དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཞེས་བྱ་བའི་བསྟན་བཅོས་བཞུགས།
༄༅། །དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཞེས་བྱ་བའི་བསྟན་བཅོས་ཞེས་བྱ་བ་བཞུགས་སོ། །[1]
༄༅། །དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཞེས་བྱ་བའི་བསྟན་བཅོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱིས་བསྒྲིབས་ཕྱིར་མི་མཐོང་སྟེ། །དཔེར་ན་གསེར་གྱི་གཟུགས་ནི་སྒྲིབ་པ་བཞིན། །ཞེས་གསུངས་སོ། །ཐོག་མ་མེད་པའི་དུས་ཀྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པ་ཡིན། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་བློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་སོ། །ཞེས་རྒྱུད་ལུང་ངོ་། །དེ་ལ་ཐོག་མེད་ཅེས་བྱ་བ། །དེ་བས་སྔོན་ན་མེད་པ་ཉིད། །དུས་ནི་སྐད་ཅིག་དེ་ཉིད་དེ། །གཞན་ནས་བརྒྱུད་དེ་འོངས་པ་མིན། །ཁམས་ནི་བྱེད་པོ་མེད་ཀྱང་ནི། །རང་མཚན་འཛིན་པས་དེ་སྐད་བརྗོད། །ཆོས་ནི་འཁོར་དང་མྱ་ངན་འདས། །གཉིས་སུ་སྣང་ལ་བཤད་པ་སྟེ། །མ་རིག་བག་ཆགས་ས་ཞེས་བྱ། །ཡང་དག་རྟོག་དང་ཡང་དག་མིན། །འདུ་བྱེད་གཡོ་བ་བསྐྱེད་རྒྱུ་ཡིན། །རྒྱུ་ཡི་རྐྱེན་ཏེ་ཀུན་གཞིར་བཤད། །གནས་ནི་རྒྱལ་བའི་སྙིང་པོ་སྟེ། །ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་ཀྱི་དག་པ་ལ་རབ་གནས། །དག་པ་དེ་ཉིད་ད་ལྟར་ཡོད། །ཡོད་ཀྱང་མ་རིག་ཀུན་རྟོག་གིས། །མི་མཐོང་ཕྱིར་ན་འཁོར་བ་ཡིན། །དེ་ཉིད་བསལ་ན་མྱ་ངན་འདས། །དེ་ལ་ཐ་མའི་ཐ་སྙད་བྱས། །ཐོག་མཐའ་ཀུན་རྟོག་ཉིད་ལ་བརྟེན། །འདུ་བྱེད་རླུང་དང་འདྲ་བ་ཡིས། །ལས་དང་ཉོན་མོངས་བསྒྲུབ་པ་སྟེ། །དེ་ཡིས་ཕུང་པོ་ཁམས་སྐྱེ་མཆེད། །གཉིས་སྣང་ཆོས་ཀུན་སྟོན་པ་ཡིན། །དེ་ལ་བླང་དོར་བྱེད་མཁན་འཁྲུལ། །རང་སྣང་དོར་བས་གང་ཏུ་འགག །རང་སྣང་བླངས་པས་ཅི་ཞིག་འབྱུང་། །གཉིས་འཛིན་རྫུན་པ་མ་ཡིན་ནམ། །དེ་ཤེས་གཉེན་པོར་གསུངས་མོད་ཀྱང་། །གཉིས་མེད་རྟོགས་དེ་བདེན་པ་མིན། །རྟོག་མེད་རྟོགས་པར་འགྱུར་བའི་ཕྱིར། །གཟུགས་སོགས་ཆ་ཕྱེས་སྟོང་རྟོགས་པ། །ཁྱོད་རང་འཁྲུལ་པ་མ་ཡིན་ནམ། །འོན་ཀྱང་བདེན་ཞེན་བཀག་ཕྱིར་གསུངས། །ཐམས་ཅད་བདེན་མིན་རྫུན་མིན་ཏེ། །ཆུ་ཟླ་བཞིན་དུ་མཁས་རྣམས་འདོད། །ཐ་མལ་ཤེས་པ་དེ་ཉིད་ལ། །ཆོས་དབྱིངས་རྒྱལ་བའི་སྙིང་པོ་ཟེར། །བཟང་དུ་འཕགས་པས་བཏང་བ་མེད། །ངན་དུ་སེམས་ཅན་གྱིས་མ་བཏང་། །ཐ་སྙད་དུ་མ་བརྗོད་མོད་ཀྱང་། །བརྗོད་པས་དེ་ཡི་དོན་མི་ཤེས། །དེ་ཉིད་མ་འགགས་རོལ་པ་ལ། །ཡོན་ཏན་དྲུག་ཅུ་རྩ་བཞི་པོ། །རག་པ་ཡིན་ཏེ་རེ་རེ་ལའང་། །བྱེ་བ་ཕྲག་རེར་གསུངས་པ་ཡིན། །གནས་དང་གནས་མིན་ལས་ཤེས་དང་། །རྣམ་སྨིན་ཁམས་དང་དབང་པོ་དང་། །མོས་པ་མཁྱེན་དང་ཀུན་འགྲོ་བའི། །ལམ་དང་བསམ་གཏན་ལྷ་ཡི་མིག །གནས་རྗེས་དྲན་དང་ཞི་བ་ནི། །སྟོབས་བཅུའོ་དེ་བརྟེན་མི་འཇིགས་བཞི། །ཆོས་ཀུན་བྱང་ཆུབ་གནས་སྟོན་དང་། །ལམ་དང་འགོག་སྟོན་རྩོད་མེད་ཉིད། །རྒྱུ་དེས་མ་འཁྲུལ་ཅ་ཅོ་མེད། །དྲན་པ་མ་ཉམས་རྟག་མཉམ་བཞག །འདུ་ཤེས་སྣ་ཚོགས་མི་མངའ་དང་། །མ་བརྟགས་བཏང་སྙོམས་མེད་པ་དང་། །འདུན་པ་བརྩོན་འགྲུས་དྲན་པ་དང་། །ཏིང་འཛིན་ཤེས་རབ་རྣམ་གྲོལ་གྱི། །ཡེ་ཤེས་མཐོང་བ་མི་ཉམས་པ། །ལས་རྣམས་ཡེ་ཤེས་སྔོན་འགྲོ་དང་། །དུས་ལ་སྒྲིབ་མེད་བཅོ་བརྒྱད་དེ། །སོ་གཉིས་ལྡན་པ་ཆོས་སྐུ་ཡིན། །ད་ལྟ་དེ་ལ་འགལ་བར་བྱེད། །ཡིན་ལ་ཡིན་བཞིན་མ་ངེས་པས། །མེད་ལ་ཡོད་རྟོག་ཀུན་བརྟགས་བྱས། །དེས་བསྐྱེད་རྟོགས་དེ་གཞན་དབང་ཡིན། །ཡོངས་སུ་གྲུབ་པ་མ་ཤེས་པས། །རང་གི་བྱས་པས་གཟིངས་པ་སྟེ། །ཀྱེ་མ་ཆོས་སྐུའི་ཡོན་ཏན་འདི། །བདེན་པའི་རྟོག་ལ་བདེན་ཤེས་ཡིན། །ད་ལྟ་ནུས་པ་ཆུང་བ་དེ། །བདེན་ཤེས་བོར་ནས་མི་བདེན་བཟོས། །དེ་ལ་རྗེས་འབྲང་གཡོས་པས་ལན། །དེ་ནི་ཡིན་ལ་ཡིན་བཞིན་དུ། །ཤེས་གྱིས་དེ་ལ་ནུས་པ་ཐོབ། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །དེ་ལ་གཟུགས་སྐུ་གཉིས་རང་བཞིན། །སུམ་ཅུ་རྩ་གཉིས་མཚན་དཔེ་བྱད། །ཐོབ་པའི་ཡོན་ཏན་རང་ལུས་ཏེ། །ལུས་དེ་བདག་དང་ཕྱྭ་དབང་ཕྱུག །ཚངས་དང་ཕྱི་རོལ་བདེན་པའི་རྡུལ། །ཕག་ན་མོ་ཡིས་བྱས་པ་མིན། །སྒོ་ལྔ་གཟུང་དང་འཛིན་པ་ཡི། །རྣམ་འགྱུར་མ་དག་དེ་སྦྱངས་པས། །དེ་ཚེ་ཐོབ་པར་ཐ་སྙད་བྱས། །དེ་བས་རྩ་རླུང་ཐིག་ལེ་རྣམས། །དག་པ་དག་པའི་གཟུགས་སྐུ་སྟེ། །མ་སྦྱང་མ་དག་གཟུགས་སྐུའོ། །དཔེར་ན་ཤུན་བཅས་བཻཌཱུརྻ། །དེ་ལ་ཡོན་ཏན་མི་སྣང་དང་། །རེ་བ་བ་ཚྭའི་ཆུས་སྦྱོང་དང་། །སྐྱུར་པོ་ལྭ་བས་སྦྱོང་བ་དང་། །ཆུ་གཙང་ཀཱ་ཤི་ཀས་སྦྱོང་ནས། །དག་དེ་ནོར་བུ་དགོས་འདོད་འབྱུང་། །དེ་བཞིན་སེམས་ཀྱི་བཻཌཱུརྻ། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །ཤུན་པ་གསུམ་པོ་སྦྱང་བའི་ཕྱིར། །ཚོགས་སྦྱོར་མ་དག་ས་བདུན་དང་། །དག་པའི་ས་གསུམ་ལ་རབ་སྦྱོང་། །ཡང་དག་མ་ཡིན་ཀུན་རྟོག་དེ། །དག་པའི་ཀུན་རྟོག་དང་སྤྲད་པས། །ཤིང་གཉིས་ཚིག་བཞིན་ཀུན་རྟོག་བྲལ། །སྤངས་གཉེན་དེ་བཞིན་ཉིད་རྟོགས་དང་། །འབྲས་བུའི་མཚན་འཛིན་བཞི་བྲལ་བ། །དེ་ཚེ་ནམ་མཁའི་སྐུ་ཅན་ལ། །མཚན་གྱི་མེ་ཏོག་རྒྱས་པར་འགྱུར། །མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པའི་གནས་སྐབས་གསུམ། །བརྗོད་ཀྱང་སངས་རྒྱས་གསར་སྐྱེས་མིན། །ཅི་ལྟར་སྔ་བཞིན་ཕྱིས་དེ་བཞིན། །མི་འགྱུར་སངས་རྒྱས་སྙིང་པོ་ཡིན། །འགྱུར་བ་དྲི་བྲལ་དེ་ལ་བརྗོད། །གང་དག་ལྟ་ངན་ཞུགས་པ་རྣམས། །སངས་རྒྱས་ཡོན་ཏན་རྒྱུ་མེད་དང་། །ཡང་ན་རང་མིན་ཕྱི་རོལ་གྱིས། །རྒྱུ་རྐྱེན་གྱིས་བསྐྱེད་རྟོགས་པ་ནི། །ཕྱི་རོལ་རྟག་ཆད་ཁྱད་ཅི་ཡོད། །འདུ་བྱེད་སྐད་གཅིག་སྐྱེ་འགག་སྣང་། །མ་དག་འདུ་བྱེད་དག་དང་མཚུངས། །གལ་ཏེ་དེ་ལྟ་མ་ཡིན་ན། །གཟུགས་སྐུའི་ཕྲིན་ལས་རྒྱུན་ཆད་འགྱུར། །འོན་ཀྱང་འདུ་བྱེད་མིང་མི་བརྗོད། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱི། །འབྱུང་བ་ཆེ་སོགས་རང་བཞིན་གང་། །འཛིན་བཅས་ངོ་བོ་ནུས་ལྡན་སྟོན། །འཁྲུལ་དང་མ་འཁྲུལ་གཉིས་པོ་ཡང་། །སྣང་བར་ཁྱད་པར་ཅི་ཡང་མེད། །གཉིས་འཛིན་ཡོད་མེད་ཁྱད་པར་ཡིན། །གལ་ཏེ་དེ་ལྟ་མ་ཡིན་ན། །རྒྱལ་བའི་ཕྲིན་ལས་ཅི་ལྟར་འཇུག །ཡིད་བཞིན་ནོར་སོགས་དཔེ་བརྗོད་པ། །རྟོག་པ་མེད་པའི་ནུས་སྟོན་པར། །བཤད་ཀྱིས་གཞན་རྒྱུད་ཁོ་ན་མིན། །ཡིན་ན་གཞན་རྒྱུད་ཡེ་ཤེས་འགྱུར། །འདོད་ན་ཡེ་ཤེས་འཁྲུལ་པར་འགྱུར། །གལ་ཏེ་རང་སྣང་འཛིན་ཡིན་ཞེས། །འདོད་ན་མེ་ལོང་སྣང་བ་ཡང་། །འཛིན་པའི་རྣམ་རྟོག་ཅན་དུ་འགྱུར། །སེམས་ཅན་འཁྲུལ་པ་ཅི་སྙེད་པ། །ཡེ་ཤེས་ཡུལ་དུ་སྣང་གྱུར་ཀྱང་། །ཡེ་ཤེས་འཁྲུལ་པས་གོས་པ་མིན། །དཔེར་ན་མཁའ་ལ་འབྱུང་ཆེན་རྣམས། །སྐྱེ་འགག་སྣང་ཡང་ནམ་མཁའ་ལ། །གོས་མིན་སྐྱེ་དང་འགག་པ་མེད། །རྒྱལ་བའི་ཡེ་ཤེས་སེམས་ཅན་ལ། །ཞུགས་ཀྱང་དེ་བཞིན་གོས་པ་མེད། །འདི་ལ་འཁྲུལ་པའི་མིང་མི་བརྗོད། །བྱ་བ་གྲུབ་པ་ཞེས་སུ་བརྗོད། །སྒྲིབ་གསུམ་དག་པར་གནས་པའི་ཡིད། །མཉམ་པ་ཉིད་དེ་ཞི་བའང་ཡིན། །བྱམས་དང་ཐུགས་རྗེ་ཆེ་ལྡན་པས། །ལོངས་སྤྱོད་རྫོགས་སོགས་དེ་ལ་སྣང་། །ལ་ལ་སངས་རྒྱས་ཐོབ་པའི་ཚེ། །ཐེག་དམན་མཚུངས་གྱུར་དགག་ཕྱིར་བརྗོད། །ཡེ་ཤེས་རྟག་པ་གསུམ་ཡིན་ཏེ། །རང་བཞིན་རྟག་པ་ཆོས་ཀྱི་སྐུ། །རྒྱུན་གྱིས་རྟག་པ་ལོངས་སྤྱོད་རྫོགས། །རྒྱུན་མི་འཆད་པ་སྤྲུལ་སྐུ་ཡིན། །དེ་ལ་མི་རྟག་གསུམ་ཡོད་དེ། །བློ་བྱས་སྟོང་པ་རྟག་པ་མིན། །གཡོ་བའི་རྟོག་ཡིད་རྟག་པ་མིན། །ཚོགས་དྲུག་འདུས་བྱས་རྟག་པ་མིན། །འོན་ཀྱང་དེ་ལ་རྟག་གསུམ་ཡོད། །མི་རྟག་གསུམ་པོ་དྲི་མ་སྟེ། །རྟག་པ་གསུམ་པོ་ཡེ་ཤེས་ཡིན། །མུ་སྟེགས་བདག་དང་མཚུངས་མིན་ཏེ། །ཡིད་ཀྱིས་བཏགས་དང་མ་བཏགས་ཕྱིར། །ཉན་རང་ཞི་དང་མཚུངས་མིན་ཏེ། །གཟུགས་སྐུའི་ཡོན་ཏན་ཀུན་སྟོན་ཕྱིར། །སེམས་ཅན་ལུས་དང་མཚུངས་མིན་ཏེ། །ཟག་བཅས་རྐྱེན་གྱིས་མ་བསྐྱེད་ཕྱིར། །ཕྱིར་ལ་ལྡོག་པར་མི་འགྱུར་ཏེ། །ཡིན་ལ་ཡིན་བཞིན་མངོན་གྱུར་ཕྱིར། །དྲི་མ་ལྡང་བ་གཏན་མེད་དེ། །ཐ་དད་ཀུན་རྟོག་བྲལ་བའི་ཕྱིར། །དེ་ཕྱིར་སེམས་ཉིད་སངས་རྒྱས་འདི། །ད་ལྟར་ཡོད་ཀྱང་མ་ཤེས་སོ། །གང་ཚེ་རྟོགས་པ་དེ་ཡི་ཚེ། ཇི་ལྟར་ལྕགས་ལ་ཚ་བ་དང་། །མིག་ལ་རབ་རིབ་ཞི་བ་ལྟར། །སངས་རྒྱས་སེམས་དང་ཡེ་ཤེས་ལ། །ཡོད་དང་མེད་པར་མི་བརྗོད་དོ། །དམ་པའི་དོན་དུ་སྐྱེ་མེད་ཕྱིར། །དེ་ཉིད་དུ་ནི་གྲོལ་བའང་མེད། །མཁའ་བཞིན་སངས་རྒྱས་དེ་བཞིན་ཏེ། །སེམས་ཅན་དང་ནི་མཚན་ཉིད་གཅིག །ཚུ་རོལ་ཕ་རོལ་སྐྱེ་མེད་པས། །རང་བཞིན་མྱ་ངན་འདས་པའང་མེད། །དེ་ཕྱིར་འདུས་བྱས་མངོན་པར་སྟོང་། །ཀུན་མཁྱེན་ཡེ་ཤེས་སྤྱོད་ཡུལ་ཡིན། །ཕྲ་ཕྱིར་ཐོས་པའི་ཡུལ་མིན་ལ། །དོན་དམ་ཕྱིར་ན་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །རང་རིག་ཡེ་ཤེས་སྤྱོད་ཡུལ་ཏེ། །རང་བྱུང་དད་པས་དོན་དམ་སྐྱེད། །ཀྱེ་མ་ཚུལ་འདི་མ་རྟོགས་པས། །བྱིས་པ་འཁོར་བའི་རྒྱ་མཚོར་འཁྱམས། །ཐུབ་པ་ཆེན་པོ་འཇམ་དཔལ་དབྱངས། །བྱམས་པ་སྤྱན་རས་གཟིགས་དབང་གི །མཐུ་ཡིས་རང་བྱུང་རྡོ་རྗེས་བྲིས། །འགྲོ་ཀུན་སངས་རྒྱས་སྙིང་པོ་འདི། །མཐར་ཕྱིན་མ་ནོར་ཤེས་པར་ཤོག །སངས་རྒྱས་ཀྱི་སྙིང་པོ་གཏན་ལ་དབབ་པ་རྡོ་རྗེ་ཐེག་པའི་སྙིང་པོ་རྫོགས་སོ།། །།ཤུ་བྷཾ།
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net