དེ་བཞིན་གཤེགས་པའི་སྙིང་པོ་གཏན་ལ་དབབ་པ་ཞེས་བྱ་བའི་བསྟན་བཅོས་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །དེ་བཞིན་གཤེགས་པའི་སྙིང་པོ་གཏན་ལ་དབབ་པ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ། །[1]

༄༅། །འདི་ནི་དོན་ལས་མཚན་དུ་བཏགས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་གཏན་ལ་དབབ་པ་ཞེས་འདི་ནི་དྲང་སྲོང་གི་བཀའ་བཞིན་སྤྱི་བོར་ལོང་ཞིག་བྱ་བའི་བསྟན་བཅོས་དོན་ལྡན་སྒྲུབ་པ་ལྷུར་ལེན། སྡུག་བསྔལ་འབྱིན་པའི་གདུལ་བྱའི་བློ་ཕྱིན་ཅི་མ་ལོག་པར་འཆོས། སྡུག་བསྔལ་མཐའ་དག་ལས་སྐྱོབ། མདོ་སྡེ་དང་མཐུན་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐམས་ཅད་ལ་ཕྱག་འཚལ་ལོ། །ལུང་གི་མདོར་བསྟན་ལ་ཐོག་མ་གཤིས་ཀ་མེད་གྱུར་ཀྱང་རང་ངོ་ཤེས་པའི་ཚེ་ཐ་མ་དང་ལྡན་པ། རང་བཞིན་གྱིས་རྣམ་པར་དག་པའི་རྟག་གནས་སྐབས་ཐམས་ཅད་དུ་ངོ་བོ་མི་འགྱུར་བས་་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱི་དྲི་མ་ལྷན་ཅིག་སྐྱེས་པའི་མ་རིག་པའི་བསྒྲིབས་ཕྱིར་མི་མཐོང་སྟེ། དཔེར་ན་གསེར་གྱི་གཟུགས་སངས་རྒྱས་ཀྱི་སྐུ་ནི་ས་འཇིམ་གྱིས་བསྒྲིབས་པ་མི་མཐོང་བ་བཞིན། ཐོག་མ་མེད་པའི་དུས་ཀྱི། སངས་རྒྱས་ཀྱི་རྒྱུའི་ཁམས་ནི། ཆོས་ཀུན་ཉོན་དང་རྣམ་བྱང་། རྣམ་ཀུན་གྱི་གནས་ཡིན་ཏེ། སྤྱི་མིང་དུ་ཀུན་གཞི་ཞེས་བྱ་བ། ཡེ་ཤེས་རྣམ་ཤེས་འདྲེས་མ་སྟེ། ཡང་འབྱེད་འཕྲུལ་ལྡེ་ལས། ས་ཆུ་འདྲེས་པ་རྙོག་མའི་དཔེས་གསུངས། དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པ་ཡིན། ཧེ་བཛྭ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། འོན་ཀྱང་རང་གིས་རང་མ་རིག་པའི་གློ་བུར་དྲི་མས་བསྒྲིབས། དེ་ཉིད་བསལ་ན་སངས་རྒྱས་སོ། །མངོན་པའི་ལུང་དོན་བཤད་པ་དེ་ལ་ཐོག་མེད་ཅེས་བྱ་བ། དེ་ཁམས་ཡི་སྔོན་ན་དེ་ལས་མ་བྱུང་བའི་སངས་རྒྱས་སེམས་ཅན་གང་ཡང་མེད་པ་ཉིད། །འཁྲུལ་བའི་དུས་ནི་ཡིད་སྐད་ཅིག་འགྱུ་བ་ཆུ་རླབས་ལྟ་བུ་དེ་ཉིད་དེ། གནས་གཞན་ནས་ཞིག་བརྒྱུད་དེ་འོངས་པ་མིན། དེ་སྔ་མའི་འཁྲུལ་པ་ཁ་བརྒྱུད་ནས་བྱུང་བའོ། །ཁམས་ཀྱི་དོན་ནི་ཁམས་སངས་རྒྱས་ཀྱི་སྙིང་པོ་དེ་ལ་ཡོན་ཏན་སྔར་མེད་གསར་དུ་བྱེད་པོ་མེད་ཀྱང་ནི། །རང་མཚན་ཡོན་ཏན་མི་འགྱུར་བར་འཛིན་པས་དེ་སྐད་བརྗོད། དེ་རྒྱུའི་དོན་ནོ། །ཆོས་ནི་འཁོར་དང་མྱ་ངན་འདས། །གཉིས་སུ་སྣང་བ་ལ་བཤད་པ་སྟེ། །དེ་གཉིས་ཀྱི་བག་ཆགས་ཚོགས་པ་དེ་ལ་མ་རིག་བག་ཆགས་ས་ཞེས་བྱ། །དེ་ནི་ཡང་དག་རྟོག་པའི་ཡིད་གཡོ་བ་དང་ཡང་དག་མིན། རྟོག་པའི་ཡིད་གཡོ་བ་གཉིས་འདུ་བྱེད་ཅིང་གཡོ་བ་དེས་འཁོར་འདས་སོ་སོར་བསྐྱེད་རྒྱུ་གཉིས་ཀྱི་ཡང་རྒྱུ་ཡིན་པས། རྒྱུ་ཡི་རྐྱེན་དེ་ཀུན་གཞིར་བཤད། འཁོར་འདས་ཐམས་ཅད་ཀྱི་གནས་ནི་རྒྱལ་བའི་སྙིང་པོ་སྟེ། ཡང་དག་མ་ཡིན་ཀུན་རྟོག་ནི། དང་དེས་བསྐྱེད་པའི་ལས་ཉོན་སྡུག་བསྔལ་ཐམས་ཅད་ཀྱང་། སེམས་ཀྱི་རང་བཞིན་རྣམ་པར་དག་པ་ལ་རབ་ཏུ་བརྟེན་ཅིང་གནས་ཀྱང་དེ་ལ་མ་གོས་དག་པ་དེ་ཉིད་སེམས་རང་བཞིན། སྐུ་གསུམ་གྱི་རང་བཞིན་དུ་བཞུགས་ནས་་ད་ལྟར་ཡོད། །ཡོད་ཀྱང་མ་རིག་པའི་ཀུན་རྟོག་གིས་བསྒྲིབས་ནས། མ་མཐོང་ཕྱིར་ན་འཁོར་བ་ཡིན། །དེ་ཉིད་གཟོད་ནས་མ་གྲུབ་པར་ཤེས་ཏེ་བསལ་ན་མྱ་ངན་འདས། དྲི་མ་མ་བྲལ་བའི་འཁོར་བའི་དེ་ལ་ཐ་མའི་ཐ་སྙད་བྱས། །དུས་ཀྱི་ཐོག་མཐའ་ཀུན་རྟོག་གི་སྒྲོ་བཏགས་པ་ཉིད་ལ་བརྟེན། །སེམས་ཉིད་རང་གིས་རང་མ་རིག་ནས་སེམས་ལ་ང་བདག་ཏུ་འཛིན་པའི་ཉོན་ཡིད་འདུ་བྱེད་རླུང་དང་འདྲ་བ་ལངས་པ་ཡིས། །ལས་དང་ཉོན་མོངས་ཆུ་ལྟ་བུ་བསྒྲུབས་པ་སྟེ། །དེ་ཡི་ཕུང་པོ་ཁམས་སྐྱེ་མཆེད་ས་ལྟ་བུ་སྒྲུབས་བདེན་པར་མེད་བཞིན་གཉིས་སྣང་ཆོས་ཀུན་སྟོན་པ་ཡིན། །གཉིས་སྣང་ཀུན་བརྟགས་དེ་ལ་བླང་དོར་བྱེད་མཁན་འཁྲུལ་ཏེ། སྣང་བར་ཡེ་ཤེས་ཡིན་པས་རང་སྣང་དོར་བས་གང་དུ་འགག །སྟེ་དོར་བྱ་མེད། རང་སྣང་བླངས་ན་ཅི་ཞིག་འབྱུང་སྟེ་བླང་བྱར་མེད། དེ་བས་རང་སྣང་ལ་བླང་དོར་གཉིས་འཛིན་བརྫུན་པ་མ་ཡིན་ནམ། གཟུང་འཛིན་གཉིས་མེད་པར་དེ་ཤེས་པ་དེ་ཡོད་འཛིན་གྱི་གཉེན་པོར་གསུང་མོད་ཀྱང་། གཟུང་འཛིན་གཉིས་མེད་སྙམ་པའི་རྟོག་པ་དེ་ཡང་བདེན་པ་ཡང་ཡིན་རེ་རྟོག་པ་ཡིན་པས་སོ། །རྨི་ལམ་དུ་བུ་ཤི་རྒྱུ་མེད་ཀྱང་ཤི་བ་རྨིས་ནས་བུ་མེད་བསམ་པ་ལྟར་རྟོག་མེད་རྟོག་པར་གྱུར་པའི་ཕྱིར། སེམས་སྣང་གཟུགས་སོགས་གཅིག་དུར་ཕྱི་ཆ་ཕྱེད་ནས་ནམ་མཁའ་ལྟར་སྟོང་རྟོག་པ། ཁྱོད་རང་འཁྲུལ་པ་མ་ཡིན་ནམ། ལུང་ལས་གསུངས་པ་ནི། ཧེ་བཛྭ་ལས། བདེན་མིན་བརྫུན་མིན་དེ་བཞིན་དུ། འོན་ཀྱང་བདེན་ཞེན་དགག་ཕྱིར་གསུངས། སངས་རྒྱས་ཀྱི་སྙིང་པོ་རང་གི་ངོ་བོ་བསྟན་པ་ནི། ཐམས་ཅད་ཐམས་ཅད་ཆུ་ཡི་ཟླ་བ་ལྟར་འདོད་པས་རྣལ་འབྱོར་མས་ཤེས་གྱིས་བདེན་མིན་བརྫུན་མིན་ཏེ། ཆུ་ཟླ་བཞིན་དུ་གཉིས་མེད་མཁས་རྣམས་འདོད། ཅིར་ཡང་མི་རྟོག་པའི་མ་བཅོས་ཐ་མལ་ཤེས་པ་སོ་སོ་རེ་བ་དེ་ཉིད་ལ། ཆོས་དབྱིངས་རྒྱལ་བའི་སྙིང་པོ་ཡེ་ཤེས་ཟེར། ངོ་བོ་ལ་འགྱུར་བ་མེད་པས་སྔར་ལས་བཟང་དུ་སངས་རྒྱས་སོགས་འཕགས་པས་བཏང་བ་མེད། ངན་དུ་སེམས་ཅན་གྱིས་མ་བཏང་ཅི་ལྟར་སྔར་བཞིན་ཕྱིན་དེ་བཞིན། ཐ་སྙད་དུ་དོན་འདི་ནི་ས་བཅུའི་བྱང་སེམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་པས་སངས་མ་རྒྱས་བར་ཚིག་དང་མ་བརྗོད་མོད་ཀྱང་། བརྗོད་པས་དེ་ཡི་དོན་མི་ཤེས། དོན་ཡོངས་རྫོགས་མི་ཤེས་ཀྱང་སྟན་པའི་དགོས་པ་ནི་སངས་རྒྱས་མི་ཐོབ་སྐམ་དུ་སེམས་ཞུམ་པ་དང་སེམས་ཅན་ལ་བརྙས་པ་དང་དྲི་མ་བདེན་པར་འཛིན་པ་དང་ཡོན་ཏན་མེད་འཛིན་རང་ལྷག་སྙམ་པའི་ང་རྒྱལ་དང་སྟེ་སྐྱོན་ལྔ་སྤོང་བའི་ཕྱིར་རོ། །སྣང་གསལ་རིག་བདེ་དེ་ཡི་མ་འགགས་རོལ་པ་ལས། སངས་རྒྱས་ཀྱི་ཡོན་ཏན་དྲུག་ཅུ་རྩ་བཞི་པོ། རགས་པ་ཡིན་ཏེ་ཞེས་རྒྱས་ཕྱེ་ན་དེ་རེ་རེ་ཡང་། བྱེ་བ་ཕྲག་རེར་འམ་གྲངས་མེད། གསུངས་པ་ཡིན། གྲངས་བསྟན་པ་ནི་གྲངས་ལ་དགའ་བ་གཞུག་པའི་ཆེད་དོ། །དགེ་བ་ཐར་པའི་གནས་མི་དགེ་བ་གནས་དང་མིན་ཤེས་མཁྱེན་པའི་སྟོབས་ཅིག་པ་དང་། ལས་ཀྱི་རྣམ་སྨིན་མཁྱེན་སྟོབས་རྣམ་སྨིན་འཇིག་རྟེན་ཁམས་དང་གཉིས་སྣ་ཚོགས་མཁྱེན་སྟོབས་གསུམ་དབང་པོ་མཆོག་དང་མཆོག་མིན་མཁྱེན་སྟོབས་བཞི་དང་། སྣ་ཚོགས་མཁྱེན་སྟོབས་ལྔ། ཐེག་གསུམ་ཐམས་ཅད་དུ་འགྲོ་བའི་མཁྱེན་སྟོབས་དྲུག མོས་པ་མཁྱེན་དང་ཀུན་འགྲོ་གསུམ་ཐམས་ཅད་བའི། །ལམ་དང་ཀུན་ཉོན་དང་རྣམ་བྱང་གི་བསམ་གཏན་མཁྱེན་སྟོབས་བདུན་ལྷ་ཡི་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་བརྒྱད་མིག་སྔོན་གྱི་གནས་རྗེས་དྲན་དང་ཟག་པ་ཞི་བ་མཁྱེན་པའི་སྟོབས་བཅུ་ནི། སྟོབས་བཅུ་པོ་དེ་ལ་བརྟེན་ནས་མི་འཇིག་པ་བཞི། འཁོར་དབུས་སུ་ང་ནི་ཆོས་ཀུན་བྱང་ཆུབ་གེགས་མོ་ཞེས་དམ་བཅའ་གཅིག་ཉོན་མོང་ཐར་པའི་གཉིས་སྟོན་དང་། ཐེག་གསུམ་གསུམ་ལམ་དང་འགོག་ཟག་པ་བཞི་སྟོན་དེ་མ་ཆོས་མཐུན་གྱི་རྩོད་མེད་ཉིད། བག་ཚ་མེད་པའི་རྒྱུ་དེས་མ་སྐུ་མཆོད་རྒྱུག་སོགས་འཁྲུལ་བ་གསུངས་ཅ་ཅོ་མེད། ཐུགས་ལ་རྗེད་ངད་སོགས་དྲན་པ་མ་ཉམས་སྤྱོད་ལམ་རྟག་ཏུ་མཉམ་གཞག །འཁོར་འདས་ཐ་དད་འདུ་ཤེས་སྣ་ཚོགས་མི་མངའ་དང་། འདུལ་འོས་མི་འོས་མ་བརྟགས་བཏང་སྙོམས་མེད་པ་སྤྱོད་པ་དྲུག་དང་། ཆོས་སྟོན་པའི་གདུལ་བྱའི་དོན་ལ་འདུན་པ་བརྩོན་འགྲུས་བསམ་མི་དགོས་པར་དྲན་པ་དང་། ཆོས་ཉིད་ཀྱི་ཏིང་འཛིན་ཡེ་ཤེས་དཔག་མེད་ཤེས་རབ་ཟག་པ་ས་བོན་དང་བཅས་ལས་རྣམ་གྲོལ་གྱི། རྟོག་པ་དྲུག་གོ་ཡེ་ཤེས་མཐོང་བ་ཉམས་མི་མངའ། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ལས་རྣམས་ཡེ་ཤེས་སྔོན་འགྲོ་ཞིང་རྗེས་སུ་འཇུག་པ་ཕྲིན་ལས་གསུམ་དང་། འདས་མ་འོངས་ད་ལྟའི་དུས་ལ་ཆགས་ཐོགས་སྒྲིབ་ཉོན་སྒྲིབ་ཤེས་སྒྲིབ་མེད་ཡེ་ཤེས་མ་འདྲེས་པ་གསུམ་དང་བཅོ་བརྒྱད་དེ། སོ་གཉིས་ལྡན་པ་ཆོས་སྐུ་ཡིན། ད་ལྟ་དེ་ལ་འགལ་བར་བྱེད། ཡིན་ལ་ཡིན་བཞིན་མ་ངེས་པས། མེད་ཕྱི་དོན་པ་ལ་ཡོད་རྟོག་གི་ཀུན་བརྟག་བྱས། ཡུལ་དེས་བསྐྱེད་པའི་འཇིག་རྟེན་པའི་རྣམ་རྟོག་དེ་གཞན་དབང་ཡིན། གཟུང་འཛིན་རྟེན་དེས་འགྱུར་མེད་དང་ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པ་མ་ཤེས་པས། བྱིས་པ་རང་ནི་འདམ་གཡོས་པས། བྱིས་པ་རང་ཉིད་བྱིང་བ་ལྟར། རང་གིས་བྱས་པས་གཟིངས་པ་སྟེ། ཀྱེ་མ་ཆོས་སྐུའི་ཡོན་ཏན་འདི་འགྱུར་མེད་ཡོངས་གྲུབ་ཇི་ལྟ་བར་ཡོད་པར་བདེན་པའི་ཤེས་པ་དེ་ཡང་བདེན་ཤེས་ཡིན་པས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན་ནོ། །ད་ལྟ་ཡོན་ཏན་ཡོད་ཀྱང་ནུས་པ་ཆུང་བ་དེ། ཡོན་ཏན་ཡོད་པ་བདེན་ཤེས་བོར་ནས་མི་བདེན་པའི་གཟུང་འཛིན་བཟོས། དེ་ལ་རྗེས་འབྲང་ནས་འཁྲུལ་རྟོག་ཆུ་རླབས་ལྟར་གཡོས་པས་ལན། ད་ནི་སེམས་ཉིད་སངས་རྒྱས་ཡིན་ལ་ཡིན་བཞིན་དུ། ཤེས་པར་གྱིས་ལ་དེ་ལ་གསོས་ནུས་པ་ཐོན་ལ་རྟོགས་པར་གྱིས་དང་དེས་ཆོག་གོ །ཅི་སྟེ་ན་སེམས་ཉིད་དེ་ལ་རང་གི་འདུ་ཤེས་འཁྲུལ་པ་ལས་འདི་ལ་བསལ་བྱ་ཅི་ཡང་མེད། ཡོན་ཏན་སྔར་མེད་གསར་དུ་བཞག་པར་བྱ་བ་ཅུང་ཟད་མེད། ཡང་དག་པའི་སེམས་ཉིད་རང་ལ་རང་གིས་ཡང་དག་ལྟ། ཡང་དག་མཐོང་ན་རྣམ་པར་གྲོལ་དེ་བཞིན་གཤེགས་པའོ། །སེམས་ཉིད་དང་རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། གློ་བུར་དྲི་མ་དག་གིས་ཁམས་ལ་མ་གོས་པས་སྟོང་གི །སེམས་ཉིད་དང་རྣམ་དབྱེར་མེད་པའི་མཚན་ཉིད་ཅན། བླ་མེད་པའི་སངས་རྒྱས་ཀྱི་ཆོས་ཀྱིས་ཁམས་དེ་སྟོང་པ་མིན། དེ་ལ་གཟུགས་སྐུ་ལོངས་སྤྲུལ་གཉིས་རང་བཞིན། སུམ་ཅུ་རྩ་གཉིས་མཚན་དཔེ་བྱད། ཐོབ་པར་བྱེད་པའི་ཡོན་ཏན་རང་ལུས་རྩ་རླུང་ཐིག་ལེ་ཏེ། ལུས་དེ་ཕྱ་དང་དབང་ཕྱུག་དང་། ཚངས་དང་ཕྱི་རོལ་ཐེག་དམན་ཉམས་བདེན་པའི་རྡུལ། ཕྱི་དོན་གྱི་རྣམ་པ་གཏོད་མཁན་ཕག་ན་མོ་བདེན་པ་ཡིས་བྱས་པ་མིན་གྱི་སེམས་ལུས་ལྟར་སྣང་བ་ཡིན། །སྒོ་ལྔ་གཟུང་དང་འཛིན་པ་ཡི། རྣམ་འགྱུར་མ་དག་དེས་སྦྱངས་པས། གཟུགས་རྡོ་རྗེ་སོགས་དེ་ཚེ་ཐོབ་གཟུགས་ཕུང་གནས་གྱུར་པར་ཐ་སྙད་བྱས། རེ་ས་དང་པོ་ཐོབ་པས་ཀྱང་དབང་ལྔ་གནས་འགྱུར་བས་དབང་པོ་རེ་རེ་ཀྱང་ཡུལ་ལྔ་ལྔ་ལ་འཇུག་དེ་བས་སྦྱང་བཞི་རྩ་རླུང་ཐིག་ལེ་རྣམས། དྲི་མ་དག་སྦྱང་བྱས་པ་དག་པའི་གཟུགས་སྐུ་སྟེ། སྦྱང་བྱ་མངལ་གྱི་ཁྲུ་མ་ཆོས་གོས་ཉིད། མ་སྦྱངས་མ་དག་གཟུགས་སྐུའོ་ཅེས་སོགས། དཔེར་ན་སྙིང་པོ་ནི་ཤུན་བཅས་བཻ་ཌཱུརྻ། །དག་དང་ཉོན་མོངས་དང་ལྡན་ཕྱིར་དོ་ཀུན་ནས་ཉོན་མོངས་མེད་དག་ཕྱིར། རྣམ་པར་དབྱེ་བ་མེད་ཆོས་ཕྱིར། ལྷུན་གྲུབ་རྣམ་པར་མི་རྟོགས་ཕྱིར། ཀུན་པ་དང་བཅས་ཀྱང་མ་འདྲེས་པ། གང་ནས་ཀྱང་མ་བྱུང་བའི་ཤུན་པ་དག་པར་བྱས་པ་ལྟར། ནོར་བུ་མ་ཐུན་པ་ཡོད་མེད་ཁྱད་མེད་པ་ལྟར་ནོར་བུ་ལ་རྟོག་པ་མེད་པ་ལྟར། དེ་ལ་ཡོན་ཏན་མི་སྣང་སྟེ། ཡོན་ཏན་དབྱུང་ཕྱིར་དང་པོ་རེ་བ་བ་ཚྭའི་ཙུབ་མོས་་ཆུས་སྦྱངས་དང་། བར་དུ་སྐྱུར་པོ་བལ་གྱི་ལ་བས་སྦྱངས་པ་དང་། །མཐའ་མར་ཆུ་གཙང་ཀ་ཤི་ཀས་ལི་རས་སྲབ་མོས་སྦྱངས་ན། ཤུན་པ་དག་སྟེ་ནོར་བུས་དགོས་འདོད་འབྱུང་། དེ་བཞིན་སེམས་ཀྱི་བཻ་ཌཱུརྻ། སེར་སྣ་སོགས་ཉོན་མོངས་ཤེས་བྱ་འཁོར་གསུམ་དུ་རྟོག་པ་སྙོམས་བྱིང་རྒོད་འཇུག་གི །ཤུན་པ་གསུམ་པོ་སྦྱང་བའི་ཕྱིར། ལམ་བཞི་གསུམ་བཅུ་གཉིས་ལམ་ངེས་འབྱེད་བཞི་ཚོགས་སྦྱོར་མ་དག་ས་བདུན་དང་། དག་པའི་ས་གསུམ་མཚན་འཛིན་བཞི་ལ་རབ་སྦྱངས། བདག་འཛིན་རྟག་འཛིན་སོགས་ཡང་དག་མ་ཡིན་ཀུན་རྟོག་དེ་སྤང་བྱའི་རྟོག་པ། མི་རྟག་བདག་མེད་སོགས་དག་པའི་ཀུན་རྟོག་དང་གཉེན་པོའི་རྟོག་པ་སྤྲད་པས། ཤིང་གཉིས་བསྲུབ་པས་གཉིས་ཀ་ཚིག་བཞིན་ཀུན་རྟོག་གཉེན་པོ་སྤང་བྱ་ལ་སྟོན་པའི་ཕྱིར་སྤང་བྱ་ཟད་པ་དང་གཉེན་པོའི་རྟོགས་པ་ཡང་སྤང་གཉེན་གྱི་རྟོགས་པ་ནི་རྨི་ལམ་གྱི་ཆུ་རྨི་ལམ་ཡིན་པར་ཤེས་བཞིན་དུ་བརྒལ་བའི་རྩོལ་བ་བྱེད་པ་ལྟར་བྲལ། མཚན་འཛིན་བཞི་ནི་སྤང་གཉེན་གཉིས་དང་དེ་བཞིན་ཉིད་རྟོག་དང་། འབྲས་བུའི་མཚན་འཛིན་བཞི་བྲལ་བ། འབྲས་བུའི་མཚན་མ་ཡང་བྲལ་བ་དེ་བཞིན་ཉིད་དམིགས་ཀྱི་སེལ། དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་དང་སྲིད་ཞི་མཉམ་འཛིན་པ་ཙམ་མོ། །ས་བརྒྱད་པ་ཐོབ་མ་ཐག །ཡིད་འཛིན་རྟོག་པ་བྲལ་བས་འབྲས་བུའི་མཚན་མ་ཙམ་འབྱུང་སྟེ་དེ་ནི་སངས་རྒྱས་གང་གཱའི་བྱེ་སྙེད་ཀྱི་ཞལ་བསྟན་ནས་མི་རྟོག་པ་ལས་བསླང་སྟེ། སངས་རྒྱས་ཀྱི་ཞིང་དང་ཐབ་ཀྱི་སྙིང་པོ་སྦྱང་བ་ལ་འཇུག་པ་ནི་འབྲས་བུའི་མཚན་མའོ། །དེ་ཚེ་སྤྲོས་བྲལ་ནམ་མཁའི་སྐུ་ཅན་ལ། མཁྱེན་བརྩེ་ནུས་པའི་འོད་ཟེར་མཚན་གྱི་མེ་ཏོག་གཟུགས་སྐུ་གཉིས་ཀྱི་འགྲོ་དོན་རྒྱས་པར་འགྱུར། མ་དག་མ་དག་དག་པ་དང་། ཤིན་ཏུ་རྣམ་དག་གོ་རིམ་བཞིན། སེམས་ཅན་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་་གཤེགས་པའི་གནས་སྐབས་གསུམ། བརྗོད་ཀྱང་སངས་རྒྱས་སྔར་མེད་གསར་སྐྱེས་མིན། ཇི་ལྟར་སྔར་ཡོད་པ་བཞིན་ཕྱིས་ཀྱང་དེ་བཞིན། ངོ་བོ་མི་འགྱུར་སངས་རྒྱས་སྙིང་པོ་ཡིན། དེ་ཕྱིར་གནས་འགྱུར་བ་དྲི་མ་བྲལ་ཙམ་དེ་ལ་བརྗོད། །གསུང་རབ་གོ་ཉེས་ཀྱིས་གང་དག་ལྟ་ངན་སེམས་ལ་ཞུགས་པ་རྣམས། ཆོས་ཉིད་སྟོང་ཉིད་ལས་སངས་རྒྱས་ཡོན་ཏན་འབྱུང་བར་འདོད་པ་ནི་རྒྱུ་གཅེར་བུ་པ་མེད་ལས་སྐྱེ་བར་འདོད་པ་དང་ཁྱད་མེད། ཁ་ཅིག་སེམས་ཉིད་ལ་སངས་རྒྱས་ཀྱི་ཡོན་ཏན་སྔར་མེད་པ་ཡང་ན་རང་མིན་ཕྱི་རོལ་གྱི་ཐོས་བསམ་སྒོམ་གསུམ་སོགས་ཀྱི་རྒྱུ་རྐྱེན་གྱིས་བསྐྱེད་པར་རྟོག་པ་ནི། ཕྱི་རོལ་དབང་ཕྱུག་དངོས་པོ་ཐམས་ཅད་དེས་བསྐྱེད་འདོད་པ་དང་། རྟག་ཆད་འདོད་པར་ཁྱད་ཅི་ཡོད། །སོར་རྟོག་ཡེ་ཤེས་ཀྱིས་འཇིག་རྟེན་ཀུན་ལ་ལན་དྲུག་ཏུ་གཟིགས་ཤིང་སེམས་ཅན་རྣམས་ཀྱི་སེམས་རྒྱུད་སོ་སོར་ཅིག་ཅར་མཁྱེན་པའི་འདུ་བྱེད་སྐད་ཅིག་སྐྱེ་འགག་ལྟར་སྣང་། མ་དག་དྲུག་ཡིད་རྣམ་རྟོག་གཡོ་བའི་འདུ་བྱེད་དག་དང་མཚུངས། གལ་ཏེ་དེ་ལྟར་མ་ཡིན་པར་རྒྱལ་བའི་ཡེ་ཤེས་ཀྱི་གདུལ་བྱ་མི་མཁྱེན་མི་གཟིགས་ན་གཟུགས་སྐུའི་ཕྲིན་ལས་རྒྱུན་ཆད་འགྱུར། བས་མི་རིགས་སོ། །འོན་ཀྱང་དེ་ལ་འདུ་བྱེད་མིང་མི་བརྗོད། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་མིང་དུ་བརྗོད། རྒྱུ་འབྱུང་བ་ཆེ་ལས་གཟུགས་སྒྲ་དྲི་རོ་རེག་སོགས་རང་བཞིན་གང་། མིག་སོགས་འཛིན་བཅས་ཀྱི་དྲི་མ་དག་པའི་ཚེ་རང་རང་གི་ངོ་བོ་སྔར་ལས་ཀྱང་ནུས་ལྡན་དུ་གྱུར་པས་ཞིང་དག་པ་ཅི་ལྟར་འདོད་བཞིན་ལོངས་སྤྱོད་ཀུན་སྟོན། ཏེ་སྒྱུ་མའི་ལྟད་མོ་བ་དང་སྒྱུ་མ་མཁན་གཉིས་ཀ་ལ་རྟ་གླང་སྣང་བ་ལྟ་བུའོ། །འཁྲུལ་དང་མ་འཁྲུལ་གཉིས་པོ་ཡང་། སྣང་བའི་ཙམ་གྱི་ཆ་ནས་ཁྱད་པར་ཅི་ཡང་མེད། འཁྲུལ་པས་ནི་གཟུང་འཛིན་གཉིས་ཐ་དད་དུ་ཡོད་ཅིང་བདེན་གྲུབ་ཏུ་འཛིན་པ་ཡོད་ཅིང་མ་འཁྲུལ་བ་དེ་ལ་དེ་མེད་པའི་ཁྱད་པར་ཡིན་རིགས་པ་དྲུག་ཅུ་པ་ལས་དངོས་པོ་གཟུགས་བརྙན་ལྟ་བུ་ནི། ཡེ་ཤེས་མིན་གི་རབ་མཐོང་བ་ཞེས་དང་རིན་ཆེན་རྒྱལ་པོ་ལས་རྒྱལ་བ་གང་དག་མྱ་ངན་འདས་པ་ཀུན་ཐམས་ཅད་ཆུ་ཟླ་ལྟ་བུར་གཟིགས་པ་ན་ཞེས་གསུངས་སོ། །གལ་ཏེ་དེ་ལྟར་མ་ཡིན་ན། རྒྱལ་བའི་ཕྲིན་ལས་ཇི་ཡུལ་གང་ལ་ཚུལ་ལྟར་འཇུག །ཡིད་བཞིན་ནོར་དང་དཔག་བསམ་ཤིང་། སོགས་དཔེ་བརྗོད་པ། ནི་སངས་རྒྱས་ལ་ཡེ་ཤེས་མེད་པའི་དཔེ་མིན། ཡེ་ཤེས་ལ་མཚན་མའི་རྟོག་པ་མེད་པའི་ནུས་གཞན་དོན་ལྷུན་གྲུབ་ཏུ་སྟོན་པ་ལ། བཤད་ཀྱིས་གཟུགས་སྐུ་གཉིས་སོགས་ཕྲིན་ལས་གཞན་རྒྱུད་གདུལ་བྱའི་དག་སྣང་ཁོ་ན་མིན་གྱི་ཐུགས་རྗེས་དག་སྣང་གཉིས་ཀ་ཚོགས་དགོས། སངས་རྒྱས་ལ་ཡེ་ཤེས་མེད་ཅིང་གཟུགས་སྐུ་གཉིས་གཞན་རྒྱུད་གདུལ་བྱའི་དག་སྣང་ཁོ་ན་ཡིན་ན་གཞན་རྒྱུད་ཡེ་ཤེས་ཡིན་པར་འགྱུར། ཏེ་ཡེ་ཤེས་དེ་གཞན་རྒྱུད་ཡིན་པའི་ཕྱིར། འདོད་ན་ཡེ་ཤེས་འཁྲུལ་པར་འགྱུར། ཏེ་གདུལ་བྱའི་རྒྱུད་འཁྲུལ་པ་དེ་ཡེ་ཤེས་ཡིན་པའི་ཕྱིར། གལ་ཏེ་སངས་རྒྱས་ལ་ཡེ་ཤེས་ཡོད་ཅིང་དེ་ལ་སེམས་ཅན་འཁྲུལ་པ་སྣང་ན་རང་སྣང་རང་གི་འཛིན་པ་ཡིན་པས་ཡེ་ཤེས་འཛིན་རྟོག་ཅན་དུ་འགྱུར་རོ་ཞེས། འདོད་ན་མེ་ལོང་སྣང་བ་ཡང་། ནང་དུ་གཟུགས་བརྙན་མེ་ལོང་ཡང་འཛིན་པའི་རྣམ་རྟོག་ཅན་དུ་འགྱུར། བར་མཚུངས་སེམས་ཅན་འཁྲུལ་པ་ཇི་སྙེད་པ། རྒྱལ་བའི་ཡེ་ཤེས་ཡུལ་དུ་སྣང་གྱུར་ཀྱང་། ཡེ་ཤེས་འཁྲུལ་པས་དགོས་པ་མེད། དཔེར་ན་མཁའ་ལ་ཁྱུང་ཆེན་བཞི་པོ་རྣམས། སྐྱེ་འགག་སྣང་ཡང་ནམ་མཁའ་ལ། གོས་མེད་ཅིང་ནམ་མཁའ་ལ་སྐྱེ་དང་འགག་པ་མེད། མ་དག་པའི་ཚེ་ནའང་སྒོ་ལྔའི་ཤེས་པ་ཡུལ་ལ་འབད་མེད་འཇུག་པ་ལྟར་དེ་དྲི་བྲལ་རྒྱལ་བའི་བྱ་སྒྲུབ་ཡེ་ཤེས་ཀྱང་འབད་མེད་དུ་སེམས་ཅན་ཀུན་ལ། འཇུག་ཀྱང་མཁའ་ལ་འབྱུང་བ་དེ་བཞིན་གོས་པ་མེད། མངོན་སུམ་རྟོག་བྲལ་འདི་ལ་འཁྲུལ་པའི་མིང་མི་བརྗོད། བྱ་བ་སྒྲུབ་པ་ཞེས་སུ་བརྗོད། སྒྲིབ་གསུམ་དག་པར་གྱུར་པ་ན་ཀུན་གཞི་ལ་གནས་པའི་ཉོན་ཡིད་ང་བདག་ཏུ་འཛིན་པ། བདག་གཞན་མཉམ་པ་ཉིད་དེ་ཞི་བའང་ཀྱི་ཡེ་ཤེས་སུ་ཡིན་ཀྱང་། ཞི་མཐར་མི་གནས་པའི་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེར་ལྡན་པས་མཛད་པ་མོས་པ་ཅི་ལྟ་བར། ལོངས་སྤྱོད་རྫོགས་སོགས་དེ་ལ་སྣང་། ལ་ལ་སངས་རྒྱས་ཐོབ་པའི་ཚེ། ཡར་མེ་ཤི་བ་ལྟར་ཤེས་རྒྱུན་ཆད་ནས་ཞི་བར་འདོད་ན་ཐེག་དམན་དང་མཚུངས་འགྱུར་བས་དེ་དགག་ཕྱིར་བརྗོད། ཡེ་ཤེས་རྟག་པ་གསུམ་ཡིན་ཏེ། ཆོས་སྐུ་རང་བཞིན་རྟག་པ་ཆོས་ཀྱི་དབྱིངས་འགྱུར་བ་མེད་པའོ། །ལོངས་སྐུ་རྒྱུན་གྱི་རྟག་པ་ལོངས་སྤྱོད་རྫོགས་ངེས་པ་ལྔ་ལྡན་པས་སོ། །སྤྲུལ་སྐུ་རྒྱུན་མི་འཆད་པ་རྟག་པ་སྤྲུལ་པའི་སྐུ། འཁོར་བ་མ་སྟོང་བར་འབྱུང་བས་སོ། །དེ་ལ་མི་རྟག་གསུམ་ཡོད་དེ། །ཕྱིས་བློ་སྟོང་པར་ཡི་བྱས་པའི་སྟོང་པ་རྟག་པ་མིན་དེ་ཉི་ཚེ་བ་ཡིན་པས་སོ། །ཉོན་ཡིད་དང་དེས་བསྐྱེད་པའི་གཡོ་བའི་རྟོག་ཡིད་རྟག་པ་མིན། དེ་འཁྲུལ་པ་ཡིན་པས་སོ། །ཚོགས་དྲུག་གི་ཤེས་པ་རྐྱེན་བཞིས་འདུས་བྱས་པའི་ཕྱིར་རྟག་པ་མིན། །འོན་ཀྱང་དེའི་སྦུབས་ལ་རྟག་གསུམ་ཡོད། །སེམས་ཅན་གྱི་ཚེ་བྲི་མ་ཡེ་ཤེས་འདྲེས་པས་སོ། །མི་རྟག་གསུམ་པོ་དྲི་མ་སྟེ། །རྟག་པ་གསུམ་པོ་ཡེ་ཤེས་ཡིན། འགྱུར་མེད་ཀྱི་སྙིང་པོ་འདི་མུ་སྟེགས་བདག་རྟག་འདོད་པར་འདོད་པ་དང་ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་གང་ཕྱིར་བདག་མ་ཡིན་མཚུངས་མིན་ཏེ། །མུ་སྟེགས་པས་ཡིད་ཀྱིས་བཏགས་དང་འདི་གཟུང་འཛིན་གྱི་ཡུལ་མིན་པས་ཡིད་ཀྱིས་སྐྱེས་པ་མ་ཡིན་བུད་མེད་མིན་མ་བཏཊ་ཕྱིར། གཟུག་དང་འཛིན་པ་རྣམ་གྲོལ་བ་ཅི་ལྟར་བདག་གཅེས་རྟོག་པར་བྱ་ཞེས་གསུངས་སོ། །ཉན་རང་ཞི་དང་མཚུངས་མིན་ཏེ། །སྙིང་རྗེ་ཆེན་པོས་གཟུགས་སྐུའི་ཡོན་ཏན་ཀུན་སྟོན་ཕྱིར། །སེམས་ཅན་ལུས་ཕུང་ཁམས་དང་མཚུངས་མིན་ཏེ། །ཟག་བཅས་ལས་ཉོན་རྐྱེན་གྱི་མ་བསྐྱེད་ཕྱིར་དེར་མ་ཟད་ཟག་མེད་ལས་ཀྱིས་བསམ་མི་ཁྱབ་ཀྱི་སྐྱེ་བ་དང་འཆི་འཕོ་ཡང་མེད། ཕྱིར་ལ་ལྡོག་པར་མི་འགྱུར་ཏེ། །གནས་ལུགས་ཡིན་ལ་ཡིན་པར་མངོན་གྱུར་ཕྱིར། །དྲི་མ་ལྡང་བ་གཏན་མེད་དེ། །ཐ་དད་ཀུན་རྟོག་མ་རིག་པ་སྤངས་པས་གཟུང་འཛིན་བདེན་པར་བྲལ་བའི་ཕྱིར། ཀྱི་ཡོན་ཏན་ཐམས་ཅད་རང་ཆས་གནས་སྐབས་གསུམ་དུ་འགྱུར་བ་མེད་པ་དེ་ཕྱིར་སེམས་ཉིད་སངས་རྒྱས་འདི། དེ་ལྟར་ཡོད་ཀྱང་མ་དག་པའི་ཚེ་མ་ཤེས་སོ། །གང་ཚེ་རྟོགས་པ་དེ་ཡི་ཚེ། །ཇི་ལྟར་ལྕགས་ལ་ཚང་བ་མེད་པ་དང་། མིག་ལ་རབ་རིབ་ཞི་བ་ལྟར། ནི་མེད་པ་ཡིན་ལ་ཞི་བའི་མཚན་ཉིད་ལྕགས་མིག་ལ་ཡོད་པས་མེད་པར་ཡང་མི་བརྗོད་པ་སངས་རྒྱས་རྣམས་ཀྱིས་ལ་འདོད་ཆགས་སེམས་དང་ཡེ་ཤེས་ལ། མ་རིག་པ་ཡོད་ཞི་བ་ནི་པར་མི་བརྗོད་དེ་དེ་གཉིས་མེད་པའི་ཕྱིར་དང་མེད་པར་མི་བརྗོད་དོ། །དེ་སེམས་དང་ཡེ་ཤེས་ནི་དེ་གཉིས་ལས་གྲོལ་བའི་ཕྱིར་སངས་རྒྱས་ཀྱི་སྙིང་པོ་དམ་པའི་དོན་དུ་སྐྱེ་མེད་ཕྱིར། །མངོན་དུ་གྱུར་པའི་ཚེ་སྔར་མེད་གསར་དུ་དེ་ཉིད་དུ་ནི་གྲོལ་བའང་མྱ་ངན་ལས་འདས་པ་མེད། །མཁའ་འགྱུར་བ་མེད་པ་བཞིན་སངས་རྒྱས་དེ་བཞིན་ཏེ། །སེམས་ཅན་དང་སངས་རྒྱས་གཉིས་ནི་མཚན་ཉིད་གཅིག་པས་ངོ་བོ་གཅིག་ཚུ་རོལ་འཁོར་བ་ཕ་རོལ་མྱང་འདས་གཉིས་སུ་འཛིན་པ་སྐྱེ་བ་མེད་པས། རང་བཞིན་ལས་གསར་དུ་མྱ་ངན་འདས་པའང་མེད། དེ་ཕྱིར་སྐྱེ་འགག་གཟུང་འཛིན་སོགས་འདུས་བྱས་ཀྱིས་མངོན་པོར་སྟོང་། །ཡོངས་སུ་རྫོགས་པ་ནི་ཀུན་ཀྱང་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་ཡིན་གྱི་གཞན་བསམ་གྱིས་མི་ཁྱབ་སྟེ། ཕྲ་ཕྱིར་ཐོས་པའི་ཤེས་རབ་ཀྱི་ཡུལ་མིན་ལ། དོན་དམ་ཕྱིར་ན་རྟོག་དཔྱོད་གྱི་བསམ་པས་ཤེས་རབ་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། སྒོམ་པ་ཤེས་རབ་ལ་སོགས་ཡུལ་མ་ཡིན། རང་བྱུང་སངས་རྒྱས་ཀྱི་སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་སྟེ། །རང་བྱུང་རྣམ་ཀྱི་དོན་དམ་ནི། རང་བྱུང་དད་པ་ཉིད་ཀྱིས་རྟོག་བྱ་ཡིན་པས་ཡོན་ཏན་བསྐྱེད། ཀྱེ་མ་རང་ལ་ཡོད་པའི་ཚུལ་འདི་མ་རྟོགས་པས། །བྱིས་བློ་ཤེད་མ་བྱེ་བའི་བྱིས་པ་རྣམས་འཁོར་བའི་རྒྱ་མཚོར་འཁྱམས། ཕྱིའི་རྐྱེན་ཐུབ་པ་ཆེན་པོ་འི་བཀའ་དང་དེའི་དགོངས་འགྲེལ་འཇམ་པའི་དབྱངས། བྱམས་པ་སྤྱན་རས་གཟིགས་དབང་གི །མཛད་པའི་བསྟན་བཅོས་སོགས་བསྟན་བཅོས་འབུམ་ཕྲག་དུ་མ་གཟིགས་པའི་རྒྱུ་ནི་ནང་གི་སངས་རྒྱས་ཀྱི་སྙིང་པོ་ཤེས་རབ་བྱམས་པ་སྙིང་རྗེ་ཆེན་པོ་རྣམས་རྒྱས་ཤིང་འཕེལ་བའི་མཐུ་ཡིས་རང་བྱུང་རྡོ་རྗེས་བྲིས། འགྲོ་ཀུན་སངས་རྒྱས་སྙིང་པོ་འདི། །མཐར་ཕྱིན་མ་ནོར་ཤེས་པར་ཤོག །སངས་རྒྱས་ཀྱི་སྙིང་་པོ་གཏན་ལ་དབབ་པ་རྡོ་རྗེ་ཐེག་པའི་སྙིང་པོ་རྫོགས་སོ། །རྡོ་རྗེ་ནི་འགྱུར་བ་མེད་པའི་སངས་རྒྱས་ཡིན་ལ་དེའི་ལམ་དུ་འགྲོ་བ་ནི་ཐེག་པ་སྟེ་རྒྱལ་སྲས་རྣམས་དེར་ཕྱིན་པར་བྱེད་པའམ་ཡང་ན་མི་ཤིགས་པའི་སངས་རྒྱས་ཀྱི་སྙིང་པོ་ནི་འཁོར་འདས་ཐམས་ཅད་དེ་ལས་མི་གཡོ་བའི་གཞི་ཡིན་པས་རྡོ་རྗེ་ཐེག་པའོ། །རྒྱུད་བླ་མ་ལས། འདི་ཡི་རང་བཞིན་ཆོས་སྐུ་དང་། །དེ་བཞིན་ཉིད་དང་རིག་ཀྱང་སྟེ། །ཞེས་གསུངས་པས་ཆོས་སྐུ་འབྲས་བུ་རིགས་རྒྱུ་ངོ་བོ་འགྱུར་བ་མེད་པ་དེ་ཉིད་དོ། །

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net