། །སྙིང་རྗེའི་རོལ་པ་གང་འདུལ་དེར་སྟོན་གཟུགས་སྣང་ཟླ་རིས་ཅི་ཡང་འཆར། ༢ །སྐྱེ་རྒུ་རྣམས་ཀྱི་ལེགས་བྱས་ཆུ་ཀླུང་དུ་མ་གཅིག་ཏུ་འཁྱིལ་པ་ཡི། །གཏིང་ཟབ་རིན་ཆེན་འབྱུང་བའི་གནས་ཀྱི་སྐ་རགས་བཟང་པོ་འཆང་བ་ཅན། །བསོད་ནམས་མཐུ་དབང་བཻཌཱུརྻ་ཡི་ས་གཞི་རྡུལ་བྲལ་ཁྱོན་ཡངས་པོར། །དཔལ་གྱི་སྙིང་པོ་དུ་མས་ལེགས་བལྟམས་ཁྱོད་སྐུའི་ལྗོན་པ་འཁྲུངས་པར་གྱུར། ༣ །རྣམ་གྲོལ་ཆོས་སྐུའི་སྡོང་པོ་རབ་བརྟན་ཚངས་སྤྱོད་འདབ་མ་ཤིན་ཏུ་ཡངས། །སྣ་ཚོགས་འཛད་མེད་ཅི་ཡང་འཆར་བ་མེ་ཏོག་འབྲས་བུའི་ལྕིད་ཀྱིས་ཕྱུག །འདོད་པའི་མེ་ལས་བསིལ་བར་བྱེད་པའི་གྲིབ་མའི་ཁྱོན་ནི་ཆུང་བ་མིན། །དེ་ཡིས་འགྲོ་རྣམས་ཀུན་དགའ་གསར་པས་ཡིད་ཀྱི་ངལ་གསོ་དམ་པར་བྱས། ༤ །གང་གི་ཡོན་ཏན་གཟི་བརྗིད་དང་ནི་གྲགས་པའི་དཔལ། །ལྷན་ཅིག་དར་བ་སྙན་པའི་གདུགས་དཀར་ལྷར་བཅས་ཀྱི། །འཇིག་རྟེན་ཀུན་གྱི་ལག་པའི་པདྨོའི་འདབ་མ་རྣམས། །གཅིག་ཏུ་བཟླུམས་ནས་སྲིད་པའི་རྩེ་མོར་སྒྲེང་བཞིན་པ། ༥ །ཁྱེད་ཀྱི་རྣམ་ཐར་མཐའ་བྲལ་རི་ཡི་ཐོད་ཅན་མས། །ཆ་ཤས་ཙམ་ཡང་གཞལ་བའི་སྤོབས་པ་དང་བྲལ་བ། །ངོ་མཚར་ཁྱད་འཕགས་ནོར་བུས་གང་བ་དེ་མཐོང་ཚེ། །ལྷ་དབང་གིས་ཀྱང་མིག་སྟོང་བགྲད་ནས་བལྟ་བ་བཞིན། ༦ །གྲངས་མེད་དུ་མར་ཚོགས་གཉིས་རིན་ཆེན་ཀེ་ཏ་ཀས། །གྲུང་པོར་བྱས་པ་དད་པའི་ཀུ་མུད་དགོད་པ་ཡི། །ཡིད་ཀྱི་མཚོ་དབུས་མཆོག་གི་གྲགས་དང་སྙན་པའི་གཟུགས། །ཟླ་བའི་ཟེར་གྱིས་ཉེ་བར་རེག་པས་རྣམ་རྒྱས་ཏེ། ༧ །དགའ་བའི་རླབས་ཕྲེང་ཀུན་ཏུ་གཡོ་བར་གྱུར་པ་ན། །ལྦུ་བའི་དོག་པ་མུཀྟི་ཀ་ཡི་ཆུན་པོ་དག །ཕྱོགས་ཀྱི་ཁེངས་ལྡན་འདོད་པས་མྱོས་པ་རྣམས་ལ་ཡང་། །ཡིད་ཀྱི་དབང་པོ་མགུ་བར་བྱེད་ཕྱིར་འདི་བརྩམ་མོ། ༨ །ཇི་ལྟར་དབྱར་སྐྱེས་ཆུ་འཛིན་སྒྲ་ནི་དལ་བུ་དལ་བུས་སྒྲོགས་པ་ན། །སཱ་ལས་བརྒྱན་པའི་ནོར་འཛིན་ལ་གནས་མདོངས་མཐའ་ཅན་རྣམས་དགའ་བའི་གར། །རྩེ་ཞིང་རྩེ་ཞིང་འཇོ་སྒེག་རོལ་པ་དང་འགྲོགས་འཇེབས་པའི་གླུ་ཡང་ལེན། །སྐྱེ་རྒུ་ཡིས་ཀྱང་མགྲིན་པའི་གླིང་བུས་སྙན་པའི་ཉམས་འགྱུར་དགའ་ཞིང་སྟོན། ༩ །དེ་བཞིན་སྔོན་བྱོན་མཁྱེན་པའི་ཡེ་ཤེས་བརྟན་པའི་འཁོར་ལོའི་བློ་གྲོས་ཀྱི། །ཟླ་བོར་བྱེད་པའི་མཁས་པ་རྣམས་ཀྱིས་ལེགས་པར་བཤད་པའི་ཏམྦུ་ར། །རྣམ་དཔྱོད་སོར་མོས་བསྐུལ་བའི་དབྱངས་སྙན་མཚོ་ལྡན་ངག་གི་ཁེངས་པ་ཡང་། །ཡང་དག་འཇིལ་བར་བྱེད་པའི་སྒྲ་ཡིས་ཁོར་ཡུག་འགེངས་པར་སྒྲོགས་པ་ལྟར། ༡༠ །འདབ་མ་རབ་བཞད་ཚར་དུ་དངར་བའི་གེ་ས་ར། །ཟིལ་དངར་ལ་གནས་ན་ཆུང་རྐང་དྲུག་མཛེས་པ་དེས། །ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་ལྷག་བྱེད་པའི། །སྙན་པའི་པི་ཝཾ་འདི་ལྟར་རབ་ཏུ་བརྡུངས་པར་གྱུར། ༡༡ །དུལ་བ་དུལ་བ་ཉེར་ཞི་ཞིང-། །མཚམས་སྤྲིན་གསར་པའི་བླ་གོས་ཅན། །གང་ཟག་མེད་པའི་བདག་རྟོགས་པ། །སྟོན་པའི་ཉན་ཐོས་པདྨོའི་ཚལ། ༡༢ །སྲིད་འགྲོ་ལ་འཇིགས་ཞི་བདེ་ཡི། །སྐྱེད་ཚལ་ལ་དགའ་ཆོས་བདག་མེད། །བརྒྱད་ཀྱི་ཟླ་བ་བཞིན་མཐོང་བའི། །རང་རྒྱལ་འཕགས་པ་བསེ་རུ་བཞིན། ༡༣ །བྱམས་པ་ཡི་ནི་གོ་བགོས་ཤིང་། །ཕ་རོལ་ཕྱིན་པའི་མཐར་སོན་པ། །དབང་བཅུའི་མངའ་བདག་འགྲོ་བའི་མགོན། །རྒྱལ་བའི་སྲས་པོ་སེམས་དཔའ་ཆེ། ༡༤ །ཕྲ་ཞིང་ཕྲ་བའི་ཤེས་སྒྲིབ་ཀྱང་། །ས་བོན་བཅས་པ་ཏིང་འཛིན་གྱི། །མཚོན་ཆས་རབ་བཅོམ་རྟོག་མེད་ཀྱི། །ཕྲིན་ལས་མངའ་བའི་བཅོམ་ལྡན་འདས། ༡༥ །འཇིག་རྟེན་འདི་ན་ཟླ་བྲལ་བའི། །དམ་པ་དེ་རྣམས་འབྱུང་བའི་ཞིང་། །ལེགས་བཤད་སྨྲ་བས་གང་པ་ཡི། །འཕགས་ཡུལ་ཞེས་བྱའི་གྲོང་གི་ཆ་། ༡༦ །དེ་ལས་ལྷོ་ཕྱོགས་འབྱོར་ལྡན་ཞིང་། །སྐྱེ་བོ་ཤེས་རབ་བློ་གྲོས་ཅན། །རང་བཞིན་གྱིས་ནི་རྒྱུད་འཇམ་པས། །ཡོངས་སུ་གང་བར་གྱུར་པའི་གླིང་། ༡༧ །བཻ་དརྦྷ་ཞེས་གྲགས་པའི་ལྗོངས། །ཡུལ་གྱི་དགེ་ལེགས་རྣམ་བཅུ་པོ། །དུས་ཀྱིས་བོས་པའི་དབྱར་ཁའི་དཔལ། །ཉེ་བར་ལྷགས་བཞིན་རྒྱས་པ་ན། ༡༨ །ཡིད་འོང་བཀོད་པས་མཛེས་པའི་གྲོང་། །འབུམ་ཕྲག་དུ་མར་བརྡལ་བ་ལ། །སུམ་རྩེན་ཡུལ་གྱི་བཀོད་པ་ཡང་། །མོག་པོར་བྱེད་པའི་དཔལ་ལྡན་པར། ༡༩ །བསོད་ནམས་དཔུང་པ་མངོན་མཐོ་ཞིང་། །གང་གི་ཤེས་རབ་སྟོབས་རྩལ་གྱིས། །མེས་པོའི་བློ་གྲོས་ནམ་མཁའ་ཡང་། །དོག་པོར་བྱེད་པའི་མི་ཡི་བདག ༢༠ །མ་ཧཱ་ཕ་ལ་ཞེས་གྲགས་པའི། །མིང་གིས་འཇིག་རྟེན་ཟིལ་གནོན་ཅིང་། །དྷརྨ་རཱ་ཛའི་ཕོ་ཉ་ཡང་། །འབྲོས་པར་སྙམ་པའི་གཟི་བརྗིད་ཅན། ༢༡ །དེ་ཡིས་ལེགས་པར་སྐྱོང་བ་ན། །གཏོང་བ་ལ་གོམས་འབྱོར་པའི་དབྱིག །ངལ་བསོས་བུས་ཀྱང་འགྲན་པ་ཡི། །ནུས་པས་དབེན་པར་བྱེད་པ་ཅན། ༢༢ །བང་མཛོད་དུ་མའི་དབང་ཕྱུག་ཅན། །རིགས་བཟང་བྲམ་ཟེ་ཆེན་པོ་ཡི། །ཡིད་ཀྱི་དཔལ་འཛིན་དགའ་མ་ཡི། །ལྷུམས་སུ་སྲིད་པའི་ཉེར་བཟུང་ཞིང་། ༢༣ །བཙས་པའི་དུས་ལ་བབས་པ་ན། །ཡ་མཚན་ཆོ་འཕྲུལ་བཀོད་པའི་སྤྲིན། །ཟས་གཙང་སྲས་པོའི་རྣམ་ཐར་བཞིན། །ཡོངས་སུ་འཕེལ་བར་གྱུར་དང་བཅས། ༢༤ །འགྲོ་བ་ཀུན་གྱི་རྨོངས་པའི་ཁྲི་མུན་དམ་པོ་ཉིད་དུ་ཆུད་པ་གང་། །ཐུགས་རྗེའི་མཐུ་སྟོབས་འོད་ཀྱིས་སེལ་བར་མཛད་པའི་མཐུ་ལྡན་རྟ་བདུན་ཅན། །འཇིག་རྟེན་གསུམ་ན་དཔེ་བྲལ་ཁྱོད་ནི་ཡངས་པའི་ཁྱོན་འདིར་མངོན་སྣང་ཚེ། །ཁྱིམ་བདག་བསོད་ནམས་ལྡན་པ་དེས་ཀྱང་ངོ་མཚར་འདབ་མ་རབ་རྒྱས་ཏེ། ༢༥ །ཡོངས་སུ་དགའ་བའི་དཔལ་དང་རབ་འགྲོགས་བཙས་པའི་སྟོན་མོ་དག་ཀྱང་བྱས། །དེ་ཚེ་ཕྱོགས་ཀྱི་སྐྱེ་བོའི་ཚོགས་རྣམས་གཞོན་ནུ་དེ་ཉིད་བལྟ་བའི་སླད། །ཇི་ལྟར་ཕུན་ཚོགས་དབྱར་གྱི་དཔལ་མོའི་ཕང་བར་རབ་མཛེས་ཡིད་འོང་བས། །ལང་ཚོའི་དཔལ་ལྡན་པདྨ་གསར་པ་འཁྲུངས་པར་གྱུར་ལ་མ་ནོག་པའི། ༢༦ །མེ་ཏོག་འབྲས་བུའི་དོ་ཤལ་གྱི། །ཁུར་ལྡན་མཛེས་མའི་འཁྲི་ཞིང་གི། །འཇམ་མཉེན་ལག་པའི་ལྕུག་མ་ནི། །རིང་པོར་བརྐྱངས་ནས་ལེན་པ་བཞིན། ༢༧ །སྣ་ཚོགས་སྤུ་སྡུག་གོས་ལྡན་པའི། །གཉིས་སྐྱེས་ཚོགས་པ་དགའ་བ་ཡང་། །རབ་ཏུ་རྒྱས་པ་ག་ཞའི་སྒྲས། །དབྱར་རྔའི་དཔལ་ལ་འགྲན་པ་ལྟར། ༢༨ །ལང་ཚོས་ཡོངས་གང་ལུས་ཕྲ་མ། །ར་ཡིག་གཉིས་པའི་ཚོགས་རྣམས་ཀྱང་། །ཕན་ཚུན་སྙན་པའི་གླུ་ལེན་ཅིང་། །ཆགས་པས་དེ་ལ་རྩེ་བ་བཞིན། ༢༩ །བྲམ་ཟེ་ཆེན་པོ་ས་ར་ཧའི་རྟོགས་པ་བརྗོད་པ་ལས། བྲམ་ཟེའི་རིགས་སཱ་ལ་ཆེན་པོ་ལྟ་བུར་སྐུ་བལྟམས་པའི་སྐབས་ཏེ་དང་པོའོ།། །།སཱ་ལའི་འབྲས་བུ་ཇི་ལྟར་ཕྲ་ན་ཡང་། །རིང་པོར་མི་ཐོགས་སྐྱེད་ཚལ་མཛེས་པའི་རྒྱན། །པདྨའི་མྱུ་གུ་ཤིན་ཏུ་ཆུང་ངུ་ཡང་། །ཉིན་ཞག་འགའ་ནས་རྫིང་བུའི་དབུས་ན་མཛེས། ༣༠ །དེ་ཚེ་སེམས་དཔའ་གཞོན་ནུ་ཡང-། །གཟུགས་དང་ཁ་དོག་ལང་ཚོ་དང་། །སྟོབས་དང་གཟི་བརྗིད་ལ་སོགས་པ། །ལུས་ཀྱི་དཔལ་རྣམས་རྒྱས་པར་གྱུར། ༣༡ །སྐྱེ་བོའི་ལུས་ཀྱི་སྒྱུ་རྩལ་ཡང་། །རྒྱུགས་དང་མཆོངས་དང་འཕང་བ་དང་། །རལ་གྲི་གཞུ་ཡི་འཁོར་ལོ་དང་། །གླང་པོ་སེང་གེ་འཛིན་པ་དང་། ༣༢ །བཅང་དང་གནོན་ཅིང་ཕ་རོལ་ཕྱོགས། །བཟུང་དང་འཇོམས་པའི་འཁྲུལ་འཁོར་སོགས། །མ་ལུས་རྫོགས་ཤིང་འགྲན་པས་ཀྱང་། །རྣམ་རྒྱལ་ས་ཡི་བརྒྱ་བྱིན་ཉིད། ༣༣ །ཡི་གེ་ཀློག་དང་འབྲི་བ་དང་། །དེ་བཞིན་རི་མོར་བྱ་བ་དང་། །བཟོ་དང་ལུགས་སོགས་ཕྱི་རོལ་གྱི། །བྱ་བ་ལ་ཡང་མཁས་པར་གྱུར། ༣༤ །བསྟན་བཅོས་རྩོམ་དང་འཆད་པ་དང་། །གསོ་བ་བརྡ་ཡི་སྦྱོར་བ་དང་། །ངག་གི་རང་བཞིན་མཛེས་པའི་རྒྱན། །ལེགས་པར་སྦྱར་སོགས་ཁོང་དུ་ཆུད། ༣༥ །ཤིན་ཏུ་གཙང་སྦྲས་སྤྱོད་པ་དང-། །བྲམ་ཟེ་ཡི་ནི་གསང་བའི་ཚིག །ཕྱི་དང་ནང་གི་རིག་པའི་གནས། །མཐའ་ཡས་ཤེས་རབ་ཀྱིས་རྫོགས་གྱུར། ༣༦ །དེ་ལྟར་འཛམ་གླིང་ཡངས་པའི་ཁྱོན་ན་རྒྱུ་བ་ཡི། །ཆུ་ཀླུང་ལ་སོགས་འབབས་ལྡན་ཇི་སྙེད་ཅི་མཆིས་པ། །མ་ལུས་མཐའ་བྲལ་རྒྱ་མཚོ་ཆེན་པོར་འཇུག་པ་བཞིན། །དཔའ་ཆེན་ཁྱོད་ཀྱི་དགོངས་པའི་དབྱིངས་སུ་ཤེས་བྱ་ཡི། ༣༧ །ཆོས་ཀུན་ཡོངས་སུ་རྫོགས་པར་གྱུར་པ་འདི་ཅི་གོ། །དཔེར་ན་མཐའ་བྲལ་ལྷ་ཡི་རྫིང་གི་ངོས་ཡངས་པོར། །རྒྱུ་སྐར་ཚོགས་པ་ཕྲ་མོས་བཀྲ་བའང་མ་རྫོགས་པར། །ཕན་ཚུན་འགྲོ་ཞིང་འོང་དང་ལྡོག་པའི་ཚུལ་དེར་ལྟོས། ༣༨ །ཤེས་བྱའི་གནས་རྣམས་དེ་བཞིན་དུ། །མ་ཡིན་གང་གི་མཁྱེན་རབ་མཁར། །ཐམས་ཅད་ཆུད་ལ་ཚངས་པ་ཡང་། །ངོ་མཚར་སྤྲོ་བ་ཅིས་མི་འཕེལ། ༣༩ །བྲམ་ཟེ་ཆེན་པོ་ས་ར་ཧའི་རྟོགས་པ་བརྗོད་པ་ལས། རིག་པའི་གནས་ཀུན་ལ་སྦྱངས་ཤིང་མཁས་པར་གྱུར་པའི་སྐབས་ཏེ་གཉིས་པའོ།། །།དུས་ཀྱི་ཤུགས་ནི་འཕེལ་བར་གྱུར་པ་དབྱར་ཁའི་དཔལ། །མ་བོས་པར་ཡང་མགྲོན་རྣམས་ཀུན་དགའི་དཔལ་དུ་འོད། །ཅང་ཤེས་གོམ་པས་ས་ཡི་ཁྱོན་ན་རྒྱུ་བ་ཡང་། །གཞན་གྱིས་མ་ཡིན་རང་གི་སྟོབས་ཀྱིས་ཁྱད་པར་འཕགས། ༤༠ །པདྨ་གཞོན་ནུ་རྫིང་དུ་གནས་པ་ཐམས་ཅད་ཀྱང་། །རང་བཞིན་གྱིས་ནི་འདབ་མ་རབ་ཏུ་རྒྱས་པར་འགྱུར། །ས་བོན་བཏབ་པ་དུས་ལ་བབས་པ་དེ་ཡི་ཚེ། །འབྲས་བུ་ལ་སོགས་འབྱུང་བ་བཞིན་དུ་མཁས་པ་ཁྱོད། ༤༡ །གྲངས་མེད་དུ་མར་ཚོགས་གཉིས་མཐུས། །ཡོངས་གྲུབ་རྒྱལ་བའི་བསྟན་པ་ལ། །དད་པའི་སྐྱ་རེངས་ཀྱིས་དྲངས་པས། །མོས་པའི་ཉི་མ་ཤར་བར་གྱུར། ༤༢ །ཇི་ལྟར་ཚད་པས་གཙེས་པ་ཡི། །སྐྱེས་བུས་ལྗོན་པའི་གྲིབ་བསིལ་དུ། །གདུང་བ་སྐྱོབ་ཕྱིར་འགྲོ་བ་ལ། །བྲེལ་ཞིང་རིངས་པར་གྱུར་པ་བཞིན། ༤༣ །ཟབ་མོ་རྡོ་རྗེའི་ཐེག་པ་ཡི། །གྲོང་ཁྱེར་ཉམས་དགར་སྤྱོད་པ་ལ། །རྒྱལ་སྲས་དཔའ་བོ་ཆེན་པོ་དེ། །ལྷག་པར་བྲེལ་བ་ཉིད་དུ་གྱུར། ༤༤ །ལམ་གྱི་ཐེམ་སྐས་ལ་འཛེགས་ཏེ། །ཐར་མཆོག་རྩེ་མོར་འགྲོ་བའི་སླད། །བཅུ་ཕྲག་རིག་པ་སྨྲ་རྣམས་དང་། །མཚམས་སྤྲིན་གསར་པའི་དཔའ་འགོང་བའི། ༤༥ །འཕགས་མཆོག་འདུས་པས་གང་བ་ཡི། །ནཱ་ལེནྡྲ་ཡི་གཙུག་ལག་ཏུ། །མཁན་པོ་སྒྲ་གཅན་འཛིན་བཟང་པོའི། །སྤྱན་སྔར་གང་གི་ལན་བུ་ཡང་། ༤༦ །མིག་སྨན་ཚོན་གྱིས་བྱུག་པ་བཞིན། །སྣུམ་ཞིང་རིང་པོར་འཕྱང་བ་ཅན། །གསེར་གྱི་སྤུ་གྲིས་བཅད་པར་བྱས། །དེ་བཞིན་དཀར་བའི་རས་ཀྱི་གོས། ༤༧ །ལ་སོགས་སྤངས་ཏེ་རབ་ཏུ་བྱུང་། །པདྨ་རཱ་གའི་མདངས་འཕྲོག་པའི། །ཆོས་གོས་གསུམ་དང་བཟའ་བའི་སྣོད། །དེ་ཡི་ཉེར་སྤྱད་རྒྱན་དུ་བྱས། ༤༨ །ཇི་ལྟར་ལང་ཚོའི་དཔལ་གྱིས་ཕྱུག་པའི་པདྨོའི་ཚལ། །རབ་ཏུ་བཞད་པའི་མཚོ་དབུས་དལ་བར་འགྲོ་བ་ཡི། །དང་པ་བཞིན་དུ་ཞི་བར་གྱུར་པའི་རྒྱལ་སྲས་ཏེ། །ཚོགས་ཀྱི་ཁྲོད་ན་མཐུན་པས་སྤྱོད་ཅིང་གནས་པར་གྱུར། ༤༩ །བྲམ་ཟེ་ཆེན་པོ་ས་ར་ཧའི་རྟོགས་པ་བརྗོད་པ་ལས། རབ་ཏུ་བྱུང་བའི་བསླབ་པ་བླངས་ནས་ཚངས་པ་མཚུངས་པར་སྤྱད་པའི་སྐབས་ཏེ་གསུམ་པའོ།། །།ནམ་མཁའི་ཐིག་ལེའི་འོད་ཀྱིས་རྫིང་ན་གནས་པ་ཡི། །པདྨའི་ཚོགས་ནི་དགའ་བ་རབ་ཏུ་རྒྱས་པར་བྱེད། །དེ་བཞིན་ཀུ་མུད་གཞོན་ནུ་གནས་པའི་སྐྱེད་མོས་ཚལ། །བཅུ་དྲུག་ཆ་ལྡན་དཀྱིལ་འཁོར་ཟེར་གྱིས་མཛེས་པར་གྱུར། ༥༠ །འཆི་མེད་དབང་པོ་སུམ་རྩེན་ཡུལ་དུ་རྒྱུ་བ་ན། །སྣ་ཚོགས་ནོར་བུས་བརྒྱན་པའི་གྲོང་དེ་ཁྱད་པར་འཕགས། །གདེངས་ཅན་གཙུག་གནས་ཡིད་བཞིན་དབང་གི་རྒྱལ་པོ་ཡང་། །བརྗིད་པ་དེས་ནི་འབྱོར་པའི་དཔལ་ཡོན་འཕེལ་བའི་གཏེར། ༥༡ །ཆུ་གཏེར་གྱིས་བསྐོར་གླིང་བཞིའི་དབུས་ན་མནྡཱ་ར། །མཆོག་གྱུར་དེ་ནི་ས་ཡི་རྒྱན་དུ་ལྷག་པར་མཛེས། །རྒྱལ་བསྟན་དྲི་མེད་ཀུན་གསལ་ཡངས་པའི་ཁྱོན་ལ་ནི། །མཁས་དབང་གཉིས་སྐྱེས་དབང་པོ་ཁྱོད་ལས་གཉིས་པ་སུ། ༥༢ །ཇི་ལྟར་འདིར་གནས་སྐྱེ་རྒུ་ཡི། །མིག་གི་བདུད་རྩིར་བྱེད་པའི་སླད། །རང་བྱུང་ལྷུན་གྲུབ་འོག་མིན་ཞིང་། །ས་ཡི་དཔྱིད་དུ་འཕོས་པ་བཞིན། ༥༣ །ངོ་མཚར་ལས་ཀྱང་ངོ་མཚར་བའི། །བཀོད་པ་ཤིན་ཏུ་མཛེས་པ་ཅན། །ནཱ་ལེནྡྲ་ཡི་གཙུག་ལག་ཁང་། །འཇིག་རྟེན་མཛེས་པའི་དཔལ་གྱུར་པར། ༥༤ །ཅི་འདི་མཚམས་སྤྲིན་གསར་པ་གསར་པའི་དཔལ་དང་ལྡན་པའི་ཕུང་པོའམ། །ཡོན་ཏན་མཆོག་རྒྱན་ངུར་སྨྲིག་གོས་ཅན་དུལ་བ་དུལ་བས་རྒྱུ་བྱེད་དམ། །སྙམ་པའི་ཡིད་ཀྱི་དབང་པོ་ཀུན་ནས་ཀུན་ཏུ་གཡོ་བར་ནུས་པ་ཡི། །དགེ་འདུན་འདུས་པ་རྒྱ་མཚོའི་རྒྱ་མཚོས་རྣམ་པར་བརྒྱན་པ་ལ་འགྲན་པའི། ༥༥ །ཚོགས་ཀྱི་ཁྲོད་ན་ཉི་མ་བཞིན། །མཁྱེན་པའི་ཟེར་གྱིས་ཉོན་མོངས་དཔུང་། །འཇོམས་ཤིང་བློ་གྲོས་དགའ་ཚལ་ཡང་། །ཡོངས་སུ་མཛེས་པར་བྱེད་པ་ཅན། ༥༦ །བྲམ་ཟེ་ཆེན་པོ་སྒྲ་གཅན་འཛིན། །གང་གི་ཆོས་ཀྱི་ཁྲི་གནོན་ཅིང་། །རྒྱལ་བས་ལེགས་གསུངས་ཆོས་ཀྱི་སྒོ། །ཉིན་རེ་བཞིན་དུ་དབྱེ་བ་དང་། ༥༧ །བསྟན་བཅོས་རྩོམ་དང་འཆད་པ་དང་། །རྩོད་པས་ལོག་རྟོག་ཝ་སྐྱེས་སྡེ། །གདོང་ལྔའི་ང་རོས་འཇོམས་པ་སོགས། །ཚོགས་ཀྱི་མཁན་པོའི་བྱ་བ་ཡང་། ༥༨ །དོན་ཀུན་གྲུབ་པའི་རྣམ་པར་ཐར། །ཡོངས་སུ་འཛིན་པའི་དཔལ་ཡོན་ཅན། །དེ་ཡི་གཟི་བརྗིད་ཕྲེང་བ་ཡིས། །ཕྱོགས་ཀྱི་དྲེགས་པ་ལྡན་རྣམས་ཀྱང་། ༥༩ །ཇི་ལྟར་རིན་ཆེན་གླིང་ན་བགྲོད་པའི་མགྲོན་པོ་བཞིན། །ཁྱོད་ཉིད་ཁོ་ན་ཡིད་ལ་བྱེད་ཅིང་ངལ་དང་དུག །ཡོངས་སུ་བཏང་ནས་ལྷགས་པར་གྱུར་པའི་ཚོགས་རྣམས་ཀྱང་། །ཕྱོགས་ཀྱི་གླང་པོ་བྲེལ་བར་གྱུར་པའི་གོམ་སྟོབས་ལྟར། ༦༠ །དེ་དག་ལ་ཡང་ཆོས་ཀྱི་ཆར། །དྲི་མ་མེད་པས་ཚིམ་མཛད་དེ། །ཁྱོད་མཐུ་ཡིད་བཞིན་འབྱུང་གནས་ཀྱིས། །ཆོས་ཀྱིས་ཕོངས་རྣམས་འབྱོར་ལྡན་བྱས། ༦༡ །གང་གི་གསུང་གི་ཆུས་བཀྲུས་པའི། །རྨོངས་པའི་དྲི་བྲལ་མཁས་པའ་ིཚོགས། །མཆོག་གི་དྲིན་གྱིས་མཛེས་གྱུར་ན། །སློབ་དཔོན་གཞན་ལ་བལྟོས་མ་ཡིན། ༦༢ །དགེ་ལེགས་དངོས་པོ་དུ་མ་ཡིས། །ཡིད་བཞིན་ནོར་ལས་ཁྱད་པར་འཕགས། །སྨྲ་དབང་གྲགས་པའི་གཟི་བརྗིད་ནི། །ཉི་མ་བཞིན་དུ་རབ་འབར་བ། ༦༣ །འཇིག་རྟེན་གསུམ་གྱི་ཕྱག་གི་གནས། །ངུར་སྨྲིག་རྒྱལ་ཚབ་ཆེན་པོའི་རྩེར། །བཀོད་པས་རྒྱལ་བསྟན་ཕྱོགས་མཐར་ཡང་། །ནུབ་མེད་རྒྱས་པའི་མཐུ་དབང་གྲུབ། ༦༤ །དེ་ཚེ་མཆོག་གི་བསྟན་ལ་མཛད་པ་རྨད་བྱུང་བ། །ཡོངས་སུ་རྫོགས་པ་མཁས་པས་རབ་ཏུ་རྟོགས་ནས་ཀྱང་། །རང་གི་སློབ་མ་གསེར་རིའི་ཕྲེང་མཛེས་བརྡལ་བ་ལས། །མནྡཱ་ར་ལྟར་མཆོག་ཏུ་གྱུར་པ་འཛམ་བུའི་གླིང་། ༦༥ །མཛེས་པར་བྱེད་པའི་རྒྱན་གྱི་མཆོག་ཏུ་རབ་གྲགས་པའི། །ཀླུ་ཡི་སྲིད་སྒྲུབ་རྒྱལ་མཚན་དམ་པར་དབང་བསྐུར་ཏེ། །རིན་ཆེན་ཆོས་ཀྱི་ཁྲི་ལ་བཀོད་ནས་རྒྱལ་བའི་བསྟན། །འཛིན་ཅིང་སྤེལ་བའི་མཁན་པོ་མཆོག་ཏུ་མངའ་གསོལ་ཏེ། ༦༦༠ །རྒྱལ་པོ་རྣམས་ཀྱིས་རང་གི་སྲིད་ནི་འཚོ་བྱེད་ཅིང-། །སླར་ཡང་གཞོན་ནུ་པདྨ་ལྟ་བུར་དབང་ཡང་བསྐུར། །དེ་བཞིན་རྒྱལ་བའི་ཕྲིན་ལས་དུས་ལ་བབས་པ་ན། །ཆོས་ཀྱི་སྲས་པོ་དམ་པར་དབང་བསྐུར་ཡོངས་སུ་གྲགས། ༦༧ །བྲམ་ཟེ་ཆེན་པོ་ས་ར་ཧའི་རྟོགས་པ་བརྗོད་པ་ལས། ནཱ་ལེནྡྲའི་མཁན་པོ་མཛད་ཅིང་རྒྱལ་བའི་བསྟན་པ་ལ་སྟོན་པ་གཉིས་པའི་མཛད་པ་བསྐྱངས་ཏེ་མཐར་འཕགས་པ་ཀླུ་སྒྲུབ་ལ་བསྟན་པ་གཏད་པའི་སྐབས་ཏེ་བཞི་པའོ།། །།ཕྱི་ཡི་ཉི་ཟླས་སྣང་བ་སྟེར་ཡང་དུག་ལྔའི་ཁྲི་མུན་འཇོམས་པ་མིན། །འཇིག་རྟེན་ལྟར་སྣང་ལེགས་ལེགས་འདྲ་ཡང་ཕ་རོལ་གནས་སུ་དེ་ལྟར་མིན། །དཔག་བསམ་ཤིང་གིས་འདོད་པ་སྦྱིན་ཀྱང་དམ་པའི་གོ་འཕང་ག་ལ་ཞིག །ཉན་ཐོས་སྤྱོད་པ་ལྟར་སྣང་མཛེས་ཀྱང་ཀུན་མཁྱེན་གོམ་སྟབས་དལ་བུས་བསྐྱོད། ༦༨ །དེ་ནས་དཔའ་བོ་བློ་ལྡན་པ། །དེ་ནི་རང་གི་ཡུལ་དུ་འོང་། །རྒྱ་མཚོའི་གླིང་གི་མགྲོན་པོ་བཞིན། །ཟླ་བ་གསར་པའི་དཔལ་ལྡན་པ། ༦༩ །མཐོང་ཚེ་གཉིས་སྐྱེས་ཚོགས་པ་ཡི། །ཡིད་ལ་ཟུག་རྔུའི་ཚེར་མས་མནར། །འཁྲི་ཤིང་རླུང་གིས་བསྐྱོད་པའི་རྡུལ། །འདྲེན་བྱེད་དབང་པོར་ལྷུང་བཞིན་གྱུར། ༧༠ །ཚངས་སྤྱོད་བརྟུལ་ཞུགས་མཐར་ཕྱིན་པའི། །དཔའ་བོ་དེ་ནི་སྐྱེད་ཚལ་དུ། །འཆགས་ཕྱིར་ངང་པའི་གོམ་པ་ཡིས། །བསྐྱོད་པར་གྱུར་ཚེ་རྣལ་འབྱོར་མ། ༧༡ །གདོལ་པའི་བུ་མོ་སྔོ་སངས་མ། །ལང་ཚོའི་དཔལ་འབར་ཞིག་མཐོང་བས། །རང་བཞིན་བརྒྱད་ཅུའི་རྟོག་པའི་ཚོགས། །གཅིག་ཅར་འགགས་ཏེ་ལྷན་སྐྱེས་ཀྱི། ༧༢ །བདེ་ཆེན་ཡེ་ཤེས་བརྗོད་བྲལ་བ། །འབད་པ་མེད་པར་ལྷུན་གྲུབ་ཏུ། །གང་གིས་མངོན་པར་མཛད་ནས་སླར། །མེ་ཏོག་ཕྲེང་ལྡན་སྔོ་སངས་མས། ༧༣ །གསང་བ་སྔགས་ཀྱི་དཀྱིལ་འཁོར་དུ། །དབང་བསྐུར་སྨིན་ཅིང་གྲོལ་ཚུལ་བསྟན། །དེར་ནི་ནམ་མཁར་ནམ་མཁའ་ཡི། །གླང་པོ་ལ་ཞོན་མཁའ་འགྲོའི་རྗེ། ༧༩ །ལྷ་སྲས་བདེ་བའི་མགོན་པོ་ཡིས། །སྤྲོས་བྲལ་སེམས་ཉིད་ཆོས་ཀྱི་སྐུ། །གཅེར་མཐོང་རིག་པའི་ངོ་བོ་སྤྲད། །ཅིར་སྣང་ཕྱག་རྒྱ་ཆེན་པོར་རྟོགས། ༧༥ །བདེ་བ་ཆེན་པོ་ཆོས་སྐུར་གྲོལ། །ངོ་ཚ་ཁྲེལ་འཛེམ་ཉམ་ང་སྤང་། །བདག་འཛིན་རེ་དོགས་ཞེན་པ་བྲལ། །གྲུབ་པ་མཆོག་གི་གོ་འཕང་བརྙེས། ༧༦ །ཇི་ལྟར་གཙུབ་གཏན་རྐྱེན་གྱིས་འབར་བའི་མེ་བཞིན་དུ། །འབར་བར་གྱུར་པའི་དཔའ་བོ་ཁྱེད་ནི་འདམ་བུ་ཡི། །ཚལ་ནི་གླང་པོའི་གོམ་པས་འཇོམས་ལྟར་ཉོན་མོངས་ཀྱི། །འཁྲུལ་པའི་འཁོར་ལོ་ཡང་དག་རིག་པའི་མཚོན་གྱིས་བཅད། ༧༧ །བྲམ་ཟེ་ཆེན་པོ་ས་ར་ཧའི་རྟོགས་པ་བརྗོད་པ་ལས། །ཐབས་མཆོག་རྡོ་རྗེ་ཐེག་པའི་མན་ངག་ལ་བརྟེན་ནས་མཐར་ཐུག་མཆོག་གི་གྲུབ་པ་བརྙེས་པའི་སྐབས་ཏེ་ལྔ་པའོ།། །།ཉིན་བྱེད་དབང་པོའི་དཀྱིལ་འཁོར་གང་གི་གཟི་བརྗིད་ནི། །ལག་པས་བཀབ་ཀྱང་བྱ་རོག་དགྲ་ནི་ལྡོང་བ་ཉིད། །ཟླ་བ་ཡིས་ནི་ཀུནྡཱའི་ཚལ་རྣམས་དགའ་བྱེད་ལ། །པདྨ་དག་གིས་བསིལ་ཟེར་བཟོད་པར་ག་ལ་ནུས། ༧༨ །ཏཱ་ལའི་ལྗོན་བཟང་དུས་ཀྱིས་རྫོགས་པར་གྱུར་པ་ལ། །ས་ཡི་དཀྱིལ་འཁོར་ཇི་ལྟར་སྲ་ཡང་ནོན་པ་མེད། །མཆོག་བརྙེས་དཔའ་བོ་གདོང་ལྔ་འགྱིང་ལ་གཉིས་སྐྱེས་སྡེ། །རལ་པ་ཅན་གྱི་ཕྲུ་གུས་རྒོལ་བ་ག་ལ་ཞིག ༧༩ །དེ་ཚེ་བྲམ་ཟེའི་ཚོགས་རྣམས་ནི། །ས་བདག་མཆོག་གི་སྤྱན་སྔར་སོང-། །མགྲིན་གཅིག་དབྱངས་ཀྱིས་གསོལ་བའི་ཚིག །འདི་ལྟར་ཡང་ནི་སྨྲས་པར་གྱུར། ༨༠ །འབྱོར་ལྡན་ཁྱིམ་བདག་མཆོག་གི་སྲས། །སྒྲ་གཅན་འཛིན་ནི་ཉམས་གྱུར་ཏེ། །གཙང་སྦྲའི་སྤྱོད་པ་ཡོངས་བཏང་ནས། །གདོལ་པ་མོ་ལ་བསྙེན་བཀུར་ཞིང་། ༨༡ །མྱོས་པར་འགྱུར་བའང་བཏུང་བར་བྱེད། །འདི་ནི་ཁྱེད་ཀྱིས་ཉམ་ང་བའི། །ཁྲི་མུན་དང་པོར་བཅུག་ནས་ཀྱང་། །མི་ཟད་ཆད་པས་མནར་བྱར་འོས། །༨༢ །དེ་ཚེ་རྒྱལ་པོའི་ཕོ་ཉ་བས། །འཕྲིན་གྱི་དྲིལ་ཡང་བསྒྲགས་པ་ན། །རྫུ་འཕྲུལ་སྟོབས་ལྡན་དཔའ་བོ་དེ། །འཇིགས་པ་མེད་པར་ཕོ་བྲང་དུ། ༨༣ །ལྷགས་པར་གྱུར་ལ་ས་སྐྱོང་གིས། །ཁྱེད་ཀྱི་རང་གི་རིགས་ཉམས་པའི། །བྱ་བ་དེ་ནི་མཛའ་མིན་པས། །ཞལ་ལྕེ་གཅོད་པར་བགྱི་ཞེས་སྨྲས། ༨༤ །དེ་ལ་དཔའ་བོས་ལན་བཏབ་པ། །དེ་ལྟར་བདག་གིས་མ་འཚལ་ན། །ཁོང་རྣམས་སྨྲ་བ་འཆོལ་བ་ཉིད། །གལ་ཏེ་ཁྱེད་ཐུགས་ཚིམ་མིན་ན། ༨༥ །ལྟོ་བར་བསྐྱིལ་བའི་ཟས་ཀྱི་ཚོགས། །སོ་སོར་སྐྱུགས་པས་འབྱེད་ཅེས་སྨྲས། །དེ་ལྟར་བྱ་ཞེས་ཁས་བླངས་ཏེ། །དེ་ཡི་བྱ་བར་ཞུགས་པ་ན། ༨༦ བདག་ཉིད་ཆེན་པོ་གང་གི་ཏིང་འཛིན་མཐུ་ཡིས་ནི། །ཕ་རོལ་དེ་དག་སྐྱུར་གྱིས་བཀང་བས་སྣོད་ཀྱི་ཁ། །མཐུར་དུ་ཕྱོགས་ལྟར་འབོ་བར་གྱུར་ཅིང་སེམས་དཔའ་དེ། །སེམས་དཔའ་བཞིན་དུ་ལོག་པའི་ཟས་ནི་འབྱུང་བ་མེད། ༨༧ །དེར་ཡང་གཉིས་སྐྱེས་ཚོགས་པའི་སྡེ། །ཡི་རང་དགའ་བར་མ་གྱུར་པས། །སླར་ཡང་གྲུབ་པའི་དབང་ཕྱུག་དེས། །ཆོ་འཕྲུལ་ཆེན་པོའི་བཀོད་པ་བསྟན། ༨༨ །དེ་ཚེ་མི་བདག་དད་པ་ཡི། །འདབ་བརྒྱ་ཡོངས་སུ་གྲོལ་གྱུར་ཏེ། །འདི་ལྟའི་རྫུ་འཕྲུལ་ནུས་ལྡན་ན། །མྱོས་པར་འགྱུར་བ་བཏུང་ཡང་བཟོད། ༨༩ །ཅེས་སྨྲས་བྲམ་ཟེ་ཆེན་པོ་ཡི། །ཞབས་ཀྱི་པདྨོ་རྣམ་རྒྱས་པ། །རལ་པའི་ཅོད་པན་རྩེར་མཆོད་ཅིང་། །ངོ་མཚར་དད་པ་བླ་མེད་ཐོབ། ༤༠ །ཇི་ལྟར་ཕ་རོལ་རི་དྭགས་དཔུང་ནི་མང་ན་ཡང་། །དཔའ་བོ་གདོང་ལྔའི་ང་རོ་ཙམ་གྱིས་ཟིལ་གནོན་བཞིན། །གཉིས་སྐྱེས་རྒན་པོ་སྤྲེའུའི་བརྟུལ་ཞུགས་འཆང་རྣམས་ཀྱིས། །མཁས་པ་རབ་གསལ་ཉི་མ་དེ་ལ་སུ་ཡིས་འགོང་། ༤༡ །པདྨའི་རྩ་བའི་འཁྱོགས་པོ་ཉིད་དེ་ཉེས་པའི་དངོས་པོར་སུ་ཡིས་འཛིན། །དཔའ་བོའི་གནམ་རུ་གུག་པར་གྱུར་དེ་ཐབས་ཀྱི་འཁྲུལ་འཁོར་མཆོག་ཏུ་འདོད། །དབང་པོའི་གཞུ་རིས་དྲང་པོ་མིན་ཀྱང་སྨོད་པར་བྱེད་པ་སུ་ཞིག་མཆིས། །དེ་དག་ལས་ལྷག་རྒྱལ་བའི་མཛད་པ་རྣམ་པར་འཕྲུལ་པ་ངོ་མཚར་གནས། ༤༢ །བྲམ་ཟེ་ཆེན་པོ་ས་ར་ཧའི་རྟོགས་པ་བརྗོད་པ་ལས། གྲུབ་པའི་ཆོ་འཕྲུལ་གྱི་བཀོད་པ་ཆེན་པོས་རྒྱལ་པོ་དང་བྲམ་ཟེ་སོགས་དད་པ་ལ་བཀོད་པའི་སྐབས་ཏེ་དྲུག་པའོ།། །།ཇི་ལྟར་ཤིན་ཏུ་དུལ་བའི་ཞིང་སེར་ས་བོན་ཀྱང་། །དུས་ཀྱིས་རྫོགས་པར་གྱུར་ན་འབྲས་བུ་འབྱུང་བ་ལས། །གཞན་པའི་རྒྱུད་དེ་དངོས་པོ་མེད་པར་ག་ལ་འགྱུར། །དེ་བཞིན་ཚོགས་གཉིས་སྟོབས་ཀྱི་འབྲས་བཟང་བླ་ན་མེད། ༤༣ །དེ་ཚེ་དཔའ་བོ་གྲུབ་པ་མཆོག །བདག་གིར་མཛད་གང་གྲོང་ཁྱེར་དུ། །བརྟུལ་ཞུགས་སྤྱོད་པའི་རོལ་པ་ཡིས། །ཡོངས་སུ་རྒྱུ་བར་གྱུར་པ་ན། ༤༩ །ལང་ཚོའི་ཁུར་གྱིས་ལྕི་བར་གྱུར་པའི་ལུས་ཕྲ་མ། །ཡིད་འཕྲོག་བདེ་བའི་བཅུད་ཀྱིས་གང་བའི་ནུ་འབུར་དང་། །སྨིན་ལེགས་པདྨ་གསར་པའི་གདོང་ཅན་རབ་མཛེས་ཤིང་། །ལུས་ཀྱི་འཁྲི་ཤིང་སྐེད་སྐབས་གཡོ་བའི་ལྕུགས་ཕྲན་ཅན། ༩༥ །ཆོས་ཉིད་རང་བཞིན་ཐོག་མ་བར་དང་ཐ་མར་ཡང་། །སྐྱེ་འགག་གནས་དམིགས་འགྲོ་འོང་བྲལ་བར་སྟོན་པ་ཡི། །སྙུག་མ་ཚིགས་གསུམ་ལ་གང་དག་གིས་བཟུང་བྱས་ཏེ། །ཐབས་དང་ཤེས་རབ་ཟུང་འཇུག་སྐུ་གསུམ་ལྷུན་གྲུབ་སྒྲོ། ༩༦ །ཉོན་མོངས་དུག་ལྔའི་ཕུང་པོ་འཇོམས་པའི་རྣོ་ངར་མདེལ། །དུས་གསུམ་སྤྲོས་བྲལ་མཉམ་པ་ཉིད་ཀྱི་རྒྱུད་དཀྲིས་ཅན། །ཐམས་ཅད་སྦྱོར་བ་ཆོས་སྐུ་གཅིག་ཏུ་སྟོན་པའི་བརྡར། །རྒྱལ་སྲས་གྲུབ་པའི་དབང་པོ་དེས་ནི་རྟོགས་པར་གྱུར། ༩༧ །དེ་ཚེ་མཁས་པ་བློ་ལྡན་གྱིས། །ལྷན་སྐྱེས་རྡོ་རྗེ་རྣལ་འབྱོར་མ། །མདའ་མཁན་བུ་མོའི་ཚུལ་བཟུང་ནས། །སྣང་བ་བརྡ་ཡི་ཆོས་སྟོན་པ། ༩༨ །འདོད་པས་མྱོས་པའི་དམར་བ་ཡི། །ཟུར་མིག་ཅན་དེ་རང་བྱུང་གི། །བདེ་ཆེན་ཡེ་ཤེས་སྤེལ་བའི་སླད། །ལས་ཀྱི་ཕྱག་རྒྱར་བཟུང་བར་གྱུར། ༩༩ །དེའི་ཚེ་གྲོང་ཁྱེར་བ་རྣམས་དང་། །རྒྱལ་པོའི་བཙུན་མོ་ས་སྐྱོང་བཅས། །གང་གི་ཞབས་ལ་མགོས་བཏུད་དེ། །ཁྱེད་ནི་རྫུ་འཕྲུལ་ཆེ་ལྡན་ཀྱང་། ༡༠༠ །དམན་པའི་བྱ་བ་འདི་ལྟ་བུ། །མཁས་པ་རིགས་ལྡན་སློབ་དཔོན་གྱིས། །རིགས་ངན་བསྟེན་པར་འོས་མིན་ཕྱིར། །འདི་ནི་སྤང་བར་རིགས་ཞེས་གསོལ། ༡༠༡ །དེ་ཚེ་དེ་དག་ལ་ནི་སླར། །དཔའ་བོ་ཆེན་པོ་གང་གིས་ནི། །གནས་ལུགས་རྟོགས་པའི་རྡོ་རྗེའི་གླུ། དོ་ཧ་སྐོར་གསུམ། །སྐྱེ་མེད་ནཱ་དའི་སྒྲ་ཡིས་ནི། ༡༠༢ །རྒྱལ་པོ། བཙུན་མོ། དམངས་བཅས།་་་་་་སོ་སོའི་བློ་དང་འཚམས་པར་བསྟན། །ཀུན་ཀྱང་རྟོགས་གྲོལ་དུས་མཉམ་པས། །མཁའ་སྤྱོད་གྲུབ་པའི་གནས་སུ་ཡར། །མ་ལུས་བདེ་བླག་བགྲོད་པར་གྱུར། ༡༠༣ །དེ་ནས་དཔའ་བོ་ཆེན་པོ་ཡང་། །ལྷན་སྐྱེས་མཛེས་མ་དང་འགྲོགས་ཏེ། །སྣ་ཚོགས་མཛེས་པའི་རོལ་མོ་ཡིས། །གྲོང་དང་གྲོང་རྡལ་དབེན་པའི་ནགས། ༡༠༤ །ཀུན་ཏུ་རྒྱུ་ཞིང་ཏིང་འཛིན་དང་། །བརྟུལ་ཞུགས་སྤྱོད་པའི་ཆོ་འཕྲུལ་སྟོན། །སྐལ་ལྡན་རྣམས་ལ་བྱིན་རློབ་ཅིང་། །ཕྱག་རྒྱ་ཆེན་པོའི་ས་ལ་སྦྱར། ༡༠༥ །དེ་ནི་ལྷོ་ཕྱོགས་དཔལ་གྱི་རིར། །གཤེགས་ནས་དཀར་འཇམ་རྡོ་ཡི་སྟེགས། །ནྱ་གྲོ་དྷ་ཡི་བསིལ་གྲིབ་ཏུ། །སྐད་ཅིག་གཅིག་གི་ཏིང་འཛིན་གྱིས། ༡༠༦ །གཞི་ལུས་རགས་པ་དྭངས་མ་ཡི། །ཡེ་ཤེས་སྐུ་རུ་མངོན་མཛད་དེ། །ཡབ་ཡུམ་ལྷན་ཅིག་མཁའ་སྤྱོད་ཀྱི། །གྲོང་ཁྱེར་ཆེན་པོར་ཡ་མཚན་གྱི། ༡༠༧ །ཆོ་འཕྲུལ་བཀོད་པ་བསམ་འདས་བཅས། །ལྷུན་གྲུབ་འོག་མིན་བདེ་ཆེན་ཞིང་། །རབ་མཛེས་ཡོན་ཏན་རྒྱན་སྤྲས་པའི། །གནས་དེར་མཁའ་ལས་གཤེགས་པར་གྱུར། ༡༠༨ །ཇི་ལྟར་འཕུར་འགྲོའི་ཚང་ནི་ས་ལ་བཅས་མོད་ཀྱང་། །རྩལ་རྫོགས་ཚེ་ན་མཁའ་ལ་འགྲོ་བ་ཆོས་ཉིད་ཡིན། །འཁོར་ལོས་སྒྱུར་བ་བྲན་མོའི་ཕང་བར་གནས་ན་ཡང་། །དུས་ལ་བབས་ན་གླིང་བཞིའི་ནམ་མཁར་འཁོར་ལོས་འགྲོ། ༡༠༩ །ཡིད་བཞིན་ནོར་བུ་འཇོག་པོའི་གཙུག་ཏོར་རྒྱན་གྱུར་ཀྱང་། །ས་སྟེང་བསོད་ནམས་ལྡན་པའི་བང་མཛོད་རྒྱན་དུ་འོང་། །གྲུབ་པའི་དབང་པོ་མི་ཡི་ཟོལ་དུ་བྱོན་ན་ཡང་། །དྭངས་མའི་འོད་སྐུ་མཁའ་སྤྱོད་མཁའ་འགྲོའི་ཚོགས་དབུས་རོལ། ༡༡༡ །གྲུབ་པའི་སློབ་དཔོན་ཆེན་པོ་ས་ར་ཧའི་རྟོགས་པ་བརྗོད་པ་ལས། མི་ཡུལ་དུ་མཛད་པ་མཐར་ཕྱིན་ཏེ་དོ་ཧ་སྐོར་གསུམ་གྱིས་རྒྱལ་པོ་དང་། བཙུན་མོ། འབངས་བཅས་མཁའ་སྤྱོད་དུ་གྲོལ་བར་མཛད་ནས་མཐར་སྐྱེ་འཆི་མེད་པའི་རྡོ་རྗེའི་སྐུ་དྭངས་མའི་འོད་སྐུར་གཤེགས་པའི་སྐབས་ཏེ་བདུན་པའོ།། །།སླར་སྨྲས་པ། ཤྲཱི་ཤྲཱི་ཤྲཱི། གྲུབ་པའི་ཆོ་འཕྲུལ་རྡོ་རྗེའི་གཟི་བྱིན་གྱིས། །ལོག་རྟོག་མུན་པའི་དཔུང་ཚོགས་ཕ་མཐར་བསྐྲད། །ཇི་བཞིན་གཟིགས་པའི་ཆོས་ཉིད་པད་ཚལ་བཞད། །མཐའ་བྲལ་ཀུན་བཟང་ཡངས་པའི་མཁའ་ལ་རོལ། ༡ །ཆོས་ཉིད་གཉུག་མའི་ཡེ་ཤེས་རྟོགས་པའི་མདའ། །བདག་འཛིན་རེ་དོགས་མཁན་གྱི་སྙིང་ལ་བསྣུན། །འཁོར་བ་དྲུངས་ནས་འབྱིན་པའི་བརྟུལ་ཞུགས་ཅན། །ཐོགས་མེད་མདའ་བསྣུན་ཆེན་པོ་རྒྱལ་གྱུར་ཅིག ༢ །གང་གི་རྣམ་ཐར་མཐའ་ཡས་པར། །བསྔགས་པའི་ཚིག་གི་མེ་ཏོག་ཆར། །དུས་གསུམ་གཤེགས་ཤིང་འབྱོན་པ་ཡི། །རྒྱལ་བ་རྣམས་ཀྱིས་མགྲིན་གཅིག་པར། ༣ །ཡང་ནས་ཡང་དུ་བསྒྲགས་ན་ཡང་། །རྫོགས་པའི་སྐབས་ནི་ག་ལ་ཞིག །དེ་ལྟའི་ཚུལ་ལ་དཔྱད་བྱས་ནས། །བདག་ལྟའི་སྨྲ་བ་སྦལ་པའི་གར། ༤ །འོན་ཀྱང་གང་ལ་དད་པའི་ཡིད། །འདབ་རྒྱ་གྲོལ་བ་ལས་བྱུང་བའི། །ཚིག་ཕྲེང་གེ་ས་ར་ཡི་ཚོགས། །བློ་ལྡན་བདག་གིས་སྤེལ་བར་བྱས། ༥ །འདི་ལས་བྱུང་བའི་དགེ་ལེགས་འབྲས། །ཟླ་བ་གསར་པའི་དཔལ་ལྡན་པས། །ཕྱི་ནང་མུན་སྟུག་རབ་བཅོམ་ནས། །འགྲོ་བའི་དཔལ་དུ་བྱེད་པར་ཤོག ༦ །བཀྲཾ་ཤིཾས་མཐའ་ཡས་གྲུབ་པའི་དཔལ་གྱིས་མངོན་མཐོ་བ། །བཀྲཾ་ཤིཾས་མཆོག་གི་དགའ་སྟོན་འགྱེད་མཛད་མདའ་བསྣུན་ཞབས། །བཀྲཾ་ཤིཾས་བསོད་ནམས་མཐུ་ཡིས་གྲུབ་པ་གདུལ་བྱ་ཡི། །བཀྲཾ་ཤིཾས་གཙུག་གི་རྒྱན་དུ་རྟག་པར་རབ་ཛེས་ཤོག ༧ །ཅེས་གྲུབ་པ་ཡོངས་ཀྱི་སྤྱི་མེས་མདའ་བསྣུན་ཞབས་ཀྱི་རྣམ་པར་ཐར་པ་ལ་དཎྜེའི་གཞུང་གིས་བསྔགས་པ་འདི་ལྟར་དགོས་ཞེས་ཆོས་དབང་སྤྲུལ་པའི་སྐུས་བསྐུལ་བའི་ངོར། དཔལ་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེས་མདོ་ཁམས་ས་སྤྱོད་གསུང་གི་འཁོར་ལོར་བསྔགས་པ་དཔལ་ཀརྨ་པ་དུས་གསུམ་མཁྱེན་པའི་གདན་ས་བར་བ་ཀརྨའི་དགོན་ཆེན་དུ་ཉེ་བར་ལུང་འབོགས་པ་པོ་ཀརྨ་རིན་ཆེན་དར་རྒྱས་ཀྱི་སྤོང་ཁང་དབེན་གནས་བྱམས་པ་ཆོས་གླིང་དབྱངས་ཅན་དགའ་ཚལ་དུ་སྦྱར་བ་དགེ་ལེགས་འཕེལ།། །།སླར་ཡང་ཟླ་ནང་ཡིད་ལྷུང་བཀྲ་ཤིས་མཐོང་སྨོན་དུ་ལྕགས་སྟག་ཆོ་འཕྲུལ་ཟླ་བའི་ཤར་ཕྱོགས་ཀྱི་རྒྱལ་བ་དང་པོར་ཉི་མ་མེ་བཞིའི་འགྲུབ་སྦྱོར་ཉིན་ཡི་གེ་གཉིས་པར་བཀོད་པར་བྱས་པས་འགྲོ་ཀུན་ཕྱག་རྒྱ་ཆེན་པོའི་གསང་ལམ་ལས་གཉིས་སུ་མེད་པའི་ཡེ་ཤེས་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །ཤྲཱི་མཱཾ་སརྦ་མ་ཧཱ་སུ་ཁ་ཨ་བྷི་ཀ་ར་བྷ་ཝནྟུ།།