དམ་ཚིག་རྒྱ་མཚོ་མཐའ་ཡས་པ་རྣམ་པར་སྣང་བར་བྱེད་པ་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ་བཞུགས།
༄༅། །དམ་ཚིག་རྒྱ་མཚོ་མཐའ་ཡས་པ་རྣམ་པར་སྣང་བར་བྱེད་པ་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །[1]
༄༅། །བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདིར་རྡོ་རྗེའི་ཐེག་པ་བླ་ན་མེད་པ་གཞོམ་དུ་མེད་ཅིང་སངས་རྒྱས་ཉིད་དུ་འགྲོ་བའི་དམ་ཚིག་དང་སྡོམ་པ་ནི་ལམ་གྱི་བརྟེན་གྱི་གཙོ་བོ་ཡིན་པས། དེ་བཤད་པར་འདོད་ན། བླ་མ་རྡོ་རྗེ་སེམས་དཔའ་དང་། །སངས་རྒྱས་ཚོགས་དང་སེམས་དཔའ་ཆེ། །དཔའ་བོ་རྣལ་འབྱོར་མའི་འཁོར་ལོ། མངོན་དུ་སྟོན་ལ་ཕྱག་འཚལ་ལོ། །ཞེས་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་རྒྱུད་ལ་ཉེར་བ་འགོད་པ་རྡོ་རྗེ་སློབ་དཔོན་དང་། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་གཙོ་བོ་ཡིན་པས་ན་རྡོ་རྗེ་སེམས་དཔའམ། ཡང་རིགས་ཐམས་ཅད་ཀྱི་མངའ་བདག་སྟོང་པ་ཉིད་ཀྱི་རྡོ་རྗེ་དང་། སྙིང་རྗེ་ཆེན་པོའི་སེམས་དཔའ་སྲིད་པ་གསུམ་མཉམ་པ་ཉིད་དུ་སྒྲོལ་བའི་ཕྱིར་ཐོག་མར་སྨོས་ནས། སངས་རྒྱས་ནི་དཔལ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་དོན་དམ་པར་སེམས་རྣམ་པར་དག་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་དང་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་གྲུབ་པ་རྣམས་རིམ་པ་ལྟར་ཡིན་ལ། དེ་ཡང་དྲི་མ་དང་བཅས་པའི་གནས་སྐབས་སེམས་ཅན་གྱི་དུས་ན་ནི་གཟུགས་དང་རྣམ་པར་ཤེས་པ་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ཡིན་ལ། ཀུན་བརྟགས་ཀྱི་གནས་སྐབས་ནའང་དེ་རྣམས་ཀྱི་དབྱིབས་ལ་སོགས་པ་ཡན་ལག་དང་བཅས་ཏེ་གསུངས་པ་དང་། སེམས་དཔའ་ཡང་དེ་བཞིན་དུ་དག་པ་དང་མ་དག་པའི་རིམ་པས་ཡུལ་དྲུག་དང་ཡུལ་ཅན་རྣམ་པར་ཤེས་པ་དྲུག་དང་བཅས་པ་རྣམས་ཀུན་ཏུ་བཟང་པོ་ལ་སོགས་པ་ཡིད་ཀྱི་མཐར་ཐུག་པར་གསུངས་པ་རྣམས་སོ། །དཔའ་བོ་རྣལ་འབྱོར་མ་ནི་ཐོད་པའི་དུམ་བུ་དང་རབ་ཏུ་གཏུམ་མོ་ལ་སོགས་པ་དང་གཞན་ཡང་སྤྱན་མ་ལ་སོགས་པའི་ཡུམ་དུ་གྲགས་པའི་ཁམས་རྣམས་དང་བཅས་པ་དག་པའི་ཚེ་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུའི་ཡོན་ཏན་དྲུག་བཅུ་རྩ་བཞི་དང་། མ་དག་པའི་ཚེ་ཡུལ་དང་ཡུལ་ཅན་གྱི་རྣམ་པས། རྣམ་རྟོག་དང་། རྩ་དང་རླུང་དང་ཐིག་ལེ་སུམ་ཅུ་རྩ་གཉིས་གཉིས་ཀྱི་ངོ་བོར་གནས་པ་རྣམས་སོ། །མངོན་དུ་སྟོན་པ་ནི་དེ་ལྟ་བུ་རྒྱལ་བ་ཐམས་ཅད་མཁྱེན་པས་མིང་དང་ཚིག་དང་ཡི་གེའི་རྣམ་པར་བསྟན་ཏེ་སོ་སོའི་སྤྱོད་ཡུལ་བཞིན་བསྟན་པས་རྡོ་རྗེ་ཐེག་པའི་ཆོས་འགོག་ལམ་གྱིས་བསྡུས་པའི་རྣམ་པ་སྟེ། ཤུགས་ལ་དེ་བསྒྲུབ་པར་བྱེད་པ་ནི་དགེ་འདུན་ཡིན་པས་དེ་རྣམས་ལ་ཕྱག་འཚལ་ནས་གུས་པའི་གནས་ཡིན་པ་དང་གཞན་དང་རྗེས་སུ་མཐུན་པར་བྱེད་པའོ། །དེས་ཅི་བྱེད་ཅེ་ན། རྒྱལ་བས་རྒྱུད་ཀུན་ལས་གསུངས་པ། རྩ་བའི་དེ་ཉིད་རྣམ་བཤད་བྱ། །ཞེས་སངས་རྒྱས་ཀྱིས་རྒྱུད་སྡེ་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་བླ་ན་མེད་པ་ཐམས་་ཅད་དུ། རིག་པ་འཛིན་པའི་རྩ་བ་ནི་སྨིན་པར་བྱེད་པ་ཞུས་ནས་གྲོལ་བར་བྱེད་པའི་ལམ་བསྐྱེད་རྫོགས་བསྒྲུབ་པ་ལ་གལ་ཆེ་ལ་དེའི་གྲོགས་དམ་ཚིག་དང་སྡོམ་པར་གསུངས་པས། འདིར་རྣལ་འབྱོར་སྤྱོད་པར་འདོད་པ་བདག་ལྟ་བུ་རྣམས་ཀྱིས་གཞུང་ཐམས་ཅད་བལྟ་བར་མི་ནུས་པའི་ཕྱིར། ཕན་པའི་བློས་བསྡུས་ཏེ་བཤད་པར་བྱའོ། །དེའི་དགོས་པ་ནི་རྡོ་རྗེའི་ཐེག་པ་ལ་འཇུག་པ་ལ་སྐྱོན་མེད་པར་ལམ་ལ་མྱུར་དུ་འགྲོ་ཞིང་བདུད་ཀྱི་བར་དུ་གཅོད་པས་མི་འཕྲོགས་པར་འགྱུར་རོ། །བསྡུས་པའི་དོན་ནི། རྡོ་རྗེ་ཐེག་པར་འཇུག་པ་རྣམས། །མཚན་ཉིད་ལྡན་པའི་བླ་མ་ལ། །སློབ་མ་སངས་རྒྱས་མངོན་འདོད་པས། །སྨིན་བྱེད་དབང་བཞི་ཚུལ་བཞིན་ཞུ། །ཐོབ་ནས་བརཏལ་ཤུགས་སྡོམས་པ་དང་། །དམ་ཚིག་རྩ་བ་ཡན་ལག་བཅས། །དང་པོ་བར་མ་མཆོག་དང་ནི། །ཕྱི་ནང་གསང་གསུམ་དེ་བཞིན་ཉིད། །རྒྱུད་རྣམས་རིམས་པས་ཚུལ་བཞིན་དུ། རང་གི་སྲོག་བཞིན་ལེགས་པར་བསྲུང་། །ཞེས་བྱ་བ་སྟེ་དེ་ཡང་རྡོ་རྗེ་ཐེག་པ་ལ་སློབ་པ་ནི། བླ་མ་དང་། སློབ་མ་དང་། དེ་སྨིན་པར་བྱེད་པ་དང་། ལམ་སྒྲུབ་པ་དང་། དེ་ལ་མ་ཉམས་པར་སྤྱད་པ་དང་། འབྲས་བུ་སྟེ་རྣམ་པ་དེ་དག་ཏུ་རིག་པར་བྱའོ། །དང་པོར་བླ་མའི་མཚན་ཉིད་དང་། སློབ་མ་དང་དེ་ཅི་ལྟར་བསྟེན་པའོ། །དང་པོ་ནི་རྒྱུད་དང་མདོ་ཐམས་ཅད་དུ་བྱུང་ཞིང་། ཉན་ཐོས་ཀྱི་ཐེག་པར་ཡང་སློབ་དཔོན་གྱི་རྣམ་དབྱེ་གསུངས་མོད་ཀྱིས་འདིར་མ་སྤྲོས་སོ། །ཁྱད་པར་དུ་ཐེག་པ་ཆེན་པོ་ལ་མདོ་སྡེ་རྒྱན་དུ་བཤེས་གཉེན་ནི། རྒྱུ་ཉོན་མོངས་པ་ཐམས་ཅད་ཞི་ཞིང་སྒོམ་གསུམ་དུལ་ལ། རྣམ་རྟོག་ཐམས་ཅད་ཀྱི་མཚན་མ་དང་བྲལ་ཏེ་རྣམ་པར་མི་རྟོག་པའི་དབྱིངས་ཐོབ་པ་དང་། ཡོན་ཏན་ཐམས་ཅད་དང་ལྡན་པ་དང་། སངས་རྒྱས་ཀྱིས་ཡོན་ཏན་ཚོལ་བ་ལ་ལྷག་པར་བརྩོན་པ་དང་། ལུང་དང་རྟོགས་པའི་ཆོས་ཐམས་ཅད་དང་ལྡན་པ་དང་། བརྩེ་བ་དང་ལྡན་པས་སྨྲ་བ་མཁས་ཤིང་སྟོན་པ་དང་། འཁོར་བ་ཅི་སྲིད་དུ་སྐྱོ་བ་དང་བྲལ་བ་ནི་བླ་མ་ཡིན་པར་གསུངས་ཏེ། བཤེས་གཉེན་ཞི་ཞིང་དུལ་ལ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བྱས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་སོ། །དེ་བཞིན་དུ་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། རྡོ་རྗེ་སློབ་དཔོན་དམ་ཚིག་ཅན། །རྡོ་རྗེ་ཐེག་པ་ལ་གནས་ཤིང་། །དེ་ཉིད་བསྒོམ་ཞིང་འདོད་པ་ཆུང་། །ཆགས་སོགས་དྲི་བྲལ་བཟོད་བརྩོན་གྲུས། །ལམ་ཞུགས་སློབ་མ་ལམ་སྟེར་བྱེད། །དམྱལ་བའི་འཇིགས་འཇོམས་ཚངས་པར་སྤྱོད། །བདུད་འཇོམས་རྡོ་རྗེའི་དབྱུག་པ་དེ། །ས་སྟེང་རྡོ་རྗེ་འཛིན་པར་གྲགས། །ཞེས་པ་དང་གཞན་ཡང་། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་ཆོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། སྔགས་ནས་བཤད་པའི་སྤྱོད་པ་ཤེས། །རབ་ཏུ་ཞི་ཞིང་དབང་པོ་དུལ། །དེ་ལྟར་ཡོན་ཏན་ཀུན་ལྡན་པའི། །བླ་མ་སློབ་མས་བརྟེན་པར་བྱ། །ཞེས་བྱ་བ་ལ་སོགས་པ་རྒྱུད་རྣམ་དང་བསྟན་བཅོས་ཐམས་ཅད་དུ་མང་དུ་གསུངས་པའི་མཚན་ཉིད་དང་ལྡན་པ་བསྟེན་ན་ཡོན་ཏན་ཐམས་ཅད་བདེ་བླག་དུ་འབྱུང་བར་འགྱུར་རོ། །དེ་ལས་གཞན་ཡང་དག་པ་མ་ཡིན་པ་ནི་སྤང་བར་བྱ་སྟེ། དེ་ཡང་། ང་རྒྱལ་ཁྲོ་དང་དམ་ཚིག་བྲལ། །རྫས་ལ་བརྐམ་དང་ཐོས་པ་མེད། །སློབ་མ་བསླུ་བ་དོན་དུ་གཉེར། །མཆོག་ཏུ་བདེ་བའི་གོ་འཕང་ཉམས། །བདག་ཉིད་དབང་གིས་མ་སྨིན་དང་། །བག་མེད་པ་དང་ཚིག་རྩུབ་བཅས། །དབང་པོའི་དོན་དུ་འདོད་ལ་དགའ། སློབ་མ་བྱང་ཆུབ་དོན་གཉེར་བས། །དམྱལ་བ་བཞིན་དུ་དེ་སྤང་བྱ། །ཞེས་བྱུང་ངོ་། །ཅི་འོ་ན་སློབ་མས་བླ་མ་བརྟགས་ན་གལ་ཏེ་མ་ཤེས་ན་ཉེས་པར་མི་འགྱུར་རམ་ཞེ་ན་ཐོག་མ་ཉིད་དུ་རྟོག་པ་ནི་དེ་སྐྱོན་ཚོལ་བ་དང་ཀླན་ཀ་ཚོལ་བ་མ་ཡིན་པས་ཉེས་པ་མེད་དེ། ཇི་ལྟར་འདོད་པའི་དངོས་གྲུབ་དག །སློབ་དཔོན་ཞལ་གྱི་རྗེས་འབྲེང་བར། མ་ལུས་རྡོ་རྗེ་ཐེག་པ་རུ། །རྣམ་པ་ཐམས་ཅད་མཁྱེན་པས་གསུངས། །དེ་ཕྱིར་སློབ་མས་བླ་མ་རྣམས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ན་སྡིག་པ་ནི། །ཅུང་ཟད་གོས་པར་མི་འགྱུར་རོ། །ཞེས་གསུངས་པ། དེ་དག་གི་རིམ་པ་ཡང་ཡེ་ཤེས་ཐོབ་པ་ནི་མཆོག་ཡིན་ལ། གཞན་དེ་ཉིད་བཅུ་ཤེས་པའི་དགེ་སློང་དང་དགེ་ཚུལ་དང་ཁྱིམ་ན་གནས་པ་སྟེ་རིམ་པས་དམན་པ་ཡིན་ནོ། །དེ་ཡང་ཕྱག་ན་རྡོ་རྗེས། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་ཏེ། །འབྲིང་ནི་དགེ་ཚུལ་ཉིད་དུ་བརྗོད། །ཁྱིམ་ན་གནས་པ་ཐ་མར་གསུངས། །ས་ཐོབ་མ་གཏོགས་ཁྱིམ་པ་ནི། བླ་མ་རུ་ནི་མི་བྱའོ། །ཁྱིམ་པ་གཙུག་ལག་ཁང་དཀོར་སྤྱོད། །གཞན་གྱི་གཡོག་དང་ཞིང་ལས་དང་། །ཚོང་དང་དམ་ཆོས་འཚོང་བ་དང་། །རྨོངས་པ་ས་སྟེངས་རྡོར་འཛིན་མིན། །ཞེས་གསུངས་སོ། །འདིར་ཞར་ལ་སློབ་མ་ཡང་དུས་ཀྱི་འཁོར་ལོར། ཟབ་དང་རྒྱ་ཆེའི་སེམས་དཔའ་བླ་མའི་ངེས་པ་ལ་དགའ་གཏོང་དང་ཚུལ་ཁྲིམས་ཡོན་ཏན་ཅན་ཤེས་པ། །ཐར་པ་དོན་གཉེར་རྒྱུད་ལ་གུས་དང་སེམས་མི་གཡོ་དང་དེ་ཉིད་ཐོབ་པ་ཤིན་ཏུ་སྦེད་པ་དང་། །གདུག་པ་ཅན་གྱི་གྲོགས་པོ་སྤངས་པའི་སློབ་ལ་དེ་ཉིད་ཤིན་ཏུ་མཁས་པའི་བླ་མས་བཟུང་བར་བྱ། །ཤེས་རབ་དབང་བསྐུར་ལ་སོགས་ཕྱིར་དང་གཞན་ཤེས་བྱ་དང་ཡང་ནི་བར་མ་བསོད་ནམས་དོན་དུའོ། །ཞེས་བྱུང་ཞིང་གཞན་དུ་ཡང་མང་དུ་གསུངས་སོ། །འོ་ན་སློབ་མ་དེས་བླ་མ་ཇི་ལྟར་བསྟེན། སྙིགས་མའི་དུས་སུ་བླ་མ་མཚན་ཉིད་དང་ལྡན་པ་དཀོན་ན་ཅི་ལྟར་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་འགྲེལ་པ་དང་སློབ་དཔོན་འཇམ་དཔལ་གྲགས་པས། རྩོད་པ་ཡི་ནི་དུས་འདི་རུ། །ཉོན་མོངས་རྣམ་རྒྱས་དབང་གིས་ནི། །སློབ་དཔོན་སྐྱོན་དང་ཡོན་ཏན་འདྲེས། །དགེ་ལ་རྣམ་བརྟེན་ཡོན་ཏན་དག །ཤས་ཆེར་གྱུར་པ་རྣམ་པར་བཟུང་། །ཞེས་སོ། །བསྟེན་ཚུལ་ནི་མདོ་སྡེ་རྒྱན་ལས། བཀུར་སྟི་རྙེད་པ་དག་དང་རིམ་འགྲོ་དང་། །བསྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །བསྟེན་གཞི་དེ་བཞིན་བློ་ལྡན་ཆོས་ལ་ནི། །ཤེས་བསམ་དུས་སུ་བགྲོད་པས་བཤེས་གཉེན་བསྟེན། །ཞེས་གསུངས་སོ། །དེ་བཞིན་དུ་བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས། ཟས་ནོར་ཚིག་སྙན་ཕོ་ཉ་དང་། ཁད་ཀྱི་བྱ་བ་གཞན་ཡང་རུང་། །རྗེས་སུ་ཇི་ལྟར་བསྒོམ་པ་བཞིན། །སློབ་མས་བླ་མ་མཉེས་པར་བྱ། །ཞེས་ལོངས་སྤྱོད་དང་ལུས་ངག་དང་ཐོས་པ་དང་བསྒྲུབ་པ་དང་བརྩེ་བ་གཞན་དོན་བྱ་བའི་རིམ་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་དང་། བླ་མ་ལྔ་བཅུ་པ་ལས་བྱུང་བ་རྣམས་རྟོགས་པར་བྱའོ། །མདོར་བསྡུས་ན་བླ་མ་མཆོག་རྣམས་ཀྱིས་ནི་ཇི་ལྟར་བཀའ་སྩལ་པ་ཐམས་ཅད་བསྒྲུབ་པར་བྱའོ། །གཞན་དག་གི་ནི་ཆོས་དང་རྗེས་སུ་མཐུན་པའི་བཀའ་ཐམས་ཅད་བསྒྲུབ་པར་བྱའོ། །གཞན་ནི་བྲམ་ཟེའི་སྐྱེས་རབས་ནས་སློབ་མ་བརྟག་པའི་གཏམ་རྒྱུད་ལྟར་བཏང་སྙོམས་སུ་གནས་པར་བྱའོ། །ཚུལ་ཁྲིམས་དང་ལྡན་པས་ཡེ་ཤེས་མ་ཐོབ་པའི་ཁྱིམ་པ་ལ་སོགས་པ་ལ་དབང་ལ་སོགས་པ་ཞུ་ནའང་། རིགས་པ་དང་མི་རིགས་པ་བརྟགས་ལ་མཉེས་པར་བྱ་སྟེ། ཁྱིམ་པའམ་ནི་གསར་བུ་ལ། །སློབ་མ་རྒྱལ་མཚན་འཛིན་པ་ཡིས། །འཇིག་རྟེན་དཔྱ་བ་སྤང་པའི་ཕྱིར། །དམ་ཆོས་ལ་སོགས་མདུན་བརྡར་ཏེ། །བརཏལ་ཤུགས་ལྡན་པའི་བློས་ཕྱག་བྱ། །སྟན་བསྟབ་པ་དང་ལྡང་བ་དང་། །དོན་གྱི་བྱ་བ་སོགས་བསྙེན་བཀུར། །བརཏལ་ཤུགས་ཅན་གྱི་ཀུན་བྱ་སྟེ། །ཕྱག་རྒྱ་དམ་པ་མིན་ལ་སྤང་། །ས་ཐོབ་མ་གཏོགས་སློབ་དཔོན་ནི། །ཁྱིམ་གནས་གང་ཚེ་མཆོད་པ་ན། །སངས་རྒྱས་ཆོས་དང་དགེ་འདུན་ལ། །མ་གུས་པར་ནི་གྱུར་པ་ཡིན། །གལ་ཏེ་ངེས་པར་བསྟེན་དགོས་ན། །རྒྱལ་མཚན་དགེ་འདུན་ལ་ཕུལ་ཏེ། །ཁྱིམ་པའི་ཆ་ལུགས་གནས་བྱས་ལ། །འབད་དེ་བླ་མ་མཉེས་པར་བྱ། །དེ་ཡི་མཚན་ནས་མི་བརྗོད་ཅིང་། །གྲིབ་མའང་འགོང་པར་མི་བྱ་ལ། ཕྱག་རྒྱ་མཐོང་ན་ཁེངས་མི་བལྟ། །བརྣབ་སེམས་ཀུན་སྤངས་ཐལ་སྦྱར་ཞིང་། །ཚིག་བརྗོད་བདེ་ཞིང་དོན་ཀུན་བསྒྲུབ། །འཇིག་རྟེན་སྤྱོད་དང་མི་དགེ་བའི། །ལས་ལ་སློབ་དཔོན་གནས་ནའང་། །བདག་ཉིད་འཁྲུལ་ཞེས་བསམ་པའམ། །བསམ་མི་ཁྱབ་དྲན་གུས་ལྡན་པས། །རྟག་ཏུ་དེ་དང་མི་འབྲལ་ཞིང་། །ན་བ་ལ་སོགས་བསྒྲུབ་དཀའ་དང་། །མི་དགེ་ལ་སྦྱོར་ཚིག་དག་ལ། གདས་པར་གསོལ་ཏེ་བཏང་སྙོམས་བཞག །དེ་ལྟར་བྱ་དང་བྱ་མིན་པ། །ཉེས་པ་ཀུན་དང་བྲལ་བར་སྤྱད། །ཅེས་སྔོན་གྱི་སློབ་དཔོན་རྣམས་ཀྱིས་གསུངས་སོ། །མདོར་ན། བླ་མའི་ཡོན་ཏན་རྣམས་བཟུང་ལས། །རྒྱལ་བས་བཀའ་སྩལ་སྙིགས་མའི་ཚེ། །སློབ་དཔོན་གྱི་ནི་ཡོན་ཏན་བཟུང་། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །ཡོན་ཏན་བཟུང་བས་དངོས་གྲུབ་འགྱུར། །སྐྱོན་བརྗོད་པས་ནི་དངོས་གྲུབ་མེད། །ཆུ་ལ་འོ་མ་རབ་ཞུགས་པ། །དེ་བཏོན་ནས་ནི་ངང་པ་འཐུང་། །དེ་ལྟར་བླ་མའི་ཡོན་ཏན་བཟུང་། །འདིར་མང་སྨོས་པས་ཅི་ཞིག་བྱ། །བླ་མའི་ཐུགས་དགྱེས་ཐམས་ཅད་བྱ། །མི་དགྱེས་ཐམས་ཅད་སྤང་བར་བྱ། །ཞེས་གསུངས་པ་བཞིན་དུ་ལོངས་སྤྱོད་དང་ལུས་ངག་དང་ཐོས་བསམ་བསྒྲུབ་པ་དང་། གཞན་ལ་ཕན་པས་བསྟེན་པར་བྱའོ། །དེ་ལྟར་སློབ་མས་བླ་མ་བསྟེན་ཅིང་བླ་མས་ཀྱང་བླ་ན་མེད་པའི་སངས་རྒྱས་ལ་འགོད་པའི་སྙིང་རྗེ་ཆེན་པོ་ཉེ་བར་བཞག་ལ། རྡོ་རྗེ་འཆང་ཆེན་པོས་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་བླ་ན་མེད་པའི་རིམ་པ་གསུངས་པ་བཞིན། སློབ་མ་ལ་བསྟན་ཅིང་རྒྱུད་དག་པར་བྱ་བའི་ཕྱིར། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། བཞི་པའི་རིམ་པ་སྦྱིན་ཞིང་དམ་ཚིག་དང་སྡོམ་པ་རྩ་བ་ཡན་ལག་དང་བཅས་པ་བརྡ་སྤྲད་ནས་བསྐྱེད་རྫོགས་གཉིས་ཀྱིས་བསྒྲུབ་ན་མྱུར་བ་ཉིད་དུ་མཐར་ཐུག་གི་འབྲས་བུ་དང་། གནས་སྐབས་ཐམས་ཅད་འགྲུབ་པོ་ཞེས་འཇམ་དཔལ་གྲགས་པས་གསུངས་སོ། །འོ་ན་ལོངས་སྤྱོད་མེད་པ་ལ་མི་སྦྱིན་ནམ་ཞེ་ན། དུས་ཀྱི་འཁོར་ལོ་ན། ལོངས་སྤྱོད་མེད་པའི་ཨ་བ་དྷུ་ཏི་ལ་ནི་དབང་བསྐུར་རྒྱལ་བའི་བདག་པོའི་ཚིག་གིས་སྦྱིན་པར་བྱ། དེ་བཞིན་དུ་བ་ལ་སོགས་ལམ་དང་མ་ལུས་ཡོན་ཏན་རྩའི་སྦྱོར་བར་བཅས། ཞེས་བྱུང་བས་ཡང་དག་པའི་ལམ་ཁོ་ན་དོན་དུ་གཉེར་བ་ལ་མ་བྱིན་ན་ནི་སློབ་དཔོན་གྱི་སྐྱོན་དུ་གསུངས་སོ། །ལོངས་སྤྱོད་དང་ལྡན་བཞིན་དུ་ནི་མ་ཡིན་ཏེ། བླ་མ་ལ་ཡོན་མ་ཕུལ་ན། དབང་རྣམས་ཐོབ་པར་མི་འགྱུར་རོ། །ཞེས་བྷི་མ་ལས་གསུངས་སོ། །ད་ནི་དམ་ཚིག་གི་བསྡུས་པའི་དོན་གྱི་རྣམ་པར་བཤད་པ་ནི། བརཏལ་ཤུགས་ཉི་ཤུ་རྩ་ལྔ་ནི་དགེ་བསྙེན་དང་མཐུན་ནོ། །སྡོམ་པ་ནི་རིག་ལྔའི་སྡོམ་པ་སྟེ། རྒྱུད་འོག་མ་རྣམས་སུའང་གསུངས་པས་དགེ་ཚུལ་དང་མཚུངས་སོ། །བླ་ན་མེད་པའི་སྡོམ་པ་ལྔ་ནི་བླ་ན་མེད་པའི་ཕྱིར། དགེ་སློང་གི་དོན་ཡིན་ཏེ་བྱང་ཆུབ་སེམས་པའི་འགྲེལ་པར་དབང་བདུན་གྱི་རྗེས་སུ་དག་པའི་ཆོས་བསྟན་པའི་སྐབས་སུ་གསུངས་སོ། །དེ་རྣམས་ཀུན་ཀྱང་རྩ་བ་དང་ཡན་ལག་གི་དམ་ཚིག་གཉིས་སུ་འདུའོ། །རྩ་བ་ཡང་བཅུ་བཞི་དང་། གཞན་རྗེས་མཐུན་བཅོ་ལྔའོ། །ཡན་ལག་གཙོ་བོ་བརྒྱད་དང་། གཞན་རྗེས་མཐུན་དང་བཅས་པ་རྣམས་སོ། །དང་པོ་བར་མ་མཆོག་ཞེས་བྱ་བ་ནི། ཚོགས་སྦྱོར་དང་། མ་དག་ས་བདུན་དང་། དག་པའི་ས་པ་རྣམས་ཀྱི་དོན་ཡིན་ཏེ་དབང་དང་དམ་ཚིག་ལམ་ལ་སྦྱར་བ་ཡིན་ནོ། །ཕྱི་ནང་གསང་བའི་དབྱེ་བ་ནི་འོག་ཉིད་ནས་སྟོན་ཏོ། །དེ་དག་ཀྱང་རྒྱུད་བཞིའི་གོ་རིམ་དང་ལྡན་པས་སྲོག་པས་གཅེས་པར་བསླབ་ཅིང་བསྲུང་ངོ་། །དེ་ལྟར་བརྗོད་བྱའི་དོན་སྔགས་ཀྱི་དམ་ཚིགས་རྣམས་སྟོན་པའི་ངག་དེ་ཙམ་དུ་འདུ་ཞིང་དེ་ལྟར་ཤེས་པས་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་ཐེག་པའི་ཚུལ་གྱི་ལམ་གྱི་སྒྲུབ་པ་ཤེས་ཤིང་། མཐར་དོན་གཉིས་མངོན་དུ་ཚེ་གཅིག་ལ་བྱེད་པ་ནི། དགོས་པ་དང་དགོས་པའི་ཡང་དགོས་པ་དང་བཅས་པ་ཡིན་ནོ། །དེ་ནས་ཐོག་མ་སྡོམ་པའི་རིམ་པ་དང་། དེའི་དམ་ཚིག་རྣམ་པར་དབྱེ་བ་བྱེད་པར་འདོད་པས་སྔོན་དུ་བརཏལ་ཤུགས་ཉི་ཤུ་རྩ་ལྔ་ནི། རྡོ་རྗེ་ཐེག་པར་གནས་རྣམས་ཀྱི། བརཏལ་ཤུགས་ཉི་ཤུ་རྩ་ལྔ་སྟེ། ཞེས་འཚམས་སྦྱར་ནས་དེ་ཡང་རྡོ་རྗེ་ཐེག་པ་ཞེས་བྱ་བའི་དོན་རྒྱ་ཆེ་འགྲེལ་པར། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་གཟུང་བ་དང་འཛིན་པའི་དངོས་པོ་བཅོམ་སྟེ། ཆོས་ཀྱི་སྐུ་སྐྱེ་བ་མེད་པའི་ངང་དུ་ལྟ་བ་དང་སྤྱོད་པ་ཕྱིན་ཅི་མ་ལོག་པ་ཞོན་ཏེ་འགྲོ་ཞེས་བྱ་བའི་དོན་ནོ་ཞེས་བྱུང་ངོ་། །དེའི་ལམ་ལ་ཞུགས་ཏེ་གནས་པ་རྣམས་ཀྱི་དང་པོ་ཁོ་ནར་བརཏལ་ཤུགས་ནི་ངེས་པར་སྤྱོད་ཅིང་འཇུག་པའི་དོན་ཡིན་ལ། ཉི་ཤུ་རྩ་ལྔ་ནི་འོག་ནས་འབྱུང་བའི་རྣམ་གྲངས་སོ། །དེ་ཡང་གང་ཞེ་ན། སྲོག་ཅོད་རྫུན་དུ་སྨྲ་བ་དང་། །གཞན་གྱི་བུད་མེད་ནོར་འཕྲོག་དང་། །ཆང་འཐུང་མྱོས་པར་བྱེད་པ་སྟེ། །སྤངས་ཞིང་བསླབ་པའི་གཞི་ལྔའོ། །རྒྱན་པོ་ཁ་ན་མ་ཐོའི་ཟས། །ངན་ཚིག་བསྟན་ཆོས་སྨྲ་བ་དང་། །མུ་སྟེགས་ཀླ་ཀློའི་ཆོས་སྤྱོད་པ། །རྣམ་ལྔ་བྱ་བ་མིན་པ་ལྔ། །དུད་འགྲོ་བྱིས་པ་བུད་མེད་དང་། །སྐྱེས་པ་མཆོད་རྟེན་བསྣུན་མི་བྱ། །དགེ་བའི་གྲོགས་དང་རྗེ་བོ་དང་། །དགེ་འདུན་རྣམས་དང་རྒྱལ་བ་དང་། ཡིད་གཏད་རྣམས་ལ་འཁུ་མི་བྱ། །གཟུགས་སྒྲ་དྲི་རོ་རེག་བྱ་ལ། །མིག་སོགས་ལྔ་པོས་ཞེན་མི་བྱ། །འདི་རྣམས་ཐོག་མའི་བརཏལ་ཤུགས་སོ། །ཞེས་བྱ་བ་སྨོས་ཏེ། འདི་རྣམས་ནི་དང་པོ་མཆོག་གི་སངས་རྒྱས་ཀྱི་རྒྱུད་དུ་བསྟན་པ་སྒྲ་ཅི་བཞིན་པ་དང་རྗེས་སུ་མཐུན་པར་བཤད་པ་རྡོ་རྗེ་ཐེག་པའི་ལས་དང་པོ་པས་ཏེ། བསླབ་པ་ལྔ་ནི་ཐེག་པ་ཐུན་མོང་པ་སྟེ་འདིར་བསྲུང་བྱ་ལྔ། མི་བྱ་བ་ལྔ། མི་བསྣུན་པ་ལྔ། མི་འཁུ་བ་ལྔ། མི་ཞེན་པ་ལྔ་ཞེས་དབྱེ་བ་དང་བཅས་པས་ཉི་ཤུ་རྩ་ལྔའོ། །དེ་ཡང་དུས་འཁོར་དུ། འཚེ་བ་བརྫུན་དང་གཞན་གྱི་བུད་མེད་ནོར་འཕྲོག་པ་དང་ཆང་འཐུང་བ་རྣམས་དེ་བཞིན་སྤང་བྱ་ཉིད། །རྒྱན་པོ་ཁ་ན་མ་ཐོ་བ་ཡི་བཟའ་བ་ངན་ཚིག་སྨྲ་བ་འབྱུང་པོ་དང་ནི་ལྷ་མིན་དབང་པོའི་ཆོས། །བ་གླང་བྱིས་པ་བུད་མེད་སྐྱེས་པ་སུམ་ཅུ་མིའི་བླ་མ་ལྔ་པོ་རྣམས་ནི་བསྣུན་མི་བྱ། གྲོགས་པོ་རྗེ་བོ་དང་ནི་ལྷ་དང་མིའི་བླ་མ་དགེ་འདུན་ཡིད་གཏད་རྣམས་ལ་འཁུ་མི་བྱ། དབང་པོ་རྣམས་ནི་ཞེན་པ་ཞེས་བྱ་ས་ཡི་བདག་པོ་བརཏལ་ཤུགས་རྣམས་ནི་ཉི་ཤུ་རྩ་ལྔའོ། །ཞེས་གསུངས་སོ། །དེ་བཞིན་དུ་གསང་བ་འདུས་པའི་ཆོ་ག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་དང་། རྡོ་རྗེ་རྩེ་མོ་ལས་ཀྱང་། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། །བྱང་ཆུབ་སེམས་ཆེན་བསྐྱེད་བྱ་ནས། །སྡོམ་པ་སྦྱིན་པར་བྱ་བ་ཡང་། །ཁྱོད་ཀྱི་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །འདོད་པས་ལོག་པར་གཡེམ་མི་བྱ། །བརྫུན་དུ་ཡང་ནི་སྨྲ་མི་བྱ། །ཉེས་པ་ཀུན་གྱི་རྩ་བ་ནི། །ཆང་དག་བཏུང་བ་སྤང་བར་བྱ། །བྱ་བ་མ་ཡིན་ཐམས་ཅད་དོར། །མཆོག་དུ་སེམས་ཅན་འདུལ་བར་བྱ། །དམ་པ་རྣམས་ལ་རིམ་གྲོ་བྱ། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །རྣལ་འབྱོར་རིག་པ་བསྒྲུབ་པའི་ཕྱིར། མཁས་པ་རྣམས་ལ་བརྟེན་པར་བྱ། །ལུས་ངག་ཡིད་ཀྱི་མི་དགེ་བཅུ། ཅི་ནུས་པར་ནི་བསྲུང་བར་བྱ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་ངེས་པར་ཐོག་མར་བསྒྲུབ་པའོ། །དེ་ཙམ་གྱིས་ནི་ཆོག་པ་མ་ཡིན་པས། བྱང་ཆུབ་སེམས་དཔའ་རྣམས་དང་ཐུན་མོང་། རྒྱུད་སྡེ་བཞི་ཀར་འཇུག་པ་ལ་དགོས་པ་བར་མའི་བརཏལ་ཤུགས་རྣམས་ནི། ཐུན་མོང་སྤྱིའི་སྡོམ་པ་ནི། རྣམ་པ་ལྔ་རུ་རྒྱལ་བས་གསུངས། །སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། །སྨོན་འཇུག་སེམས་བསྐྱེད་ཚུལ་ཁྲིམས་ཀྱི། །སྡོམ་དང་དགེ་བ་ཆོས་སྡུད་དང་། །དོན་བྱེད་རྣམ་གསུམ་འཛིན་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །བླ་མའི་དམ་ཚིག་རྡོ་རྗེའི་རིགས། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རིན་ཆེན་ནོ། །ཕྱི་ནང་གསང་གསུམ་ཐེག་པ་ཡི། །དམ་ཆོས་འཛིན་པ་པད་མ་ལའོ། །མཆོད་བསྟོད་ལས་ཀྱི་བྱ་བ་རྣམས། །སོ་སོར་འཛིན་བྱེད་ལས་ཀྱི་རིགས། །ཞེས་བྱ་བ་ནི་བར་དུ་སྤྱད་པར་བྱ་བའི་དམ་ཚིག་དང་སྡོམ་པ་ཡིན་ལ། འདི་ཡང་དང་པོའི་ཚིགས་སུ་བཅད་པ་ཕྱེད་ཀྱི་མདོར་བསྟན་ཏེ་ཐུན་མོང་ནི་ཐེག་པ་ཆེན་པོའི་གཞུང་ཐམས་ཅད་དུ་གསུངས་པ་དང་། སེམས་བསྐྱེད་པ་དང་སྐྱབས་སུ་འགྲོ་བ་ཐོག་མར་ཐོབ་ནས། སྡོམ་པ་ནི་རང་དང་གཞན་གྱི་ཉེས་པ་སྡོམ་པའི་དོན་ཡིན་སྟེ། དེ་ཡང་འཕགས་པ་ཉན་ཐོས་ཀྱི་ཐེག་པར་ནི། རང་གི་རྒྱུད་ཉེས་སྤྱོད་ལས་བཟློག་པ་ཡིན་ལ། བྱང་ཆུབ་སེམས་དཔའི་ཐེག་པར་རང་བཞིན་གཉིས་ཀའི་དོན་དང་འབྲེལ་པ་ཡིན་ཅིང་། རྡོ་རྗེའི་ཐེག་པར་ནི་དེ་ཉིད་ཐབས་བླ་ན་མེད་པ་དང་འབྲེལ་བར་ཤེས་པར་བྱའོ། །དེ་ཡང་འཇམ་དཔལ་གྲགས་པས། འགྲོ་ལ་གནོད་པ་ཡོངས་སྤངས་ཏེ། །རིགས་བརྒྱད་དམ་བཅའ་བརྟན་འཛིན་པ། །སོ་སོར་ཐར་པ་ཡིན་ཞེས་བྱ། །སེམས་ཅན་དོན་དུ་དགེ་སོགས་དང་། །སངས་རྒྱས་འབྲས་ལ་ཉེར་སེམས་ཤིང་། །རྗེས་སུ་བྱ་བ་གང་བྱེད་པ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་འདོད། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱིས། །འགྲོ་བ་ཚར་གཅད་རྗེས་འཛིན་པ། །མཁས་པས་དམ་བཅའ་བརྟན་བླངས་ཏེ། །བདུད་འཇོམས་རིག་འཛིན་སྡོམ་པར་འདོད། །ཞེས་བྱུང་ངོ་། །གཞན་ཡང་བྱང་ཆུབ་སེམས་དཔའི་འགྲེལ་པ་རྣམས་སུ་མང་དུ་གསུངས་སོ། །སྡོམ་པ་གསུམ་པོ་དེ་ཡང་ཐེག་པ་བླ་ན་མེད་པ་འཛིན་པའི་སྐྱེས་བུ་གཅིག་ལ་ཡོན་ཏན་ཡར་ལྡན་གྱི་ཚུལ་གྱི་འཛིན་ཅིང་འོག་མའི་སྐྱོན་ཟིལ་གྱིས་མནན་པ་སྟེ་སྔགས་ཀྱི་དགེ་སློང་ལ་སོ་སོ་ཐར་པ་ཉམས་ནས་མེད་པ་མ་ཡིན་ནོ། །དེ་ཡང་འཁོར་ལོ་སྡོམ་པའི་རྒྱུད་དུ། གསེར་འགྱུར་ནུས་པའི་རང་བཞིན་གྱིས། །ལྕགས་ལས་ཟངས་སུ་གྱུར་པ་དང་། །ཟངས་དེ་གསེར་དུ་འགྱུར་བ་བཞིན། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་པ་འཛིན་པ་དེ་བཞིན་ནོ། །ཞེས་བྱུང་བས་དེ་ལྟར་ཤེས་པར་བྱའོ། །འོན་ཀྱང་རིག་པ་འཛིན་པ་དེ་ཉན་ཐོས་ཞེས་ཀྱང་མི་བརྗོད་དོ། །འདིར་སྡོམ་པའི་ཕྱོགས་ལ་དེ་ལྟ་ཡིན་གྱི། ཉན་ཐོས་རང་གཅིག་པུ་ཞི་བ་དོན་དུ་གཉེར་བའི་ཤེས་རབ་ཀྱི་བློ་དེ་དང་ཐེག་ཆེན་ནི་མི་མཐུན་པ་ཉིད་དེ། མདོ་སྡེ་རྒྱན་ལས། བློ་དང་ལྡན་པ་དམྱལ་བར་གནས་པ་དུས་ཀུན་དུ། །བྱང་ཆུབ་དྲི་མེད་སྤངས་པའི་བར་དུ་གཅོད་བྱེད་མིན། །ཞི་སྲིད་ཡོན་ཏན་སྐྱོན་གྱིས་ཐེག་པ་དམན་ཞུགས་པའི། རྣམ་རྟོག་དགེ་བ་སྣ་ཚོགས་བློ་ལྡན་གནོད་བྱེད་ཡིན། །ཞེས་པ་ལ་སོགས་པ་ཕྱོགས་འདི་རྣམས་ཀྱི་རྣམ་དབྱེ་དུ་མ་ཡོད་མོད་ཀྱི་འཕྲོས་པ་བཞག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྐབས་ནི། བྱང་ཆུབ་སེམས་པའི་ས་དང་། དེའི་ཚུལ་ཁྲིམས་ཀྱི་ལེའུ་བསྡུས་པ་སྡོམ་པ་ཉི་ཤུ་པ་དང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་སེམས་བསྐྱེད་པའི་ཆོ་ག་རྣམས་དང་། བྱང་ཆུབ་སེམས་འགྲེལ་དུ་བསྟན་པས་འདིར་ཡང་དེ་དང་མཐུན་པས་རྒྱས་པར་མ་བརྗོད་དོ། །གཞི་དེ་ལས་རིག་པ་འཛིན་པའི་ཁྱད་པར་ཅུང་ཟད་ཙམ་ཡོད་པ་རྣམས་འདིར་བཤད་དེ། །སྡོམ་པ་དེ་ཡང་རིགས་ལྔའི་དབྱེ་བས་འདིར་ལྔར་གསུངས་སོ། །དེ་ལས་ཐོག་མར་སངས་རྒྱས་འཁོར་ལོ་རིགས་ཀྱི་ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་གྱི་སྡོམ་པ་ནི། ཐུན་མོང་མ་ཡིན་པའི་སྐྱབས་སུ་སོང་ཞིང་། སྨོན་འཇུག་དུ་སེམས་བསྐྱེད་ནས། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་འཛིན་པ་ཉིད་ཡིན་ཏེ་རྒྱུད་ལས་བྱུང་བ་བཞིན། དཀྱིལ་འཁོར་ཆོ་ག་ཐམས་ཅད་དུ། དུས་འདི་ནས་ནི་བཟུང་ནས་ཀྱང་། །སྙིང་པོ་བྱང་ཆུབ་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམས། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སྡོམ་པ་སངས་རྒྱས་རྣལ་འབྱོར་འབྱུང་། །དེང་ནས་བརྩམས་ཏེ་བཟུང་བར་བགྱིས། ཞེས་ཁས་བླངས་པ་གསུངས་པའི་ཕྱིར་་རོ། །རྣལ་འབྱོར་གྱི་རྒྱུད་ཡན་ཆད་དམ་ཡང་ན་རྡོ་རྗེ་སློབ་དཔོན་དུ་མི་བྱེད་ན། རིགས་གཞན་གྱི་ཆོ་ག་མེད་ཀྱང་རུང་ངོ་ཞེས་རྡོ་རྗེ་ཕྲེང་བར་གསུངས་སོ། །རིགས་གཞན་གྱི་སྡོམ་པ་ཡང་གང་ཞེ་ན། རྡོ་རྗེའི་རིགས་ལ་དམ་ཚིག་མདོར་བསྡུས་ན། རྡོ་རྗེ་དྲིལ་བུ་ནི་ཕྱི་རྫས་ཀྱི་རྡོ་རྗེ་དྲིལ་བུ་ཚད་ལྡན་དང་། ནང་རྩ་རླུང་ཐིག་ལེ་དང་། གསང་བ་བདེ་སྟོང་གི་རང་བཞིན་དང་བཅས་པ་དང་དེ་སྟོན་པའི་བླ་མའི་དམ་ཚིག་འཛིན་པ་སྟེ། དེ་ཡང་། རྡོ་རྗེའི་རིགས་ནི་བསྡུས་པ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །དེ་ཉིད་ཀྱིས་ནི་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །ཞེས་སོ། །རིན་པོ་ཆེའི་རིགས་ནི་ལོངས་སྤྱོད་རྣམས་སྦྱིན་པ་དང་། སྐྱབས་ཀྱི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དང་། སེམས་ཀྱིས་བདེ་བ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱའོ་སྙམ་དུ་བྱམས་པ་ཆེན་པོའི་སྦྱིན་པ་ནི་གོང་མ་ཀུན་གྱི་རྩ་བ་ཡིན་པས་དེ་ལྟར་བཞི་པོ་སྟེ། རིན་པོ་ཆེའི་རིགས་མཆོག་གི །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཞེས་སོ། །པད་མའི་རིགས་ཀྱི་ནི། ཕྱི་ནི་ཉན་རང་གི་ཐེག་པའི་ཆོས་དང་། ནང་བྱང་ཆུབ་སེམས་དཔའི་ཐེག་པ་ཕ་རོལ་ཏུ་ཕྱིན་པ་དང་། གསང་བ་རིག་པ་འཛིན་པ་གསུམ་མ་འདྲེས་ལ་ཡོངས་སུ་རྫོགས་པར་འཛིན་པ་སྟེ། པད་མ་ཆེན་པོའི་རིགས་དག་པ། །བྱང་ཆུབ་ཆེན་པོ་འབྱུང་བ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་སོ་སོར་བཟུང་བར་བགྱི། །ཞེས་སོ། །ལས་ཀྱི་རིགས་ལ་སེམས་ཅན་རྣམས་གཞུག་ཅིང་ཕན་པར་བྱ་བའི་ཕྱིར། མཆོད་པ་དང་གཏོར་མ་དང་སྦྱིན་སྲེག་ལ་སོགས་པ་ལས་ཐམས་ཅད་བསྒྲུབ་པར་བྱ་བ་སྟེ། ལས་ཀྱི་རིགས་ཆེན་བསྡུས་པ་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །མཆོད་པའི་ལས་ནི་ཅི་ནུས་བཞིན། །ཀུན་ནས་སོ་སོར་བཟུང་བར་བགྱི། །ཞེས་པ་དང་། དེ་ལྟར་དུས་འཁོར་དུའང་། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་ཡང་ནི་སྤྱི་བོས་བླང་བར་བྱ་བ་འདོད་པའི་རྡོ་རྗེ་ལ། རིན་པོ་ཆེ་ལ་སྦྱིན་པ་རྣམས་ནི་སྦྱིན་བྱ་འཁོར་ལོ་ལ་འདིར་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་། རལ་གྲི་ལ་ནི་གསལ་བར་མཆོད་པ་བྱ་ཞིང་ཆུ་སྐྱེས་རིགས་ལ་སྡོམ་པ་རྣམས་ནི་བསྐྱང་བར་བྱ། རྒྱལ་བ་བསྐྱེད་པར་བྱེད་པའི་རིགས་ལ་སེམས་ཅན་རྣམས་ལ་ཐར་པའི་རྒྱུར་ནི་བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། ཞེས་གསུངས་སོ། །མདོར་བསྡུས་ན་ཐམས་ཅད་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཁོ་ན་ལ་འདུའོ། །འོ་ན་ཕ་རོལ་ཏུ་ཕྱིན་པ་དང་ཁྱད་མེད་དོ་སྙམ་ན་འདིར་བཤད་པ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་བྃ་རྣམ་པར་རབ་ཏུ་གནས། །ཨེ་བྃ་རྣམ་པའི་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་བྱ། ཞེས་དཔལ་ཀྱེའི་རྡོ་རྗེར་གསུངས་ཏེ། །སངས་རྒྱས་ནི་གཞི་ལམ་འབྲས་བུའི་དེ་བཞིན་གཤེགས་པ་ལྔའོ། །དེའི་སྡོམ་པ་ནི་ཨེ་བྃ་ཐབས་དང་ཤེས་རབ་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་ཏེ། དེ་རྟོགས་པར་བྱེད་པ་ནི་དབང་ལས་རྟོགས་པ་སྟེ་ཕྱི་རྡུལ་ཚོན་དང་། ནང་ལུས་དང་། གསང་བ་བྷ་ག་དང་། དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞིའི་རིམ་པས་མངོན་དུ་བྱེད་པའི་དོན་ནོ། །དེ་ལ་ཕྱི་ནི་སྨོན་འཇུག་བྱང་ཆུབ་ཀྱི་སེམས་སྙིང་རྗེའི་རྩ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་སངས་རྒྱས་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་ཐེག་པ་ཆེན་པོའི་ཆོས་འཛིན་ཅིང་ཡེ་ཤེས་དམ་པ་ཚོལ་བ་སྡོམ་པ་དང་བཅས་པ་དཔག་ཏུ་མེད་པའི་ཡོན་ཏན་ཅན་ནི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་ཡེ་ཤེས་ཀྱི་ལེའུར་གསུངས་པ། མིའི་བདག་པོ་དག་པའི་བྱམས་པ་ལ་སོགས་སེམས་ཀྱིས་སེམས་ཅན་རྣམས་ལ་ཆགས་པ་ཐོབ་གྱུར་པས། །མི་དགེ་བའི་ཡོན་ཏན་ཅན་ཀྱི་ཞེ་སྡང་འདོད་ཆགས་ལ་སོགས་སེམས་ནི་འདོར་བར་འགྱུར། །འགྲོ་བ་དང་ནི་འགྲོ་བར་འདོད་པའི་བྱང་ཆུབ་སེམས་ནི་རྣམ་པ་ཀུན་ཏུ་དག་པ་གཉིས་སུ་འགྱུར། །ཐར་པར་འཇུག་པ་དམན་དང་སྨོན་པ་རྣམ་པར་བྲལ་བ་ཐམས་ཅད་དུ་ནི་བདུད་ཀྱི་སེམས། །ཞེས་སོ། །དེ་ལ་བརྟེན་པའི་དོན་དམ་པ་ནི། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་པོ་རྣམ་རིག་གི །རྟོག་པ་རྣམས་ཀྱི་མི་ཤིགས་པ། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །སྙིང་རྗེས་བརླན་པའི་ཚུལ་གྱིས་ནི། །འབད་པས་བསྒོམ་པར་བྱ་བ་ཉིད། །ཅེས་གསང་བ་འདུས་པའི་དོན་དམ་པའི་སེམས་རྣམ་པར་འགྲེལ་པའི་ཕྱིར་བསྟན་པ་དང་། ཆོ་ག་བྱ་བ་ཡང་གསུངས་སོ། །འོ་ན་སྔགས་ལ་དེ་ལས་གཞན་པ་ཅི་ཡོད་ཅེ་ན། འདིར་རྟེན་དང་བརྟེན་པའི་བདག་ཉིད་ཀྱི་གཞན་ཡང་འདི་ལྟ་སྟེ། ཧེ་བཛྭ་རུ། རྡོ་རྗེ་སྙིང་པོས་གསོལ་པ། ཐབས་གང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལགས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། །ཀུན་རྫོབ་དོན་དམ་གཟུགས་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཀུན་རྫོབ་ཀུན་དྷ་ལྟ་བུ་ཉིད། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་ཁམས་བྱང་ཆུབ་ཀྱི་སེམས་དང་། དེ་བརྟན་པ་ལས་བདེ་བ་ཆེན་པོ་མངོན་དུ་འགྱུར་བར་གསུངས་སོ། །ཚུལ་དེས་ན། ཀུན་རྫོབ་སྨོན་འཇུག་དང་ཀུན་དྷ་ལྟ་བུ་གཉིས་དང་། དོན་དམ་སྟོང་པ་ཉིད་བདེ་བ་ཆེན་པོ་གཉིས་སྟེ་བཞིར་གནས་པ་ལ་ཕ་རོལ་ཏུ་ཕྱིན་པར་གཉིས་མ་གསུངས་པས་ཡོངས་སུ་མ་རྫོགས་པའི་ལམ་ཞེས་བཤད་དོ། །རྣམ་དབྱེ་ཅུང་ཟད་རྒྱས་པར་འོག་ཏུ་འཆད་དོ། །རྒྱུ་མཚན་དེ་ན། ཕྱི་སྡོམ་པའི་ཚུལ་ཁྲིམས་དང་། ནང་ལུས་ལ་ཐིག་ལེའི་སྡོམ་པ་དང་། གསང་བ་བདེ་སྟོང་དབྱེར་མེད་ཀྱི་སྡོམ་པ་དང་། དེ་ཁོ་ན་མཚན་མ་ཐམས་ཅད་བྲལ་བའི་ཚུལ་རིག་པར་བྱ་བ་ནི་རྡོ་རྗེའི་ཐེག་པའི་སྡོམ་པའོ། །འདིའི་ཆོ་ག་ནི་དེ་ཉིད་འདུས་པར། སྔོན་བཅོམ་ལྡན་འདས་དཀའ་བ་སྤྱད་ནས་ཏིང་ངེ་འཛིན་ལ་བཞུགས་པ་ན། སངས་རྒྱས་ཐམས་ཅད་ཀྱི་བསྐུལ་བས་ཐུགས་ཁར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བརྟན་པའི་རྟགས་ཟླ་བའི་དཀྱིལ་འཁོར་གང་བ་དང་། དེའི་དབུས་སུ་དོན་དམ་པ་རྡོ་རྗེའི་རང་བཞིན་རྣམ་པ་དང་བཅས་པས་མཐར་ཕྱིན་པར་བསྒྲུབས་པར་གསུངས་སོ། །དེས་ན་ད་ལྟར་ཡང་ཆོ་ག་དེ་བཞིན་དུ་བྱ་བར་གསུངས་ཏེ། །ཨོཾ་ཡོ་ག་ཙི་ཏ་ཨུ་པ་ཏ་ཡ་མི། །སུ་ར་ཏ་ས་མ་ཡ་ཧྶཾ་ཧོ། སིདྷི་བཛྭ་ཡ་ཐ་སུ་ཁཾ་ཞེས། བདེ་བ་དང་སྟོང་པ་དབྱེར་མེད་པའི་དམ་ཚིག་རྡོ་རྗེ་རྣལ་འབྱོར་དུ་སེམས་བསྐྱེད་པ་བྱུང་ངོ་། །དེ་བཞིན་དུ་དབང་བཞི་ཀས་རྒྱས་པར་མཛད་པ་ཡིན་ནོ། །ད་ནི་ཤིན་ཏུའང་ཐུན་མོང་མ་ཡིན་པའི་དམ་ཚིག་དང་སྡོམ་པ་ནི། ཁྱད་པར་བླ་མེད་སྡོམ་པ་ནི། །རྡོ་རྗེའི་རིགས་ལ་སྲོག་གཅོད་དེ། །ཞིང་བཅུ་རླང་དང་རྟོག་པར་གསུངས། །རིན་ཆེན་རིགས་ལ་མ་བྱིན་ལེན། །ནོར་དང་བུད་མེད་ཐེག་པ་ཆེ། །གཞན་དང་རང་དོན་བསྒྲུབ་བྱེད་པའོ། །པད་མའི་རིགས་ཀྱི་དམ་ཚིག་མཆོག །ལས་ཆོས་དམ་ཚིག་ཕྱག་རྒྱ་ཆེ། །བུད་མེད་ཡིན་ཏེ་དེ་བསྟེན་པའོ། །ལས་ཀྱི་རིགས་ཀྱི་རྫུན་དུ་སྨྲ། །བདག་དང་སེམས་ཅན་མི་དམིགས་པར། །མྱ་ངན་འདས་་་་ལ་འགོད་པར་གྲགས། །འཁོར་ལོའི་རིགས་ལ་ཤ་ལྔ་དང་། །ཆང་དང་ཡུལ་ཀུན་བསྟེན་པ་སྟེ། །ཕྱི་ནང་གསང་བའི་རིམ་པ་ཡིས། །མ་ཉམས་སྤྱོད་པ་བླ་ན་མེད། །ཞེས་བྱ་བ་སྨོས་ཏེ་འདི་ནི་རྣལ་འབྱོར་ཆེན་པོ་ལ་གནས་པ་རྣམས་ཀྱི་ཡིན་ཏེ། ཧེ་བཛྭ་རུ། རྡོ་རྗེ་སྙིང་པོས་གསོལ་པ། སྡོམ་པ་ཞེས་བྱ་གང་གིས་དང་། །དམ་ཚིག་གང་གིས་གནས་པར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཁྱོད་ཀྱིས་སྲོག་ཆགས་གསད་པ་དང་། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱོས། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོང་། །ཕ་རོལ་བུད་མེད་བསྟེན་པར་གྱིས། །ཞེས་བསྟན་ནས་དེའི་དོན་སྒྲ་ཇི་བཞིན་མ་ཡིན་པ་དང་ཡང་དག་པར་གོ་བར་བྱ་བའི་ཕྱིར་མདོ་ཙམ་གསུངས་པ་ལ། སེམས་ཅན་སྲོག་ཆགས་གསོད་པ་ནི། །གང་ཕྱིར་སྲོག་ནི་སེམས་སུ་བརྗོད། །འཇིག་རྟེན་སྒྲོལ་བ་ཞེས་བྱ་བའི། །བརྫུན་གྱི་ཚིག་ནི་རབ་ཏུ་བསྒྲགས། །བཙུན་མོའི་ཁུ་བ་མ་བྱིན་པ། །གཞན་གྱི་བུད་མེད་རང་མཚུངས་མཛེས། །ཞེས་གསུངས་སོ། །དེའི་རྒྱས་པར་བཤད་པ་ནི། དུས་ཀྱི་འཁོར་ལོར་བྱིས་པ་འཇུག་པའི་དབང་བདུན་སྔོན་དུ་སོང་ན་བསྟན་པར་བྱ་བ་གསུངས་པ། །ངེས་པར་རྡོ་རྗེ་ཅན་གྱི་རིགས་ལ་སྲོག་གཅོད་བྱ་བར་འགྱུར་ཏེ་བརྫུན་གྱི་ཚིག་ནི་རལ་གྲི་ལ། །གཞན་གྱི་བདག་གིར་བྱས་པའི་རིན་ཆེན་འཕྲོག་དང་གཞན་གྱི་བུད་མེད་འཕྲོག་པ་པད་མ་མཆོག་གི་རིགས། །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་ཡུལ་རྣམས་ཤིན་ཏུ་བསྟེན་པར་བྱ་བ་འཁོར་ལོ་ཡི། །གདོལ་པ་མོ་ལ་སོགས་པའི་བུད་མེད་མ་ལུས་མཁའ་ཡི་པད་མ་བརྙས་པར་མི་བྱ་གྲི་གུག་གི །སེམས་ཅན་དོན་གྱི་རྒྱུད་ནི་ནོར་དང་ལུས་སུ་བཅས་པ་ཁྱོད་ཀྱིས་བསྲུང་བར་མི་བྱ་སྦྱིན་པར་བྱ། །ཞེས་པ་དང་། དེ་ཉིད་ཀྱི་དོན་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས་དྲི་མ་མེད་པའི་འོད་དུ་དྲང་བ་དང་ངེས་པའི་དོན་དུ་ཕྱེ་ནས་གསུངས་པ། འདིར་སྲོག་གཅོད་པ་ལ་སོགས་པ་གང་གསུངས་པ་དེ་དྲང་བ་དང་ངེས་པའི་དོན་དུ་ཤེས་པར་བྱ་སྟེ། ཕྱི་རུ་སྲོག་གཅོད་པ་བྱ་བ་ནི་འཚམས་མེད་པ་དང་བསྟན་པ་ལ་གནོད་པ་བྱེད་པ་སྔ་ཕྱིའི་ཤེས་པར་བྱས་ལ་གང་མྱ་ངན་མེད་ལྟ་བུ་ཕྱིས་བསོད་ནམས་བྱེད་པ་ལ་གནོད་པ་བྱས་ན་རང་ཉིད་ངན་འགྲོ་ལྷུང་སྟེ། དེས་ན་ཇི་སྲིད་མངོན་པར་ཤེས་པ་མ་ཐོབ་ཀྱི་བར་ལ་ཁྲོ་བོའི་ལས་མི་བྱའོ། །དེ་བཞིན་དུ་བརྫུན་སྨྲ་བ་དང་། མ་བྱིན་པར་ལེན་པ་དང་། གཞན་གྱི་ཆུང་མ་འཕྲོག་པ་ལ་སོགས་པ་ཡང་མི་བྱའོ། །ཞི་བ་དང་རྒྱས་པ་དང་དབང་དང་དགུག་པ་རྣམས་བྱའོ། །གང་འཚམས་མེད་པ་འཆི་བའི་བར་དུ་བྱེད་པ་དམ་ཉམས་པ་རྣམས་ཁྲོ་བོའི་རིགས་ཀྱི་སྔགས་སྔོན་དུ་བསྒྲུབས་ནས་མི་བསྐྱོད་པའི་ཏིང་ངེ་འཛིན་གྱི་གསད་པར་བྱ་ཞེས་བཅོམ་ལྡན་འདས་ཀྱིས་ངེས་པའོ། །དེ་བཞིན་དུ་ལམ་ལོག་པ་ལས་འདོན་པའི་ཕྱིར་བརྫུན་གྱི་ཚིག་དང་། གཞན་ཡི་དྭགས་སུ་འགྲོ་བ་བཟློག་པའི་ཕྱིར་ནོར་འཕྲོག་པ་དང་། ཆགས་པས་དུད་འགྲོ་འགྲོ་བ་བཟློག་པར་བྱ་བའི་དོན་དུ་བུད་མེད་འཕྲོག་པ་དང་། རིགས་ཀྱིས་ང་རྒྱལ་སྤང་པའི་ཕྱིར་དམ་ཚིག་གི་བདུད་རྩི་ལྔ་དང་ཤ་ལྔ་བསྟེན་པ་དང་། བསོད་ནམས་ཀྱི་ཚོགས་བསྒྲུབ་ཅིང་ཕྱག་རྒྱ་བསྒྲུབ་པའི་དོན་དུ་གཡུང་མོ་ལ་སོགས་པ་བསྟེན་པ་སྟེ། རང་གི་དོན་དུ་ནི་མ་ཡིན་ནོ། །ངེས་པའི་དོན་དུ་ནི། སྲོག་ནི་རླུང་སྟེ་གཙུག་ཏོར་གྱི་བར་དུ་འགོག་པས་མཆོག་ཏུ་འགྲོ་བ་ནི་སྲོག་གཅོད་པའོ། །བརྫུན་གྱི་ཚིག་ནི་བརྗོད་དུ་མེད་པའི་སྙིང་ཁའི་སྒྲའི་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པ་དང་། གཞན་གྱིས་མ་བྱིན་པའི་རིན་པོ་ཆེ་མགྲིན་པར་ས་བརྒྱད་པ་ལ་གནས་པས་ཡིད་བཞིན་དུ་ཐོབ་པའོ། །གཞན་མཆོག་གི་བུད་མེད་འཕྲོག་པ་ནི་ཕྱག་རྒྱ་ཆེན་མོ་སྟེ་དཔྲལ་བར་པད་མའི་གནས་སུ་ཁྱེར་བའོ། །ཆང་དང་སྒྲོན་མ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། དབང་པོའི་ཡུལ་ལྔའི་གཟུང་འཛིན་འགོག་པ་སྟེ་གཡུང་མོ་ལ་སོགས་པའི་པད་མ་ནི་འཛག་པ་མེད་པའི་བདེ་བ་བསྒྲུབ་ཏེ་མི་འཛག་པའོ། །དེས་བསོད་ནམས་དང་ཚུལ་ཁྲིམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པས་སངས་རྒྱས་སུ་འགྱུར་རོ། །ཀྱེ་རིགས་ཀྱི་བུ་གཞན་དུ་ན་བསྐལ་པ་དུ་མས་ཀྱང་འགྲུབ་པར་དཀའོ་ཞེས་གསུངས་སོ། །ད་ནི་ཚིག་རེ་རེ་ནས་རྒྱས་པར་བཤད་དེ། ཁྱད་པར་ནི་བྱ་སྤྱོད་ལ་སོགས་པ་ལས་ཀྱང་ཁྱད་པར་ཡོད་པའོ། །བླ་ན་མེད་པ་ནི་གཞན་གོང་ན་མེད་པའོ། །སྡོམ་པ་ནི་སྔར་བརྗོད་པ་བཞིན་ནོ། །རྡོ་རྗེ་རིགས་ནི་ཞེ་སྡང་རྣམ་པར་དག་པ་མི་བསྐྱོད་པའི་རིགས་ལ་ངེས་པར་སྲོག་གཅོད་བྱ་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་ནི་སེམས་སུ་བརྗོད་དེ་སེམས་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བག་ཆགས་ཐམས་ཅད་ཀྱིས་བསྒོས་པ་ས་བོན་ཐམས་ཅད་པ་སྟེ་ཀུན་གཞིའོ། །དེའི་སྐྱོན་ཐམས་ཅད་བསད་པས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འགྲོ་བའི་ཕྱིར་རོ། །དེ་ལ་དབྱེ་བ་གསུམ་སྟེ་ཞིང་བཅུ་བསྒྲལ་བ་དང་། རླུང་བསད་པ་དང་། རྟོག་པ་བསད་པའོ། །དང་པོ་ནི་ཡུལ་དང་། བསམ་པ་དང་། ཚུལ་གསུམ་ཤེས་པར་བྱ་སྟེ། ཡུལ་ནི་སྔ་འགྱུར་གྱི་རྒྱུད་དུ། དཀོན་མཆོག་སློབ་དཔོན་སྐུ་དགྲ་དང་། །དམ་ཉམས་ལོག་ལྟ་འཁུས་པ་དང་། །འདུ་བར་འོས་མིན་ཡོངས་ལ་གནོད། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱི་དང་དུ་བླང་། ཞེས་གསུངས་སོ། །བསམ་པ་ནི་སྙིང་རྗེ་ཆེན་པོ་དང་འབྲེལ་བས་བྱ་སྟེ་དགྱེས་པའི་རྡོ་རྗེ་ལས། རྡོ་རྗེས་བསྒྲལ་བར་བྱ་བ་ཉིད། །ཅེས་པ་དང་། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསད་ཅིང་གནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམ་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་བྱུང་ངོ་། །ཚུལ་ནི་གསད་པ་གསོ་བ་ནུས་པ་ན་ཏིང་ངེ་འཛིན་ཙམ་གྱིས་འགྲུབ་པོ། གཞན་དུ་རང་གི་དོན་སེམས་པ་མེད་པ་དང་། ལྷ་དང་བླ་མས་ལུང་བསྟན་ནས་བཀས་གནང་བ་དང་། ངེས་པར་ཐབས་དེས་འདུལ་དགོས་པ་དང་། གཞན་མ་དད་པ་དང་ལོག་པ་ལ་སྦྱོར་བར་མི་འགྱུར་ན་ཕན་ཡོན་ཆེན་པོ་དང་ལྡན་ཏེ། དད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་བསད་པས་མྱུར་དུ་བྱང་ཆུབ་ཐོབ་པ་བཞིན་ནོ། །དེ་ལྟར་མ་ཡིན་ན་མི་རུང་སྟེ། འཇམ་དཔལ་རྩ་བའི་རྒྱུད་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །སྔགས་རྣམས་མཐུ་བསྟན་དོན་དུ་ཡིན། །འཚོ་བ་བསད་ཕྱིར་མ་ཡིན་ནོ། །ཞེས་ཁྲོ་བས་སྔགས་བསྒྲུབས་པས་ངན་འགྲོ་སོང་བ་གསུངས་སོ། །ནང་དུ་ནི་རླུང་ལ་སྲོག་ཅེས་བྱ་སྟེ། དེ་བཅད་པར་བྱ་བ་ནི་བུམ་པ་ཅན་ལ་སོགས་པའི་ཐབས་དུ་མས་དགག་པར་རྒྱུད་ཐམས་ཅད་དུ་གསུངས་ཏེ། དང་པོའི་སངས་རྒྱས་ལས་ཀྱང་། སྲོག་ནི་བཀག་པ་དེ་ཡིས་ཀྱང་། །རྒྱུ་དང་མི་རྒྱུ་ཉུངས་ཀར་ཙམ། །སོ་སོར་སྡུད་པ་ཕྱག་རྒྱ་ཆེ། །ཞེས་པ་ལ་སོགས་པ་མང་དུ་གསུངས་སོ། །དེ་ཁོ་ན་ཉིད་དུ་ནི། རྣམ་པར་ཤེས་པའི་ཚོགས་དྲུག་དང་ཀུན་གཞི་ལ་བརྟེན་པའི་ཡིད་ཀྱི་གཟུང་འཛིན་བཅད་ནས་ཕུང་པོ་ལ་སོགས་པ་དག་པར་བྱེད་དེ། རྡོ་རྗེ་རྩེ་མོ་ནས། འབྱུང་བ་ཆེན་པོ་གང་ལས་བྱུང་། །འགོག་པ་ཅི་ཞིག་གང་གིས་བྱེད། །མ་རིག་ཉོན་མོངས་ལ་སོགས་ལས། །འབྱུང་བ་ཆེན་པོ་ཡང་དག་བྱུང་། །ས་བོན་ཀུན་ལྡང་ཀུན་གཞི་ནི། །ཕྱི་དང་ནང་གི་བདག་ཉིད་འདོད། །གནས་ནི་ཡོངས་སུ་གྱུར་པ་དང་། །ཀུན་གཞི་ས་བོན་མི་འབྱུང་ཞིང་། །རྟོག་པ་ཐམས་ཅད་དང་བྲལ་བས། །འབྱུང་བ་ཆེན་པོ་འགོག་པ་ཡིན། །ཞེས་གསུངས་སོ། །རྒྱ་ཆེར་དཔག་ཏུ་མེད་ཀྱང་མ་སྤྲོས་སོ། །དེ་ལྟར་སྲོག་གཅོད་པ་གསུམ་པོ་དེ་ནི་རང་དང་གཞན་གྱི་དོན་གྲུབ་པར་བྱེད་པ་ཡིན་ནོ། །རིན་པོ་ཆེའི་རིགས་ནི་ང་རྒྱལ་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་ཏེ། འདིར་ཚོར་བའི་ཕུང་པོ་དག་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བྱ་བའི་ཕྱིར་མ་བྱིན་པར་བླང་དགོས་ཏེ། དེ་ཅིའི་ཕྱིར་ཞེ་ན། མཉམ་པ་ཉིད་དུ་སོན་པའི་ཐེག་ཆེན་གྱི་བདེ་བ་ནི་སུས་ཀྱང་བྱིན་པ་མ་ཡིན་ལ། དེ་བླངས་པའི་ཕྱིར་རོ། །དེ་ཡང་འཇམ་དཔལ་་གྱི་བསྟན་པ་ལས། གང་ཕྱིར་ཐེག་པ་ཆེན་པོ་འདི། གང་གིས་ཀྱང་ནི་བྱིན་མ་ལགས། །དེ་ཉིད་རྟོགས་པས་མ་བྱིན་བླངས། །ཞེས་གསུངས་སོ། །དབྱེ་བ་ནི་གསུམ་ཏེ། ནོར་དང་། བུད་མེད་དང་། ཐེག་པ་ཆེན་པོའོ། །དང་པོ་ནི། སྙིང་རྗེ་ཆེན་པོས་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་སེར་སྣ་ལས་བཟློག་ཏེ་སྦྱིན་པ་ལ་འགོད་པ་དང་། སྔགས་བསྒྲུབས་ནས་ནོར་དང་བཟའ་བ་དང་རྫས་ཐམས་ཅད་བཀུག་སྟེ་ཕན་པའི་བྱ་བ་བསྒྲུབ་པར་བྱ་བ་འཁོར་ལོས་བསྒྱུར་བ་བསྒྲུབ་པ་ཡང་རྒྱུད་ཐམས་ཅད་དུ་གསུངས་སོ། །བུད་མེད་ནི་གཞན་དུད་འགྲོར་སྐྱེ་བ་བཟློག་པ་དང་ཉོན་མོངས་བཟློག་པའི་ཕྱིར་བྱང་ཆུབ་སེམས་པའི་སྤྱོད་པ་དང་མཐུན་ལ། གཞན་ཡང་སྔགས་ཀྱིས། ཡེ་ཤེས་བསྒྲུབ་པའི་ཕྱིར། གཞན་ལ་གནོད་པ་མེད་པར། ལྷ་དང་མི་དང་གནོད་སྦྱིན་མོ་དང་དྲི་ཟ་དང་མིའམ་ཅིའི་མོ་ལ་སོགས་པ་དགུག་པ་རྒྱུད་ཐམས་ཅད་དུ་གསུངས་པ་ཡིན་ནོ། །དེ་ལས་ཀྱང་རང་གི་བདེ་བ་ཉམས་པ་མེད་པར་ཤུ་ཏྲ་བླང་བ་ཡང་མ་བྱིན་པར་བླང་བ་སྟེ། ས་ར་ཧ་པས་ཀྱང་། བཙུན་མོའི་ཤུ་ཏྲ་དགུག་པའི་ཕྱག་རྒྱ་ཆེན་པོ་ནི། །དུས་ཀྱིས་བསྡུ་བ་བྱས་ནས་རྟོག་མེད་མཁའ་ལ་བསྟིམ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མདོར་ན་མཐར་ཐུག་ཐབས་མཁས་པ་རང་གི་ཡེ་ཤེས་མངོན་དུ་བྱ་བ་དང་སེམས་ཅན་རྗེས་སུ་བཟུང་བའི་དོན་གྱིས་མཉམ་པ་ཉིད་དུ་ཐེག་པ་ཆེན་པོ་མ་འཇོག་པ་ནི་མ་བྱིན་པར་ལེན་པའོ། །དེ་ཡང་རྡོ་རྗེ་རྩེ་མོ་ལས། ནོར་ནི་འཁོར་བ་ཞེས་བཤད་དེ། །སེམས་ཅན་དེ་རྣམས་ཉོན་མོངས་གྱུར། །གང་ཞིག་ཞན་གྱི་ནོར་འཕྲོག་པ། །བྱང་ཆུབ་སེམས་ནི་རབ་འགྲུབ་འགྱུར། །ཞེས་པ་དང་། དུས་འཁོར་དུ། རྣལ་འབྱོར་པ་གང་རྐུ་བར་གསུངས་པ་ཡང་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ས་གཞི་འཛིན་པའོ། །ཞེས་གསུངས་སོ། །དེ་ལྟར་ན་མ་བྱིན་པར་ལེན་པ་རྣམ་པ་གསུམ་ཡང་ངེས་པར་བྱ་དགོས་ཏེ། རིན་ཆེན་རིགས་ཀྱི་དམ་ཚིག་ཡིན་ལ་ཤུ་ཏྲ་འཕྲོག་པ་ནི་པད་མའི་རིགས་ཀྱི་ཡང་ཡིན་ནོ། །དེ་ནས་པད་མའི་རིགས་ཀྱི་དམ་ཚིག་ལ་ནི་འདོད་ཆགས་རྣམ་པར་དག་པ་འོད་དཔག་མེད་དེ་ཡུལ་ལ་མཚན་མར་འཛིན་པའི་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་སོ་སོར་རྟོག་པའི་ཡེ་ཤེས་སུ་འགྲུབ་པའི་ཕྱིར། མཆོག་གི་བདེ་བ་སྟེར་བའི་ཕྱག་རྒྱ་བཞི་སྟེ་དེ་ཡང་། དཔའ་བོ་རྡོ་རྗེས་ལས་ཀྱི་ཕྱག་རྒྱ་ནི་སྔགས་དང་ཞིང་དང་རིགས་སྐྱེས་ཀྱི་བུད་མེད་དོ། །ཆོས་ཀྱི་ཕྱག་རྒྱ་ནི་ཡུལ་སྣ་ཚོགས་པའོ། །དམ་ཚིག་གི་ཕྱག་རྒྱ་ནི་རླུང་མེའི་དྲོད་ཅན་ཨ་ཐུང་ངོ་། །ཕྱག་རྒྱ་ཆེན་པོ་ནི་རྒྱ་དགུས་བཏབ་པའི་རྣམ་པ་ཀུན་དང་ལྡན་པའི་སྟོང་པ་ཉིད་ཅེས་གསུངས་ཀྱང་། འདིར་ལས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོའི་ཕྱོགས་རེ་བཟུང་བ་ཡིན་ནོ། །འདི་བསྟེན་པ་ནི་ངེས་པར་བྱ་བ་སྟེ། གཞན་ནམ་ཕ་རོལ་གྱི་སྒྲས་བསྟན་པ་ནི་ཡུལ་དུ་སྣང་བའི་དོན་དང་ཕ་རོལ་ཏུ་ཕྱིན་པའི་དོན་ཡིན་ནོ། །དེ་ཡང་ཕྱི་ལྟར་ནི་ལས་རྒྱ་སྟེ་དེ་ཡང་དུས་ནི་ཁྱིམ་པ་རྡོ་རྗེ་འཛིན་པའམ། དབང་རྟེན་ཅན། རྗེས་དྲན་གྱི་སྐབས་དང་། བརཏལ་ཤུགས་ཀྱི་སྤྱོད་པའོ། །དེའི་ངེས་པ་ནི་དབང་གི་སྐབས་ཐམས་ཅད་དུ་གསུངས་པ་དང་། རྒྱལ་བའི་ལྷན་སྐྱེས་བདེ་བ་འཕེལ་བའི་རྒྱུར་ནི། ཐོག་མར་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། ཞེས་པ་དང་། སྤྱོད་པའི་ལེའུ་ལ་སོགས་པར་རྒྱ་ཆེར་གསུངས་སོ། །མཚན་ཉིད་ནི་སྔགས་སྐྱེས་བསྒྲུབས་པ་ཡོན་ཏན་དང་ལྡན་པ་ནི། དགེ་བ་བཅུ་ལས་བརྩམས་ནི། །ཞེས་པ་ནས། མཆོག་ཐོབ་པའི་བུད་མེད་གང་། །ཞེས་བྱ་བའི་བར་གྱིས་བསྟན་ནོ། །ཞིང་སྐྱེས་ནི་ཀུན་སྤྱོད་ལས། ཡུལ་འདི་རྣམས་ཀྱི་བུ་མོ་གང་། །དཔའ་བོ་གཉིས་མེད་རྣལ་འབྱོར་མའོ། །ཞེས་ཡུལ་སུམ་ཅུ་སོ་གཉིས་ཀྱི་རྣམས་སོ། །རིགས་སྐྱེས་ནི་ཧེ་བཛྭ་ལས། བུད་མེད་དམ་ནི་སྐྱེས་པ་ཡི། ཞེས་ཁ་དོག་དང་ཕྱག་མཚན་གྱི་རྟགས་སེམས་ཅན་ཐམས་ཅད་ལ་ཡོད་མོད་ཀྱི་རིགས་འདྲེས་པ་དང་མ་འདྲེས་པ་གསུངས་སོ། །ཅི་ལྟར་བསྟེན་པ་ནི་བླ་མ་ཏེ་པུ་པས། རྡོ་རྗེ་འཆང་གིས་གནང་བ་དང་། མཁའ་འགྲོ་ཡིས་གནང་བ་དང་། རང་གི་གནས་སྐབས་རིག་པས། ལྷ་སྔགས་ཏིང་ངེ་འཛིན་གསུམ་དང་ལྡན་པ་དང་། གསང་ཞིང་དམན་པ་མ་གོས་པ་དང་། ཁམས་འཛག་པ་མེད་པ་ཡིན་ནོ་ཞེས་གསུངས་སོ། །བསྟེན་པའི་རྒྱུ་མཚན་ནི། སྤྱན་རས་གཟིགས་ཀྱི་ཞལ་སྔ་ནས། ཇི་ལྟར་རྡོ་སོགས་སྐུད་པ་ལས་བྱས་གོས། །དེ་ཉིད་མེར་བསྲེགས་དག་པར་འགྱུར་བ་བཞིན། །དེ་བཞིན་སྐྱེས་བུའི་ཤེས་རབ་ཡེ་ཤེས་སེམས། །དེ་ཉིད་ཀྱིས་ནི་དག་པར་འགྱུར་བ་ཡིན། །ཞེས་པ་དང་། དངུལ་ཆུའི་དཔེས་འཆིང་བ་བསྟན་ཏོ། །གདམས་ངག་ནི་འདིར་མི་བརྗོད་དོ། །དེ་ཉིད་གསང་བའི་ཚུལ་ནི་འོག་ཏུ་འཆད་དོ། །མདོར་བསྡུས་ན་རང་གཞན་གྱི་རྒྱུད་སྨིན་པར་བྱ་བའི་ཕྱིར་ཏེ། སྐྱེ་བོས་མི་སྨད་ཅིང་མ་དད་པ་མེད་པ་དང་། བསྟན་པ་དང་འགལ་བ་མེད་པ་དང་། མཆོག་གི་སྡོམ་པ་དང་ལྡན་པའོ། །དམ་ཚིག་གི་ཕྱག་རྒྱའི་རིགས་ཀྱང་ཡིན་ཞིང་ཡིད་ཀྱི་ཡུལ་ཡིན་པས་ཆོས་ཀྱི་ཕྱག་རྒྱ་ཡང་ཡིན་པ་དང་། ལས་ཀྱི་བྱེ་བྲག་དུའང་བཤད་པ་ཡིད་སྐྱེས་ནི། དོན་སྔ་མ་དང་མཚུངས་ཀྱང་རྣལ་འབྱོར་ཅན་གྱི་བློའི་ཡུལ་ཡིན་ནོ། །དེ་ཉིད་ཀྱང་། ཡིད་ཀྱིས་ཐམས་ཅད་བསྒྲུབ་པར་བྱ། །ཞེས་ཀུན་ཏུ་སྤྱོད་པ་ལས་བྱུང་ངོ་། །འདི་ཐམས་ཅད་གསང་བར་བྱ་བ་ཡང་། རྒྱུད་རྡོ་རྗེ་ཕྲེང་བ་ལས། ལས་ཀྱི་ཕྱག་རྒྱ་ཉམས་དགའ་བ། །གལ་ཏེ་བྱིས་པའི་སྐྱེ་བོ་དང་། །དེ་དང་ལྷན་ཅིག་དམ་ཚིག་ནི། །མི་བྱ་རྣལ་འབྱོར་ཉམས་པར་འགྱུར། ཞེས་སོ། །ཅི་འདིར་ཕྱག་རྒྱ་དེ་དག་དང་ལྡན་ན་ཚུལ་ཁྲིམས་ཀྱི་སྡོམ་པ་ཉམས་པར་མི་འགྱུར་རམ་ཞེ་ན། འདི་དབྱེ་བ་དང་བཅས་ཏེ་པཎ་ཊི་ཏ་འཇིགས་མེད་གྲགས་པ་དང་། ངག་གི་དབང་ཕྱུག་གྲགས་པ་དང་། དུས་འཁོར་ཞབས་རྣམས་ཀྱིས་གསུངས་པ། འདིར་དགེ་སློང་དང་དགེ་ཚུལ་ལ་དྲང་བ་དང་ངེས་པའི་དབང་སོ་སོའི་རིགས་དེ་དང་ལྷན་ཅིག་སྦྱིན་ཏེ། ཡོངས་སུ་སྨིན་པ་མ་གཏོགས་པ། མངོན་གསུམ་པའི་རྣལ་འབྱོར་མའི་འཁོར་ལོའི་དབང་མི་སྦྱིན་ཏེ། མ་དད་པ་དང་གང་མ་སྦྱངས་པ་དེ་སྡོམ་པའི་ཚུལ་ཁྲིམས་ཉམས་ཤིང་ཉེས་པར་འགྱུར་བའི་ཕྱིར་རོ། །གང་མཆོག་གི་སྐྱེས་བུ་ནི་ཕྱག་རྒྱ་མངོན་གསུམ་པས་ཀྱང་། སྡོམ་པའི་ཚུལ་ཁྲིམས་ཉམས་པ་མེད་དེ་རྨི་ལམ་ལྟར་བསྟན་པའི་དོན་ཤེས་པས་སོ། །གལ་ཏེ་རྨི་ལམ་ལྟར་ཤེས་ཀྱང་ཉམས་སོ་ཞེས་ཁ་ཅིག་སེམས་ན། འདུལ་བར་གང་དགེ་སློང་གིས་སྔར་གྱི་བག་ཆགས་ཀྱིས་རྨི་ལམ་ན་བུད་མེད་དང་ལྷན་ཅིག་པ་རྨིས་ཤིང་། ཐིག་ལེ་ཡང་ལྷུང་བ་ན། སད་པའི་ཚེ་རྨི་ལམ་དུ་རྟོགས་ན་ཉམས་པ་མེད་དོ་ཞེས་གསུངས་པ་དང་། འདིར་བསམ་སྦྱོར་གཞན་དུ་གྱུར་ཅིང་། ཐིག་ལེ་འཛག་པར་ཡང་བྱེད་པ་མ་ཡིན་པས་དགེ་སློང་རྡོ་རྗེ་འཛིན་པ་ཞེས་ངེས་པར་ཁས་བླང་དགོས་སོ་ཞེས་འདིར་རྒྱ་ཆེར་མ་སྤྲོས་སོ། །འདིར་ནི། དེ་བཞིན་འདོད་ལྡན་དང་ནི་དཀའ་ཐུབ་པ། །སད་དང་རྨི་ལམ་ན་ནི་འཛག་པའི་ཕྱིར། །གཉིས་ཀ་ལ་ཡང་མཆོག་གི་བདེ་བ་མེད། །ཅེས་འདིར་འཛག་པ་མེད་པའི་རིམ་པ་གསུམ་གསུངས་སོ། །མཐར་ཐུག་ནི། རྣམ་པ་ཀུན་གྱི་མཆོག་ལྡན་པ། སྟོང་ཉིད་ཤེས་རབ་མཛེས་མ་འདིར། །རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །འདི་ཉིད་མ་བརྟེན་འཚང་མི་རྒྱ། །ཞེས་པ་དང་། དུས་འཁོར་དུ། སེམས་ནི་སྟོང་པར་ཞུགས་པས་རོ་མཉམ་བྱེད་པ་དེ་ནི་འཁྲིག་པ་སྐྱེ་གནས་སུ་ནི་མ་ཡིན་ནོ། །ཞེས་པ་དང་། ལས་ཀྱི་ཕྱག་རྒྱ་རྣམ་པར་སྤངས། །ཡེ་ཤེས་ཕྱག་རྒྱ་རྣམ་བརྟགས་དོར། །ཕྱག་རྒྱ་ཆེན་པོ་ལས་བྱུང་བ། །མཆོག་ཏུ་མི་འགྱུར་བསྟེན་པར་བྱ། ཞེས་པ་དང་། གུར་ལས། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །དེ་ནི་རྣལ་འབྱོར་མར་བརྗོད་དེ། །གང་ཕྱིར་དེ་ཉིད་ལ་འཇུག་པ། །ཕྱག་རྒྱ་ཆེན་པོ་རབ་ཏུ་སྦྱོར། །ཅེས་པ་དང་དགོངས་པ་ལུང་བསྟན་པར། སངས་རྒྱས་ཀུན་གྱིས་གང་བརྟེན་པ། །སར་གྱུར་དེ་ནི་བཅུ་གསུམ་ལ། །དེ་ནི་བུད་མེད་ཅེས་བཤད་དེ། །དེ་བས་ཆོས་དེ་བྷ་ག་ཡིན། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་ཀྱང་། མདོར་ན་ལུས་དང་སེམས་རྣམ་པར་དག་པར་བྱ་བའི་ཕྱིར་ཕྱི་དང་ནང་དང་གསང་བ་དེ་ཁོ་ནའི་བུད་མེད་འཛིན་པ་དེ་ནི་དེ་ལྟར་ཤེས་པར་བྱའོ། །འདི་རྣམས་འཆིང་བྱེད་ཡིན་ཅིང་བཅིང་བྱ་དམ་ཚིག་གི་ཕྱག་རྒྱ་ནི་ཡེ་ཤེས་ཀྱི་དམ་ཚིག་ཡིན་ནོ། །ལས་ཀྱི་རིགས་ཀྱི་དམ་ཚིག་ནི་ཕྲག་དོག་རྣམ་པར་དག་པ་དོན་ཡོད་གྲུབ་པ་འདུ་བྱེད་རྟོགས་པས་སྒོ་ལྔ་ལ་འཇུག་པའི་རྩ་བ་དག་ནས་བྱ་བ་གྲུབ་པའི་ཡེ་ཤེས་སུ་འགྱུར་བར་བྱ་བའི་ཕྱིར་བརྫུན་སྨྲ་བ་སྟེ། དེ་ཡང་མདོ་ལས་ཀྱང་། བདག་དང་སེམས་ཅན་མི་དམིགས་ལ། །འཁོར་བ་ལས་སྒྲོལ་བརྫུན་གྱི་ཚིག །ཞེས་བྱ་བ་དང་། རྨོང་པའི་མུན་པའི་གཉིས་སྤངས་པས། །འཁོར་བ་རྣམས་ནི་དམིགས་པ་མེད། ཞེས་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ་ལྟར་ཐམས་ཅད་བདེན་པ་མེད་པ་ནི་དོན་དམ་པ་ཡིན་ལ། འོན་ཀྱང་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བ་བརྫུན་ཆེན་པོ་སྟེ་དེ་ངེས་པར་བྱ་དགོས་སོ། །དེ་ལ་ཡང་དབྱེ་བ་གསུམ་སྟེ། ཕྱི་རུ་སེམས་ཅན་ལ་ཕན་པའི་ཕྱིར་གཉིས་གའི་དོན་དུ་འགྱུར་བ་ནི་གནས་སྐབས་སུའང་སྨྲ་སྟེ་བརྒྱ་བྱིན་གྱིས་གནོད་སྦྱིན་དུ་སྤྲུལ་པའི་སྐྱེས་རབས་བཞིན་ནོ། །ནང་དུ་ནི་བྱིས་པ་མེས་ཚིག་པ་དབྱུང་བའི་ཕྱིར། ར་དང་རི་དྭགས་དང་གླང་པོ་ཆེའི་ཤིང་རྟ་སྦྱིན་གྱིས་ཚུར་ཤོག་ཅེས་བྲིད་ནས། དུས་གཞན་ན་དེ་ཐམས་ཅད་ལ་གླང་པོ་ཆེའི་ཤིང་རྟ་སྟེར་བ་ལྟར། ཐེག་པ་གསུམ་གྱིས་འཁོར་བ་ནས་བཏོན་ཏེ་མཐར་སངས་རྒྱས་ཀྱི་ཐེག་པ་སྟོན་པ་ཡིན་ནོ། །ཞེས་པད་མ་དཀར་པོ་ལས་གསུངས་པ་ཡིན་ནོ། །དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱིས། སྲིད་པའི་ལམ་ལ་སྐྱོ་རྣམས་ལ། །ངལ་བསོའི་དོན་དུ་ཐེག་པ་ཆེར། །འབྱུང་བའི་ཡེ་ཤེས་གཉིས་པོ་ཡང་། །གསུངས་པ་ཡིན་ཏེ་དོན་དམ་མིན། །ཇི་སྲིད་སངས་རྒྱས་ཀྱིས་མ་བསྐུལ། །དེ་སྲིད་ཡེ་ཤེས་ལུས་དངོས་ཅན། །ཏིང་འཛིན་མྱོས་པས་བརྒྱལ་གྱུར་པས། །ཉན་ཐོས་དེ་དག་གནས་པར་འགྱུར། །བསྐུལ་ན་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་ཆགས་གྱུར་ཅིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་པས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་པ་དང་། རྒྱུད་བླ་མར་ཡང་། སེམས་ཅན་སྲིད་གསུམ་སྐྱོ་བསྐྱེད་ནས། །མྱ་ངན་འདས་ལ་རབ་འཇུག་མཛད། །ཞི་བའི་ལམ་ལ་རབ་ཞུགས་པ། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དེ་དག་སྔར་འཛིན་ལས་བཟློག་སྟེ། །དམ་ཆོས་པད་མ་དཀར་ལ་སོགས། །ཆོས་ཀྱི་དེ་ཉིད་ཡོངས་བསྟན་པས། །ཐབས་དང་ཤེས་རབ་ཡོངས་བཟུང་ནས། །བྱང་ཆུབ་མཆོག་ཏུ་ལུང་སྟོན་ཏེ། །ཞེས་བྱུང་བ་ལྟ་བུ་སྨྲ་བར་བྱའོ། །འོ་ན་ཐེག་པ་གསུམ་གང་ལ་ཞུགས་ཀྱང་བླའོ་སྙམ་དུ་མི་བྱ་སྟེ། མདོ་སྡེ་རྒྱན་ལས། དེ་གཉིས་འཕགས་པའི་ས་ཐོབ་པ། །རང་སེམས་ཀུན་ཏུ་འབྱུང་ལྡན་ཞིང་། །མྱ་ངན་འདས་ལ་མངོན་དགའི་ཕྱིར། རྟོགས་པ་དབུལ་བ་ཡིན་པར་འདོད། ཅེས་སོ་སོ་སྐྱེ་བོ་བས་ཉན་ཐོས་འཕགས་པ་སངས་རྒྱས་བ་འགོར་བར་བཤད་པས་དེ་ལྟ་བུའི་ཚུལ་དཔག་ཏུ་མེད་དེ་ཁོང་དུ་ཆུད་པར་བྱའོ། །དེ་ལས་གསང་བ་དེ་ཁོ་ནར་ནི། དུས་ཀྱི་འཁོར་ལོར། གང་ཞིག་ཞལ་དང་བྲལ་བའི་སྒྲ་དག་སྙིང་ཁར་འཇུག་པར་གྱུར་པ་འདི་ནི་བརྫུན་དུ་སྨྲ་བ་ཉིད་ཡིན་ནོ། །ཞེས་པ་དང་། འགྲེལ་པར་བརྗོད་དུ་མེད་པའི་སྙིང་ཁའི་སྒྲས་སེམས་ཅན་རྣམས་ལ་ཆོས་སྟོན་པ་སྟེ་ཞེས་བྱུང་བས་རླུང་རྣམ་པར་དག་པས་ཡི་གེ་དང་མིང་དང་། ཚིག་དང་། སྒྲ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་ཏིང་ངེ་འཛིན་གྱི་དབང་ཐོབ་པར་བྱ་བ་ཏེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུའི་མཆོག །ཞེས་གསུངས་པ་རྟོགས་ཤིང་ཐོབ་པར་བྱེད་པ་ནི་རྫུན་གྱི་དམ་ཚིག་དང་སྡོམ་པའོ། །མདོར་བསྡུས་ན་བརྗོད་དུ་མེད་པའི་དོན་ལ་བརྗོད་པ་ཐམས་ཅད་ལ་དབང་ཐོབ་པར་བྱེད་ཅིང་རིགས་སྔགས་བླ་ན་མེད་པ་ཐོབ་པ་སྟེ། རྡོ་རྗེ་རྩེ་མོར། གལ་ཏེ་རིགས་ནི་འགྲུབ་འདོད་ན། །བརྫུན་པའི་ཚིག་ཀྱང་སྨྲ་བར་བྱ། ཆོས་ཀུན་དངོས་པོ་མེད་པ་སྟེ། བརྗོད་མེད་ཚིག་གི་སྤྱོད་ཡུལ་མིན། མེད་པ་གང་ཡིན་བརྫུན་ཚིག་ལྡན། རིག་པའི་བཟླས་པ་བདེན་པ་ཡིན། ཞེས་བྱུང་བ་ལྟར་བརྫུན་གྱི་དམ་ཚིག་དེ་ལྟ་བུ་དང་ལྡན་པར་བྱའོ། །གཞན་འཁོར་ལོའི་རིགས་ཀྱི་དམ་ཚིག་ནི་གཏི་མུག་དག་པ་རྣམ་པར་སྣང་མཛད་ཡུལ་གཟུགས་ཀྱི་ཕུང་པོ་རྣམ་པར་སྦྱངས་ནས་ཤིན་ཏུ་དག་པའི་ཆོས་དབྱིངས་སུ་བྱེད་པའི་ཕྱིར། ཤ་ལྔ་དང་ཆང་དང་ཡུལ་ཀུན་བསྟེན་པ་ནི་ཕྱི་ནང་གི་དབང་པོ་དང་ཡུལ་དུ་སྣང་བའི་གཟུང་འཛིན་བཅད་ནས་གཉིས་སུ་མེད་པར་བྱེད་པའི་སྤྱོད་པ་དང་བཅས་པ་སྟེ། གཉིས་མེད་ཡེ་ཤེས་སེམས་ཀྱིས་ནི། །མི་ཟ་པ་ནི་ཅི་ཡང་མེད། །ཅེས་བྱ་བ་རྒྱུད་རྣམས་སུ་བྱུང་ངོ་། །དབྱེ་བ་ནི་ཕྱི་དང་ནང་དང་གསང་བ་གསུམ་སྟེ། དང་པོ་ནི་ཕྱིའི་ཤ་ནི་ཐེག་པ་ཆེན་པོ་ལ་གནས་པས། གྷོ་ཀུ་དྷ་ཧ་ན་སྟེ་ཆེན་པོ་ལྔ་པོ་ནི་ཡུལ་དབུས་ན་ཟ་བའི་དོན་དུ་གསོད་པ་མེད་པས་དམ་ཚིག་གི་རྫས་སུ་རུང་ངོ་། །གཞན་ནི་གནོད་པ་སྡིག་པར་འགྱུར་བས་མི་ཟ་བ་ཉིད་དོ། །དང་པོའི་སངས་རྒྱས་ཀྱི་རྒྱུད་དུ། །ཟ་བ་ཡོད་ན་གསོད་པ་ཡོད། །དེས་ན་ཟ་དག་གསོད་པ་པོ། །གཉིས་ཀས་སྲོག་ནི་གཅོད་པར་གསུངས། །ཞེས་པ་དང་། སྤྱན་རས་གཟིགས་ཀྱི་ཞལ་སྔ་ནས། གང་དུ་གྷོ་ཀུ་ལ་སོགས་པ་ཟ་བ་དེར་རྣལ་འབྱོར་ཅན་གྱིས་མི་བཟའོ། །ཞེས་གསུངས་སོ། །རྒྱལ་མཚན་དང་ནི་མཚོན་བསྣུན་ཉིད། །ལན་བདུན་པ་ཡང་བཟའ་བར་བྱ། །ཞེས་ཧེ་བཛྭ་ལས་ཀྱང་གསུངས་པས་ཟ་བའི་ཕྱིར་བསད་པ་མ་ཡིན་པའི་རང་གི་ལས་ཀྱིས་ཤི་བ་རྣམས་དམ་ཚིག་ཏུ་རུང་ངོ་། །འོ་ན་ཤ་ལྔ་པོ་ཟ་བ་ཅི་ཞེ་ན། ལུས་སྟོབས་བསྒྲུབ་པའི་ཕྱིར་དང་། གཞན་དེ་ལ་ཕན་པར་འགྱུར་བ་དང་། ཤ་ཐམས་ཅད་རོ་མཉམ་པར་བྱ་བའི་དོན་གསུམ་མོ། །དེ་ཡང་ཧེ་བཛྭ་ལས། དེ་ལ་ག་པུར་རྒྱུའི་ཕྱིར། །ཤ་ནི་བཟའ་བ་ཉིད་དུ་བྱ། ཁྱད་པར་དུ་ཡང་ཆང་ཉིད་དོ། །ཞེས་པ་དང་། ཤ་དེ་མཁས་པས་བཟའ་བྱ་བ། །སེམས་ཅན་དེ་དེ་དབང་དུ་འགྱུར། ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་ཆང་ཡང་མྱོས་པར་འགྱུར་བའི་སྐྱོན་མེད་ན་བཏུང་ངོ་། །སྐྱོན་དུ་འགྱུར་ན་མི་རུང་སྟེ། །བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ལས། སུ་ཞིག་ཆང་གིས་མྱོས་གྱུར་པ། །དེ་ལ་གེགས་ནི་མང་པོ་འབྱུང་། །སྔགས་པ་ཆང་གི་རྣམ་གྱུར་པས། །འདོད་ལ་དགའ་ཞིག་འཁྲིག་པར་སྲེད། རྒོད་ཅིང་གླུ་ནི་རྣམ་པར་ལེན། །འཐབ་མོ་ལ་བརྩོན་རྣམ་པར་འཁྲུལ། །སྨོད་ཅིང་ཉམས་པར་བྱེད་པས་ནི། །ངུ་འབོད་གནས་སུ་འགྲོ་བར་འགྱུར། །རྣལ་འབྱོར་མ་རྣམས་ཁྲོས་ནས་ནི། །དེ་ལ་ནད་དང་མྱ་ངན་འཇིག །འཇིགས་པར་བྱེད་པས་རྣམ་གཙེས་ནས། །སྡིག་ཅན་དམྱལ་བར་ཁྲིད་པར་འགྱུར། བདུད་རྩི་དེ་ཉིད་དུག་དེ་ཉིད། །དངོས་གྲུབ་བསྒྲུབ་པས་འབྲས་བུ་མེད། །སྔགས་པས་འདི་དག་སྤང་བར་ནི། །སྔོན་གྱི་སངས་རྒྱས་ཀུན་གྱིས་བཤད། །ཞེས་བྱུང་ངོ་། །བསྟེན་པའི་དོན་ནི་སྔར་བསྟན་པ་བཞིན་ནོ། །གཞན་བདུད་རྩི་ལྔ་ནི་རིགས་ཀྱི་ང་རྒྱལ་གཞོམ་པ་དང་རང་བཞིན་གྱིས་གྲུབ་པའི་སྨན་ཡིན་པས་བསྟེན་པར་བྱའོ། །དེ་ཡང་ཐམས་ཅད་མཉམ་པས་རྩོག་པ་ནི་རྟོག་པ་ཙམ་སྟེ་དོན་ལ་ཐམས་ཅད་གཙང་བ་ཉིད་དོ། །དེ་ལ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་གསང་བ་འདུས་པའི་འགྲེལ་པ་མཐའ་དྲུག་ཆེན་པོར། ཅི་ཁྱེད་བྲམ་ཟེ་རྣམས་གཙང་བར་འདོད་ཅིང་ཁྲག་ལ་སོགས་པ་མི་གཙང་བ་ཁྱེད་རྣམས་ནི་ཕ་མའི་མི་གཙང་བ་ལས་གྲུབ་ཅིང་ལུས་དེའི་བདག་ཉིད་ཡིན་ན་ཁྱད་པར་གང་ཞིག་ཡོད་ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལྟར་གོ་ཡང་བདུད་རྩི་གང་རུང་རུང་དུ་བཟའ་བ་མ་ཡིན་ཏེ། དྲི་མ་མེད་པར་གསུངས་པ། ལས་དང་པོ་པས་གསང་བའི་ཚུལ་གྱིས་མོས་པར་བྱ། རྣལ་འབྱོར་ཐོབ་ནས་དྲི་དང་རོ་དང་མ་དག་པ་བསྒྱུར་ནུས་ནས་བཟའ་བར་བྱ། གཞན་དུ་དྲི་ང་བ་དང་ནད་ལ་སོགས་པར་འགྱུར་ཞིང་གཞན་མ་དད་པ་བྱེད་ན་དམྱལ་བར་འགྲོ་བས་མི་བྱ་ཞེས་བྱུང་ངོ་། །སྒྲ་ཅི་བཞིན་ཀྱང་མ་ཡིན་ཏེ། དྭངས་ཀྱི་བདུད་རྩི་ཡེ་ཤེས་ལྔའོ། །སྙིགས་ཀྱི་བདུད་རྩི་ལུས་ཀྱི་ལྔའོ། །རོ་བཅུད་ཀྱི་བདུད་རྩི་དངུལ་ཆུ་ལྷང་ཚེར་མུ་ཟི་བྷྲི་གྷ་ར་ཙ། འབྲས་བུ་གསུམ་མོ། །རླུང་གི་བདུད་རྩི་རླུང་ལྔའོ། །མིང་གིས་བཏགས་པའི་བདུད་རྩི་ནི། ག་པུར། སི་ལ། ཨ་རུ་ར། གླ་རྩི་ཙན་དན་ནོ། །འདི་རྣམས་གནས་སྐབས་དང་མཐུན་པར་བསྟེན་ནོ། །ལུང་ནི་རྡོ་རྗེ་མཁའ་འགྲོ་དང་། སམ་བྷུ་ཊི་དང་། དུས་འཁོར་དུ་མང་དུ་གསུངས་ཀྱང་མ་བྲིས་སོ། །ནང་དུ་ནི་རྩ་རླུང་བྱང་ཆུབ་ཀྱི་སེམས་ལ་དབང་ཐོབ་པར་བྱ་བའི་ཕྱིར། དབང་པོ་ལྔ་ཡུལ་ལ་མི་འཕྲོ་བ་དང་། ལུས་རིགས་ལྔར་དག་པར་བྱ་བ་དང་། བདེ་བ་ཆེན་པོའི་བཏུང་བ་སྟེ། དུས་ཀྱི་འཁོར་ལོ། བ་གླང་ཁྱི་ལ་སོགས་པ་ཉི་མ་སོ་སོའི་མིག་ལ་སོགས་པ་འཕྲོ་བ་ནམ་ཡང་གཞན་གྱི་ཤ་མ་ཡིན། བདུད་རྩི་ལྔ་རྣམས་བསྟེན་པ་རང་རང་རིགས་ཀྱི་སར་ནི་སོན་པའི་ལྷར་ནི་ལུས་རྣམས་དག་པའོ། །སྲོག་དང་རྩོལ་བའི་མེ་ཡིས་རི་བོང་ཅན་ནི་ཞུ་བའི་བཏུང་བ་ཆང་གི་བཏུང་བའོ། །ཞེས་གསུངས་སོ། །གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་འཕྲེང་བར། བཟའ་བ་རུ་ནི་གང་བཤད་པ། །དེ་ནི་བདུད་རྩི་ལྔ་རུ་བརྗོད། །རླུང་གི་དེ་ཉིད་སྦྱོར་བ་ཡིས། །ཞུ་ན་རོ་གཅིག་སླར་ཡང་ནི། །རྡོ་རྗེའི་ལམ་ལས་སྟེང་སོངས་སྟེ། །གཅིག་ཏུ་གྱུར་པ་བཟའ་བའོ། །ཞེས་བྱུང་བ་ལྟར་གོ་བར་བྱའོ། །གསང་དོན་དེ་ཁོ་ནར་ནི་ཕྱག་རྒྱ་ཆེན་པོ་གཅིག་ཏུ་བྱེད་པ་སྟེ། རྣམ་རྟོག་དང་ནི་ཀུན་རྟོག་གི །དངོས་དང་དངོས་མེད་སོགས་འཁྲུལ་པ། །རྣམ་རྟོག་དྲ་བའི་ས་བོན་ཚོགས། །རྣམ་པར་མི་རྟོག་པ་ཡིས་བཟའ། སྙིང་རྗེའི་སྣོད་ཀྱི་མཆོག་ཏུ་ནི། །ཡེ་ཤེས་ཆེན་པོ་མཉམ་བཞག་ནས། །བཏུང་ཞིང་རྟག་ཏུ་བཏུང་བར་བྱ། །ཕྱག་རྒྱའི་དམ་ཚིག་ཞེས་སུ་བཤད། ཞེས་པ་དང་། དེ་གཞན་དུ་དགོངས་པ་ལུང་སྟོན་པ་ལས་ཀྱང་ཐམས་ཅད་རྒྱ་ཆེར་གསུངས་སོ། །དེ་ལྟར་ཤ་དང་ཆང་བདུད་རྩི་བསྟེན་པར་བྱ་བ་ནི་ངེས་པ་ཡིན་ནོ། །དེ་རྣམས་ཀྱི་གོ་རིམ་བསྟན་པར་འདོད་ནས། དགེ་བསྙེན་དགེ་ཚུལ་དགེ་སློང་དང་། །ཡེ་ཤེས་ཀྱིས་རྒན་རིམ་པ་བཞིན། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །རྣམ་གྲངས་མཁས་པས་ཤེས་པར་བྱ། །ཞེས་སྨོས་ཏེ་འདི་རྣམས་ཀྱང་ཐོག་མར་སོ་སོའི་སྐྱེ་བོ་རྣམས་ཀྱི་ཇི་སྐད་བཤད་པ་ཐོས་ནས་བསྒྲུབ་པར་བྱ་བ་ཡིན་པས། ཆོ་གའི་རིམ་པས་དབྱེ་བ་དང་། བརྡར་བཏགས་པ་ཐེག་པ་ཐུན་མོང་པ་དང་། ལམ་ལ་ཞུགས་ཤིང་འབྲས་བུའི་ཁྱད་པར་དང་འབྲེལ་པའོ། །དང་པོ་ནི་ཐེག་པ་ཆེན་པོ་ལ་མོས་ཤིང་བརཏལ་ཤུགས་ལྔའམ་ཉི་ཤུ་རྩ་ལྔ་འཛིན་པ་ནི་དགེ་བསྙེན་ནོ། །རིགས་ལྔའི་སྡོམ་པ་ཐུན་མོང་པ་འཛིན་པ་ནི་དགེ་ཚུལ་ལོ། །ཁྱད་པར་གྱི་སྡོམ་པ་ནི་དགེ་སློང་སྟེ། དང་པོ་ནི་སྔོན་འགྲོ་ཙམ་མོ། །དེ་ལས་སངས་རྒྱས་ཀྱི་རྣལ་འབྱོར་གྱི་སྡོམ་པ་ལེན་པ་དང་བཅས་ཏེ་བྱ་སྤྱོད་དང་། རྣལ་འབྱོར་དང་། བླ་ན་མེད་པའི་བྱིས་པ་འཇུག་པའི་དབང་བདུན་ཏེ་བུམ་པའི་དབང་ཙམ་ཏུ་འཇུག་ཏུ་རུང་ཞིང་རྒྱུད་ཉན་པ་དང་ལྟ་བ་ལ་དབང་བ་ཡིན་ནོ། །བར་མ་ནི་དབང་གོང་མ་ལ་ཡང་འཇུག་ཏུ་རུང་ངོ་། །གཞན་ལ་སྟོན་པ་དང་ལུང་འབོགས་པ་ནི་ཁྱད་པར་གྱི་སྡོམ་པ་ཐོབ་ནས་བྱ་བ་ཡིན་ནོ། །རྡོ་རྗེ་སློབ་དཔོན་གྱི་དབང་མ་ཐོབ་པས་ལས་ཐམས་ཅད་བྱ་བ་མ་ཡིན་ནོ། །དེ་ཡང་། སྔོན་ལ་སྡོམ་པ་འདི་དག་ནི། །ཅི་ལྟར་འདོད་ཅིང་མོས་པ་རུ། །མཁས་པ་ཡིས་ནི་སྦྱིན་པར་བྱ། །རང་དབང་མེད་པར་མི་སྦྱིན་ཏེ། །གལ་ཏེ་དེ་ནི་དད་ལྡན་གྱུར། །དེ་ལ་སྡོམ་པ་སྦྱིན་པར་བྱ། །སྡོམ་པ་གསུམ་ལ་བཀོད་ནས་་་ནི། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། །ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་དུ་གསུངས་པ་དང་། དུས་ཀྱི་འཁོར་ལོར། དང་པོར་ཆུ་ཡིས་ཀྱང་ནི་དགེ་བསྙེན་ཉིད་དུ་འགྱུར་ལ་བུམ་པ་ཡིས་ནི་དགེ་ཚུལ་ཉིད་དུ་འགྱུར། དགེ་སློང་གསང་བའི་དབང་བསྐུར་དག་གིས་འགྱུར་ལ་གནས་བརྟན་ཞེས་བྱར་གྱུར་པ་གོང་མའི་རྒྱུ་ཡིས་སོ། །ཕྱག་རྒྱ་དར་དཔྱངས་དང་ནི་དབུ་རྒྱན་རྡོ་རྗེ་མཆོད་ཕྱིར་ཐོགས་རྣམས་བླ་མ་མཆོག་གིས་སྦྱིན་པར་བྱ། དེ་རྣམས་སློབ་དཔོན་བྱ་བའི་ཕྱིར་ཏེ་དེ་ཡི་རང་གི་དབང་གིས་ལྷའི་ཕྱག་རྒྱ་རྣམ་པར་དག །ཅེས་གསུངས་པའི་རིམ་པ་ཤེས་པར་བྱའོ། །བརྡར་བཏགས་པ་ནི་ཉན་ཐོས་ཀྱི་ཐེག་པ་ཁོ་ནར་ཞུགས་པའི་དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་ངོ་། །འོན་ཀྱང་དེའི་སྟེང་དུ་སེམས་བསྐྱེད་པ་དང་ལྡན་པས་ཐེག་པ་ཆེན་པོ་ཡིའོ། །དེ་ཡི་སྟེང་དུ་དབང་དེ་རྣམས་ཡོད་པ་ནི་རིག་པ་འཛིན་པ་སྟེ། ཐེག་གསུམ་གཅིག་གཉིས་གསུམ་ལྡན་གྱི། །དགེ་བསྙེན་དགེ་ཚུལ་དགེ་སློང་རྣམས། །ཐམས་ཅད་རྫོགས་པའི་བར་དག་ཏུ། །རིམ་པས་ཡོན་ཏན་ལྡན་པ་ཡིན། འདི་རྣམས་ཀྱི་རྣམ་དབྱེ་བྱང་ཆུབ་སེམས་དཔའི་འགྲེལ་པ་གསུམ་དུ་མང་དུ་གསུངས་ཀྱང་མ་སྤྲོས་སོ། །ལམ་ལ་ཞུགས་པའི་འབྲས་བུ་ཐོབ་པ་དང་སྦྱར་བ་ནི། ཚོགས་སྦྱོར་ལ་གནས་པ་རྣམས་ནི་ཁྱིམ་པ་རྡོ་རྗེ་འཛིན་པའོ། །མ་དག་ས་བདུན་ནི་དགེ་བསྙེན་ནོ། །བརྒྱད་པ་ནི་དགེ་ཚུལ་ལོ། །དགུ་པ་ནི་དགེ་སློང་ངོ་། །བཅུ་པ་ནི་གནས་བརྟན་ནོ། །འོད་ཟེར་ཆེན་པོའི་དབང་གིས་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དེ་ཡང་དུས་ཀྱི་འཁོར་ལོར། དབང་བསྐུར་བདུན་གྱིས་དབང་བསྐུར་བས་ནི་དགེ་བའི་དབང་གིས་ས་བདུན་རྣམས་ཀྱི་དབང་ཕྱུག་ཏུ་འགྱུར་རོ། །སླར་ཡང་ཕྱིར་མི་ལྡོག་ལ་སོགས་པར་བུམ་པ་གསང་བའི་དབང་བསྐུར་བས་ནི་ངེས་པར་འཇུག་པར་འགྱུར། །ཤེས་རབ་ཡེ་ཤེས་དབང་བསྐུར་བས་ནི་སྲིད་པའི་འཇིགས་པ་འཇོམས་པའི་འཇམ་པའི་དབྱངས་ཉིད་ཅེས་བྱའོ། །ཞེས་བྱ་བ་དང་། མཚན་ཡང་དག་པར་བརྗོད་པར། གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེས་ན་སོ་སོའི་སྐྱེ་བོས། བསླབ་པས་རྒན་པ་དང་། ཡོན་ཏན་གྱིས་རྒན་པ་ཤེས་པར་བྱས་ལ་ཚུལ་བཞིན་དུ་བཀུར་བར་བྱའོ། །དེ་ཐམས་ཅད་པས་ཡེ་ཤེས་ཀྱིས་རྒན་པ་མཆོག་ཡིན་ནོ། །འདི་རྣམས་ཚུལ་བཞིན་དུ་མི་སྤྱོད་ན་བསྟན་པ་ལ་སྨད་པར་འགྱུར་བས་བྱང་ཆུབ་འདོད་པས་ལེགས་པར་བསླབ་བོ། །ཚུལ་འདི་མདོ་སྡེ་རྒྱན་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། །རབ་ཏུ་བྱུང་བའི་གོ་རིམ། །བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། །ཁྱིམ་པ་འཁོར་ལོས་བསྒྱུར་རྣམས་སུ། །གྱུར་ནས་སྐྱེ་བ་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་དོན་བྱེད་དོ། །ས་རྣམས་ཀུན་ལ་བློ་ལྡན་གྱི། །རབ་བྱུང་ལེན་པས་ཐོབ་པ་དང་། །ཆོས་ཉིད་ཀྱིས་ནི་ཐོབ་པ་གཞན། །རབ་ཏུ་བྱུང་བ་སྟོན་བྱེད་ཡིན། །རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ཕྱིར་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་དཔའ་ལས་ཁྱད་འཕགས། །ཞེས་གསུངས་སོ། །རྡོ་རྗེ་ཐེག་པའི་སྡོམ་པ་དང་བརཏལ་ཤུགས་རྣམ་པར་བཞག་པ་བསྟན་པ་གོ་རིམ་དང་བཅས་པའོ། །ད་ནི་དེ་ལྟར་ཐོབ་པ་ལ་ལྟུང་བའི་ཚུལ་རྣམ་པར་དབྱེ་བ་བཤད་པར་འདོད་ནས། དེ་ལ་རྣམ་དབྱེ་དམ་ཚིག་ནི། །རྩ་ལྟུང་བཅུ་བཞི་ཡན་ལག་བརྒྱད། །གཞན་ཡང་དམ་ཙིག་བཅོ་ལྔ་དང་། །ཡན་ལག་རྣམ་གྲངས་བཅས་པའོ། །ཞེས་མདོར་བསྟན་པ་སྟེ། འདི་རྣམས་རྒྱུད་ཐམས་ཅད་དུ་གསུངས་ཤིང་སློབ་དཔོན་བྷ་བའི་ལྷས་ཉེ་བར་བསྡུས་པ་བཞིན་དུ་བཤད་པར་བྱའོ། །དེ་ལ་རྩ་བ་བཅུ་བཞི་ནི། བླ་མ་དམ་པ་མི་བརྙས་དང་། །རྒྱལ་བའི་བཀའ་ལས་མི་འདའ་ཞིང་། །རྡོ་རྗེ་སྤུན་ལ་ཁྲོ་མི་བྱ། །སེམས་ཅན་རྣམས་ལ་བྱམས་མི་སྤང་། །བྱང་ཆུབ་སེམས་ནི་ཉམས་མི་བྱ། །རང་གཞན་གྲུབ་མཐའ་ལ་ནི་སྨད། །གསང་བ་མ་སྨིན་ལ་མི་བསྒྲག །ཕུང་པོ་ཁམས་སོགས་མི་བརྙས་དང་། །དག་པའི་ཆོས་ལ་སོམ་ཉི་སྤང་། །གདུག་ལ་རྟག་ཏུ་བྱམས་ལྡན་མིན། །མིང་བྲལ་སྟོན་ལ་སྒྲོ་འདོགས་སྤང་། །དད་ལྡན་སེམས་ཅན་སུན་མི་དབྱུང་། །དམ་ཚིག་རྙེད་པ་སྤང་མི་བྱ། །ཤེས་རབ་བུད་མེད་མ་སྨད་པའོ། །ཉོན་མོངས་དྲག་པོ་ལ་བརྟེན་ནས། །འདིར་འགལ་རྩ་ལྟུང་ཞེས་བརྗོད་དོ། །ཞེས་བྱ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཆོ་ག་ཉི་ཤུ་པར་གསུངས་པ་ལྟར་མདོར་བརྗོད་ནས། དེའི་རྒྱས་པར་བཤད་པ་ནི་སློབ་དཔོན་འཇམ་དཔལ་གྲགས་པས། རྩ་བ་ནི་རྒྱུའི་མཚན་ཉིད་དེ་དེ་ཆད་ན་འབྲས་བུ་ལྟུང་བའི་མཚན་ཉིད་དོ། །བཅུ་བཞི་ནི་རྣམ་པར་དབྱེ་བ་ཡིན་ལ། ཡང་ན་ཡན་ལག་བརྒྱད། གཞན་བཅོ་ལྔ་དང་། ཡན་ལག་བདུན་དང་། རིགས་ལྔ་དང་། སྤྱིའི་སྡོམ་པའི་ཡན་ལག་སྟེ་ཉི་ཤུ་རྩ་བརྒྱད། གཞན་ཡང་གསང་བ་ཆེན་པོའི་གཞུང་ལས་འབུམ་སྡེར་གསུངས་པ་ཐམས་ཅད་ཀྱི་གཞིར་གྱུར་པས་ན་རྩ་བའོ། །དེ་ལ་ཉམས་ན་ནི་ལྟུང་བ་སྟེ། དེའི་ཕྱིར་གསང་སྔགས་ཐབས་ལ་བརྟེན་པ་ཁོ་ནའོ་ཞེས་གསུངས་སོ། །དེ་ལ་ཐོག་མར་རྩ་བ་བླ་མ་ལ་རག་ལས་པས་བླ་མ་དང་འབྲེལ་བ་བརྗོད་དེ། སློབ་དཔོན་དཔའ་བོས། །གང་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །ཅེས་གསུངས་པས། སློབ་དཔོན་ནི་སྔར་བསྟན་པ་ལྟ་བུ་ལ་སློབ་མས་དབང་བསྐུར་བ་དང་། རྒྱུད་བཤད་པ་དང་གདམ་ངག་ནོད་པར་བྱས་པ་ནི་གསུམ་ལྡན་ནོ། །དེ་བཞིན་དུ་གཉིས་ཐོབ་པ་་་དང་། གཅིག་ཐོབ་པ་སྟེ་དབྱེ་བ་གསུམ་མོ། །དེ་ལས་སངས་རྒྱས་ཀྱི་གསུང་ཐོབ་པ་ནི་སངས་རྒྱས་ཀྱི་དོན་བྱེད་པ་ཡིན་ལ། མཆོག་གི་དངོས་གྲུབ་སངས་རྒྱས་ཉིད། ཐུན་མོང་ལས་བཞི་གྲུབ་པ་བརྒྱད་ལས་སོགས་པའི་དངོས་གྲུབ་ནི་དེ་ལ་རག་ལས་པའི་ཕྱིར་དེ་ལ་བརྙས་ན་ལྟུང་བའོ། །དེའི་དབྱེ་བ་ནི་ཡུལ་དང་། བསམ་སྦྱོར་དང་། དེ་ལ་ལྟོས་པའི་ལྕི་ཡང་གི་རྣམ་པ་རིག་པར་བྱ་སྟེ། དང་པོ་ནི་དམ་ཚིག་བཀོད་པ་རྒྱལ་པོའི་རྒྱུད་ལས། མཚན་ཉིད་ལྡན་པའི་སློབ་མ་ལ། །སློབ་དཔོན་དེ་ཉིད་བཅུ་ཤེས་པས། །དབང་ནི་གསུམ་གྱིས་རྫོགས་བྱས་ཏེ། །མན་ངག་དམ་པའི་སྣོད་ཡིན་ནོ། །གསང་སྔགས་རྒྱུད་ཀུན་དེ་ནས་སྦྱིན། །ལས་ཀྱི་སྦྱོར་བ་སྦྱིན་པར་བྱ། །གལ་ཏེ་གཅིག་ལ་གསུམ་རྫོགས་ན། །དེ་ནི་ཤིན་ཏུ་ལྕི་བ་སྟེ། །གཉིས་ལ་སོགས་སྟེ་གཅིག་མཐར་ཐུག །འདི་ནི་དམ་ཚིག་སྦྱོར་བའོ། །ཞེས་གསུངས་སོ། །དེ་ལྟར་བླ་མ་དང་སློབ་མའི་འབྲེལ་བ་ཐོབ་ནས། བསམ་པ་དང་སྦྱོར་བའི་དབང་གིས་ཉེས་པ་ལྕི་ཡང་དགུར་འགྱུར་ཏེ། གཅིག་གཉིས་གསུམ་དང་ལྡན་པའི་དབྱེ་བས་ཉི་ཤུ་རྩ་བདུན་ནོ། །དེ་ཡང་རྡོ་རྗེ་ཐིག་ལེ་འབྱུང་པའི་རྒྱུད་ལས། བླ་མ་ལ་ནི་དགུར་ཤེས་བྱ། །ལྟུང་བའི་མཚན་ཉིད་ཤེས་བྱ་སྟེ། །ལུས་ཀྱིས་མ་སྤྱད་ཆུང་བ་སྟེ། །ཟིན་ཀྱང་མ་ཤེས་འབྲིང་དུ་བཤད། །ཟིན་ཅིང་མ་བཤགས་ཆེན་པོ་ཡིན། །ངག་གི་སྦྱོར་བའི་རྣམ་པ་ཡང་། །མ་བརྟགས་འཁྲུལ་ན་ཆུང་བ་སྟེ། །བརྟགས་བྱས་ཉེས་པ་འབྲིང་དུ་བཤད། །ཚད་འདས་ཆེན་པོའི་སྦྱོར་བའོ། །རྣལ་འབྱོར་སེམས་ཀྱི་མཚན་ཉིད་ནི། །ཤིན་ཏུ་ལྕི་བའི་རིམ་པ་ཡིན། །སེམས་ཀྱི་ལས་གསུམ་བརྟག་པར་བྱ། །ཞེས་བྱུང་བས་ལུས་དང་ངག་དང་ཡིད་ཀྱི་དབྱེ་བས་གསུམ་པོ་ལ། སྦྱོར་བ་དང་དངོས་གཞི་རྗེས་རྫོགས་མ་རྫོགས་ལ་དབྱེ་བ་དུ་མར་འགྱུར་རོ། །དེ་བཞིན་དུ་དབང་གི་དབྱེ་བས་ཀྱང་ལྕི་ཡང་དུ་གསུངས་ཏེ། བུམ་པ་གསང་བ་ཤེས་རབ་དང་། །བཞི་པའི་རིམ་པ་ཤེས་པར་བྱ། །ཞེས་རྒྱུད་ལས་བྱུང་ཞིང་རྒྱུད་ཐོས་པ་དང་མན་ངག་ཀྱང་རིམ་པ་དེ་ཉིད་དུ་འགྱུར་བས་མང་དུ་འགྱུར་རོ། །དེས་ན་ལྕི་ཡང་གི་དབྱེ་བ་བརྗོད་དེ། ཕམ་པ་ལྟ་བུ་དང་། ལྟུང་བ་ཉིད་དང་། སྦོམ་པོ་དང་། ཉེས་བྱས་དང་། ཉེས་མེད་སྣང་བ་སྟེ་ལྔའོ། །དང་པོ་གཉིས་ཀྱི་དབྱེ་བ་དང་བཅས་སྟེ། དེའི་མཚན་ཉིད་བརྗོད་པ་ནི། འཇམ་དཔལ་གྲགས་པས། གསུམ་གཅིག་ལ་ལྡན་པ་ལ་སྦྱོར་བ་བདུན་དང་ལྡན་ན་ལྟུང་བ་སྟེ། ཉོན་མོངས་པས་ཀུན་ནས་བསླང་བའི་བསམ་པ་དང་། དེ་ལ་དེར་ཤེས་པ་དང་། ལུས་ངག་གི་སྦྱོར་བ་བསྟན་པ་དང་། འཚོ་བ་ཕྲལ་བ་དང་། ཤེས་ཤིང་འགྱོད་པ་མེད་པ་དང་། དེ་ལ་ཡིད་རང་བ་དང་། བདག་ཉིད་མ་འཁྲུལ་བའོ། །དེ་ལྟར་བདུན་པོའི་དངོས་གཞི་འཚོ་བ་དང་བྲལ་ནས་དུས་འདས་ཤིང་མ་བཤགས་པ་ནི་ཕན་པ་སྟེ་ཚད་ལས་འདས་པའོ། །འོག་ནས་འབྱུང་བའི་བཤགས་པ་བྱས་ན་ལྟུང་བའོ། །འཚོ་བ་དང་མ་བྲལ་བའི་བསམ་སྦྱོར་དང་པོ་གསུམ་དང་ལྡན་ན་སྦོམ་པོའོ། །ཡན་ལག་གཞན་དྲུག་མེད་པའི་ལུས་སམ་ངག་གི་སྦྱོར་བ་ཙམ་ནི་ཉེས་བྱས་སོ། །ཞེས་གསུངས་སོ། །ཡང་ཅིའི་ཕྱིར་འདིར་ཉན་ཐོས་དང་མཐུན་པར་ཕམ་པ་བཤད་ཅེ་ན། ལོག་སྲེད་ཅན་ཚུལ་མ་ཡིན་པ་ལ་ཞུགས་ནས་མི་བཤགས་པ་དང་། ཕྱི་རོལ་གྱི་ཆོས་ལ་ཞུགས་ནས་རྒྱབ་ཀྱིས་ཕྱོགས་པ་སྟེ། དེ་ནི་ངེས་པར་རྡོ་རྗེའི་དམྱལ་བ་མྱོང་བ་ཡིན་ནོ་ཞེས་བྱུང་ངོ་། །དེའི་ངེས་པ་ཡང་རྣལ་འབྱོར་གྱི་རྒྱུད་དུ་མ་ནས། འདི་ནི་མ་བྱོན་རྫོགས་སངས་རྒྱས། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཚུལ་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་ཐོབ་གྱུར་ཏེ། རིམས་དང་དུག་དང་དབྱིག་དུག་དང་། །མཁའ་འགྲོ་རྣམས་ཀྱིས་འཚེ་བ་དང་། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྟུང་། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་བཅོམ་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །ཞེས་པ་དང་། རྒྱུད་བླ་མའི་འགྲེལ་པར་ཆོས་ལ་སྡང་བ་ཉིད་ལོག་སྲེད་ཅན་གྱི་རྒྱུ་ཡིན་པའི་ཕྱིར། ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ལས་ཅན་ཞེས་གསུངས་པ་ཡིན་ནོ་ཞེས་བཤད་དོ། །བླ་མའི་ཡོན་ཏན་བཟུང་བའི་རྒྱུད་ལས་ཀྱང་། བླ་མ་ལ་ཁྲོས་སྐད་ཅིག་གྲངས། །བསྐལ་པར་བསགས་པའི་དགེ་བཅོམ་ནས། །དེ་སྙེད་བསྐལ་པར་དམྱལ་སོགས་ཀྱིས། །སྡུག་བསྔལ་ཚོར་བ་དྲག་པོ་བསྐྱེད། །ཅེས་བྱུང་བས་ཕམ་པ་དང་འདྲ་བར་བཞག་པ་ཡིན་ནོ། །གཞན་དག་གི་ཉེས་པའི་རིམ་པ་བཤགས་པའི་ཚུལ་འོག་ཏུ་འཆད་དོ། །གཞན་ཡང་ལྟུང་བ་བཅུ་བཞི་པོ་ཐམས་ཅད་སྦྱར་ཏེ་བླ་མའི་དམ་ཚིག་གི་དབྱེ་བ་བླ་མའི་ཡོན་ཏན་ཡོངས་བཟུང་ལས་གསུངས་པ་དང་། འཇམ་དཔལ་གྲགས་པས་ཀྱང་ལུང་དེ་ཉིད་བཤད་པ་རྣམས་འདིར་ཡི་གེས་འཇིགས་པས་མ་སྤྲོས་སོ། །འདིའི་ཉེས་བྱས་ཕྲ་མོ་ནི་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། སེམས་དཔའ་ཆེན་པོ་གཞན་ཡང་ཉོན། །གལ་ཏེ་དྲན་པ་ཉམས་གྱུར་ཅིང་། །ཆང་ལ་སོགས་པས་མྱོས་གྱུར་ཏེ། སེམས་ནི་གཉིད་ཀྱིས་ནོན་གྱུར་ན། །དེ་དག་བྱུང་ཡང་ཉམས་མི་འགྱུར། །དྲན་པ་རྙེད་དེ་བཤགས་པ་བྱ། ཞེས་སོ། །གཞན་ཕྲ་མོའི་ལྟུང་བ་མང་པོ་ཐམས་ཅད་ལ་ཡང་། སྐྱེ་བ་མེད་པར་རྟོགས་པ་དང་། གཞན་གྱི་དོན་དུ་འགྱུར་བ་མཐོང་བ་དང་། བར་ཆད་དུ་འགྲོ་བ་དང་། གནང་བ་ཐོབ་པ་དང་། ན་ཞིང་མི་ནུས་པ་ལ་ཉེས་པ་མེད་པར་གསུངས་སོ། །སངས་རྒྱས་དང་བླ་མ་དབྱེར་མེད་པའི་ཕྱིར་སངས་རྒྱས་ཀྱི་དམ་ཚིག་རིགས་ཀྱི་སྡོམ་པ་་་་་་་། །ཐམས་ཅད་ཀྱི་རྟེན་ཡིན་པས་ཐོག་མར་སྨོས་སོ། །རིགས་ལྔ་ལས་རྡོ་རྗེའི་དམ་ཚིག་ལ་ཁྱད་པར་དུ་བཤད་དོ། །ལྟུང་བ་དང་པོའོ།། །།དེ་ནས་གཉིས་པ་ནི་རྒྱལ་བའི་བཀའ་ལས་འདས་ན་ལྟུང་བར་འགྱུར་བས་མི་འདའ་བར་བྱ་སྟེ་དེའང་། བདེར་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །ཅེས་བྱུང་བས་དེ་ཡང་སངས་རྒྱས་དེ་བདེ་བ་ཆེན་པོར་ཐབས་དང་ཤེས་རབ་ཀྱི་སྦྱོར་བས་མཐར་ཐུག་པར་གཤེགས་པས་ན་བདེ་བར་གཤེགས་པའོ། །དེ་དང་མཚུངས་པ་ནི་ཡང་དག་པའི་བླ་མའོ། །དེ་ལྟར་ཡང་། མ་འོངས་ཐ་མའི་དུས་སུ་ནི། །ང་ནི་བྱིས་པའི་གཟུགས་དང་ནི། །སྣ་ཚོགས་ཐབས་ཀྱི་གཟུགས་སུ་སྟོན། །ཞེས་སྟོང་ཕྲག་བཅུ་གཉིས་པར་གསུངས་པ་དང་། ཇི་ལྟར་ཆུའི་སྣོད་ཆག་ན། ཟླ་བའི་གཟུགས་བརྙན་མི་སྣང་བཞིན། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་་ཀྱང་མི་སྣང་ངོ་། །ཞེས་མདོ་སྡེ་རྒྱན་དུ་བྱུང་བས། དེ་ལྟར་སངས་རྒྱས་དང་བླ་མའི་བཀའ་དེ་ལས་འདས་ན་རྩ་བའི་ལྟུང་བའོ། །དེ་ལ་ཅི་ཙམ་གྱིས་འདས་པར་འགྱུར་ཞེ་ན། སློབ་དཔོན་འཇམ་དཔལ་གྲགས་པ་འདི་ལ་ཕམ་པ་མེད་པར་བཞེད་ཀྱང་དང་པོ་དང་ཚུལ་མཚུངས་པས། དང་པོ་ཕམ་པ་དང་འདྲ་བ་ནི་ཐེག་པ་མཆོག་གི་ཆོས་སྤོང་བ་སྟེ། རྡོ་རྗེ་གྱུར་པ་རབ་གནས་ཀྱི་རྒྱུད་ལས། ཡང་དག་དོན་ལ་མི་ཆགས་ཤིང་། །ལོག་པའི་དོན་ལ་མངོན་དགའ་བ། །བདེར་གཤེགས་བཀའ་ལས་འདས་པ་ཡིན། ས་གཞི་ལྕགས་འདྲའི་མནར་མེད་སྐྱེ། ཞེས་པ་དང་། སྡུད་པ་ལས། སྔོན་སྤྱོད་ཚེ་ན་སངས་རྒྱས་ཁྲག་ཁྲིག་བཀུར་བྱས་ཀྱང་། །རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་ལ་མ་དད་ན། །ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །ཞེས་བྱུང་ངོ་། །དེ་བཞིན་དུ་རྒྱས་འབྲིང་གཉིས་ཀ་དང་རྒྱ་ཆེར་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པའི་མདོར་གསུངས་སོ། །དེ་དང་ཕྱོགས་མཐུན་པའི་སྦོམ་པོ་ནི། ཉོན་མོངས་པས་ཚིག་བཞིན་སྒྲ་ལ་ཞེན་ནས་གཞན་ལ་ཞེ་སྡང་བས་གནས་པ་སྟེ། རྡོ་རྗེ་འཁོར་ལོའི་རྒྱུད་ལས། གང་ཞིག་གང་ལ་མངོན་ཞེན་པ། །དེ་ལ་བདེན་པའི་དོན་མི་གནས། །དེ་ཕྱིར་གཟུགས་་སོགས་ཞེན་མི་བྱ། འདོད་ཆགས་ཞེ་སྡང་ལམ་དག་གིས། །ཚིག་ཙམ་ལ་ནི་ཆགས་མི་བྱ། །ཆགས་ན་བདེར་གཤེགས་བཀའ་ལས་འདས། །ཞེས་པ་དང་། འོ་ན་བདེན་མེད་དུ་བལྟའམ་ཞེ་ན་དེ་ཡང་མ་ཡིན་ཏེ། འོད་སྲུངས་གང་ཟག་དུ་ལྟ་བ་རི་རབ་ཙམ་ལ་གནས་པ་སླ་ཡི་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ལྟ་བ་ཐམས་ཅད་ལས་འབྱུང་བར་བྱེད་པ་སྟོང་པ་ཉིད་ཡིན་ན་དེ་ཁོ་ན་ལ་ལྟ་བ་ནི་གསོར་མི་རུང་བའོ་ཞེས་བྱུང་་་ངོ་། །སྟོང་པ་དང་མཚན་མ་དང་ཟབ་པའི་ཐབས་ལ་སོགས་པའི་སྒྲ་ཐམས་ཅད་ལ་ཞེན་པར་མི་བྱ་སྟེ། རྟོག་པ་ཞི་བའི་རྒྱུད་ལས། སྟོང་པ་ཉིད་དུ་མི་ལྟ་ཞིང་། །མཚན་མ་དག་ཏུའང་བལྟ་མི་བྱ། །ཟབ་པའི་སྒྲ་ལ་མི་ཞེན་ཅིང་། །རྩ་དང་དབུགས་ཀྱི་སྐོར་བཟློག་ཀྱང་། །དངོས་པོ་ཡིན་ཏེ་ཞེན་མི་བྱ། །གང་ཞིག་མངོན་པར་ཞེན་པ་ན། །བདེར་གཤེགས་བཀའ་ལས་འདས་པའོ། །ཞེས་བྱུང་ངོ་། །ཉེས་བྱས་ནི་སྒྲོ་བསྐུར་གྱི་མཐའ་ཐམས་ཅད་དོ། །ཉེས་མེད་སྣང་བ་ནི་གཞན་གྱི་མངོན་ཞེན་བཟློག་པའི་ཕྱིར་བརྗོད་པ་དང་། མ་རྟོགས་ཏེ་འདྲི་བ་དང་། གྲུབ་པའི་མཐའ་ལས་བྱུང་བ་འདི་སྐད་ཀྱང་བཤད་དོ་ཞེས་བརྗོད་པ་རྣམས་ཡིན་ནོ། །ལུང་དཔག་ཏུ་མེད་ཀྱི་མ་བྲིས་སོ། །ཚུལ་དེ་ལྟར་ན། གང་ཟག་དང་ཚིག་དང་ཡི་གེ་དང་སྒྲ་ཅི་བཞིན་དུ་རྟོག་པ་སྤངས་ལ། ཆོས་ཉིད་དང་དོན་དང་ཡེ་ཤེས་དང་སྒྲ་ཅི་བཞིན་མ་ཡིན་པ་ལ་རྟེན་པ་བཞིན་བཅོམ་ལྡན་འདས་ཀྱིས་གསུངས་པ་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་མ་ཡིན་ན་ལྟུང་བར་འགྱུར་རོ། །དེ་ལ་བརྟེན་ནས་འདིར་ཅུང་ཟད་བཤད་པ། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡིས་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་ཐམས་ཅད་མཁྱེན་པས་གསུངས་པ་ནི། བཀའ་ཐམས་ཅད་ནི་འདི་ལྟ་སྟེ། དད་དང་དགའ་དང་དགེ་རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་སྟེ། །དོན་རྣམས་གཉིས་ལྡན་བཟུང་སླ་དང་། །ཡོན་ཏན་བཞི་ལྡན་ཚངས་སྤྱོད་སྟོན། །ཞེས་བྱ་བ་ཡིན་ནོ། །དོན་གཉིས་ནི་རང་ངམ་གཞན་ནམ་གནས་སྐབས་དང་མཐར་ཐུག་གི་དོན་དང་ལྡན་པ་དང་། སེམས་ཅན་ལ་བཟུང་བར་སླ་བ་ནི་བློ་བཞིན་དུ་སྟོན་པ་དང་། ཡོན་ཏན་བཞི་དང་ལྡན་པ་ནི། གཞན་དང་ཐུན་མོང་མ་ཡིན་ལྡན་པ་དང་། ཁམས་གསུམ་ཉོན་མོང་རྣམས་སྤོང་རྫོགས་བྱེད་དང་། ངོ་བོ་ཉིད་དག་དྲི་མས་དག་པ་སྟེ། ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཡིན་པར་འདོད། ཅེས་བྱུང་ངོ་། །དེས་ན་དོན་དེ་དང་མི་མཐུན་པ་སེལ་བའི་ཕྱིར། དགོངས་པ་ཅན་བཞི། སྡེམ་དགོངས་བཞི་དང་བརྒྱད་སྟེ། གཞུག་པ་ལྡེམ་པོར་དགོངས་པ་དང་། མཚན་ཉིད་ལྡེམ་པོར་དགོངས་པ་དང་། གཉེན་པོ་ལྡེམ་པོར་དགོངས་པ་དང་། སྒྱུར་བ་ལྡེམ་པོར་དགོང་པ་གཞན། ཞེས་པས་དང་པོ་ནི་བློ་དང་ལྡན་པ་ཐེག་དམན་དུ་ཞུགས་ན་དེ་བཟློག་པའི་ཕྱིར་ཉན་ཐོས་ནི་གཏན་གྱི་གེགས་ཡིན་གྱིས་བློ་ཏེ་བཟློག་ཅིག་ཞེས་བྱ་བ་དང་། གཞན་དཔག་ཏུ་མེད་པའི་བློ་དང་ཡོན་ཏན་དང་བསྐལ་པ་དུ་མའི་སྡུག་བསྔལ་ལ་སྐྲག་པའི་བློ་ཆུང་བ་ལ། རང་གཅིག་པུས་ཐར་པ་ཐོབ་པར་བསྟན་ནས། ཡང་པད་མ་དཀར་པོར་བསྟན་པའི་ཚུལ་གྱིས་སྟོན་ཅིང་འཇུག་པའོ། །གཉིས་པ་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཡིན་པས་མིག་མེད་ཅེས་བྱ་བ་ལ་སོགས་པའོ། །གསུམ་པ་ནི་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་དང་། ལྷ་མོའི་རྣམ་པའི་བདེ་བ་ལྟ་བུ་དང་བཅས་པ་བསྒོམ་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་དང་ཁྲོ་བོའི་ལྟ་བས་གསད་པ་བསྟན་པ་དང་། གཏི་མུག་གི་གཉེན་པོར་ཕུང་པོ་ལ་སོགས་པ་དང་དེའི་དྲི་མ་དང་ཡེ་ཤེས་རྣམས་བསྟན་པ་ལྟ་བུའོ། །བཞི་པ་ནི་སྒྲ་བསྒྱུར་ཏེ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱོས། ཞེས་པ་ལ་སོགས་པ་དང་། ཕ་དང་མ་ནི་བསད་པར་བྱ་ཞེས་མ་རིག་པ་ལ་མ་དང་། དགའ་བའི་འདོད་ཆགས་ལ་ཕ་ཞེས་བཏགས་ཏེ་སེམས་ཅན་གྱི་ཕ་མ་ནི་དེ་ཡིན་པས་བསད་ན་བྱང་ཆུབ་ཐོབ་པར་བསྟན་པ་ལྟ་བུ་ཡིན་ནོ། །དེ་ཡང་ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་འདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོས་པ་འདི་རྣམ་བཞི། །ཞེས་སོ། །ཡང་དགོངས་པ་གཞན་བཞི་ནི། མཉམ་པ་ཉིད་དང་དོན་གཞན་དང་། །དེ་བཞིན་དུ་ནི་དུས་གཞན་དང་། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། དང་པོ་ནི་སངས་རྒྱས་ཐམས་ཅད་དག་པ་དང་ཐོབ་པ་དང་ཕྲིན་ལས་མཉམ་པས་ཐམས་ཅད་གཅིག་ཡིན་པར་བཤད་པ་དང་། དོན་གཞན་ནི་ཉན་ཐོས་ནི་ཞི་བའི་འབྲས་བུ་ཐོབ་པ་མ་ཡིན་ཞེས་སངས་རྒྱས་ཉིད་ཞི་བར་དགོངས་པ་ལྟ་བུ་དང་། དུས་གཞན་ནི་མ་ཎི་ལན་གཅིག་བགྲངས་བས་བདེ་བ་ཅན་དུ་འགྲོ་ཞེས་བྱ་བ་དང་ཐུབ་པ་ཉིད་ཀྱི་མཚན་ཐོས་པས་ཕྱིར་མི་ལྡོག་པ་ཐོབ་ཅེས་རྒྱུ་ལ་དགོངས་པ་དང་། གང་ཟག་གི་བསམ་པ་ནི་ཐ་དད་པ་ཐམས་ཅད་ལ་དེ་དང་མཐུན་པའི་གཉེན་པོའི་ཆོས་སྟོན་པ་སྟེ། འདི་རྣམས་ནི་བྱམས་པས་གསུངས་པ་ཡིན་ནོ། །ཁྱད་པར་དུ་སྔགས་ཀྱི་ཚུལ་ལ་ཡང་མཐའ་དྲུག་དང་ཚུལ་བཞིས་རྟོགས་པར་བྱ་སྟེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་གསུངས་པ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་འོད་གསལ་བ་ལས་བྱུང་བའི་རྣམ་པར་ཤེས་པ་དེ་ཉིད། སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། ཞེས་བྱ་བ་ལ་སོགས་པས་རྟེན་དང་བརྟེན་པ་དང་ཐབས་དང་ཤེས་རབ་ཀྱི་གཞི་ལམ་མཐར་ཐུག་པ་གསུངས་པ་རྣམས་ནི་མཐར་ཐུག་གི་བཤད་པ་ཡིན་ནོ། །སྤྱིའི་དོན་ནི་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་དང་། ཉན་ཐོས་ལ་སོགས་པ་རྣམས་དང་ཡང་མི་འགལ་བར་ཐེག་པ་སྤྱིའི་དོན་དང་མཐུན་པར་བསྟན་པའོ། །བྱང་ཆུབ་ཀྱི་སེམས་འོད་གསལ་བ་སྟོང་པ་ཉིད་གསུམ་དང་དབྱེ་བ་མེད་པར་རྟོགས་པ་མཐར་ཕྱིན་པ་དང་མཐུན་པར་གསུངས་པ་ནི་སྦས་པའི་བཤད་པའོ། །ངག་དང་ཚིག་གི་ལམ་རེ་རེ་བཞིན་གསུངས་པ་ནི་ཡི་གེའི་བཤད་པ་ཡིན་ནོ། །ཡང་བྱམས་པས་ཞུས་ནས། བཀའ་རྩལ་པ། དགོངས་པས་བཤད་པ་དང་། དགོངས་པ་མ་ཡིན་པ་དང་། དྲང་བའི་དོན་དང་། ངེས་པའི་དོན་དང་། སྒྲ་ཅི་བཞིན་པ་དང་། ཅི་བཞིན་མ་ཡིན་པ་རྣམས་ནི། འདི་ལྟ་སྟེ། འདོད་ཆགས་མ་ཡིན་པ་དང་། འདོད་ཆགས་དང་བྲལ་བ་མ་ཡིན་པ་དང་། བར་མ་ཉེ་བར་མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི་དགོངས་པས་བཤད་པའོ། །ལུས་དང་ངག་དང་ཡིད་མེད་པ་དང་། བདག་མེད་པ་དང་། ཐམས་ཅད་སྟོང་པ་དང་དག་པ་དང་འོད་གསལ་བ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེའི་ཚིག་རྣམས་ནི་དགོངས་པ་མ་ཡིན་པས་བཤད་པའོ། །ག་པུར་དང་། སི་ལ་དང་། ཙན་དན་དམར་པོ་དང་། རྡོ་རྗེ་དང་པད་མ་དང་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེའི་ཚིག་རྣམས་ནི་དྲང་བའི་དོན་ནོ། །ག་པུར་ནི་ཁུ་བ་དང་། སི་ལ་ནི་ཁྲག་དང་། ཙན་དན་དམར་པོ་ནི་ཤ་ཆེན་པོ་དང་། རྡོ་རྗེ་ནི་མཚན་མ་སྟེ་ཐབས་དང་། པད་མ་ནི་བྷ་ག་སྟེ་ཤེས་རབ་དང་། ཕྱག་རྒྱ་ནི་བཙུན་མོ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེའི་ཚིག་རྣམས་ནི་ངེས་པའི་དོན་ཏོ། །བྱ་སྤྱོད་དང་གཉིས་ཀའི་རྒྱུད་རྣམས་སུ་དོན་གསལ་བར་གསུངས་པའི། དཀྱིལ་འཁོར་དང་མཆོད་སྦྱིན་དང་གཏོར་མ་དང་། སྨན་དང་ཞི་བ་ལ་སོགས་པའི་ལས་ཚོགས་རྣམས་དང་། འཇིག་རྟེན་གྱི་དངོས་གྲུབ་བརྒྱད་གསུངས་པ་རྣམས་ནི་སྒྲ་ཅི་བཞིན་པ་སྟེ། དེ་ནི་ཡི་གེའི་དོན་ཡང་ཡིན་ནོ། །ཀོ་ཊ་ཁྱ། ཀོ་ཊ་ཝ་ཙ། ཀོ་ཊ་བྷ་ཤཱ། ཀོ་ཏི་ར་ཀ ཀོ་ལ་ཁྱ། ཀོ་ལ་ཝ། ཀོ་ལ་ཝ་ཤ་ཐ། ཀོ་ལ་ཀོ་ལ། ཀོ་ལ་ཥྛ་ཐ། ཀོ་ལ་ཡཾ་འདིས་དབང་པོ་དང་ཡུལ་ལམ། རྩ་བ་དང་ཡན་ལག་གི་རླུང་གསུངས་ཏེ། དེ་ལྟ་བུ་ལ་སོགས་པའི་རྡོ་རྗེའི་ཚིག་རྣམས་ནི་སྒྲ་ཅི་བཞིན་མ་ཡིན་པའི་བཤད་པའོ་ཞེས་གསུངས་ཏེ་དེ་ནི་འཇིག་རྟེན་པའི་བསྟན་བཅོས་ལ་མེད་པའི་དོན་ཏོ། །འདི་ལ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་འགྲེལ་ཆེན་དུ་རྣམ་དབྱེ་ཉི་ཤུ་རྩ་བཞིར་འགྱུར་བར་གསུངས་སོ། །དང་པོའི་སངས་རྒྱས་སུ་ནི། །ཟླ་བ་བཟང་པོ་ད་ཡང་ཉོན། རྡོ་རྗེ་ཐེག་པར་རབ་ཞུགས་ནས། །མཚམས་མེད་ལྔ་པོ་བྱས་གྱུར་ཀྱང་། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །དེ་སོགས་དགོངས་པ་གཙོར་བསྟན་ཡིན། །མཚམས་མེད་ལྔ་སོགས་བྱེད་པ་དག །རྡོ་རྗེ་འཆང་ལས་རིང་འགྱུར་ཞེས། །དགོངས་མིན་ཁྱོད་ཀྱི་སྲོག་ཆགས་གསད། །གཞན་གྱི་ནོར་བླངས་བུད་མེད་འཕྲོག །བརྫུན་སྨྲ་ཅི་བཞིན་མིན་པའི་སྒྲ། །སྲོག་གཅོད་མ་བྱིན་ལེན་དང་བརྫུན། །བུད་མེད་སྤོངས་སོགས་ཅི་བཞིན་སྒྲ། །མྱུ་གུ་ས་བོན་ལས་ཅི་བཞིན། །དགེ་སྡིག་ལས་བྱས་བདེ་སྡུག་མྱོང་། །ཐེག་པ་གསུམ་བཤད་དྲང་དོན་ཡིན། །ཆོས་ཀུན་བདག་མེད་སྟོང་པ་ཞེས། །དེ་སོགས་ངེས་དོན་གཙོར་བསྟན་ཏེ། །རྒྱུད་ཀུན་མཐའ་དྲུག་མཚན་ཉིད་ཅན། །མི་བདག་རེ་རེའང་དྲུག་དྲུག་སྟེ། །སུམ་ཅུ་རྩ་དྲུག་མཚན་ཉིད་ལྡན། །ཞེས་རྒྱ་ཆེར་གསུངས་སོ། །དེ་ལྟར་ཚུལ་བཞིན་དུ་རྟོགས་ཤིང་ཤེས་ནས་བསྟན་པར་བྱའོ། །གལ་ཏེ་མ་ཤེས་ཤིང་བརྟག་དཀའ་ནའང་། དཔལ་བདེ་མཆོག་རྩ་བའི་རྒྱུད་དུ་གསུངས་པ་བཞིན་བྱ་སྟེ། །ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །གང་གིས་འདི་བདག་ཡུལ་མིན་པ། །བདག་གིས་ཆོས་ཉིད་མི་ཤེས་ཡིན། །རྫོགས་སངས་རྒྱས་དང་དེའི་སྲས། །བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན། །ཞེས་གསུངས་པ་ལྟར་བྱའོ། །དེ་ལྟར་མ་ཡིན་པར་གྱ་ཚོམ་དུ་བྱས་ན་ཉེས་པར་འགྱུར་ཏེ། བདུད་རྩི་འབྱུང་བའི་རྒྱུད་ལས། ཇི་ལྟར་མར་དང་ཁ་ར་དང་། །སྦྲང་རྩི་འོ་མ་ལ་སོགས་པ། །འཐུངས་ཏེ་ཞུ་ན་སྨན་དུ་འགྱུར། །མ་ཞུ་བ་ནི་དུག་ཅེས་བྱ། །དེ་བཞིན་གསང་སྔགས་ཐེག་ཆེན་འདི། །མཁས་པ་རྣམས་ཀྱི་སྨན་ཡིན་་ཏེ། །བརྡ་དང་དོན་ལ་རྣམ་རྨོངས་པའི། །བྱིས་པས་འདོད་པས་སྒྲ་དོན་འབྲངས། །ཚུལ་བཞིན་མ་ཡིན་ལོག་སྤྱད་པས། །དུག་གིས་འཆི་དང་ལྟུང་བར་འགྱུར། །ཁ་ཅིག་དུག་གི་དབང་གིས་འཚོ། །ཁ་གཅིག་དུག་གི་རྐྱེན་གྱི་འཆི། །ང་ཡི་བསྟན་པའི་སྙིགས་མ་ལ། །ཚོང་དུས་ཀྱི་ནི་འོ་མ་བཞིན། །བསླད་ནས་ཐུར་ཏུ་ལྟུང་བར་བྱེད། ཞེས་གསུངས་པས་བག་ཡོད་པར་དག་པའི་སྣང་བ་བསྐྱེད་ལ་བླང་དོར་ཚུལ་བཞིན་དུ་ཤེས་པར་བྱའོ། །བསམ་སྦྱོར་བདུན་ནི་དང་པོ་དང་མཚུངས་སོ། །ལྟུང་བ་གཉིས་པའི་བཤད་པའོ།། །།དེ་ནས་གསུམ་པ་ནི་རྡོ་རྗེ་སྤུན་ལ་འཁྲོས་ན་ལྟུང་བར་འགྱུར་བས་དེ་བཤད་པ་ནི། རྡོ་རྗེ་སྤུན་ལ་ཁྲོ་བ་ནི། །ཉེས་པར་བརྗོད་པ་གསུམ་པ་ཡིན། ཞེས་གསུངས་པས། དེ་ལ་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་འམ། གཞོམ་དུ་མེད་པ་རྡོ་རྗེ་ཐེག་པ་ཉིད་དེ། དེས་བསྡུས་པ་ནི་སྤུན་ནོ། །དེ་ཡང་སློབ་དཔོན་འཇམ་དཔལ་གྲགས་པས། སེམས་ཅན་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའི་རང་བཞིན་ཡིན་པས་སྤུན་ཡིན་ལ། དཀྱིལ་འཁོར་གཅིག་ཏུ་ཞུགས་པ་ནི་རྡོ་རྗེ་སྤུན་ཡིན་ནོ། །རྡོ་རྗེ་ཐེག་པ་ལ་ཞུགས་པ་ཐམས་ཅད་ཉེ་བའི་སྤུན་ནོ། །བསྟན་པ་གཅིག་ལ་གནས་པ་ཐམས་ཅད་མཛེས་པའི་སྤུན་ནོ། །སློབ་དཔོན་གཅིག་ལས་ཐོབ་པ་ཁྱད་པར་རྡོ་རྗེ་སྤུན་ནོ། །བྱེ་བྲག་དུ་ཐོབ་པ་བྱེ་བྲག་རྡོ་རྗེ་སྤུན་ནོ། །དེ་རྣམས་ལ་ལྟུང་བའི་ལྕི་ཡང་ཡང་དེ་བཞིན་ནོ། །ཞེས་གསུངས་སོ། །དོན་འདི་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་རིམ་པ་རྣམ་པར་བཞག་པ་ལས། བསྟན་དང་རྡོ་རྗེ་ཐེག་པ་ལ། །ཞུགས་པ་ཐམས་ཅད་སྤུན་དུ་བརྗོད། །ཀུན་ཀྱང་ཡེ་ཤེས་ལྡན་པས་ན། །རྡོ་རྗེ་སེམས་དཔའི་རྡོ་རྗེ་སྤུན། །དཀྱིལ་འཁོར་གཅིག་དང་སློབ་དཔོན་གཅིག །དབང་བཞི་དག་གི་བྱེ་བྲག་གིས། །ཉེ་དང་ཁྱད་པར་བྱེ་བྲག་གོ །ཞེས་སོ། །དེ་ལྟར་སྤུན་དེ་རྣམས་ལ་ཁྲོས་པ་དངོས་གཞི་ནི། །སེམས་ཁོང་ནས་འཁྲུགས་ཤིང་། །མནར་སེམས་དགུ་དང་ལྡན་པ་སྟེ། །འདིར་ནི་ཕལ་ཆེར་སེམས་གཙོ་བོ་ཡིན་ནོ། །ཞེས་འགྲེལ་པར་གསུངས་སོ། །དབྱེ་བ་ནི་སློབ་དཔོན་ཀམ་པ་ལའི་ཞབས་ཀྱིས། ཐེག་མཆོག་རྡོ་རྗེ་སྤུན་རྣམས་ཀྱི། །ཉེས་པ་བྱུང་ན་དགུར་ཤེས་བྱ། །དེ་ལས་ལྡང་བར་འདོད་རྣམས་ཀྱི། །ལུས་ངག་ཡིད་གསུམ་གསུམ་གསུམ་སྟེ། ཞེས་བཤགས་པའི་རིམ་པ་དང་བཅས་པ་དང་པོ་དང་ཕྱོགས་མཐུན་པར་གསུངས་ཏེ། སྤུན་གོང་མ་ཡོན་ཏན་དང་ལྡན་པ་ལ་བསམ་སྦྱོར་བདུན་དང་ལྡན་པས་ལྟུང་བ་དངོས་ཡིན་ནོ། །སྦྱོར་དངོས་རྗེས་གསུམ་གང་རུང་གཅིག་མེད་ན་སྦོམ་པོའོ། །གཉིས་མེད་ན་ཉེས་བྱས་སོ། །ལྕི་ཡང་གི་དབྱེ་བས་ཡུལ་དང་དུས་དང་། ལུས་ངག་ཡིད་ཀྱི་ལས་ཀྱི་རིམ་པས་དགུ་འམ་ཉི་ཤུ་རྩ་བདུན་དུ་འགྱུར་རོ། །ཉེས་མེད་སྣང་བ་ནི་ཕན་པའི་སེམས་དང་། བག་མེད་པ་བཟློག་པའི་ཕྱིར་ངག་བརྗོད་པ་ལ་སོགས་པའོ། །ཉེས་པའི་འབྲས་བུ་དང་བཅས་ཏེ། བསྡུད་པ་ལས་ཀྱང་། ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། །ལུང་བསྟན་ཐོབ་པ་སེམས་ཁྲོས་རྩོད་པ་རྩོམ་བྱེད་ནས། །ཐ་བའི་སྐྱོན་ལྡན་སེམས་ཀྱི་སྐད་ཅིག་ཇི་སྙེད་པ། །དེ་སྙེད་བསྐལ་པའི་གཞི་ནས་གོ་ཆ་བགོ་དགོས་སོ། །ཞེས་གསུངས་པས་ཀྱང་ཤེས་པར་བྱའོ། །ཉེས་པ་མེད་ན་ཡོན་ཏན་མྱུར་དུ་ཐོབ་ཅིང་ཉེས་པ་དང་བཅས་ཏེ་བཤགས་པར་མི་བྱེད་ན་མ་རུང་པར་འགྱུར་ཏེ། ལྟུང་བ་རྣམ་པར་བཞག་པའི་རྒྱུད་ལས། དཀྱིལ་འཁོར་ཐར་པའི་གྲོང་མཆོག་འདིར། །ཞུགས་པ་དང་ནི་དབང་བསྐུར་བས། །ཕྱིར་ལྡོག་པ་ནི་ཡོད་མ་ཡིན། །འདིར་ཞུགས་བུ་རྣམས་སྐད་ཅིག་ཀྱང་། །འབྲལ་མེད་འོག་མིན་གནས་སུ་འགྲོ། །ཉམས་ནས་བྲལ་བར་གྱུར་པ་ན། །ཐུར་དུ་བལྟས་ནས་དམྱལ་བར་འགྲོ། །ཞེས་བྱུང་པས་ལུས་དང་ངག་དང་ཡིད་ཀྱི་ཉེས་པ་བསྡམ་ཞིང་ལེགས་པར་སྤྱད་པར་བྱའོ། །བཤགས་ཚུལ་འོག་ནས་སྟོན་ནོ། །ལྟུང་བ་གསུམ་པའི་བཤད་པའོ།། །།དེ་ལྟར་དཀོན་མཆོག་གསུམ་དང་ལྡན་པའི་དམ་ཚིག་ཐམས་ཅད་ཀྱི་རྩ་བ་དང་ལྡན་པས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་གཙོ་བོ་ཡིན་པའི་ཕྱིར། བཞི་པ་སེམས་ཅན་ཀུན་ལ་བྱམས་པ་མི་སྤོང་པའི་དམ་ཚིག་བརྟན་པར་བཟུང་བ་གལ་ཆེ་བས་མ་ཉམས་པར་ཀུན་རྫོབ་སྨོན་འཇུག་བྱང་ཆུབ་ཀྱི་སེམས་བཟུང་དགོས་ཞིང་དེ་སྤོང་བ་ན་ལྟུང་བ་སྟེ་དེ་ཡང་། སེམས་ཅན་རྣམས་ལ་བྱམས་སེམས་སྤོང་། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཞེས་བཤད་དོ། །དེ་ཡང་རྡོ་རྗེ་ཐེག་པར་ཞུགས་ཤིང་སངས་རྒྱས་ཉིད་ཐོབ་པར་བྱེད་པས་སེམས་བསྐྱེད་པ་དང་མ་བྲལ་བར་བྱ་སྟེ་ཚད་མེད་པ་བཞི་དང་ལྡན་པར་བྱའོ། །སེམས་ཅན་གྱི་ཁམས་ནི་ཁམས་གསུམ་མམ་གཟུགས་ཅན་དང་གཟུགས་མེད་པ་དང་འདུ་ཤེས་ཅན་དང་འདུ་ཤེས་མེད་པའི་ཁམས་བཞི་རྣམས་ལ་བྱམས་པ་བསྐྱེད་པར་བྱེད་པས་ནི་བརྩེ་བ་འཛིན་པའི་དོན་གྱིས་བྱམས་པའོ། །རྒྱུ་དེ་ལས་སྙིང་རྗེ་འབྱུང་སྟེ། མདོ་སྡེ་རྒྱན་ལས། བློ་ལྡན་རྣམས་ཀྱི་བརྩེ་བས་བྱམས་པ་ནི། །ཁ་ན་མ་ཐོ་མེད་ཅིང་འཇིག་རྟེན་འདས། བདེ་བ་འདྲེན་པར་བྱེད་པ་ཉིད་དང་ནི། །རྗེས་སུ་སྲུང་བཅས་རྩོལ་མེད་དགོས་པ་མེད། །ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། བྱམས་པ་དེས་བསྐྱེད་པའི་སྙིང་རྗེ་ནི་སེམས་བསྐྱེད་པའི་རྩ་བ་དང་། སྐྱེས་ནས་མ་མ་ལྟ་བུ་སྐྱོང་བར་བྱེད་པ་ཡིན་པས་དེ་དང་མ་བྲལ་བར་བྱའོ། །ཅི་ཙམ་གྱིས་སྤངས་པར་འགྱུར་ཞེ་ན། ཁྲོ་བས་སྤོང་བ་དང་། ཞུམ་པས་རང་གཅིག་པུ་ཞི་བདེ་འདོད་པས་སེམས་ཅན་བློས་སྤོང་བའོ། །དེ་ཡང་མདོ་ལས། སངས་རྒྱས་བྱང་ཆུབ་འདོད་པ་ཡིས། རྩ་བ་ཆད་པའི་ཞེ་སྡང་ནི། སྐད་ཅིག་ཙམ་ཡང་བསྟེན་མི་བྱ། །སེམས་འཁྲུགས་པ་ལ་ཐར་པ་མེད། །ཅེས་པ་དང་། སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་དགྲ་བཅོམ་རང་རྒྱལ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་སོ། །དབྱེ་བ་ནི་རྩ་ལྟུང་རྒྱ་ཆེར་འགྲེལ་དུ། མནར་སེམས་དགུ་དང་ལྡན་ན་ནི་ལྟུང་བའོ། །སེམས་ཁོང་ནས་འཁྲུགས་པ་སྦོམ་པོ། དུས་འདས་ན་ལྕི་བའོ། །སྦྱོར་བ་ཙམ་ཉེས་བྱས་སོ། །ལུས་ངག་གི་ཉེས་པ་་ཆུང་ངུ་ནི་ཕྲ་མོའོ། །ཞེས་སོ། །རྒྱས་པར་སྡོམ་པ་ཉི་ཤུ་པར་བལྟ་བར་བྱའོ། །ཅི་འོ་ན་ཉོན་མོངས་ཀུན་གནོད་བྱེད་མ་ཡིན་ནམ། ཉན་ཐོས་ཀྱི་ཐེག་པར་ཞེ་སྡང་བས་འདོད་ཆགས་ལྕི་བར་གསུངས་པ་ལ་འདིར་ཞེ་་སྡང་ལྕི་བར་ཅིའི་ཕྱིར་བསྟན་ཅེ་ན། ཉན་ཐོས་ནི་འཁོར་བ་ནས་མྱུར་དུ་ཐར་འདོད་པའི་ཕྱིར་དང་། འདིར་ནི་འཁོར་བར་གཞན་ལ་བརྩེ་བའི་ཕྱིར་རོ། །དེ་ཡང་། མདོ་ལས། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ནི་འདོད་ཆགས་ཀྱི་ཕུང་པོ་རི་རབ་ཙམ་སླ་ཡི། ཞེ་སྡང་ནི་སྐད་ཅིག་ཙམ་ཡང་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་ནི་སེམས་ཅན་སྡུད་པའི་བག་ཞད་ཡོད་པའི་ཕྱིར་རོ། །ཞེས་གསུངས་པ་དང་། །སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཞེས་འཕགས་པ་བྱམས་པས་གསུངས་སོ། །དེས་ན་ལོག་སྲེད་ཅན་ལ་ཡང་། བྱམས་ཤིང་བརྩེ་བ་མ་དོར་བར་བྱའོ། །འཕགས་པ་སྒྲུབ་གྲུབ་ཀྱི་ཞལ་སྔ་ནས་གསུངས་པ། ཐེག་པ་ཆེ་ལ་ཞུགས་པ་ཡིས། །སེམས་ཅན་རྣམས་ལ་བུ་བཞིན་བྱམས། །སྙིང་རྗེས་གཞན་དོན་རང་སྲོག་བཞིན། །ཉན་ཐོས་རྣམས་ཀྱང་གནོད་ལས་ལྡོག །སྣོད་དུ་མ་གྱུར་ལོག་སྲེད་ཅན། །ནམ་ཡང་དོར་བར་མི་བྱའོ། །ཉེས་པ་བྱུང་བ་བཤགས་པར་བྱ། སྙིང་རྗེས་བྱས་པས་ཞུགས་གྱུར་ན། །སྔར་བྱས་ཉེས་པ་དེ་ཡིས་ལྡངས། །བཤགས་ཀྱང་ཕྱིས་ནི་མི་སྡོམ་ན། །བཤགས་པས་དྲི་མ་ལྡང་བ་མེད། །ཅེས་བསྡུས་པ་ཙམ་གསུངས་སོ། །རྒྱ་ཆེར་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ས་ལས་གསུངས་སོ། །ལྟུང་བ་བཞི་པའི་བཤད་པའོ།། །།དེ་ནས་ལྟུང་བ་ལྔ་པ་ནི། འདིར་ནང་གི་བྱང་ཆུབ་ཀྱི་སེམས་ཉམས་ན་བརྟེན་ཉམས་པའི་ཕྱིར་དོན་དམ་པ་མི་སྐྱེ་བས་དེ་བརྟན་པར་བྱ་དགོས་སོ། །དེ་སྤོང་ན་ལྟུང་བར་འགྱུར་ཏེ། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་པ་ནི་ལྔ་པ་ཡིན། །ཞེས་བྱུང་བས་ཆོས་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡིན་ལ་དེའི་རྩ་བ་ནི་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྔར་ཁྱད་པར་གྱི་སྡོམ་པའི་སྐབས་སུ་བཤད་པ་བཞིན་ཡིན་ཡང་། འདིར་བཱི་བག་ཤ་བྱ་བའི་སྤྱིའི་སྒྲས་བྱེ་བྲག་སྨོན་འཇུག་དང་། སྟོང་པ་ཉིད་ཀྱི་དོན་དམ་པ་དང་། ཐིག་ལེ་དང་། བདེ་བ་ཆེན་པོ་ལ་འཇུག་ཀྱང་། དང་པོ་ནི་སྔར་བསྟན་ལ། སྟོང་པ་ཉིད་ནི་བཅུ་གཅིག་པར་འཆད་དོ། །འདིར་ནི་ཤུ་ཏྲ་བྱང་ཆུབ་ཀྱི་སེམས་དང་དེས་མཚོན་པའི་བདེ་བ་ཆེན་པོ་ཡིན་ནོ། །དེ་ལྟར་ཡང་འགྲེལ་པ་དྲི་མ་མེད་པར། །འདིར་བྱང་ཆུབ་ཀྱི་སེམས་ནི་ཤུ་ཏྲའོ་ཞེས་སོ། །དེས་ན་སངས་རྒྱས་ཀྱི་སྙིང་པོ་ལ་དག་པས་ཕྱེ་བ་དང་། ཐོབ་པས་ཕྱེ་བ་གཉིས་ལས་འདི་ནི་གཟུགས་ཀྱི་སྐུ་ཐོབ་པའི་བདག་ཉིད་ཀྱི་རྒྱུ་སྟེ། ཧེ་བཛྭ་ལས། བཙུན་མོའི་བྷ་ག་བདེ་ཆེན་དུ། །སྟོན་པ་སུམ་བཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་བཅུར་ལྡན། །ཁུ་བ་ཞེས་བྱའི་རྣམ་པར་གནས། །དེ་མེད་ན་ནི་བདེ་མེད་འགྱུར། །ཞེས་སོ། །དེ་ཇི་ཙམ་གྱིས་སྤངས་བར་འགྱུར་ཞེ་ན་འདོད་པའི་ཀུན་སློང་གིས་ཁམས་དྲུག་གི་བདག་ཉིད་རང་དབང་གིས་ཉམས་པའོ། །དེའི་དབྱེ་བ་ནི་སྐྱེ་བའི་རྒྱུའི་ཆགས་སེམས་འབྱུང་བ་ཐམས་ཅད་ཡིན་ཏེ། ཡེ་ཤེས་ཀྱི་ལེའུ་ཡི་མཆོག་ཏུ་མི་འགྱུར་བ་གྲུབ་པར། ནམ་མཁའ་དང་། རླུང་དང་། མེ་དང་ཆུ་དང་ས་ཡི་ཆའི་འབྱུང་ཆུང་གི་རིམ་པས་གཟུགས་མེད་པ་དང་གཟུགས་ཀྱི་ཁམས་བཅུ་དྲུག་གི་འཛག་པ་རིམ་པས་གསུངས་ཤིང་འདོད་ཁམས་ནི་དྲུག་དང་ལྡན་པར་གསུངས་པས། དེ་དག་གི་ཉོན་མོངས་པས་སྐྱེ་བ་ལ་སྦྱོར་བ་ནི་འཛག་པ་ཡིན་ནོ། །འོ་ན་ཉན་ཐོས་ཀྱི་ལམ་ལྟ་བུའམ་ཞེ་ན་མ་ཡིན་ཏེ་དེ་ནི་མར་མེ་ཤི་བ་ལྟ་བུའི་སེམས་སྒྲུབ་པས་སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་ཤིན་ཏུ་ལྟུང་བའོ། །དེ་ཡང་། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བ། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །ཞེས་གསུངས་པས་དེ་ལྟར་ཆགས་པས་ཟག་ཏེ་བདེ་བ་དང་བྲལ་བ་དང་། ཐབས་མཁས་པའི་སྐྱེ་བ་བཀག་ནས་ཁམས་གསུམ་པ་ལ་ཆགས་པ་དང་བྲལ་བ་གཉིས་བཤད་པ་དེ་གཉིས་ག་ལ་འདིར་བྱང་ཆུབ་ཀྱི་སེམས་སྤངས་བར་བཤད་པ་ཡིན་ནོ། །འདི་ཕྱག་རྒྱའི་ཐབས་ཀྱིས་བཅིངས་ནས་འགྱུར་མེད་དུ་བྱས་པས་སྐ་བ་མི་འཛག་ན་སྦྱོར་ལམ། སྐ་བ་དང་སླ་བ་གཉིས་ཀ་མི་འཛག་པ་མཐོང་ལམ། དགའ་བ་བཅུ་དྲུག་མས་བརྟན་ནས་མཐར་ཕྱིན་ན་སངས་རྒྱས་སུ་འགྱུར་བར་རྒྱུད་དང་བྱང་ཆུབ་སེམས་དཔའི་འགྲེལ་པ་གསུམ་ཀར་གསུངས་སོ། །དེས་ན་འདི་ལ་རྒྱུ་མཚན་མེད་དོ་སྙམ་པས་སྤངས་ཤིང་སྦྱོར་དངོས་ཐམས་ཅད་ཚང་ན་བཀའ་ལས་འདས་པ་ཡང་ཡིན་པས་ལྟུང་བ་ཞེས་བྱའོ། །རྗེས་མ་ཚང་ན་སྦོམ་པོའོ། །མི་འདོར་བར་སློབ་ཀྱང་དབང་མ་ཐོབ་པ་དང་། གཉིད་ཀྱིས་ནོན་པ་ལྟ་བུ་ལ་དེ་མ་ཐག་ཏུ་གཉེན་པོའི་སེམས་མི་བསྐྱེད་ན་ཉེས་བྱས་སུ་འགྱུར་རོ། །འདོད་པའི་ངག་དང་བསམ་པའི་རྣམ་པ་ཕྱོགས་མཐུན་ནོ། །སྙིང་རྗེ་ཆེན་པོ་དང་སློབ་མ་སྨིན་པ་ལ་སོགས་པ་ནི་ལྟུང་བར་མི་འགྱུར་ཏེ་ཉེས་མེད་གནང་བ་ཡིན་ནོ། །དེ་ཡང་ཨིན་ཏྲ་བྷོ་དྷེའི་ཞལ་སྔ་ནས། གང་ཞིག་དོན་དམ་ཀུན་རྫོབ་ཀྱི། །བྱང་ཆུབ་སེམས་ལས་ཉམས་གྱུར་ན། །དོན་དམ་དོན་དམ་ཉིད་ཀྱིས་ཏེ། །ཀུན་རྫོབ་ལྕེས་བླང་གང་ལས་ཉམས། །དེ་ཉིད་ལས་ནི་བླང་བར་བྱ། །ཤུ་ཏྲ་དོར་ན་རྩ་བ་ཉམས། །ཆུ་ཚོད་གསུམ་ནས་དྲུག་བཅུའི་བར། གོམས་པས་དྲི་མ་དེ་ལས་ལྡང་། །དེ་ཕྱིར་དམ་ཚིག་རིག་མ་དང་། །རྣལ་་འབྱོར་ཚད་ལྡན་མེད་པར་ནི། ནམ་ཡང་འཇུག་པར་མི་བྱའོ། །ཞེས་གསུངས་སོ། །སྐྱེ་བོ་འདོད་ཆགས་ཅན་དོན་དུ། །དེའི་བྱེད་པ་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པ་ནི་སྔར་དགོངས་པའི་དོན་བཤད་ཟིན་ཏེ། མདོར་ན་རྩ་རླུང་བྱང་ཆུབ་ཀྱི་སེམས་ལ་དབང་ཐོབ་པར་བྱ་སྟེ་ཉོན་མོངས་པ་ཐམས་ཅད་བཅོམ་ནས་བདེ་བ་ཆེན་པོ་རྟོགས་པ་དང་ཐབས་མཁས་པས་ཁམས་གསུམ་དུ་སྐྱེ་བ་ལ་དབང་འབྱོར་བར་བྱའོ། །ལྟུང་བ་ལྔ་པའི་བཤད་པའོ། །དེ་ནས་དྲུག་པ་རང་དང་གཞན་གྱི་གྲུབ་པའི་མཐའ་ལ་སྨད་པར་མི་བྱ་སྟེ། དེ་ཡང་ཁོང་ཁྲོ་བ་དང་བདག་ཉིད་ཀྱི་རྙེད་པ་དང་བཀུར་སྟི་དང་གྲགས་པ་འདོད་པའི་དབང་གིས་གྲུབ་མཐའ་གཞན་སྨོད་པ་ནི་ལྟུང་བ་སྟེ། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཞེས་སོ། །འདི་དང་འོག་མ་གཉིས་ཀ་དོན་གྱིས་ལྟུང་བ་གཉིས་པའི་ཡན་ལག་ཡིན་མོད་ཀྱིས་ཀྱང་། གཉིས་པ་ནི་རང་མི་འདའ་བ་ཡིན་ལ། འདི་ནི་གཞན་སྨིན་པར་བྱ་བའི་ཕྱིར་གྲུབ་པའི་མཐའ་ཤེས་པར་བྱ་བ་དང་། ལྟ་བ་ངན་པ་ལས་བཟློག་པ་དང་། གཞན་མ་དད་ན་ཆོས་སྤོང་བར་འགྱུར་བ་དགག་པའི་ཕྱིར་བསྟན་པར་སེམས་སོ། །གྲུབ་མཐའ་ནི་ཀླ་ཀློ་དང་། མུ་སྟེགས་དང་། ཉན་ཐོས་གཉིས་དང་། སེམས་ཙམ་དང་། དབུ་མ་སྟེ། དེ་ལ་ཅི་ཙམ་གྱི་སྨད་པར་འགྱུར་ཞེ་ན། སློབ་དཔོན་ལེགས་སྨིན་ལ་སོགས་པ་འགའ་ཞིག་ནི་རང་གཞན་ནི་ཐེག་པ་ཆེན་པོའི་རྒྱུད་དང་མདོ་ལ་བཞེད་དེ་མུ་སྟེགས་ནི་སུན་དབྱུང་བར་བྱའོ་ཞེས་སོ། །སློབ་དཔོན་འཇམ་དཔལ་གྲགས་པ་ནི། རང་ནི་བདག་མེད་སྨྲ་བ་དང་། །གཞན་ནི་ཕྱི་རོལ་པ་སྟེ། །དེ་ལ་ཡང་སྨད་པར་མི་བྱ་སྟེ། རྣམ་སྣང་མངོན་བྱང་ལས། རྣམ་པར་སྣང་མཛད་རིང་བའི་རྒྱུ། །མུ་སྟེགས་ཅན་ལ་སྨད་མི་བྱ། །ཞེས་པ་དང་། གྲུབ་པའི་མཐའི་བློ་བསྐྱེད་ཕྱིར། །ཕྱི་རོལ་པ་ཡང་ལམ་ཚོལ་ཞུགས། །དེ་ཕྱིར་དེ་ལ་སྨད་མི་བྱ། །ལམ་ཞུགས་ཉན་ཐོས་སྨོས་ཅི་དགོས། ཞེས་བཤད་པའི་ཕྱིར། ཕྱི་རོལ་པ་ཡང་ཉོན་མོངས་ཀྱིས་མི་སྨད་དོ། །ཐེག་པ་ཆེན་པོ་ལ་གཟུད་པ་དང་། ལྟ་ངན་སུན་དབྱུང་བ་དང་། འདུལ་བའི་བསམ་པས་སྨད་ན་ཉེས་པ་མེད་དེ་བསོད་ནམས་ཀྱང་མང་དུ་འཕེལ་ལོ་ཞེས་བཞེད་དོ། །འདིར་ནི་སྤང་བྱའི་ཆོས་ལ་སྤང་བྱར་ཤེས་པ་དང་། བླང་བྱའི་ཆོས་ལ་བླང་བྱར་ཤེས་པར་བྱ་བའི་ཕྱིར། རྣལ་འབྱོར་གྱི་བློའི་གོ་རིམ་བཞིན་རྟོགས་པར་བྱ་ཞིང་གྲུབ་པའི་མཐའི་འཛིན་པ་དང་བྲལ་བར་འཇུག་པར་བྱ་བ་ལ། འདི་ནི་ང་ཡིའོ་འདི་ནི་ཁྱོད་ཀྱིའོ་ཞེས་ཞེན་ནས་བརྗོད་པ་ནི་སྨོད་པར་སེམས་སོ། །དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུ་་གནས། །ཉོན་མོངས་ཁམས་རྣམས་ཟད་པའི་བདག །ལས་ཀྱི་ཁམས་རྣམས་ཟད་པར་བྱེད། ཅེས་པ་དང་། དཔལ་ཆོས་ཀྱི་གྲགས་པས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཀུན་འབྲེལ་བས། །ཉེས་པ་ཐམས་ཅད་བྱུང་བར་འགྱུར། ཞེས་པ་དང་། བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས། །ང་ལ་་ཁས་ལེན་མེད་པས་ན། ང་ནི་ཅི་ཡང་མི་འགོག་གོ །ཞེས་གསུངས་པའི་ཕྱིར་རོ། །ཉེས་པའི་གོ་རིམ་ནི་འཇམ་དཔལ་གྲགས་པས་ཐེག་པ་ཆེན་པོའི་རྒྱུད་ལ་བསམ་སྦྱོར་བདུན་གྱིས་སྨད་ན་ལྟུང་བའོ། །ཐེག་ཆེན་གྱི་མདོ་ལ་སྦོམ་པོ། ཉན་ཐོས་ཀྱི་ལ་ཉེས་བྱས་ཕྱི་རོལ་པ་ལ་ཕྲ་མོའི་ཉེས་བྱས་སོ། །ཞེས་སོ། །དེས་ན་རིམ་གྱིས་བཀྲིས་ནས་ལྟ་བ་ཐམས་ཅད་སྤང་བར་བྱ་ཡིས་རང་དང་གཞན་ལ་གནོད་པའི་གྲུབ་མཐའ་བྱེད་པ་དང་སྨད་པར་མི་བྱའོ། །ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་དང་འདྲ་བར་གསུངས་པའི་ཕྱིར་དང་། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཆོས་ཀྱི་ལམ་ནི་རང་བཞིན་གྱི། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། ཞེས་རྒྱལ་བ་ལ་ཆགས་པ་ཡང་སྒྲིབ་པར་འགྱུར་བའི་ཕྱིར། ཞེན་པ་སྤང་བར་བསྟན་པ་ཁོང་དུ་ཆུད་པར་བྱ་ཞིང་སྙིང་རྗེས་ལམ་གོལ་བར་འགྲོ་བའི་ཆོས་རྣམས་ལས་བཟློག་པར་བྱའོ། །ལྟུང་བ་དྲུག་པའོ།། །།བདུན་པ་གསང་བ་མ་སྨིན་པ་ལ་མི་བསྒྲགས་པ་ནི་གང་བསམ་གྱིས་མི་ཁྱབ་པ་དང་ཟབ་མོའི་དོན་ཐོས་ནས་གཞན་དེ་མ་དད་ན་གཞན་ལ་གནོད་པ་ཆེན་པོར་འགྱུར་བས་གཞན་དོན་བྱེད་པ་ལ་ལྟུང་བར་འགྱུར་རོ། །དེ་ཡང་། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །ཞེས་གསུངས་པས། མ་སྨིན་པ་ནི་རྒྱུ་མ་ཡིན་པ་དང་། རྐྱེན་གྱི་མ་སྨིན་པ་གཉིས་སོ། །དང་པོ་ནི་སངས་རྒྱས་ཀྱི་ཁམས་སད་པའི་རྒྱུའི་རྐྱེན་དང་བྲལ་བ་ལོག་སྲེད་ཅན་ནོ། །གཉིས་པ་ནི། བདག་ཏུ་ལྟ་བ་དང་། འཁོར་བ་ལ་སྐྱོ་བ་དང་། སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་པའི་བསམ་པ་སྐྱེ་བ་ནི་སྒྲིབ་པ་བཞི་ཡིན་པས་མ་སྨིན་པ་ཡིན་ནོ། །རྒྱུད་བླ་མ་ལས། ཆོས་ལ་ཁོང་ཁྲོ་བདག་ལྟ་དང་། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང་། །སེམས་ཅན་དོན་ལ་ལྟོས་མེད་པ། །འདོད་ཆེན་མུ་སྟེགས་ཉན་ཐོས་དང་། །རང་རྒྱལ་རྣམས་ཀྱི་སྒྲིབ་རྣམ་བཞི། །ཞེས་བྱུང་བའི་ཕྱིར་རོ། །སློབ་དཔོན་འཇམ་དཔལ་གྲགས་པས་ཀྱང་། སྣོད་མ་སྨིན་པ་དང་། ཆོ་གས་མ་སྨིན་པ་དང་། ཆོ་་ག་མ་རྫོགས་པས་མ་སྨིན་པ་དང་། ཆོ་ག་ཐོབ་ཀྱང་ཟབ་མོ་ལ་འཇིགས་པ་དང་། ཉམས་ནས་མ་སྨིན་པ་ལྔ་གསུངས་སོ། །དེ་ལྟར་མ་སྨིན་པ་ལ་རིམ་པ་ལྟར་གོང་མ་རྣམས་གསང་དགོས་ཏེ་རིམ་གྱིས་ཐབས་མཁས་པས་བསྒྲག་པར་བྱའོ། །གྱ་ཚོམ་དུ་བྱས་ན་དོན་བཟང་པོ་སྤོང་བས་ལྟུང་བ་ཡིན་ནོ། །དབྱེ་བ་ནི་གོང་མ་དང་མཚུངས་སོ། །འདི་ལ་ཡང་སློབ་དཔོན་དང་སློབ་མ་རང་གི་ཉེས་པ་གཉིས་ཡོད་དེ། སློབ་དཔོན་ཀུ་ཀུ་རི་པས། སྣོད་མིན་པ་ལ་གསང་བ་བསྒྲགས། །སྨིན་དང་མ་སྨིན་རིམ་པ་རྣམས། །གུང་མོའི་རྩེ་མོའི་བརྡ་སྦྱོར་སོགས། །མཁས་པས་རྟོགས་པར་མི་བྱེད་ན། གལ་ཏེ་འདོད་པའི་བསམ་པས་ཞུགས། །སྙིང་རྗེ་ཅན་ལ་ཤིན་ཏུ་ཡང་། །སྙོམ་ལས་ལ་སོགས་ཉེས་པ་ཆུང་། །རྐུ་ཐབས་སློབ་མའི་ཉེས་པའོ། །དབང་བསྐུར་ཚོགས་འཁོར་ལ་སོགས་དང་། མཎྜྻལ་ངག་གི་བཤགས་པས་བསྡམ། གཞན་དུ་སྐྱེས་བུ་ཐ་ཤལ་བརླག །ཅེས་གསུངས་སོ། །ཅི་འོ་ན་ཟབ་པ་བདག་མེད་པ་ལ་སོགས་པ་ཐོས་ནས་དེའི་བྱང་ཆུབ་ཀྱི་རྒྱུར་དཀོན་མཆོག་བརྩེགས་པའི་མདོར་བསྟན་པ་དང་། རྡོ་རྗེ་རྩེ་མོའི་རྒྱུད་དུ། སེམས་ཅན་ཤིན་ཏུ་གདུལ་དཀའ་གང་། །སྡོམ་པ་འཛིན་པར་མི་བྱེད་ཅིང་། །དད་དང་དང་བ་མེད་པ་ཡང་། །འཇུག་པ་འདི་ནི་དགག་མི་བྱ། །འདི་ལྟར་སངས་རྒྱས་ཐུགས་རྗེ་ཅན། །དེ་དག་གི་ནི་རྒྱུ་རུ་འགྱུར། བཞད་གད་བྱེད་ཅིང་དཔྱ་ཡང་རུང་། །དེ་ཉིད་རྒྱུ་རུ་གྱུར་པ་ཡིན། །ཞེས་བྱུང་བའི་དགོངས་པ་ཇི་ལྟར་དྲང་སྙམ་ན། དེ་ནི་དོན་བཟང་པོ་ལ་ཆེད་ཆུང་བ་དང་ཆ་ཡིས་འཇུག་པ་ལ་སོགས་པ་ལ་དགོངས་ཀྱི། གཏན་ལོག་ལྟ་བྱེད་ན་འཇུག་ཏུ་མི་རུང་ངོ་། །ཐ་ན་ཆོས་ཉིད་ཟབ་མོ་སྤོང་བ་ལྟ་ཕར་ཞོག །ཤ་ལྔ་བདུད་རྩི་ལྔ་བསྟེན་པ་མཐོང་ནས་ཀྱེ་སྔགས་པ་རྣམས་ནི་ཁྱི་དང་འདྲ་ཞེས་བྱས་ནའང་དེའི་འབྲས་བུ་ནི། བདེ་མཆོག་བསྡུས་པར། དམ་ཚིག་སྤྱོད་པར་བྱེད་པ་ཡི། །རྣལ་འབྱོར་ཆེ་ལ་གང་ཞིག་སྡང་། །ཁྱིའི་སྐྱེ་གནས་བརྒྱར་སྐྱེ་སྟེ། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་བྱུང་བས་དོན་དུ་འགྱུར་བ་དང་མི་འགྱུར་བ་བརྟག་པར་བྱས་ལ་སྤྱད་པར་བྱའོ། །རང་ལ་ཉེས་པ་འབྱུང་ཚུལ་ཡང་དགྱེས་པའི་རྡོ་རྗེ་ལས། གླེགས་བམ་དང་ནི་བྲིས་སྐུ་ཉིད། །གལ་ཏེ་སྐལ་མེད་མཐོང་ན་ནི། །སྐྱེ་བ་འདིར་ནི་དངོས་གྲུབ་མེད། །འཇིག་རྟེན་ཕ་རོལ་སྤྱོད་ཡུལ་མེད། ཅེས་བྱུང་ངོ་། །དེས་ན་མདོ་རྒྱུད་དང་ཐེག་པའི་རིམ་པའི་བློས་རིམ་པ་བཞིན་བསྟན་པར་བྱའོ། །ལྟུང་བ་བདུན་པའོ།། །།དེ་ནས་བརྒྱད་པ་ནི་ཕུང་པོ་དང་ཁམས་ལ་སོགས་པའི་སྐྱེ་མཆེད་ཡུལ་དང་ཡུལ་ཅན་དུ་སྣང་བ་ཐམས་ཅད་དྲི་མ་དང་བཅས་པའི་གཟུགས་ཀྱི་སྐུ་ཡིན་པས་དེ་ལ་བརྙས་པ་མི་བྱའོ། །གལ་ཏེ་རང་གི་ལུས་ལ་བརྙས་ཤིང་གནོད་པ་བྱེད་ན་ལྟུང་བ་སྟེ་དེའང་། ཕུང་པོ་སངས་རྒྱས་མངའ་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། །ཞེས་བྱུང་ངོ་། །དེ་ཡང་ཕུང་པོ་གཟུགས་ལ་སོགས་པ་རྣམས་ངོ་བོ་སངས་རྒྱས་ཡིན་པ་དང་། ལམ་ཡོངས་སུ་ཤེས་ཏེ་སྦྱོང་བའི་རིམ་པ་ཤེས་པར་བྱ་སྟེ་དང་པོ་ནི་རང་གི་ལུས་སངས་རྒྱས་ཡིན་པར་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་དུ་རྒྱས་པར་གསུངས་པ་བཞིན། རྒྱུད་བླ་མར་ཡང་། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་བདེ་གཤེགས་སྙིང་པོ་ཅན། ཞེས་གསུངས་པ་ནི། དྲི་མ་དང་བཅས་པའི་ཚེ་དྲི་མ་དང་བཅས་པའི་སྐུ་འཕྲོ་ལ། དྲི་མ་མེད་པ་ན་གཟུགས་སྐུ་འཕྲོ་བ་སྟེ། ལམ་ལ་ཡང་གོ་རིམ་ལྟར་ས་དང་པོ་ལ་གསེར་གྱི་འཁོར་ལོ་བསྒྱུར་བ་ནས། ས་བཅུ་པ་ལ་འོག་མིན་གྱི་ལྷའི་བུ་དབང་ཕྱུག་ཆེན་པོའི་ལུས་ལྟ་བུའི་བར་གྱི་ཁྱད་པར་བསྟན་པ་ཡིན་ནོ། །མཚན་དང་དཔེ་བྱད་ནི་རྩ་རླུང་ཐིག་ལེ་གནས་གྱུར་ཞེས་དག་པའི་དོན་ཏེ་རྒྱས་པར་གཞན་དུ་བསྟན་ནོ། །གཞན་ཡང་རིགས་ལྔ་ལ་སོགས་པའི་ངེས་པ་ཕྱི་ནང་གཞན་གསུམ་གྱི་རིམ་པས་རྣལ་འབྱོར་གྱི་རྒྱུད་དང་བྱང་ཆུབ་སེམས་པའི་འགྲེལ་པ་ཐམས་ཅད་དུ་གསུངས་སོ། །དང་པོའི་སངས་རྒྱས་ལས་ཀྱང་། ཕུང་པོ་དྲུག་ལ་ཁྲོས་ནས་བདེར་གཤེགས་དྲུག་ལ་ཁྲོས། ཁམས་དྲུག་ལྷ་མོ་དྲུག་ལ་སྐྱེ་མཆེད་དག །བཅུ་གཉིས་ལ་ཁྲོས་སེམས་དཔའ་སེམས་མ་ལ། །ལས་ཀྱི་དབང་པོ་དྲུག་དང་ཡུལ་དྲུག་ལ། །ཁྲོས་ན་ཁྲོ་བོ་ཁྲོ་མོ་སྒོ་སྐྱོང་ལ། །ཞེས་པ་དང་། གསང་བ་འདུས་པར། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །སྐྱེ་མཆེད་ཁམས་དང་དབང་པོ་ནི། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་པ་དང་། བདེ་མཆོག་ལས་ཀྱང་། གཟུགས་ཀྱི་ཕུང་པོ་རྣམ་སྣང་སྟེ་ཞེས་བྱ་བ་ལ་སོགས་པ་དུ་མ་གསུངས་པ་རྣམས་རང་བཞིན་གྱི་གནས་ལུགས་ཤེས་པ་དང་། ཀུན་བརྟགས་ཀྱིས་བྱིན་གྱིས་བརླབས་པ་ཙམ་ཡང་སངས་རྒྱས་ཀྱི་མངའ་བདག་དུ་བཤད་དོ། །དེ་ལ་ཅི་ཙམ་གྱིས་བརྙས་པར་འགྱུར་ཞེ་ན། འཇམ་དཔལ་གྲགས་པས། དེ་ཡང་བསད་པ་དང་སྤྱུག་པ་དང་བཅིང་བ་དང་རང་ལ་རང་ཞེ་སྡང་ཞིང་ཡི་མུག་པ་དང་། དཀའ་སྤྱད་ཀྱི་ཉོན་མོངས་པར་བྱེད་པ་དང་། ལུས་མི་གཙང་བར་བསྒོམ་ཞིང་ཡན་ལག་ལ་སོགས་པ་མ་རུངས་པར་བྱེད་པ་དང་། ལུས་ནི་གསོག་ཡིན་ནོ་ཞེས་བརྙས་པའོ་ཞེས་གསུངས་སོ། །ཅི་འོ་ན་བསྙུང་བ་ལ་སོགས་པ་བཀའ་ཉིད་ལས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ལྟ་བུ་གསུངས་པའི་དོན་གོ་བར་བྱ་་སྟེ། གོས་དང་ཟས་ལ་ཆགས་ནས་མི་དགེ་བ་བྱེད་པ་དང་། དེ་བཞིན་དུ་ལུས་ལ་ཆགས་ནས་ངན་འགྲོ་ཁྲིད་པའི་སྤྱོད་པའི་གཉེན་པོར་གསུངས་ཀྱི། མུ་སྟེགས་པ་ལྟར་བརྙས་པ་དང་གདུང་བ་མ་ཡིན་ནོ། །འདུལ་བར་ཡང་ཟས་དང་གོས་དང་འཚོ་བའི་སྨན་དང་། གནས་མལ་མཐའ་གཉིས་དང་བྲལ་བ་བསྟན་ན། རང་དང་གཞན་གྱི་དོན་ཆེན་པོ་འགྲུབ་པའི་ལུས་ལ་བརྙས་པ་ཤིན་ཏུ་ཡང་འཁྲུལ་ལོ། །ཁ་གཅིག་ན་བའི་ཚོར་བ་ལ་སོགས་པའི་དབང་གིས་ཁྲོ་བ་ནི་ཆེས་བླུན་པའོ། །དེ་བཞིན་དུ་མི་གཙང་བ་དང་གསོག་ལ་སོགས་པ་བསྟན་པ་ཡང་དེའི་ཞེན་པ་དང་བྲལ་བར་བྱ་བ་ཡིན་ནོ། །ཡང་ཁ་གཅིག་ལུས་འདི་སེམས་ཀྱི་སྣང་བར་མ་རྟོགས་ཏེ་སྤོང་བར་འདོད་པ་ནི་དམན་པ་སྟེ། དེས་ན་ལུས་ནི་རིན་ཐང་མེད་པའི་བཻ་ཌཱུརྻ་ཤུན་པ་ཅན་བཞིན་ཏེ་དྲི་མ་སྦྱངས་ན་སངས་རྒྱས་ཉིད་ཡིན་ནོ། །ལྟུང་བའི་དབྱེ་བ་ནི། དེ་ལྟར་ཤེས་བཞིན་དུ་བརྙས་པ་ནི་དངོས་གཞིའོ། །ཡན་ལག་མ་ཚང་ན་སྦོམ་པོའོ། །དོན་གཞན་མེད་ཀྱང་ཟས་གཅོད་པ་ལ་སོགས་པ་ནི་ཉེས་བྱས་སོ། །གཞན་འདུལ་བ་དང་། ཐེག་པའི་གོ་རིམ་གྱི་གནས་སྐབས་དང་། དོན་གཞན་ཆེན་པོ་དང་། དགེ་འདུན་དང་བླ་མ་ལ་སོགས་པའི་དོན་སྒྲུབ་པ་ནི་ཉེས་པ་མེད་པའོ། །གལ་ཏེ་ཉེས་པ་བྱུང་ན་གཉེན་པོ་དང་དཀྱིལ་འཁོར་བསྒོམ་པ་དང་ཚོགས་ལ་སོགས་པ་བྱས་ནས་ཕྱིས་མི་བྱ་བའི་དམ་བཅའ་བར་གསུངས་སོ། །ལྟུང་བ་བརྒྱད་པའི་བཤད་པའོ།། །།དགུ་པ་ནི་དག་པའི་ཆོས་ལ་སོམ་ཉི་སྤང་བར་བྱ་སྟེ། དེ་ཡང་། རང་བཞིན་དག་པའི་ཆོས་རྣམས་ལ། །སེམས་ཉི་ཟ་བ་དགུ་པ་ཡིན། །ཞེས་པས་རང་བཞིན་གྱི་ཆོས་ཐམས་ཅད་དག་པ་ནི་ཚུལ་གཉིས་ཏེ་དེ་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པར་གསུངས་པ། བདེན་པ་གཉིས་འདི་ལྟ་སྟེ། རིགས་ཀྱི་བུ། ཀུན་རྫོབ་ནི་བརྟན་པ་དང་གཡོ་བའོ། །བདེན་པ་ནི་ཆུའི་ཟླ་བ་ལྟ་བུའོ། །དོན་དམ་པའི་བདེན་པ་ནི་སྟོང་པ་ཆེན་པོ་བཅོ་བརྒྱད་དོ། །དེའི་མཐའ་ནི་གནས་སོ་ཞེས་གསུངས་པས་འདིར་ཇི་ལྟར་སྣང་བའི་ཀུན་རྫོབ་ཀྱི་བདེན་པ་ལ་སོམ་ཉི་ཟ་བ་བཤད་ལ། སྟོང་པ་ཉིད་ཀྱི་དོན་མིང་ཚིག་ཐམས་ཅད་དང་བྲལ་བ་ནི་བཅུ་གཅིག་པས་བཤད་པར་སེམས་སོ། །སློབ་དཔོན་གཞན་ནི། འདི་ཡང་བདག་མེད་པ་རྣམ་པར་དབེན་པའོ་ཞེས་གསུངས་ཀྱང་། ལན་གཉིས་ཟློས་པ་ལ་དོན་མེད་དོ་སྙམ་མོ། །འོ་ན་ཆོས་ཐམས་ཅད་ཀུན་རྫོབ་བདེན་པ་ཉིད་དུ་ཅི་ལྟར་དག་ཞེ་ན་བཤད་པ་འཁོར་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་རྟོག་གིས་བསྐྱེད་པའོ། །མྱ་ངན་ལས་འདས་པའི་གང་ཟག་གསུམ་གྱི་གཉེན་པོའི་ཆོས་ནི་ཡང་དག་པའི་རྟོག་པས་བསྐྱེད་པ་ཡང་དག་པའི་ལྟ་བ་ལ་སོགས་པ་འཕགས་པའི་ལམ་མོ། །དེ་ཡང་དབུས་མཐའ་ལས། དོན་དང་ཐོབ་དང་སྒྲུབ་པ་ནི། །དོན་དམ་རྣམ་པ་གསུམ་དུ་འདོད། །ཞེས་པས་ངོ་བོ་དང་། ཐེག་པ་གསུམ་གྱིས་ཐོབ་པ་དང་། ལམ་བསྒྲུབ་པ་སླུ་བ་མེད་པ་ནི་དོན་དམ་པར་བཤད་ལ། གནས་ཡོངས་སུ་གྱུར་པ་ན། །དབང་པོ་ལྔ་རྣམས་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་། །འབྱོར་པ་དམ་པ་ཐོབ་པར་འགྱུར། ཞེས་པ་ལ་སོགས་པས་འགག་པ་མེད་པའི་རྩལ་གྱི་གནས་གྱུར་རྣམས་བསམ་གྱིས་མི་ཁྱབ་ཅིང་། དེ་བསྒྲུབ་པའི་ཐབས་ལམ་དང་། ནོར་བུ་དང་སྔགས་དང་སྨན་དང་སེམས་ཅན་གྱི་རྣམ་རྟོག་དང་བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་ཡོན་ཏན་དང་ནམ་མཁའ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་བསམ་གྱིས་མི་ཁྱབ་པ་ནས་སངས་རྒྱས་ཀྱི་ཕྲིན་ལས་ཀྱི་བར་ལ་འདི་འདྲ་རང་འགལ་ལོ་སྙམ་སྟེ་སོམ་ཉི་ནི་ཐེ་ཚོམ་གྱི་བློ་སྐྱེ་བ་ཡིན་ནོ། །དེ་ནི་ལྟུང་བའོ། །ཅི་ཙམ་གྱི་ལྟུང་བར་འགྱུར་ན་རང་བཞིན་བདེན་མེད་ལ་ཡོན་ཏན་དང་རྟོག་པ་མེད་པར་གཞན་གྱི་སེམས་མཁྱེན་པ་ལ་སོགས་པ་གང་རུང་གཅིག་མི་བདེན་ཏེ་རང་རེའི་བློ་འགལ་ལོ་སྙམ་ན་དངོས་གཞི་ཡིན་ནོ། །གཞན་ནི་གྲུབ་པའི་མཐའ་ལ་སྨོད་པའི་སྐབས་བཞིན་ནོ། །ཉེས་པ་ལས་ལྡང་ཞིང་བཤགས་པ་ཡང་མཐུན་ནོ། །ལྟུང་བ་དགུ་པའི་བཤད་པའོ།། །།དེ་ནས་བཅུ་པ་ནི་གདུག་པ་ཅན་རྣམ་པ་ཐམས་ཅད་དུ་འགལ་བར་བྱེད་པ་ལ་དེ་ལས་མི་བཟློག་པར་དེ་ལ་བྱམས་པ་ལྟར་བྱས་ཏེ་ཡལ་བར་འདོར་བ་ནི་ལྟུང་བ་སྟེ། དེ་ཡང་། གདུག་ལ་རྟག་ཏུ་བྱམས་ལྡན་པ། བྱེད་པ་དེ་ནི་བཅུ་པར་འདོད། ཅེས་བཤད་པས་དེའི་དོན་འགྲེལ་པར། གདུག་པ་ནི་བདུད་དང་མུག་སྟེགས་དང་ཕྱིར་རྒོལ་བ་དྲེགས་པ་ཅན་ལོག་སྲེད་ཅན་ལ་སོགས་པ་ཡང་དག་པའི་བཀས་མི་འདུལ་བ་དང་། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བྲལ་བའི་གང་ཟག་ཡིན་ལ། བྱམས་པ་ཞེས་པའི་སྒྲ་ནི། དེ་དག་ལོག་པར་སྤྱོད་པ་དེ་ལ་རྗེས་སུ་མཐུན་ཞིང་དེ་ལ་བྱ་བ་བཟང་པོ་ཡིན་པ་ལྟར་ལུས་ངག་གིས་དགའ་བར་བྱེད་ཅིང་རང་དགར་འཇོག་པའོ། །ཞེས་བྱུང་བས་དོན་གྱིས་ན་སེམས་ཅན་ཡལ་བར་དོར་བས་ཕྱི་མ་མནར་མེད་ལ་སོགས་པ་མྱོང་བའི་ཕྱིར་བྱམས་པ་ཆེན་པོ་དང་བྲལ་བའི་དོན་ཡིན་ནོ། །དེ་ལ་སྙིང་རྗེ་ཆེན་པོས་བསྡུ་བའི་དངོས་པོ་བཞི་དང་ཐབས་མཁས་པའི་སྤྱོད་པ་དང་རྫུ་འཕྲུལ་དང་དྲག་ཤུལ་སྤྱོད་པས་མི་འདུལ་ན་ལྟུང་བའོ། །དེ་ཡང་འཁོར་ལོ་སྡོམ་པར། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་པ་དང་། གཞན་ཡང་། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་་ནི། གདུག་པ་ཡལ་བར་མི་དོར་ཏེ། །རྫུ་འཕྲུལ་བསྒྲལ་ལ་སོགས་པས་འདུལ། །ཞེས་གསུངས་སོ། །རུང་བ་དང་མི་རུང་བ་དང་ཅི་ལྟར་བྱ་བ་ནི་སྔར་བཤད་དོ། །ཚུལ་འདི་ནི་བྱང་ཆུབ་སེམས་པའི་སེམས་ཅན་དོན་བྱེད་ཀྱི་སྐབས་སུ། རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། ཅེས་ཡན་ལག་དུ་གསུངས་ན། འདིར་རྩ་བར་ཅིའི་ཕྱིར་བརྗོད་ཞེ་ན། གཞན་ལ་བརྩེ་བ་ནི་སངས་རྒྱས་ཀྱི་རིགས་ཀྱི་དམ་ཚིག་ཡིན་ལ། བསྒྲལ་བ་ནི་རྡོ་རྗེའི་རིགས་ཀྱི་དམ་ཚིག་ཡིན་པའི་ཕྱིར་འདིར་རྩ་བར་བསྟན་ཏེ། རྡོ་རྗེ་ཅན་གྱི་རིགས་ལ་སྲོག་གཅོད་བྱ་བར་འགྱུར་ཏེ་ཞེས་བསྟན་པས་སོ། །དེས་ན་འདི་ལྟར་རྟོགས་ཏེ། གདུག་པ་ཅན་ནང་དུ་ནི་མ་རིག་པ་དང་ཞེ་སྡང་གི་སེམས་ཡིན་ལ། དེའི་དྲི་མ་དེ་མི་གསོད་ན་གདུག་པ་ལ་བྱམས་པ་ཡིན་པར་ཤེས་སོ། །དེ་ཡང་སྐྱེས་རབས་སུ། ཁྲོ་བ་འདི་ནི་ནང་གི་དགྲ། །ཞེས་བྱ་བ་ལ་སོགས་པ་དང་། གོང་དུ་ཡང་བསྟན་པ་བཞིན་ཡིན་ནོ་སྙམ་མོ། །རྒྱུན་མཚན་དེས་ན་རང་ཁྲོ་བ་དང་ལྡན་པ་ལ་སོགས་པའི་སེམས་དང་། གཞན་ལོག་པར་སྤྱོད་པ་མཐུན་པར་བྱེད་པ་ནི་ལྟུང་བའོ། །སྙོམས་ལས་ཀྱིས་ནུས་ཀྱང་མ་བཏུལ་ན་སྦོམ་པོའོ། །འདུལ་མི་ནུས་ཀྱང་ཀྱེ་མ་དུས་གཞན་ན་འདི་ཉེས་པ་ལས་བཟློག་པར་གྱུར་ཅིག་ཅེས་སྙིང་རྗེས་རྗེས་སུ་མི་འཛིན་པར་བཏང་སྙོམས་སུ་འཇོག་ན་ཉེས་བྱས་སུ་འགྱུར་རོ། །གཞན་གཏུམ་པོ་ལ་སོགས་པ་སྤྲུལ་པར་གོ་བ་དང་། སེམས་ཀྱིས་བརྩེ་བ་ཡོད་ཀྱང་། དུས་དང་ཐབས་ལ་སོགས་པ་མེད་པ་དང་། དེ་བས་ཆེས་གཞན་གནོད་པར་འགྱུར་བ་མཐོང་བ་ཉེས་པ་མེད་དོ། །འདི་ནི་སྙིང་རྗེའི་སྦྱོར་བས་ཉེས་པ་ལས་ལྡང་བར་རིག་པར་བྱའོ། །དེ་ཡང་ཧེ་བཛྭ་ལས། སྙིང་རྗེ་མེད་ན་མི་འགྲུབ་པས། །དེ་ཕྱིར་སྙིང་རྗེ་བསྐྱེད་པ་ཉིད། །འབད་པས་སྙིང་རྗེ་བསྐྱེད་པ་ཡིས། །གསད་པར་བྱ་བའང་བརྗོད་པ་ཉིད། །ཞེས་གསུངས་སོ། །ལྟུང་བ་བཅུ་པའོ།། །།དེ་ནས་བཅུ་གཅིག་པ་ནི་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཐ་སྙད་ལས་འདས་པ་ལ་སྒྲོགས་འདོགས་པ་དང་སྐུར་པ་སྤང་བར་བྱ་སྟེ། གཞན་དུ་ན་ཉེས་པར་འགྱུར་ཏེ། མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེ་རྟོག་པ་ནི་བཅུ་གཅིག་པ། །ཞེས་གསུངས་པས་མིང་དང་ཚིག་དང་ཡི་གེ་ལ་སོགས་པའི་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱིས་བསྟན་པ་དང་བརྗོད་པ་མེད་པ་དང་། ཡང་ན་མིང་གཞི་སྟེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའོ། །སོགས་པ་ནི་གཟུགས་ཏེ། དེ་ཐམས་ཅད་བྲལ་བ་ཆོས་ཀྱི་དབྱིངས་དང་ཆོས་ཉིད་དང་དེ་བཞིན་ཉིད་ནི་བརྗོད་དུ་མེད་དེ། མཚན་ཡང་དག་པར་བརྗོད་པར། །ཡང་དག་མཐའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཞེས་པ་དང་འཕགས་པ་བྱམས་པའི་ཞལ་སྔ་ནས། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཕྱིར་ན་བསམ་པའི་མིན། །ཆོས་ཉིད་ཟབ་མོ་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང་། །བཙས་པའི་ཁྱིམ་ནས་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་། །ཞེས་གསུངས་སོ། །དོན་དེ་ཉིད་རྣམ་པར་མི་རྟོག་པ་ལ་འཇུག་པར་གསལ་བར་བསྟན་ལ། ཐེག་པ་ཆེན་པོའི་མདོ་རྒྱས་འབྲིང་ལ་སོགས་པ་རྣམས་དང་རྒྱུད་ཐམས་ཅད་དུ་ཡང་གསུངས་ཤིང་། རིགས་པས་གཏན་ལ་ཕབ་པ་ནི་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་རྣམས་ཀྱིས་རྒྱ་ཆེར་བསྟན་ཏོ། །མཐའ་དགག་པ་ནི་དབུས་མཐའ་ལས་ཀྱང་། ཐ་དད་པ་དང་གཅིག་མཐའ་དང་། ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེས་ན་འདིར་རྒྱས་བཤད་མ་བྱས་སོ། །དེ་ལྟ་བུ་ལ་གཉིས་སུ་མེད་ཅིང་དབྱེ་བ་མེད་དེ་སྒྱུ་མ་ལ་སོགས་པ་ལྟ་བུའི་ཞེས་ཐོས་ནས། ཡོད་པ་དང་། མེད་པ་དང་། གཉིས་ཡིན་དང་། གཉིས་མ་ཡིན་དང་། བློས་སྒྲོ་འདོགས་ཤིང་སོ་སོ་སྐྱེ་བོའི་རྟོག་ཡུལ་དང་སྦྱོར་ན་ལྟུང་བའོ། །ཕྲ་རགས་ནི་དྲུག་པར་གྲུབ་མཐའི་སྐབས་བཞིན་ནོ། །དད་པས་མོས་ནས་རྟོག་པ་ནི་སྐྱོན་མ་ཡིན་ཏེ། རང་བྱུང་རྣམས་ཀྱི་དོན་དམ་དེ། དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། ཞེས་རྒྱུད་བླ་མར་གསུངས་སོ། །ལྟུང་བ་བཅུ་གཅིག་པའོ།། །།དེ་ནས་བཅུ་གཉིས་པ་ནི་ཡང་དག་པའི་དོན་དང་དེ་སྟོན་པའི་སངས་རྒྱས་ལ་དད་པ་དང་ལྡན་པའི་སེམས་ཅན་སུན་མི་དབྱུང་སྟེ། ཕྱུང་ན་ལྟུང་བར་འགྱུར་རོ། །དེ་ཡང་། སེམས་ཅན་དད་དང་ལྡན་པ་ནི། སེམས་སུན་འབྱིན་པ་བཅུ་གཉིས་པ། །ཞེས་བྱུང་བ་ནི་ལས་དང་པོ་པ་ཐེག་པ་ལ་གསར་དུ་འཇུག་པ་ལ་དད་པ་ཉིད་གལ་ཆེ་སྟེ། ཆོས་བཅུ་པའི་མདོ་ལས། དད་པ་ཐེག་པ་མཆོག་ཡིན་ཏེ། །དེས་ནི་འདྲེན་རྣམས་ངེས་པར་འབྱུང་། །དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཡོན་ཏན་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་བྱུང་ངོ་། །ཇི་ཙམ་གྱིས་སེམས་སུན་ཕྱུང་པར་འགྱུར་ཞེ་ན། ཀྱེ་ཁྱེད་ཀྱི་བརྩོན་པ་འདིས་ཅི་ཞིག་བྱ། སངས་རྒྱས་ནི་བསྒྲུབ་དཀའ་ཞེས་བྱ་བའམ། ཚུལ་གཞན་གྱིས་ཀྱང་རུང་སྟེ་བྱང་ཆུབ་གསུམ་གྱི་ལམ་ལས་ཕྱིར་ལྡོག་པར་བྱེད་པ་དང་། གསང་སྔགས་ཀྱི་གསང་བའི་སྤྱོད་པ་གང་ཟག་བློ་ཆུང་བས་མཐོང་ནས་མ་དད་པས། དེ་སྤོང་ཞིང་ལྡོག་པ་སྟེ་འདི་ཡང་ཆོས་སྤོང་བའི་རྐྱེན་དུ་གྱུར་པའོ། །དབྱེ་བ་ནི་རྡོ་རྗེ་ཐེག་པའི་གོང་མ་ལས་ལོག་ན་ལྟུང་བ་དངོས་གཞིའོ། །གཞན་ནི་མདོ་དང་ཉན་ཐོས་ཀྱི་ལས་ལོག་ན་སྦོམ་པོ་དང་ཉེས་བྱས་ནི་རེ་ཞིག་སྒྱིད་ལུག་པའོ། །དེས་ན་མདོ་ལས་ཀུན་དགའ་བོ་ཤིང་ནྱ་གྲོ་ཏ་གང་གི་གྲིབ་མ་ལ་སྲོག་ཆགས་བརྒྱ་སྟོང་འཁོད་པའི་ས་བོན་ཅི་ཙམ་གཅིག་ཡིན། གསོལ་པ་ཤིན་ཏུ་ཆུང་ལགས་སོ། །ཀུན་དགའ་བོ་དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་གང་ལ་ལས། ཤཱཀྱ་ཐུབ་པ་ཞེས་བྱ་བ་ང་ཡི་མིང་ཐོས་པ་ཡང་འབྲས་བུ་བྱང་ཆུབ་ཀྱི་མཐའ་གཏུགས་པར་འགྱུར་རོ། །ཞེས་བྱུང་བའི་དོན་བཞིན་དང་བ་དང་དགའ་བ་བསྐྱེད་པར་བྱའོ། །ལྟུང་བ་བཅུ་གཉིས་པའོ།། །།དེ་ནས་བཅུ་གསུས་པ་ནི་སྤྱད་པ་དང་བཅང་བ་དང་བཟའ་བའི་དམ་ཚིག་རྙེད་པ་ཡང་སྤང་ཞིང་དོར་བར་མི་བྱ་སྟེ་དོར་ན་ལྟུང་བའོ། །དེ་ཡང་། དམ་ཚིག་ལ་ནི་ཅི་བཞིན་རྙེད། །མི་བསྟེན་པ་དེ་བཅུ་གསུམ་པ། །ཞེས་བྱུང་བས། འདིར་དམ་ཚིག་གི་སྒྲས་སྔར་སྨོས་པའི་ཤ་ལྔ་དང་བདུད་རྩི་ལྔ་དང་ཆང་ལ་སོགས་པ་ཕྱི་ནང་གསང་བའི་དོན་དུ་བསྟན་པ་དེ་རྣམས་དང་། གཞན་ཡན་ལག་འོག་ནས་འབྱུང་བ་དང་། སྐུའི་དམ་ཚིག་ལྷ་བསྒོམ་པ་དང་། གསུང་གི་བཟླས་པ་དང་ཐུགས་ཀྱི་མི་རྟོག་པར་བསྡུ་བ་ལ་སོགས་པ་རྣམས་ཡིན་ཞེས་གསུངས་པས་འདིར་དང་པོ་རྣམས་སོ། །མི་བརྟེན་པ་ནི་རྣལ་འབྱོར་གྱི་གོ་རིམ་གྱིས་མི་སྤྱོད་པར་ཁྱད་དུ་གསོད་པའོ། །དེ་ཡང་། ནུས་པ་བརྟན་པ་མ་ཐོབ་ཅིང་། །འདུ་བའི་རྫས་ལ་མ་གཏོགས་པར། ཆང་གིས་བག་མེད་བྱེད་པ་དང་། །རང་ཉིད་ཤི་དང་སྨད་པ་དང་། །སྣོད་དུ་ལྟུང་བ་མ་གཏོགས་པར། །ཤ་ཟ་ཁ་ན་མ་ཐོར་འགྱུར། །བསྟན་པའི་དོན་ལ་མ་གཏོགས་པར། །རིགས་རྒྱུད་རབ་ཏུ་འཕེལ་འདོད་དང་། །སེམས་བརྟན་ཚུལ་ལ་བཤད་མཐོང་ནས། །ང་ནི་སྔགས་པ་མཆོག་ཞེས་ཏེ། །དགེ་སློང་ལ་སོགས་ཕྱག་མི་བྱེད། །བརཏལ་ཤུགས་འཛིན་པའི་ཕྱག་ལ་སོགས། །རྨོངས་པ་གང་ཞིག་དང་དུ་ལེན། །ངུར་སྨྲིག་གོས་ལ་སོགས་པ་རྣམས། བག་མེད་སྟན་སོགས་ལོངས་སྤྱོད་དུ། བྱས་ན་སྔགས་སོགས་འགྲུབ་མི་འགྱུར། ཞེས་སྙིང་པོའི་རྒྱན་གསང་སྔགས་སྤྱིའི་ཆོ་གར་མང་དུ་གསུངས་སོ། །མདོར་ན་འདུ་བ་དང་དམ་ཚིག་གི་རྫས་ལ་བརྡའི་སྐད་གསུངས་པ་ལ་སོགས་པ་མ་བརྗོད་ན་ཡང་ཉམས་པར་འགྱུར་ཏེ། ཧེ་བཛྭ་རུ། ཀྱེའི་རྡོ་རྗེར་དབང་བསྐུར་གང་། །གསང་བའི་སྐད་ཀྱིས་མི་སྨྲ་བ། །དེ་ནི་དམ་ཚིག་ཉམས་པ་རུ། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་པ་ལ་སོགས་པ་རྒྱུད་ཐམས་ཅད་ལས་རྒྱ་ཆེར་བྱུང་བ་རྣམས་སོ། །དབྱེ་བ་ཡང་། ཤེས་བཞིན་ཉོན་མོངས་དང་བཅས་པས་ཁྱད་དུ་གསོད་པ་ལྟུང་བའོ། །གོང་མའི་བྱ་བ་དོར་ནས་འོག་མའི་དམ་ཚིག་ལྟར་བྱེད་པ་སྦོམ་པོའོ། །མི་ཤེས་པ་དང་བག་མེད་པའི་སྙོམས་ལས་ནི་ཉེས་བྱས་སོ། །གཞན་གྱི་དོན་དང་མཉམ་པ་ཉིད་རྟོགས་ན་ཉེས་པ་མེད་དོ། །གཞན་ཡང་ཡུལ་དང་དུས་དང་བསམ་པ་དང་རྐྱེན་གྱི་བྱེ་བྲག་གིས་ཉེས་པ་དང་ཉེས་པ་མེད་པ་ཡང་ཤེས་པར་བྱའོ་ཞེས་བཤད་དོ། །ལྟུང་བ་བཅུ་གསུམ་པའོ།། །།དེ་ནས་བཅུ་བཞི་པ་ཤེས་རབ་ཕྱི་དང་ནང་གི་བདག་ཉིད་བྱེ་བྲག་བུད་མེད་ཀྱང་སྨད་པར་མི་བྱའོ། །བྱས་ན་ལྟུང་བར་འགྱུར་ཏེ། ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། ཞེས་གསུངས་སོ། །དེ་ཡང་ཤེས་རབ་ནི་ཡང་དག་པར་ན་ཐོས་བསམ་བསྒོམ་པས་བརྟེན་པར་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །དེའི་རང་བཞིན་ཞེས་བྱ་བ་སྔར་བསྟན་པའི་ཡུལ་ཤེས་རབ་ཕྱག་རྒྱ་བཞི་ཡིན་ལ་དེའི་བྱེ་བྲག་སེམས་ཅན་ཐམས་ཅད་རིགས་ཅན་ཡིན་ཞིང་གཞན་ཡང་དབང་གསུམ་པའི་དམ་ཚིག་གི་སྐབས་སུ། རིགས་ལྔ་དག་ལས་བྱུང་བ་ཡི། །ཕྱག་རྒྱ་རྣམས་ལ་བདག་གུས་བགྱིད། ཅེས་པ་དང་། མི་མོ་དབང་ཕྱུག་ལེགས་མཆོད་ཅིང་། །ཞེས་བྱ་བ་ལ་སོགས་པ་འཁོར་ལོ་སྡོམ་པའི་རྒྱུད་རྣམས་སུ་མང་དུ་གསུངས་བའི་ཕྱིར་རོ། །དེ་ཡང་འདི་ལྟར་རྟོགས་ཏེ། བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་མ་རྒྱུད་ལས་ཆོས་ཐམས་ཅད་བུད་མེད་ཀྱི་སྒྲ་དང་མཐུན་པར་བསྟན་པ་མ་རྟོགས་ཏེ་ཕྱག་རྒྱ་བཞི་ཀ་ལ་དུས་གཅིག་སྨོད་ན་ལྟུང་བ། ལས་ཀྱི་ཕྱག་རྒྱ་བསྟེན་པ་སྨོད་ན་སྦོམ་པོ། བུད་མེད་ལྟ་བུ་ལ་ངག་གི་ཉེས་པ་བརྗོད་པ་ཡང་ཉེས་བྱས་སུ་འགྱུར་བར་སེམས་སོ། །དེ་ཡང་། ཀུན་རྫོབ་གཟུགས་སུ་གནས་ནས་ནི། །འདི་རྣམས་བདེ་གཤེགས་རིགས་སུ་འགྱུར། །ང་རྒྱལ་མི་བཅག་ཐོ་མི་བརྩམ། །ཞེས་གསུངས་སོ། །ཉེས་པ་ལས་ལྡང་བ་ནི་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་བྱའོ། །ལྟུང་བ་བཅུ་བཞི་པའོ།། །།དེ་ནས་ཡན་ལག་གི་ལྟུང་བ་བརྒྱད་བསྟན་པར་འདོད་ནས། དེ་དང་ཕྱོགས་མཐུན་ཡན་ལག་ནི། །དམ་མེད་རིགས་མ་བསྟེན་མི་བྱ། ཚོགས་ཀྱི་འཁོར་ལོར་རྩོད་པ་སྤང་། །མ་གསུངས་པ་ཡི་རིག་མ་ལ། །དམ་ཚིག་བདུད་རྩི་བླང་མི་བྱ། །གསང་ཆོས་དུས་ལྡན་བསྟན་པར་བྱ། །ཆོས་འདྲི་བྲེ་མོའི་གཏམ་མི་བྱ། །ཉན་ཐོས་ནང་དུ་ཞག་བདུན་མིན། རྣལ་འབྱོར་ཡེ་ཤེས་མི་ཤེས་པར། །རྡོ་རྗེ་འཛིན་པར་ཁས་མི་བླང་། །དུས་མིན་གསང་ཆོས་བསྟན་པ་ཡིན། །འདིར་འགལ་ཡན་ལག་ལྟུང་བར་བརྗོད། །ཞེས་བྱ་བ་ནི། སྔར་བསྟན་པའི་རྩ་བ་བཅུ་བཞི་དང་རྗེས་སུ་མཐུན་པའི་ཡན་ལག་སྟེ། གོང་མ་ལ་དབྱེ་བ་བྱས་པའི་ཡན་ལག་མ་ཡིན་ནོ། །འདི་དག་ལ་ཕམ་པ་མེད་པས་སྦོམ་པོ་དང་མཚུངས་པའི་ཕྱིར་དང་། ཡང་ན་གསུམ་ནི་རང་གི་རྒྱུད་སྨིན་པར་བྱ་བ་དང་། འོག་མ་ལྔ་ནི་གཞན་གྱི་རྒྱུད་སྨིན་པར་བྱེད་པའི་ཡན་ལག་ཡིན་པའི་ཕྱིར་བརྗོད་པ་ཡིན་ནོ། །དང་པོ་ནི་ཁྱིམ་པ་རྡོ་རྗེ་འཛིན་པ་ལ་སོགས་པ་དག་རིག་མ་བསྟེན་པ་འཛིན་པ་གསུངས་པ་ཐོས་ནས་དམ་ཚིག་དང་མི་ལྡན་པ་བསྟེན་པར་བྱེད་པ་ཉེས་པའོ། །དེ་ཡང་སློབ་དཔོན་འཇམ་དཔལ་གྲགས་པས་དམ་ཚིག་མི་ལྡན་པ་ནི་དབང་མ་ཐོབ་པ་དང་གསང་མི་ཐུབ་པ་དང་སྔགས་པ་བདག་ཉིད་ལ་མི་དད་པ་དང་། མཚན་ཉིད་བཤད་པ་དང་མི་ལྡན་པའོ། །ཞེས་སོ། །མཚན་ཉིད་ལྡན་ཡང་འདོད་སེམས་ཀྱི་བསྟེན་ན་ཉེས་བྱས་སོ། །དེ་ཡང་སློབ་དཔོན་བྷ་བའི་ལྷས། རབ་ཏུ་བདེ་བ་འཕྲོག་པར་བྱེད། །ཡན་ལག་ཉེས་པ་ང་ཡིས་བཤད། །དམ་ཚིག་དག་དང་མི་ལྡན་པའི། རིག་མ་བསྟེན་པར་དགའ་བ་ནི། །ཡན་ལག་ཉེས་པ་དང་པོ་ཡིན། །ཞེས་གསུངས་སོ། །གཉིས་པ་ནི་ཚོགས་ཀྱི་འཁོར་ལོར་བག་མེད་པའི་དབང་གིས་སམ། ཡོན་ཏན་ལྷག་པའི་ང་རྒྱལ་གྱིས་རྩོད་ན་ཉེས་པར་འགྱུར་རོ། །དེ་ཡང་། ཚོགས་ཀྱི་འཁོར་ལོར་རྩོད་པ་ནི། །ཡན་ལག་ཉེས་པ་གཉིས་པ་ཡིན། །ཞེས་པ་དང་། དབྱེ་བ་ཡང་། སྟན་དེ་ཉིད་ལ་ཞི་ན་ཉེས་བྱས། དུས་འདས་ན་སྦོམ་པོ་སྟེ་ལྕི་བའོ། །གཞན་དུ་ན་ཉེས་བྱས་ཕྲ་མོའོ། །ཞིང་དང་བསམ་པ་དང་། ཉེས་པ་མེད་པ་ཡང་ཤེས་པར་བྱའོ་ཞེས་གསུངས་སོ། །གསུམ་པ་ནི་རྒྱུད་ལས་གསུངས་པའི་རིགས་དང་ལྡན་པ་མ་ཡིན་པའི་རིག་མ་ཕལ་པ་ལས། དམ་ཚིག་གི་བདུད་རྩི་ལྔ་ཕྱི་དང་ན ང་གི་བདག་ཉིད་ཀྱིས་བླང་བར་མི་བྱ་སྟེ། བྱས་ན་ཉེས་པར་འགྱུར་རོ། །དེ་ཡང་། མ་གསུངས་པའི་རིག་མ་ལ། སྔགས་པས་བདུད་རྩི་ཐོབ་བྱེད་པ། །ཡན་ལག་ཉེས་པས་གསུམ་པ་ཡིན། །ཞེས་པས། དེ་ཡང་། མ་གསུངས་པ་ནི་སྨད་པའོ། །དེ་ལ་བདུད་རྩི་ལྔ་ལེན་ཅིང་མ་བཤགས་ནས་དུས་འདས་ན་སྦོམ་པོའོ། །ཕྲ་མོ་དང་ཉེས་མེད་ཀྱང་ཤེས་པར་བྱའོ་ཞེས་གསུངས་སོ། །བཞི་པ་ནི་གསང་བའི་ཆོས་ཤེས་པ་དུས་དང་ལྡན་པར་ཕན་པར་འདོད་པ་ལ་བཤད་པར་བྱ་སྟེ། གཞན་དུ་འདོད་པས་ལོངས་སྤྱོད་མེད་པས་མི་སྟོན་འམ། རང་གི་ཆེད་དམ་དཔེ་འཁྱུད་བྱེད་ན་ཉེས་པ་སྟེ། གསང་ཆོས་ཡན་ལག་ཤེས་གྱུར་ཀྱང་། །གཞན་ལ་མི་སྟོན་ཤེས་རབ་ངན། །ཡན་ལག་ཉེས་པ་བཞི་པ་ཡིན། ཞེས་གསུངས་སོ། །དེ་ཡང་འདོད་པས་མི་སྟོན་ན་སྦོམ་པོ། རུང་ངམ་མི་རུང་ཞེས་ཐེ་ཚོམ་གྱིས་མ་བསྟན་པ་ཉེས་བྱས་སོ། །ཕྲ་མོ་དང་ཉེས་མེད་ཀྱང་ཤེས་པར་བྱའོ། །ལྔ་པ་ནི་དད་པ་དང་ལྡན་པའི་སེམས་ཅན་ཆོས་དོན་དང་ལྡན་པ་འདྲི་བ་ལ་ཀུ་རེ་ལྟ་བུས་དེ་རླུང་ལ་བསྐུར་བར་མི་བྱ་སྟེ་བྱས་ན་ཉེས་པའོ། །དེ་ཡང་། དད་པས་སེམས་ཅན་ཆོས་ཀྱི་རྒྱུ། །གཞན་གྱི་གཏམ་བྱེད་བྱང་ཆུབ་སེམས། །ཡན་ལག་ཉེས་པ་ལྔ་པ་ཡིན། །ཞེས་གསུངས་སོ། །དེ་ཡང་ཐེག་ཆེན་གྱི་ཆོས་དོན་ཆེན་པོ་དང་ལྡན་པ་དོར་ནས་བྲེ་མོའི་གཏམ་སྟོན་ན་སྦོམ་པོའོ། །ཐེག་དམན་གྱི་གཏམ་དུ་བསྒྱུར་བར་བྱེད་ན་ཉེས་བྱས། ཕྲ་མོ་དང་ཉེས་མེད་ཀྱང་ཤེས་པར་བྱའོ། །དྲུག་པ་ནི་ཐེག་པ་ཆེན་པོ་ལ་་སློབ་པ་ � ༄༅། །དང་། དེ་ཡང་ཐེག་ཆེན་ཡང་གཞན་གྱི་དོན་སྤྱོད་པ་ན། ཉན་ཐོས་ཀྱི་ཐེག་པར་ཞུགས་ཤིང་ཐེག་པ་ཆེན་པོ་ལ་རྒྱབ་ཀྱིས་ཕྱོགས་པའི་ཚོགས་པའི་ནང་དུ་ཞག་བདུན་པས་ལྷག་པར་སྡོད་པར་བྱེད་ན་ཉེས་པར་འགྱུར་ཏེ། དེ་ཡང་། ཉན་ཐོས་ནང་དུ་ཞག་བདུན་འདས། །ཡན་ལག་ཉེས་པ་དྲུག་པ་ཡིན། །ཞེས་བྱུང་ངོ་། །དེ་ཡང་རང་གི་ཚུལ་དེར་ནས་གནས་ན་སྦོམ་པོ། རྐྱེན་གྱི་དབང་ངམ་སྙོམ་ལས་ཀྱིས་ཉེས་བྱས་སོ། །འདུལ་བའི་ཕྱིར་རམ་ན་བ་ལྟ་བུ་ཉེས་མེད་དོ། །བདུན་པ་ནི་གསང་སྔགས་ཀྱི་ཚུལ་ཕྱི་ནང་གཞན་གསུམ་དང་། ཟུང་འཇུག་གི་རྣལ་འབྱོར་མི་ཤེས་པར། ཕྱིའི་བྱ་བ་བསྐྱེད་རིམས་ལ་སོགས་པའི་ཕྱོགས་ཙམ་ཤེས་པས་ང་ནི་སྔགས་འཆང་རྡོ་རྗེ་འཛིན་པའོ་ཞེས་ཁས་མི་བླང་སྟེ། བྱས་ན་ཉེས་པའོ། །དེ་ཡང་། རྣལ་འབྱོར་ཡེ་ཤེས་མི་ཤེས་པར། །ང་ནི་སྔགས་པ་ཡིན་ཟེར་བ། །ཡན་ལག་ཉེས་པ་བདུན་པ་ཡིན། །ཞེས་སོ། །དེ་ཡང་། མངོན་པའི་ང་རྒྱལ་གྱིས་གནས་ན་སྦོམ་པའོ། །ཕྱོགས་འདི་ཙམ་གྱི་སྔགས་པའོ་ཞེས་རློམ་པ་ཉེས་བྱས་སོ། །ང་རྒྱལ་དང་རློམ་པ་མེད་པར་མིང་བརྗོད་པ་ནི་ཉེས་མེད་ཡིན་ནོ། །བརྒྱད་པ་ནི་ནང་གི་སྣོད་མ་ཡིན་པ་འདོད་ཅིང་དོན་དུ་གཉེར་བ་ལ་ཚོགས་པ་ལ་བཤད་པ་བསྟན་རྒྱུ་ལ། ཤིན་ཏུ་གསང་བའི་དོན་དུས་མ་ཡིན་པར་སྟོན་པ་ནི་ཉེས་པའོ། །དེ་ཡང་སྣོད་མིན་སེམས་ཅན་ཐམས་ཅད་ལ། །ཕྱིའི་ཆོས་བཤད་ཡིན་པ་ལ། །གསང་བའི་ཆོས་རྣམས་བཤད་པ་ནི། ཡན་ལག་ཉེས་པ་བརྒྱད་པ་ཡིན། །ཞེས་གསུངས་སོ། །འདི་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པར་རྒྱན་བདུན་གསུངས་པའི་སྐབས་ནས་དབྱེ་བ་གཉིས་སྟེ་ཚོགས་པ་ལ་བཤད་པ་དང་། སློབ་མ་ལ་བཤད་པའོ། །གང་ཟག་ལྔའི་སློབ་མ་བརྟག་པ་འདི་ལྟ་སྟེ། རིན་པོ་ཆེན་དང་། ཙན་དན་དང་། པད་མ་དང་། པད་མ་དཀར་པོ་དང་། ཨུཏྤ་ལ་རྣམས་སོ་ཞེས་བྱུང་བས་རིན་ཆེན་ལྟ་བུ་མ་གཏོགས་པ་ཐམས་ཅད་ཚོགས་པ་ལ་བཤད་པ་ཡིན་ནོ། །དེ་ཡང་སྣོད་ཤེས་བཞིན་དུ་འདོད་པས་བཤད་ན་སྦོམ་པོ། མ་ཤེས་ན་ཉེས་བྱས་སོ། །ཉེས་བྱས་ཕྲ་མོ་དང་ཉེས་མེད་ཀྱང་ཤེས་པར་བྱའོ། །བརྒྱད་པོ་འདི་རྣམས་ནི་ཡན་ལག་གི་གཙོ་བོ་དུས་འདས་ན་རྩ་བ་དང་འདྲ་བར་འགྱུར་རོ་ཞེས་བཤད་པས་བསྟན་པ་ཡིན་ནོ། །ཅི་ཚོགས་ཀྱི་འཁོར་ལོར་རྩོད་པ་རྡོ་རྗེ་སྤུན་ལ་ཁྲོ་བ་མ་ཡིན་ནམ། དེ་བཞིན་དུ་བརྒྱད་པ་འདི་ཡང་གསང་སྒྲོགས་སུ་མི་འདུ་འམ་ཞེ་ན། བཤད་པ་འདིར་རྩོད་པ་ནི་འདི་ལྟ་སྟེ་ཁྲོ་བ་མ་ཡིན་ནོ། །ཁྱོད་པས་བདག་འདི་ལྟར་མཁས་སོ་ཞེས་བྱ་བ་དང་། ཆོས་ཀྱི་གཏམ་ལ་བརྟེན་ནས་ཁོང་འཁྲུག་པ་དང་ཞུམ་པ་དང་སྦྱིན་བྱེད་མི་དད་པ་དང་ཏིང་ངེ་འཛིན་འཁྲུགས་པ་ལ་སོགས་པ་ཡིན་པར་བཟུང་ངོ་། །ཞེ་སྡང་གིས་ཁྲོ་ན། རྩ་བ་དང་ཡན་ལག་གི་ཉེས་པ་གཉིས་ཀ་འབྱུང་ངོ་། །དེའི་རྐྱེན་གྱིས་བླ་མ་མི་མཉེས་ན་གསུམ་འབྱུང་ངོ་། །དེའི་རྐྱེན་གྱིས་ཁྱོད་ཀྱི་འདི་ཆོས་མིན་ནོ་ཞེས་ཟེར་བ་བཞིན་འབྱུང་ངོ་། །དེའི་རྐྱེན་གྱིས་ལུས་དང་ཁ་དེ་ཡིས་ལན་ཅེས་རང་གིས་རང་ལ་སྨོད་ན་བརྒྱད་པ་འབྱུང་ངོ་། །དེ་ལ་སོགས་པ་ཕྱོགས་མཐུན་དུ་མ་ཁོང་དུ་ཆུད་པར་བྱའོ། །ཡན་ལག་བརྒྱད་པ་ཡང་གསང་སྒྲོགས་མ་ཡིན་ཏེ་སློབ་མ་དབང་ཐོབ་ཅིང་རྒྱུད་ལྟ་བ་དང་ཉན་པ་ལ་དབང་བ་ཕྱི་དང་མཐུན་པར་བཤད་པར་བྱ་བ་ལ། ཅུང་ཟད་ནང་གི་དོན་བློ་ལ་མི་འཚམ་པ་བཤད་པས་རྐྱེན་གཞན་དུ་གྱུར་པ་སྟེ། དེ་ལ་སོགས་པ་དུ་མར་འགྱུར་བ་རྣམས་ཞིབ་ཏུ་བརྟགས་ལ་ཤེས་ཤིང་དཔྱད་པར་བྱ་དགོས་སོ། །ཡན་ལག་བརྒྱད་བཤད་པའོ། །ད་ནི་རྒྱུད་གཞན་དང་གཞན་ལས་བྱུང་བ་བསྐྱེད་རྫོགས་ཀྱི་ཚུལ་སྤྱོད་པ་དང་ཕྲིན་ལས་བསྒྲུབ་པར་བྱེད་པ་ལ་བརྟེན་པ་ལྟུང་བ་བཅོ་ལྔ་པ་ཞེས་བྱ་བ་སློབ་དཔོན་དཔའ་བོས་ཕྱུང་སྟེ། བསྟན་པ་དང་མཐུན་པ་བཤད་པར་འདོད་ནས། གཞན་ཡང་རྣམ་པ་བཅོ་ལྔ་སྟེ། ཞེས་བྱ་བ་ནི་གཞན་ཐུན་མོང་གི་རིགས་ཀྱི་སྡོམ་པ་ལ་བརྟེན་པ་བཅོ་ལྔ་བྱུང་སྟེ། འདི་ཡང་རྩ་བ་བཅུ་བཞི་ལ་འདུ་ཡང་། རྣམ་གྲངས་ཀྱིས་གཙོ་བོ་ལྟ་བུར་བསྟན་ཏོ། །གང་ཞེ་ན། མཆོད་སོགས་དུས་ལས་འདས་པ་དང་། རང་ལྷ་བླང་དོར་བྱེད་པ་གཞན། །ཕྱི་རོལ་འཇིག་རྟེན་ལྷ་དགའ་དང་། །དངོས་པོ་ཐེར་ཟུག་ཞེན་ཅིང་བསྒོམ། དབང་མ་རྫོགས་པར་གཞན་ལ་བསྐུར། །ཚེ་འདིའི་དོན་དུ་སྟོན་པ་དང་། །འོག་མའི་བསླབ་པ་ཁྱད་དུ་གསོད། །རྙེད་ཕྱིར་རང་ཚུལ་གོང་མར་སྟོན། །ནུས་མིན་ཕྲིན་ལས་རྩོམ་པ་དང་། །དོན་མེད་སྙོམས་ལས་ཀྱིས་གནས་བྱེད། །བརྩེ་སེམས་ཡོད་པར་བྱེད་པ་དང་། །དམན་པའི་སྤྱོད་པ་བྱེད་ལ་དགའ། །འཇིག་རྟེན་གཡེང་བས་དུས་འདས་དང་། །ཉམས་པ་ཡལ་བར་འདོར་བྱེད་ཅིང་། །རང་ཚུལ་སྤྱོད་པ་འདོར་བྱེད་པ། འདི་རྣམས་ལྟུང་བར་གསུངས་པ་ཡིན། །ཞེས་བྱ་བ་སྨོས་ཏེ་བཅོ་ལྔ་པོ་འདི་ཡང་སློབ་དཔོན་འཇམ་དཔལ་གྲགས་པས་བཤད་པ་འདིར་བསྡུས་ནས་བརྗོད་པར་བྱ་སྟེ། དང་པོར་བསྐྱེད་རྫོགས་ལ་གནས་པར་དམ་བཅས་ནས། ཉིན་དང་མཚན་དུ་ལུས་ངག་ཡིད་ཀྱིས་མཆོད་བསྟོད་དང་བཟླས་པ་དང་ཐ་ན་མོས་པ་ཡང་དྲན་པར་མི་བྱེད་ན་ལྟུང་བར་འགྱུར་བས་སླར་ཉིས་ལྡབ་དུ་བྱས་ཏེ་བརྩོན་པར་བྱའོ། །དོན་གཞན་གོང་མ་དང་ན་བ་དང་སེམས་འཁྲུགས་པ་དང་བླ་མའི་བྱ་བ་ལ་སོགས་པས་ཆགས་པ་ལ་ཉེས་པ་མེད་དོ། །གཉིས་པ་ནི་རང་གི་དབང་ཐོག་མར་ཐོབ་ཅིང་ཡི་དམ་དུ་བཟུང་བ་ལ། དེ་བས་ལྷ་གཞན་བཟང་བའི་རྟོག་པས་བླང་དོར་བྱེད་ན་ལྟུང་བ་སྟེ། མཉམ་པར་རྟོགས་པ་དང་རྒྱུད་ཀྱི་རིམ་པ་གོང་མར་སྤྱོད་པ་དང་། ཕྲིན་ལས་ཀྱི་བསྒྱུར་ཀས་གཞན་དོན་བྱེད་པ་དང་། བླ་མའི་རྗེས་སུ་མོས་པ་དང་། གཅིག་པ་ཉིད་དུ་བྱིན་གྱིས་བརླབས་པ་རྣམས་ལ་ཉེས་པ་མེད་དོ། །གསུམ་པ་ནི་མུ་སྟེགས་བྱེད་ལ་སོགས་པའི་ལྷ་རྟེན་ལ་མཆོག་ཏུ་གུས་པས་ཕྱག་དང་མཆོད་པ་ལ་སོགས་པ་རང་གི་ཡི་དམ་ཡིན་པས་ལྷག་པའི་གནས་སྐབས་ཀྱི་ཡོན་ཏན་ཡོད་པར་སེམས་པས་བྱེད་ན་ལྟུང་བའོ། །གཞན་ལ་ཕན་པའི་ཕྱིར་བྱེད་པ་དང་། དོན་གཞན་ཆེན་པོ་དང་དབང་མེད་པ་ལྟ་བུ་ལ་ཉེས་པ་མེད་དོ། །བཞི་པ་ནི་བསྐྱེད་པའི་རིམ་པ་སྒྱུ་མ་ལྟ་བུའམ་ཡང་ན་ཐུན་བསྡུ་བ་ལ་སོགས་པའི་རྫོགས་རིམས་ཀྱི་རྒྱས་མི་འདེབས་པར་ཐེར་ཟུག་དུ་ཞེན་པས་སྒོམ་ན་ལྟུང་བའོ། །དམིགས་པ་འཛིན་པ་དང་མཐུ་རྟས་པར་བྱེད་པ་ལ་ཉེས་པ་མེད་དོ། །ལྔ་པ་ནི། རང་གིས་དབང་གོང་མ་རྣམས་མ་ཐོབ་པར་བུམ་པ་ཙམ་ཡོད་པས་གཞན་ལ་རྫོགས་པར་བྱེད་ན་ལྟུང་བའོ། །གཞན་གྱི་རྒྱུད་མཆོག་གི་ཐོབ་ཅིང་བྱེ་བྲག་གི་མ་ཐོབ་པ་ལ་ཡང་ཕྲ་མོའི་ཉེས་པ་ཡོད་མོད་ཀྱི་བསྟན་པའི་དོན་གཞན་རྒྱས་པར་བྱེད་ཅིང་སྙིང་རྗེས་བྱས་ན་ཉེས་པ་མེད་དོ། །ལུང་བསྟན་པ་ཐོབ་ན་ཉེས་པ་མེད་དོ། །དྲུག་པ་ནི་ཟབ་མོའི་དོན་ཚེ་འདིའི་ཆེད་དུ་སྤྱོད་ཅིང་ཕྱི་མའི་དོན་ལ་མི་སེམས་ན་ལྟུང་བའོ། །གཙོ་བོར་ཕྱི་མ་སེམས་ཤིང་ཞོར་ལ་འདིའི་ཡོན་ཏན་འཕེལ་ལ་ཉེས་པ་མེད་དོ། །བདུན་པ་ནི་བསླབ་པ་འོག་མ་དང་། གཞན་ཉེས་བྱས་མཐོང་བཞིན་ཁྱད་དུ་གསོད་ན་ལྟུང་བའོ། །གོང་མ་ཡར་ལྡན་མཐོང་ན་ཉེས་པ་མེད་དོ། །བརྒྱད་པ་ནི་འདོད་པས་ལུས་དང་ལོངས་སྤྱོད་བསྒྲུབ་པའི་ཕྱིར་རང་ལ་མེད་པའི་ཡོན་ཏན་ཡོད་པར་སྟོན་ཅིང་ཚུལ་འཆོས་ན་ལྟུང་བའོ། །གཞན་གྱི་དག་སྣང་བྱེད་པ་དང་། དོན་ཆེན་པོས་གཞན་ལ་ཕན་པ་དང་། འཁྲུལ་ན་ཉེས་པ་མེད་དོ། །དགུ་པ་ནི་རང་ལ་ཞི་བ་ལ་སོགས་པའི་ཕྲིན་ལས་ཀྱི་ནུས་པ་མེད་པར་བྱེད་པས་གཞི་དེས་གཞན་མ་མོས་པ་དང་། ལོག་པར་བྱེད་པའི་རྐྱེན་བྱེད་ན་ལྟུང་བའོ། །རང་གི་མཐུ་རྟས་པར་བྱེད་པ་དང་། གྲོགས་བྱས་པ་ལ་ཉེས་པ་མེད་དོ། །བཅུ་པ་ནི་དོན་མེད་པར་སྙོམས་ལས་ཀྱིས་དུས་འདའ་བར་བྱེད་ཅིང་རང་གཞན་གྱི་རྒྱུད་སྨིན་པར་མི་བྱེད་ན་ལྟུང་བའོ། །ན་བ་དང་རྐྱེན་དྲག་པོ་དང་གཞན་མང་པོ་དང་འགལ་ན་ཉེས་པ་མེད་དོ། །བཅུ་གཅིག་པ་ནི་གཞན་ན་བ་ལྟ་བུ་དང་ལོག་པར་སྤྱོད་པ་ལ་བརྩེ་བ་མི་བྱེད་པར་འཇོག་ན་ལྟུང་བའོ། །མི་ནུས་པ་དང་། གཞན་གྱིས་བྱེད་པ་ཡོད་ན་ཉམས་པ་མེད་དོ། །བཅུ་གཉིས་པ་ནི་རྣལ་འབྱོར་ཆེན་པོའི་ཚུལ་ལ་ཞུགས་ཤིང་ཤེས་ཀྱང་། འོག་མའི་སྤྱོད་པ་བྱེད་ན་ལྟུང་བའོ། །གཞན་འདུལ་བ་དང་། དུས་ཤེས་པས་སྤྱོད་པ་ལ་ཉེས་པ་མེད་དོ། །བཅུ་གསུམ་པ་ནི་འཇིག་རྟེན་གྱི་གཡེང་བ་ཆོས་བརྒྱད་ལ་སྤྱོད་ཅིང་དུས་འདའ་བར་བྱེད་པས་གཞན་དང་མཐུན་པར་བྱེད་པ་ལྟུང་བའོ། །ཐབས་དེས་འདུལ་བར་བྱེད་ན་ཉེས་པ་མེད་དོ། །བཅུ་བཞི་པ་ནི་ཐེག་པ་གསུམ་གྱི་སྡོམ་པ་ཞིག་པ་དག་ཡལ་བར་འདོར་ན་ལྟུང་བའོ། །མི་ནུས་པ་དང་། རང་ཁས་ལེན་པར་བྱེད་པ་དང་། གཞན་གྱི་འདུལ་བ་དང་། དུས་ཤེས་པས་རེ་ཞིག་བཏང་སྙོམས་སུ་བྱེད་པ་ལ་ཉེས་པ་མེད་དོ། །བཅོ་ལྔ་པ་ནི་ཐེག་པ་དང་རྒྱུད་བཞི་སོ་སོ་དང་ལས་དང་པོ་པ་ནས་རྣལ་འབྱོར་མཆོག་གི་བར་དུ་གོ་རིམ་གསུངས་པའི་སྤྱོད་པ་མི་བྱེད་ན་ལྟུང་བའོ། །དེ་ཡང་ཅི་ལྟ་བུ་ཞེ་ན་བཤད་པ། སྤྱན་རས་གཟིགས་ཀྱི་འགྲེལ་པ་དྲི་མ་མེད་པར། །ལས་དང་པོ་པ་རྣམས་ཀྱི་རྣལ་འབྱོར་པའི་སྤྱོད་པ་མི་བྱའོ། །རྣལ་འབྱོར་ལ་ཞུགས་པས་ཀྱང་གྲུབ་པ་ཐོབ་པའི་སྤྱོད་པ་མི་བྱའོ། །གྲུབ་ཐོབ་ཀྱི་ཐམས་ཅད་མཁྱེན་པའི་སྤྱོད་པ་མི་བྱའོ་ཞེས་པ་དང་། གདུག་པ་ཅན་གྱི་རྫས་དུག་དང་བདུད་རྩི་ལྔ་ལ་སོགས་པ་བསམ་གཏན་དང་སྔགས་ཀྱི་ནུས་པ་འཕྲོག་པར་མི་ནུས་པར་ལས་དང་པོ་ལ་ཟ་བ་དང་རྐུ་བ་ལ་སོགས་པའི་ངེས་པ་རྡོ་རྗེ་སློབ་དཔོན་གྱིས་ཀྱང་མི་སྦྱིན་་ནོ། །ལས་དང་པོ་པ་ཡུལ་ཆོས་དང་འཐུན་པར་བྱའོ་ཞེས་བྱུང་ངོ་། །འཇམ་དཔལ་གྲགས་པས་ཀྱང་། སྤྱོད་པ་རྣམ་པ་བཞི་སྟེ། ལས་དང་པོ་པས་ཀུན་ཏུ་བཟང་པོའི་སྤྱོད་པ་བྱ་སྟེ། རྒྱུད་གཞན་ནས་ཀུན་ཏུ་་བཟང་པོའི་སྤྱོད་པ་གནས་སྐབས་གཞན་དུ་བསྟན་ཏེ་དགོངས་པ་གཞན་ཡིན་ནོ། །ཅུང་ཟད་བརྟན་པ་ཐོབ་ནས་རིག་པ་བརཏལ་ཤུགས་ཀྱི་སྤྱོད་པ་བྱ་སྟེ། གསང་སྤྱོད་ཟླ་བ་དྲུག་ལ་སོགས་པ་བྱ་བར་བཤད་དོ། །བརྟན་པ་ཐོབ་པ་རྣམས་ཀྱིས་མགོན་པོའི་ཀུན་ཏུ་སྤྱོད་པ་ལ་གནས་པར་བྱའོ་ཞེས་བཤད་པའི་རྒྱུད་ཆེན་པོ་ལས་བྱུང་ངོ་ཞེས་གསུངས་སོ། །སྤྱོད་པ་རྣམས་ནི་སྔར་བསྟན་པའི་དགེ་བསྙེན་དང་དགེ་ཚུལ་ལ་སོགས་པའི་དབྱེ་བས་གོ་བར་བྱ་སྟེ། རྡོ་རྗེ་རྩེ་མོར། བསླབ་པ་ལྔ་དང་ལྡན་པ་ཡིས། ཁྱིམ་པའི་ཚུལ་དུ་གནས་ནས་ནི། །གསང་སྔགས་རྒྱལ་པོ་རྣམ་པར་བསྒྲུབ། །གལ་ཏེ་དེ་ནི་རབ་བྱུང་ན། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོ་ཐར་དང་བྱང་ཆུབ་སེམས། རིགས་འཛིན་རང་གི་སྡོམ་པའོ། །ཞེས་པ་ལ་སོགས་པ་ཆོ་ག་ཞིབ་མོ་གསུངས་པ་རྣམས་འདིར་མ་སྤྲོས་ཀྱང་། ཐེག་པའི་རིམ་པ་དང་། བསླབ་པའི་རིམ་པ་དང་། རྒྱུད་བཞིའི་རིམ་པ་དང་། ཉམས་སུ་མྱོང་བའི་རིམ་པས་སྤྱད་པར་བྱའོ། །གལ་ཏེ་སྐྱོན་ཅུང་ཟད་བྱུང་ཡང་བཤགས་ཤིང་བསྡམ་པར་བྱའོ། །འདིར་བཅོ་ལྔ་པོ་གསུངས་པ་རྒྱུད་ལས་བྱུང་བ་བཞིན་ངེས་པ་གོ་བའི་ཕྱིར་སློབ་དཔོན་བྷ་བའི་ལྷས་བཏོན་པ་ནི་འདི་ཡིན་ཏེ། རང་ལྷ་བླང་དོར་ལྟུང་བ་མིག །དེ་ཉིད་དུས་འདས་རི་བོང་ཅན། །ལྷ་གཞན་དགའ་བ་ཡོན་ཏན་ནོ། །རིག་བྱེད་དངོས་ལ་ཞེན་པ་ཡིན། །མ་རྫོགས་རྫོགས་བྱེད་མདའ་ཡིན་ནོ། །འཇིག་རྟེན་ཆོས་ཕྱིར་དབང་པོ་སྟེ། །ཁྱད་དུ་གསོད་པ་ཡང་ནི་རི། གོང་མེད་ཚུལ་སྟོན་བཀྲ་ཤིས་སོ། །འཕྲིན་ལས་མ་རྫོགས་གཟའ་ཞེས་གྲགས། །དོན་མེད་གནས་པ་ཕྱོགས་ཡིན་ནོ། །བརྩེ་བ་གཏོང་པ་དྲེག་་བ་སྟེ། །དམན་པའི་སྤྱོད་པ་ཉི་མའོ། །ཟང་ཟིང་རྟོག་པ་ཡན་ལག་ཡིད། །ཡོངས་སུ་མི་འཛིན་ས་ཞེས་བྱ། །རང་སྤྱོད་འདོར་བ་ཚེས་ཞེས་གྲགས། ཞེས་གྲངས་རྣམས་བརྡའི་སྐད་དུ་གསུངས་སོ།། །།ད་ནི་དེ་ལས་ཡན་ལག་བདུན་གསུངས་པ་བརྗོད་དེ། དམ་པ་ཉེར་སྟེན་གཅིག་ཤོས་མིན། །སྣོད་དང་ལྡན་པ་རྣམ་པར་བརྟགས། །འདོད་ཕྱིར་གཞན་ལ་གནོད་པ་སྤངས། །དཀོན་མཆོག་ལ་སོགས་ནོར་ལ་མིན། །གཞན་དོན་སྐད་ཅིག་ཡལ་མི་འདོར། །དགེ་ཀུན་སེམས་བསྐྱེད་བསྔོ་བས་གཟུང་། །རྣམ་ཤེས་འཕོ་བའི་དེ་ཉིད་མཁས། །འདི་ཡང་ཡན་ལག་ཉེས་པར་བཤད། །ཞེས་བྱ་བ་ནི། བླ་མ་དམ་པ་བསྟེན་ཅིང་། མཚན་ཉིད་མི་ལྡན་པ་མི་བསྟེན་པ་དང་། སྔར་བསྟེན་ནའང་ཐབས་ཀྱིས་བཅོས་པར་བྱ་བ་དང་པོའོ། །སྣོད་མིན་པའི་བླུན་པོ་ཆེད་དུ་བསྡུད་པར་བྱེད་ན་ལྟུང་བ་དུ་མའི་གཞིར་འགྱུར་ཏེ་བླུན་པོ་རྣམས་ནི་ཉེས་པ་མང་དུ་བྱེད་ཅིང་དྲི་མ་ལས་ལྡང་བ་དཀའ་བའི་ཕྱིར་རོ། །འདོད་པས་སྔགས་ལ་སོགས་པ་དོན་ཆུང་བ་ལ་སེམས་ཅན་གྱི་ཤ་དང་རུས་པ་ལ་སོགས་པའི་ཕྱིར་འཚེ་ན་གནོད་པ་དེ་སྤང་བྱ་ཡིན་ནོ། །དཀོན་མཆོག་གི་རྫས་ནི་ཤིན་ཏུ་ལྕི་བའི་ཕྱིར་ཉམས་པར་མི་བྱ་སྟེ། ཐ་ན་འདོད་པས་སྤོས་ཀྱི་དྲི་ལ་ཡང་མི་བསྣམ། མར་མེ་ཕུལ་བའི་འོད་ཀྱང་བསྒྲིབས་ཏེ་ཉལ་ལོ་ཞེས་བཤད་པའི་ཕྱིར་རོ། །གཞན་གྱི་དོན་བྱ་བ་དང་། བསྔོ་བས་ཟིན་པར་བྱ་སྟེ་དགེ་བའི་རྩ་བ་དང་ལྡན་པར་བྱའོ། །རྣམ་ཤེས་འཕོ་བ་ནི་འཆི་བའི་ཚེ། དུས་ཤེས་པ་དང་། འོད་གསལ་ལས་སྙིང་རྗེས་ལྡང་བའི་ཚུལ་ཤེས་པ་སྟེ། གཞན་དུ་ན་ཕུང་པོ་ལ་བརྙས་པ་དང་། བར་མ་དོར་མྱ་ངན་ལས་འདས་པའི་སྐྱོན་དུ་གྱུར་བར་དོགས་པའི་ཕྱིར་རོ། །མདོར་བསྡུས་ན་བདུན་པོ་འདི་མ་གཏོགས་པ་ཡང་ཕྱོགས་མཐུན་པ་ཐམས་ཅད་སྔར་བསྟན་པའི་རྩ་བ་དང་ཡན་ལག་གི་ནང་དུ་འདུ་བར་ཤེས་པར་བྱས་ལ། ཕྲ་རགས་ལ་སོགས་པ་བརྟག་པར་བྱའོ། །རྩ་བ་དང་ཡན་ལག་གི་ལྟུང་བ་ཇི་སྙེད་པ་བསྟན་པའོ། །ད་ནི་དེ་རྣམས་ཀྱི་ཉེས་པ་ཆེ་ཆུང་གི་རིམ་པ་བཤད་པར་བྱ་སྟེ། མདོར་ན་རྒྱུད་ཀྱི་རིམ་པ་བཞིན། །དབང་བཞིའི་ཚུལ་དང་རྗེས་འབྲེལ་བས། །བློ་དང་ལྡན་པས་ལེགས་པར་དཔྱད། །ཕམ་སོགས་དབྱེ་བའི་གོ་རིམ་ཀྱང་། །ཉོན་མོངས་ཀུན་བསླང་དོར་ཤེས་ལྡན། །ལུས་ངག་སྦྱོར་ལྡན་བར་ཆད་ཅིང་། །མ་འཁྲུལ་འགྱོད་མེད་ཚད་ལས་འདས། །བདུན་ལྡན་ཕམ་པ་ཞེས་བརྗོད་ལ། །དངོས་གཞི་མེད་དང་ཚད་ལས་འདས། །ལྟུང་བ་ཞེས་བརྗོད་ལྷག་མ་འདྲ། །དེ་བས་དམན་དང་ཡན་ལག་གི །གཙོ་བོ་ལྕི་སྟེ་སྦོམ་པོ་བཞིན། །ཡན་ལག་གཞན་དག་སྟོང་བྱེད་མཚུངས། །ཕྱོགས་མཐུན་ཕྲ་མོའི་ཉེས་བྱས་ཏེ། །ལྟུང་བའི་གཟུགས་བརྙན་ཉེས་མེད་དག །ལེགས་ཤེས་གཉེན་པོ་རབ་ཏུ་བསྟེན། ཞེས་བྱ་བ་ནི། འདིར་གོ་སླ་བར་བྱ་བའི་ཕྱིར་བརྗོད་པ་སྟེ། བྱ་བ་དང་སྤྱོད་པའི་རྒྱུད་རྣམས་ལ་ནི་ཕལ་ཆེར་བླ་མ་དང་བུམ་པའི་དབང་གཙོ་ཆེ་བས་སྨོན་འཇུག་དང་བླ་མའི་དམ་ཚིག་དང་། ཀུན་བརྟགས་ཀྱི་བསྐྱེད་རྫོགས་དང་བཟླས་བརྗོད་དང་། མཆོད་བསྟོད་ལ་སོགས་པ་གཙོར་བཟུང་ངོ་། །རྣལ་འབྱོར་དང་བླ་ན་མེད་པ་ནི་དབང་བཞི་ཀ་ལྡན་པའི་ཕྱིར་ཐམས་ཅད་བཟུང་མོད་ཀྱི་དབང་གསུམ་པ་དང་བཞི་པ་ནི། ཁྱད་པར་དུ་ལྔ་པ་དང་དགུ་པ་དང་བཅུ་གཅིག་པ་བཅུ་བཞི་པ་དམ་ཚིག་གཙོ་བོ་ཡིན་པར་སེམས་སོ། །བླ་མ་ནི་ཐམས་ཅད་ལས་གཙོ་བོར་བཟུང་ངོ་། །འོན་ཀྱང་དང་པོ་གསུམ་ནི་དཀོན་མཆོག་གསུམ་གྱི་སྐྱབས་སུ་འགྲོ་བ་དང་འབྲེལ་ལ། བཞི་པ་དང་ལྔ་པ་ནི་ཀུན་རྫོབ་ཏུ་སེམས་བསྐྱེད་པའོ། །ཆོས་ལ་སྨོད་པ་དང་གསང་སྒྲོགས་ནི་ཆོས་ཀྱི་བླང་དོར་ཤེས་པ་དང་མི་ཤེས་པ་ལ་བརྟེན་ཏོ། །བརྒྱད་པ་ནི་རྟེན་ཕུང་པོའི་དག་པ་མི་ཤེས་པ་སྤང་བའོ། །དགུ་པ་ནི་དེའི་དག་པའི་ཐེ་ཚོམ་སྤོང་བའོ། །བཅུ་པ་ནི་ཚར་གཅད་པའོ། །བཅུ་གཅིག་པ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་སོ། །བཅུ་གཉིས་པ་ནི་རྗེས་སུ་བཟུང་བའོ། །བཅུ་གསུམ་པ་ནི་བཅང་བ་དང་བཟའ་བ་དང་སྤྱད་པའོ། །བཅུ་བཞི་པ་ནི་འཆིང་བྱེད་ཀྱི་རྐྱེན་གྱི་དམ་ཚིག་སྟེ། ཀུན་མཆོག་ཕྱི་ནང་བྱང་ཆུབ་སེམས། །ཡུལ་དང་ཡུལ་ཅན་ཕྱི་ནང་རྐྱེན། །ཚར་གཅད་རྗེས་བཟུང་ཕྲིན་ལས་སུ། །དམ་ཚིག་ཐམས་ཅད་བསྡུས་པའོ། །དབྱེ་བ་བདུན་ལྡན་ནི་ཕམ་པ་དང་འདྲ་བའོ། །བླ་མ་བཞུགས་པ་ལ་ལོ་གཅིག་དང་གསུམ་ཚུལ་ཆད་དུ་བཤགས་པ་དང་དེ་བཞིན་དུ་རྐྱེན་འཛོམས་པ་ལ་ལེགས་པར་བཤགས་ཤིང་སྡོམ་པ་ཚད་ལས་མ་འདས་པའོ། །དེ་དང་དངོས་གཞི་མ་བྱུང་བའི་རྩ་ལྟུང་རྣམས་དཔེར་ན་དགེ་འདུན་ལྷག་མ་ལྟ་བུའོ། །དེ་བས་དམན་པ་དང་ཡན་ལག་བརྒྱད་ཀྱི་དངོས་གཞི་ནི་སྦོམ་པོར་བཤད་དོ། །དེ་བས་ཀྱང་དམན་ན་ལྟུང་བྱེད་དོ། །ཕྱོགས་མཐུན་པའི་ཆ་འདྲ་བ་རྣམས་ཉེས་བྱས་ཡིན་ནོ། །བླ་མའི་བཀའ་དང་བྱ་བ་གཞན་དོན་དེ་བས་ཆེ་བ་བྱུང་བ་དང་། ན་བ་དང་། མི་ནུས་པའི་བར་ཆད་བྱུང་བ་དང་། དོན་ཆེན་པོ་མཐོང་ན་ཉེས་མེད་དུ་བཤད་དོ། །ཡང་ཞིབ་ཏུ་ཕྱེ་ན་བླ་མ་རྣམ་པ་གསུམ་ལ་དབྱེ་བ་དགུས་ཕྱེ་བས་ཉེར་བདུན་དང་། དབང་བཞིས་ཕྱེ་བ་ལ་སུམ་བཅུ་སོ་དྲུག་གོ །གཉིས་པ་ལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡི་དབྱེ་བས་བདུན་ལ་བྱེ་བྲག་བདུན། སྤྱིར་སྤང་བ་དང་བརྒྱད། ཕྱོགས་མཐུན་ལ་ལེགས་སྤྱོད་སྤོང་བ་དང་དགུ་་ལ། ལུས་ངག་ཡིད་གསུམ་རྫོགས་མ་རྫོགས་དགུ་དགུས་ཕྱེ་བས་ལྕི་ཡང་བརྒྱ་བཅུ་གྱ་གཅིག་དང་། གསུམ་པའི་རྡོ་རྗེ་སྤུན་གྱི་དབྱེ་བ་ལྔ་ལ་ལུས་ངག་ཡིད་ཀྱི་དབྱེ་བས་བཅོ་ལྔའམ་ཡང་ན་དང་པོ་དང་མཐུན་པས་དགུས་ཕྱེ་བས་ཞེ་ལྔ་དང་། བཞི་པ་ལ་སྨོན་པ་དོར་བ་དང་འཇུག་པའི་ཕམ་པ་ལྟ་བུ་བཞི་དང་། ཡན་ལག་ཞེ་ལྔ་ཡོད་པ་ལ། ཉོན་མོངས་ཅན་དང་། དེ་མེད་པ་དང་། གཟུགས་བརྙན་གསུམ་གྱིས་ཕྱེ་ན་བརྒྱ་སུམ་་ཅུ་སོ་ལྔ་དང་། སྤྱིར་བརྒྱ་བཞི་བཅུའོ། །ལྔ་པ་ལ་རྟེན་དྭངས་སྙིགས་གཉིས་ལ་ལུས་ངག་ཡིད་ཀྱི་དབྱེ་བས་དྲུག་དང་། འབྲས་བུས་དགའ་བ་བཅུ་དྲུག་གོ །དྲུག་པ་ལ་རྒྱུད་དང་མདོ་དང་། ཐེག་དམན་དང་ཕྱི་རོལ་པ་བཞི་ལ་ལུས་ངག་ཡིད་གསུམ་ཚང་མ་ཚང་གིས་དབྱེ་བས་བཅུ་གཉིས་སོ། །བདུན་པ་ལ་མ་སྨིན་པ་ལྔ་ལ་ཉན་རང་དང་། མདོ་དང་རྒྱུད་ཀྱི་དབྱེ་བས་བཅོ་ལྔའམ། ཡང་རྒྱུད་ལ་ཡང་དབང་བཞི་ཡོད་པས་ཉི་ཤུ་དང་བཅས་ན། སུམ་ཅུ་སོ་ལྔར་འགྱུར་རོ། །བརྒྱད་པ་ལ་ཆེ་འབྲིང་ཆུང་གསུམ་གྱིས། ཕུང་པོ་ལྔ་དང་ཁམས་ལྔ་སྐྱེ་མཆེད་བཅུ་གཉིས་ལས་ཀྱི་དབང་པོ་དང་དེའི་ཡུལ་གྱིས་ཕྱེ་ན་བརྒྱ་དང་གཉིས་སོ། །དགུ་པ་ལ་དག་བྱ་ཡོན་ཏན་དྲུག་ཅུ་རྩ་བཞི་ཡི་གཞི་དང་། དག་བྱེད་སྡེ་སྣོད་དང་རྒྱུད་སྡེ་བདུན་ལ་སོམ་ཉི་ཡིན་པས་གཉིས་དང་བརྒྱད་དང་ཡང་ན་བདུན་ཅུ་རྩ་གཅིག་གོ །བཅུ་པ་ལ་ཕྲ་རགས་གསུམ་ལ་ཕྱི་ནང་གི་དབྱེ་བས་དྲུག་གམ་ཡང་ན་ཕྱི་ཞིང་བཅུ། ནང་རླུང་བཅུ། གསང་བ་ཉོན་མོངས་དྲུག་གི་ལྟ་བ་ལ་ལྔར་ཕྱེ་བས་བཅུ་པ་མཐོང་སྒོམ་གྱི་གཞོམ་བྱ་ཡིན་པས་སུམ་ཅུའོ། །བཅུ་གཅིག་པ་ལ་གྲུབ་མཐའི་དབྱེ་བས་བཞི་འམ། ཡང་ན་འཇིགས་ཚོགས་ཀྱི་ལྟ་བ་དྲུག་ཅུ་རྩ་གཉིས་དང་། ཡང་ན་དབུས་མཐའི་མཐར་འཛིན་ཉི་ཤུ་སྟེ་གང་ཡང་རུང་ངོ་། །བཅུ་གཉིས་པ་ནི། ཐེག་པ་གསུམ་ལ་མོས་པ་ལུས་ངག་ཡིད་ཀྱི་སུན་འབྱིན་པ་དགུ་དང་། སྔགས་ཀྱི་གོང་མར་འཇུག་པ་ལ་བཅུ་གཉིས་སྟེ་ཉེར་གཅིག་གོ །བཅུ་གསུམ་པ་ལ་ངོ་བོ་སྐུ་གསུང་ཐུགས་ཀྱི་གསུམ་ལ་རྒྱན་དང་རྡོ་རྗེའི་དྲིལ་བུ་དང་ཡོ་བྱད་བཅང་བར་བྱ་བ་དང་། ཤ་ལྔ་བདུད་རྩི་ལྔ་ཆང་དང་བཅས་པ་བཟའ་བ་དང་། སྤྱོད་པ་དང་བཞི་སྟེ་དེས་ཕྱེ་བ་མང་ཡང་ངོ་བོ་དྲུག་དང་འོག་གི་ཡན་ལག་རྣམས་སོ། །བཅུ་བཞི་པ་ལ་མང་ཡང་རྩ་བ་རིགས་དྲུག་ལ་ཕྱི་ནང་གཞན་གསུམ་གྱི་དབྱེ་བས་བཅོ་བརྒྱད་དོ། །ཡན་ལག་བརྒྱད་དང་བཅོ་ལྔ་དང་བདུན་པོ་ལ་ཉེས་པ་ཕྲ་རགས་གསུམ་གྱིས་ཕྱེ་ན་དགུ་བཅུའོ། །དེ་རྣམས་རྣམ་དབྱེ་དུ་མར་འགྱུར་ཡང་རགས་པ་བཤད་པ་ཡིན་ནོ། །དེས་ན་ཞིབ་ཏུ་བརྟག་པར་བྱའོ། །ད་ནི་ཉམས་ན་བཤགས་པར་བྱ་བ་བཤད་པར་བྱ་སྟེ། གལ་ཏེ་ཉམས་ན་བཤགས་བྱ་སྟེ། དབང་བསྐུར་སྦྱིན་སྲེག་གསང་བསྔགས་དང་། །མཎྜྻལ་གཏོར་མའི་རིམ་པ་ནི། །ཉམས་པའི་ཚད་དང་སྦྱར་ཏེ་སྤྱད། །ལུས་ངག་ཡིད་ཀྱི་རིམ་པ་ཡིས། །དཀའ་སྤྱད་བསམ་གཏན་ཚུལ་བཞིན་སྦྱར། །ཞེས་པ། ཐོག་མར་རྡོ་རྗེ་སློབ་དཔོན་ལ་རྩ་བ་རྫོགས་པ་ནས། ཉམས་ན་བཤགས་པའི་ཚད་ནི། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ནས། རྡོ་རྗེ་འཛིན་པ་རབ་དུ་ཉོན། །བསྐང་བའི་ཆོ་ག་བཤད་པར་བྱ། །གཅིག་ལ་སློབ་དཔོན་གསུམ་རྫོགས་ལ། །སྦྱོར་བ་བདུན་དང་ལྡན་པ་ཡིས། །རྩ་བའི་ལྟུང་བ་བྱུང་གྱུར་ན། །སྡུག་བསྔལ་བསྐྱེད་པའི་རྩ་བ་ཡིན། །རང་གི་བསམ་པ་རྫོགས་བྱས་ཀྱང་། །སློབ་དཔོན་གནང་བར་མ་གྱུར་ན། །དང་པོ་སྡུག་བསྔལ་དཀའ་སྤྱད་སྟེ། །དེ་ནས་བདོག་པ་ཐམས་ཅད་དབུལ། །རྗེས་སུ་གནང་བ་བསྒྲུབ་པར་བྱ། །དབང་བསྐུར་ཆོ་ག་ལན་བདུན་བྱ། །ཚོགས་ཀྱི་འཁོར་ལོ་ཉི་ཤུ་གཅིག །སྦྱིན་སྲེག་གི་ནི་འབུམ་ཕྲག་བདུན། །གསང་སྔགས་བྱེ་བ་ལྔ་ཡིས་སོ། །མེ་ཏོག་ཚོམ་བུ་འབུམ་ཕྲག་གཉིས། །སྲོག་ཆགས་བྱེ་བ་ཚེ་བསྐྱབས་ན། །འདི་ནི་བཤགས་པའི་དམ་པའོ། །འཇིག་རྟེན་ཆོས་ལ་མི་གནས་ཤིང་། །དྲང་སྲོང་སྤྱོད་པ་ཡང་དག་བྱ། །ཡང་ན་ལུས་ལ་ཁྲག་ཕྱུང་སྟེ། །བརྒྱ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ནི། །བྱས་ཏེ་བླ་མ་ལ་དབུལ་བྱ། །ཡང་ན་གནང་བ་ཐོབ་པ་ཡིས། །བསམ་གཏན་གྱིས་ནི་ཟླ་བ་བདུན། །ཞེས་བྱ་བ་དང་། དེ་བཞིན་དུ་གཉིས་ལྡན་དང་གཅིག་དང་ལྡན་པ་ལ་ཡང་དེའི་ཆ་ཉམས་པ་དང་སྦྱར་ཏེ་བྱ་བར་གསུངས་པ་ནི། གཞན་ཡང་ལས་ཀྱི་ཆོ་ག་ནི། །སློབ་དཔོན་བྱེ་བྲག་གནས་གྱུར་ན། །བློ་ལྡན་མཁས་པས་རབ་དཔྱད་དེ། །རྩ་བ་ཡན་ལག་དམ་ཚིག་ལ། ཉམས་པར་གྱུར་པ་བཤགས་པར་བྱ། །ཁ་ན་མ་ཐོ་ཕྲ་མོ་ལ། །ཡང་ན་སྐུ་གཟུགས་མདུན་བྱས་ཏེ། །ཡིད་ཀྱིས་བཤགས་པ་མཆོག་ཡིན་ནོ། །ཞེས་གསུངས་སོ། །སློབ་དཔོན་འཇམ་དཔལ་གྲགས་པས། གཉིས་ལྡན་ནི་དང་པོའི་ཆ་གཉིས་སོ། །གཅིག་ལྡན་ནི་ཆ་གཅིག་གོ །གཅིག་ལྡན་ལ་དུས་ལོ་གསུམ་འདས་ན། གསུམ་ལྡན་གྱི་ཚད་དུ་བྱའོ། །གཉིས་ལྡན་ལ་ལོ་གསུམ་འདས་ན་དང་པོའི་ཕྱེད་དང་གཉིས་སོ། །ཡན་ལག་གི་གཙོ་བོ་བྱུང་བ་ལ་དུས་འདས་ན་གསུམ་ལྡན་གྱི་བཞི་ཆས་བཤགས་སོ། །ཞེས་བྱུང་ངོ་། །གཞན་ཡང་དམ་ཚིག་བཀོད་པར། དེ་ལ་བཤགས་པའི་ཆོ་ག་ནི། །གཏོར་མ་སྦྱིན་བསྲེགས་དཀྱིལ་འཁོར་དང་། །རིག་པ་བསྐངས་བའི་ཆོ་ག་བྱ། །ཞེས་སོ། །ཁྱད་པར་དུ་བཀའ་ལས་འདས་པ་ལ་ནི། བདེར་གཤེགས་བཀའ་ལས་འདས་པ་ལ། །ཡིད་ནི་ལྷའི་རྣལ་འབྱོར་གྱིས། །ཕྲ་མོའི་ཐིག་ལེ་བསྒོམས་པས་འདག །མི་རྟོག་པ་ཡིས་ཐམས་ཅད་བསྲེག །སེམས་སུན་ཕྱུང་སྟེ་བསྡམ་ལ་བསླབ། །ངག་གིས་སྔགས་བཟླས་སྒྱུ་མར་ཤེས། །ལུས་ཀྱིས་མཆོད་པའི་ཚུལ་ལ་སྦྱར། །དེ་ལྟར་ཉེས་པའི་བྱེ་བྲག་རྣམས། །ཞི་དང་བསམ་པའི་ཁྱད་པར་དང་། །དུས་དང་ནུས་པའི་བྱེ་བྲག་གིས། །མཁས་པས་བློ་ཡིས་ཕྱེ་ནས་ནི། །དྲི་མ་འདག་པར་བཤད་པ་ཡིན། ཞེས་གསུངས་པས་ཞིང་དང་། བསམ་པ་དང་སྦྱོར་བ་དང་། རྐྱེན་དང་། དུས་དང་། གནང་བ་རྣམས་ཞིབ་དུ་དཔྱད་པར་བྱའོ། །གསུམ་པ་ལ་ནི་ཁྱད་པར་དུ་ཀཾ་པ་ལ་ཡིས་གསུངས་པ། ལུས་ཀྱི་ཉེས་པ་དང་པོ་ལ། །རྩེ་གཅིག་དུ་ནི་སྤྱོད་པར་བྱ། །གཉིས་པ་ཉེས་པའི་ཚད་ཀྱི་ནི། །སྤྱོད་པ་དག་ཏུ་བྱ་བ་ཡིན། །གསུམ་པ་མཎྜྻལ་ཕྱག་སོགས་ཀྱི། །གཞན་དུ་སྒོ་གསུམ་ཡིད་ཀྱིས་བསྡམ། །ངག་གི་འདུས་ལ་བཤགས་པ་དང་། །དེ་བཞིན་སྔགས་དང་ངག་གི་བཤགས། །ཡིད་ཀྱིས་ཚོགས་དང་སྐྱེ་བ་མེད། །རིགས་པའི་བརཏལ་ཤུགས་ཟླ་བ་དྲུག །མ་གོ་ཉེས་ཆེ་མཐོལ་བ་སྟེ། །བར་མ་མན་ཆད་ལྐོག་གྱུར་ཡིན། །ཡང་ན་གང་ཟག་ཡུལ་དང་དུས། །རྐྱེན་གྱི་བྱེ་བྲག་ཤེས་པས་སྤྱད། །ཅེས་གསུངས་པ་གོ་བར་བྱས་སོ། །བཞི་པ་ནི་སློབ་དཔོན་ཙན་ཏྲ་གོ་མིས། སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། གཅིག་གི་མདུན་དུ་ལྷག་མ་རྣམས། །ཞེས་བྱུང་བས་དབང་དང་སླར་གསོ་ཞིང་། གང་ཟག་གསུམ་དང་གཅིག་ལ་བཤགས་པའི་རིམ་པ་བྱའོ། །ལྔ་པ་ལ་ནི། ཧེ་བཛྭ་ལས། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །བདག་བྱིན་བརླབ་པའི་རིམ་པས་ཀྱང་། ཀུན་རྫོབ་དོན་དམ་ཚུལ་ཅན་གྱི། བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཅེས་པ་དང་། གྱེན་དུ་བརྟན་ཅིང་བདེ་བ་ཆེན་པོ་བསྒོམ་པས་ཉེས་པ་འདག་གོ་ཞེས་གསུངས་པ་གོ་བར་བྱའོ། །དྲུག་པ་ལ་ནི་ཆོས་ཐམས་ཅད་མཉམ་པར་ཉིད་དུ་ཤེས་པར་བྱ་ཞིང་། ཉོན་མོངས་ཀྱི་བསམ་པའི་ཉེས་པ་བཤགས་པར་བྱ་བ་གཉིས་པ་དང་ཕྱོགས་མཐུན་ནོ། །བདུན་པ་ལ་སྙིང་རྗེ་བསྐྱེད་ཅིང་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོར་ཤེས་པར་བྱ་བ་དང་དབང་དང་ཚོགས་ཀྱིས་བཤགས་སོ། །བརྒྱད་པ་ལ་ནང་གི་ཚུལ་རྟོགས་པ་དང་དབང་དང་ཚོགས་བདག་གིས་བྱའོ། །དགུ་པ་ལ་བསམ་གྱིས་མི་ཁྱབ་པ་དྲན་ཅིང་ཐེ་ཚོམ་སྤངས་ལ་སྔ་མ་བཤགས་སོ། །བཅུ་པ་ལ་ཕྲིན་ལས་རྣམས་བསྒྲུབ་ཅིང་སྙིང་རྗེས་བསྐྱེད་པར་བྱའོ། །བཅུ་གཅིག་པ་ལ་སྔ་མ་བཤགས་པ་དང་རྣམ་པར་མི་རྟོག་པ་བསྒོམ་ཞིང་ངེས་ཤེས་བསྐྱེད་པར་བྱའོ། །བཅུ་གཉིས་པ་ལ་ཚོགས་པ་དང་དམ་ཚིག་ཅན་ལ་ཚོགས་དང་མཎྜྻལ་སྔོན་དུ་འགྲོ་བས་བཤགས་ཤིང་གཞན་ལ་ཕན་པ་རྒྱ་ཆེར་བསྒྲུབ་བོ། །བཅུ་གསུམ་པ་ལ་གནས་སྐབས་ཤེས་པ་དང་བྱིན་གྱི་བརླབས་ལ་ཚོགས་དང་མཎྜྻལ་དང་དབང་གིས་བསྡམ་པར་བྱའོ། །བཅུ་བཞི་པ་ལ་དབང་དང་ཚོགས་ཀྱིས་བྱའོ། །ཡན་ལག་ཐམས་ཅད་ལ་ནི་སྔ་མའི་ཆ་བརྩིས་སམ། ཡང་ན་མཆོད་རྟེན་གྱི་ལས་བྱ་བ་དང་། ཡི་གེ་བརྒྱ་པ་དག་སྒྱུ་མ་ལྟར་ཤེས་པར་བྱ་བ་དང་། སྦྱིན་བསྲེག་དང་གཏོར་མ་བྱའོ། །དེ་ལྟར་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ལུས་ངག་ཡིད་ཀྱི་ཉེས་བྱས་ལ། །ལུས་ཀྱིས་དཀྱིལ་འཁོར་མཆོད་རྟེན་ལས། །ངག་གིས་ཡི་གེ་བརྒྱ་པའོ། །ཡིད་ཀྱིས་སྒྱུ་མའི་དོན་ཤེས་ཤིང་། །གཞན་ལ་སྦྱིན་སྲེག་དག་ཏུ་བཤད། ཀུན་གྱི་ཁ་སྐོང་གཏོར་མ་ཤིས། ཅེས་གསུངས་པ་ཚུལ་བཞིན་དུ་བྱའོ། །མདོར་བསྡུས་ན་དེ་ཐམས་ཅད་ལ། དབང་བདུན་ཐོབ་པ་མན་ཆད་ལ་ནི་དབང་བཞི་བླང་བ་དང་བཟླས་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་བྱས་ལ་བཤགས་སོ། །དབང་གོང་མར་གནས་པ་ལ་དེའི་སྟོང་དུ་བསྒོམ་པའི་སྟོབས་དང་བསོད་ནམས་བསྒྲུབ་པར་བྱའོ། །འོན་ཀྱང་ལྟུང་བའི་ཉེས་པས་སྔར་རྒན་པ་ཡང་ཕྱིས་གསར་ཞུགས་སུ་འགྱུར་བས་ཚོགས་བསྒྲུབ་པ་ལ་སོགས་པ་གོང་མར་མི་བྱ་བར་གསུངས་ཏེ། དུས་འཁོར་དུ། དབང་བསྐུར་བདུན་གྱི་གནས་པའི་ཡོན་ཏན་ཅན་གྱིས་རྩ་བའི་ལྟུང་བ་རྣམས་ནི་རྣམ་པར་དག་པར་འགྱུར། །བུམ་པ་གསང་བར་གལ་ཏེ་བརཏལ་ཤུགས་ངེས་པའི་དབང་གིས་གོ ང་མ་ལ་ནི་དག་པ་ཡོད་མ་ཡིན། །གང་ཞིག་རྩ་བའི་ལྟུང་བ་དག་པའི་དོན་དུ་སླར་ཡང་དཀྱིལ་འཁོར་འཇུག་པ་འདི་དག་བྱ། །གང་ལས་རྗེས་གནང་ཐོབ་ན་སླར་ཡང་ཚོགས་ཀྱི་ནང་དུ་རྒན་པ་ཡང་ནི་གཞོན་པའི་མིང་དུ་འགྱུར། ཞེས་གསུངས་སོ། །གཞན་ཡང་འཇམ་དཔལ་གྲགས་པས། མཁས་པས་དྲི་མ་ལས་ལྡང་བ། །བཤགས་དང་དྲལ་དང་བཀྲུ་བ་དང་། དབྱུང་དང་བསྲེག་དང་དམིགས་པས་སྟོང་། །དབང་དང་ཚོགས་ལ་སོགས་པ་དང་། འཚོགས་པ་འདུས་དང་དམ་པ་གཅིག །དཀྱིལ་འཁོར་ལ་སོགས་མདུན་དུ་བྱས། དཀྱིལ་འཁོར་སྦྱིན་སྲེག་མཆོད་རྟེན་དང་། །གཏོར་མ་ལ་སོགས་དྲི་མ་ལྡང་། །བླུན་པོས་ལྕི་བ་དྲི་མ་ལ། །དག་པ་ཤེས་པ་མིན་པར་རྟོགས། །ཞེས་བཤད་པ་ཤེས་པར་བྱའོ། །རྒྱུ་མཚན་དེ་བས་ན་ལུས་ངག་ཡིད་གསུམ་བློ་དང་ལྡན་པས་ཞིབ་དུ་བརྟགས་ལ། ཉིན་གཅིག་བཞིན་དུ་བསླབ་པ་གསུམ་ལ་བསམ་ཞིང་། བསྐྱེད་རྫོགས་ཀྱི་རྣལ་འབྱོར་བསྒོམ་པ་དང་། བླ་མ་དང་སངས་རྒྱས་ཀྱི་བཀའ་བསྒྲུབ་ཅིང་ཐམས་ཅད་ལ་དག་པའི་སྣང་བ་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་ཞིང་ཅི་ནུས་ཀྱིས་ཕན་པར་བྱ་བ་དང་། གནོད་བྱེད་རྣམས་ཀྱང་ནུས་པ་དང་སྦྱར་ཏེ་བཟློག་ལ་བསྟན་པ་ལ་དགོད་ཅིང་། རང་གི་ཡོན་ཏན་ལ་རློམ་པ་སྤངས་ལ་བསམ་གྱིས་མི་ཁྱབ་པའི་དོན་ལ་མོས་པར་བྱས་ནས། གལ་ཏེ་ཉེས་པ་བྱུང་བ་མཐོང་ན་དེ་མ་ཐག་ཏུ་གཉེན་པོས་བཟློག་ལ་ཡི་གེ་བརྒྱ་པ་བརྗོད་ན་ལྟུང་བས་མི་གོས་པར་རིག་པར་བྱའོ། །ཡི་གེ་བརྒྱ་པའི་ཕན་ཡོན་ཡང་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་རྩེ་མོར། རིག་པའི་རྒྱལ་པོ་འདི་བཟླས་ན། །ལྟུང་དང་དྲི་མ་པ་ཐམས་ཅད་ཀྱང་། ལན་གཅིག་ཙམ་གྱིས་དག་པར་བྱེད། ཅེས་གསུངས་པ་ལ་ཐེ་ཚོམ་མི་བྱའོ། །དེ་ལྟར་བླང་དོར་ལ་མཁས་ཤིང་བྱས་ན་སྡིག་པ་རྐྱེན་གྱིས་བྱུང་བ་ཡང་བྱང་བར་འགྱུར་ཏེ། མཁས་པས་སྡིག་པ་བྱེད་པ་་རྣམ་སྨིན་འཕྲལ་ལ་འབྱང་། །མི་མཁས་སྡིག་པ་བྱས་པ་དེ་ཉིད་ཐུར་དུ་འགྲོ། །ཞེས་བྱུང་ངོ་། །དེ་ཡང་བླང་དོར་ཤེས་ནས་ཁྱད་དུ་གསོད་ན་དེ་ལས་བཟློག་པར་འགྱུར་ཏེ། མཁས་པས་སྡིག་པ་བྱས་པ་རྣམས། །བཀའ་སོགས་བསླུས་ཏེ་ཤིན་ཏུ་ལྕི། བླུན་པོའི་སྡིག་པ་ལྕི་བ་མིན། །རང་བཞིན་བླུན་པ་ཉིད་ཀྱིས་སོ། །ཞེས་བྱ་བའི་ངེས་པ་རྟོགས་པར་བྱའོ། །ད་ནི་དེ་ལྟར་བསྡམ་པ་དང་བཤགས་དགོས་པའི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། མ་བཤགས་རྡོ་རྗེ་དམྱལ་བ་སོགས། ཚུལ་མིན་སྡུག་བསྔལ་བསམ་ལས་འདས། །ཞེས་བྱ་བ་སྨོས་ཏེ་འདིར་ཕྱོགས་ཙམ་བརྗོད་པ། གང་དམ་ཚིག་ཉམས་པ་དེ་རྡོ་རྗེ་དམྱལ་བར་འགྲོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་འགྲེལ་པར་རྡོ་རྗེ་ནི་འོག་གིས་རླུང་གི་དཀྱིལ་འཁོར་དང་ནམ་མཁར་རླུང་རྡོ་རྗེའི་རང་བཞིན་གྱི་ཆར་གནས་པར་བཤད་དོ། །དེའི་རྣམ་པ་རྒྱ་ཆེར་ཐར་པ་ཆེན་པོ་འགྱོད་ཚངས་ཀྱི་སྡིག་སྦྱོང་སངས་རྒྱས་སུ་གྲུབ་པ་རྣམ་པར་བཀོད་པའི་མདོར་གསུངས་སོ། །ཚེ་ཚད་ནི་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། དབང་བསྐུར་རྫོགས་ཐོབ་སློབ་དཔོན་ལ། །རྨོངས་པར་གྱུར་པའི་སློབ་མ་ཡིས། །སྦྱོར་བ་དངོས་གཞི་རབ་རྫོགས་པས། །རྩ་བ་ཡན་ལག་ཉམས་གྱུར་ན། །བློ་ངན་སློབ་མས་བཤགས་པ་བྱ། །གལ་ཏེ་མ་བཤགས་དུས་འདས་ན། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ཡི། །ཆུ་དེ་སྐྲ་ཡིས་གཏོར་ནུས་པ། །དེ་ཡི་ཚད་དུ་སྡུག་བསྔལ་མྱོང་། །རྡོ་རྗེ་དམྱལ་བར་གྲགས་པ་ཡིན། །ཞེས་གསུངས་སོ། །རྒྱས་འབྲིང་ལས་ཀྱང་། ཆོས་སྤོང་བའི་ལས་བྱས་པའི་སེམས་ཅན་དམྱལ་བ་དེའི་ལུས་དང་སྡུག་བསྔལ་གྱི་ཚད་བཤད་ན། ཐོས་པའི་སེམས་ཅན་དེ་ཁ་ནས་ཁྲག་དྲོན་མོ་སྐྱུག་ཅིང་འགུམ་པའམ་འགུམ་པ་ལ་ཐུག་པར་འགྱུར་བས་དེའི་ལུས་ཀྱི་ཚད་བཅོམ་ལྡན་འདས་ཀྱིས་མ་གསུངས་སོ་ཞེས་པ་དང་། འཇིག་ཆགས་སྟོང་གནས་ཀྱི་བསྐལ་པ་ཆེན་པོ་དུ་མར་གནས་པ་ལ་སོགས་པ་གསུངས་སོ། །དམ་ཚིག་བཀོད་པ་ལས་ཀྱང་། །རྣལ་འབྱོར་བསྐང་བ་མ་བྱས་ན། །རྡོ་རྗེ་དམྱལ་བར་གྲགས་པ་ཡི། །སྡུག་བསྔལ་མི་བཟད་མྱོང་བར་འགྱུར། །ཡན་ལག་ཉེས་པ་ལོ་ལྔའི་བར། མ་བཤགས་དམྱལ་བ་ཆུང་ངུའི་ཚད། །དེ་ནི་ངེས་པར་འཚེད་པར་འགྱུར། །གཞན་ཡང་སྡུག་བསྔལ་འདི་དག་སྟེ། །ཤིན་ཏུ་གྲངས་བཀྲེས་ཡི་དྭགས་དང་། །བྱོལ་སོང་གནས་སུ་སྐྱེ་བར་འགྱུར། ཞེས་སོ། །གཞན་ཡང་། དམ་ཚིག་ཉམས་པར་གྱུར་པ་ནི། །ཉམས་པ་བདུད་ཀྱིས་བཟུང་བར་འགྱུར། །དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང་། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་གསུངས་སོ། །རྒྱུད་བླ་མར་ཡང་། གང་ཞིག་ཡང་ཡང་སྡིག་གྲོགས་བརྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། །ཕ་མ་དགྲ་བཅོམ་གསོད་དང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་དེ་ལས་མྱུར་དུ་ཐར་གྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་བྱང་ཆུབ་ག་ལ་ཡོད། །ཅེས་གསུངས་པ་ལ་སོགས་པ་མདོ་རྒྱུད་རྣམས་ནས་དུ་མ་གསུངས་ཏེ་མ་བྲིས་སོ། །དེ་བས་ན་བློ་དང་ལྡན་པ་རྣམས་ཀྱིས་ལྟུང་བ་མེད་པ་ལ་འབད་པར་བྱའོ། །བརྩོན་པ་བསྐྱེད་པར་བྱའོ། །ཉེས་པ་ཆུང་ངུས་ཀྱང་གནོད་པ་ཆེན་པོར་འགྱུར་བས་ན་མྱུར་དུ་བཤགས་པར་བྱའོ། །ཕྱིར་བཅོས་པར་བྱའོ། །ད་ནི་ལྟུང་བ་དང་བྲལ་བར་ཉམས་སུ་བླངས་ན་ཕན་ཡོན་འབྱུང་བའི་ཕྱོགས་ཙམ་བསྟན་པར་བྱ་སྟེ། མ་ཉམས་རབ་ནི་ཚེ་གཅིག་གིས། །རྡོ་རྗེ་སེམས་དཔའི་ཉིད་འགྲུབ་ཅིང་། ཐུན་མོང་དངོས་གྲུབ་ཐམས་ཅད་ཀུན། །ཐོགས་མེད་བསམས་པ་ཙམ་ནི་འགྲུབ། ཅེས་བྱ་བ་སྨོས་ཏེ། རྡོ་རྗེ་ཐེག་པ་ཐོས་ནས་དད་པ་ཡང་སྔོན་དུ་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། དད་པ་ཡང་དག་བསྐྱེད་པ་དང་། །རྣལ་འབྱོར་བརྩོན་ལ་གནས་པ་ནི། །སྐྱེ་བ་བྱེ་བ་སྟོང་ཕྲག་དུ། །ང་ཡིས་ཡེ་ཤེས་ཀྱིས་བསྐུལ་ཡིན། ཞེས་བཅོམ་ལྡན་འདས་ཀྱིས་ཞལ་གྱིས་བཞེས་པ་དང་། ཐོས་དང་དྲན་པ་ཙམ་གྱིས་ཀྱང་། མཐོ་རིས་ལོངས་སྤྱོད་ཐོབ་འགྱུར་ཏེ། །ཡང་ན་འཁོར་ལོས་སྒྱུར་བ་ཉིད། །སྡིག་པ་ཐམས་ཅད་རྣམ་དག་འདག །རིགས་སྐྱེས་ཆོས་ལྡན་རྒྱལ་པོར་འགྱུར། ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་མའི་རྒྱུད་ལས་མང་དུ་གསུངས་པ་དང་། དུས་ཀྱི་འཁོར་ལོ། དགྲ་བོ་སེང་གེ་གླང་པོའི་དབང་པོ་མེད་དང་བྲང་འགྲོ་བདག་པོ་ཆོམ་རྐུན་ཞགས་པས་བཅིངས་པ་དང་། རྒྱ་མཚོ་འཁྲུག་དང་ཤ་ཟ་དང་ནི་འཆི་བའི་འཇིགས་པ་བྱེད་པའི་ནད་དང་དབང་པོའི་ངེས་པར་འཚེ། འཕོངས་པ་དང་ནི་བུད་མེད་བྲལ་དང་རྒྱལ་པོ་འཁྲུགས་པས་འཇིགས་དང་ལྕེ་འབབ་པ་དང་ནོར་ཉམས་དང་། །གང་གིས་ཉིན་རེ་བཞིན་དུ་རྣལ་འབྱོར་མ་རྣམས་ཞབས་དྲན་པ་ཡིས་དེ་རྣམས་རབ་ཏུ་སེལ་བར་འགྱུར། །ཞེས་འཇིགས་པ་བཅུ་དྲུག་སེལ་བ་དང་། ཁྲོ་བོའི་དབང་པོ་ལ་སོགས་པ་བྱིན་གྱིས་རློབ་པའི་ཕན་ཡོན་དུ་མ་དང་། རྣལ་འབྱོར་དབང་ཕྱུག་རབ་ཏུ་གཡོ་བའི་ཡིད་ཀྱིས་རྣལ་འབྱོར་ཐོབ་པ་མེད་པར་གལ་ཏེ་ཤི་གྱུར་ན། དཔལ་ལྡན་མིའི་འཇིག་རྟེན་དུ་ནི་ཐུབ་པ་མཆོག་གི་རིགས་སུ་སྐྱེ་ཞིང་རྣལ་འབྱོར་ལྡན་པར་འགྱུར། །དེས་ནི་སྔོན་ཆད་གོམས་པ་བྱས་པས་སླར་ཡང་ཡེ་ཤེས་སྦྱོར་བ་རྒྱ་ཆེར་མངོན་དུ་བྱེད་པར་འགྱུར། །ཡེ་ཤེས་ཐོབ་ན་མཆོག་ཏུ་མི་འགྱུར་གོ་འཕང་དུ་འགྲོ་སླར་ཡང་གང་དུ་སྐྱེ་བ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་དུ་མ་གསུངས་སོ། །དེ་ལ་སོགས་པ་རྒྱུད་ཐམས་ཅད་ལས་བྱུང་བ། འདིར་བྲི་བར་མི་ནུས་པས་འཇམ་དཔལ་གྲགས་པས་ཕན་ཡོན་བསྡུས་པ་བརྗོད་པ། བདེ་གཤེགས་རྣམས་ཀྱིས་བུ་བཞིན་རབ་དགོངས་ནས། །སྐུ་གསུམ་ཡེ་ཤེས་སྒྲིབ་མེད་མངོན་དུ་འགྱུར། །ནད་མེད་ནོར་དང་རྐང་འགྲོས་མང་པོ་འཕེལ། །འབད་པ་མེད་པར་འདོད་པ་ཀུན་འགྲུབ་ཅིང་། །རྒྱལ་པོ་ལ་སོགས་གསོང་པོར་སྨྲ་བ་དང་། །སྐྱེ་བོ་མང་པོས་རྟག་ཏུ་བཀུར་བར་འགྱུར། །འཁོར་དང་ལོངས་སྤྱོད་མང་པོས་རྣམ་པར་མཛེས། རིམས་གདོན་གནོད་པ་ཀུན་ལས་མྱུར་དུ་ཐར། །རིན་ཐང་མེད་པའི་རིན་ཆེན་རྣམས་ཀྱང་ཐོབ། །གདོན་དང་མཁའ་འགྲོ་རྣམས་ཀྱི་འབར་བར་མཐོང་། །རྡོ་རྗེ་འཆང་བ་མང་པོ་རྗེས་སུ་འབྲང་། །བྱང་ཆུབ་སེམས་དཔའ་མང་པོ་སྤུན་བཞིན་དགོངས། །སྔགས་དང་ཞིང་སྐྱེས་མཁའ་འགྲོས་དངོས་གྲུབ་སྟེར། །འཇིག་རྟེན་སྐྱོང་བ་ཀུན་གྱིས་རྟག་ཏུ་སྐྱོང་། །གདུག་པ་ཅན་རྣམས་མཐོང་ནས་དགའ་བར་བྱེད། །འབད་པ་མེད་པར་གསུངས་པའི་ལས་རྣམས་འགྲུབ། །ཞིང་གཞན་སྐལ་མང་སྡོམ་ལ་གནས་པ་བས། །སྐད་ཅིག་འདིར་གནས་འབྲས་བུ་རྫོགས་པར་བྱེད། །ཐབས་ཀྱིས་བསོད་ནམས་ཚོགས་ནི་རབ་རྫོགས་བྱེད། །བདེན་པའི་ངག་ཅན་དེ་ནི་ལུང་བསྟན་ཏེ། །བརྟགས་པ་རྣམ་ལོག་བདེན་པའི་དོན་མཐོང་ནས། །ས་ནས་སར་འཕར་མི་མཐུན་ཕྱོགས་སྤངས་ཏེ། །སྒྱུ་མ་ལྟ་བུར་རྟོག་མེད་མཉམ་པར་གནས། །ཁ་སྦྱོར་བདེ་བ་མཚན་གྱིས་རྣམ་པར་བརྒྱན། །སྟོབས་སོ་སངས་རྒྱས་ཆོས་རྣམ་ཡོངས་རྫོགས་ནས། །འབད་རྩོལ་མེད་པ་ཡིད་བཞིན་ནོར་བུ་ལྟར། །དུས་ལས་ཡོལ་མེད་དང་བའི་ཆུ་ཟླ་བཞིན། །དེ་དག་སྡོམ་ལྡན་རྣམས་ལ་མངོན་སུམ་བཞིན། །ཞེས་གསུངས་སོ། །དེ་ལྟ་བུ་ཚེ་འདི་ཉིད་ལ་ཐོབ་པར་ཡང་ཀུན་སྤྱོད་ལས། ཚེ་འདི་ཉིད་ལ་མཐོང་འགྱུར་བའི། །སྒོམ་པ་བདག་གིས་བཤད་པ་ཡིན། །ཞེས་པ་དང་། ཚུལ་བཞིན་དུ་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་འགྱུར་བའི་རྟགས་ཀྱང་། ཉི་མ་གཅིག་ལ་མ་མཐོང་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཤོར། ཞེས་བསྟན་པ་དང་། སྤྱན་རས་གཟིགས་ཀྱི་ཞལ་སྔ་ནས། སྔོན་དུ་འཚམས་མེད་པ་བྱས་པ་ཡང་། རྡོ་རྗེ་ཐེག་པ་འདིར་ཞུགས་ནས་རྡོ་རྗེའི་ཆོས་འབྱུང་གི་ཁང་པར་བདུད་རྣམས་འཇུག་པའི་སྒོར་བྱམས་པ་དང་སྙིང་རྗེ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་སྒོ་གླེགས་བཅུག་ནས། དེར་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བ་བསྒྲུབས་ན་ཚེ་གཅིག་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ནི་ངེས་པ་ཡིན་ནོ། །འོན་ཀྱང་སྔགས་ཀྱི་སྒོར་ཞུགས་པ་ཙམ་གྱིས་ནི་མ་ཡིན་ནོ་ཞེས་གསུངས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསུང་ལ་ཐེ་ཚོམ་མེད་པར་བྱའོ། །རྩོད་པའི་དུས་འདིར་བག་ཡོད་པས་ལྟ་བ་དང་གསང་སྔགས་ཀྱི་ཐབས་ཀྱི་སྤྱོད་པ་ཟུང་དུ་འཇུག་པར་དམ་ཚིག་དང་། ཉམས་པའི་ཉེས་པ་དང་། མ་ཉམས་པའི་ཕན་ཡོན་ལ་མ་ཡེངས་པར་དཔྱད་དེ་ཉམས་སུ་ལེན་པ་ལ་བརྩོན་པར་བྱ་བ་ནི་གདམས་པའོ། །དེ་ལྟར་མ་བྱས་ན་སྐྱོན་འདི་ལྟ་བུ་དགོངས་པ་ལུང་བསྟན་པར་ཕྱི་མར་འབྱུང་བ་གསུངས་པ་ཕྱོགས་ཙམ་བརྗོད་པ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཅན། །འོད་ཆེན་ལྡན་པས་བཀའ་སྩལ་པ། །མ་འོངས་དུས་སུ་མི་རྣམས་ནི། །འཇིག་རྟེན་རྒྱང་འཕེན་མཆོག་གཞོལ་འགྱུར། །ལོག་པར་ལྟ་བ་ལ་གནས་ཏེ། །ཅི་དགའ་བར་ཡང་སྤྱོད་པར་བྱེད། །ལ་ལ་གླུ་དང་གར་ལ་དགའ། །རྒོད་དང་སྒེག་པ་མཆོག་ལ་གཞོལ། །དྲི་དང་ཕྲེང་བ་ལ་དགའ་ཞིང་། །དེ་བཞིན་འཁྲིག་ལ་དགའ་བར་འགྱུར། རྨོངས་པ་ལ་ལ་སྡང་བ་དང་། །དེ་བཞིན་གཏི་མུག་ལ་རབ་གཞོལ། །ལ་ལ་དེ་བཞིན་འདོད་ཆགས་ཞེན། །ཤེས་པ་གཞན་དག་འདོད་པར་འགྱུར། །ཉ་དང་ཤ་དང་དེ་བཞིན་ཆང་། །གཤང་ལྕི་ཁུ་བ་ཁྲག་རྣམས་་ནི། །སྐྱེས་བུ་གླེན་པ་ཟ་བྱེད་ཅིང་། །མེད་པར་སྨྲ་བ་ཆོས་སུ་སྒྲོགས། །མ་དང་སྲིང་མོ་ལ་སོགས་པ། །བགྲོད་མིན་ལ་ནི་འགྲོ་བ་དང་། །ཕ་དང་མ་ཡང་གསོད་པ་དང་། །དེ་བཞིན་སྲོག་ཆགས་གཞན་ཡང་གསོད། །བརྫུན་གྱི་ཚིག་རྣམས་སྨྲ་བ་དང་། ཁྱད་པར་དུ་ཡང་རྐུ་ལ་དགའ། །གཞན་གྱི་ཆུང་མའི་ཐད་འགྲོ་ཞིང་། །སྨད་པ་གཞན་ཡང་བྱེད་པར་འགྱུར། །ལ་ལ་དམ་ཆོས་སྤོང་བ་དང་། །དེ་བཞིན་མཚམས་མེད་བྱེད་པ་སྟེ། །སྣ་ཚོགས་སྡིག་པ་བྱས་ནས་ཀྱང་། །སྔགས་པ་དངོས་གྲུབ་འདོད་པར་འགྱུར། །གཟེར་ན་དུག་དང་སྦྱར་བའི་དུག །སྣ་ཚོགས་ནད་ནི་མི་བཟད་པ། །འདི་རྣམས་ཀྱིས་ནི་ཟིན་གྱུར་ནས། ཞི་བ་ཉིད་ནི་འདོར་བར་འགྱུར། །དོར་བར་བྱེད་པ་རྨོངས་པ་ཏེ། །མི་བཟད་སྡིག་པ་བྱས་པ་དང་། །ལོག་པར་ལྟ་བ་མཆོག་གཞོལ་བས། །ངན་སོང་གསུམ་དུ་འགྲོ་བར་འགྱུར། །ཞེས་གསུངས་པ་ནི་རྩོད་པའི་དུས་འདིར། །འབྱུང་བ་རྣམས་ལུང་བསྟན་ནས། །དེ་རྣམས་ལ་ཕན་པར་བྱ་བའི་དོན་དུ་རྡོ་རྗེ་ཐེག་པའི་ཐབས་ཁྱད་པར་ཅན་བསྟན་པ་ཕན་ཡོན་དང་བཅས་པ་དང་། ཡང་དེ་མ་ཤེས་པར་སྤྱད་པའི་སྐྱོན་ལུང་བསྟན་པ་ནི། དེ་རྣམས་རྗེས་སུ་བཟུང་བའི་ཕྱིར། །གསང་བ་འདི་ལྟར་བསྟན་པ་ཡིན། གང་ཞིག་ཡང་དག་ཐོབ་པ་ཉིད། །འདིར་ནི་དེ་བཞིན་གཤེགས་པར་འགྱུར། །གསང་བའི་བདག་པོ་མཁས་རྣམས་ཀྱི། །ཚུལ་མཆོག་འདི་ནི་རྙེད་གྱུར་ན། །དོན་གསལ་ཡང་དག་རྙེད་པ་དང་། །དེ་ཡང་ང་རྒྱལ་དག་ཏུ་ལྟུང་། དེ་རྣམས་ཏིང་འཛིན་ཞི་ཉིད་དང་། །ཤེས་རབ་ཉིད་ཀྱང་ཤིན་ཏུ་རིང་། །རབ་ཏུ་དགའ་དང་ལྡན་པ་ཡིས། །རྣལ་འབྱོར་པ་ནི་བདག་ཡིན་ཞེས། །མངོན་པའི་ང་རྒྱལ་ལ་རྟག་དགའ། །སྒྱུ་དང་བཅོས་མའི་ཆོས་དང་ལྡན། །མྱ་ངན་འདས་དང་ཆོས་སྨྲ་གཞན། །ཕན་ཚུན་དུ་ནི་སུན་ཡང་འབྱིན། །གསང་སྔགས་སྨྲ་བ་ལ་བརྟེན་ནས། །གཅིག་ལ་གཅིག་ནི་རྩོད་པར་འགྱུར། །དེ་རྣམས་བདུད་ཀྱིས་བྱིན་བརླབས་ཀྱིས། གལ་ཏེ་དངོས་གྲུབ་ཕྲ་ཐོབ་ན། །དེར་ནི་མངོན་པར་ང་རྒྱལ་བས། །མཁས་པ་སྙམ་དུ་ཤེས་པར་འགྱུར། །ཚོགས་པའི་ནང་དུ་རྩོད་པ་དང་། །ཁྱི་བཞིན་ཟས་ལ་སྤྱོད་པར་འགྱུར། །རང་ལ་འབྲས་ལས་བྱུང་བ་ཡི། །ཕན་པ་ལ་ནི་གནོད་པ་བྱེད། དེ་རྣམས་དགེ་དང་མི་དགེ་རྣམས། །བདག་ཅག་རྣམས་ཀྱིས་རྟོགས་ཡིན་ཟེར། །མངོན་སུམ་སངས་རྒྱས་འདྲ་བ་ཡི། །སློབ་དཔོན་སྨོད་ཅིང་བསྙེན་བཀུར་མེད། །སྐད་ཅིག་གཅིག་གིས་སྡང་བྱེད་ཅིང་། །དེ་ལ་སྐད་ཅིག་གིས་རྗེས་ཆགས། །ཁྱི་དང་ཕག་པ་ཝ་རྣམས་ཀྱི། །སྤྱོད་པ་དག་ནི་སྟོན་པར་བྱེད། །དེ་རྣམས་ཕན་ཚུན་རྣམ་འཚེ་བ། །མངོན་པར་དགའ་བར་བྱེད་པར་འགྱུར། །གསང་བ་འདུས་པ་མི་ཤེས་པར། །དམ་ཚིག་ལ་སོགས་སྤྱོད་པར་འགྱུར། །གསང་བ་སྲུང་བར་མི་བྱེད་པར། །ཐམས་ཅད་དུ་ནི་སྟོན་པར་བྱེད། །འཇིག་རྟེན་ལ་ནི་སྨད་བྱས་ནས། །གཞན་དག་ལ་ཡང་རབ་གསལ་བྱེད། །བདག་ཉིད་རྩ་བ་མེད་པར་ནི། །དམ་ཚིག་འདས་པ་བྱེད་པར་འགྱུར། །སྒྲར་བཅས་སྤྲོས་ལྡན་གྱིས་བསྐུལ་བས། །རང་གི་རང་ལ་གླགས་རྙེད་བྱེད། །དེ་ཉིད་ཡེ་ཤེས་འབྱུང་བ་ཡི། །ཏིང་འཛིན་དེ་ཡིས་ཤེས་མི་འགྱུར། །ཉེས་པ་ཅུང་ཟད་ཙམ་གྱི་ཕྱིར། །མངོན་སྤྱོད་རབ་ཏུ་བྱེད་པར་འགྱུར། །རྣལ་འབྱོར་རབ་སྦྱོར་དམན་པ་ཡི། །སྔགས་པ་རྣམས་ནི་འགྲུབ་མི་འགྱུར། །ཕྱི་རོལ་བསྟན་ཆོས་ལ་རྟག་དགའ། །དེ་ཡི་སྦྱོར་བ་གཅིག་ཏུ་མཁས། །རང་གི་དམ་ཚིག་ཡོངས་སྤངས་ནས། །ལྕགས་ཀྱུ་མེད་པ་བཞིན་དུ་སྤྱོད། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །དེ་ཡི་འཚེ་བ་བསྒྲུབ་པར་འགྱུར། །གང་དུ་རྙེད་པ་ཐོབ་འགྱུར་བར། །དམ་པའི་ཆོས་ནི་སྟོན་པར་བྱེད། །དེ་རྣམས་ཡང་དག་སྡུད་བྱེད་པའི། །གསང་བ་དགོངས་པས་བཤད་པ་ཡིན། །དམ་ཚིག་ཉམས་ཏེ་གནས་པ་རྣམས། །འདི་ཡིས་ཐམས་ཅད་འགུག་པར་བྱེད། །རང་གི་རྗེས་རིག་མི་ཤེས་ན། དེ་རྣམས་ཞི་བར་ག་ལ་འགྱུར། །དེ་བས་རྗེས་སུ་བཟུང་དོན་དུ། །ཚུལ་འདི་དག་ནི་གྱུར་པ་ཡིན། །ཞེས་བྱ་བ་གསུངས་ཤིང་གཞན་ཡ ང་རྒྱུད་དུ་མ་ལས་གསུངས་པ་འདིར་མ་བྲིས་སོ། །དེ་བས་ན་བག་ཡོད་པར་བྱའོ། །ཡང་དག་པའི་རྣལ་འབྱོར་གྱི་དོན་ལ་དཔྱད་དེ་འཇུག་ཅིང་དག་པའི་སྣང་བ་བསྐྱེད་པར་བྱའོ། །ད་ནི་རྩོམ་པ་མཐར་ཕྱིན་པའི་རྗེས་ཀྱི་དོན། འདི་བྱེད་པའི་རྒྱུ་མཚན་དང་། ཚུལ་ཇི་ལྟར་བསྡུས་པ་དང་། བསྔོ་བ་དང་སྨོན་ལམ་བརྗོད་པ་ནི། དཔལ་ལྡན་རྡོ་རྗེ་ཐེག་པ་སངས་རྒྱས་ཀུན་གྱི་ལམ། །རྒྱུད་རྣམས་ཀུན་ལས་གསུངས་པ་སྨིན་གྲོལ་དོན་བསྟན་པ། །དེ་དག་སྙིང་པོ་དམ་ཚིག་རྩ་ལྟུང་ཡན་ལག་བཅས། །རྒྱལ་སྲས་མཁས་གྲུབ་རྣམས་ཀྱིས་རྒྱ་ཆེར་བསྟན་གྱུར་ཀྱང་། །སྙིགས་དུས་དད་ལྡན་དེང་སང་ཐེག་མཆོག་མོས་པ་རྣམས། །ཚེ་ཐུང་སྣ་ཚོགས་གཡེང་བས་སྤྱོད་པར་མི་ནུས་ལ། །ཕན་པར་བསམས་ནས་རང་བྱུང་རོལ་པའི་རྡོ་རྗེ་ཡིས། །རྒྱལ་སྲས་རྒྱུད་འགྲེལ་མཁས་གྲུབ་རྣམས་ཀྱི་མཛད་ལྟར་བྲིས། །ཉེས་པའི་ཚོགས་རྣམས་རྡོ་རྗེ་འཛིན་དང་མཁའ་འགྲོ་ལ། བཟོད་པར་གསོལ་ཅིག་སྒྲིབ་པ་ཐམས་ཅད་སེལ་བར་ཤོག །དགེ་བ་ཅི་ཡོད་མཁའ་མཉམ་སེམས་ཅན་ཐམས་ཅད་ལ། །བསྔོས་པས་སྒྲིབ་གསུམ་བྲལ་བའི་རྡོ་རྗེ་འཛིན་གྱུར་ཅིག །ཨེ་བཾ་མ་ཡ་རྡོ་རྗེ་རོལ་པ་སེམས་དཔའི་ཐུགས་ཏེ་གཉིས་མེད་རོལ་པ་གང་། །ཧེ་རུ་ཀ་དཔལ་རྣལ་འབྱོར་མ་ལྡན་རབ་ཏུ་དགྱེས་པའི་ལྷ་ཚོགས་གར་བཅས་པ། སྤྲོས་མེད་རང་བཞིན་སྤྲོས་པའི་སྒྲ་དབྱངས་ཆོས་ཚུལ་རབ་སྒྲོགས་མཆོག་རབ་སེམས་ཅན་རྣམས། །སྲིད་པ་འདིར་ནི་ཞི་བའི་རོལ་པས་རྒྱུ་དང་མི་རྒྱུ་ལྷན་ཅིག་གར་བྱེད་ཤོག །གསང་སྔགས་རྡོ་རྗེའི་ཐེག་པ་ཆེན་པོ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་་པ། བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་བླ་ན་མེད་པ་སྔ་འགྱུར་དང་ཕྱི་འགྱུར་ཐམས་ཅད་ནས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དམ་ཚིགས་དག་གི་བརྗོད་ཚུལ་དུ་མས་བསྟན་པ་རྣམས་དོན་གཅིག་དུ་བསྡུས་ཏེ་བསྟན་པ་དམ་ཚིག་རྒྱ་མཚོ་མཐའ་ཡས་པ་རྣམ་པར་སྣང་བར་བྱེད་པ་དྲི་མ་མེད་པའི་སྙིང་པོ་རྫོགས་སོ། །འདི་ནི་རང་བཟོ་མེད་པར་རྒྱུད་འགྲེལ་གྱི་དོན་བཞིན་དུ་བྲིས་ཤིང་། ལུང་ཡང་ལ་ལ་དོན་བསྡུས་ནས་ཚིག་ཉུང་ངུ་བྱས་པ་ལ། ཕྱི་མ་རྟོག་དཔྱོད་ཅན་རྣམས་ཀྱིས་ཆད་འདུག་གོ་སྙམ་དུ་མ་མཛད་པར་དོན་ཆད་པ་དང་ལོག་པ་འདུག་ན་བརྟག་པར་བྱའོ། །འདི་བྱེད་པའི་ཚེ་བླ་མ་དང་ཧེ་རུ་ཀ་ཡང་བྱིན་གྱིས་རློབ་པའི་རྟགས་དང་། ནམ་མཁའ་ཡང་འཇའ་དང་འོད་དུ་འཁྱིལ་ཞིང་སྣང་བས་ཐམས་ཅད་ཀྱིས་ཕྱོགས་རིས་མེད་པར་བྲིས་ཤོད་ཉམས་སུ་ལོང་ཅིག །དམ་ཚིག་རྣམ་བཤད་བསྡུས་པ་འདི། །ཁྱི་ལོ་ཟླ་བ་བདུན་པ་ཡི། །ཡར་ངོའི་ཐུན་འཚམས་བཅུ་ལ་ནི། །ཆུ་ཚོད་རེ་རེའི་བར་ལ་བྲིས། །སྣ་ཚོགས་ཡི་གེ་མ་བལྟས་པས། །ཡིད་ལ་གསལ་བ་བྲིས་པ་ཡིན། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།དགེའོ།། །།
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net