དྲན་པ་ཉེར་བར་བཞག་པའི་བསྡུས་དོན་བཞུགས།
༄༅། །དྲན་པ་ཉེར་བར་བཞག་པའི་བསྡུས་དོན་བཞུགས་སོ། །[1]
༄༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་འཕགས་པ་ཉན་ཐོས་ཐམས་ཅད་ལ་ཕྱག་འཚལ་ལོ། །དྲན་པ་ཉེར་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་འདི་ལ་གསུམ་སྟེ། རྩོམ་པ་ལ་འཇུག་པའི་ཀླད་དོན་དང་། གཞུང་གི་དོན་དང་། མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གསུམ་སྟེ། མཚན་བརྗོད་པ་དང་། བཤད་པར་དམ་བཅའ་བའོ། །གཞུང་གི་དོན་ལ་གཉིས་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལ་བཞི་སྟེ། སྟོན་པ་གང་གིས། གནས་གང་དུ། དུས་གང་གི་ཚེ། དགོས་པ་གང་གི་ཕྱིར། ཆོས་གང་བསྟན་པ་དང་། མ་རྟོགས་པ་སེམས་ཅན་གྱི་གཞི་ངོས་བཟུང་བ་དང་། གཉེན་པོ་གོ་རིམ་དང་བཅས་པ་དང་། དེའི་རྒྱུ་འབྲས་རྣམ་དབྱེའོ། །དེ་ལ་ལྔ་སྟེ། ཟག་བཅས་ཟག་མེད་སྤྱིར་བསྟན་པ་དང་། ལས་ནག་པོའི་རྒྱུ་འབྲས་དང་། ཆོས་ཐམས་ཅད་ཀྱི་རྒྱུ་འབྲས་དང་། དཔེ་བཀོད་པ་གདམས་དང་བཅས་པའོ། །ནག་པོ་བསྟན་པ་ལ་བཞི་སྟེ། སྤྱིར་བསྟན་པ་དང་། རྩ་བའི་རྒྱུ་རྐྱེན་དང་། རྣམ་དབྱེ་རྒྱས་བཤད་དང་། འབྲས་བུ་བཤད་པའོ། །རྣམ་དབྱེ་ལ་བརྒྱད་དེ། ངོ་བོ། ཡུལ་གྱི་རྣམ་དབྱེ། དུས། རྐྱེན་ཀུན་སློང་གི་རྣམ་དབྱེ་དགུ་བསྟན་པ། སྡིག་པར་མི་འགྱུར་བ་ལྔ་ངོས་བཟུང་བས་སྲོག་གཅོད་དང་། ངོ་བོ། ལེན་ལུགས་ཀྱི་དབྱེ་བ། གཞན་དབྱེ་བ་དགུ་ཤུགས་ལ་བསྟན་པས་མ་བྱིན་པ་དང་། ངོ་བོ་དང་། དབྱེ་བས་འདོད་ལོག་དང་། ངོ་བོ་དང་། དབྱེ་བས་རྫུན་དང་། ངོ་བོ་དང་། དབྱེ་བས་ཕྲ་མ་དང་། ངོ་བོ་དང་། དབྱེ་བས་ཚིག་རྩུབ་དང་། ངོ་བོ་དང་། དབྱེ་བ། བདུན་པོའི་ལྕི་ཡང་གིས། ངག་འཁྱལ་དང་། བརྣབ་སེམས། གནོད་སེམས། ལོག་ལྟའི་ངོ་བོ། དབྱེ་བས་རྣམས་དང་བཅས་པའོ། །འབྲས་བུ་ལ་གཉིས་ཏེ། རྒྱུ་མཐུན། རྣམ་སྨིན། དབང་འབྲས། སྐྱེས་བུ་བྱེད་པ། བྲལ་འབྲས་ངོས་བཟུང་བ་དང་། ལས་ཀྱི་མུ་བཞི་བསྟན་པའོ། །དཀར་བའི་རྒྱུ་འབྲས་ལ་དྲུག་སྟེ། ངོ་བོ་བརྗོད་པ་དང་། རྣམ་དབྱེ་དང་། དགེ་བཅུ་སོ་སོའི་རྣམ་སྨིན་གྱི་འབྲས་བུ་དང་། འབྲས་བུ་གཞན་སྔ་མ་དང་སྦྱར་བ་དང་། ཆུང་འབྲིང་ཆེན་པོའི་གོ་རིམས་དང་། ཞར་ལ་ཟག་མེད་དང་མཚུངས་ལྡན་བསྟན་པའོ། །ཆོས་ཐམས་ཅད་ཀྱི་རྒྱུ་འབྲས་ལ་བདུན་ཏེ། དགེ་མི་དགེ་འདོད་ཁམས་ཀྱི་རྒྱུར་བསྟན། གཟུགས་ཁམས་དང་གཟུགས་མེད་ཀྱི་རྒྱུ་སེམས་པས་ཕྱི་རོལ་དུ་རྟོག་པ་དང་། ཕྱི་ནང་བར་གསུམ་གྱི་ཁམས་བཅོ་བརྒྱད་ལ་རྟོག་པ་དང་། ཁམས་ཀྱི་རྐྱེན་གྱིས་ཚོར་བ་ལ་སེམས་དཔའ་དང་། འདུས་ཏེ་རེག་པ་ལ་རྟོགས་པ་དང་། བསམ་གཏན་དང་གཟུགས་མེད་པ་ལ་རྟོགས་པ་དང་། འཇིག་རྟེན་ལ་འདའ་བར་བྱེད་པའི་ཆོས་ལ་རྟོག་པས་སོ། །དེ་ལ་བཞི་སྟེ། རྟེན་འབྲེལ་བཅུ་གཉིས་ཀྱི་ཡན་ལག་ལ་རྟོག་པ་དང་། རྩ་བ་མཐོང་བ་དང་། ཕུང་པོ་ལྔའི་ངོ་བོ་དང་། ཕུང་པོ་དང་རྟེན་འབྲེལ་གྱི་བྱེད་ལས་སོ། །དཔེ་བཀོད་པ་ཕན་ཡོན་དང་བཅས་པ་ལ་ལྔ་སྟེ། སྤྱིར་བསྟན་པ་དང་། རྒྱས་བཤད་དང་། ལས་འབྲེལ་བའི་དོན་དང་། ཉོན་མོངས་དང་འབྲེལ་པ་སྤང་བ་དང་། གཉེན་པོ་དང་འབྲེལ་བ་བསྟེན་པའོ། །རྒྱས་པར་བཤད་པ་ལ་དགུ་སྟེ། དམྱལ་བ་དང་། ཡི་དྭགས་དང་དུད་འགྲོ། ཀླུ་ལྷ་མིན་དང་བཅས་པ་དང་། མི་དང་འདོད་ཁམས་ཀྱི་ལྷ་དང་། གཟུགས་ཁམས་དང་། གཟུགས་མེད་པའི་ཁམས་དང་། འཇིག་རྟེན་གྱི་ཁམས་དང་། བར་དོའི་ཁམས་ལུས་དང་འབྲེལ་ཚུལ་ལམ་དང་བཅས་པ་བསྟན་པའོ། །དང་པོ་ལ་གསུམ་སྟེ། དམྱལ་བའི་རིགས་གསུམ་མདོར་བསྟན་པ་དང་། བྱེ་བྲག་ཏུ་ཚ་དམྱལ་བརྒྱད་སྤྱིར་བསྟན་པ་དང་། རྒྱས་བཤད་དོ། །དེ་ལ་བཅུ་གཅིག་སྟེ། གཙོ་བོའི་རྒྱུ་འབྲས། འཁོར་བཅུ་དྲུག་གི་མིང་། འཁོར་བཅུ་དྲུག་གི་རྒྱུ། གཙོ་བོའོ། །འཁོར་རྣམས་ཀྱི་རྣམ་སྨིན་དང་དབང་འབྲས། སྲིད་པ་གཞན་གྱི་རྒྱུ་མཐུན། ཚེ་ཚད་དྲུག་གིས་ཡང་སོས་བཤད་པ་དང་། གཙོ་བོའི་རྒྱུ་འབྲས། འཁོར་བཅུ་དྲུག་མིང་། རྒྱུའི་ལས། རྣམ་སྨིན་དང་དབང་འབྲས། སྲིད་པ་གཞན་གྱི་རྒྱུ་མཐུན། ཚེ་ཚད་དྲུག་གིས་ཐིག་ནག་དང་། གཙོ་བོའོ། །འཁོར་གྱི་མིང་། རྒྱུའི་ལས་གཙོ་འཁོར་གྱི་སྡུག་བསྔལ། སྲིད་པ་གཞན་གྱི་རྒྱུ་མཐུན། ཚེ་ཚད་དང་དྲུག་གིས་བསྡུས་གཞོམ་དང་། གཙོ་བོའི་རྒྱུ་འབྲས། འཁོར་གྱི་མིང་། རྒྱུའི་ལས། གཙོ་འཁོར་གྱི་རྣམ་སྨིན། གཤིན་རྗེས་ཆང་གིས་ཉེས་པ་བརྗོད་པ། སྲིད་པ་གཞན་གྱི་རྒྱུ་མཐུན། ཚེ་ཚད་དང་བདུན་གྱིས་ངུ་འབོད་དང་། གཙོ་བོ། འཁོར་གྱི་མིང་། གཙོ་འཁོར་གྱི་རྒྱུ་འབྲས། སྲིད་པ་གཞན་གྱི་རྒྱུ་མཐུན། ཚེ་ཚད་དང་ལྔའི་ངུ་འབོད་ཆེན་པོ་དང་། གཙོ་བོའི་རྒྱུ། འཁོར་གྱི་མིང་། ཤིན་ཏུ་སྡུག་བསྔལ་བ། འཁོར་གྱི་རྒྱུ་འབྲས་བཤད་པ། སྲིད་པ་གཞན་གྱི་རྒྱུ་མཐུན། ཚེ་ཚད་དྲུག་གིས་ཚ་བའི་དམྱལ་བ་དང་། གཙོ་བོའོ། །འཁོར་གྱི་མིང་། གཙོ་བོའི་སྡུག་བསྔལ། འཁོར་གྱི་རྒྱུ་འབྲས། ཚེ་ཚད་དང་ལྔ་ཡིས་རབ་ཏུ་ཚ་བ་དང་། མདོར་བསྟན་གནད་གཅོད་གྱི་སྡུག་བསྔལ། བར་དོའི་སྡུག་བསྔལ། གཙོ་བོའི་སྡུག་བསྔལ་འཁོར་གྱི་མིང་། རྒྱུ་འབྲས། ཚེ་ཚད། ཆོས་སྤངས་བའི་སྡུག་བསྔལ་དེ་ལ་བཟློག་པར་གདམས་པ་དང་བཅུ་ཡིས་མནར་མེད་དང་། མིང་། རྒྱུ། གནས། ཚེ་ཚད་དང་བཞིས་གྲང་དམྱལ་དང་། གནས། ལས། སྡུག་བསྔལ་དང་གསུམ་གྱིས་ཉེ་ཚེ་བ་དང་། སྐྱེ་གནས་ཀྱི་དོན་བསྡུ་བའོ། །ཡི་དྭགས་ལ་བརྒྱད་དེ། མདོར་བསྟན་དང་། གནས་དང་། གཤིན་རྗེའི་རྒྱལ་པོ་དང་། རིགས་སུམ་ཅུ་སོ་དྲུག་གིས་མདོར་བསྟན་དང་། རྒྱུ་འབྲས་རྒྱས་བཤད་དང་། སྐྱེ་གནས་དང་། སྲིད་པ་གཞན་གྱི་རྒྱུ་མཐུན་དང་། སྲིད་པའི་བྱེད་ལས་དཔེ་དང་བཅས་པའོ། །རྒྱུ་འབྲས་རྒྱས་བཤད་ལ་སུམ་ཅུ་སོ་དྲུག་སྟེ། ལྡོག་གུ། ཁ་ཁབ་འདྲ། སྐྱུགས་པ་ཟ། བཤང་ཟ། བསམ་མཚོ། ཟས་ཀྱི་དྲི་ཟ། ཆོས་ཟ། ཆུ་འཐུང་། ཀུན་སྟོན་ནོ། །མཆིལ་མ་ཟ། འཕྲེང་བ་ཟ། ཁྲག་ཟ། ཤ་ཟ། གདུག་པ་ཟ། དྲག་ཤུལ་སྤྱོད། གླག་ལྟ། ས་འོག་གནས། རྫུ་འཕྲུལ་ཆེན་པོ། ལུས་འབར། བྱིས་པ་གླགས་ལྟ། འདོད་གཟུགས་ཅན། གླིང་བར་གནས། གཤིན་རྗེའི་ཆད་པ། བྱིལ་པ་ཟ། མདངས་ཟ། ཚངས་པའི་སྲིན་བུ། མེ་ཟ། མི་གཙང་ཟ། རླུང་ཟ། མེ་མདག་ཟ། དུག་ཟ། དགོན་པར་གནས། དུར་ཁྲོད་གནས། ཤིང་ལ་གནས། གཞི་མདོར་གནས། བདུད་རིགས་ཡི་དྭགས་སོ། །དུད་འགྲོ་ལ་གཉིས་ཏེ། མདོར་བསྟན་དང། རྒྱས་བཤད་དོ། །དེ་ལ་གསུམ་སྟེ། ཁ་འཐོར་དང་། ཀླུ་དང་། ལྷ་མིན་ནོ། །དང་པོ་ལ་བཞི་སྟེ། དམྱལ་བར་གནས་པ་དང་། སྤྱིར་བསྟན། ས་བསྲུངས་ཀྱི་བུའི་ལས་གཉིས་ཀྱིས་ལྷའི་དུད་འགྲོ་དང་། སྤྱིར་བསྟན། སྐྱེ་གནས། ཉོན་མོངས་དང་ལྡན་ཚུལ། ཟས་བཞི་བཤད་པ་དང་། བཞིས་མི་ཡུལ་གྱི་དུད་འགྲོ་དང་། དུད་འགྲོ་སྤྱིའི་མི་དགེ་བ་ཤས་གང་ཆེ་བཤད་པའོ། །གཉིས་པ་ཀླུ་ལ་བདུན་སྟེ། སྤྱིར་བསྟན་པ་དང་། དཀར་པོ་དང་། ནག་པོའི་གཙོ་བོ་དང་། གནས་ཟས་འཁོར་སྤྱིའི་གྲངས་དང་། གཞན་ཡང་བཤད་པ་དང་། ཚེ་ཚད་དོ། །གསུམ་པ་ལྷ་མ་ཡིན་ལ་གསུམ་སྟེ། སྤྱིར་བསྟན་པ་དང་། རྒྱས་བཤད་དང་། འཐབ་པའི་ཚུལ་ལོ། བར་པ་ལ་བཞི་སྟེ། གནས་ཀྱི་བཀོད་པ། གཙོ་བོའི་རྒྱུ་འབྲས། འཁོར་གྱི་རྒྱུ་འབྲས། ཚེ་ཚད། ཉི་ཟླ་བའི་ཚུལ་དང་། ལྔ་སྒྲ་གཅན་བཤད་པ་དང་། གནས། གཙོ་བོའི་རྒྱུ་འབྲས། འཁོར་གྱི་རྒྱུ་འབྲས། ཚེ་ཚད་བཞི་ཡིས་བརྟན་པ་བཤད་པ་དང་། གནས། གཙོ་བོའི་རྒྱུ་འབྲས། འཁོར་གྱི་རྒྱུ་འབྲས། ཚེ་ཚད་དང་བཞིས་རྩེར་གནས་བཤད་པ་དང་། གནས། གཙོ་འཁོར་གྱི་རྒྱུ་འབྲས། ཚེ་ཚད་སྲིད་པ་གཞན་གྱི་རྒྱུ་མཐུན་དང་། བཞིས་གསེར་ལྡན་བཤད་པའོ། །ལྷ་དང་ལྷ་མ་ཡིན་འཐབ་པ་ལ་དྲུག་སྟེ། རྒྱུ་གཉིས་བཤད་པ་དང་། རིམ་བཞིན་འཐབ་པའི་ཚུལ་དང་། ཐག་བཟང་རིས་ཆས་པ་དང་། ལྷ་དབང་གླང་པོ་དང་བཅས་ཏེ་ཆས་པ་དང་། འདས་འབྱུང་པ་དང་། གཡུལ་འགྱེད་ཚུལ་ལོ། །དེ་ལ་བདུན་ཏེ། གཡུལ་ཇི་ལྟར་འགྱེད་པའི་རིམ་པ། འཐབ་ཚུལ་དངོས། གཙོ་བོའི་གཉིས། ཐབས་པའི་ཚུལ། གཡུལ་གྱི་རྣམ་གྲངས། ས་བསྲུངས་ཀྱི་བུའི་སྟོབས། ལྷ་དང་ལྷ་མ་ཡིན་གྱི་ཚུལ། སོ་སོར་འགྲོ་བའི་ཚུལ་ལོ། །མིའི་ལེའུ་ལ་བཅུ་གཉིས་ཏེ། མཚམས་སྦྱོར་དང་། མཆོག་དམན་དང་། གནས་དང་། ལུས་ཚད་དང་། ཚེ་ཚད་དང་། ལོངས་སྤྱོད་དང་། རིགས་ཀྱི་དབྱེ་བ་དང་། འཛམ་གླིང་དུ་སྐྱེས་པའི་མ་མཐའ་དང་། མཆོག་འཁོར་ལོས་བསྒྱུར་བ་དང་། འབྲས་བུའི་རྣམ་དབྱེ་དང་། གནོད་བྱེད་དང་། གླིང་གཞན་ཡང་བསྟན་པའོ། །འདོད་ཁམས་ཀྱི་ལྷའི་ལེའུ་ལ་གཉིས་སྟེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དེ་ལ་དྲུག་ཏེ། རྒྱལ་ཆེན་བཞིའི་ལྷ། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དོ། །དང་པོ་ལ་བཞི་སྟེ། རི་རབ་རི་བདུན་མཚོ་དང་བཅས་པས་གནས་བཤད་པ་དང་། མདོར་བསྟན་དང་། སྐྱེ་བའི་རྒྱུ་མདོར་བསྟན་དང་། རྒྱས་བཤད་དོ། དེ་ལ་བཞི་སྟེ། ཕྲེང་ཐོགས་དང་། ཡོལ་ཐོགས་དང་། རྟག་མྱོས་དང་། པི་ཝང་ཅན་གསུམ་པའོ། །རེ་རེ་ལ་གནས་གཞན་བཅུ་བཅུ་སྟེ། བཞི་བཅུ་ལས། དང་པོ་བཅུ་ནི། ཟུར་ན་གནས། མཐའ་ལ་གནས། འབྲས་བུ་ཉེར་འཚོ། དཀར་པོ་སྤྱོད། ཐམས་ཅད་དགར་གནས་འགྲོ་མགྱོགས་ཡུལ་ལ་ཆགས། འདོད་ལ་ཆགས་ཡིད་གཡོ། ཉེ་བའི་ཚལ་དང་། བཅུ་པོའི་རྒྱུ་དང་། སྤྱིའི་ལོངས་སྤྱོད། སྐྱེ་ཚུལ་ལོ། །གཉིས་པ་ཡོལ་ཐོགས་ལ་གསུམ་སྟེ། མིང་དང་། རྒྱུ་དང་། ལོངས་སྤྱོད་དོ། གསུམ་པ་རྟག་མྱོས་ལ་གསུམ་སྟེ། མདོར་བསྟན་དང་། ལྷག་དགའ་ཨུད་དཔལ་མདོག པད་དཀར་སྤྱོད། དམར་པོ་སྤྱོད། སྣ་ཚོགས་གནས་མཐོར་སྤྱོད། རྒུན་ཆང་། རྟག་མྱོས། ཡུལ་ལ་འདོད། ཆུ་བསིལ་གནས། བརྟན་དགའ་དང་བཅུ་པོ་རྒྱུ་དང་བཅས་པ་དང་། སྤྱིའི་ལོངས་སྤྱོད་དོ། བཞི་པ་པི་ཝང་ཅན་གསུམ་པ་ལ་བཞི་སྟེ། མདོར་བསྟན་པ་དང་། དྲིས་དགའ། སྒྲ་སྙན། བདེ་ལ་ཆགས། སྐྱོར་ཆུས་སྐྱེས། ལུས་དཀར། ཕན་ཚུན་དགའ། ཡང་དག་ཆགས་སྤྱོད། འཁོར་དང་རྣམས་སྤྱོད། དཀྱིལ་ཀྲུང་བཅས་སྐྱེ། སྤྱོད་ལྡན་དང་བཅུ་པོའི་རྒྱུ་འབྲས་རྒྱས་བཤད་དང་། རྒྱལ་པོ་བཞིའི་གནས་དང་། ཀུན་ཏུ་རྒྱུ་བའི་ལྷ་བཤད་པའོ། །དེ་ལ་ལྔ་སྟེ། སྐར་མའི་གྲངས། ཉི་ཟླའི་བཀོད་པ། ཞོར་ལ་ཟླ་བ་འཕེལ་འགྲིབ་གྱི་ངེས་པ། བྱེ་བྲག་གི་རྒྱུ། ཚེ་ཚད་རྒྱུ་མཐུན་དང་བཅས་པའོ། །གཉིས་པ་སུམ་ཅུ་རྩ་གསུམ་ལ་ལྔ་སྟེ། མཚམས་སྦྱོར། བརྒྱ་སྦྱིན་གྱི་རྒྱུ་འབྲས། གནས་ཀྱི་ཁྱད་པར། སོ་སོའི་རྒྱས་བཤད་སྤྱིའི་ལོངས་སྤྱོད་བཤད་པའོ། །རྒྱས་བཤད་པ་ལ་སུམ་ཅུ་སོ་གསུམ་སྟེ། ཆོས་བཟང་། མཐོར་བར་གནས། རི་རྩེར་གནས། བལྟ་ན་སྡུག ཕྱོགས་གཅིག་གནས། ཤིང་གསེབ་གནས། ཤིང་རྟ་སྣ་ཚོགས། དགའ་བར་གནས། རྣམ་མཛེས། ཡོངས་འདུའི་ཚལ། འདྲེས་པའི་འགྲམ། ཚང་ཚིང་འགྲམ། ནོར་བུའི་སྙིང་པོ། ཀུན་ཏུ་གསལ་སྤྱོད། གསེར་ཕུག འཕྲེང་བའི་གྲིབ་མ། མཐོན་དམན་རྒྱུ། སྣ་ཚོགས་བཀྲ་བས་ཕྱེ་བ། སྦྱོར་བ་འཇུག་པ། ཞིབ་སྤྱོད། གླུ་སྒྲ་ཤིན་ཏུ་ཆགས་པའི་གནས། སངས་རྒྱས་ཀྱི་གསུང་དང་ཆོས་སྟོན་པའི་བཀོད་པ་དང་བཅས་པ་གཟི་བརྗིད་འབར། ཟླ་བའི་གནས་ལྟར་རྒྱུ་བ། ས་ལ་ཟུང་སངས་རྒྱས་ཀྱི་སྤྲུལ་པ་དང་བཅས་པ། མིག་ཕྱེད་བཙུམས་ཀྱིས་འགྲོ་བ། ལུས་མདོག་བཟང་ཞིང་ཆེ་བ། ནོར་བུ་འཆང་གནས། རིགས་མཐུན་པ་འཁོར་ན་གནས། འཐོར་སྤྱོད། གཟི་བརྗིད་འཕྲེང་བ་འབར། མ་འདྲེས་པའོ། །སྤྱིའི་ལོངས་སྤྱོད་བཤད་པ་ལ་དགུ་སྟེ། ཕྱོགས་ཀྱི་དབྱེ་བ། གནོད་སྦྱིན་གྱི་གནས་རྔ་བོ་ཆེ། ཀུན་དགའི་ཚལ། སྐྱེ་བའི་ཚུལ། ལོངས་སྤྱོད་རྒྱས་བཤད། ལས་རྗེས་སུ་འབྲེང་བའི་ཚུལ། སྲིད་པ་གཞན་གྱི་རྒྱུ་མཐུན། ཚེ་ཚད་དོ། །གསུམ་པ་འཐབ་བྲལ་ལ་བཅུ་གཉིས་སྟེ། སྤྱིར་བསྟན། གཙོ་བོའི་རྒྱུ་འབྲས། སྤྱིའི་རྒྱུའི་ལས། གནས་གཞན་གྱི་མིང་། ལོངས་སྤྱོད་ཀྱི་ཁྱད་པར། སྐྱེ་བའི་ཚུལ། བདེ་བ་མྱོང་བའི་ཚུལ། བྱ་རྣམས་ཀྱི་སྐད། མཆོད་རྟེན་གྱི་བཀོད་པ། འཆི་བའི་ཚུལ། བསྐུལ་བ། ཚེ་ཚད་དོ། །བཞི་པ་དགའ་ལྡན་བཤད་པ་ལ་བཞི་སྟེ། སྤྱིར་བསྟན། དབྱེ་བ། ཐུན་མོངས་གི་རྒྱུ་བཤད་པ། ལོངས་སྤྱོད་རྒྱས་བཤད་དོ། །དེ་ལ་བཅུ་བདུན་སྟེ། ས་གཞི་འབབ་ཆུ། རི་དང་ལྗོན་ཤིང་། གོས་དང་རྒྱན། བཟའ་བཏུང་། རྫིང་བུ། མེ་ཏོག བྱ་ཁང་བཟང་། ལྷ་མོའི་འཁོར། གཞོན་པ། ཆོས་ཀྱི་དགའ་སྟོན། སྐྱེ་བའི་རྒྱུ་གཞན་བསྟན་པ། བག་ཡོད་ལ་གདམས་པ། འཆི་བའི་ཚུལ། སྲིད་པ་གཞན་གྱི་རྒྱུ་མཐུན། ཚེ་ཚད་བསྟན་པའོ། །ལྔ་པ་འཕྲུལ་དགའ་བསྟན་པ་ལ་བརྒྱད་དེ། རྒྱུ་སྤྱིར་བསྟན། གཙོ་བོའི་རྒྱུ་འབྲས། འཕྲུལ་དགའི་དོན་བཤད་པ། ལོངས་སྤྱོད་ཀྱི་ཁྱད་པར། ཆོས་ཀྱི་དགའ་སྟོན། འཕོ་བའི་ཚུལ། སྲིད་པ་གཞན་གྱི་རྒྱུ་མཐུན། ཚེ་ཚད་དོ། །དྲུག་པ་གཞན་འཕྲུལ་དབང་བྱེད་ལ་ལྔ་སྟེ། སྤྱིར་བསྟན། སྐྱེ་བའི་རྒྱུ། རྣམ་དབྱེ། བདུད་རིགས་ཀྱི་གཙོ་བོའི་རྒྱུ་འབྲས་གཏམ་རྒྱུད་དང་བཅས་པ། ལོངས་སྤྱོད་ཁྱད་འཕགས་བཤད་པའོ། །དེ་ལ་བཅུ་གཉིས་ཏེ། གཞན་འཕྲུལ་དབང་བྱེད་ཀྱི་དོན། གཞལ་མེད་ཁང་། མདའ་ལྔའི་དོན། ལྷ་མོའི་ཚུལ། སིལ་སྙན་ལ་སོགས་པའི་ལོངས་སྤྱོད། མེ་ཏོག །ས་ཕྱོགས་ཀྱི་ཁྱད་པར། དེ་ལ་ཆགས་ན་བདུད་ཉིད་དུ་འགྱུར་བའི་ཚུལ། མ་ཆགས་པའི་ཡོན་ཏན། རྒྱུ་ལ་གདམས་པ། ཚེ་ཚད། རྒྱུ་འབྲས་གཞན་རྒྱས་བཤད་དོ། །དེ་ལ་བདུན་ཏེ། ཉིན་མཚན་གྱི་ཁྱད་པར། ལུས་ཚད། མི་དགེ་བ་བདུན་སྤངས་བའི་འབྲས་བུ། སྦྱིན་པ་སོ་སོའི་འབྲས་བུ། སྦྱིན་གནས་ལྔའི་དབྱེ་བ། མཆོག་དམན་གྱི་དབྱེ་བ། བསམ་པའི་ཁྱད་པར་བསྟན་པའོ། །གཟུགས་ཁམས་ལ་གསུམ་སྟེ། ཁམས་གོང་མའི་དོན་དང་། རྣམ་དབྱེ་སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དེ་ལ་ལྔ་སྟེ། བསམ་གཏན་དང་པོའི་རྒྱུ། ཆུང་ངུ་དང་འབྲིང་དང་ཆེན་པོའི་འབྲས་བུ། བསམ་གཏན་གྱིས་རིགས་གསུམ་བཤད། ཞིང་ཁམས། གཞལ་མེད་ཁང་གི་ཡོན་ཏན། སྤྱོད་པ་དང་བྲལ་བའི་ལོངས་སྤྱོད། སྐྱེ་བའི་ཚུལ་ཡོན་ཏན། གཙོ་བོའི་བཤད་པ་དང་དགུ་ཡིས་བསམ་ཏན་དང་པོའི་གནས་གཞན་གསུམ་བཤད་པ་དང་། རྒྱུ། ཆུང་འབྲིང་ཆེན་པོའི་དབྱེ་བ། འོག་མ་ལས་ཁྱད་པར་འཕགས་པ་གསུམ་གྱིས་བསམ་གཏན་གཉིས་པའི་ལྷ་གནས་གསུམ་བཤད་པ་དང་། རྒྱུ་ཆུང་འབྲིང་ཆེན་པོའི་དབྱེ་བ། ཡོན་ཏན་གྱི་ཁྱད་པར་དང་གསུམ་གྱིས་བསམ་གཏན་གསུམ་པའི་ལྷ་གནས་གསུམ་བཤད་པ་དང་། རྒྱུ། ཆུང་འབྲིང་ཆེན་པོའི་དབྱེ་བ། ཁྱད་པར་དང་གསུམ་གྱིས་བསམ་གཏན་བཞི་པའི་གནས་གཞན་གསུམ་བཤད་པ་དང་། ཟག་བཅས་དང་ཟག་མེད་ཀྱིས་ཟིན་པའི་རྣམ་དབྱེ་གཙང་མ་རིགས་ལྔ་དང་བཅས་པའོ། །དེ་ལ་བཅུ་གཉིས་ཏེ། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཐོབ་ཀྱང་ལྡོག་པའི་ཚུལ། དོན་རབ་འབྱེད་པ་བསྔགས་པ། དེ་ཉིད་ཀྱིས་བསམ་གཏན་བཞི་བཤད་པ། ཞར་ལ་དེ་བཞིན་ཉིད་ཀྱི་བསམ་གཏན་བཤད་པ། བསམ་གཏན་ཉོན་མོངས་ཅན་དང་ཉོན་མོངས་མེད་པའི་རྣམ་དབྱེ། ཤེས་རབ་ཀྱིས་མ་ཟིན་པའི་བསམ་གཏན་བཞི་པ་ལ་འདུ་ཤེས་བཀག་ནས་བསྒོམས་པས་ལྷ་ཚེ་རིང་པོར་འགྲོ་བའི་ཚུལ། ཤེས་རབ་ཀྱིས་ཟིན་པས་གཙང་མ་རིགས་ལྔར་འགྲོ་ཚུལ། དེ་དག་གི་གཙོ་བོ། སྤྱིའི་དོན། ལུས་ཀྱི་ཚད། ཚེ་ཚད། ཐ་གྲུའི་ཚད་བསྟན་པའོ། །གཟུགས་མེད་པའི་ཁམས་ལ་བཅུ་སྟེ། མདོར་བསྟན་པ་དང་། བསྟེན་པ་དང་། དམིགས་པ། ཁྱད་པར་དང་གསུམ་གྱིས་ནམ་མཁའ་མཐའ་ཡས་དང་། བཞི་གའི་ཉེར་བསྡོགས་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མིན་དང་། ཀུན་གཞི་ཉོན་ཡིད་གནས་པའི་ཚུལ་དང་། གནས་གང་དུ་ངོ་བོ་གང་ཐོབ་པ་དང་། ཚེ་ཚད་དང་། ཤེས་རབ་ཀྱིས་མ་ཟིན་པའི་སྐྱོན་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་བཤད་པའོ། །འཇིག་རྟེན་གྱི་ཁམས་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་བཞི་སྟེ། རླུང་། ཆུ། གསེར། དེ་དག་གི་འཁོར་ཡུག རྐྱེན། རི་གླིང་མཚོ། དེ་རྣམས་ཀྱི་ཚད། གླིང་བཞིའི་ཚད་དང་དབྱིབས། དུས་ཅི་ཙམ་གྱིས་ཆགས་པ་དང་དགུ་ཡིས་འཇིག་རྟེན་གྱི་ཁམས་ཆགས་ཚུལ་བཤད་པ་དང་། དམྱལ་བ་ལ་སོགས་པའི་གནས་གཞན་རྣམས་ཞོར་ལ་བསྟན་པ་དང་། བརྟན་གཡོ་ལྟར་སྣང་བའི་རྒྱུ་རྐྱེན། ཁ་དོག་དང་དབྱིབས་ཀྱི་ཁམས། དེ་གཟུགས་ཡིན་པ། སྒྲ་དང་། དྲི་རོ་དང་། རེག་བྱ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་རིག་གི་དབྱེ་བ་དང་། བདུན་གྱི་ཡུལ་དང་འབྲེལ་པ་བཤད་པ་དང་། རྣམ་གྲངས་གཞན་བཤད་པའོ། །དེ་ལ་དགུ་སྟེ། ཞོར་ལ་མིང་གཞི་བསྟན་པ་དང་། བསྐལ་ཆུང་གི་གྲངས་དང་། སྣོད་བཅུད་འཇིག་པའི་ཚུལ་དང་། རྒྱུའི་ངེས་པ་དང་། བསམ་གཏན་བཞི་པའི་ཆགས་འཇིག་དང་། རང་སྣང་ཡིན་པའི་ཚུལ་དང་། བསམ་གྱིས་མི་ཁྱབ་པའི་ཚུལ་དང་། བསམ་གྱིས་མི་ཁྱབ་པའི་དོན་དང་། དག་པའི་ཞིང་ཁམས་བསྟན་པ་དང་། བཀའ་དང་བསྟན་ཆོས་རྣམས་ལ་སྦྱར་བའོ། །བར་དོ་དང་ཁམས་ལུས་དང་འབྲེལ་ཚུལ། ལམ་དང་བཅས་པ་བསྟན་པ་ལ་ལྔ་སྟེ། ནང་དུ་རྟོག་པ་མདོར་བསྟན། སྐྱེ་འཆིའི་ཚུལ་བཤད་པ། སེམས་ཅན་གྱི་གནས་བཤད་པ། བར་དོ་བཤད་པ། ཡང་དག་པའི་ལམ་བཤད་པའོ། །གཉིས་པ་ལ་གསུམ་སྟེ། ཁམས་གསུམ་འདུ་བྱེད་པ་དང་། སྐྱེ་རྒས་འཆི་བའི་ངོ་བོ་དང་། འཆི་ཚུལ་རྒྱས་བཤད་དོ། །གསུམ་པ་ལ་བཞི་སྟེ། ཁམས་ཀྱི་དོན་དང་། སེམས་ཅན་གྱི་གནས་པ་བདུན་དང་། གནས་བཞི་བཤད་པ་དང་། མུ་བཞིར་འགྱུར་ཚུལ་ལོ། བཞི་པ་ལ་བཅུ་གསུམ་སྟེ། བར་དོ་མཚམས་སྦྱོར་བྱེད་དང་། བར་དོའི་ལུས་ཀྱི་མཚན་ཉིད་དང་། འདྲེན་བྱེད་རྒྱས་བཤད་དང་། བར་དོའི་ལུས་རིགས་དྲུག་གང་དུ་འགྲོ་བའི་ཁ་དོག་དང་། དབྱིབས་དང་། དུས་དང་། མགོ་གང་དུ་བསྟན་པ་དང་། གོས་ཡོད་མེད་དང་། སྲིད་པའི་ངེས་པ་དང་། མངལ་དུ་འཇུག་ཁའི་སྣང་བ་དང་། ཞུགས་དུས་ཀྱི་སྣང་བ་དང་། ཤེས་བཞིན་དང་ལྡན་མི་ལྡན་དང་། དོན་བསྡུ་བའོ། །ལྔ་པ་ལ་བདུན་ཏེ། ལམ་གྱི་གཞི་རྟེན་འབྲེལ་མཐོང་བ་དང་། བདག་ལྟ་སྤོང་བ་དང་། འཕགས་པའི་བདེན་པ་བཞི་རིག་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་དང་། སྙིང་རྗེ་ཆེན་པོ་མཐོང་བ་དང་། ལམ་སྦྱང་པ་དང་། བྱང་ཆུབ་ཆེན་པོ་ཐོབ་པར་བསྟན་པའོ། །རྩོམ་པ་མཐར་ཕྱིན་པའི་བྱ་བ་ལ་ལྔ་སྟེ། རྒྱལ་བའི་ཡོན་ཏན་ལ་གུས་པ་བསྐྱེད་པ་དང་། བརྩམས་པ་དོན་དང་ལྡན་མི་ལྡན་བརྗོད་པ་དང་། བསྔོ་བ་སྨོན་ལམ་དང་བཅས་པ་དང་། ཇི་ལྟར་དུ་བསྡུས་པ་དང་། བཟོད་གསོལ་ཚིགས་བཅད་དོ། །དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་བསྟན་ཆོས་ཀྱི་བསྡུས་དོན་རང་བྱུང་རྡོ་རྗེས་སྦྱར་བ་རྫོགས་སོ།། །།
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net