དབུ་མ་ཆོས་དབྱིངས་བསྟོད་པའི་རྣམ་པར་བཤད་པ་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །དབུ་མ་ཆོས་དབྱིངས་བསྟོད་པའི་རྣམ་པར་བཤད་པ་བཞུགས་སོ། །[1]

༄༅། །བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སེམས་དང་སེམས་བྱུང་རྙོག་པ་རབ་ཞི་ཞིང་། །ཅི་ལྟ་ཅི་སྙེད་གཟིགས་པ་མཐར་སོན་པ། །བྱང་ཆུབ་ཡོན་ཏན་འཕྲིན་ལས་རང་བཞིན་ཅན། །དཔལ་ལྡན་ཐུབ་པའི་དབང་པོ་ལ་ཕྱག་འཚལ། །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་དང་། །ཡང་དག་དོན་གཟིགས་རྟེན་ཅིང་འབྲེལ་བར་འབྱུང་། །མ་ནོར་སྟོན་མཛད་འཕགས་པ་ཐུགས་རྗེ་ཅན། །ཀླུ་སྒྲུབ་སྙིང་པོའི་ཞབས་ལ་ཕྱག་འཚལ་ནས། །སྤྱོད་ཡུལ་མིན་ཡང་མོས་པ་ཆེར་སྐྱེས་ཏེ། །ཆོས་དབྱིངས་བསྟོད་པ་ཅུང་ཟད་རྣམ་པར་དབྱེ། །བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོག་པའི་མཁྱེན་པ་དང་ཐུགས་རྗེ་རྨད་དུ་བྱུང་བ་མངའ་བ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མདོ་རྒྱུད་དུ་མ་ལས་ལུང་བསྟན་པ། རྒྱལ་བའི་ཉི་མ་ནུབ་ནས་ལོ་བཞི་བརྒྱ་ན་སྐུ་བལྟམ་ཞིང་། ལོ་དྲུག་བརྒྱའི་བར་དུ་བསྟན་པ་གསལ་བར་མཛད་ནས། བདེ་བ་ཅན་དུ་གཤེགས་ཤིང་། རབ་ཏུ་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བ་འདི་ཡིས་སྨོན་ལམ་ལྟར་བསྟན་པ་ཡུན་རིང་དུ་གསལ་བར་བྱ་བ་དང་། འགྲོ་བའི་མ་རིག་པའི་སྒྲིབ་པ་བསལ་ནས་ཐེག་པ་མཆོག་གི་ཚུལ་སྣང་བར་མཛད་པའི་དོན་དུ་བསྟན་བཅོས་དཔག་ཏུ་མེད་པ་མཛད་པ་རྣམས་ལས་ཁྱད་པར་དུ་མདོ་སྡེའི་དོན་འགྲེལ་པར་མཛད་པ་རྣམས་རིགས་གསུམ་དུ་མཛད་དོ། །དེ་ཡང་འཇིག་རྟེན་འཇིག་རྟེན་ལས་འདས་པའི་དོན་གྲུབ་པར་བྱེད་པ། སྤང་བྱ་དང་བླང་བྱ་ངེས་པར་འབྱེད་པ་ཐེག་པ་ཆེ་ཆུང་གི་བཏགས་པ་རྣམ་པར་བཞག་པ་དང་མི་འགལ་བར་མཛད་པ་རྣམས་ནི་གཏམ་གྱི་ཚོགས་ཀྱི་རབ་ཏུ་ཕྱེ་བ་རྣམས་སོ། །གང་ལ་བརྟེན་ནས་དབང་ཕྱུག་དང་། །སྐྱེས་བུ་དང་། གཉིས་ཀ་དང་། འདི་ནས་མ་དཔེ་ཤོག་ལྷེ་གཅིག་ཚང་གི་མི་འདུག །འདུད། ཞེས་བྱ་བ་ནི་བསྟན་བཅོས་ཀྱི་ལུས་ཀྱི་བསྡུས་པའི་དོན་བསྟན་ཏེ། གང་ལ་ལས་རང་ལ་གནས་པའི་རྒྱལ་བའི་སྙིང་པོ། མ་ཤེས་ན་དེ་ནི་མ་རིག་པ་ཞེས་བྱ་སྟེ། དེ་ལ་བརྟེན་ནས་ཡན་ལག་བཅུ་གཉིས་ཀྱི་འཁོར་ལོར་རྒྱུན་ཆད་མེད་པར་འཁོར་བས་སྲིད་པ་གསུམ་དུ་འཁོར་བ་དང་། རྒྱུ་རྐྱེན་གྱི་མཚན་ཉིད་རྨི་ལམ་དང་། སྒྱུ་མ་ལྟ་བུ་འབྱུང་བར་མ་ཤེས་པས། འདུ་བྱེད་དང་སེམས་པ་ལ་སོགས་པའི་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ལས་གྱུར་པ་དེས་ཀྱང་རང་བཞིན་གྱིས་དག་པའི་དབྱིངས་ལ་ངའོ་ཞེས་འཛིན་ཅིང་བག་ཆགས་ཐམས་ཅད་འཇོག་པར་བྱེད་པས། དེ་ནི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྒྱུའི་རྐྱེན་དུ་གྱུར་པས་ན་སེམས་ཞེས་བྱ་སྟེ། དེ་ཉིད་ཀྱི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་བསྒྲུབ་པའི་སྲིད་པ་འཛིན་པ་ན་ལུས་ལ་སོགས་པ་གྲུབ་པས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་ཁྱད་པར་འཛིན་པའི་རྣམ་པ་ལྟར་བྱུང་བ་ནི། སེམས་དེས་བསྒྲུབ་པའམ་། དེ་དང་ལྡན་པས་ན་སེམས་ཞེས་བྱའོ། །སྒྲིབ་པ་དེ་དང་ལྡན་པ་ཀུན་ལ་རང་བཞིན་གྱིས་དག་ཅིང་དྲི་མ་མེད་པར་བཞུགས་པ་ནི། ཆོས་ཀྱི་དབྱིངས་ཏེ། སངས་རྒྱས་ནི་དེ་ཡིན་པས་ཕྱག་འཚལ་ལོ། །ཞེས་སངས་རྒྱས་དེ་ལ་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས། རྨད་དུ་བྱུང་བའི་གནས་སུ་གཟིགས་ནས་ལུས་ངག་ཡིད་གསུམ་གྱིས་ཕྱག་འཚལ་ཞིང་བཏུད་ནས། འདིའི་དོན་གསལ་བར་མཛད་པའོ། །འདི་ལྟར་བརྗོད་པར་བྱ་བའི་ཆོས་ཀྱི་དབྱིངས་མ་དག་པ་དང་། དྲི་མ་སེལ་བཞིན་པ་དང་། ཤིན་ཏུ་རྣམ་པར་དག་པའི་དོན་བརྗོད་པར་བྱེད་པའི་བསྟན་བཅོས་འདི་ཡིས་བསྡུས་པའི་དོན་ཚིགས་སུ་བཅད་པ་གཅིག་པུ་འདི་བརྗོད་པས། ཆོས་ཀྱི་དབྱིངས་ཤེས་བྱ་བ་ནི། གནས་སྐབས་གསུམ་དང་འབྲེལ་བ་གོ་བར་བྱེད་ཅིང་། གཞུང་གི་དོན་ལ་བདེ་བླག་ཏུ་འཇུག་པ་ནི་དགོས་པ་དང་། དེ་ལྟར་ཞུགས་པས། བླ་ན་མེད་པའི་སངས་རྒྱས་ཀྱི་ཡུལ་རྟོགས་ཤིང་བསྒྲུབ་པས། ཐོབ་པར་བྱེད་པ་ནི་དགོས་པ་ཡི་ཡང་དགོས་པ་ཞེས་བྱའོ། །དེ་ལྟར་བསྟན་བཅོས་ལ་འཇུག་པ་བཤད་ནས། ད་ནི་གནས་སྐབས་གསུམ་དུ་ཆོས་ཀྱི་དབྱིངས་ཅི་ལྟར་གནས་པ་སྟོན་པ་ལས། སེམས་ཅན་གྱི་གནས་སྐབས་ན་ཇི་ལྟར་གནས་པའི་ཚུལ་ནི་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང་། དཔེ་དང་སྦྱར་ཏེ་རྒྱས་པར་བཤད་པའོ། །དང་པོ་ནི། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་གསུངས་ཏེ། གང་ཞིག་གང་དུ་འཁོར་བ་ནི། སེམས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་བག་ཆགས་ཐམས་ཅད་ཀྱིས་ཡོངས་སུ་བསྒོས་པས་ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་པར་ཤེས་པའོ། དེ་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པའི་སངས་རྒྱས་ཀྱི་ཆོས་ཀྱིས་རྣམ་པར་སྦྱངས་པ་ལས། རིམ་གྱིས་དག་པར་གྱུར་པ་དེ་ཉིད་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡང་དེ་ཉིད་ཡིན་ནོ། །ཅི་འོ་ན་འདིར་འཁོར་བའི་རྒྱུ་དེ་དག་པས་མྱ་ངན་ལས་འདས་པའི་འབྲས་བུ་ཆོས་ཀྱི་སྐུ་ཞེས་བྱ་བའི་ཚིག་འདི་ཇི་ལྟར་རུང་། འདི་གཉིས་ལྷན་ཅིག་མི་གནས་པའི་འགལ་བ་མ་ཡིན་ནམ། གཞན་ཡང་འདིར་འཁོར་བ་དང་མྱ་ངན་ལས་འདས་པ་ཡོད་པར་ཅི་ལྟར་རུང་། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རིག་པའི་ཚོགས་ལས། རྣམ་གྲངས་དུ་མར་བཀག་པར་གསུང་པ་དང་འགལ་ལོ་ཞེ་ན། འདིར་བཤད་པར་བྱ་སྟེ། འདི་ལ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཡུལ་མཐོང་བ་ལ་ཕྱི་རོལ་དུ་གྱུར་པ་ནི། བྱིས་པ་སོ་སོའི་སྐྱེ་བོ་དང་། བདག་ཏུ་ལྟ་བའི་མུ་སྟེགས་བྱེད་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་དང་། སྟོང་པ་ཉིད་ཀྱི་སེམས་རྣམ་པར་གཡེངས་བའི་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཡིན་ནོ། །ཞེས་གསུངས་ཏེ། འདི་བཞི་ལ་ཆོས་ཀྱི་སྐུ་མཐོང་བ་ལ་སྒྲིབ་པ་གང་ཡིན་ཞེ་ན། བྱིས་པ་ལོག་སྲེད་ཅན་རྣམས་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་དང་། གཉིས་པ་མུ་སྟེགས་རྣམས་ནི་བདག་ཏུ་ལྟ་བ་དང་། གསུམ་པ་ཉན་ཐོས་རྣམས་ནི་འཁོར་བ་ལ་འཇིགས་པ་དང་། བཞི་པ་རང་སངས་རྒྱས་ནི་སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་རྣམ་པ་འདི་བཞི་ཡོད་པ་ནི་མི་མཐུན་པའི་ཕྱོག་ཆེན་པོ་སྟེ། རྒྱུད་བླ་མ་ལས། ཆོས་ལ་ཁོང་ཁྲོ་བདག་ལྟ་དང་། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང་། །སེམས་ཅན་དོན་ལ་ལྟོས་མེད་པ། །འདོད་ཆེན་མུ་སྟེགས་ཉན་ཐོས་དང་། །རང་རྒྱལ་རྣམས་ཀྱི་སྒྲིབ་རྣམས་བཞི། །ཞེས་གསུངས་པ་ཡིན་ལ། དེའི་གཉེན་པོ་ཡང་དག་པའི་རྒྱུ་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་། ཤེས་རབ་ཀྱི་བདག་མེད་པར་རྟོགས་པ་དང་། ནམ་མཁའི་མཛོད་ལ་སོགས་པའི་ཏི ང་ངེ་འཛིན་ནི་བསྒོམ་པ་དང་། འཁོར་བ་ཇི་སྲིད་དུ་འཇུག་པའི་སྙིང་རྗེ་ཆེན་པོ་སྟེ། དག་རྒྱུ་ལྷག་པར་མོས་པ་ལས། །སོགས་པའི་ཆོས་ནི་རྣམ་བཞི་ཉིད། །ཞེས་བྱའོ། །འདི་རྣམས་ནི་ས་བོན་དང་། མ་དང་མངལ་གྱི་གནས་བདེ་བ་དང་། འཚོ་སྐྱོང་བྱེད་པའི་མ་མ་ལྟ་བུར་རྒྱུ་མཐུན་པའི་རབ་ཏུ་ཟབ་པའི་ཆོས་ཀྱི་སྐུ་བསྒྲུབ་པར་བྱེད་པ་སྟེ། མདོ་སྡེ་རྒྱན་ལས། ཆོས་ལ་མོས་པ་ས་བོན་དང་། །ཕ་རོལ་ཕྱིན་མཆོག་མ་ལས་སྐྱེས། །བསམ་གཏན་ལས་བྱུང་བདེ་བ་མངལ། །སྙིང་རྗེས་བསྐྱེད་པ་མ་མའོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་དེ་བཞིན་ཉིད་འབྲས་བུ་རྟོགས་པའི་མཚན་མས་མ་དག་པ་ས་བདུན་པ་དང་། དག་པ་ས་གསུམ་གྱི་སྐབས་སུ་སྒྲིབས་ཏེ། དེ་རྣམས་ཀྱི་གང་ལ་མཚན་མར་འཛིན་པ་དེ་སྤང་བའི་ཕྱིར། སྤང་བྱ་དང་གཉེན་པོའི་རྣམ་པར་བཞག་པ་ཤེས་པར་བྱའོ། །འདི་ཡང་བླ་མ་པ་ཚབ་ལོཙྪ་བའི་དབུ་མའི་སྙིང་པོ་བསྡུས་པ་ལས། བདེན་གཉིས་ཟུང་འབྲེལ་ཡུལ་ནི་ཤེས་བྱ་དང་། །ཡུལ་ཅན་ཚོགས་གཉིས་ཟུང་འབྲེལ་ལམ་དང་ནི། །སྐུ་གཉིས་ཟུང་འབྲེལ་འབྲས་བུའི་དབུ་མ་སྟེ། །འཕགས་དགོངས་གསལ་མཛད་ཟླ་གྲགས་གཞུང་ལ་གནས། །ཞེས་གསུངས་པ་ལྟར་ཡུལ་བདེན་པ་གཉིས་ནི་ཤེས་བྱའི་གཞིའོ། །ཤེས་པར་བྱེད་པའི་བློ་ཡང་དག་པས་འཇལ་བ་ནི་ཐ་སྙད་ལ་རག་ལས་པས། ཐ་སྙད་པའི་བདེན་པ་གཉིས་སོ། །དེ་ལ་བརྟེན་ནས་ཡང་དག་པའི་ཤེས་པ་སྐྱེས་ཏེ། དེས་སྤང་བྱ་དང་བླང་བྱ་རྟོགས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པས། འབྲས་བུ་ཆོས་ཀྱི་དབྱིངས་དྲི་མ་མེད་པའི་ཆོས་སྐུ་དང་། དེའི་རྒྱུ་མཐུན་པ་རབ་ཏུ་ཟབ་པའི་ཆོས་སྐུ་སྟེ། གཟུགས་སྐུ་གཉིས་འགྲུབ་པ་ནི། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་གཞི་ལམ་འབྲས་བུའི་དོན་ཡིན་ནོ། །དེ་ལ་ཤེས་བྱའི་བདེན་པ་གཉིས་ཀྱི་དོན་ནི་ཀུན་རྫོབ་གཉིས་སུ་སྣང་བའི་རང་ངོ་ཆུ་ཟླ་ལྟར་སྣང་བ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། སྣང་བ་ཙམ་དེ་ཉིད་རང་བཞིན་གྱིས་སྤྲོས་པ་ཐམས་ཅད་བྲལ་བར་བཞུགས་པ་ནི་དོན་དམ་པའི་བདེན་པ་སྟེ། དེ་ཉིད་དང་གཞན་ལས་རྣམ་པར་གྲོལ་བ་ཡིན་ནོ། །དེ་ལྟར་ཡང་དབུ་མ་རྩ་བ་ལས། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པའི་ཆོས་རྣམས་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་ཅིང་འགག་པ་མེད་པར་གནས་པ་ཉིད་དོ། །དེའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་སྣང་བ་ཙམ་ལས་གཞན་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ཕྱིར། ཚུལ་འདི་ལ་དགོངས་པ་ངེས་པར་འགྲེལ་པ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དོ། །ཞེས་གསུངས་པ་དང་། ཡེ་ཤེས་རྡོ་རྗེ་ཀུན་ལ་བཏུས་པ་ལས་ཀྱང་། ཀུན་རྫོབ་ནི་གཉིས་སུ་སྣང་བའོ། །བདེན་པ་ནི་ཆུ་ཟླ་ལྟ་བུའོ། དོན་དམ་པའི་བདེན་པ་ནི་མཚན་མ་ཐམས་ཅད་དང་བྲལ་བས་ཏེ། དེའི་གནས་ནི་སྟོང་པ་ཉིད་བཅོ་བརྒྱད་དོ། །ཞེས་གསུངས་སོ། །འདི་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པ་ཉིད་ཡིན་ཀྱང་། འདི་ལ་འཇུག་པར་བྱ་བའི་ཕྱིར། ཐ་སྙད་ལ་བརྟེན་ནས་རྟོགས་པར་བྱ་བའི་ཕྱིར། ཐ་སྙད་པའི་བདེན་གཉིས་ནི། དབུ་མ་རྩ་བ་ལས། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པས། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་གསུངས་ཤིང་། དེའི་རང་འགྲེལ་ག་ལ་འཇིགས་མེད་ནས། འཇིག་རྟེན་པའི་ཀུན་རྫོབ་བདེན་པ་ཞེས་བྱ་བ་ནི། ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་པ་ལ་འཇིག་རྟེན་གྱི་ཕྱིན་ཅི་ལོག་མ་རྟོགས་པས་ཆོས་ཐམས་ཅད་སྐྱེ་བར་མཐོང་བ་གང་ཡིན་པས་ཏེ། དེ་ནི་དེ་དག་ཉིད་ལ་ཀུན་རྫོབ་ཏུ་བདེན་པ་ཉིད་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །དོན་དམ་པའི་བདེན་པ་ནི། འཕགས་པ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པ་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་ཉིད་ལས། དོན་དམ་པར་བདེན་པ་ཉིད་ཡིན་པས། དོན་དམ་པའི་བདེན་པའོ་ཞེས་གསུངས་ཏེ། འདི་ནི་འཕགས་པ་བྱམས་པས་ཆོས་ཉིད་རྣམ་པར་འབྱེད་པར། གཉིས་དང་ཇི་ལྟར་མངོན་པར་བརྗོད་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། ཆོས་ཀྱི་མཚན་ཉིད་དོ། །བཟུང་བ་དང་། འཛིན་པ་དང་། བརྗོད་པར་བྱ་བ་དང་། བརྗོད་པར་བྱེད་པ་ཁྱད་པར་མེད་པ་ནི་དེ་བཞིན་ཏེ་ཆོས་ཉིད་ཀྱི་མཚན་ཉིད་དོ། །ཞེས་གསུངས་པ་དང་དོན་གཅིག་སྟེ། ཐ་སྙད་ཀྱི་མཚན་ཉིད་གཉིས་སུ་བརྗོད་ལ། ངོ་བོས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བྱ་བ་དང་། དམ་པའི་དོན་ནི་གཅིག་པུའོ། །ཞེས་པ་ཡིན་ནོ། །སློབ་དཔོན་ཡེ་ཤེས་སྙིང་པོས་ཀྱང་། ཇི་ལྟར་སྣ་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་གཅིག་ཤོས་ཡིན། །ཞེས་བསྟན་ཏོ། །ཐ་སྙད་ཀྱི་མཚན་ཉིད་ཐ་སྙད་ཀྱང་བཤད་ལ། དོན་དམ་པར་ཐ་དད་དུ་བྱར་མེད་པའི་དོན་ཉིད་འགལ་ལོ་སྙམ་དུ་སེམས་ན་ནི་ལོག་པར་རྟོགས་པ་ཡིན་ཏེ། འདི་ལ་ནི་བྱ་བ་ཅུང་ཟད་ཀྱང་མེད་དེ། གང་བྱས་པ་ནི་མི་རྟག་པ་ཞེས་བྱ་བ་དང་། བདག་མ་དམིགས་པས་བདག་མེད་ཅེས་བརྗོད་པ་སྟེ། བདག་བརྗོད་པ་ན་མེད་པ་དང་། འགལ་ལོ་ཞེས་བྱ་བ་བཞིན་ནོ། །གཞན་ཡང་སློབ་དཔོན་ཟླ་བ་གྲགས་པས་ཀྱང་། གཅིག་དང་དུ་མ་སྤངས་པ་ཡི། །དངོས་པོ་གང་ཡང་མི་གནས་ཏེ། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །མངོན་སུམ་ལ་སོགས་འགལ་ཞེ་ན། །མ་ཡིན་མ་བརྟགས་ཉམས་དགའ་བ། དེ་ནི་བདག་གིས་བཀག་པ་མེད། །ཞེས་བཤད་དོ། །འདི་ལྟར་དོན་དམ་པར་གནས་པ་དང་། དེའི་ཚུལ་མཐོང་བས་དོན་དམ་པ་དང་། བསྒྲུབ་པས་དོན་དམ་པ་དང་། དྲི་མ་དང་བྲལ་བས་དོན་དམ་པ་ཞེས་གཞུང་འདིར་རྒྱ་ཆེར་སྟོན་ཅིང་། རིག་པ་དྲུག་ཅུ་པ་ལས་ཀྱང་། འཁོར་བ་དང་ནི་མྱ་ངན་འདས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བ་ནི་ཡོངས་སུ་གྲུབ་པས་ཏེ། དོན་དམ་པའོ། །གང་ལ་བརྟེན་ནས་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། །ཤེས་པ་དེ་དག་ལྟས་མི་འཕྲོག །ཞེས་པ་ནི་མཐོང་བ་དང་བསྒྲུབ་པ་དོན་དམ་པའོ། །དངོས་པོ་གཟུགས་བརྙན་ལྟ་བུ་ནི། །ཡེ་ཤེས་མིག་གིས་མ་མཐོང་བའི། །བདག་ཉིད་ཆེན་པོ་དེ་དག་ནི། །ཡུལ་གྱི་འདམ་ལ་མི་ཆགས་སོ། །ཞེས་བྱ་བ་ནི་ཐོབ་པ་དོན་དམ་པའོ། །གཞན་ཡང་རྣམ་གྲངས་ཀྱི་དོན་དམ་པ་ཡང་། ང་ལ་བསྒྲུབ་བྱ་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །ཞེས་པ་དང་། འདི་རྟེན་འདི་འབྱུང་ཞེས་བྱ་བའི། །འཇིག་རྟེན་བསྒྲུབ་འདི་འགོག་མི་བྱེད། །རྟེན་འབྱུང་གང་དེ་རང་བཞིན་མེད། །ཇི་ལྟར་དེ་ཡོད་གང་དེ་ཡང་དག་ངེས། །ཞེས་སྟོང་ཉིད་བདུན་ཅུ་པ་ལས་གསུངས་པས། རིགས་པ་ལས་གྲགས་པ་དང་། འཇིག་རྟེན་ལས་གྲགས་པའི་དོན་དམ་ཡང་བསྟན་ཏེ། འདི་རྣམས་ནི་དོན་གྱི་རྣམ་གྲངས་རྣམས་བརྗོད་པ་ཡིན་ནོ། །འདི་ལྟར་དབུས་མཐའ་ལས་ཀྱང་། དོན་དང་ཐོབ་དང་བསྒྲུབ་པས་ནི། །དོན་དམ་རྣམ་པ་གསུམ་དུ་བརྗོད། །འགྱུར་མེད་ཕྱིན་ཅི་མ་ལོག་པ། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཅིག་གིས་འཇིག་རྟེན་གྲགས་པ་སྟེ། །གསུམ་གྱིས་རིགས་པའི་གྲགས་པའོ། །རྣམ་དག་སྤྱོད་ཡུལ་གཉིས་ཡིན་ཏེ། །གཅིག་པུ་ཁོ་ནས་བརྗོད་པ་ཡིན། །ཞེ་གསུངས་སོ། །འདི་རྣམས་ཀྱང་གཞི་ལམ་འབྲས་བུའི་གནས་སྐབས་གསུམ་ལ་ལྟོས་ཏེ་དང་པོ་གསུམ་མོ། །བདེན་པ་གཉིས་ཀྱི་རང་གི་མཚན་ཉིད་ཀྱིས་འགྱུར་བ་མེད་པ་དང་ཕྱིན་ཅི་མ་ལོག་པ་གཉིས་སོ། །འཇིག་རྟེན་པ་དང་རིགས་པའི་གྲགས་པ་ནི། ཀུན་རྫོབ་བདེན་པའི་བྱེ་བྲག་སྟེ། འདི་ལ་དགོངས་ནས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་དོན་བྱེད་དག །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་བདེན་པ་གཉིས་གསུངས་ཏེ། དོན་བྱེད་ནུས་པ་ནི་བསླུ་བ་མེད་པའི་ཤེས་པའོ། །དོན་བྱེད་མི་ནུས་པ་ནི་བསླུ་བར་བྱེད་པའོ། །འདི་ལས་ནི་བསླུ་བ་དང་མི་བསླུ་བ་ཉིད་དུ་ངེས་པས་དོན་ལ་འཇུག་པར་འགྱུར་ཏེ། དེའི་ཕྱིར་རྟག་པ་རྣམ་པར་བཞག་པ་ཡང་སྟོན་ལ། བདེན་པ་དང་མི་བདེན་པ་དང་། དངོས་པོ་དང་དངོས་པོ་མེད་པར་ཞེན་པ་ཐམས་ཅད་འགོག་པར་བྱེད་པ་ནི། དབུ་མའི་དོན་ཡིན་ནོ། །བདེན་པ་བསྟན་པའི་གོ་རིམ། རིག་པ་དྲུག་ཅུ་པ་ལས། ལས་ཀྱི་འབྲས་བུ་ཡོད་པ་དང་། །འགྲོ་བ་དག་ཀྱང་ཤིན་ཏུ་བརྗོད། །དེ་ཡི་རང་བཞིན་ཡོང་ཤེས་དང་། །རྣམ་པར་དབེན་པ་དག་ཀྱང་བསྟན། །ཞེས་གསུངས་སོ། །འདི་ལྟར་བདེན་པ་གཉིས་ཀྱི་རང་གི་ངོ་བོ་དང་རྣམ་པར་དབྱེ་བ་དང་གོ་རིམ་ཁོང་དུ་མ་ཆུད་པར་ཕྱོགས་གཅིག་ངག་ཏུ་བརྗོད་པས་རྒོལ་བ་དང་ཕྱིར་རྒོལ་བ་དག་ནི། བ་གླང་ཞེས་བྱ་བའི་སྒྲ་ལ་མི་བླུན་པོ་དག་བདག་ཏུ་བཟུང་ནས་ཁྲོ་བར་བྱེད་པ་དང་མཚུངས་པར་འགྱུར་བ་དེ་ལྟར་མ་བྱེད་ཅིག དེ་ལྟར་ཡུལ་དང་ཡུལ་ཅན་གྱི་བདེན་པ་བསྟན་པ་དེ་ཡང་ལམ་བསྒྲུབ་པ་ན་ཚོགས་གཉིས་ཏེ། བསོད་ནམས་ཀྱི་ཚོགས་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། ཡེ་ཤེས་ཀྱི་ཚོགས་ནི་དོན་དམ་པ་ལ་བརྟེན་པ་ཡིན་ནོ། །དེ་ཡང་སྦྱིན་པ་དང་ཚུལ་ཁྲིམས་ནི་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས་ཏེ། བཟོད་པ་དང་བརྩོན་འགྲུས་བསམ་གཏན་གསུམ་གཉིས་ཀར་འགྱུར་ལ། ཤེས་རབ་ཀྱིས་བཟུང་ན་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། །དེ་ཡང་མདོ་སྡེ་རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱིས། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀས་ཏེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་བཤད་དོ། །འདི་རྣམས་རྒྱས་པར་ནི་དབུ་མ་རིན་པོ་ཆེའི་ཕྲེང་བ་དང་། སློབ་དཔོན་དཔའ་བོས་ཕ་རོལ་དུ་ཕྱིན་པ་བསྡུས་པ་དང་། མདོ་སྡེ་རྒྱན་གྱི་ཕ་རོལ་དུ་ཕྱིན་པའི་སྐབས་ལས་བཤད་པ་ལྟར་ཤེས་ནས་མདོ་ལ་འཇུག་པར་བྱའོ། །དེ་ལྟར་གཞི་དང་ལམ་གྱི་བདེན་པ་ལ་བརྟེན་ནས། འབྲས་བུ་སྐུ་གཉིས་ཟུང་འབྲེལ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་མཉམ་པར་བཞག་པའི་རང་གི་ངོ་བོས་ཡོན་ཏན་སུམ་ཅུ་རྩ་གཉིས་འཕྲིན་ལས་དང་བཅས་པ་ནི་ཆོས་སྐུ་ཡིན་ལ། དེ་ཉིད་ཀྱི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི་མིང་ཅན་ཇི་སྙེད་པ་མཁྱེན་པ་ཡོན་ཏན་སུམ་ཅུ་རྩ་གཉིས་འཕྲིན་ལས་དང་བཅས་པ་ནི་གཟུགས་སྐུ་ཞེས་དབུ་མའི་གཞུང་ལས་གྲགས་ཏེ། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདི། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །དེ་ལྟ་བས་ན་ཚོགས་འདི་གཉིས། །སངས་རྒྱས་ཉིད་ནི་ཐོབ་པའི་རྒྱུ། །ཞེས་བྱ་བ་དང་། རྒྱ་ཆེར་རྒྱུད་བླ་མ་དང་། སློབ་དཔོན་ཟླ་བ་གྲགས་པས་ཀྱང་། དབུ་མ་འཇུག་པར་བསྟན་ཏོ། །ཚུལ་འདིས་ཀུན་རྫོབ་ནི་རྫུན་པ་མི་རྟག་པ། བསླུ་བར་བྱེད་པ་སྒྱུ་མ་དང་མཚུངས་པའི་ཕྱིར། རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱིས་བསྡུས་པའི་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་གནས་དང་དོན་དང་ལུས་སུ་སྣང་བ་རྣམས་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཙམ་མོ། །འདི་ནི་དབུས་མཐའ་ལས་ཀྱང་། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །གཅིག་ནི་རྐྱེན་གྱི་རྣམ་པར་ཤེས། །གཉིས་པ་ཉེ་བར་སྤྱོད་པ་ཅན། །ཉེ་བར་སྤྱོད་དང་ཡོངས་གཅོད་དང་། །དེ་ཡི་འཇུག་བྱེད་སེམས་ལས་བྱུང་། །ཞེས་གསུངས་སོ། རྣམ་པར་ཤེས་པ་འདི་རྣམས་ནི་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ལ་བརྟེན་ནས་བྱུང་བའི་ཕྱིར། བདེན་པ་མ་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་ཞིང་སྣང་བའི་ཕྱིར་མེད་པ་ཡང་མ་ཡིན་པས་གཞན་དབང་ཞེས་བྱའོ། །དེ་ལ་བརྟེན་ནས་ཇི་ལྟར་བརྗོད་པའི་དོན་དང་། དེའི་འདུ་ཤེས་དང་། བག་ཆགས་དང་། དོན་ལྟར་སྣང་བ་སྨིག་སྒྱུ་ལྟ་བུ་རྣམས་འབྱུང་བ་ནི་ཀུན་བརྟགས་ཞེས་བྱ་སྟེ། མེད་པ་ལ་ཡོད་པར་བརྟགས་པའི་ཕྱིར་རོ། །འདི་ལྟར་འཁྲུལ་པའི་རྩ་བ་ནི་དྲི་མ་མེད་པའི་ཆོས་དབྱིངས་རང་གིས་རང་མ་རིག་པ་ཙམ་ལས་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པའི་ཕྱིར། རིགས་པ་དྲུག་ཅུ་པ་ལས། མ་རིག་འགག་པར་གྱུར་ན་ནི། །གང་རྣམས་འགག་པར་འགྱུར་ན་ནི། །དེ་དག་མི་ཤེས་ཀུན་བརྟགས་པར། །ཅི་ཡི་ཕྱིར་ན་གསལ་མི་འགྱུར། །ཞེས་པ་དང་། བྱང་ཆུབ་སེམས་འགྲེལ་ལས་ཀྱང་། ཀུན་བརྟག་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་འདི་ཉིད་ནི། །སྟོང་ཉིད་བདག་ཉིད་གཅིག་པུ་ཡི། །ངོ་བོ་སེམས་ལ་གདགས་པ་ཡིན། །ཞེས་བྱུང་ངོ་། །འོ་ན་ཡོངས་སུ་གྲུབ་པ་ཇི་ལྟར་སེམས་ལ་བརྗོད་ཅེ་ན། ཆོས་ལ་བདག་ཉིད་མཉམ་པ་ཉིད། །སེམས་ནི་གདོད་ནས་མ་སྐྱེས་ཏེ། །སངས་རྒྱས་ཀྱིས་ནི་མདོར་བསྡུས་གསུངས། །ཞེས་པ་དང་། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེ་བོ་དེ་དོན་མེད། །དེ་མེད་པས་ན་དེ་དོན་མེད། །ཀུན་བརྟགས་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་ཀྱང་ནི། །དོན་ཕྱིར་ཡང་དག་མིན་རྟོག་ཕྱིར། །གཉིས་པོ་མེད་པའི་ཕྱིར་བཤད་དོ། །ཞེས་རྣལ་འབྱོར་སྤྱོད་པའི་གཞུང་ལས་ཀྱང་བསྟན་པས། གང་གི་ཚེ་སེམས་དང་སེམས་ལས་བྱུང་བའི་བཟུང་འཛིན་གྱི་རྣམ་པར་རྟོག་པ་ཐམས་ཅད་དག་ཅིང་ཞི་ན་སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱ་བ་སྣང་བར་མཛད་དོ། །བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས་ཀྱང་། དེས་ན་རྟེན་ཅིང་འབྲེལ་པར་འབྱུང་། །དེ་ཉིད་སྟོང་པར་ཁྱོད་བཞེད་ལག །དམ་པའི་ཆོས་ཀྱང་དེ་ལྟ་བུ། །དེ་བཞིན་གཤེགས་ཀྱང་དེ་དང་མཚུངས། །ཆོས་དབྱིངས་དེ་ནི་དོན་དམ་དང་། །དེ་བཞིན་ཉིད་དང་རྗེས་སུ་བཞེད། །དེ་ནི་ཡང་དག་མི་བསླུ་བ། །དེ་རྟོགས་པས་ན་སངས་རྒྱས་བརྗོད། ། ཞེས་གསུངས་ཏེ། དེས་ན་འཁོར་བའི་རྒྱུད་དག་པས། མྱ་ངན་ལས་འདས་པའི་སྒྲར་བརྗོད་པ་འདི་འགལ་བ་མེད་དོ། །རིགས་པའི་ཚོགས་ལས། མཚན་མར་ཞེན་པ་འགོག་པར་མཛད་ཀྱི་སངས་རྒྱས་དང་ཆོས་ཀྱི་ཚུལ་བསྟན་པ་དང་། ཡེ་ཤེས་དང་། ཐུགས་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་འཕྲིན་ལས་རྨད་དུ་བྱུང་བ་དགག་པ་མི་མཛད་མོད་ཀྱི། སོ་སོའི་སྐྱེ་བོ་ཡེ་ཤེས་ཀྱི་མིག་མདོངས་པ་དག་གཞན་དུ་རྟོག་པར་བྱེད་དོ། །འཁོར་བའི་གནས་ལུགས་འཁོར་བ་དང་། གང་དུ་འཁོར་བ་དང་། དེ་ཉིད་རྒྱུ་དང་འབྲས་བུར་རྣམ་པར་བཞག་པ་དང་། དེ་ཡང་རང་བཞིན་གྱིས་རྣམ་པར་དག་པ་དང་། ཕན་ཚུན་རྟེན་འབྲེལ་ཆེན་པོར་བསྟན་པ་དག་པ་དང་བཅས་པ་རྣམས་ནི། འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་མཛད་པའི་རྟེན་འབྲེལ་བཤད་པ་ལས་རྒྱ་ཆེར་གསུངས་པས་འདིར་མ་བྲིས་པས་དེ་ཉིད་ལས་རྟོགས་པར་གྱིས་ཤིག འདིར་ནི་བཟུང་བ་དང་འཛིན་པའི་དྲི་མ་ཅན་གྱི་རྣམ་པར་ཤེས་པ་དག་པའི་རང་གི་ངོ་བོ་སྟོན་པའི་སྐབས་ཡིན་པས། མདོར་བསྟན་པའི་ཚིགས་སུ་བཅད་པ་འདིའི་སྤྱི་དོན་བརྗོད་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་དཔེ་དང་སྦྱར་ཏེ་བསྟན་པ་ལ་བདུན་ཏེ། དང་པོ་མར་གྱི་དཔེས་ཆོས་ཀྱི་དབྱིངས་མི་སྣང་བ་དང་། སྣང་བའི་ཚུལ་ནི་ཚིགས་སུ་བཅད་པ་གཉིས་ཏེ། ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཞེས་སེམས་ཉིད་ཉོན་མོངས་པའི་ཆུ་དང་ལྷན་ཅིག་ཏུ་གནས་པ་ནི་འོ་མ་ལྟ་བུ་སྟེ། ཆུ་ཡིས་གོས་པ་མེད་པའི་མར་ནི་མ་དམིགས་པ་ཙམ་དུ་ཟད་ཀྱི། འོ་མ་ལ་མར་མེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་སུ་བརྗོད་པའི་སངས་རྒྱས་ཉིད་མ་དམིགས་པ་ཙམ་དུ་ཟད་ཀྱི། སེམས་ཅན་ཐམས་ཅད་ལ་མེད་པ་ནི་མ་ཡིན་ཏེ། དེའི་ངེས་པ་ནི། ཕལ་ཆེན་ལས། གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་གྱིས་རིས་ན་འགའ་ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མཐོང་ངོ་། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་པ་རབ་ཏུ་འབྱུང་ངོ་། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། ཞེས་སྟོང་གསུམ་དར་ཡུག་ཆེན་པོའི་དཔེས་རྒྱས་པར་གསུངས་སོ། །དེའི་ཕྱིར། ཇི་ལྟར་འོ་མ་རྣམས་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམས་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཞེས་བསྲུབ་པ་ལ་སོགས་པའི་རྐྱེན་གྱིས་ཆུ་དང་མར་སོ་སོར་སྣང་བ་བཞིན་དུ། ལམ་རྣམ་པར་བསྒྲུབ་པའི་རྐྱེན་ལས་བསྒྲིབ་པ་གསལ་བས། སངས་རྒྱས་སུ་སྣང་བར་བརྗོད་ཀྱི། བདག་དང་གཞན་དང་གཉིས་ཀ་དང་། རྒྱུ་མེད་པ་ལས་བྱུང་བ་མ་ཡིན་ནོ། །རྒྱས་བཤད་གཉིས་པ་བུམ་ནང་གི་མར་མེའི་དཔེས་སེམས་ཅན་དང་། ལམ་དང་། སངས་རྒྱས་ལ་ཡེ་ཤེས་སྣང་བའི་རིམ་པ་བསྟན་པ་ནི། ཚིགས་སུ་བཅད་པ་གསུམ་ལས། དང་པོ་ནི། སེམས་ཅན་གྱི་གནས་སྐབས་ནི། ཇི་ལྟར་མར་མེ་བུམ་ནང་ན། །ཅུང་ཞིག་སྣང་བར་མི་འགྱུར་བར། །ཞེས་བྱ་བ་ནི་དཔེ་བརྗོད་པའོ། །དེ་བཞིན་ཉོན་མོངས་བུམ་ནང་ན། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཞེས་དོན་བསྟན་ཏེ། འདི་ལ་ཁ་ཅིག་ཆོས་དབྱིངས་ཀྱི་སྒྲ་འདིས་སྟོང་པ་ཀྱང་དུ་རྟོགས་པར་སྲིད་ན། དེ་ལྟར་མ་ཡིན་ཏེ། འདིར་ཇི་ལྟ་བ་དང་། ཇི་སྙེད་པའི་ཡེ་ཤེས་གཉིས་ཀ་ལ་ཆོས་ཀྱི་དབྱིངས་སུ་དགོངས་སོ། །འདིའི་ངེས་པ་ནི་མདོར་ན་ཟག་མེད་དབྱིངས་ལ་ནི། དོན་གྱི་རབ་ཏུ་དབྱེ་བ་བཞི། །ཆོས་ཀྱི་སྐུ་ལ་སོགས་པ་ཡི། །རྣམ་གྲངས་བཞིར་ནི་རིག་པ་བྱ། །སངས་རྒྱས་ཆོས་དབྱེར་མེད་པ་དང་། །དེ་རིག་དེ་བཞིན་ཉིད་ཐོབ་དང་། །བརྫུན་མེད་བསླུ་མེད་ཆོས་ཉིད་དང་། །གདོད་ནས་རང་བཞིན་ཞི་ཉིད་དོ། །ཞེས་རྒྱུད་བླ་མ་ལས་གསུངས་ཏེ། འབྲས་བུའི་ཆ་ནས། སངས་རྒྱས་ཆོས་དང་དབྱེ་བ་མེད་པ་དང་། རྒྱུའི་ཆ་ནས་རང་བཞིན་དང་། རྒྱས་འགྱུར་གྱི་རིག་དང་། བདེན་པ་གཉིས་ཀྱི་ཆ་ནས། མི་བརྫུན་མི་བསླུ་བའི་ཚད་མ་དང་། སྤངས་པའི་ཆ་ནས་རང་བཞིན་གྱིས་ཞི་བ་དང་། གློ་བུར་གྱིས་ཞི་བ་ཞེས་བསྟན་གྱི། ངོ་བོ་ཐ་དད་པ་མ་ཡིན་ནོ། །རྒྱས་པར་ནི་འགྲིབ་པ་མེད་པ་དང་། འཕེལ་བ་མེད་པའི་མདོ་ལས་གསུངས་སོ། །ལམ་པའི་གནས་སྐབས་བསྟན་པའི་ཕྱིར། ཕྱོགས་ནི་གང་དང་གང་དུ་གནས། །བུམ་པར་བུ་ག་བཏོད་གྱུར་པའི། །དེ་དང་དེ་ཡི་ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །ཞེས་གསུངས་ཏེ། ཇི་ལྟར་བུམ་པའི་ནང་གི་མར་མེ་བུ་གའི་བྱེ་བྲག་གིས་འོད་ཀྱི་སྣང་བ་ཆུང་ངུ་དང་། འབྲིང་དང་ཆེན་པོ་སྣང་བ་ལྟར། མཐོང་ལམ་མ་དག་ས་བདུན་དང་། དག་པའི་ས་ལ་རྣམ་པར་མི་རྟོག་པ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཡེ་ཤེས་རྣམ་པ་གཉིས་ཀྱི་འོད་ཟེར་བརྒྱ་ཕྲག་བཅུ་གཉིས་ཚད་མེད་པའི་བར་དུ། ཇེ་ཆེར་གསལ་བར་འགྱུར་ཏེ། འོག་ནས་བཤད་པ་བཞིན་ནོ་སངས་རྒྱས་ཀྱི་གནས་སྐབས་ནི། གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ཉིད་བཅག་གྱུར་པ། །དེ་ཚེ་དེ་ནི་ནམ་མཁའ་ཡིས། མཐར་ཐུག་བར་དུ་སྣང་བར་བྱེད། །ཞེས་གསུངས་ཏེ། གང་གི་ཚེ་ས་བཅུའི་རྒྱུན་གྱི་ཐ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་པ་གཉིས་ཀྱི་ལྷག་མ་མ་རིག་པ་བག་ཆགས་ཀྱི་ས་ཞེས་བྱ་བ་ལས། ཟག་བཅས་ཟག་མེད་འདུ་བྱེད་པའི་ལས་དང་། ཕན་ཚུན་བརྟེན་ནས་འབྱུང་བའི་རྣམ་པར་ཤེས་པའི་བུམ་པ་བཅག་པར་གྱུར་པའི་ཚེ་སྒྲིབ་པ་གཉིས་དང་བྲལ་བའི་ཡེ་ཤེས་འཕྲིན་ལས་ཀྱི་འོད་འཕྲོ་བ་ནམ་མཁའི་མཐར་གཏུགས་པ་སྣང་བར་འགྱུར་རོ། དེ་སྐད་དུ་ཡང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །རྟོག་པས་མི་ཤིག་ཐོབ་ནས་ནི། །གནས་གཞན་གྱུར་པ་མཐར་ཐུག་པ། །སྒྲིབ་པ་ཀུན་གྱི་དྲི་མེད་དང་། །གང་ལ་གནས་ནས་སེམས་ཅན་དོན། །ཕན་ཕྱིར་རབ་ཏུ་བསྒྲུབ་བྱེད་པ། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་པ་ཐོབ། །ཞེས་མདོ་སྡེ་རྒྱན་ལས་ཀྱང་གསུངས་པ་ཡིན་ནོ།། །།གསུམ་པ་སྐྱེ་འགག་དང་བྲལ་ཞིང་མི་འགྱུར་བའི་དོན་ནི། དེ་ལྟར་གནས་སྐབས་གསུམ་གྱི་ཁྱད་པར་སྣང་བ་ལས། ཡོན་ཏན་ལ་སོགས་པ་རྣམས་གསར་དུ་སྐྱེ་བར་འགྱུར་རམ་སྙམ་པའི་ལོག་རྟོག་བསལ་བའི་ཕྱིར། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་མེད། །ཞེས་གསུངས་ཏེ། ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ནི་གསར་དུ་སྐྱེ་བ་མ་ཡིན་ཏེ། རྒྱུ་མ་དམིགས་ཤིང་དབེན་པའི་ཕྱིར་རོ། །ནམ་ཡང་འགག་པ་མ་ཡིན་ཏེ། སྐྱེ་བ་མེད་ཅིང་རྐྱེན་དང་བྲལ་བའི་ཕྱིར་རོ། །དུས་ཐམས་ཅད་དུ་ཉོན་མོངས་པས་གོས་པ་མེད་དེ། ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་ཅིང་རྟག་པའི་ཕྱིར་རོ། །དུས་གསུམ་ཀར་རང་བཞིན་གྱིས་དག་སྟེ། གཙང་བ་དམ་པ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་རྒྱུ་མཚན་བཞི་པོ་འདིས་ཆོས་ཀྱི་སྐུ་སྤྱིའི་མཚན་ཉིད་རང་བཞིན་གྱིས་དག་པ་དང་། རང་གི་མཚན་ཉིད་དྲི་མ་མེད་པས་དག་པ་ནི། གཙང་བ་དམ་པ་དང་། བདག་ཏུ་རྟོག་པ་དང་། བདག་མེད་པར་རྟོག་པ་མུ་སྟེགས་དང་ཉན་རང་གི་མཐའ་དང་བྲལ་བའི་བདག་དམ་པ་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་སྐྱེ་བ་མེད་པ་ལ་དབང་འབྱོར་པ་དང་ལྡན་པའི་ཕྱིར་བདེ་བ་དམ་པ་དང་། གནས་ཐམས་ཅད་དུ་སྐྱེ་འགག་མེད་ཅིང་ངོ་བོ་ཉིད་ཀྱི་འཕྲིན་ལས་རྒྱུན་ཆད་མེད་པས་རྟག་པ་དམ་པ་ཞེས་བྱ་བའི་ཕ་རོལ་དུ་ཕྱིན་པ་བཞི་དང་ལྡན་པ་ཡིན་ཏེ། འདི་རྣམས་ཀྱང་སོ་སོ་སྐྱེ་བོའི་འདུ་ཤེས་ཕྱིན་ཅི་མ་ལོག་པ་འཁོར་བ་ཉེར་ལེན་གྱི་ཕུང་པོ་ལྔ་ལ། གཙང་བ་དང་། བདག་དང་། བདེ་བ་དང་། རྟག་པར་འཛིན་པ་བཞི་དང་། དེའི་གཉེན་པོ་མི་སྡུག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་མི་རྟག་བསྒོམ་པའི་མཚན་མ་བཞི་དང་། བརྒྱད་པོ་རྣམ་པར་རྟོག་པས་བརྟག་པ་སྐད་ཅིག་པ་མི་བདེན་པས་ན། འདི་རྣམས་ཀྱི་མཐའ་ལས་གྲོལ་བའི་ཕྱིར། བདེན་པ་བརྒྱད་རྟོགས་པས་སངས་རྒྱས་སུ་འགྲུབ་པར་དཔལ་འཕྲེང་གི་མདོར་གསུངས་ཏེ། དེའི་དོན་བསྡུས་ནས། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པའི་འབྲས། །ཞེས་པ་དང་། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། ཞེས་རྒྱུད་བླ་མར་གསུངས་སོ། །དེ་ལྟ་བུ་དེ་དཔེས་བསྒྲུབ་པར་བསྟན་པའི་ཕྱིར། བཞི་པ་སེམས་ཅན་དང་སངས་རྒྱས་ཀྱི་གནས་སྐབས་སུ་ཁྱད་པར་མེད་པར་ནོར་བུའི་དཔེས་བཤད་པ་ནི། ཚིགས་སུ་བཅད་པ་གཉིས་ལས་དཔེ་ཉིད་ནི། ཇི་ལྟར་རིན་ཆེན་བཻ་ཌཱུརྻ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང་། །རྡོ་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །ཞེས་གསུངས་ཏེ། བཻ་ཌཱུརྻ་ཆེན་པོ་འོད་དང་། ཁ་དོག་དང་། དགོས་འདོད་སྦྱིན་པར་བྱེད་པ་རྡོའི་ནང་ན་གནས་པ་དང་རྡོ་བ་མེད་པར་རྣམ་པར་སྦྱང་ཞིང་ཕྱིས་པ་གཉིས། ངོ་བོ་ལ་ཁྱད་པར་མེད་ཀྱང་། རྡོ་བའི་ནང་ན་གནས་པའི་ཚེ་འོད་དང་། ཡོན་ཏན་མི་སྣང་ངོ་། དཔེ་དེ་བཞིན་དུ། དེ་བཞིན་ཉོན་མོངས་ཀྱིས་སྒྲིབ་པའི། །ཆོས་དབྱིངས་དྲི་མ་མེད་པའང་། །འཁོར་བ་འོད་ནི་གསལ་མ་ཡིན། །ཞེས་གསུངས་ཏེ། སེམས་ཅན་གྱི་དུས་ན་ཉོན་མོངས་པའི་སྦུབ་བྱེ་བ་མཐའ་ཡས་པས་སྒྲིབ་པའི་ཕྱིར། ཆོས་ཀྱི་དབྱིངས་དྲི་མས་ངོ་བོ་ལ་མ་གོས་ཀྱང་མི་སྣང་ལ། ཡོན་ཏན་དང་འཕྲིན་ལས་ཀྱི་འོད་ཀྱང་མི་གསལ་ལོ། །གང་གི་ཚེ་སྦྱང་བ་མཐར་ཕྱིན་པ་ལས་སྣང་ཞིང་གསལ་བའི་ཕྱིར། མྱ་ངན་འདས་ན་འོད་གསལ་འགྱུར། །ཞེས་བྱ་སྟེ། མྱ་ངན་ལས་འདས་པ་ཆེན་པོ། སངས་རྒྱས་ཐོབ་པའི་ཚེ་ཤིན་ཏུ་དག་པར་འགྱུར་ཏེ། འདི་རྣམ་པར་མི་རྟོག་པ་ལ་འཇུག་པའི་མདོ་ལས། བྲག་གི་དབུས་སུ་གནས་པའི་ནོར་བུའི་དཔེས། ས་དང་། དངུལ་དང་། གསེར་དང་། རིན་པོ་ཆེ་སྣ་ཚོགས་པ་ལྟ་བུའི་རྡོ་བ་རྣམས་བསལ་ནས་བཻ་ཌཱུརྻ་འབྱུང་བ་ལྟར། སྤང་བྱ་དང་། གཉེན་པོ་དང་། དེ་བཞིན་ཉིད་དང་། འབྲས་བུ་རྟོག་པའི་མཚན་མ་བཞི་དག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་གསུངས་སོ། །དེ་བཞིན་དུ་ས་བཅུ་པ་ལས་ཁམས་སྦྱོང་བ་བཻ་ཌཱུརྻའི་དཔེས། སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོ་བསྟན་པའི་མདོ་ལས་ཀྱང་གསུངས་སོ། །ལྔ་པ་ཁམས་དེའི་ངོ་བོ་གསེར་གྱི་དཔེས་བཤད་པ་ནི། ཁམས་ཡོད་པས་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་པས་ནི་ལས་བྱས་ཀྱང་། །ཉོན་མོངས་འབའ་ཞིག་སྐྱེ་བར་ཟད། །ཞེས་གསུངས་ཏེ། ཇི་ལྟར་ས་ཕྱོགས་གང་ན་གསེར་གྱི་ཁམས་ཡོད་པ་དེར་ལས་བྱས་པས་ས་ལེ་སྦྲམ་དག་མཐོང་བར་འགྱུར་གྱི། གསེར་མེད་པའི་ས་ལ་རྐོས་ཀྱང་སྡུག་བསྔལ་བ་ཉིད་དོ། །དེ་བཞིན་དུ་ཉོན་མོངས་པའི་སའི་ནང་ནས་སངས་རྒྱས་ཀྱི་སྙིང་པོ་རྣམ་པར་དག་པ་ཡོད་པས་སྣང་བར་འགྱུར་གྱི་མེད་ན་ཉོན་མོངས་པ་བསལ་ཀྱང་དོན་མེད་པར་འགྱུར་རོ། །ཞེས་བསྟན་པ་ཡིན་ནོ། །དོན་ལ་མདོ་ལས་ཀྱང་། ཇི་ལྟར་རྡོ་ཡི་ཕྱེ་མ་ལ། །ས་ལེ་སྦྲམ་ནི་མི་མཐོང་བ། །ཡོངས་སུ་སྦྱངས་པས་དེ་མཐོང་བཞིན། །འཇིག་རྟེན་ལ་ནི་དེ་བཞིན་གཤེགས། །ཞེས་གསུངས་སོ། །དྲུག་པ་འབྲས་ཤུན་གྱི་དཔེས་ཆོས་ཀྱི་སྐུ་སྣང་བའི་ཚུལ་ནི། ཚིགས་སུ་བཅད་པ་གཉིས་ཏེ། དང་པོ་དཔེ་ཉིད་ནི། ཇི་ལྟར་སྦུན་པས་གཡོག་གྱུར་པར། །སོ་བ་འབྲས་བུ་མི་འདོད་ལྟར། ཞེས་སྦུན་པ་དང་བཅས་པའི་འབྲས་ལ་འདི་ནི་འབྲས་སོ་བའོ། །ཞེས་མིང་དུ་བརྗོད་པ་ལྟར། དེ་བཞིན་ཉོན་མོངས་ཀྱིས་གཡོག་པས། །དེ་ནི་སངས་རྒྱས་ཞེས་མི་བརྟགས། །ཞེས་སེམས་ཅན་གྱི་དུས་ན་ཉོན་མོངས་པའི་སྦུབ་ན་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བཞུགས་ཀྱང་སངས་རྒྱས་ཞེས་མི་བྱ་སྟེ། སེམས་ཅན་གྱི་ཁམས་ཞེས་འདོགས་སོ། །གང་གི་ཚེ། ཇི་ལྟར་སྦུན་པ་ལས་གྲོལ་བས། །འབྲས་ཉིད་སྣང་བར་འགྱུར་བ་ལྟར། །དེ་བཞིན་ཉོན་མོངས་ལས་གྲོལ་ན། །ཆོས་ཀྱི་སྐུ་ཉིད་རབ་ཏུ་གསལ། །ཞེས་གསུངས་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་སྦུན་པ་དང་བྲལ་བས་དག་པའི་འབྲས་བུ་ཆོས་ཀྱི་སྐུ། ཡོན་ཏན་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་རབ་ཏུ་གསལ་བར་འགྱུར་རོ། །དེ་ལྟར་ཡང་སེམས་ཀུན་ནས་ཉོན་མོངས་པའི་ཕྱིར་སེམས་ཅན་རྣམས་ཉོན་མོངས་ལ། སེམས་རྣམ་པར་བྱང་བའི་ཕྱིར་ནི་རྣམ་པར་དག་པའོ། །ཞེས་དཔལ་འཕྲེང་གི་མདོར་གསུངས་ཞིང་། དབུས་མཐའ་ལས་ཀྱང་། གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །ཞེས་གསུངས་པས་སེམས་ཅན་གྱི་ཁམས་དང་། སངས་རྒྱས་ཀྱི་སྙིང་པོ་དང་། ཆོས་ཀྱི་དབྱིངས་ཞེས་བྱ་བ། མིང་གི་རྣམ་གྲངས་ཏེ་རྒྱས་པར་རྒྱུད་བླ་མ་ལས་རྟོགས་པར་བྱའོ། བདུན་པ་ཆུ་ཤིང་གི་དཔེས་རྒྱུ་མཐུན་པ་རབ་ཏུ་ཟབ་པའི་ཆོས་ནི། ཚིགས་སུ་བཅད་པ་གཉིས་ལས། ཐོག་མར་དཔེ་ནི། ཆུ་ཤིང་སྙིང་པོ་མེད་དོ་ཞེས། །འཇིག་རྟེན་ན་ནི་དཔེར་བྱེད་ཀྱང་། །དེ་ཡི་འབྲས་བུ་སྙིང་པོ་ཉིད། །དང་པོར་ཟ་བར་བྱེད་པ་ལྟར། །ཞེས་བསྟན་ནས། དོན་ནི་སྙིང་པོ་མེད་པའི་འཁོར་བ་ལས། །ཉོན་མོངས་གཟེབ་དང་བྲལ་གྱུར་ན། །དེ་ཡི་འབྲས་བུ་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་བདུད་རྩིར་འགྱུར། །ཞེས་གསུངས་ཏེ། འདིས་ནི་གང་དང་བྲལ་བས་གང་ཐོབ་པའི་ཡོན་ཏན་དང་བཅས་པ་བསྟན་ཏེ། ཇི་ལྟར་ཆུ་ཤིང་སྙིང་པོ་ཕྱེ་ན་མེད་ཀྱང་། དེའི་འབྲས་བུ་དང་པོ་སྨིན་ནས་ཟ་བ་ལྟར། བརྟགས་ན་སྙིང་པོ་ཅུང་ཟད་ཀྱང་མེད་པ་ནི་འཁོར་བ་ཡིན་ལ། འཁོར་བ་དེ་ཡང་རྣམ་པར་རྟོག་པ་སྟེ། རིགས་པ་དྲུག་ཅུ་པ་ལས། མ་རིག་རྐྱེན་གྱིས་འཇིག་རྟེན་ཞེས། ཡང་དག་རྫོགས་པའི་སངས་རྒྱས་གསུངས། །དེ་ཕྱིར་འཇིག་རྟེན་འདི་དག་ཀུན། །རྣམ་པར་རྟོག་པ་ཅིས་མི་འཐད། ཞེས་བྱུང་བ་ལྟར་རྣམ་པར་རྟོག་པ་ནི་སྙིང་པོ་མེད་པ་སྒྱུ་མ་དང་། སྨིག་རྒྱུ་ལྟ་བུ་ཡིན་མོད་ཀྱི། དེ་ཉིད་གནས་ཡོངས་སུ་གྱུར་པ་ལས། སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པའི་གཟུགས་ཀྱི་སྐུ་འབྱུང་སྟེ། དེའི་ཕྱིར་རྣམ་པར་ཤེས་པ་ཉོན་མོངས་པའི་དྲ་བས་འདྲེས་པ་འཁོར་བ་ཞེས་བྱ་ལ། ཉོན་མོངས་པ་དང་བྲལ་བས་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྱུར་ཏེ། སེམས་ཅན་རྣམས་ཀྱི་བདུད་རྩིར་འགྱུར་རོ། །དེ་ལྟར་ཁམས་རང་བཞིན་གྱིས་རྣམ་པར་དག་པ་དཔེ་རྣམས་ཀྱི་བསྟན་པའི་རིམ་པ་འདི་ཡང་མར་གྱི་དཔེས་ནི་སེམས་ཅན་གྱི་དུས་ན་འོ་མ་ལ་ཆུ་དང་མར་གཅིག་ཏུ་འདྲེས་པར་སྣང་བ་ལྟར། སེམས་ཅན་ཉིད་སྣང་གིས། སངས་རྒྱས་ནི་མི་སྣང་ལ། སངས་རྒྱས་པར་གྱུར་པ་ན་དྲི་མ་དང་འདྲེས་པ་མེད་དེ། མར་ཆུ་ལ་གཏན་མི་འདྲེ་བར་སྣང་བ་བཞིན་དུ་ངོ་བོ་བསྟན་པའོ། །མར་མེའི་དཔེས་ནི་ཡོན་ཏན་གྱི་འོད་ལ་མ་དག་པ་དང་། དག་པའི་དུས་ཐམས་ཅད་དུ་ཁྱད་མེད་ཀྱང་། སྒྲིབ་གཡོག་གི་རྐྱེན་གྱིས་ཆེ་བ་དང་ཆུང་བ་ལྟར་སྣང་བ་ལ་འགལ་བ་མེད་པའི་ལྡན་པའི་ཡོན་ཏན་བསྟན་ཏོ། ནོར་བུའི་དཔེས་ནི་ཆོས་སྐུ་རང་གི་ཡོན་ཏན་སྒྲིབ་པ་ཐམས་ཅད་དང་བྲལ་བ་དང་། རྣམ་པར་རྟོག་པ་མེད་པའི་འཕྲིན་ལས་འཇུག་པའི་ཡོན་ཏན་ཅན་དུ་བསྟན་ནོ། །གསེར་གྱི་དཔེས་ནི། བྱས་པ་མ་ཡིན་པ་དང་། དགེ་བ་དང་། རྣམ་པར་དག་པའི་ཡིད་ཀྱི་རང་བཞིན་ལོངས་སྤྱོད་རྫོགས་པའི་རྒྱུ་འབྲས་སྟོན་ཏོ། འབྲས་ཤུན་གྱི་དཔེས་མ་རིག་པ་བག་ཆགས་ཀྱིས་མ་གྲོལ་གྱི་བར་ལ་བློས་མི་མཐོང་བར་བསྟན་ནོ། །ཆུ་ཤིང་གི་དཔེས་འཛིན་པ་དང་རྣམ་པར་རྟོག་པ་གནས་གྱུར་པའི་སྤྲུལ་པའི་སྐུའི་འབྲས་བུའི་དཔེ་སྟེ། མདོར་བསྡུས་པས་དབྱིངས་དང་ཡེ་ཤེས་དང་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོགས་པ་དང་། བྱ་བ་གྲུབ་པའི་ངོ་བོ། མར་དང་། འོ་མ་དང་། ནོར་བུ་དང་། གསེར་དང་། འབྲས་དང་། ཆུ་ཤིང་གི་འབྲས་བུས་བསྟན་ལ། དེ་རྣམས་སྒྲིབ་པ་ཡང་། ཆུ་འདྲེས་པ་དང་། བུམ་པས་བསྒྲིབ་པ་དང་། ཤུན་པས་གཡོག་པ་དང་། ས་དང་། སྦུན་པ་དང་། ཆུ་ཤིང་རྣམས་ནི། རིམ་པ་ལྟར། ཉོན་སྒྲིབ་དང་། ཤེས་སྒྲིབ་དང་། སེམས་དང་། ཡིད་དང་། འཛིན་པ་དང་། རྣམ་པར་རྟོག་པ་རྣམས་སུ་རྟོགས་པར་བྱའོ། །འདི་རྣམས་ལ་མདོ་དང་། བསྟན་བཅོས་ཀྱི་ལུང་མང་དུ་ཡོད་མོད་ཀྱི་མ་སྤྲོས་སོ། །གཉིས་པ་ལམ་པའི་གནས་སྐབས་བསྟན་པ་ལ་གསུམ་སྟེ། དྲི་མ་སྦྱང་བ་འཐད་པའི་ཚུལ་རིམ་པ་དང་བཅས་པ་ཅི་ལྟར་ཤེས་པར་བྱ་བ་དང་། བསྒོམ་པའི་ཚུལ་དང་། ཐོབ་པའི་རིམ་པའོ། །དང་པོ་ལ་གསུམ་ལས། ཆོས་སྐུའི་ཁམས་དེ་ཉིད་རིགས་སུ་འཐད་པའི་ཚུལ་ནི། ཚིགས་སུ་བཅད་པ་གཉིས་ཏེ། ཇི་ལྟར་མ་དག་པའི་གནས་སྐབས་བསྟན་པའི་ངོ་བོ་ལ་དྲི་མ་སེལ་བར་བྱེད་པའི་ཐ་སྙད་ལ་བརྟེན་ནས་དྲི་མ་དང་བཅས་པ་ནི་རྒྱུ་དང་། དྲི་མ་མེད་པའི་འབྲས་བུར་བསྟན་པའི་ཕྱིར། དེ་བཞིན་ས་བོན་ཐམས་ཅད་ལས། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང་། །ས་བོན་མེད་པར་འབྲས་ཡོད་པར། །ཤེས་ལྡན་གང་གིས་བསྒྲུབ་པར་ནུས། །ཞེས་བསྟན་ཏོ། །འདི་ལ་ས་བོན་ཐམས་ཅད་ཀྱི་རྒྱུ་ཐམས་ཅད། འབྲས་བུ་སོ་སོར་དམིགས་སོ། འདིར་ནི་མདོར་བསྡུས་ན། འཁོར་བའི་རྒྱུ་དང་ས་བོན་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། །དེས་རྒྱུའི་རྐྱེན་དུ་བྱས་ནས་རྣམ་པར་ཤེས་པའི་ཚོགས་གཞན་བདུན་པོ་འབྲས་བུར་འགྱུར་བ་དེ་ལས་ཁམས་གསུམ་གྱི་ལས་སྡུག་བསྔལ་ཐམས་ཅད་སོ་སོར་སྨིན་ཅིང་། དེ་ཐམས་ཅད་ཀྱང་ཀུན་གཞིའི་ནུས་པ་བསྐྱེད་པར་བྱེད་པས་འབྲས་བུ་ཞེས་ཀྱང་བྱ་སྟེ། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དེ། འདི་ལ་ནི་ཐེག་བསྡུས་ལས། ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་གྱི་རྟེན་འབྲེལ་ཞེས་གསུངས་སོ། །དེ་ལ་བརྟེན་ནས་སྡུག་པ་དང་མི་སྡུག་པ་འབྱེད་པའི་རྟེན་འབྲེལ་བཅུ་གཉིས་འབྱུང་སྟེ། འདི་ཐམས་ཅད་ནི་སྒྲིབ་པའོ། །ཆོས་ཀྱི་སྐུ་ནི་དྲི་མ་མེད་པ་ལ་བརྟེན་པའི་རྒྱུ་མཐུན་པ་རབ་ཏུ་ཟབ་པའི་ཆོས་ཀྱི་སྐུའི་ཡོན་ཏན་དང་འཕྲིན་ལས་འབྱུང་སྟེ། དེས་ན་ངོ་བོ་ཉིད་ནི་མེ་ལོང་ལྟ་བུ་ནི་ཆོས་ཀྱི་སྐུ་སྟེ། སྐུ་གཉིས་ཀྱི་སྐུ་ཡོངས་སུ་རྫོགས་པར་མི་འགྱུར་བས། འདིར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་རྣམ་པར་དཀར་བ་ཟག་པ་མེད་པའི་རྒྱུ་མཐུན་པ་རྣམས་ནི། སངས་རྒྱས་ཀྱི་རྒྱུ་ཞེས་བྱ་སྟེ། ཆོས་དཀར་བ་རྣམས་ཀྱང་ཆོས་ཀྱི་སྐུ་ལས་བྱུང་བའོ། །འདི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་ངོ་བོས་རྒྱུ་དང་འབྲས་བུ་སོ་སོར་ཐ་དད་པས་སྤང་གཉེན་དུ་གྱུར་པ་ཡིན་ནོ། །དེ་ལྟར་ཡང་ཐེག་བསྡུས་ལས། སངས་རྒྱས་ཀྱི་ཆོས་ཐོས་པའི་བག་ཆགས་ཀུན་གཞིའི་རྣམ་ཤེས་ལ་རྟེན་ཅིང་སྐྱེ་བ་དང་འགག་པའི་ཚུལ་བསྟན་པའི་རྗེས་ལ་འོ་ན་ཀུན་གཞིའི་རྣམ་པར་ཤེས་པ་ནི། ཉོན་མོངས་པའི་རྒྱུ་ཡིན་ན། དེའི་གཉེན་པོ་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་གང་ལས་བྱུང་བ་བརྗོད་དགོས་སོ། །ཞེ་ན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པའི་ཐོས་པའི་བག་ཆགས་སོན་པ་ལས་དེ་བྱུང་ངོ་། །དེའི་གཉེན་པོའི་ཐོས་པའི་བག་ཆགས་གང་ཡིན་པ་དེ་ཡང་། ཅི་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ནམ། འོན་ཏེ་མ་ཡིན། གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ན། ཇི་ལྟར་འདིའི་གཉེན་པོའི་ས་བོན་དུ་རུང་། ཇི་སྟེ་དེའི་ངོ་བོ་ཉིད་མ་ཡིན་ན་ནི། དེས་ན་ཐོས་པའི་བག་ཆགས་ཀྱི་ས་བོན་དེའི་གནས་ཅི་ཞིག་ཡིན་པར་ལྟ་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་ལ་རྟེན་ནས་ཐོས་པའི་བག་ཆགས་སུ་གྱུར་པ་གང་ཡིན་པ་དེ། གནས་གང་ལ་འཇུག་པ་དེ་ལྷན་ཅིག་འབྱུང་བའི་ཚུལ་གྱི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་འཇུག་པ་སྟེ། ཆུ་དང་འོ་མ་བཞིན་ནོ། དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་བག་ཆགས་ཆུང་ངུ་ལ་བརྟེན་ནས་འབྲིང་དང་ཆེན་པོར་འགྱུར་བས། ཆོས་ཀྱི་སྐུའི་ས་བོན་དུ་བལྟ་སྟེ། ཀུན་གཞིའི་རྣམ་པར་ཤེས་པའི་གཉེན་པོ་ཡིན་པས་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་པ་དང་། འཇིག་རྟེན་པ་ཡིན་ཀྱང་འཇིག་རྟེན་ལས་འདས་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཡིན་པས། འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་དུ་གྱུར་པའོ། །དེ་ནི་འཇིག་རྟེན་ལས་འདས་པའི་སེམས་མ་བྱུང་དུ་ཟིན་ཀྱང་། ཉོན་མོངས་པས་ཀུན་ནས་དཀྲིས་པའི་གཉེན་པོ་དང་། ངན་སོང་གི་འགྲོ་བའི་གཉེན་པོ་དང་། ཉེས་པར་བྱས་པ་ཐམས་ཅད་དེངས་པར་བྱེད་པའི་གཉེན་པོ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཕྲད་པའི་རྗེས་སུ་མཐུན་པའོ། །བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱི་འཇིག་རྟེན་པ་ཡིན་ཀྱང་། ཆོས་ཀྱི་སྐུར་བསྡུས་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་ལུས་སུ་བསྡུས་པར་ཡང་བལྟའོ། །དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་གྱི། ཆོས་ཀྱི་སྐུ་དང་རྣམ་པར་གྲོལ་བའི་ལུས་སུ་བསྡུས་ཏེ། ཆུང་ངུ་དང་། འབྲིང་པོ་དང་། ཆེན་པོ་ཇི་ལྟ་བུར་རིམ་གྱིས་འཕེལ་བ་དང་དེ་ལྟ་བུར་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཡང་འབྲི་ཞིང་གནས་ཀྱང་འགྱུར་རོ། གནས་པ་རྣམ་པ་ཐམས་ཅད་དུ་འགྱུར་བ་དང་། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་ཡང་། ས་བོན་མེད་པར་གྱུར་པ་དང་། རྣམ་པ་ཐམས་ཅད་དུ་སྤངས་པ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་ཆོས་ཀྱི་དབྱིངས་དེ་ཉིད་ལ་རྒྱུ་དང་རྐྱེན་གྱི་ཐ་སྙད་བསྟན་པའི་ཕྱིར། ས་བོན་གྱུར་པ་ཁམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །ཞེས་གསུངས་ཏེ། ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སྟེ། ས་བོན་དང་ཁམས་ཀྱང་དེ་ཉིད་ཡིན་ནོ། །དེ་ལྟར་ཡང་རྒྱུད་བླ་མའི་འགྲེལ་པར། འདིར་དབྱིངས་ཀྱི་དོན་ནི་རྒྱུའི་དོན་ཏོ། །ཞེས་པ་དང་། བྱང་ཆུབ་ཀྱི་སྐབས་ནས། ཇི་ལྟར་རྒྱུ་མིན་ནམ་མཁའ་ནི། གཟུགས་མཐོང་བ་དང་སྒྲ་དང་དྲི། །རོ་དང་རེག་བྱ་ཆོས་རྣམས་ཀྱི། །ཐོས་ལ་སོགས་པའི་རྒྱུ་ཡིན་ལྟར། །དེ་བཞིན་སྐུ་གཉིས་སྒྲིབ་མེད་པའི། །སྦྱོར་བསྟན་པ་ཡི་དབང་དོན་ལ། །ཟག་པ་མེད་པའི་ཡོན་ཏན་དག །སྐྱེ་བ་ཡི་ནི་རྒྱུ་ཡིན་ནོ། །ཞེས་གསུངས་སོ། །རྒྱུ་མཚན་དེའི་ཕྱིར། སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་སྒྲིབ་པ་རིམ་གྱིས་དག་པ་ལས་རང་གི་དྲི་མ་མེད་པའི་ཡོན་ཏན་སྣང་བས། བྱང་ཆུབ་ཆེན་པོ་ཐོབ་བོ་ཞེས་བསྟན་པའི་ཕྱིར། རིམ་གྱིས་སྦྱངས་པར་གྱུར་པ་ལས། །སངས་རྒྱས་གོ་འཕང་ཐོབ་པར་འགྱུར། །ཞེས་བསྟན་གྱི། ལོག་གཅིག་ནས་གསར་དུ་ཐོབ་པར་བྱ་བ་དང་། རང་གི་འདུ་ཤེས་ཀྱི་འཆིང་བ་ལས་གཞན་གྱི་སྒྲིབ་པ་སྤང་དུ་མེད་པས། འདུ་ཤེས་རང་གི་ངོ་བོ་སྨིག་སྒྱུ་ལྟར་རང་བཞིན་མེད་པ་ལ་མེད་པ་ཉིད་དུ་མངོན་གསུམ་དུ་རྟོགས་པ་དང་། རང་བཞིན་གྱིས་འོད་གསལ་བའི་ཆོས་ཀྱི་སྐུའི་གནས་ལུག་ཡོངས་སུ་གྲུབ་པ་ལ་གྲུབ་པ་ཉིད་དུ་རྟོགས་ཤིང་མངོན་དུ་གྱུར་པ་ནི། བྱིས་པ་ཐམས་ཅད་ཀྱི་བློས་གཞལ་བར་མི་ནུས་པས། ཕ་རོལ་དུ་ཕྱིན་པ་དང་། སློབ་དཔོན་གྱི་རྟེན་འབྲེལ་གྱི་གཞུང་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ལ་སྒྲིབ་པ་བསལ་བའི་ཕྱིར་དཔེ་དང་དོན་གྱིས་བསྟན་པ་ནི། ཚིགས་སུ་བཅད་པ་འདི་གཉིས་ཏེ། དེ་ལས་ཀྱང་ཐོག་མར་དཔེ་ནི། དག་པའི་སེམས་འོད་མཚོན་པའི་ཕྱིར། །དྲི་མེད་ཉི་མ་ཟླ་བ་ཡང་། །ཞེས་པ་ཉི་ཟླ་ནི་རང་བཞིན་གྱིས་འོད་གསལ་ཞིང་། མུན་པ་ལ་སོགས་པའི་སྒྲིབ་པ་དང་ལྷན་ཅིག་ཏུ་མི་གནས་པ་ཡིན་ཀྱང་། མེད་བཞིན་དུ་སྣང་བའི་གློ་བུར་གྱི་སྒྲིབ་པ་བསྟན་པའི་ཕྱིར། སྤྲིན་དང་དུ་བ་ཁུག་རྣ་དང་། །དགྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡི་བསྒྲིབ་པར་འགྱུར། །ཞེས་བསྟན་ཅིང་དོན་ནི། དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །ཞེས་གསུངས་ཏེ། རང་བཞིན་གྱིས་འོད་གསལ་བའི་སངས་རྒྱས་ཀྱི་སྙིང་པོ་ལ་ཡང་། འདོད་པའི་འདོད་ཆགས་སྲིད་པར་རླན་པར་བྱེད་པའི་སྤྲིན་ལྟ་བུ་དང་། ཞེ་སྡང་གི་མེ་ཡིས་བསྐྱེད་པའི་གནོད་སེམས་དུ་བ་ལྟ་བུ་དང་། གཏི་མུག་གི་མི་གསལ་བར་བྱེད་པའི་ཁུག་རྣ་ལྟ་བུ་ལེ་ལོ་དང་། ཡེ་ཤེས་ཀྱི་སྣང་བ་བསྒྲིབ་པ་སེམས་རྒོད་པ་ང་རྒྱལ་དང་བཅས་པ་དགྲ་གཅན་གདོང་ལྟ་བུ་དང་། ལྟ་བ་སྣ་ཚོགས་པའི་ཚུབ་མས་བསྐྱེད་པ་རྡུལ་ལྟ་བུ་ཐེ་ཚོམ་སྟེ། རྣམ་པ་ལྔ་ཡིས་རང་གི་རང་བཞིན་མི་གསལ་བར་བྱ་བའི་ཕྱིར། སེམས་ཅན་རྣམས་ཀྱི་འོད་གསལ་བ་མཐོང་བར་མ་གྱུར་ཏོ། །འདི་གསལ་བར་བྱ་བའི་ཕྱིར། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་ཐོས་པ་དང་བསམ་པ་དང་། བསྒོམ་པས་རྟོགས་པར་བྱ་བ་ཡིན་པས་འདི་མན་ཆད་ཀྱིས་སྟོན་པར་མཛད་དོ། །དེ་ནས་གསུམ་པ་སྤང་གཉེན་གྱི་ཚུལ་མདོར་བསྟན་པ་ལ་ལྔ་སྟེ། དྲི་མ་སྦྱངས་པས་རང་བཞིན་དག་པ་དང་། སྟོང་པ་ཉིད་གཉེན་པོར་བསྟན་པ་དང་། ཡེ་ཤེས་ཀྱི་མི་སྟོང་པའི་ཚུལ་དང་། སྤང་གཉེན་གྱིས་སྟོང་པའི་ཚུལ་དང་། དེ་རྒྱས་པར་བཤད་པའོ། །དང་པོ་ནི་ཚིགས་སུ་བཅད་པ་གཉིས་ལས། དཔེ་ནི། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མ་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་གྱུར་གོས་མིན་ལྟར། །ཞེས་བྱ་བ་ནི་མེས་བཀྲུས་པའི་རས་སམ། རྡོ་རྒྱུས་ལས་བྱས་པའི་གོས་དྲི་མ་རྣམས་ཀྱིས་གོས་པ་དེ་། མེའི་ནང་དུ་བཅུག་པས་དྲི་མ་འཚིག་ཅིང་གོས་དག་ནས་སྔ་མ་ལྟར་འོད་གསལ་བར་འགྱུར་རོ། །དེ་བཞིན་དུ་དོན་ནི། དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལས་སྐྱེས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེག །དེ་ཉིད་འོད་གསལ་བ་ཡིན་ནོ། །ཞེས་གསུངས་ཏེ། སངས་རྒྱས་ཀྱི་སྙིང་པོ་རང་བཞིན་གྱིས་འོད་གསལ་བའི་སེམས་ལ་ཡུལ་དང་ཡུལ་ཅན་དུ་རྟོགས་པས། ང་དང་ང་ཡི་ཞེས་བརྟག་ནས་འདུ་བྱེད་པས་བླངས་བ་དང་དོར་བའི་རྟོག་པས་གནས་ལ་ཆགས་ཤིང་ཡུལ་རྣམས་འདོད་པ་རྒྱུ་དེས་འཛིན་པ་ཅན། རྒྱུད་རྨོངས་པར་གྱུར་པ་སྟེ། དྲི་མ་ནི་དེ་ཡིན་པས། དེ་ཉིད་སྦྱང་བར་བྱ་བ་ཡང་། གང་ལ་ཆགས་དང་། གང་གིས་ཆགས་པ་དང་། ཚུལ་ཇི་ལྟར་ཆགས་པ་དང་བཅས་པ་དེ་ཉིད་ལ་བརྟགས་ཅིང་། ཤེས་རབ་ཀྱིས་དཔྱད་ན་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རང་གི་ངོ་བོས་མ་སྐྱེས་པ། མ་འགག་པ། སྟོང་པ། དབེན་པ། ཞི་བ། འོད་གསལ་བར་རྟོགས་པར་འགྱུར་ཏེ། དེ་ནི་ཡེ་ཤེས་ཀྱི་མེ་ཡིན་ནོ། །རྟོགས་པའི་བློ་དེ་ཉིད་ཀྱང་ཡང་དག་པའི་རྟོགས་པ་ཡིན་ལ། དེ་ལྟར་ཡང་དག་པའི་རྟོགས་པ་ལ་སོགས་པ་འཕགས་པའི་ལམ་དུ་བཞག་མོད་ཀྱི། དེ་ཉིད་མཚན་མ་ཡང་བྲལ་བའི་ཚེ་འོད་གསལ་བའི་སངས་རྒྱས་མངོན་དུ་གྱུར་པ་སྟེ། དྲི་མ་དང་མེ་ཞི་བར་གྱུར་པ་ན། གོས་གསལ་བར་གྱུར་པ་བཞིན་ནོ། །གཞན་ཡང་དྲི་མ་ཇི་སྲིད་ཡོད་ཀྱི་བར་དུ་མེ་འབར་བ་ལྟར་སྤང་བྱའི་རྟོགས་པ་ཡོད་ཀྱི་བར་དུ་གཉེན་པོའི་རྟོག་པ་འབར་བར་གྱུར་ཏེ། གཉིས་ཀ་ཞི་བས་འོད་གསལ་བར་གྱུར་པ་ཞེས་བྱའོ། གཉིས་པ་སྟོང་པ་ཉིད་གཉེན་པོར་བསྟན་པ་ནི། དེ་ལྟར་སྤངས་བྱ་དང་། གཉེན་པོ་གཉིས་ཀ་ཞི་བར་གྱུར་ན། ཁམས་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱང་ཡོད་པར་ཇི་ལྟར་འགྱུར་ཞེ་ན། སྟོང་པ་ཉིད་ནི་སྟོན་པའི་མདོ། རྒྱལ་བས་ཇི་སྙེད་གསུངས་པ་དེ། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་གཟུགས་ནས་རྣམ་པ་ཐམས་ཅད་སྟོང་པ་ཉིད་དུ་མདོ་ལས་གསུངས་པ་དེ་རྣམས་ཀྱི་དགོངས་པའི་དོན་ནི། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་བཟློག་པར་བྱེད་པའི་ཕྱིར་གསུངས་པ་ཡིན་ཏེ། གང་དག་རང་བཞིན་དང་། སྐྱེས་བུ་དང་། དུས་དང་། དབང་ཕྱུག་དང་། རྡུལ་ཕྲན་དང་། ཆད་པར་ལྟ་བའི་རྣམ་པ་དུ་མ་རྣམས་བཟློག་པའི་ཕྱིར། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། འཕགས་པའི་བདེན་པ་བཞི་ལ་སོགས་པ། རྒྱུ་དང་། འབྲས་བུ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་བསྟན་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་ནས། དེ་ཡང་འཁོར་བ་སྤང་བྱ་བརྟག གཉེན་པོའི་ཆོས་རྣམས་བླང་བྱར་བདེན་པར་རྟོག་པས། ཆོས་ལ་བདག་འཛིན་པར་གྱུར་པ་དེ་གཞོམ་པའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པས་བདག་མེད་གཉིས་རྟོགས་པར་འགྱུར་བས་དགོས་པ་ནི་དེ་ཡིན་ནོ། །སངས་རྒྱས་ཀྱི་སྙིང་པོ་འོད་གསལ་བའི་ཁམས་སྟོང་པ་དང་། དངོས་པོ་དང་གཉིས་ཡིན་དང་གཉིས་མ་ཡིན་ལས་རྣམ་པར་གྲོལ་བའི་ཡེ་ཤེས་དེ་ཉམས་པ་སྟེ། མེད་པར་བསྟན་པ་ནི་མ་ཡིན་ནོ། །ཚུལ་འདི་ནི་ཐེག་པ་ཆེན་པོ་ཉི་ཤུ་པ་ལས་ཀྱང་། བདག་དང་བདག་མེད་བདེན་མིན་ཏེ། །སོ་སོའི་སྐྱེ་བོས་བརྟགས་པ་ཡིན། །བདེ་དང་སྡུག་བསྔལ་ལྟོས་པ་སྟེ། །ཉོན་མོངས་རྣམས་དང་གྲོལ་དེ་བཞིན། །ཞེས་གསུངས་པ་དང་། རིགས་པ་དྲུག་ཅུ་པ་ལས་ཀྱང་། ཡོད་པས་རྣམ་པར་མི་གྲོལ་ཏེ། །མེད་པས་སྲིད་པ་འདི་ལ་མིན། །དངོས་དང་དངོས་མིན་ཡོངས་ཤེས་པས། བདག་ཉིད་ཆེན་པོ་རྣམ་པར་གྲོལ། །ཞེས་པ་ལ་སོགས་པ་མང་དུ་གསུངས་སོ། །གསུམ་པ་ཡེ་ཤེས་ཀྱིས་མི་སྟོང་པའི་ཚུལ་བསྟན་པ་ནི། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་གསུངས་ཏེ། དཔེར་ན་སའི་དཀྱིལ་ན་ཆུའི་ངོ་བོ་དེ་རླན་པ་དང་། དྭངས་པ་དང་། དྲི་མ་མེད་པར་གནས་པ་ལྟར། ཉོན་མོངས་པའི་དྲི་མ་ས་ལྟ་བུ་ཡིན་ལ། སེམས་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཀྱི་རང་བཞིན་ནི། དྲི་མ་མེད་པར་གནས་ཤིང་ཡོད་ཀྱང་མ་དམིགས་པ་ཙམ་དུ་ཟད་དོ། །རྐྱེན་དང་བྲལ་བས་ངོ་བོ་ཉིད་སྣང་བ་འབྱུང་ངོ་། །དེས་ན་དངོས་པོ་དང་དངོས་མེད་སྟོང་པར་རྟོག་པ་ས་དང་འདྲ་བ་སྤང་བར་བྱ་སྟེ། རྙོག་མ་ཞི་བར་བྱའོ། །འདི་ནི་མདོ་སྡེ་རྒྱན་ལས་ཀྱང་། ཇི་ལྟར་ཆུ་རྙོག་པ་ལས་དྭངས་པ་ནི། །དྭངས་པ་ཉིད་དེ་དེ་ལས་སྐྱེ་མིན་ཏེ། །དེ་ནི་དེ་ལས་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་དེ་བཞིན། །སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་འདོད། །དེ་ནི་གློ་བུར་ཉེས་པས་མ་རུངས་བྱས། །ཞེས་གསུངས་སོ། །བཞི་པ་སྤང་གཉེན་གྱི་སྟོང་པའི་དོན་བཤད་པ་ནི། ཚིགས་སུ་བཅད་པ་གསུམ་ལས། དང་པོ་རང་བཞིན་གྱིས་འོད་གསལ་བའི་སེམས་དེ་ཉིད་བདག་མེད་པར་བསྟན་པའི་ཕྱིར། ཆོས་དབྱིངས་གང་ཕྱིར་བདག་མ་ཡིན། །བུད་མེད་མ་ཡིན་སྐྱེས་མ་ཡིན། བཟུང་བ་ཀུན་ལས་རྣམ་གྲོལ་བ། ཅི་ལྟར་བདག་ཅེས་རྟག་པར་བྱ། །ཞེས་གསུངས་ཏེ། ཆོས་དབྱིངས་རང་བཞིན་གྱིས་འོད་གསལ་བར་ཡོད་ན། མུ་སྟེགས་པའི་བདག་དང་མཚུངས་པར་འགྱུར་རོ། །ཞེ་ན་དེ་ལྟར་མི་འགྱུར་ཏེ། འོད་གསལ་བའི་ཆོས་ཀྱི་དབྱིངས་དེ་བདག་མ་ཡིན། བུད་མེད་མ་ཡིན་སྐྱེས་པ་མ་ཡིན་ཏེ། བཟུང་བ་དང་འཛིན་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །གང་བཟུང་འཛིན་དུ་མ་གྲུབ་པ་ལ་བདག་ཅེས་ཇི་ལྟར་དུ་བཏག་པར་བྱ་སྟེ། ཁྱད་པར་དུ་བྱ་བ་མ་གྲུབ་པའི་ཕྱིར་རོ། དེ་ལྟར་ན་སེམས་འོད་གསལ་བ་དང་ལྡན་པའི་འགྲོ་བ་འདི་རྣམས་ཇི་ལྟར་དོན་ལ་བདེན་པར་མ་གྲུབ་བཞིན་དུ། སྐྱེས་པ་དང་བུད་མེད་ལ་སོགས་པ་བཟང་འགྲོ་དང་། ངན་འགྲོ་རྣམས་ཇི་ལྟར་སྣང་ཞིང་གདགས་པར་བྱ་ཞེ་ན། ཆགས་པ་མེད་པའི་ཆོས་ཀུན་ལ། །བུད་མེད་སྐྱེས་པ་དམིགས་མ་ཡིན། །ཆོས་ཐམས་ཅད་ནི་གང་ཆགས་པ་དང་བྲལ་བ་འགོག་པ་དང་། གང་གིས་ཆགས་པ་དང་བྲལ་བ་ལམ་གྱི་བདེན་པས་བསྡུས་ཏེ། འདི་གཉིས་ཀ་ཡང་རང་གི་ངོ་བོས་དག་པ། གསལ་བ་གཉེན་པོར་གྱུར་པ་སྟེ། རྒྱུ་འདི་གསུམ་ལ་ཉོན་མོངས་པ་རང་བཞིན་གྱིས་མ་གོས་པ་དང་། སྒྲིབ་པའི་མུན་པ་འཇོམས་པ་དང་། བདག་ཏུ་འཛིན་པའི་གཉེན་པོར་གྱུར་པའི་རང་གི་མཚན་ཉིད་ཅན་ཡིན་པའི་ཕྱིར། ཆོས་ཐམས་ཅད་ནི་བདག་མེད་པ་ཉིད་ལ། སྐྱེས་པ་དང་བུད་མེད་ལ་སོགས་པ་དམིགས་པར་མེད་དོ། །དེ་ལྟ་མོད་ཀྱིས་དོན་མཐོང་བ་ལ་ཕྱི་རོལ་དུ་གྱུར་པ་བྱིས་པ་འདུ་ཤེས་ཀྱིས་འཆིང་བས་བཅིངས་པ་རྣམས་ལ་ཆགས་པ་དང་། དེ་ཡོད་ན་བྲལ་བའི་ཐ་སྙད་བསྟན་པའི་ཕྱིར་དུ། འདོད་ཆགས་ཀྱིས་གདུངས་གདུལ་བྱའི་ཕྱིར། །བུད་མེད་སྐྱེས་པ་ཞེས་རབ་བསྟན། །ཞེས་ཀུན་རྫོབ་ཀྱི་ཐ་སྙད་རྟོག་པ་ཇི་ལྟ་བར་སྟོན་པར་མཛད་དོ། །འདི་ལ་སྤང་བྱའི་མཚན་མ་ཐམས་ཅད་ཀྱི་རྩ་བ་ནི་རང་བཞིན་གྱིས་འོད་གསལ་བ། རང་བཞིན་གྱིས་བླང་དོར་དང་བྲལ་བ་དེ་ལྟར་མ་རྟོགས་པ་ནི་མ་རིག་པ་ཡིན་ཏེ། དེ་ལ་སྲིད་པའི་འདོད་ཆགས་ཐམས་ཅད་བསྐྱེད་པའི་ཕྱིར། བདག་ལ་རྟོག་ཅིང་ཆགས་པས་གཞན་དུ་རྟོག་ཅིང་ལེན་པར་གྱུར་པ་སྟེ་འདི་ནི་མདོ་ལས་ཀྱང་། བྱིས་པ་འདུ་ཤེས་ལ་མཚན་མར་འཛིན་ཅིང་ཆགས་པ་གནས་ལ་དགའ་བ། ཡུལ་འདོད་པ་ཞེས་གསུངས་ཏེ་ཡིན་ནོ། །མཚན་མ་དེ་དག་གཞོམ་པའི་ཕྱིར། །མི་རྟག་སྡུག་བསྔལ་སྟོང་པ་ཞེས། །བྱ་བ་གསུམ་པོས་སེམས་སྦྱོང་བྱེད། མཆོག་ཏུ་སེམས་ནི་སྦྱོང་བྱེད་པའི། །ཆོས་ནི་རང་བཞིན་མེད་པ་ཡིན། །ཞེས་བྱ་བ་སྨོས་ཏེ། རྒྱལ་བས་ཐེག་པ་ཐམས་ཅད་ཀྱི་གཞིར་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །སྲིད་པར་སོང་བ་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ཐམས་ཅད་ནི་ཞི་བའོ། །ཞེས་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་པོ་འདི་ཆོས་ཀྱི་སྡོམ་དུ་གསུངས་ཏེ། དེས་ན་མི་རྟག་པ། སྡུག་བསྔལ་སྐད་ཅིག་མ། འཇིག་པ་མི་བདེན་པས་སྟོང་ལ། བདག་མེད་པར་ཞི་བས་སྤྲོས་པ་དང་བྲལ་བས་ཏེ། འདིར་སྤང་བྱ་དང་། གཉེན་པོའི་མཚན་མ་འགའ་ཡང་། ཆོས་ཀྱི་དབྱིངས་སངས་རྒྱས་ཀྱི་སྙིང་པོ་ལ་མ་དམིགས་པའི་རྒྱུ་མཚན་གྱིས་ཆོས་ཐམས་ཅད་རང་བཞིན་མེད། ངོ་བོ་ཉིད་མེད་པ། ཞེས་བརྗོད་པ་ཡིན་ནོ། །རང་བཞིན་གྱིས་དག་པའི་འོད་གསལ་བའི་ངོ་བོ་ནི་དེ་བཞིན་དུ་བཞུགས་ཏེ། འདི་ལ་དགོངས་ནས་མདོ་ལས། སངས་རྒྱས་རྣམས་འཇིག་རྟེན་དུ་བྱོན་ཡང་རུང་། མ་བྱོན་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་དུ་གནས་པ་ཉིད་དོ། །ཞེས་གསུངས་སོ། །ལྔ་པ་དོན་དེ་ཉིད་རྒྱས་པར་བཤད་པ་ནི་བརྒྱད་དེ། རང་ལ་གནས་ཀྱང་མ་མཐོང་བ་དང་། སྒྲིབ་བྱེད་བསྟན་པ་དང་། ཡེ་ཤེས་རྟོགས་པའི་ཚུལ་དང་། ཀུན་བརྟགས་ཀྱི་དོན་དང་། གཞན་དབང་གི་དོན་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཡོངས་སུ་གྲུབ་པའི་ཚུལ་དང་། དེ་རྣམས་ཀྱི་དོན་བསྡུ་བའོ། །དང་པོ་ནི། ཇི་ལྟར་སྦྲུམ་མའི་ལྟོ་ན་བུ། །ཡོད་ཀྱང་མཐོང་བ་མ་ཡིན་པ། །ཞེས་བྱ་བ་ནི་དཔེས་བསྟན་པ་ཡིན་ལ། དེ་བཞིན་དུ་དོན་ནི། དེ་བཞིན་ཉོན་མོངས་ཀྱིས་གཡོགས་པས། །ཆོས་ཀྱི་དབྱིངས་ཀྱང་མཐོང་མ་ཡིན། །ཞེས་གསུངས་ཏེ། ཚུལ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས་ཀྱང་། ཇི་ལྟར་དབུལ་མོ་མགོན་མེད་པའི་ལྟོ་ན་འཁོར་ལོས་བསྒྱུར་བ་ཡོད་ཀྱང་མི་ཤེས་པ་ལྟར། རང་གི་ཉོན་མོངས་པ་དང་བཅས་པའི་སྦུབ་ན། སངས་རྒྱས་ཀྱི་སྙིང་པོ་ཡོད་ཀྱང་མ་ཤེས་ཏེ་ཉོན་མོངས་པར་གྱུར་ཏོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་སྒྲིབ་པར་བྱེད་པ་བསྟན་པ་ནི། བདག་དང་བདག་གི་རྣམ་རྟོག་དང་། །མིང་གི་འདུ་ཤེས་རྒྱུ་མཚན་གྱིས། །རྣམ་རྟོག་བཞི་པོ་འབྱུང་བ་ཡང་། །འབྱུང་དང་འབྱུང་ལས་གྱུར་པས་སོ། །ཞེས་གསུངས་ཏེ། རང་ལ་ཡོད་པ་མ་རྟོགས་པ་ཡང་སྔར་གོང་དུ་བསྟན་པ་ལྟར། སྣང་བ་དང་སྟོང་པ་དབྱེར་མེད་པའི་སེམས་རང་བཞིན་གྱིས་འོད་གསལ་བ་ལ་འགག་པ་མེད་པའི་ཡིད་གཡོ་བ་ལ་བརྟེན་ནས། རྣམ་པར་ཤེས་པ་ལ་བདག་ཏུ་རྟོགས་པ་དང་། དེའི་དབང་གིས་གཟུགས་ལ་སོགས་པ་བདག་གི་བར་རྟོག་པས། འདུ་བྱེད་ཀྱིས་འཕེན་པ་དང་། འདུ་ཤེས་ཀྱི་མཚན་མར་འཛིན་པ་དང་། ཚོར་བས་བདེ་སྡུག་ཏུ་དཔྱོད་ཅིང་གཅོད་པར་བྱེད་པ་སྟེ། མིང་གཞིའི་རྒྱུ་མཚན་མ་རྟོགས་པ་ལ་བརྟེན་ནས་མི་རྟག་པ་ལ་རྟག་གོ་སྙམ་པ་དང་། སྡུག་བསྔལ་བ་ལ་བདེ་བར་འཛིན་པ་དང་། རང་བཞིན་གྱིས་སྟོང་པ་ལ་དངོས་པོར་འཛིན་པ་དང་། བདག་མེད་པ་ལ་བདག་ཏུ་རྟོག་པའི་ཕྱིན་ཅི་ལོག་གི་རྣམ་རྟོག་བཞི་པོ་འབྱུང་བ་ཡང་རྒྱུའི་ཆ་ནས་ཀུན་འབྱུང་བ་དང་། འབྲས་བུའི་ཆ་ནས་འབྱུང་བར་འགྱུར་བ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་མ་རྟོགས་པ་ལས་གྱུར་པ་ཡིན་ནོ། ཡེ་ཤེས་རྟོགས་པའི་ཚུལ་ནི། ཚིགས་སུ་བཅད་པ་གཅིག་སྟེ། སངས་རྒྱས་རྣམས་ཀྱི་སྨོན་ལམ་ཡང་། །སྣང་བ་མེད་ཅིང་མཚན་ཉིད་མེད། །ཞེས་བྱ་བ་ནི་གང་དག་འཕགས་པའི་བདེན་པ་མངོན་སུམ་དུ་གཟིགས་པ་དང་། དེ་ལ་འཇུག་པ་རྣམས་ཀྱི་ལམ་དང་། འགོག་པས་བསྡུས་པ་ཡང་སྡུག་བསྔལ་དང་། ཀུན་འབྱུང་བ་སྣང་བ་མེད། རང་བཞིན་མཚན་ཉིད་ཀྱིས་ཀུན་ཏུ་བརྟགས་པ་དང་། གཞན་གྱིས་དབང་གིས་ངོ་བོ་ཉིད་མེད་པར་མཁྱེན་ནས། སེམས་ཅན་ཐམས་ཅད་ལ་རྒྱུ་མེད་པའི་ཐུགས་རྗེ་ཆེན་པོ་འཇུག་སྟེ། དེའི་ཕྱིར་སངས་རྒྱས་ཀྱིས་ཐབས་དང་སྨོན་ལམ་ཡང་འདི་ལྟར་འཇུག་སྟེ། སོ་སོར་རང་རིག་སྦྱོར་ལྡན་ཉིད། སངས་རྒྱས་རྟག་པའི་ཆོས་ཉིད་ཅན། །ཞེས་གསུངས་ཏེ། རྣམ་པར་རྟོག་པ་དང་མཚན་མ་འཛིན་པའི་འདུ་ཤེས་ཀྱི་འཆིང་བ་ལས་རྣམ་པར་གྲོལ་བ་ལས། སོ་སོ་རང་གིས་རིག་པ་ལ་སྦྱོར་བར་མཛད་པ་དང་ལྡན་པ་ཉིད་དེ། འདིར་རིག་པར་བྱ་བ་དེ་ཡང་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་ལ། དེའི་རྒྱུ་མཐུན་པ་རབ་ཏུ་ཟབ་པའི་རྣམ་པར་དཀར་བའི་ཆོས་ཀྱི་འོད་ཟེར་འཕྲོ་བས་གློ་བུར་གྱི་དྲི་མ་སེལ་བ་ཙམ་ཉིད་དུ་ཐོག་མར་མཁྱེན་ཅིང་བར་ཏུ་མངོན་དུ་གྱུར་ནས། མཐར་དྲི་མ་མེད་པར་ཡེ་ཤེས་དང་ཡོན་ཏན་འཕྲིན་ལས་དང་བཅས་པ་ལ་བཞུགས་པ་ནི། རང་བཞིན་དང་རྒྱུན་དང་རྒྱུན་ཆད་མེད་པའི་རྟག་པ་ཉིད་གསུམ་གྱི་ངོ་བོར་གྱུར་པའོ། །དེ་ལྟར་མདོ་སྡེ་རྒྱན་ལས་ཀྱང་། །སྐུ་གསུམ་དག་གི་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གི་རང་བཞིན་གྱི། །དོན་ནི་རྟེན་དང་བཅས་པར་བསྟན། །དེ་དག་རྟེན་དང་དགོངས་པ་དང་། །འཕྲིན་ལས་ཀྱིས་ནི་མཉམ་པ་ཉིད། །རང་བཞིན་གྱིས་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། །ཅེས་གསུངས་པ་ཡིན་ནོ། །ཀུན་བརྟགས་ཀྱི་དོན་ནི། ཇི་ལྟར་རི་བོང་མགོ་བོའི་རྭ། །བཏགས་པ་ཉིད་དེ་མེད་པ་བཞིན། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །བཏགས་པ་ཉིད་དེ་ཡོད་མ་ཡིན། །ཞེས་འདི་ཡང་སྔར་བསྟན་པ་ལྟར། སངས་རྒྱས་རྟག་པ་གདོད་མ་ནས། །འགྱུར་བ་མེད་པ་ཉིད་ཡིན་ན། །དྲི་མ་སྤང་བྱར་བཤད་པ་དང་། །གཉེན་པོ་མི་རྟག་ལ་སོགས་ཀྱི། །དེ་སྦྱོང་བར་བྱེད་པ་བཤད་པ་འདི་རྣམས་མེད་པ་ཇི་ལྟར་རུང་། །འདི་ཡང་སངས་རྒྱས་ཀྱི་སྙིང་པོ་དང་འདྲ་བར་ཡོད་དམ་ཞེ་ན། ཇི་ལྟར་རི་བོང་གི་མགོ་ལ་རྭ་མེད་པ་ལ་རི་བོང་གི་རྭ་ཞེས་བཏགས་ཀྱང་། གཏན་མེད་པའི་རྭ་ཇི་ལྟར་འབྱུང་བར་འགྱུར་ཏེ་རིགས་པ་མ་ཡིན་ནོ། །དེ་ལྟར་མ་དག་པའི་ཀུན་གཞིའི་སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་ཀྱང་ཡང་དག་པ་མ་ཡིན་པའི་ཀུན་རྟོག་པས་བརྟགས་པ་སྟེ། བཟུང་བ་དང་འཛིན་པ་ཇི་ལྟར་བརྟགས་པ་ནི་གཏན་ཡོད་པ་མ་ཡིན་ནོ། །མེད་པ་ལ་ཡོད་པར་རྟོག་པས་འཁྲུལ་པ་ཞེས་བྱ་སྟེ། གལ་ཏེ་ཅུང་ཟད་ཡོད་ན་འཁྲུལ་པར་མི་འགྱུར་ཏེ། དེའི་ཕྱིར་ཀུན་ཏུ་བརྟགས་པ་ནི་གཏན་མེད་པའི་མཚན་ཉིད་དུ་བརྗོད་དོ། །གཞན་དབང་གི་དོན་ནི། ཕྲ་རབ་རྡུལ་གྱི་ངོ་བོ་ཡིས། །གླང་གི་རྭ་ཡང་ཡོད་མ་ཡིན། །ཞེས་གསུངས་ཏེ། འོ་ན་བརྟགས་པའི་ཆོས་ཐམས་ཅད་མེད་ཀྱང་། །གླང་གི་རྭ་ཡོད་པར་སྣང་བ་ལྟར། ཆོས་ཐམས་ཅད་ཀྱང་ཡུལ་དང་ཡུལ་ཅན་གྱི་སྣང་བ་ལྟར་ཡོད་པ་མ་ཡིན་ནམ། རིགས་པའི་ཚོགས་ལས་ཀྱང་། སྣང་བ་ཙམ་འགོག་པར་མི་བྱེད་པའི་ཕྱིར། གཞན་དབང་གིས་ཆོས་ནི་ཡོད་པར་འགྱུར་རོ། །མེད་ན་ལམ་དང་འབྲས་བུ་ཡང་མེད་པར་ཁས་བླངས་དགོས་སོ། །ཞེ་ན་དེ་ལྟ་མ་ཡིན་ཏེ། གླང་དང་རྭ་ལྟར་སྣང་དུ་ཆུག་མོད་ཀྱང་། དངོས་པོ་ཐམས་ཅད་ཤེས་པ་དང་། བེམ་པོར་བྱས་ན་བེམ་པོའི་རྭ་ཡང་རྡུལ་ཕྲ་རབ་ལྟར་བྱས་ལ། དེ་ཡང་ཕྱོགས་ཀྱི་དབྱེ་བས་ཆ་མེད་པར་འགྱུར་ལ་བེམ་པོ་མེད་པའི་ཤེས་པ་རྭ་ལྟར་སྣང་བ་ཡང་རྭའི་དོན་དུ་ཇི་ལྟར་རུང་གཞན་ཡང་མགོ་བོར་གནས་པ་རྭ་རུ་མི་རུང་སྟེ། སྐྲ་ཡང་རྭར་འགྱུར་བའི་ཕྱིར་དང་། དབྱིབས་ཀྱང་རྭར་མི་རུང་སྟེ། ཤིང་ལ་སོགས་པ་ཡང་དེ་ལྟར་འདྲ་བར་སྣང་བའི་ཕྱིར་དང་། ཁ་དོག་དང་སྲ་བ་དག་ལ་ཡང་རྭར་མི་རུང་སྟེ། རྨིག་པ་དང་རྡོ་བ་ལ་སོགས་པ་ལ་ཡང་རྭ་འདྲ་བར་སྣང་བའི་ཕྱིར་དང་། རྣམ་པར་སྣང་བ་ལ་ཡང་རྨི་ལམ་ལྟར་མི་བདེན་པ་འགྲུབ་པའི་ཕྱིར། ཡང་དག་པར་བརྟགས་ན་གླང་གི་རྭ་ཡང་རྣམ་པ་ཐམས་ཅད་དུ་བདེན་པར་གྲུབ་པ་མེད་དོ། །དེ་ལྟར་གཞན་གྱི་དབང་གིས་མཚན་ཉིད་དབང་པོ་དང་། ཤེས་པ་དང་། ཡུལ་གསུམ་པོ་ལ་བརྟེན་ནས་སྣང་བ་ཡོད་མོད་ཀྱང་། བདེན་པར་གྲུབ་པ་མེད་དོ། །འདི་ནི་འཕགས་པ་ལྷའི་ཡེ་ཤེས་སྙིང་པོ་ཀུན་ལ་བཏུས་པ་ལས་ཀྱང། ཆ་ཤས་ཅན་ཞེས་བྱར་མེད་ཅིང་། །ཕྲ་རབ་རྡུལ་རྣམས་མེད་པ་དང་། །སོ་སོར་སྣང་བ་དམིགས་སུ་མེད། །ཉམས་སུ་མྱོང་བ་རྨི་ལམ་འདྲ། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་སོ། །ཚུལ་དེས་ན། ཀུན་བརྟགས་ནི་དོན་མེད་པ་དང་། གཞན་དབང་ནི་སྣང་ཡང་དེ་ཁོ་ན་ལྟར་བདེན་པ་མེད་པའི་ཕྱིར། ཆོས་ཐམས་ཅད་ལ་བདག་དང་བདག་གི་བ་མེད་པས་ངོ་བོ་ཉིད་མེད་པ་ཞེས་བཤད་དེ། འདི་ནི་གདོད་མ་ནས་དེ་ལྟར་བཞུགས་པའི་ཕྱིར། ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན། །དེ་ལ་ཅི་ཞིག་རྟག་པར་བྱ། །ཞེས་སྔོན་མ་སྐྱེས་པ་མི་སྐྱེ་ལ་སྐྱེས་པ་ནི་སྐྱེས་ཟིན་པའི་ཕྱིར་མི་སྐྱེས་ཏེ། དེ་བཞིན་དུ་འགག་པའང་དེ་དང་མཚུངས་པའི་ཕྱིར། སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་ཐམས་ཅད། རང་གི་ངོ་བོས་སྣང་བ་དང་སྟོང་པ་དབྱེར་མེད་པར་བཞུགས་པ་ལ། སྐྱེ་བ་དང་འགག་པར་རྟག་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ནས་རྟེན་ཅིང་འབྲེལ་པར་འབྱུང་བར་བསྟན་པ་ནི་ཚིག་རྐང་བདུན་ཏེ། ཐོག་མར་རྟེན་ཅིང་འབྲེལ་པའི་རང་བཞིན་བསྟན་པའི་ཕྱིར། རྟེན་ནས་འབྱུང་བར་འགྱུར་བ་དང་། རྟེན་ནས་འགག་པར་འགྱུར་བས་ན། ཞེས་བསྟན་པ་ནི། ངོ་བོ་ཉིད་ཀྱིས་ཐ་སྙད་པའི་བདེན་པ་གཉིས་ཇི་ལྟར་བརྟགས་པ་དེ་ལྟར་དྲི་མ་ཡོད་ན། དེ་མ་རྟོགས་པ་གང་ཡིན་པ་ལ་དྲི་མ་ཞེས་བཏགས་སུ་རུང་བ་ལྟ་བུར་ངོ་བོས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། འདི་ཡོད་ན་འདི་བྱུང་ཞེས་སྡུག་པ་དང་མི་སྡུག་པ་འབྱེད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་གཉིས་ཀ་ཡང་མ་རིག་པའི་བག་ཆགས་ཀྱིས་ཡོད་ན་འཁོར་བ་འབྱུང་ལ། དེ་འགག་ན་འཁོར་བའི་འཁོར་ལོ་རྒྱུན་ཆད་པར་འགྱུར་བ་སྟེ། དེ་ལ་མ་རིག་པའི་བག་ཆགས་ཀྱང་རང་བཞིན་གྱིས་འོད་གསལ་བ་ལ། གསལ་བ་ཉིད་དུ་མ་རིག་པའི་རྟོག་པ་གཡོ་བ་སྐད་ཅིག་མར་སྐྱེ་བ་ལྟར་སྣང་བ་འདི་ལས་བདེན་པའི་རྩ་བ་གཞན་མེད་ཅིང་། རྟོག་པ་དེ་ཡང་བདག་དང་གཞན་དང་། གཉིས་ཀ་དང་། རྒྱུ་མེད་པ་ལས་སྐྱེས་པ་ཡང་མ་ཡིན། མ་སྐྱེས་པས་མི་འགག། མི་འགག་པས་མི་གནས་པས་ཏེ། དཔེར་ན་སོས་ཀའི་དུས་ཀྱི་སྨིག་སྒྱུ་ལ་ཆུར་རྟོག་པ། འཁྲུལ་པ་འཇུག་ཅིང་ཆུར་མཐོང་ཡོད། སྐྱེ་བ་དང་། འགག་པ་དང་། གནས་པ་མེད་དེ། གཏན་ནས་ཆུར་མ་གྲུབ་པ་བཞིན་ནོ། །མེད་ཀྱང་སྣང་བ་ཡང་དབང་པོ་དང་ཤེས་པ་འཁྲུལ་པ་དང་། ཉི་མའི་འོད་དང་། ས་རླངས་ལ་སོགས་པའི་རྟེན་ཅིང་འབྲེལ་པས་སྨིག་སྒྱུ་སྣང་ངོ་། །དེ་ལྟར་ཆོས་ཐམས་ཅད་ཀྱང་མཚུངས་ཏེ། གཅིག་ཀྱང་ཡོད་པ་མ་ཡིན་ན། །བྱིས་པས་ཇི་ལྟར་རྟོག་པར་བྱེད། །ཞེས་གསུངས་ཏེ། སྐྱེ་འགག་གནས་པ་མེད་པའི་ཆོས་རྣམས་བྱིས་པ་འཁྲུལ་པས་སྐྱེ་བ་དང་འགག་པ་དང་། གནས་པ་ཅི་ལྟ་བར་རྟོག་པར་བྱེད་དེ། འདི་ལ་ཇི་སྲིད་རྟོག་པའི་དེ་ལྟར་གཅོད་པར་བྱེད། དཔྱད་ནས་སྲེད་རྒྱུ་དེས་ལེན་པར་བྱེད་པས་ཉོན་མོངས་པར་བྱེད་པའི་ཕྱིར་མཐར་འཛིན་པར་འགྱུར་རོ། །དེས་ན་སྔར་གསུངས་པ་ལྟར་དུ། རི་བོང་བ་གླང་རྭའི་དཔེས། །ཇི་ལྟར་འདིར་གཤེགས་ཆོས་རྣམས་ཉིད། །དབུ་མ་ཉིད་དུ་སྒྲུབ་པར་བྱེད། །ཞེས་གསུངས་ཏེ། བྱིས་པ་རླབས་རྣམས་ནི་རི་བོང་ལ་རྭ་མེད་པར་ཞེན་པ་དང་། བ་གླང་ལ་རྭ་ཡོད་པར་ཞེན་པ་ལ་གནས་ནས། འདི་ནི་བདེན་གྱི། གཞན་ནི་བརྫུན་པའོ། །ཞེས་རྟོག་ཅིང་མཚན་མར་འཛིན་ཀྱང་བརྟག་ན་གཉིས་ཀ་ཡང་བདེན་པ་མེད་པར་མཚུངས་ལ། ཡོད་མེད་གཉིས་རྟོག་པ་ཙམ་དུ་སྣང་བ་ཡང་མཚུངས་ན། རྟོག་པས་མཐར་འཛིན་པ་དང་། ཞེན་པ་ནི་ཡང་དག་པ་མ་ཡིན་པའི་ཕྱིར། མཁས་པས་ཇི་ལྟར་བར་བདེ་བར་གཤེགས་པའི་བསྟན་པའི་ཆོས་དང་མཐུན་པར་སྨྲ་བ་རྣམས་ནི་མཐར་འཛིན་པ་དོར་ནས། དབུ་མ་ཉིད་དུ་བསྒྲུབ་པར་བྱེད་དེ། སྤང་གཉེན་དུ་རྟོག་པ་ཀུན་བརྟགས་དང་གཞན་དབང་དག་རྟོག་པ་ཙམ་དུ་སྣང་བ་ནི་ཡིན་ལ། བདེན་པར་མི་སྨྲ་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཡིན་ལ། དེ་ཉིད་ལ་སྟོང་པ་ཉིད་དུ་བརྗོད་པར་བྱེད་དོ། །འདི་ལྟར་དབུས་མཐའ་ལས་ཀྱང་། ཐ་དད་པ་དང་གཅིག་མཐའ་དང་། །མུ་སྟེགས་ཉན་ཐོས་གཉིས་ཀ་དང་། །གང་ཟག་ཆོས་ལ་སྒྲོ་འདོགས་དང་། །སྐུར་འདེབས་མཐའ་ནི་གཉིས་གཉིས་དང་། །བཟུང་དང་འཛིན་དང་ཀུན་ཉོན་མོངས། །རྣམ་པར་བྱང་ལ་གཉིས་དང་གསུམ། །རྣམ་པར་རྟོག་པ་གཉིས་ཀྱི་མཐའ། །དེ་ནི་རྣམ་པ་བདུན་དུ་འདོད། །དངོས་ཡོད་དངོས་མེད་ཞི་བྱ་དང་། །ཞི་བྱེད་སྐྲག་བྱ་དེ་ལ་འཇིག །བཟུང་དང་འཛིན་དང་ཡང་དག་མིན། །ལོག་པ་ཉིད་དང་བྱེད་པ་མིན། །སྐྱེ་བ་མེད་དང་མཉམ་དང་དུས། །རྣམ་པར་རྟོག་པ་གཉིས་ཀྱི་མཐའ། །ཞེས་གསུངས་པ་ཡིན་ནོ། །འདི་ལྟར་མཐའ་འཛིན་པ་ཉི་ཤུ་སྤངས་ནས་དབུ་མ་ལ་འཇུག་ཏེ། རིགས་པ་ནི་རྩ་བའི་ཤེས་རབ་ལས་རྒྱ་ཆེར་གསུངས་སོ། །དཔལ་ས་ར་ཧ་པས་ཀྱང་། མྱ་ངན་འདས་པ་བསྒོམ་བྱེད་པ། དེ་དག་འགགས་ཀྱང་དོན་དམ་ནི། །གཅིག་ཤོས་གྲུབ་པར་མི་འགྱུར་རོ། །ཞེས་གསུངས་སོ། །ད་ནི་ཡོངས་སུ་གྲུབ་པའི་ཚུལ་བསྟན་པ་ནི། ཚིགས་སུ་བཅད་པ་གཉིས་ལས། ཐོག་མར་དཔེ་བསྟན་པ་ནི། ཇི་ལྟ་ཉི་མ་སྐར་མའི་གཟུགས། །དྭངས་པའི་སྣོད་ཀྱི་ཆུ་ནང་དུ། །གཟུགས་ཅན་མཐོང་བར་གྱུར་པ་ལྟར། །ཞེས་བྱ་བ་ནི་སྣང་ལ་རང་བཞིན་མེད་པ་སྟོང་པ་ཉིད་ཀྱི་དཔེ་མཐར་མ་ལྷུང་བ་ཉིད་བརྗོད་ནས། མཚན་ཉིད་བརྗོད་པའང་དེ་དང་འདྲ་ཞེས་བསྟན་ཏེ། རང་གི་ངོ་བོས་ཀུན་རྫོབ་གཉིས་སུ་སྣང་བ། འཁྲུལ་པ་ཡིན་ཀྱང་གཉིས་སུ་སྣང་ལ་ཆུ་ཟླ་ལྟར་སྣང་བ་ནི་བདེན་པ་ཞེས་བྱ་སྟེ། འཕགས་པ་མཆོག་རྣམས་ཀྱིས་ཕྱིན་ཅི་མ་ལོག་པའི་བདེན་པ་གཟིགས་པའི་ཕྱིར་རོ། །ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང་། རྒྱལ་བས་གང་དག་མྱང་ངན་འདས་པ་ཀུན། །ཐམས་ཅད་ཆུ་ཟླ་ལྟ་བུར་གཟིགས་པས་ནི། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །རིགས་པ་དྲུག་ཅུ་པ་ལས་ཀྱང་། སྲིད་པ་སྨིག་སྒྱུ་སྒྱུ་འདྲ་ལ། །བློ་ཡིས་མཐོང་བར་གྱུར་པས་ནི། །སྔོན་གྱི་མཐའ་ཡི་ཕྱི་མའི་མཐར། །ལྟ་བས་གཡོགས་སུ་འཕྲོག་མི་འགྱུར། །གང་དག་གི་ནི་འདུས་བྱས་རྣམས། སྐྱེ་དང་འགག་པར་རྟོག་བྱེད་པ། །དེ་དག་རྟེན་འབྱུང་འཁོར་ལོ་ཡིས། །འགྲོ་བ་ཤིན་ཏུ་མི་ཤེས་སོ། །དེ་དང་དེ་རྟེན་གང་བྱུང་བ། །རང་གི་ངོ་བོས་དེ་མ་སྐྱེས། །དེ་ནི་སྐྱེས་ཞེས་ཇི་ལྟར་བརྗོད། །རྒྱུ་ཟད་པ་ཡི་སྐྱེ་བ་ནི། །ཟད་ཞེས་མངོན་པར་བརྗོད་པ་སྟེ། །རང་བཞིན་གྱིས་ནི་གང་མ་ཟད། །དེ་ནི་ཟད་ཅེས་ཇི་ལྟར་བརྗོད། །དེ་ལྟར་གང་ཡང་སྐྱེ་བ་མེད། །གང་ཡང་འགག་པར་མི་འགྱུར་རོ། །ཞེས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ། ཐ་སྙད་ཙམ་དུ་བརྗོད་པ་ལས། དོན་དུ་སྐྱེ་བ་མེད་ཅིང་འགག་པ་མེད་པས་སངས་རྒྱས་ཀྱི་ཆོས་དཀར་པོ་ཆོས་ཀྱི་སྐུའི་རྒྱུ་མཐུན་པ་ནི། སོ་སོའི་སྐྱེ་བོ་རྣམས་དང་འདྲེས་པ་ལྟར་སྣང་ཡང་། དོན་ནི་མ་འདྲེས་པར་དགེ་བར་བཞུགས་ཏེ། དེས་ན། ཐོག་མ་བར་དང་མཐར་དགེ་བ། །བསླུ་བ་མེད་ཅིང་བརྟག་པ་ཡི། །གང་ཞིག་དེ་ལྟར་བདག་མེད་ལ། །དེ་ལྟར་བདག་དང་བདག་གིར་བརྟགས། །ཞེས་གསུངས་ཏེ། ཐོག་མ་ནས་དགེ་བ་ལ། བར་དུ་དེའི་རང་བཞིན་ཤེས་ཤིང་སྒྲིབ་པ་འཇོམས་པའི་གཉེན་པོ་ལྟར་སྣང་བས་ན་བར་དུ་དགེ་བ་དང་། མཐར་གནས་ཡོངས་སུ་གྱུར་པའི་མིང་ཅན་ཡེ་ཤེས་འཕྲིན་ལས་དང་བཅས་པ་འཁོར་བ་མ་སྟོངས་ཀྱི་བར་དུ་འཇུག་པས་མཐར་དགེ་བ་སྟེ། དོན་འདི་ནི་མི་བསླུ་བའི་མཚན་གྱིས་ཚད་མར་གྱུར་ལ། འགྱུར་བ་མེད་པའི་ཕྱིར་བརྟན་པའོ། །རྟོག་པའི་དྲ་བས་སྒྲོ་གདགས་སུ་མི་རུང་བས་བདག་མེད་པ་སྟེ། དེའི་ཕྱིར་བདག་གི་བར་སྒྲོས་གདགས་པར་བྱ་བ་མ་ཡིན། རྟོག་པས་བརྟགས་པར་བྱ་བ་མ་ཡིན་ནོ། །དེ་ལྟར་འགྱུར་བ་མེད་ཅིང་ཕྱིན་ཅི་མ་ལོག་པའི་དོན་གྱིས་ཡོངས་སུ་གྲུབ་པར་བསྟན་པ་ཡིན་ནོ། །དེ་རྣམས་ཀྱི་དོན་བསྡུས་པ་ནི། ཚིགས་སུ་བཅད་པ་གཉིས་ལས། དང་པོས་ནི་དཔེ་དང་། ཕྱི་མ་ནི་བརྗོད་པ་སྟེ། ཇི་ལྟར་སོས་ཀའི་དུས་སུ་ཆུ། དྲོའོ་ཞེས་ནི་བརྗོད་པར་བྱ། །དེ་ཉིད་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་ཡིན། །ཉོན་མོངས་དྲ་བས་གཡོག་པ་ན། །སེམས་ཞེས་བྱ་བར་བརྗོད་པ་ཡིན། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་གསུངས་ཏེ། སངས་རྒྱས་དང་སེམས་ཅན་དང་། འཁོར་བ་དང་མྱ་ངན་ལས་འདས་པ་དང་། སེམས་དང་ཡེ་ཤེས་དང་། ཆོས་དང་ཆོས་ཉིད་དང་། ཀུན་རྫོབ་དང་དོན་དམ་པ་ཞེས་བརྗོད་པ་རྣམས་ནི། མིང་གི་རྣམ་གྲངས་སུ་རིག་པར་བྱའོ། །དོན་འདི་ནི། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་བ་མིན། །ཞེས་རྒྱུད་བླ་མར་གསུང་པའི་འགྲེལ་པ་ལས་ཀྱང་། འདིས་ནི་སྒྲོས་འདོགས་པ་དང་བསྐུར་པ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར། ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་ཏོ། །དེ་ལ་གང་དག་སྟོང་པ་ཉིད་ཀྱི་ཚུལ་འདི་ལས་སེམས་ཕྱིན་ཅི་ལོག་ཏུ་རྣམ་པར་གཡེངས་ཤིང་རྣམ་པར་འཕྲོ་བ་ལ་མཉམ་པར་མི་འཇོག་ཅིང་རྩེ་གཅིག་ཏུ་མི་འགྱུར་པ་དེས་ན། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་ཞེས་བརྗོད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་མེད་པ་ནི་རྣམ་པར་རྟོག་པ་མེད་པའི་དབྱིངས་ཤིང་མངོན་དུ་བྱ་བར་མི་ནུས་སོ། །འདི་ལ་དགོངས་ནས་གསུངས་པ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་ཡེ་ཤེས་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་ལ། དེ་བཞིན་གཤེགས་པའི་སྙིང་པོ་ཡང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་སྔར་མ་མཐོང་མ་རྟོགས་པའོ། །ཞེས་གསུངས་སོ། །དེས་ན་ཆུ་ལ་དྲོ་བ་དང་གྲང་བའི་ཐ་སྙད་སོ་སོར་བརྟགས་པ་ཙམ་དུ་རྣམ་པར་རྟོག་པས་དཀྲུགས་པས་སེམས་ཅན་དང་། རྟོག་པ་དང་བྲལ་བའི་སེམས་རང་བཞིན་གྱིས་འོད་གསལ་བ་ལ། སངས་རྒྱས་ཞེས་བརྗོད་པར་བྱ་སྟེ། དེ་ལྟར་དྲི་མ་དང་བཅས་པའི་ཆོས་ཀྱི་དབྱིངས་ལ་ངོ་བོ་ལ་སྒྲིབ་པས་མ་གོས་ཀྱང་སྦྱོང་བ་མི་འགལ་བའི་ཚུལ་བཤད་ནས། །དེ་ནས་སྤྱི་དོན་གཉིས་པ་ཚོགས་སྦྱོར་བ་ལ་སོགས་པ་ནས་བཟུང་སྟེ། བསྒོམ་པའི་ཚུལ་བསྟན་པ་ལ་གཉིས་ཏེ། ཉམས་སུ་བླང་བའི་ཚུལ་དང་། རྐྱེན་དཀོན་མཆོག་སྣང་བའི་ཚུལ་བཤད་པའོ། །དང་པོ་ལ་བདུན་ལས། སྒོ་ལྔ་ལ་བརྟེན་ནས་ཅི་ལྟར་བསྒོམ་པ་ནི། །ཚིགས་སུ་བཅད་པ་ལྔ་ལས། དང་པོ་ནི་མིག་དང་གཟུགས་ལ་བརྟེན་ནས་རྟོགས་པར་བྱ་བ་བསྟན་པ་ནི། མིག་དང་གཟུགས་ལ་བརྟེན་ནས་ནི། །དྲི་མ་མེད་པའི་སྣང་བ་འབྱུང་། །སྐྱེ་མེད་འགག་པ་མེད་ཉིད་ལས། །ཆོས་ཀྱི་དབྱིངས་ནི་རབ་ཏུ་ཤེས། །ཞེས་བྱ་བ་ནི། སྐྱེས་བུ་དེ་གང་དག་སྔར་བསྟན་པའི་ཆོས་དབྱིངས་རང་བཞིན་གྱིས་འོད་གསལ་བ་ཐེག་པ་བླ་ན་མེད་པ་བསྟན་པ། དེ་བཞིན་གཤེགས་པ་ལ་དད་ནས་རྟོགས་པར་བྱས་ནས། བསྒོམ་པ་ལ་གཞོལ་བ་ན། ཁམས་གསུམ་གྱིས་སྤང་བྱ་དང་། དེའི་གཉེན་པོ་འཇིག་རྟེན་པའི་ལམ་མཚན་མ་དང་བཅས་པས། བསམ་གཏན་བཞི་དང་། གཟུགས་མེད་པ་དང་། བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་དང་བཅས་པ་སྤོང་ལེན་དུ་བྱ་བ་རྣམས་ཐེག་པ་ཐུན་མོང་ལྟར་ལེགས་པར་སྦྱངས་པ་སྔོན་དུ་སོང་ནས། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ཕྱག་རྒྱ་ཆེན་པོའི་སྒྲས་བརྗོད་པ་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་ལྷག་མཐོང་གི་ངོ་བོ་མངོན་སུམ་དུ་བྱེད་པར་འགྱུར་བའི་ཚུལ་འདི་མཉམ་པར་བཞག་པའི་དུས་ན། བསམ་གཏན་དང་འདྲེས་པ་རྟོག་པ་ཐམས་ཅད་བསྡུས་པའི་ཚུལ་དུ་བསྒོམ་ཞིང་། དེ་ལས་ལངས་ནས་རྗེས་ཀྱི་ཤེས་པའི་དུས་ནི། བརྟག་ཅིང་དཔྱད་ནས་དྲན་པ་དང་ལྡན་པས་བསྒོམ་པར་བྱའོ། །དེ་ལ་ཐོག་མར་མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ་གཟུགས་ཅན་དྭང་བས་བདག་རྐྱེན་བྱས། སེམས་ཁ་དོག་དང་དབྱིབས་ཀྱི་རྣམ་པར་སྣང་བ་ཕྱི་རོལ་ལྟར་སྣང་བས་དམིགས་པའི་རྐྱེན་བྱས། སེམས་ལ་གནས་པའི་ཡིད་གཡོ་བ་སྐད་ཅིག་མས་དེ་མ་ཐག་པའི་རྐྱེན་གྱི་ས་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་སྣང་ངོ་། །དེ་ལས་དྲི་མ་མེད་པའི་སྣང་བ་འབྱུང་སྟེ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་མངོན་སུམ་འབྱུང་ངོ་། །དྲི་མ་ནི་འཁྲུལ་པ་སྟེ། ཤེས་པ་ལ་བརྗོད་པ་དང་། འདྲེས་པར་རུང་བ་སྣང་བ་ཞེས་བྱའོ། །གང་ཟག་སྣང་ལ་སྒྲོ་བཏགས་པའི་རྟོག་པ་མ་ཞུགས་པ་ནི། རང་གི་ངོ་བོས་སྣང་བ་ཡང་ཡིན། སྟོང་པ་ཡང་ཡིན། དེ་ལ་ནི་རང་གི་ངོ་བོས་སྐྱེ་བ་མེད་ཅིང་འགག་པ་མེད་པ་རྣམ་པར་རིག་པ་ཙམ་སྟེ། འདི་ནི་མིག་གི་དབང་པོའི་མངོན་སུམ་ཚད་མ་ཞེས་ཀྱང་བྱ་སྟེ། མངོན་སུམ་ཡང་ཡིན་ལ། ཚད་མ་ཡང་ཡིན་པའི་ཕྱིར་རོ། །སོ་སོ་སྐྱེ་བོ་ཡིས་དོན་འདི་སྣང་ཡང་མི་ཤེས་པའི་ཕྱིར། དེ་མ་ཐག་ཏུ་ཡིད་ཀྱིས་སྒྲོ་འདོགས་པར་བྱེད་ཅིང་། འདི་ནི་ཀ་བའོ། ། བུམ་པའོ། །དཀར་རོ། ནག་གོ །ཞེས་བྱ་བ་ལ་སོགས་པའི་དབྱིབས་དང་། ཁ་དོག་དང་། ཕྱི་དང་ནང་དུ་རྟོག་པར་བྱེད། ཞེན་པར་བྱེད། རྒྱུ་དེས་ལེན་པར་བྱེད་པས་སྐྱེ་བ་དང་། འགག་པར་བྱེད་ཅིང་། དེ་ལ་བརྟེན་ནས་རྒྱུའི་ཐ་སྙད་དང་། འབྲས་བུའི་ཐ་སྙད་དང་། དུས་གསུམ་གྱི་ཐ་སྙད་ལ་སོགས་པ་ཐོག་མ་མེད་པའི་ཀུན་ནས་ལྡང་བས་བསྐྱེད་པ་སློང་ཞིང་ཕྱི་མའི་རྟེན་དུ་གྱུར་པ་སྨིག་སྒྱུ་ལྟ་བུ་ལ་སོགས་པར་བྱེད་པས་འཁྲུལ་པར་བྱེད་དོ། །གང་དག་ཤེས་རབ་ཀྱི་མིག་དང་ལྡན་པ་འཕགས་པ་རྣམས་ནི་མ་འཁྲུལ་བ་ཉིད་དུ་གཟིགས་ཤིང་རྟོག་པའི་དྲ་བ་མི་སློང་བའི་ཕྱིར། རྣལ་འབྱོར་པའི་དབང་པོའི་མངོན་གསུམ་དུ་འགྱུར་རོ། འཕགས་པ་མ་ཡིན་ཀྱང་དེའི་རྗེས་སུ་འབྲེང་བ་རྣམས་ནི། ཕྱི་རོལ་ལྟར་སྣང་བ་དམིགས་པའི་རྣམ་རིག་མ་འཁྲུལ་བ་ནི་ཚད་མ་ཡིན་ཏེ། རྣལ་འབྱོར་མངོན་སུམ་དང་འདྲ་བའི་ཕྱིར་རོ། །དོན་དང་འདྲ་བ་དེ་ཉིད་དེའི་ཚད་མ་སྟེ། དེའི་དབང་གིས་དོན་རྟོགས་པར་རབ་ཏུ་གྲུབ་པའི་ཕྱིར་རོ། །ཞེས་བཞེད་པ་ཡིན་ནོ། །འདི་ལ་དོན་ནི་རང་གསལ་བའི་ཤེས་པའི་ཆ་སྟེ། ཕྱི་ལྟར་སྣང་བ་ཙམ་ལས་གཞན་པའི་ཕྱི་རོལ་གྱི་དོན་རྡུལ་ཕྲ་རབ་ལ་སོགས་པར་བདེན་པ་མེད་པས། རང་གསལ་བར་སྣང་བ་ལ་སྐྱེ་འགག་མེད་པར་རྟོགས་ཤིང་ཆོས་ཀྱི་དབྱིངས་ཉིད་དུ་ངེས་པར་འགྱུར་རོ། །འདི་ལྟར་གཟུགས་ཀྱི་དེ་བཞིན་ཉིད་ཤེས་ནས་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་ཤེས་པར་འགྱུར་རོ། །ཞེས་མདོ་ལས་གསུངས་པའི་དོན་ཡིན་ནོ། །དེ་ལྟར་སྒྲ་ཡང་བསྟན་པའི་ཕྱིར། །སྒྲ་དང་རྣ་བ་ལ་བརྟེན་ནས། །རྣམ་པར་དག་པའི་ཤེས་པ་གསུམ། །མཚན་ཉིད་མེད་པའི་ཆོས་ཀྱི་དབྱིངས། །རྟེན་དང་བཅས་པ་ཐོས་པར་འགྱུར། །ཞེས་གསུངས་པ་ནི། རྣ་བའི་དབང་པོ་གྲོ་གའི་མཛེར་བུ་ལྟ་བུ་གཟུགས་ཅན་དང་བས་བདག་རྐྱེན་བྱས་ནས། ཟིན་པ་དང་མ་ཟིན་པ་གཉིས་ཀ་ལྟར་སྣང་བའི་སྒྲ་ཡིས་དམིགས་རྐྱེན་བྱས་ཤིང་དེ་མ་ཐག་པའི་ཡིད་དང་གསུམ་ལས་རྣམ་པར་ཤེས་པ་དག་པ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་སྐྱེས་ཏེ། དེ་ཡང་རང་གི་ངོ་བོས་མཚན་ཉིད་མེད་པ། སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་ཀྱི་དབྱིངས་ཉིད་དུ་རྟོགས་པར་བྱའོ། སྒྲ་ལ་མཚན་མར་འཛིན་པ་དང་བཅས་པ་ནི་འཁྲུལ་པ་རྟོག་པ་དང་བཅས་པའི་ཤེས་པས་ཐོས་པར་འགྱུར་ཏེ། འདི་ནི་དྲི་མ་དང་བཅས་པའོ། །དེ་ལྟར་དྲི་ལ་བརྟེན་པ་ཡང་། །སྣ་དང་དྲི་ལ་བརྟེན་ནས་སྣོམ། །དེ་ནི་གཟུགས་སུ་མེད་པའི་དཔེ། །དེ་བཞིན་སྣ་ཡི་རྣམ་ཤེས་ཀྱིས། །ཆོས་ཀྱི་དབྱིངས་སུ་རྟོག་པར་བྱེད། །ཞེས་གསུངས་ཏེ། སྣའི་དབང་པོ་ཟངས་ཁབ་གཤིབ་པ་ལྟ་བུ། གཟུགས་ཅན་དང་བས་བདག་རྐྱེན་བྱས་ཤིང་། ལྷན་ཅིག་སྐྱེས་པ་དང་གྱུར་པ་ལས་བྱུང་བའི་དྲི་ཡིས་དམིགས་རྐྱེན་བྱས་ནས། དེ་མ་ཐག་པ་དང་བཅས་པ་ལས་སྣའི་རྣམ་པར་ཤེས་པ་རྟོག་པ་དང་བྲལ་བའི་མ་འཁྲུལ་པ་སྐྱེ་སྟེ། དེ་ཡང་རང་གི་ངོ་བོས་གཟུགས་རང་བཞིན་མེད་པ་བསྟན་པའི་དཔེ། དེ་ལྟར་སྐྱེ་བ་མེད་ཅིང་འགག་པ་མེད་པར་ཆོས་ཀྱི་དབྱིངས་སུ་རྟོགས་པར་བྱེད་དོ། །དེ་བཞིན་དུ་རོ་ཡང་བསྟན་པ་ནི། ལྕེ་ཡི་རང་བཞིན་སྟོང་པ་ཉིད། །རོ་ཡི་ཁམས་ཀྱང་དབེན་པ་སྟེ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིས། །རྣམ་པར་ཤེས་པ་གནས་མེད་པའོ། །ཞེས་གསུངས་ཏེ། ལྕེའི་དབང་པོ་ཟླ་བ་ཕྱེད་པ་ལྟ་བུ་གཟུགས་ཅན་དང་བས་བདག་རྐྱེན་བྱས། དམིགས་པའི་རྐྱེན་མངར་སྐྱུར་ལ་སོགས་པའི་རོ་དྲུག་གིས་བྱས་ཏེ། དེ་མ་ཐག་པས་བསྐྱེད་ནས། ལྕེའི་རྣམ་པར་ཤེས་པ་དག་པ་སྐྱེས་ཏེ། དེ་ཡང་རང་བཞིན་གྱིས་སྟོང་པ་དང་། དབེན་པ་དང་། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་སྟེ། རྣམ་པར་ཤེས་པ་སྐྱེ་འགག་གནས་གསུམ་དང་བྲལ་བར་རྟོགས་པར་བྱའོ། །དེ་ལྟར་རེག་བྱ་ཡང་བསྟན་པའི་ཕྱིར། དག་པའི་ལུས་ཀྱི་ངོ་བོ་ནི། །རེག་བྱའི་རྐྱེན་གྱིས་མཚན་ཉིད་དག །རྐྱེན་དག་ལས་ནི་གྲོལ་གྱུར་པ། །ཆོས་ཀྱི་དབྱིངས་ཞེས་བརྗོད་པར་བྱ། །ཞེས་གསུངས་ཏེ། ལུས་ཀྱི་དབང་པོ་བྱ་རེག་འཇམ་གྱི་ལྤགས་པ་ལྟ་བུ་གཟུགས་ཅན་དང་བས་བདག་རྐྱེན་བྱས་ནས། འཇམ་རྩུབ་གྲང་དྲོ་ལ་སོགས་པའི་རེག་བྱ་དམིགས་པའི་རྐྱེན་གྱིས་ཏེ། དེ་མ་ཐག་པ་དང་གསུམ་ལས་ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་སྟེ། དེ་ཡང་ངོ་བོས་རྒྱུ་དང་། རྐྱེན་གྱིས་རང་བཞིན་ལས་རྣམ་པར་གྲོལ་བ། སྣང་བ་དང་སྟོང་པ་དབྱེ་བ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་དོན་དུ་བརྗོད་པར་བྱའོ། །དེ་ལྟར་སྒོ་ལྔའི་རྐྱེན་གསུམ་པོ་ཡང་རྒྱུའི་རྐྱེན་སེམས་ཉིད་ཡིན་མོད་ཀྱི། སྔར་བསྟན་པ་ལྟར་རྣམ་པར་ཤེས་པས་ཀྱང་། སེམས་ཀྱི་རྒྱུའི་རྐྱེན་དུ་གྱུར་པས་ཕན་ཚུན་དུ་མདུང་ཁྱིམ་ལྟར་རྟེན་ཅིང་འབྲེལ་པའི་ནུས་པས། ཡུལ་དང་། དབང་པོ་དང་། ཡིད་དེ་མ་ཐག་པ་རྣམས་ཀྱང་རྒྱུ་དང་རྐྱེན་ལྟར་དུ་སྣང་མོད་ཀྱི། དོན་དམ་པ་འདི་ལ་སུས་ཀྱང་སྐྱེ་བ་དང་འགག་པ་མེད་དེ། དཔེར་ན་སྒྱུ་མའི་སྐྱེས་བུ་དུ་མ་ལ་ལ་ནི་སྐྱེ། ལ་ལ་ནི་འཆི། ལ་ལ་ནི་འགྲོ། ལ་ལ་ནི་འོང་བ་བྱེད་པ་སྣང་ཡང་། དེ་ལྟར་བདེན་པའི་སྐྱེ་འགག་དང་འགྲོ་འོང་མེད། སྐྱེས་བུ་ཉིད་ལ་གྲུབ་པའི་ཕྱིར་རོ། །དེ་ལ་སྔགས་ལ་སོགས་པའི་རྒྱུ་གཞན་བཞིན་དུ་རང་བཞིན་གྱིས་མ་རྟོགས་པའི་རྟོག་པ་ཙམ་གྱི་རྐྱེན་སྣང་མོད་ཀྱི། དེའི་འོད་གསལ་བའི་ངོ་བོ་སྐྱེ་འགག་མེད་པར་ཤེས་ཤིང་རྟོགས་པས་ཡང་དག་པར་འགྱུར་བའི་ཕྱིར་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་སུ་འགྱུར་རོ། །ད་ནི་དེ་ཐམས་ཅད་དང་འབྲེལ་བར་བྱེད་པའི་མཚན་ཉིད་ཆོས་ལ་བརྟེན་ནས་བསྒོམ་པ་བསྟན་པ་ནི། ཡིད་གཙོར་གྱུར་པའི་ཆོས་རྣམས་ལ། །རྟོག་དང་བརྟག་པ་རྣམས་སྤང་ནས། །ཆོས་རྣམས་རང་བཞིན་མེད་པ་ཉིད། །ཆོས་ཀྱི་དབྱིངས་སུ་བསྒོམ་པར་བྱ། །ཞེས་གསུངས་ཏེ། དེ་ལ་ཡིད་ནི་རྣམ་པ་གཉིས་ཏེ། ཀུན་གཞི་ལ་གནས་པ་དེ་ལ་བརྟེན་ནས་འབྱུང་བ་དང་། ཁ་ནང་དུ་བལྟས་ནས་བདག་ཏུ་རྟོག་པ་ཉོན་མོངས་པ་ཅན་གྱི་ཡིད་དོ། །དེ་ལ་འདི་ནི་སྔ་མ་རྣམ་པར་ཤེས་པ་སྐྱེ་བ་དང་། འགག་པའི་གནས་སུ་གྱུར་པ་འདི་ནི་ཡིད་ཀྱི་དབང་པོ་སྟེ། བདག་པོའི་རྐྱེན་ཡིན་ནོ། །དམིགས་པའི་རྐྱེན་ནི་ཆོས་ཏེ། འདུས་བྱས་དང་འདུས་མ་བྱས་གཉིས་ལས། འདུས་བྱས་ནི་བསྡུས་པ་ལས་གྱུར་པ་དང་། མངོན་པར་སྐབས་ཡོད་པ་དང་། ཡང་དག་པར་བླང་བ་བརྡའ་ལས་བྱུང་བ་དང་། ཀུན་བརྟགས་པ་དང་། དབང་འབྱོར་བ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་རྣམས་ཏེ་བརྒྱད་པོའོ། །འདུས་མ་བྱས་ནི། ཆོས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་དེ་བཞིན་ཉིད་དང་། ནམ་མཁའ་དང་། འགོག་པའི་སྙོམ་འཇུག་དང་། འདུ་ཤེས་མེད་པའི་སྙོམ་འཇུག་དང་། སོ་སོར་བརྟག་པ་མ་ཡིན་པའི་སྙོམ་འཇུག་སྟེ། བརྒྱད་དང་། བཞི་དང་གསུམ་དུའང་འདུ་བ་རྣམས་སོ། །དེ་མ་ཐག་པ་ནི། ཡིད་དང་ཆོས་སྔ་མ་འགག་ནས། ཕྱི་མ་འབྱུང་བ། དེ་མ་ཐག་སྟེ། དེ་ལྟར་རྐྱེན་གསུམ་ལས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་སྟེ། འོན་ཀྱང་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ། ཚོགས་དྲུག་གི་ཡ་བོར་གྱུར་པ་ཉིད་ནི། འདུ་ཤེས་ནུབ་པ་དང་། འགོག་པའི་སྙོམ་འཇུག་ལ་གནས་པའི་དུས་དང་། འདུ་ཤེས་མེད་པའི་སྙོམ་འཇུག་ལ་ཞུགས་ཟིན་པ་དང་། སེམས་མེད་པའི་གནས་སྐབས་དང་། གཉིད་ཐུག་པོ་དང་། བརྒྱལ་བའི་གནས་སྐབས་ན་མི་འབྱུང་སྟེ། སུམ་ཅུ་པ་ལས། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུ་འདུ་ཤེས་མེད་པ་དང་། །སྙོམ་པར་འཇུག་པ་རྣམ་གཉིས་དང་། །སེམས་མེད་གཉིད་དང་བརྒྱལ་མ་གཏོག །ཞེས་གསུངས་སོ། །དེས་ན་དྲུག་པ་ཡིད་ཀྱི་རྐྱེན་གསུམ་ལས་སྐྱེའོ། །གང་གིས་འགོག་པ་ལ་སྙོམ་པར་ཞུགས་པ་ན། རྣམ་པར་ཤེས་པ་སྐྱེ་བ་འགག་པའི་རྟེན་དང་། གནས་གྱུར་པའི་ཡིད་ཀུན་གཞི་ལ་གནས་པ་ཡོད་དོ། །དེས་ན། དྲུག་པོ་འགག་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་བྱ་བ་བཤད་པ་དང་། ཉོན་མོངས་མེད་པས་དྲི་མ་མེད་པའི་ཡིད་ཅེས་བྱ་བ་དང་། བྱེད་པ་པོ་མེད་པ་རང་བཞིན་འཛིན་པས་ན། ཡིད་ཀྱིས་ཁམས་དང་། རྣམ་པར་ཤེས་པའི་སྒོ་བྱེད་པས་ན་ཡིད་ཀྱི་སྐྱེ་མཆེད་ཅེས་བཤད་པར་བྱའོ། །ཉོན་མོངས་ཅན་གྱི་ཡིད་ནི། གང་གིས་ཡིད་ནི་མ་རྟོགས་པས་ཐོག་མ་མེད་པ་ནས་རྒྱུད་པས། མ་རིག་པ་དང་། ང་རུ་འཛིན་པ་ནས་བདག་ཏུ་རྟོག་པ། བདག་ལ་ཆགས་པ། སྲེད་པར་བྱེད་པའི་རང་བཞིན་ཏེ། བསྒྲིབ་ལ་ལུང་དུ་མ་བསྟན་པ་འདི་ཡིན་པས་ཀུན་བརྟགས་དང་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་སྟེ། དེའི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཅེས་ཀྱང་བཤད་དོ། །འདི་ལས་ཉོན་མོངས་པ་བསྒོམ་པས་སྤང་བ་འབྱུང་ངོ་། །འདིའི་རྐྱེན་གྱིས་ཚོགས་དྲུག་ཀྱང་དྲི་མ་ཅན་དུ་བྱས་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་ཀྱང་འབྱུང་བར་འགྱུར་རོ། །རྒྱུ་མཚན་འདིས་ཡིད་ལ་ཆ་གསུམ་སྟེ། དྲི་མའི་ཆ་ཉོན་ཡིད་ཀྱིས་བསྐྱེད་པ་དང་། ཡུལ་ཆོས་ལ་བྱེ་བྲག་ཏུ་དམིགས་པ་དྲུག་པ་ཡིད་ཀྱི་རྣམ་ཤེས་དང་། རྣམ་ཤེས་ཐམས་ཅད་སྐྱེ་བ་དང་། འགག་པའི་གནས་སུ་གྱུར་པ་སྐད་ཅིག་མ་དེ་མ་ཐག་པའོ། །དེ་ལ་དང་པོ་ཀུན་བརྟགས་ཏེ་གཏན་ནས་མེད་པའོ། །གཉིས་པ་ནི་སྒོ་ལྔ་དང་མཚུངས་ཏེ་སྣང་ཡང་རང་བཞིན་གྱིས་སྟོང་པའོ། །གསུམ་པ་ནི་སྤང་བྱ་དང་། གཉེན་པོའི་ཤེས་པ་གཡོ་བའི་ཆ་ཙམ་སྟེ། ངོ་བོ་ལ་རྟོག་པ་མེད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་པས། ཡིད་ནི་ཆོས་ཐམས་ཅད་ཀྱི་གཙོ་བོ་ཡང་ཡིན་པས་ན། འདི་ལྟར་རྟོགས་ནས། མཚན་མས་རྟོག་པ་དང་། བརྟག་པར་བྱ་བ་ཕྱི་དང་ནང་དུ་རྟོག་པ་ཐམས་ཅད་རྣམ་པར་སྤངས་ལ་ཡིད་རང་བཞིན་གྱིས་མེད་པའི་ཕྱིར། ཆོས་འདུས་བྱས་དང་། འདུས་མ་བྱས་དཀར་བ་དང་། ནག་པའི་ཆོས་ཐམས་ཅད་རང་བཞིན་མེད་པའི་ཆོས་ཀྱི་དབྱིངས་སུ་རྟོགས་པར་བྱའོ། མོས་ནས་བསྒོམ་པར་བྱའོ། །མངོན་སུམ་དུ་སྟེ་འདི་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྣང་བའི་ཏིང་ངེ་འཛིན་ནོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །དེ་ལྟར་ཡང་། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ །ཞེས་བསྡུད་པ་ལས་གསུང་ཤིང་། རྒྱས་པར་རྣམ་པར་མི་རྟོག་པ་ལས་གསུངས་སོ། །འདི་ཡིད་ལ་བྱ་བའི་ཚུལ་བསྡུས་ནས། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལས་ཀྱང་། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ས་བོན་ཐམས་ཅད་པ་མེད་པ་གཉིས་སྣང་བའི་རྒྱུ་དེ་ལ་བརྟེན་པའི་རྒྱུད་གཞན་དེ་བཞིན་ཉིད་མ་ཤེས་པ་ལས་ཡིན་ཏེ། དེའི་ཕྱིར་རྒྱུ་དང་བཅས་པའི་འབྲས་བུ་ནི། སྣང་དུ་ཟིན་ཀྱང་ཡོད་པ་མ་ཡིན་ནོ། །འདི་སྣང་བ་ལས་ཆོས་ཉིད་མི་སྣང་ཞིང་། འདི་མི་སྣང་བ་ལས་ནི་ཆོས་ཉིད་སྣང་བ་ཡིན་ནོ། །ཞེས་དེ་ལྟར་ཡིད་ལ་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་ཡིན་ནོ། །ཞེས་འཕགས་པ་བྱམས་པས་གསུངས་སོ། །རང་གསལ་སྟོང་དུ་རྟོགས་པའི་ཚུལ་ནི་ཚིགས་སུ་བཅད་པ་གཉིས་ཏེ། །མཐོང་དང་ཐོས་དང་བསྣམ་པ་དང་། །མྱང་དང་རེག་པར་གྱུར་པ་དང་། །ཆོས་རྣམས་དེ་ལྟར་རྣལ་འབྱོར་པས། །ཤེས་ནས་མཚན་ཉིད་རྫོགས་པ་ཡིན། །ཞེས་གསུང་པ་ནི། ཡུལ་དྲུག་པོ་དང་རྣམ་པར་ཤེས་པ་སྔར་བསྟན་པ་ལྟར་རང་གི་ངོ་བོས་རྟེན་ཅིང་འབྲེལ་པར་འབྱུང་བ་སྣང་བ་ཙམ་སྐྱེ་འགག་དང་བྲལ་བར་རྟོགས་པའི་ཚེ། རྣལ་འབྱོར་མངོན་སུམ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་མཚན་ཉིད་རྫོགས་པ་ཡིན་ནོ། །དེ་བཞིན་དུ། མིག་དང་རྣ་བ་སྣ་དག་དང་། །ལྕེ་དང་ལུས་དང་དེ་བཞིན་ཡིད། །སྐྱེ་མཆེད་དྲུག་པོ་རྣམ་དག་པ། །འདི་ཉིད་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་ཏེ། ནང་གི་སྐྱེ་མཆེད་དེ་དྲུག་ཀྱང་རང་གི་ངོ་བོས་སྣང་ལ་རང་བཞིན་མེད་པར་རྣམ་པར་དག་པའི་མཚན་ཉིད་འདི་ཉིད་དོ། །འདི་ལྟར་དཔལ་ས་ར་ཧ་ཡིས་ཀྱང་། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་དག་མཐོང་བ་དེ་དེ་ཉིད། །ཞེས་གསུངས་སོ། །དེ་ནས་འཁོར་འདས་ཀྱི་ངོ་བོ་སེམས་རྟོགས་མ་རྟོགས་སུ་བསྟན་པ་ནི། ཚིགས་སུ་བཅད་པ་གཉིས་ཏེ། སེམས་ཉིད་རྣམ་པ་གཉིས་སུ་མཐོང་། །ཅི་ལྟར་འཇིག་རྟེན་འཇིག་རྟེན་འདས། །ཞེས་མདོར་བསྟན་པ་སྟེ། སེམས་ལ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བག་ཆགས་ཀྱིས་བསྒོས་པས་ན། འཁོར་བ་འཇིག་རྟེན་པ་ཡིན་ལ། བག་ཆགས་ཀྱི་དྲི་མ་དག་ན་མྱ་ངན་ལས་འདས་པ་སྟེ། འདི་རྒྱས་པར་བཤད་པ་ནི། བདག་ཏུ་འཛིན་པས་འཁོར་བ་སྟེ། །སོ་སོར་རིག་ན་དེ་ཉིད་དེ། འདོད་ཆགས་ཟད་པས་མྱ་ངན་འདས། །ཞེ་སྡང་གཏི་མུག་ཟད་པ་དང་། །དེ་དག་འགག་པས་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་སྐྱབས་ཉིད་དོ། །ཞེས་གསུངས་ཏེ། གང་དག་སེམས་ལ་བདག་ཏུ་འཛིན་པ་ཡོད་ན། ཡུལ་དྲུག་ཏུ་གཞན་དུ་འཛིན་པ་འབྱུང་ཞིང་། དེའི་དབང་གིས་ལས་དང་ཉོན་མོངས་པ་ཀུན་བསྐྱེད་པས་འཁོར་བའི་འཁོར་ལོ་སྒྱུ་མ་ལྟ་བུར་སྣང་ངོ་། །རྒྱུ་དེས་ན་རྣམ་པར་ཤེས་པའི་ཚོགས་དྲུག་གི་འདོད་ཆགས་དང་། ཞེ་སྡང་། གཏི་མུག་དག་པས་མཐོང་བའི་ལམ་མངོན་དུ་འཐོབ་ཅིང་། དག་པའི་ཡིད་དང་ཀུན་གཞི་ལ་སྒྲིབ་པའི་ཉོན་མོངས་པ་ཅན་གྱི་ཡིད་ཟད་པ་ན། བཟོད་པ་ཆེན་པོ་འཐོབ་ལ། ཀུན་གཞི་ཉིད་སྤང་ཤིང་དག་པ་ན། ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་འགྱུར་ཏེ། ལུས་ཅན་ཐམས་ཅད་ཀྱི་སྐྱབས་དམ་པར་གྱུར་རོ། །འདི་ལྟར་མདོ་སྡེ་རྒྱན་ལས་ཀྱང་། །སེམས་ནི་གཉིས་སུ་སྣང་བས་སྟེ། །ཆགས་ལ་སོགས་པ་སྣང་བ་དང་། །དད་ལ་སོགས་པར་སྣང་བར་འདོད། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །སེམས་ནི་སྣ་ཚོགས་སྣང་བ་དང་། །རྣམ་པ་སྣ་ཚོགས་ཅན་དུ་འཇུག །དེ་ལ་སྣང་དེ་ཡོད་དང་མེད། །དེ་ཕྱིར་ཆོས་ཀྱིས་མ་ཡིན་ནོ། །ཞེས་གསུངས་སོ། །གཟུགས་ཀྱི་སྐུའི་དོན་བཤད་པ་ནི། །ཤེས་དང་མི་ཤེས་པ་དག་ལས། །ལུས་འདི་ཉིད་ནི་ཐམས་ཅད་དེ། །རང་གི་རྣམ་པར་རྟོག་པས་བཅིངས། །བདག་ཉིད་ཤེས་ན་གྲོལ་བར་འགྱུར། །ཞེས་གསུངས་ཏེ། དེ་ལྟར་ན་སེམས་ཀྱི་དྲི་མ་དག་པས་སངས་རྒྱས་སུ་འགྱུར་བར་རིགས་ཀྱི་ཐེག་པ་ཐུན་མོང་ལས། ལུས་ནི་ཕ་མ་ལ་སོགས་པའི་རྐྱེན་ལས་བྱུང་བ་མི་གཙང་བ་འཇིགས་པ་སྟེ། དེས་ན་སྤང་བྱ་ཉིད་ཡིན་པས་གཟུགས་ཀྱི་ཕུང་པོ་ལ་ནི་རང་གི་ངོ་བོས་དག་པ་མེད་དོ། །སྙམ་པའི་འཁྲུལ་པ་བསལ་བའི་ཕྱིར། གནས་ཡོངས་སུ་གྱུར་པའི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཡང་། ཤེས་པ་དང་མི་ཤེས་པའི་ཁྱད་པར་ཙམ་གྱི་དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་ལུས་ཞེས་བྱ་བ་གཉིས་སུ་བརྗོད་ཀྱི། ལུས་འདི་ཉིད་ལ་གཟུགས་སྐུའི་ཡོན་ཏན་ཐམས་ཅད་ཀྱང་ཡོད་དོ། །ཤུན་པ་དང་བཅས་པའི་བཻ་ཌཱུརྻ་བཞིན་རང་གི་རྣམ་ཤེས་འཆིང་བས་བཅིངས་ཏེ་ཡོན་ཏན་མཐོང་ངོ་། །བདག་ཉིད་ཀྱི་འཆིང་བ་དང་བྲལ་བར་ཤེས་ན་རྣམ་པར་གྲོལ་བའི་གཟུགས་ཀྱི་སྐུར་འགྱུར་རོ། །འདི་ནི་རྒྱས་པར་ཐེག་བསྡུས་ལས། གནས་ཡོངས་སུ་གྱུར་པ་རྣམས་ཀྱི་ནང་ནས་ཀྱང་། གཟུགས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར། མཚན་དང་དཔེ་བྱད་དང་ཞིང་རྣམ་པར་དག་པ་ལ་དབང་འབྱོར་པར་འགྱུར་རོ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་དོན་བཤད་པ་ནི། བྱང་ཆུབ་ཉེ་མིན་རིང་བ་མིན། །འགྲོ་མིན་འོང་བ་མ་ཡིན་ཞིང་། །ཉོན་མོངས་གཟེབ་གྱུར་འདི་ཉིད་ལ། མཐོང་བ་དང་ནི་མ་མཐོང་ཡིན། །ཞེས་གསུངས་ཏེ། ལུས་དང་སེམས་གཉིས་ཀྱི་དྲི་མ་རྣམ་པར་དག་པས་བྱང་ཆུབ་ཐོབ་བོ་ཞེས་ཐ་སྙད་དུ་བཏགས་ཀྱང་། བྱང་ཆུབ་ནི་ཉེ་བ་མ་ཡིན་ཏེ། རྟོག་པའི་ཉོན་མོངས་པའི་འཆིང་བས་བསྒྲིབ་པ་ནི་ཐག་རིང་སྟེ་སྣང་མུན་བཞིན་ནོ། །བྱང་ཆུབ་རིང་བ་ཡང་མ་ཡིན་ཏེ། ལུས་སེམས་ཀྱི་དག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེས་ན་ཁྱད་པར་ཉོན་མོངས་པའི་དྲ་བ་ཉིད་ལ་མཐོང་བ་དང་མ་མཐོང་བའི་ཁྱད་པར་ཙམ་དུ་ཟད་དོ། །དེའི་ཕྱིར་འཁོར་འདས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་སྟེ། སྐྱེ་བ་མེད་ཅིང་འགག་པ་མེད་པ་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །དེ་ལྟར་སྟོང་ཉིད་བདུན་ཅུ་པ་ལས་ཀྱང་། དངོས་པོ་ཐམས་ཅད་རང་བཞིན་གྱིས། །སྟོང་པ་ཡིན་པས་དངོས་རྣམས་ཀྱི། །རྟེན་འབྱུང་འདི་ནི་དེ་བཞིན་གཤེགས། །མཚུངས་པ་མེད་པ་ཉེ་བར་བསྟན། །ཞེས་གསུངས་སོ། །མདོའི་དོན་བསྟན་པ་ནི། ཤེས་རབ་མར་མེ་ལ་གནས་ནས། །མཆོག་ཏུ་ཞི་བར་གྱུར་པ་ཡིས། །བདག་ལ་བརྟག་པས་གནས་བྱ་ཞེས། །མདོ་སྡེའི་ཚོགས་ལས་གསུང་པ་ལགས། །ཞེས་གསུངས་ཏེ། འདི་ལྟར་ཡང་དག་པའི་ལྟ་བ་བདེན་པ་གཉིས་ཀྱི་ཚུལ་རིག་ཅིང་ཞི་གནས་དང་ལྷག་མཐོང་གི་རྒྱུ་ཚོགས་རྣམ་པར་དག་པ་སྡོམ་པའི་སྟོབས་ལས་རྟོགས་པའི་ཤེས་རབ་ནི་། ཤེས་རབ་ཀྱི་མར་མེ་སྟེ། དེ་ནས་མཆོག་ཏུ་ཞི་བའི་སངས་རྒྱས་ཀྱི་ངོ་བོར་འགྱུར་བ་ནི། བདག་རང་བཞིན་གྱིས་དག་པ་ལ་རྟག་པར་གནས་པར་བྱའོ། །ཞེས་བཅོམ་ལྡན་འདས་ཀྱིས་མདོ་ཐམས་ཅད་དུ་གསུང་པ་ཡིན་ནོ། །འདི་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་ནས། ཡེ་ཤེས་ཀྱི་སྣང་བ་རྒྱ་ཆེར་སྐྱེ་ཞིང་མངོན་དུ་གྱུར་པའི་ཚུལ་སྟོན་པར་བྱེད་པས་དེ་བརྗོད་པར་བྱའོ། །རྐྱེན་དཀོན་མཆོག་ཇི་ལྟར་སྣང་བའི་ཚུལ་བཤད་པ་ལ་ལྔ་སྟེ། མདོར་བསྟན་པ་དང་། སངས་རྒྱས་མི་མཐོང་བའི་ཚུལ་དང་། མཐོང་བའི་ཚུལ་དང་། བསམ་གྱི་མི་ཁྱབ་པའི་འཕྲིན་ལས། བྱང་ཆུབ་ཉེ་རིང་མེད་པའི་དོན་བཤད་པའོ། །དང་པོ་ནི། སྟོབས་ཅུའི་སྟོབས་ཀྱིས་བྱིས་པ་རྣམས། བྱིན་རླབས་ཟླ་བ་ཚེས་པ་བཞིན། །ཉོན་མོངས་ཅན་གྱི་སེམས་ཅན་གྱིས། །དེ་བཞིན་གཤེགས་པ་མི་མཐོང་ངོ་། །ཞེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པ་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པ་དང་། ཁམས་སྣ་ཚོགས་པ་མཁྱེན་པ་དང་། མོས་པ་མཁྱེན་པ་དང་། ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པ་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང་། སྔོན་གྱི་གནས་དང་། ལྷའི་མིག་དང་། ཟག་པ་ཟད་པ་མཁྱེན་པ་དང་། ཀུན་ཏུ་འགྲོ་བའི་ལམ་མཁྱེན་པ་སྟེ། འདི་ལྟར་སྟོབས་བཅུའི་སྟོབས་ཀྱིས་བྱིན་གྱི་རླབས་པས་ཐོག་མར་ཟླ་བ་ཚེས་པ་ཙམ་དུ་ཡུལ་དང་ཡུལ་ཅན་ལྟར་སྣང་བའི་དེ་བཞིན་གཤེགས་པ་མཐོང་བར་འགྱུར་གྱི། གང་དག་རང་གི་སེམས་ལ་ཉོན་མོངས་པས་བསྒྲིབ་ན། ཐ་ན་དེ་བཞིན་གཤེགས་པའི་གཟུགས་བརྙན་སྙམ་པ་ཡང་མི་མཐོང་ངོ་། །དེ་ལྟར་ཡང་། ཇི་ལྟར་ཆུའི་སྣོད་ཆགས་ན། །ཟླ་བའི་གཟུགས་ཀྱང་མི་སྣང་བ། །དེ་བཞིན་སེམས་ཅན་དམན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ་། །ཞེས་བྱམས་པའི་ཞལ་སྔ་ནས་ཀྱང་གསུངས་སོ། །སངས་རྒྱས་མི་མཐོང་བའི་ཚུལ་ནི། ཚིགས་སུ་བཅད་པ་གཉིས་ལས། སངས་རྒྱས་དུས་ཐམས་ཅད་དུ་དྲང་དང་བྲལ་བ་མེད་ཀྱང་། སྒྲིབ་པའི་འཆིང་བས་མི་མཐོང་བའི་དཔེ་ནི། ཇི་ལྟར་ཡིད་དྭགས་རྣམས་ཀྱིས་ནི། །རྒྱ་མཚོ་སྐམ་པར་མཐོང་བ་ལྟར། །ཞེས་བྱ་བ་གང་དག་ཡི་དྭགས་སུ་སྐྱེས་པ་ན། སྐོམ་པས་གདུངས་ཏེ་སྔར་མིར་སྐྱེས་པ་ན་རྒྱ་མཚོའི་ཆུ་ཟད་པ་མེད་པ་ཡོད་ཤེས་པས་དེར་ཕྱིན་པ་ན་སྒྲིབ་པས་རྒྱ་མཚོ་སྐམ་པར་མཐོང་གི་རྒྱ་མཚོ་ནི་གར་ཡང་མ་སོང་ངོ་། །དེ་བཞིན་དུ་དེ་བཞིན་མི་ཤེས་པས་བསྒྲིབས་པས། སངས་རྒྱས་རྣམས་ནི་མེད་པར་བརྟག་ཞེས་གསུངས་ཏེ། རང་གི་རྒྱུད་ལ་དད་པ་ལ་སོགས་པའི་སྟོབས་ཀྱི་བྱིན་རླབས་མེད་ཅིང་མི་ཤེས་པའི་ཉོན་མོངས་ཀྱི་ཤེས་རྒྱུད་ཚིག་ནས་དེ་བཞིན་གཤེགས་པ་མེད་པར་རྟོགས་ཀྱི། དུས་ཐམས་ཅད་དུ་འབྲལ་བ་མེད་དོ། །དེ་ལྟར་གནས་སྐབས་ལ་ལར་མཐོང་བ་རིགས་སོ་ཞེ་ན། མཐོང་ཡང་ཅི་ཞིག་བྱ་སྟེ། མ་མཐོང་བ་ཉིད་དུ་མཚུངས་སོ། །ཞེས་བསྟན་པའི་ཕྱིར། དམན་དང་བསོད་ནམས་དམན་པ་ལ། །བཅོམ་ལྡན་འདས་ཀྱིས་ཅི་བགྱིར་མཆིས། །ཅི་ལྟར་དམུས་ལོང་ལག་པ་རུ། །རིན་ཆེན་མཆོག་ནི་བཞག་པ་འདྲ། །ཞེས་གསུངས་ཏེ། གང་དག་དམན་པ་ནི་བླུན་པ་ངན་འགྲོ་རྣམས་དང་། བདེ་འགྲོ་ཡིན་ཀྱང་བསོད་ནམས་དམན་པ་ཀླ་ཀློ་དང་། དམུས་ལོང་དག་། ལྟ་བ་ལོག་པ་ཅན་ལ་སོགས་པ་རྣམས་ལ། བཅོམ་ལྡན་འདས་མཐོང་ཡང་ཅི་ཞིག་བྱ་སྟེ། སླར་ལོག་སྲེད་ཅན་དུ་གྱུར་ཞིང་མ་དད་པས་ལས་ངན་པའི་རྐྱེན་དུ་གྱུར་བ་སྲིད་ལ། དེ་ལྟ་མ་ཡིན་ཀྱང་། དམུས་ལོང་གི་ལག་ཏུ་བཻ་ཌཱུརྻ་བཞག་པ་ལྟ་བུ། ཅི་ཡང་མི་ཕན་སྤོང་བར་བྱེད་པར་འགྱུར་རོ། །སངས་རྒྱས་མཐོང་བའི་ཚུལ་བཤད་པ་ལ་ཡང་ཚིགས་སུ་བཅད་པ་བཞི་ལས། འདི་ཡང་ཇི་ལྟར་སྣང་བ་དང་། མཛད་པ་དང་། དོན་གང་ཡིན་པ་དང་། མཐར་ཐུག་པའི་ཚུལ་བཞི་ཡིས་ཡེ་ཤེས་རྟོགས་པར་བྱ་སྟེ། དང་པོ་ནི། སེམས་ཅན་བསོད་ནམས་བྱས་པ་ལས། །འོད་ཀྱི་རང་བཞིན་དཔལ་ལྡན་པའི། །སུམ་ཅུ་རྩ་གཉིས་མཚན་འབར་བ། །སངས་རྒྱས་དེ་ཡི་མདུན་ན་གནས། །ཞེས་གསུངས་ཏེ། གང་དག་སེམས་ཅན་རང་གི་རྒྱུད་ལ་དད་པ་ལ་སོགས་པའི་ཆོས་ལྔ་དང་ལྡན་ཅིང་བསོད་ནམས་ཀྱི་ཚོགས་ལས། །འོད་ཀྱི་རང་བཞིན་དཔལ་དང་ལྡན་པའི་སྐུ། །མཚན་དཔེས་བརྒྱན་པ་མངོན་པར་འགྱུར་རོ། །དེ་ལ་མཚན་ནི། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆག །འདིའི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། །འདོམ་གྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །ལྤགས་པ་གསེར་མདོག་ལྤགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །འདིའི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །གཙུག་ཏོར་ལྟར་ལྡན་ལྗགས་རིང་མཛེས་པ་དང་། །ཚང་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམ། །ཤིན་ཏུ་དཀར་དང་ཚད་མཉམ་ཐག་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོ་འཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་ཕ་རོལ་དུ་ཕྱིན་པ་ལས་གསུངས་པ་དེ་ལྟ་བུ་སྣང་བར་འགྱུར་རོ། །དེ་སྣང་བས་ཅི་མཛད་ཅེ་ན། མགོན་པོ་དེའི་གཟུགས་ཀྱི་སྐུས། །བསྐལ་པ་མང་པོར་བཞུགས་ནས་ཀྱང་། །གདུལ་བྱ་རྣམས་ནི་གདུལ་བའི་ཕྱིར། །དབྱིངས་ནི་ཐ་དད་གྱུར་མ་ལགས། །ཞེས་གསུངས་ཏེ། །གང་དག་ཡུན་རིང་བ་དང་ཐུང་བ་རྒྱུད་ཇི་ལྟར་སྨིན་པར་འགྱུར་བ་དེ་ལྟར་བཞུགས་ནས་གདུལ་བར་སྣང་སྟེ། རང་གི་རྣམ་པར་དཀར་བའི་ཡེ་ཤེས་ཡུལ་དུ་སྣང་བ་ལ་གཉིས་སུ་འཛིན་པའི་ཆ་ཅུང་ཟད་ཡོད་པས་དེ་ལྟར་སྣང་མོད་ཀྱི། དོན་ལ་ཆོས་ཀྱི་དབྱིངས་དང་ཡེ་ཤེས་ཐ་དད་དུ་གྱུར་པ་ནི་མ་ཡིན་ནོ། །དེའི་ཕྱིར་དོན་གང་ཡིན་བསྟན་པ་ནི། །སེམས་ཀྱི་ཡུལ་ནི་ངེས་རྟོགས་ནས། །དེར་ནི་ཤེས་པས་འཇུག་པར་འགྱུར། །སོ་སོར་རང་རིག་རྣམ་དག་ན། །ས་རྣམས་དེའི་བདག་ཉིད་གནས། །ཞེས་གསུངས་ཏེ། སངས་རྒྱས་ཀྱི་སྐུ་མཐོང་ཞིང་ཐེག་པ་ཆེན་པོའི་ཆོས་རྣམས་ཐོས་ལ། ཚུལ་ཁྲིམས་ཀྱི་དྲི་སྣོམ་ཞིང་ཆོས་ཀྱི་དགའ་བའི་རོ་མྱོང་ནས། ཏིང་ངེ་འཛིན་གྱི་རེག་བྱ་རེག་ཏེ། ཞིབ་མོར་དཔྱོད་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ལ་རྟོག་པའི་སྒོ་དྲུག་པ་ནི། སེམས་ཀྱི་ཡུལ་སྟེ་ཡེ་ཤེས་བྱ་བ་ཡིན་པས། དེར་ཤེས་འཇུག་པར་འགྱུར་བ་ཡིན་ཅིང་། སོ་སོ་རང་རིག་པ་རྣམ་པར་དག་པ་འདི་ལ་ཇི་ལྟར་གོང་ནས་གོང་དུ་ཞུགས་ཅིང་གནས་པས་ས་ལམ་ཐམས་ཅད་ལ་རྣམ་པར་དག་པ་བཞུགས་པ་ནས་གནས་པའི་ཐ་སྙད་དུ་བརྗོད་དོ། །མཐར་ཐུག་པའི་ཚུལ་ནི། དབང་ཕྱུག་ཆེན་པོའི་གནས་མཆོག་དང་། །འོག་མིན་ཉིད་དེ་རྣམ་མཛེས་པ། །ཤེས་པ་གསུམ་པོ་གཅིག་ཉིད་དུ། །འདྲེ་བར་འགྱུར་བ་བདག་སྨྲའོ། །ཞེས་གསུངས་ཏེ། གང་གི་རང་རིག་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མཐར་སོན་པའི་ཚེ། གཟུགས་ཀྱི་སྐུའི་ཡེ་ཤེས་དང་། དབང་ཕྱུག་ཆེན་པོ་བྱང་ཆུབ་སེམས་དཔའི་གནས་གཟུགས་ཁམས་ཀྱི་འོག་མིན་དུ་ལོངས་སྤྱོད་རྫོགས་པ་སྣང་བར་བཤད་པ་དང་། ཆོས་ཀྱི་དབྱིངས་ཀྱི་འོག་མིན་ཆེན་པོར་སངས་རྒྱས་ཕལ་པོའི་མདོ་ལས་གསུངས་པ་རྣམས་ཐ་དད་པ་ལྟར་བཤད་མོད་ཀྱིས་ཀྱང་། ཡང་དག་པར་ན་དེ་ལྟར་ཕྱི་རོལ་གྱི་དོན་དུ་ནི་ཡོད་པ་མ་ཡིན་གྱི། རང་གི་སེམས་ཀྱི་སྙིང་པོའི་དྲི་མ་དག་པ་དང་། མ་དག་པའི་ཆ་ལས་ཡེ་ཤེས་ཡུལ་ལྟར་སྣང་བ་དང་། ཡུལ་ཅན་ལྟར་སྣང་བའི་ཆ་སྣང་བ་ཙམ་སྟེ། མཐར་ཐུག་གི་དོན་དུ་ནི་ཤེས་པ་གསུམ་གཅིག་ཏུ་འདྲེས་པས་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་གསུམ་གྱིས་མཉམ་པ་ཡིན་པས། རྣལ་འབྱོར་ཅན་གྱི་ཤེས་པ་ལ་སྣང་བ་ཡང་རང་ལས་གཞན་དུ་མེད་པར། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་བདག་སྨྲའོ། །དེ་ལ་ཤེས་པ་གསུམ་ནི། དངོས་པོ་ལ་འཇུག་པའི་ཤེས་པ་དང་། ཀུན་གཞི་ལ་གནས་པའི་ཡིད་དང་། ཀུན་གཞིའི་རྣམ་པར་ཤེས་པ་སྟེ། ཇི་ལྟ་བུ་ཞིག་འདྲེ་ཞེ་ན། མོས་པས་སྤྱོད་པའི་ས་ལ་འཇུག་པའི་རྣམ་པར་ཤེས་པ་སྦྱོང་བས་སྤྲུལ་པའི་སྐུ་སྟོན་ཏོ། །ལྷག་པའི་བསམ་པ་དག་པའི་ས་ལ་ཞུགས་ནས་ས་བདུན་གྱི་བར་ལ་ཀུན་གཞི་ལ་གནས་པའི་ཡིད་སྦྱོང་བས་ལོངས་སྤྱོད་རྫོགས་པའི་སྐུ་སྣང་ངོ་། །དག་པ་ས་གསུམ་ལ་ཀུན་གཞིའི་རྣམ་པར་ཤེས་པ་དག་པས་ཆོས་ཀྱི་སྐུ་སྣང་སྟེ། ཇི་ལྟར་སྣང་བ་བཞིན་འཐོབ་པར་གྱུར། ཐོབ་པས་དབང་འབྱོར་པ་ལ་དེའི་བདག་ཉིད་དུ་ཉེ་བར་སོན་པའི་ཐ་སྙད་དུ་བརྗོད་པ་ཡིན་པས། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱི་འཕྲིན་ལས་ཕྱི་ན་ཡོད་པ་ལྟར་སྣང་བ་ཡང་ཡིན་ལ། ཕྱི་རོལ་དུ་བདེན་པ་མེད་པ་ཡང་ཡིན་ནོ། །དེའི་ཕྱིར་རང་གི་ཆོས་ཀྱི་སྐུའི་འོད་ཟེར་དང་འཕྲིན་ལས་ཡིན་པར་ཤེས་པར་བྱའོ། །འདི་ལྟར་ཡེ་ཤེས་སྣང་བའི་རྒྱན་གྱི་མདོར་གསུངས་པ་དང་། རྒྱུད་བླ་མ་ལས་ཀྱང་། དེ་བཞིན་དད་སོགས་དྲི་མེད་ཅན། །རང་སེམས་དད་སོགས་གོམ་པ་ལས། །སྣང་བའི་རྫོགས་པའི་སངས་རྒྱས་ནི། །འཆག་པ་དང་ནི་བཞེངས་པ་དང་། །བཞུགས་པ་དང་ནི་གཟིམ་པ་དང་། །ཞི་བའི་ཆོས་ནི་གསུངས་པ་དང་། །མི་གསུང་མཉམ་པར་བཞག་གྱུར་པ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག །མཛད་པ་གཟིམ་གདངས་ཆེན་པོ་ཅན། །སེམས་ཅན་རྣམས་ཀྱི་མཐོང་བར་འགྱུར། །དེ་མཐོང་བས་ཀྱང་འདོད་ལྡན་པ། །བྱང་ཆུབ་ཕྱིར་ནི་རབ་སྦྱོར་ཏེ། །དེ་རྒྱུ་ཡང་དག་བླང་ནས་ནི། །འདོད་པའི་གོ་འཕང་འཐོབ་པར་བྱེད། །སྣང་བ་དེ་ནི་ཤིན་ཏུ་ཡང་། །རྟོག་མེད་གཡོ་བ་མེད་པ་ཉིད། །དེ་ལྟ་མོད་ཀྱིས་འཇིག་རྟེན་ན། །དོན་ཆེན་པོས་ནི་ཉེ་བར་གནས། །འདི་ནི་རང་སེམས་སྣང་བ་ཞེས། །སོ་སོའི་སྐྱེ་བོས་མི་ཤེས་མོད། །དེ་ལྟ་ན་ཡང་གཟུགས་མཐོང་སྟེ། །དེ་དག་ལ་ནི་དོན་ཡོད་འགྱུར། །རིམ་གྱིས་དོན་མཐོང་ལ་བརྟེན་ནས། །ཐེག་པ་འདི་ལ་གནས་པ་དག །ནང་གི་དམ་པའི་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་པ་དང་། དོན་མཐུན་པ་ཡིན་ནོ། །བསམ་གྱིས་མི་ཁྱབ་པའི་འཕྲིན་ལས་བཤད་པ་ནི། ཚིགས་སུ་བཅད་པ་གསུམ་སྟེ། ཐོག་མར་ཐམས་ཅད་མཁྱེན་པའི་དོན་བསྟན་པའི་ཕྱིར། བྱིས་པའི་ནང་ན་ཡོངས་མཁྱེན་དང་། །འཕགས་པའི་ནང་ན་སྣ་ཚོགས་ཉིད། །ཞེས་བྱ་བ་ནི་མ་རྟོག་པའི་སེམས་ཅན་གྱི་དོན་དུ་ཐམས་ཅད་ཤེས་པར་སྟོན་ཅིང་འདུལ་བ་དང་། འཕགས་པའི་ནང་དུ་དཔག་ཏུ་མེད་པའི་ཏིང་ངེ་འཛིན་གྱི་རྣམ་པར་རོལ་པ་སྟོན་པ་ཡང་། སེམས་དག་པ་དབང་འབྱོར་པའི་མཐུའོ། །གཞན་ཡང་། དབང་ཕྱུག་ཆེན་པོ་ཚེ་དཔག་མེད། །བསྐལ་པའི་ཚེ་ཡི་རྒྱུ་གང་ཡིན། ཞེས་པ་ནི། འོག་མིན་དབང་ཕྱུག་ཆེན་པོ་དང་། འོག་མིན་པ་རྣམས་ཀྱི་ཚེ་ནི། བསྐལ་པ་ཆེན་པོ་ཁྲི་དྲུག་སྟོང་ཡིན་མོད་ཀྱིས། དེའི་རྒྱུ་གང་ཡིན་པ་ཡང་སྟོན་ཅིང་དེ་བས་ཀྱང་ཚད་མེད་པ་འདིའི་བསྐལ་པ་ལ་ཉིན་ཞག་ཏུ་བགྲང་བ་དང་། དེའི་བསྐལ་པ་ཡང་ཉིན་ཞག་ཏུ་བགྲང་བ་དེ་ལྟར་བསྒྲེས་པ་དེ་བཅུ་གསུམ་ལྷག་པར་ཕལ་པོ་ཆེའི་མདོ་ལས་བྱུང་བའི་ཚུལ་ཡང་སྟོན་པའི་དབང་འབྱོར་པས་ཡེ་ཤེས་འབྱུང་སྟེ། །ཕྱི་རོལ་སེམས་ཅན་ཁམས་ཀྱི་ཡང་། །དཔག་ཏུ་མེད་པའི་བསྐལ་པར་ནི། །ཚེ་ཡང་གང་གིས་བསྲུང་བ་ནི། །སྲོག་ཆགས་རྣམས་ཀྱི་སྲོག་གནས་པའི། །རྒྱུ་ཡང་མི་ཟད་པ་དེ་ཉིད། །ཞེས་གསུངས་ཏེ། ཕྱི་རོལ་གྱི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་ཡང་རང་གི་ཡེ་ཤེས་མ་རྟོགས་པའི་ཆ་ལས་དཔག་ཏུ་མེད་པའི་བ སྐལ་པ་བརྗོད་དུ་མེད་པར་ཐོག་མ་དང་། ཐ་མ་མི་མངོན་པའི་བར་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་བསམ་གྱིས་མི་ཁྱབ་པའི་ཚེའི་རྒྱུན་གང་གིས་བསྲུང་བར་འགྱུར་ཞིང་སྲོག་ཆགས་རྣམས་ཀྱི་སྲོག་ནི། ཨ་ཀྵ་ར་ཞེས་བྱ་བ་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཚུལ་ལ་བརྟེན་ནས་འབྱུང་བའི་ཕྱིར། སྲོག་གནས་པའི་ཚུལ་ཡང་། མི་ཟད་པའི་དོན་དེ་ཉིད་ཡིན་པས་ན། རྟེན་འབྲེལ་རྟོགས་པས་འཁོར་བའི་རང་བཞིན་མྱ་ངན་ལས་འདས་པར་དབྱེ་བ་མེད་པར་རྟོགས་པར་བྱའོ། །དེའི་ཕྱིར། གང་གིས་འབྲས་བུ་མི་བཟད་གང་། །སྣང་བ་མེད་པའི་བྱེ་བྲག་གིས། །ཤེས་རབ་དོན་དུ་རབ་ཏུ་འཇུག ཞེས་སྨོས་ཏེ། འཁོར་འདས་གཉིས་སུ་མེད་པ་རྟོགས་པའི་རྒྱུ་ལས། དེའི་འབྲས་བུ་ཟད་མི་ཤེས་པས་འཁོར་བའི་མུ་དང་མཚུངས་པར་འདོད་པས། སྔར་བསྟན་པའི་བཟུང་བ་དང་འཛིན་པ་གཉིས་སུ་མེད་པའི་བྱེ་བྲག་གིས་མཐོང་བའི་ལམ་མངོན་སུམ་དུ་བྱེད་པའི་ཤེས་རབ་ཀྱི་དོན་དུ་བློ་གྲོས་དང་ལྡན་པ་རྣམས་འཇུག་པར་བྱའོ། །འདི་ལྟར་སེམས་ཅན་གྱི་ཁམས་འཁོར་བ་ཟད་པ་མེད་པ་དང་སངས་རྒྱས་ཀྱི་ཡེ་ཤེས་ཟད་པ་མེད་པ་སྐྱེ་བ་མེད་པ་འགག་པ་མེད་པ་འདི་མངོན་སུམ་དུ་གྱུར་པ་ནི་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་ཉིད་བསྟན་ཏོ། །རིགས་པ་དྲུག་ཅུ་པ་ལས་ཀྱང་། སྲིད་པ་གང་གིས་ཤེས་པ་དེ། །མྱ་ངན་འདས་ཞེས་བརྗོད་པར་བྱ། །སྲིད་པ་དང་ནི་མྱ་ངན་འདས། །ཅུང་ཟད་ཡོད་པ་མ་ཡིན་ནོ། །ཞེས་གསུང་སོ། །དེ་ལྟར་རྟོགས་པས་བྱང་ཆུབ་ཉེ་རིང་མེད་པའི་ཚུལ་ནི། བྱང་ཆུབ་རིང་བར་མི་བསམ་ཞིང་། །ཉེ་བར་ཡང་ནི་བསམ་མི་བྱ། །ཡུལ་དྲུག་སྣང་བ་མེད་པར་ནི། ། ཡང་དག་ཇི་བཞིན་རིག་གྱུར་པའོ། །ཞེས་གསུངས་ཏེ། །བླ་ན་མེད་པའི་བྱང་ཆུབ་ནི་འཁོར་བའི་རང་བཞིན་རྟོགས་པ་ཡིན་པས་རིང་བར་མི་བསམ་མོ། །གཟུང་འཛིན་ཅན་ལ་བྱང་ཆུབ་པ་གཏན་མེད་པའི་ཕྱིར་ཉེ་བར་མི་བསམ་མོ། །དོན་དུ་ཡུལ་དྲུག་གི་མཚན་མ་སྣང་བ་མེད་ན་མེད་དོ། །འཛིན་པའི་རྣམ་པར་ཤེས་པ་དྲུག་སྣང་བ་མེད་ན་སྐྱེ་འགག་མེད་པས་བདུན་པ་ཡིད་མེད་དོ། །དེ་རྣམས་མེད་ན་དེ་རྣམས་ཀྱིས་བསྐྱེད་པའི་ཀུན་གཞིའི་རྣམ་པར་ཤེས་པ་སྐྱེ་བ་མེད་པས་སེམས་མེད་དོ། །དེ་ལྟར་ཡང་དག་པར་རིག་ཅིང་རྟོགས་ནས་མངོན་སུམ་དུ་རྟོགས་པ་ནི་སངས་རྒྱས་ཏེ། །དེ་ལྟར་འཇིག་རྟེན་ལས་འདས་པར་བསྟོད་པ་ལས་ཀྱང་། ཤེས་པ་མེད་པར་ཤེས་བྱ་མིན། །དེ་མེད་རྣམ་པར་ཤེས་པ་མིན། །དེ་ཕྱིར་ཤེས་དང་ཤེས་བྱ་དག །རང་དངོས་མེད་ཅེས་ཁྱོད་ཀྱིས་གསུང་། །ཞེས་པ་སློབ་དཔོན་ཉིད་ཀྱིས་བསྒོམ་རིམ་ལས་ཀྱང་། སེམས་ཙམ་ལ་ནི་བརྟེན་གནས་སུ། །ཕྱི་རོལ་དོན་ནི་མི་རྟོག་གོ །དེ་བཞིན་ཉིད་ལ་དམིགས་ནས་ནི། །སེམས་ཙམ་ལས་ནི་འདའ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་སུ། །སྣང་བ་མེད་ལས་འདའ་བར་བྱ། །རྣལ་འབྱོར་སྣང་བ་མེད་གནས་པའི། །དེ་ཡིས་ཐེག་ཆེན་མི་མཐོང་ངོ་། །ཞེས་གསུངས་པ་དང་། སློབ་དཔོན་ཟླ་བ་གྲགས་པས། ཤེས་བྱའི་བུད་ཤིང་སྐམ་པོ་བསྲེག་པའི་མེ། །ཞི་དེའི་ཚུལ་གྱིས་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུའི་མངོན་སུམ་མཛད། །ཞེས་བྱ་བ་དང་། མདོ་སྡེ་རྒྱན་ལས་ཀྱང་། སེམས་ལས་གཞན་མེད་པས་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིགས་ནས། །དེ་མི་ལྡན་པ་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས་པ་ཐམས་ཅད་དོན་གཅིག་སྟེ། རྣམ་པར་ཤེས་པའི་ཚོགས་བརྒྱད་པོ་དག་ཅིང་སྤང་བའི་ཚེ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མངོན་སུམ་དུ་སྣང་ངོ་། །ཞེས་བྱ་བ་ཡིན་གྱི། ཡེ་ཤེས་ཀྱི་སྐུ་འཕྲིན་ལས་དང་བཅས་པ་ཡང་མེད་དོ་ཞེས་པ་ཡང་མ་ཡིན་ནོ། །དེ་ལྟར་བསྒོམ་པའི་ཚུལ་རྐྱེན་དཀོན་མཆོག་སྣང་ཚུལ་དང་བཅས་པ་བཤད་ཟིན་ཏོ། །ད་ནི་དེ་ལྟར་གོམས་པ་ལས་ལམ་མངོན་དུ་བྱས་ཤིང་ཐོབ་པའི་ཚུལ་འབྱུང་བས་དེ་བཤད་པར་བྱའོ། །དེ་ལ་ལྔ་སྟེ། བླང་དོར་གྱི་ཚུལ་ཤེས་པར་བྱ་བ་དང་། །འཁོར་བའི་གཉེན་པོ་དང་། ཞི་བའི་གཉེན་པོ་དང་། ཁམས་རྒྱས་པར་བྱ་བའི་ཆོས་དང་། ཚུལ་ཇི་ལྟར་རྒྱས་པའི་རིམ་པའོ། །དང་པོ་ནི། ཇི་ལྟར་འོ་མ་དང་འདྲེས་ཆུ། །སྣོད་གཅིག་ལ་ནི་གནས་པ་ལས། །ངང་པས་འོ་མ་འཐུང་བྱེད་ཅིང་། །ཆུ་ནི་མ་ཡིན་དེ་བཞིན་གནས། །དེ་བཞིན་ཉོན་མོངས་ཀྱིས་གཡོག་ནས། །ཡེ་ཤེས་ལུས་འདི་གཅིག་གནས་ཀྱང་། །རྣལ་འབྱོར་པ་ཡིས་ཡེ་ཤེས་ལེན། །མི་ཤེས་པ་ཡིས་འདོར་བར་བྱེད། །ཞེས་གསུངས་སྟེ། དཔེར་ན་ངང་པས་ཆུ་ལ་འོ་མ་འབྱེད་ཅིང་འཐུང་བ་ལྟར། རང་གི་སེམས་དང་ལུས་ཉོན་མོངས་པའི་དྲ་བས་གཡོག་པ་འདི་ལ་སངས་རྒྱས་ཀྱི་ཡེ་ཤེས་ཇི་ལྟ་བ་དང་། ཇི་སྙེད་པ་གནས་ཀྱང་དྲི་མས་མི་གསལ་ཞིང་འདྲེས་པ་ལྟར་སྣང་སྟེ། དེ་ལ་ཡང་དག་པའི་རྐྱེན་རང་གི་རྣམ་པར་རིག་པ་དྲི་མ་མེད་པའི་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རྒྱུ་མཐུན་པ། སྤང་བྱ་དང་བླང་བྱ་རྣམ་པར་འབྱེད་པའི་ཆོས་ཐོས་པ་ལ་བརྟེན་ནས། རྣལ་འབྱོར་པས་ཡེ་ཤེས་ལེན་ཅིང་མི་ཤེས་པའི་དྲི་མ་འདོར་བར་བྱེད་པ་འབྱུང་སྟེ། འདི་ནི་བླང་བ་དང་དོར་བའི་ཚུལ་སྣང་བ་ཡིན། འདི་ནི་ཚོགས་ཀྱི་ལམ་ཞེས་བྱ་སྟེ། བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་རྟོགས་ཤིང་ལེན་པའི་ཕྱིར་རོ།། །།གཉིས་པ་འཁོར་བའི་གཉེན་པོ་བསྟན་པ་ནི། བདག་དང་བདག་གི་ཞེས་འཛིན་པས། །ཇི་སྲིད་ཕྱི་རོལ་རྣམ་རྟགས་པས། །བདག་མེད་རྣམ་པ་གཉིས་མཐོང་ནས། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་གསུངས་ཏེ། སེམས་ཅན་རྣམས་བདག་ཏུ་འཛིན་པ་དང་གང་ཟག་བདེན་པར་རྟོགས་པ་ན་འཁྲུལ་པའི་ཕྱིར་གང་ཟག་ལ་བདག་མེད་པ་དང་། འདུས་བྱས་ཀྱི་ཆོས་ཡུལ་དུ་སྣང་བ་རྣམས་ལ་བདག་གི་ཡིན་ནོ་ཞེས་ཕྱི་རོལ་དུ་རྟོག་པས་བརྟགས་ནས་ཆོས་ཐམས་ཅད་སྐྱེ་བ་དང་འགག་པར་ཞེན་པ་གཞོམ་པའི་ཕྱིར་ཆོས་ཐམས་ཅད་བདག་མེད་པར་བསྟན་ཏེ། འདི་གཉིས་ཇི་ལྟ་བར་རྟོགས་པས་ཁམས་གསུམ་གྱི་སྲིད་པའི་ས་བོན་འགག་ཅིང་། འཇིག་རྟེན་ལས་འདས་པ་རྟོགས་པར་འགྱུར་རོ། །དེའི་ཕྱིར་བདག་མེད་རྟོགས་པའི་ཡུམ་འདི་ནི་འཕགས་པ་བཞི་ཀ་བསྐྱེད་པར་བྱེད་པ་ཡིན་ཏེ། ཉན་ཐོས་རྣམས་ནི་གང་ཟག་གི་བདག་མེད་རྟོགས་པའོ། །རང་སངས་རྒྱས་རྣམས་ནི་ཆོས་ཀྱི་བཟུང་དོན་ལ་བདག་མེད་པར་རྟོགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་འཛིན་རྟོག་དང་བཅས་པ་དག་ནས་བདག་མེད་རྟོགས་པ་སྟེ། དེས་ན་ཕ་རོལ་དུ་ཕྱིན་པ་ལས་ཀྱང་། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉན་པར་བྱ་ཞེས་པ་ནས། རང་སངས་རྒྱས་ཀྱི་ས་ཞེས་པ་དང་། བྱང་ཆུབ་སེམས་དཔའི་ས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སློབ་པར་འདོད་པས་ཀྱང་། ཞེས་པའི་བར་དུ་རྒྱ་ཆེར་གསུངས་པས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱ་སྟེ། རིགས་པའི་ཚོགས་ལས་རྒྱ་ཆེར་གསུངས་པ་ལྟར་ཁོང་དུ་ཆུད་པར་བྱའོ། །དེའི་འོག་ཏུ་ཞི་བ་མཐར་འགྲོ་བ་སྤང་བའི་ཕྱིར། སངས་རྒྱས་ཀྱི་ཚུལ་དང་སྙིང་རྗེ་ཆེན་པོས་ཡེ་ཤེས་ཀྱི་སྐུ་བསྒྲུབ་པའི་དོན་དུ་ཐེག་པ་བླ་ན་མེད་པ་སྟོན་ཏེ། ཆོས་ཀྱི་དབྱིངས་རྟོགས་པ་མཛད་པ་ཡིན་ནོ། །དེ་ནས་གསུམ་པ་ཞི་བའི་གཉེན་པོ་བསྟན་པ་ནི། གང་ཕྱིར་སངས་རྒྱས་མྱ་ངན་འདས། །གཙང་བ་རྟག་པ་དགེ་བ་བཞི། །གང་ཕྱིར་གཉིས་ནི་བྱིས་པས་བརྟགས། །དེ་ཡིས་གཉིས་དེ་རྣལ་འབྱོར་གནས། །ཞེས་གསུངས་ཏེ། །བདག་མེད་གཉིས་རྟོགས་པའི་འཕགས་པ་རྣམས་ཀྱང་། །མ་རིག་པའི་བག་ཆགས་ཀྱི་ས་དང་། ཟག་པ་མེད་པའི་ལས་དང་། ཡིད་ཀྱི་རང་བཞིན་གྱི་ལུས་དང་། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་ཡོད་པས། ཆོས་ཀྱི་དབྱིངས་སུ་ཅུང་ཟད་མ་སོན་པའི་ཕྱིར། ཆོས་ཀྱི་སྐུ་ནི་གཙང་བ་དམ་པ་དང་། བདག་དམ་པ་དང་། བདེ་བ་དམ་པ་དང་། རྟག་པ་དམ་པའི་ཕ་རོལ་དུ་ཕྱིན་པ་བཞིས་རབ་ཏུ་ཕྱེ་བའི་མྱ་ངན་ལས་འདས་པ་ཡིན་པས་འདི་ལ་ལྟོས་ནས། མི་རྟག་སྟོང་པ་སྡུག་བསྔལ་བདག་མེད་ཀྱང་ཕྱིན་ཅི་ལོག་གི་རྟོག་པར་གསུང་པས་ཆོས་ཀྱི་སྐུའི་དོན་ནི་ཟབ་པར་གནས་སོ། །དེ་ཡང་གང་གི་ཕྱིར་ཞེ་ན། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀྱི་བྱིས་པས་བརྟགས་པ་སྟེ། སངས་རྒྱས་ནི་འཁོར་འདས་གཉིས་སུ་མེད་པའི་རང་བཞིན་ཡིན་པས། དེའི་རྣལ་འབྱོར་ལ་གནས་པར་ཤེས་པར་བྱའོ། །འདི་ཡང་རྒྱས་པར་འདི་སྐད་དུ། དེ་ལ་དགྲ་བཅོམ་དང་། རང་སངས་རྒྱས་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། མ་རིག་པ་བག་ཆགས་ཀྱི་ས་མ་སྤངས་པས་ཉོན་མོངས་པའི་དྲི་ང་བའི་བག་ཆགས་དང་ལྡན་པའི་ཕྱིར། གཙང་བའི་རབ་ཀྱི་མཐར་ཕྱིན་པ་མི་ཐོབ་བོ། །དེ་ལ་བརྟེན་ནས་མཚན་མའི་སྤྲོས་པ་ཀུན་ཏུ་སྤྱོད་པ་ཕྲ་མོ་དང་ལྡན་པའི་ཕྱིར། བདག་གི་ཕ་རོལ་དུ་ཕྱིན་པ་འདུས་མ་བྱས་མི་འཐོབ་བོ། རྒྱུ་དང་རྐྱེན་དེས་ཀུན་ནས་བླངས་པ་ཟག་པ་མེད་པའི་ལས་ལ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ལུས་འབྱུང་བའི་ཕྱིར་དེ་འགག་པའི་ཤིན་ཏུ་བདེ་བའི་ཕ་རོལ་ཏུ་ཕྱིན་པ་མི་འཐོབ་བོ། །ཇི་སྲིད་དུ་དེ་རྣམས་འགག་པའི་དེ་བཞིན་གཤེགས་པའི་ཁམས་མངོན་དུ་མ་བྱས་པ་དེ་སྲིད་དུ། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་དང་། མི་འབྲལ་བའི་ཕྱིར་འགྱུར་བ་མེད་པའི་རྟག་པའི་ཕ་རོལ་ཏུ་ཕྱིན་པ་མི་འཐོབ་བོ། །ཞེས་དཔལ་འཕྲེང་གི་མདོ་ལས་བྱུང་བ། སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས་གསུངས་སོ། །གཞན་ཡང་དངོས་པོའི་མཚན་མར་འཛིན་པའི་གཉེན་པོར་སྟོང་པ་ཉིད་བསྟན་པ་ནི་ཤིན་ཏུ་ཟབ་ཏེ། དེ་ལ་རང་རིག་དང་། གཞན་རིག་དང་སྐུ་དང་ཡེ་ཤེས་ཀྱང་བདག་དང་། གཞན་དང་། གཉིས་ཀ་དང་། རྒྱུ་མེད་ལ་སོགས་པར་བློས་སྒྲོ་བརྟགས་ནས་བདེན་པར་ཞེན་པས་སྨྲས་ནས་འཁྲུལ་པ་ཉིད་ཡིན་པའི་ཕྱིར། རྣམ་པར་ཐམས་ཅད་དུ་དགག་པར་བྱ་བ་ཡིན་ནོ། དེ་ལྟར་བསྟན་པ་ལ་བརྟེན་ནས། །སྟོང་པ་ཉིད་ཁོ་ན་ལ་མཆོག་ཏུ་བཟུང་ནས། སོ་སོའི་སྐྱེ་བོ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་མདོར་ན་བརླག་པར་འགྱུར་ཏེ། དབུ་མ་རྩ་བ་ལས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་བར་འགྱུར། །དཔེར་ན་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་བསྒྲུབ་པ་ལོག་པ་བཞིན། །ཞེས་པ་དང་། རིག་པ་དྲུག་ཅུ་པ་ལས་ཀྱང་། རྣམ་པར་དབེན་དོན་མི་ཤེས་པར། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང་། གང་དག་བསོད་ནམས་མི་བྱེད་པའི། །སྐྱེས་བུ་ཐ་ཤལ་དེ་དག་བརླག །ཅེས་གསུངས་སོ། །གཞན་ཡང་འཕགས་པ་ཡིན་ཡང་ཞི་བའི་དབྱིངས་ལ་གཅིག་ཏུ་དགའ་བ་ཉན་རང་རྣམས་ཀྱང་། ཐེག་ཆེན་ལ་ཞུགས་པ་དང་། འཁོར་བས་དུབ་པ་ངལ་བསོ་བའི་ཕྱིར་པདྨ་དཀར་པོར་བསྟན་པ་དང་། བྱང་ཆུབ་སེམས་དཔའ་མཐོང་ལམ་པ་དང་། ས་དྲུག་པ་དང་། ས་བརྒྱད་པ་ལ་ཡང་ཞི་བར་མི་ལྟུང་བར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་རྣམས་ཀྱིས་སྐད་ཅིག་གཅིག་ལ་བསྐུལ་བའི་དོན་ཡང་སྙིང་པོའི་ཡེ་ཤེས་མངོན་སུམ་བྱ་བ་དོན་ཡིན་ཏེ། རྒྱུ་དེས་ན། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་བ་རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་། །ཞེས་གསུངས་པ་ལ་སོགས་པའི་དོན་རྒྱ་ཆེར་ཡོད་ཀྱིས་འཕྲོས་པ་ཆོག་གོ །མདོར་བསྡུས་ན། ཆོས་ཀྱི་དབྱིངས་ནི་སྟོང་པ་ཁོ་ནའོ། །སྙམ་དུ་མི་བྱའོ། །དེ་ནས་བཞི་པ་ཁམས་རྣམས་གནས་ཁྱད་པར་དག་པ་དེ་རྒྱས་པར་བྱ་བ་བསྟན་པ་ནི་གསུམ་སྟེ། ཁམས་རྒྱས་བྱེད་ཀྱི་ཆོས་ངོས་བཟུང་བ་དང་། དེ་ལས་བྱང་ཆུབ་འགྲུབ་པ་དང་། རྒྱལ་བས་བསྲུང་བར་འགྱུར་བའོ། །དང་པོ་ཚིགས་སུ་བཅད་པ་གསུམ་ལས། འདི་རྣམས་ཀྱང་ཕ་རོལ་ཏུ་ཕྱིན་པ་བཅུའི་རང་གི་ངོ་བོས་དག་པ་དང་། ཐོབ་པའི་ཁམས་ཀྱི་ངོ་བོ་རྒྱས་པར་བྱེད་པ་བསྟན་ཏེ། དེ་ཡང་ནོར་བུ་ཤུན་པ་གསལ་བས་ཡོན་ཏན་རྒྱས་པ་ལྟ་བུ་ནི་དག་པ་ཞེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་གྱིས། ཤིང་འབྲས་ལས་ལྗོན་པའམ། ས་བོན་ལས་ལོ་ཐོག་ལྟར་འབྱུང་བ་ནི་ཐོབ་པ་ཞེས་ཐ་སྙད་བྱས་ཏེ། འདི་གཉིས་དབྱེར་མེད་པ་ནི་ཡེ་ཤེས་ཀྱི་སྐུ་ཞེས་ཀྱང་བྱ། ཆོས་སྐུ་ཉིད་ཡིན་ནོ། །དེས་ན། དཀའ་སྤྱད་སྣ་ཚོགས་སྦྱིན་པ་དང་། ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདུན་པ་དང་ལྡན་པ་སྟེ། ཟང་ཟིང་གི་སྦྱིན་པ་དང་། སྐྱབས་ཀྱི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་རྣམས་ཆགས་པ་མེད་པའི་ཚུལ་དང་། བྱང་ཆུབ་སེམས་དཔའི་བྱེད་པའོ། །ཚུལ་ཁྲིམས་སེམས་ཅན་དོན་བསྡུད་དང་། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རང་ཉིད་སྲིད་པའི་བདེ་བ་འདོད་པ་མ་ཡིན་པའོ། །སེམས་ཅན་ཕན་བྱེད་བཟོད་པ་སྟེ། །གསུམ་པོ་འདི་ནི་ཁམས་རྒྱས་འགྱུར། །ཞེས་པ་ནི་གང་དག་གནོད་པར་བྱེད་པ་ལ་ཇི་མི་སྙམ་པ་དང་། དགེ་བའི་ཕྱོགས་ཀྱི་སྡུག་བསྔལ་དང་དུ་ལེན་པ་ལ་བཟོད་པ་དང་། ཆོས་སྟོང་པ་ཉིད་ལ་མི་སྐྲག་པ་ངེས་པར་སེམས་པའི་བཟོད་པ་སྟེ། སྔ་མ་གཉིས་ཀྱི་གྲོགས་བྱེད་པ་སྟེ། དེ་ལྟར་གསུམ་པོ་འདི་ནི་བསོད་ནམས་ཀྱི་ཚོགས་སྦྱིན་པ་དང་ཚུལ་ཁྲིམས་ལས་བྱུང་བ་ཞེས་བྱ་སྟེ། གཟུགས་སྐུའི་ཁམས་རྒྱས་པར་བྱེད་པའི་ཆོས་སོ། །ཆོས་རྣམས་ཀུན་གྱི་བརྩོན་འགྲུས་དང་། །བསམ་གཏན་སེམས་ལ་འཇུག་པ་དང་། །རྟག་ཏུ་ཤེས་རབ་བརྟེན་པ་སྟེ། །འདི་ཡང་བྱང་ཆུབ་རྒྱས་བྱེད་ཡིན། །ཞེས་གསུངས་ཏེ། གོ་ཆ་དང་། འཇུག་པ་དང་། ངེས་པར་འབྱུང་བའི་བརྩོན་འགྲུས་ཀྱིས་ཡོན་ཏན་ཀུན་འབྱིན་པར་བྱེད་པ་དང་། བསམ་གཏན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་ཐོབ་པར་བྱེད་པ་རྣམས་གནས་ཁྱད་པར་ཅན་དང་། འབྲེལ་པ་གཟུགས་མེད་པ་ཡང་མལ་འཇུག་པ་དང་། ཤེས་རབ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས། རབ་ཏུ་རྣམ་པར་འབྱེད་པ་དང་། མྱ་ངན་ལས་འདས་པ་དང་། འཁོར་བ་ཐམས་ཅད་ལ་ཆགས་པ་མེད་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་འཇུག་པའི་ཤེས་རབ་སྟེ། འདི་ནི་བསྒོམ་པ་ལས་བྱུང་བའི་བསོད་ནམས་ཁྱད་པར་ཅན་དང་། ཡེ་ཤེས་ཀྱི་ཚོགས་ཏེ། སྐུ་གཉིས་ཀའི་ཁམས་རྒྱས་པར་བྱེད་པ་ཡིན་ནོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་རྣམས་ནི། གང་ཚེ་ཤེས་རབ་ཀྱིས་ཟིན་པ་ཐམས་ཅད་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ལ། ངོ་བོ་ནི་སྦྱིན་པ་དང་ཚུལ་ཁྲིམས་གཉིས་ནི་བསོད་ནམས་ཀྱི་ཚོགས་སོ། །ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བཟོད་པ་བརྩོན་འགྲུས་བསམ་གཏན་གསུམ་གཉིས་ཀ་ཡིན་ནོ། །སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀ་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་མདོ་སྡེ་རྒྱན་ལས་གསུངས་སོ། །ཐབས་དང་བཅས་པའི་ཤེས་རབ་དང་། །སྨོན་ལམ་རྣམ་པར་སྦྱངས་པ་དང་། །སྟོབས་ལ་ངེས་གནས་ཡེ་ཤེས་སྟེ། །ཁམས་རྒྱས་བྱེད་པའི་ཆོས་བཞིའོ། །ཞེས་གསུངས་པ་ནི། །ཐབས་མཁས་པ་ནི་བསྔོ་བ་དང་། མོས་པ་དང་། ཡིད་རང་དང་ལྡན་པས་ཤེས་རབ་ཀྱིས་མྱུར་བ་དང་། རྒྱ་ཆེར་བྱེད་པའོ། །སྨོན་ལམ་ནི་ཟད་མི་ཤེས་པར་སྤེལ་བ་དང་། སྐྱེ་བའི་ཐབས་མཁས་པ་བསྒྲུབ་པའི་ཕྱིར་ངག་དང་འབྲེལ་བའོ། །སྟོབས་ནི་སོ་སོར་རྟོགས་པ་དང་བསྒོམ་པའི་སྟོབས་ཀྱིས་རྣམ་པར་རྒྱས་པར་བྱེད་པའོ། །ཡེ་ཤེས་ནི་ཇི་ལྟ་བ་དང་ཇི་སྙེད་པས་རང་གཞན་གྱི་དོན་བསྒྲུབ་པའི་ཕྱིར་འདི་བཞི་ནི་ཁམས་རྣམ་པར་དག་པ་རྒྱས་པར་བྱེད་པའོ། །འདི་རྣམས་ཚོགས་དང་སྦྱོར་བའི་ལམ་དུ་ནི། གོ་ཆ་དང་འཇུག་པའི་བསྒྲུབ་པས་རྗེས་སུ་མཐུན་པར་སྤྱོད་དོ། །ས་ལ་ཞུགས་ནས་ནི་ཡང་དག་པར་སྤྱོད་པ་སྟེ་མ་དག་པའི་ས་བདུན་ལ་དམིགས་པ་དང་བཅས་པའོ། གསུམ་པ་ལ་ནི་དམིགས་པ་མེད་པ་སྟེ། སངས་རྒྱས་ཀྱི་ས་ལ་ནི་ལྷུན་གྱིས་གྲུབ་པར་བརྗོད་དོ། །འདི་རྣམས་ཀྱི་ལས་ནི། སྦྱིན་པས་ནི་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་ཏོ། །ཚུལ་ཁྲིམས་ཀྱིས་གནོད་པ་ཐམས་ཅད་མེད་པར་བྱེད་དོ། །བཟོད་པས་ནི་ཐམས་ཅད་བཟོད་ལ། བརྩོན་འགྲུས་ཀྱིས་ཡོན་ཏན་འཕེལ་བར་བྱེད་ལ། བསམ་གཏན་གྱིས་རྫུ་འཕྲུལ་ལ་སོགས་པས་འཇུག་པར་བྱེད་དོ། །ཤེས་རབ་ཀྱིས་ཐམས་ཅད་ཀྱིས་རྒྱུད་གྲོལ་བར་བྱེད་ལ། ཐབས་ཀྱིས་མི་ཟད་པར་བྱེད་ཅིང་། སྨོན་ལམ་གྱིས་སངས་རྒྱས་མཉེས་པ་ལ་རྟག་ཏུ་འཇུག་པར་བྱེད་ལ། སྟོབས་ཀྱིས་མི་མཐུན་པ་ལས་རྒྱལ་བར་འགྱུར་ཅིང་། ཡེ་ཤེས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ལས་ནི་རྗེས་སུ་འཛིན་བྱེད་དང་། །གནོད་མི་བྱེད་དང་དེ་ལ་བཟོད། །ཡོན་ཏན་འཕེལ་དང་འཇུག་ནུས་དང་། །རྣམ་པར་གྲོལ་བར་བྱེད་པ་དང་། མི་ཟད་པ་དང་རྟག་འཇུག་དང་། །ངེས་པར་ལོངས་སྤྱོད་སྨིན་པར་བྱེད། །ཅེས་གསུངས་སོ། །འདིར་ངོ་བོ་དང་། དབྱེ་བ་དང་། ལས་བསྡུས་པས་བསྟན་ཏེ། རྒྱས་པར་ནི། རིན་ཆེན་ཕྲེང་བ་དང་། མདོ་ཀུན་ལས་བཏུས་པ་དང་། སློབ་དཔོན་དཔའ་བོས་ཕ་རོལ་ཏུ་ཕྱིན་པ་བསྡུས་པ་དང་། མདོ་སྡེ་རྒྱན་གྱི་ཕ་རོལ་དུ་ཕྱིན་པའི་སྐབས་ལས་གསུངས་པ་རྣམས་རྟོགས་པར་བྱའོ། །མདོར་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསྒྲུབ་པ་ཐམས་ཅད་འདིར་འདུས་པས་ཁམས་རྒྱས་པར་བྱེད་པའི་ཆོས་ཞེས་བཤད་དོ། །དེ་ལ་བྱང་ཆུབ་འགྲུབ་པའི་ཚུལ་བཤད་པ་ནི། ཚིགས་སུ་བཅད་པ་བཞི་ལས། དང་པོས་ནི། བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུའི་རྒྱུར་བསྟན་ཏེ། བྱང་ཆུབ་སེམས་ཕྱག་མི་བྱ་ཞིང་། །སྨྲ་བ་ངན་པས་སྨྲ་བས་ཏེ། །བྱང་ཆུབ་སེམས་དཔའ་མ་བྱུང་བར། །ཆོས་ཀྱི་སྐུ་ནི་འབྱུང་མ་ཡིན། །ཞེས་བྱང་ཆུབ་ནི་སངས་རྒྱས་ཏེ། དེ་ལ་འདོད་པ་དང་འདུན་པས་མང་དུ་བྱུང་བའི་སྤྱོད་པ་འགྲུབ་པ་ནི་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཏེ། སེམས་བསྐྱེད་པས་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཞེས་མངོན་རྟོགས་རྒྱན་ལས་གསུང་ཤིང་། དེ་ལ་བརྟེན་ནས་དོན་དམ་པ་སོ་སོར་རང་གིས་རིག་པར་བྱ་བ་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་རྟོགས་པར་བྱེད་པ་འདི་ལ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་སྟེ། སུ་དག་འདི་ལ་མི་གུས་ཤིང་ཕྱག་མི་བྱེད་པ་ནི་ངན་པར་སྨྲ་བ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་བྱེད་པའོ། །དེའི་ཕྱིར་ན། བྱང་ཆུབ་སེམས་དཔའ་མ་བྱུང་ན། །ཆོས་ཀྱི་སྐུའི་སངས་རྒྱས་མི་འབྱུང་སྟེ། །རྒྱུ་མེད་པར་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །རིགས་པ་འདི་ལ་ཁ་ཅིག་སྨོན་འཇུག་རྟོག་པ་ཡིན་པས་གསར་དུ་བསྐྱེད་པ་ཡིན་པས། སངས་རྒྱས་ཀྱི་ཡེ་ཤེས་ཀྱང་སྔར་མེད་པའི་གསར་དུ་ཐོབ་བོ་སྙམ་དུ་རྟོག་ན་མི་རུང་བས་བཤད་པ། སྨོན་པ་ནི་སངས་རྒྱས་འདོད་པ་ཉིད་དོ། །འཇུག་པ་ནི་དེ་འདོད་ནས་རྒྱུ་ལ་འཇུག་པའོ། །རྒྱུ་གཉིས་ཏེ། རྒྱུ་དང་རྐྱེན་ཉིད་ཀྱི་རྒྱུའོ། །དེ་ལ་རྒྱུ་ཉིད་ནི། རང་བཞིན་གྱིས་འོད་གསལ་བའི་སེམས་ཉིད་དེ་ཁམས་ཞེས་བྱའོ། །རྐྱེན་གྱི་རྒྱུ་ནི་དེ་ཉིད་ཀྱི་འོད་ཟེར་ཞེས་ཀྱང་བྱ། སྒྲིབ་པ་དང་བྲལ་བའི་སངས་རྒྱས་ཀྱི་ཐུགས་རྗེའི་འཕྲིན་ལས་ཀྱང་བྱ་སྟེ། དད་ཅིང་མོས་ནས་བསྒྲུབ་པར་བྱ་བའི་ཕ་རོལ་དུ་ཕྱིན་པ་ངེས་པར་རྟོགས་པ་དང་། རེག་པ་དང་རྗེས་སུ་དྲན་པའི་བདག་ཉིད་རྣམས་ཏེ། འདི་གཉིས་ཀ་ཡང་གཅིག་མེད་ན་གཅིག་རྟོགས་པ་དང་། མངོན་དུ་བྱེད་པ་མི་འཐད་པས། བདེན་པ་གཉིས་ཀྱི་རང་གི་ངོ་བོ་ཡིན་ནོ། །དེ་སྐད་དུ་ཡང་། སེམས་དེ་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པ། །གང་དག་འགྲོ་ཀུན་བདག་མེད་མཐའ་བཞི་ཡང་དག་རྟོགས་ནས་ཐམས་ཅད་ལ། །རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་སྒྲིབ་པ་མེད་པའི་བློ་མངའ་བ། སེམས་ཅན་རྣམ་དག་ཡེ་ཤེས་ཡུལ་ཅན་མཐའ་ཡས་གཟིགས་མངའ་དེ་ལ་འདུད། །ཞེས་གསུངས་པའི་དོན་ཤེས་པར་བྱའོ། །དེས་ན་གཉིས་པ་འདིས་དཔེ་བསྒྲུབ་པ་སྟོན་ཏེ། །བུར་ཤིང་ས་བོན་ལ་སོགས་གང་། །ཁ་ར་སྤྱད་པར་འདོད་པ་དེས། །བུར་ཤིང་ས་བོན་མེད་པར་ནི། །ཁ་ར་འབྱུང་བར་འགྱུར་མ་ཡིན། བུར་ཤིང་ས་བོན་གང་བསྲུང་ན། །ཉེ་བར་གནས་ཤིང་བསྒྲུབ་པ་ལས། །བུ་རམ་ཁ་ར་སོགས་རྣམས་ནི། །དེ་ལས་འབྱུང་བར་འགྱུར་བ་ལྟར། །ཞེས་བསྟན་ནས། དོན་ནི་བྱང་ཆུབ་ཀྱི་སེམས་བུར་ཤིང་ལྟ་བུ་བསྲུང་ན། ཡོན་ཏན་གྱི་འབྲས་བུ་ཐམས་ཅད་འབྱིན་པར་བསྟན་པ། བྱང་ཆུབ་སེམས་ནི་རབ་བསྲུང་ན། །ཉེ་བར་གནས་ཤིང་བསྒྲུབ་པ་ལས། །དགྲ་བཅོམ་རྐྱེན་རྟོགས་སངས་རྒྱས་རྣམས། །དེ་ལས་སྐྱེ་ཞིང་འབྱུང་བར་འགྱུར། །ཞེས་གསུངས་ཏེ། འདི་ལྟར་བྱང་ཆུབ་ཀྱི་སེམས་དང་བྱང་ཆུབ་སེམས་དཔའ་ལ་བརྟེན་ནས། ཉོན་མོངས་པ་དང་སྐྱེ་བ་ཟད་པས་ན་དགྲ་བཅོམ་པ་དང་། རྐྱེན་གྱིས་བྱང་ཆུབ་རྟོག་ནས་རང་ཉིད་གྲོལ་བས་རང་སངས་རྒྱས་དང་། མཐར་ཐུག་པ་རྟོགས་པས་ན་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཏེ། ཐམས་ཅད་ཀྱང་བྱང་ཆུབ་སེམས་ཀྱི་སེམས་ལས་བྱུང་བའོ། །འདི་ལྟར་སློབ་དཔོན་ཟླ་བ་གྲགས་པས་ཀྱང་། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །རྒྱལ་སྲས་རྣམས་ནི་གཉིས་མེད་ཤེས་རབ་དང་། །སྙིང་རྗེ་དང་ནི་བྱང་ཆུབ་སེམས་ལས་བྱུང་། །ཞེས་དབུ་མ་པ་ལ་འཇུག་པར་གསུང་པ་ཡིན་ནོ། །གཞན་ཡང་འདི་ལ་ཁ་ཅིག་ཉན་རང་ཡང་དེ་ལྟར་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ཡིན་ན། བྱང་ཆུབ་སེམས་དཔའ་དང་མི་འདྲ་བའི་རྒྱུ་མཚན་ཅི་ཡིན་སྙམ་དུ་སེམས་ན་བཤད་པར་བྱ་སྟེ། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རཏལ་པོས་རྟོགས་དཀར་བཞེད། །ཞེས་པའི་འགྲེལ་པར་དབང་པོ་དམན་པས་དགྲ་བཅོམ་པ་དང་། འབྲིང་པོས་རང་སངས་རྒྱས་དང་། རྣོན་པོས་སངས་རྒྱས་འཐོབ་བོ་ཞེས་ཤུགས་ཀྱིས་བསྟན་པ་ཡིན་ནོ། །ཞེས་སློབ་དཔོན་སེང་གེ་བཟང་པོས་བསྟན་ཅིང་། དེ་ལ་ཉན་རང་དང་བྱང་ཆུབ་སེམས་དཔའ་ལ་ཁྱད་པར་ལྔ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི། རྣམ་པར་མི་རྟོག་པ་དང་། ཉི་ཚེ་བ་མ་ཡིན་པ་དང་། མི་གནས་པ་དང་། གཞན་དུ་བ་ཉིད་དང་། བླ་ན་མེད་པ་ཉིད་དེ་ཁྱད་པར་རྣམ་པ་ལྔའོ། །ཞེས་གསུངས་ཏེ། འདི་ཉན་རང་གི་ཡེ་ཤེས་ནི་འཁོར་བ་སྤང་བྱ་དང་། ཞི་བ་བླང་བྱར་རྟོག་པ་དང་། བདེན་པ་བཞི་ལ་དམིགས་པས་ཉི་ཚེ་བ་དང་། མྱ་ངན་ལས་འདས་པ་དང་། ཕུང་པོ་ལྷག་མེད་དུ་རྒྱུན་ཆད་པ་དང་། བླ་ན་ཡང་སངས་རྒྱས་ཡོད་པ་ཡིན་ནོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དེ་རྣམས་རྟོགས་པའི་ཆ་ནས་འདྲ་མོད་ཀྱི། ཁྱད་པར་དུ་འཁོར་འདས་མཉམ་པས་རྣམ་པར་མི་རྟོག་པ་དང་། ཤེས་བྱ་ཐམས་ཅད་མཁྱེན་པས་ཉི་ཚེ་བ་མ་ཡིན་པ་དང་། སྲིད་ཞི་གཉིས་ཀ་མི་གནས་པ་དང་། སངས་རྒྱས་ནས་སྐུ་ཡེ་ཤེས་འཕྲིན་ལས་འཁོར་བ་ཇི་སྙེད་མི་ཟད་པས་རྟག་པ་དང་། དེ་ལ་གོང་ན་སུ་ཡང་མེད་པས་བླ་ན་མེད་པའོ། །འདི་ནི་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལས་གསུངས་སོ། །དེའི་ཁྱད་པར་དང་སེམས་ཅན་གྱི་དོན། བྱེད་པའི་ངེས་པ་ཡང་། མདོ་ལས། ཁྱེའུ་མི་གཙང་བའི་དོང་དུ་ལྷུང་བའི་དཔེ་དང་སྦྱར་ནས། བློ་གྲོས་རྒྱ་མཚོ་དེ་ལྟར་ན་དཔེའི་དོན་ནི། མི་གཙང་བའི་དོང་ཞེས་བྱ་བ་ནི། ཁམས་གསུམ་པའི་ཚིག་བླ་དྭགས་སོ། །བུ་གཅིག་པ་ཞེས་བྱ་བ་ནི། སེམས་ཅན་རྣམས་ཀྱི་ཚིགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་བུ་གཅིག་པ་ལྟར་སེམས་པའི་ཕྱིར་རོ། །མ་དང་གཉེན་ཞེས་བྱ་བ་ནི། གང་དག་འཁོར་བའི་སྡུག་བསྔལ་མཐོང་ནས་མྱ་ངན་དང་སྨྲེ་སྔགས་འདོན་ཀྱང་སེམས་ཅན་རྣམས་དེ་ལས་འདོན་པའི་སྦྱོར་བའི་ནུས་པ་མེད་པ་ནི་ཉན་རང་གི་ཐེག་པར་ཞུགས་པ་རྣམས་ཀྱི་ཚིག་གོ །ཚོང་དཔོན་ནམ། ཁྱིམ་བདག་ཞེས་བྱ་བ་ནི། གང་ཞིག་གཙང་བ་དྲི་མ་དང་བྲལ་བ་ལ། དྲི་མ་མེད་པའི་སེམས་དང་ལྡན་པ། འདུས་མ་བྱས་ཀྱི་ཆོས་མངོན་གསུམ་དུ་རྟོགས་པ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བསམ་བཞིན་དུ་ཁམས་གསུམ་པར་འཚམས་སྦྱོར་བར་བྱེད་པ་བྱང་ཆུབ་སེམས་དཔའི་ཚིག་བླ་དྭགས་སོ། །བློ་གྲོས་རྒྱ་མཚོའི་འཚམས་སྦྱོར་བ་ཐམས་ཅད་ལས་ཤིན་ཏུ་གྲོལ་ཡང་སྲིད་པར་སྐྱེ་བ་ལེན་པ་འདི་ནི། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྟེ། ཐབས་ལ་མཁས་པ་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་ཀུན་ནས་ཉོན་མོངས་པ་དག་གིས་མི་གནོད་ལ། ཉོན་མོངས་པའི་འཆིང་བ་ཐམས་ཅད་ལས་དགྲོལ་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པའོ། ཞེས་བློ་གྲོས་རྒྱ་མཚོའི་མདོར་གསུངས་ཏེ། རྒྱུ་དེས་ན་རྒྱལ་བས་བསྲུང་བར་འགྱུར་བ་བསྟན་པ་ནི། ཇི་ལྟར་ས་ལུའི་ས་བོན་ཚོགས། །ཞིང་པས་བསྲུང་བར་བྱེད་པ་ལྟར། །དེ་བཞིན་ཐེག་མཆོག་མོས་རྣམས་ལའང་། །འདྲེན་པ་རྣམས་ཀྱིས་བསྲུང་བར་མཛད། །ཞེས་གསུངས་ཏེ། དཔེར་ན་འབྲས་ས་ལུའི་ས་བོན་ཞིང་ལ་བཏབ་ནས་ལེགས་པར་བསྲུངས་པ་ལས་འབྲས་བུ་འབྱུང་བ་བཞིན། ཐེག་པ་མཆོག་ལ་མོས་པ་ནི་ས་བོན་ཡིན་པས་དེ་དང་ལྡན་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྲུང་བར་མཛད་པ་ཡིན་ནོ། །དེའི་ཚུལ་རྒྱས་པར་ཕ་རོལ་དུ་ཕྱིན་པ་ལས་གསུངས་སོ། །དེ་ལྟར་ཁམས་རྒྱས་པར་བྱ་བའི་ཆོས་བསྟན་པ་ལས་བྱུང་བ་ཚུལ་ཇི་ལྟར་རྒྱས་པའི་རིམ་པ་ནི་བཞི་སྟེ། མོས་པས་སྤྱོད་པས་མཐོང་ཚུལ་དང་། ས་ལ་ཞུགས་པ་ཁོང་དུ་རྒྱས་པའི་དཔེ་དང་། མཐར་ཐུག་པའི་དཔེ་མདོར་བསྟན་དང་། རྒྱས་བཤད་དོ། །དང་པོ་ནི། ཇི་ལྟར་མར་ངོའི་བཅུ་བཞི་ལ། །ཟླ་བ་ཅུང་ཟད་མཐོང་བ་ལྟར། །དེ་བཞིན་ཐེག་མཆོག་མོས་རྣམས་ལའང་། །སངས་རྒྱས་སྐུ་ནི་ཅུང་ཞིག་མཐོང་། ཞེས་གསུངས་པས། ཇི་ལྟར་མར་ངོའི་ཉི་ཤུ་དགུའི་ཟླ་བ་སྣང་བ་ཙམ་འགྲིབ་པ་དང་བཅས་པ་སྣང་བའི་དཔེས། ལས་དང་པོ་པའི་མོས་པའི་ས་རྣམས་ཀྱི། སངས་རྒྱས་ཀྱི་སྐུ་ཕྱི་རོལ་དུ་མཐོང་བ་དང་། ཡང་མི་སྣང་སྟེ། མྱ་ངན་ལས་འདས་པར་སྣང་བ་ལ་སོགས་པ་ནི། རང་གི་དད་པ་ལ་སོགས་པའི་རྒྱུས་ཅུང་ཟད་སྣང་ཡང་། རྟོག་པའི་སྒྲིབ་པས་རང་གི་ཁམས་ཀྱི་ཡེ་ཤེས་ཀྱི་སྣང་བ་རྟོག་པར་མ་གྱུར་པའི་ཕྱིར་དེ་ལྟར་སྣང་ངོ་། །ས་ལ་ཞུགས་ནས་རྒྱས་པའི་དཔེ་ནི། ཇི་ལྟར་ཚེས་པའི་ཟླ་བ་ལ། །སྐད་ཅིག་སྐད་ཅིག་རྒྱས་པར་མཐོང་། །དེ་བཞིན་ས་ལ་ཞུགས་རྣམས་ཀྱང་། །རིམ་གྱི་རིམ་གྱིས་འཕེལ་བར་མཐོང་། ཞེས་གསུངས་ཏེ། གང་གི་ཚེ་ས་དང་པོ་ལ་རང་གི་རྣམ་པར་རྟོག་པའི་ཡེ་ཤེས་སྣང་བའི་ཏིང་ངེ་འཛིན་ཆོས་ཀྱི་སྐུ་སྣང་བ་ཐོབ་པའི་ཕྱིར། དེའི་མཐུས་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི་ཕྱི་རོལ་དུ་ཡང་། དེ་བཞིན་གཤེགས་པ་བརྒྱ་མཐོང་བ་དང་། ཆོས་གསུང་པ་ཡང་ཐོས་ཤིང་འཛིན་པ་ལ་སོགས་པ་སྣང་བར་འགྱུར་རོ། དེ་བཞིན་ས་གཉིས་པ་ལ་སྟོང་ཕྲག་བརྒྱ་དང་། ས་གསུམ་པ་ལ་འབུམ་ཕྲག་བརྒྱད་དང་། ལྔ་པ་ལ་ཁྲག་ཁྲིག་ཕྲག་བརྒྱ་དང་། དྲུག་པ་ལ་དེ་ཉིད་སྟོང་དུ་བསྒྱུར་བ་དང་། ས་བདུན་པ་ལ་ཁྲག་ཁྲིག་འབུམ་དུ་བསྒྱུར་བ་དང་། ས་བརྒྱད་པ་ལ་སྟོང་གསུམ་ཕྲག་བརྒྱ་སྟོང་གི་རྡུལ་ཕྲ་རབ་ཀྱི་གྲངས་དང་། དགུ་པ་ལ་དེ་ཉིད་གྲངས་མེད་པ་བརྒྱ་སྟོང་གི་གྲངས་དང་། བཅུ་པ་ལ་དེ་ཉིད་གྲངས་མེད་པ་བརྗོད་དུ་མེད་པ་སྣང་བར་གསུངས་སོ། །མཐར་ཐུག་པའི་དཔེ་བསྟན་པ་ནི། ཇི་ལྟར་ཡར་ངོའི་བཅོ་ལྔ་ལ། །ཟླ་བ་རྫོགས་པར་འགྱུར་བ་ལྟར། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་ཅིང་གསལ། །ཞེས་གསུངས་ཏེ། ཇི་ལྟར་ཟླ་བ་གང་བ་རང་གི་དཀྱིལ་འཁོར་རྫོགས་ཤིང་འོད་ཟེར་འགྱེད་པ་ལྟར། གང་གིས་ཚེ་ས་བཅུའི་མཐར་ཐུག་པར་ཆོས་ཀྱི་སྐུ་དྲི་མ་མེད་པ་རྫོགས་ཤིང་ནམ་མཁའི་མཐས་གཏུགས་པའི་བཟོ་དང་སྐྱེ་བ་དང་བྱང་ཆུབ་ཆེན་པོ་སྟོན་པའི་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་དང་། མཉམ་པར་འདྲེས་ནས་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་གསུམ་གྱིས་མཉམ་པར་འགྱུར་རོ། །ད་ནི་རྒྱས་པར་བཤད་པ་ལ་བཅུ་གཅིག་སྟེ། མོས་པས་སྤྱོད་པའི་ས་དང་། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་བཤད་པའོ། །དང་པོ་ནི། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་མོས་པ་བརྟན་པོ་ཡིས། །སེམས་དེ་ཡང་དག་བསྐྱེད་བྱས་ན། །ཕྱིར་མི་ལྡོག་པ་ཡང་ཡང་འབྱུང་། །ཞེས་གསུང་པ་ནི། ཇི་ལྟར་རྒྱུད་བླ་མ་ལས་གསུང་པ་བཞིན། བླ་ན་མེད་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང་། འདི་ནས་བྱང་ཆུབ་ཀྱི་བར་དུ་ལྡོག་པ་མེད་པའི་མོས་པ་བརྟན་པོས། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་ནས་ཡང་དག་པར་ཕ་རོལ་དུ་ཕྱིན་པ་རྣམས་ཀྱི་གོ་ཆ་དང་འཇུག་པ་བསྒྲུབ་པར་བྱས་པས། ཚོགས་དང་སྦྱོར་བའི་ལམ་གྱི་ཕྱིར་མི་ལྡོག་ཐོབ་པར་འགྱུར་ཞིང་། མཐོང་བའི་ལམ་གྱི་ཕྱིར་མི་ལྡོག་པའི་ཉེ་བའི་རྟགས་འབྱུང་བར་འགྱུར་ཏེ། འདི་རྣམས་ནི་དྲན་པ་ཉེ་བར་བཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་ལྔ་དང་། སྟོབས་ལྔའི་གནས་སྐབས་ཡིན་ནོ། །དེ་ནས་ས་དང་པོ་རབ་ཏུ་དགའ་བར་འཇུག་པ་བསྟན་པ་ནི། ནག་པོའི་གཞི་ནི་ཡོངས་སྤང་ནས། །དཀར་པོའི་གཞི་ནི་རབ་བཟུང་བས། །དེ་ཚེ་དེ་ནི་རབ་རྟོགས་པས། །དགའ་བ་ཞེས་ནི་རབ་ཏུ་བརྗོད། །ཞེས་གསུངས་ཏེ། ནག་པོའི་རང་བཞིན་ནི་རྩ་བའི་ཉོན་མོངས་པ་དྲུག་སྟེ། དེ་ལ་ལྟ་བ་ལ་རྣམ་པ་ལྔར་འགྱུར་བས་བཅུ་པོ་མཐོང་བས་སྤང་བར་བྱ་བ་འཕགས་པའི་བདེན་པ་རྟོགས་པས་སྤང་བ་ཡིན་ལ། དཀར་པོའི་གཞི་ནི་ངེས་པར་རྟོགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་སྡེ་ལ་བརྟེན་པ། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཞི་ལྷག་གི་རྒྱུ་སྟེ། དེ་བཟུང་བས་དེའི་ཚེ་ངེས་པར་རྟོག་པ་ནི་མཐོང་བའི་ལམ་གྱི་མངོན་གྱི་ཚུལ་དུ་དེ་བཞིན་ཉིད་ཐོབ་ཅིང་། ཉམས་སུ་མྱོང་བ་སྟེ། འདི་རྟོགས་ནས་སེམས་ཅན་གྱི་དོན་གྲུབ་པའི་དགའ་བ་ཁྱད་པར་ཅན་འཇིག་རྟེན་ལས་འདས་པ་ཐོབ་པའི་ཕྱིར། ས་དང་པོ་རབ་ཏུ་དགའ་བ་ཞེས་བྱའོ། །དེ་ཡང་མདོ་སྡེ་རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང་། །སེམས་ཅན་དོན་གྲུབ་མཐོང་བ་དང་། རབ་ཏུ་དགའ་བ་སྐྱེ་འགྱུར་བས། །དེ་ཕྱིར་རབ་དགའི་ས་ཞེས་བརྗོད། །ཞེས་གསུངས་པའི་དོན་རབ་དགའི་དོན་ཡིན་ལ། སློབ་དཔོན་ཉིད་ཀྱིས་འདིའི་དོན་རྒྱས་པར་བཤད་པ་ནི། མིང་དོན་དང་། ངོ་བོ་དང་། ཡོན་ཏན། ཕ་རོལ་དུ་ཕྱིན་པ་གང་གིས་བསྡུས་པ་དང་། གཟུགས་ཀྱི་སྐུ་སྨིན་པའི་འབྲས་བུ་རྣམས་ནི། དེ་ལ་དང་པོ་རབ་ཏུ་དགའ་བ། བྱང་ཆུབ་སེམས་དཔའ་དགའ་བྱེད་ཅིང་། །ཀུན་ཏུ་སྦྱོར་བ་གསུམ་སྤངས་ཤིང་། །དེ་བཞིན་གཤེགས་པའི་རིགས་སྐྱེས་ཕྱིར། །དེའི་རྣམ་པར་སྨིན་པ་ནི། །སྦྱིན་པའི་ཕ་རོལ་ཕྱིན་མཆོག་འགྱུར། །འཇིག་རྟེན་ཁམས་ནི་བརྒྱ་གཡོ་ཞིང་། །འཛམ་གླིང་དབང་ཕྱུག་ཆེན་པོར་འགྱུར། །ཞེས་གསུངས་སོ། དེ་ནས་ས་གཉིས་པ་དྲི་མ་མེད་པ་བཤད་པ་ནི། འདོད་ཆགས་ལ་སོགས་སྣ་ཚོགས་པའི། དྲི་མས་རྟག་ཏུ་དྲི་མ་ཅན། །དྲི་མ་མེད་པར་གང་དག་པ། །དྲི་མ་མེད་ཅེས་བརྗོད་པ་ཡིན། །ཞེས་གསུངས་ཏེ། ཉོན་མོངས་པ་འདོད་ཆགས་ལ་སོགས་པ་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་མེད་པར་འགྱུར་བ་སྟེ། འཆལ་ཚུལ་རྩོལ་བའི་དྲི་བྲལ་བས། །དྲི་མ་མེད་པའི་ས་ཞེས་བརྗོད། །ཞེས་པ་དང་། གཉིས་པ་དྲི་མ་མེད་ཅེས་བྱ། ལུས་དང་ངག་དང་སེམས་ཀྱི་ལས། །བཅུ་ཆར་དྲི་མ་མེད་པའི་ཕྱིར། །དེ་ཡི་རྣམ་པར་སྨིན་པ་ནི། །ཚུལ་ཁྲིམས་ཕ་རོལ་ཕྱིན་མཆོག་འགྱུར། །དཔལ་ལྡན་རིན་ཆེན་བདུན་གྱི་བདག །འགྲོ་ཕན་འཁོར་ལོས་བསྒྱུར་བར་འགྱུར། །ཞེས་འབྱུང་ངོ་། །ས་གསུམ་པ་འོད་བྱེད་པ་བཤད་པ་ནི། ཉོན་མོངས་དྲི་མ་རབ་འགག་ནས། །དྲི་མེད་ཡེ་ཤེས་རབ་གསལ་བར། །ཚད་མེད་པ་ཡི་མུན་པ་དང་། །སེལ་བར་བྱེད་པས་འོད་བྱེད་པའོ། །ཞེས་གསུངས་ཏེ། ས་འདི་ལ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་དྲི་མའང་ཕལ་ཆེར་འགག་ནས་ཡོངས་སུ་འཛིན་པ་མེད་པའི་ཡེ་ཤེས་ཀྱི་འོད་ཀྱིས་སེམས་ཅན་དཔག་ཏུ་མེད་པའི་བློའི་མུན་པ་སེལ་བར་བྱེད་པས། ཆོས་ཀྱི་སྣང་བ་རྒྱ་ཆེན་པོར་འགྱུར་བའོ། །དེ་ཡང་ཆོས་ཀྱི་སྣང་བ་ཆེན་པོ་ནི། བྱེད་པའི་ཕྱིར་ན་འོད་བྱེད་པའོ། །ཞེས་པ་དང་། ས་གསུམ་པ་ནི་འོད་བྱེད་པའོ། །ཡེ་ཤེས་ཞི་བའི་དབང་འབྱུང་ཕྱིར། །བསམ་གཏན་མངོན་ཤེས་བསྐྱེད་པ་དང་། །འདོད་ཆགས་ཞེ་སྡང་ཡོངས་ཟད་ཕྱིར། །དེའི་རྣམ་པར་སྨིན་པས་ན། །བཟོད་པ་བརྩོན་འགྲུས་ལྷག་པར་སྤྱོད། །ལྷ་ཡི་དབང་ཆེན་མཁས་པ་སྟེ། །འདོད་པའི་འདོད་ཆགས་བཟློག་པ་ཡིན། །ཞེས་སོ། །ས་བཞི་པ་འོད་འཕྲོ་བ་བཤད་པ་ནི། རྟག་ཏུ་དགའ་བའི་འོད་ཀྱིས་གསལ། །འདུ་འཛི་རྣམ་པར་སྤངས་པ་ཡི། ཡེ་ཤེས་འོད་ཀྱིས་རབ་བསྐོར་བས། །ས་དེ་འོད་འཕྲོ་ཅན་དུ་འདོད། །ཞེས་གསུངས་པ་ནི། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱིས། བཟུང་བ་དང་འཛིན་པའི་སེམས་ཀྱི་རྣམ་གཡེང་གི་འདུ་འཛི་རིང་དུ་བྱས་པས་ཐ་དད་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་འོད་འཕྲོ་བའི་རྒྱུ་མཚན་ཅན་ནོ། །དེ་ཡང་། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་བསྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་བསྲེག་པས་འོད་འཕྲོ་ཅན། ཞེས་པ་དང་། བཞི་པ་འོད་འཕྲོ་ཅན་ཞེས་པ། ཡང་དག་ཡེ་ཤེས་འབྱུང་བའི་ཕྱིར། །བྱང་ཆུབ་ཕྱོགས་མཐུན་མ་ལུས་པ། །ཁྱད་པར་དུ་ནི་བསྒོམ་པའི་ལམ། །དེ་ཡི་རྣམ་པར་སྨིན་པ་ནི། །མཐའ་བྲལ་ལྷ་ཡི་བདག་པོར་འགྱུར། །འཇིག་ཚོགས་ལྟ་བར་རབ་འབྱུང་བ། །ཀུན་ནས་འཇོམས་བྱེད་མཁས་པ་ཡིན། །ཞེས་གསུངས་སོ། །ས་ལྔ་པ་སྦྱང་དཀའ་བ་ནི། རིགས་དང་སྒྱུ་རྩལ་བཟོ་གནས་དང་། །བསམ་གཏན་རྣམ་པ་སྣ་ཚོགས་ཉིད། །ཉོན་མོངས་ཤིན་ཏུ་སྦྱང་དཀའ་ལས། །རྣམ་པར་རྒྱལ་བས་སྦྱང་དཀའ་གསུངས། །ཞེས་གསུངས་ཏེ། སེམས་ཅན་རྣམས་སྨིན་པར་བྱ་བའི་ཐབས་བཟོའི་གནས་ལ་སོགས་པ་ཐམས་ཅད་ཀྱི་བྱ་བ་བྱེད་པ་དང་། ཞི་བའི་བསམ་གཏན་འགོག་པ་ལ་སོགས་པ་མི་མཐུན་པའི་དུས་གཅིག་ཆར་གྲུབ་པར་འགྱུར་བ་འདི་ཡང་སྦྱང་དཀའ་བ་ཡིན་ཀྱང་། གྲུབ་པའི་ཕྱིར་སྦྱང་དཀའ་བ་ཞེས་བྱའོ། །དེ་ལྟར་ཡང་། སེམས་ཅན་རྣམས་ཡོངས་སྨིན་བྱ་དང་། རང་གི་སེམས་ནི་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱངས་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །ཞེས་པ་དང་། ལྔ་པ་ཤིན་ཏུ་སྦྱང་དཀའ་བ། བདུད་ཀྱིས་ཤིན་ཏུ་ཐུབ་དཀའ་ཕྱིར། །འཕགས་པའི་བདེན་སོགས་ཕྲ་མོའི་དོན། །ཤེས་ལ་མཁས་པ་འབྱུང་བ་ཉིད། །དེ་ཡི་རྣམ་པར་སྨིན་པ་ནི། །དགའ་ལྡན་གནས་པའི་ལྷ་རྒྱལ་འགྱུར། །མུ་སྟེགས་བྱེད་པ་ཐམས་ཅད་ཀྱི། །ཉོན་མོངས་ལ་གནས་བཟློག་བྱེད་པའོ། །ཞེས་གསུངས་སོ། །ས་དྲུག་པ་མངོན་དུ་གྱུར་པ་ནི། བྱང་ཆུབ་རྣམ་པ་གསུམ་པོ་དང་། །ཕུན་གསུམ་ཚོགས་ཀུན་བསྡུ་བ་དང་། །སྐྱེ་དང་འཇིགས་པ་ཟབ་པ་ལས། །ས་དེ་མངོན་དུ་གྱུར་པར་འདོད། ཞེས་གསུངས་ཏེ། ཉན་རང་དང་བྱང་ཆུབ་སེམས་དཔའི་བྱང་ཆུབ་གསུམ་པོས་མཉམ་པ་ཉིད་དུ་ཤེས་རབ་ཀྱིས་རྟོགས་པས་སྲིད་དང་ཞི་བ་ཁྱད་མེད་དུ་མངོན་དུ་གྱུར་ནས། སྐྱེ་བ་དང་འགག་པ་རབ་ཏུ་ཟབ་པ་རྟོགས་པ་སྟེ། ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བརྗོད། །ཞེས་པ་དང་། དྲུག་པ་མངོན་ཕྱོགས་ཞེས་བྱ་སྟེ། སངས་རྒྱས་ཆོས་ལ་མངོན་ཕྱོགས་ཕྱིར། །ཞི་གནས་ལྷག་མཐོང་སྒོམ་པ་ཡིས། །འགོག་པ་ཐོབ་པར་རྒྱས་པའི་ཕྱིར། །དེ་ཡི་རྣམ་པར་སྨིན་པ་ནི། །ལྷ་ཡི་རྒྱལ་པོ་རབ་འཕྲུལ་འགྱུར། །ཉན་ཐོས་རྣམས་ཀྱིས་མི་འཕྲོག་པས། །ལྷག་པའི་ང་རྒྱལ་ཅན་ཞི་བྱེད། ཞེས་གསུངས་སོ། །ས་བདུན་པ་རིང་དུ་སོང་བ་ནི། འཁོར་ལོའི་བཀོད་པས་རྣམ་ཀུན་ཏུ། །འོད་ཀྱི་དྲ་བས་རྩེ་བ་དང་། །འཁོར་བའི་མཚོ་ཡི་འདམ་བརྒལ་བས། །དེ་ལ་རིང་དུ་སོང་ཞེས་བྱ། །ཞེས་གསུངས་པས། གང་གིས་འདི་ལ་སངས་རྒྱས་ཀྱི་གསང་བའི་གནས་ལ་ཞུགས་པའི་རྟགས་སུ་འཁོར་ལོའི་བཀོད་པ་སྟེ། སངས་རྒྱས་ཀྱི་དཀྱིལ་འཁོར་དང་འདྲ་བའི་འོད་ཀྱི་དྲ་བས་རྩེ་ཞིང་སྐད་ཅིག་ལ་འགོག་པ་ལ་ཡང་སྙོམས་པར་འཇུག་པས་མཉམ་པ་ཉིད་རྟོགས་ནས་རིང་དུ་སོང་བའི་ཕྱིར་ན་འདམ་ལས་བརྒལ་བ་ཡིན་ནོ། །དེ་ཡང་། བསྒྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །ཞེས་དང་། བདུན་པ་རིང་དུ་སོང་བ་དང་། །གྲངས་ནི་རིང་དུ་སོང་ལྡན་ཞིང་། །གང་ཕྱིར་སྐད་ཅིག་སྐད་ཅིག་ལ། །དེ་ནི་འགོག་པར་སྙོམས་པར་འཇུག །དེ་ཡི་རྣམ་པར་སྨིན་པ་ནི། །དབང་བསྒྱུར་ལྷ་ཡི་བདག་པོར་འགྱུར། །འཕགས་པའི་བདེན་རྟོགས་ཤེས་པ་ཡིས། །སློབ་དཔོན་ཁྱུ་མཆོག་ཆེན་པོར་འགྱུར། །ཞེས་བཤད་པ་ནི་ཐབས་མཁས་པའི་ཕ་རོལ་དུ་ཕྱིན་པའི་དོན་དུ་གསུངས་སོ། །ས་བརྒྱད་པ་མི་གཡོ་བ་བཤད་པ་ནི། །སངས་རྒྱས་ཀྱིས་ངེས་འདི་བཟུང་ཞིང་། །ཡེ་ཤེས་རྒྱ་མཚོར་ཞུགས་པ་དང་། །འབད་མེད་ལྷུན་གྱིས་གྲུབ་གྱུར་པས། །བདུད་ཀྱི་འཁོར་གྱིས་མི་གཡོ་བའོ། །ཞེས་གསུངས་ཏེ། གང་གི་ཚེ་ས་བརྒྱད་པ་ཐོབ་པ་ན་ཡིད་དང་འཛིན་པ་དང་རྣམ་པར་རྟོག་པ་གནས་པར་གྱུར་པའི་ཕྱིར། སངས་རྒྱས་ཀྱི་ངེས་པ་བཟུང་བ་ནི། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། འདི་ཐོབ་ནས་འདོད་ན་ཞག་བདུན་གྱིས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པ་སྟོན་པར་གསུངས་པས། འདིར་སངས་རྒྱས་ཀྱི་གསང་བ་ལ་ཞུགས་པའི་ཕྱིར། ཡེ་ཤེས་རྒྱ་མཚོར་གནས་པར་གྱུར་པ་སྟེ། ལྷུན་གྱིས་གྲུབ་པའི་འཕྲིན་ལས་ལ། བདུད་ཐམས་ཅད་ཀྱིས་མི་བསྒུལ་བ་སྨོན་ལམ་གྱི་ཕ་རོལ་དུ་ཕྱིན་པ་ཐོབ་པའོ། དེ་ཡང་། འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད་། །ཞེས་འདུ་ཤེས་གཉིས་ནི། ཤེས་བྱ་ལ་རྟོག་པའི་འདུ་ཤེས་དང་། དེ་བཞིན་ཉིད་ལ་རྟོག་པའི་འདུ་ཤེས་ཏེ། གཉིས་ཀ་དག་པའི་ཕྱིར་རོ། །དེ་བཞིན་བརྒྱད་པ་གཞོན་ནུའི་ས། མི་རྟག་སོགས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་དེ་བཞིན་ལུས་དང་ནི། །ངག་སེམས་སྤྱོད་ཡུལ་བསམ་མི་ཁྱབ། །དེ་ཡི་རྣམ་པར་སྨིན་པ་ནི། །སྟོང་གི་བདག་པོའི་ཚངས་པར་འགྱུར། །སེམས་ཅན་བསམ་པ་དྲིས་པ་ལས། དགྲ་བཅོམ་སོགས་ཀྱིས་འཕྲོག་པ་མེད། །ཞེས་ཀྱང་བཤད་དོ། །ས་དགུ་པ་ལེགས་པའི་བློ་གྲོས་བཤད་པ་ནི། སོ་སོ་ཡང་དག་རིག་ཀུན་ལ། །ཆོས་སྟོན་པའི་འབྲེལ་པའི་གཏམ། །རྣལ་འབྱོར་པ་དེ་མཐར་སོན་པས། །ས་དེ་ལེགས་པའི་བློ་གྲོས་འདོད། །ཞེས་གསུངས་ཏེ། ས་འདི་ལ་ཆོས་ཐམས་ཅད་ཀྱི་དབང་ཕྱུག་སོ་སོ་ཡང་དག་པར་རིག་པ་ཀུན་མཐར་སོན་པ་སྟོན་པ་ནི། འབད་པ་མེད་པ་སྟོན་པའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རང་བཞིན་མཉམ་པ་ཉིད་མཐར་ཕྱིན་པ་སྟེ། སྟོབས་ཀྱི་ཕ་རོལ་དུ་ཕྱིན་པ་ཡིན་ནོ། །དེ་ཡང་། སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་འདོད། །ཞེས་བྱ་བ་དང་། ས་དགུ་པ་ནི་ལེགས་པ་ཡི། །བློ་གྲོས་ཞེས་བྱ་རྒྱལ་ཚབ་བཞིན། །གང་ཕྱིར་སོ་སོ་ཡང་དག་རིག །ཐོབ་པ་འདི་ལ་བློ་གྲོས་བཟང་། །དེ་ཡི་རྣམ་པར་སྨིན་པས་ན། །སྟོང་གཉིས་བདག་པོའི་ཚངས་པར་འགྱུར། །ཞེས་འབྱུང་ངོ་། །ས་བཅུ་པ་ཆོས་ཀྱི་སྤྲིན་བཤད་པ་ནི། ཡེ་ཤེས་རང་བཞིན་འདི་ཡི་སྐུ། །དྲི་མེད་ནམ་མཁའ་དང་མཉམ་པ། །སངས་རྒྱས་རྣམས་ཀྱི་འཛིན་པ་ལས། །ཆོས་ཀྱི་སྤྲིན་གྱིས་ཀུན་ཏུ་འབྱུང་། །ཞེས་འབྱུང་ངོ་། །འདི་ནི་ཡེ་ཤེས་མཐར་སོན་པའི་སངས་རྒྱས་ཐམས་ཅད། སྐུ་མཉམ་པའི་འཕྲིན་ལས་མཛད་པ་བཅུ་གཉིས་རྒྱུན་ཆད་མེད་པ་སློབ་མ་དུལ་བའི་ཚོགས་མཐའ་ཡས་པ་མངའ་བར་འགྱུར་བ་སྟེ། ཇི་ལྟ་བ་དང་ཇི་སྙེད་པ་ནམ་མཁའ་དང་མཉམ་པར་གྱུར་པའོ། །དེའི་ཕྱིར་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱའོ། །དེའང་སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ནི་ཆོས་ཀྱི་སྤྲིན། །ཞེས་པ་དང་། །བཅུ་པ་ཆོས་ཀྱི་སྤྲིན་ཡིན་ཏེ། དམ་པའི་ཆོས་ཀྱི་ཆར་འབེབས་ཕྱིར། །བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི། །འོད་ཟེར་དབང་གིས་དབང་བསྐུར་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ནི། །གནས་གཙང་ལྷ་ཡི་བདག་པོར་འགྱུར། །བསམ་ཡས་ཡེ་ཤེས་ཡུལ་གྱི་བདག །དབང་ཕྱུག་ཆེན་པོ་མཆོག་ཡིན་ནོ། །ཞེས་གསུངས་ཏེ། ལུང་སྔ་མ་རྣམས་ནི་མདོ་སྡེ་རྒྱན་ལས་གསུངས་ཤིང་། ཕྱི་མ་རྣམས་ནི་རིན་ཆེན་པོའི་ཕྲེང་བ་ལས་བྱུང་བ་ཡིན་ནོ། །ས་བཅུ་པ་འདི་ཡང་རང་གི་ངོ་བོ་བསྡུས་ཏེ་བསྟན་པ་འདི་རྣམས་ལ་སྒྲིབ་པར་བྱེད་པ་ནི། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་ལ་སོགས་པ་རྣམ་པ་བཅུ་ལ། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གང་ཡིན་པ་ནི། བྱང་ཆུབ་སེམས་དཔའི་ས་བཅུ་ལ་གོ་རིམ་བཞིན་དུ་བསྒྲིབ་ཏེ། དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཕྱིར་རོ། །དེའང་། ཀུན་ཏུ་འགྲོ་དོན་མཆོག་གི་དོན། རྒྱུ་མཐུན་དོན་གྱི་མཆོག་ཉིད་དང་། །ཡོངས་སུ་འཛིན་པ་མེད་དོན་དང་། །རྒྱུ་རྣམས་ཐ་དད་མེད་པ་དང་། ཉོན་མོངས་རྣམ་དག་མིན་དོན་དང་། །ཐ་དད་མེད་པའི་དོན་ཉིད་དང་། །འབྲི་མེད་འཕེལ་བ་མེད་དོན་དང་། །དབང་ནི་རྣམ་པ་བཞི་ཡི་གནས། །ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། ས་བཅུའི་མི་མཐུན་ཕྱོགས་རྣམས་བཅུ། །གཉེན་པོ་དག་ནི་ས་ཡིན་ནོ། །ཞེས་དབུས་མཐའ་ལས་གསུངས་པ་ནི་ཤེས་བྱའི་སྒྲིབ་པ་སྟེ། འདི་སྤྱོད་པ་ལ་ཡོངས་སུ་སྦྱོར་བ་རྣམས་ནི་ཕ་རོལ་དུ་ཕྱིན་པར་རྒྱ་ཆེར་བསྟན་ཏོ། མདོར་བསྡུས་ན་འདོད་པའི་ཁམས་བསྒྲུབ་པར་བྱེད་པའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཀུན་ནས་ལྡང་བ་དྲག་པོ་ནི། མི་སྡུག་པ་ལ་སོགས་པའི་གཉེན་པོས་སྤང་བར་བྱ་བ་ཡིན་ནོ། །དུག་གསུམ་བག་ལ་ཉལ་གཟུགས་དང་གཟུགས་མེད་པ་བསྒྲུབ་པ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་སྤང་བར་བྱའོ། །ཉན་རང་གི་རྒྱུད་ལ་ཡོད་པའི་མ་རིག་པའི་བག་ཆགས་ཀྱི་ས་དང་། མཐོང་བས་སྤང་བ་དང་། བསྒོམ་པས་སྤང་བ་དང་། མ་དག་པའི་ས་བདུན་དང་། དག་པའི་ས་གསུམ་གྱི་སྤང་བྱ། ཉོན་མོངས་པ་དང་། ཤེས་བྱ་དང་། སྙོམས་འཇུག་གི་སྒྲིབ་པར་བསྡུས་ནས་ཀྱང་གསུངས་ཏེ། སྤང་བྱ་དང་། གཉེན་པོ་དང་། དེ་བཞིན་ཉིད་དང་། འབྲས་བུའི་མཚན་མ་བཞིའི་རིམ་པས་གཉེན་པོར་བསྟན་ཏོ། །དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི། ཆོས་ཀྱི་སྐུ་རྒྱས་པའི་ཐ་སྙད་དེ་དང་སྒྱུ་མ་ལྟ་བུའི་ཡེ་ཤེས་ནི་གཟུགས་སྐུ་རྒྱས་པའི་ཐ་སྙད་དུ་གསུངས་ཏེ། རང་གི་ངོ་བོས་རྟེན་ཅིང་འབྲེལ་པར་འབྱུང་བ་དབྱེར་མེད་དུ་བརྗོད་དོ། །གཟུགས་ཀྱི་སྐུ་རྣམས་ལ་རྒྱལ་པོ་རྣམས་ཀྱི་ལུས་དང་མཚུངས་པར་བསྟན་པ་ཡང་། གཟུགས་ཀྱི་ཁྱད་པར་ཁམས་གསུམ་དུ་སྣང་བའི་ཆ་ལ་དགོངས་ནས་བསྟན་པར་རྟོགས་ཏེ། སྟོབས་ལྔ་ནི་དེ་ལྟར་མ་ཡིན་ནོ། །དེ་ཡང་ཚན་པོ་ཆེ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་ཞུས་པ་དང་། འཕགས་པ་རྡོ་འཕངས་ལས་ཀྱང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ཀྱི་ཤེས་རབ་དང་། ཡེ་ཤེས་དང་། བསྒོམ་པའི་ཏིང་ངེ་འཛིན་དང་། ཚོགས་བསགས་པའི་བསོད་ནམས་དང་། ལུས་དག་པའི་སྟོབས་ཏེ་བཞི་གསུངས་པ་ལས། ལུས་ཀྱི་སྟོབས་ཀྱང་། གླང་ཕལ་པ་དང་། སྐྱེ་བོ་དང་། དཀར་པོ་དང་། པད་མ་དང་། ཀུ་མུ་ཏ་དང་། བལ་གླང་དང་། སྤོས་གླང་དང་། རི་འབིགས་བྱེད་ཀྱི་གླང་དང་། མཚོན་ཆའི་སྡེར་མོ་ཅན་དང་། སེང་གེ་ཕལ་པ་དང་། ཆེན་པོ་དང་། ས་བླའི་ལྷའི་བུ་དང་། ཕྲེང་ཐོགས་དང་། གཞོང་ཐོགས་དང་། རྟག་མྱོས་དང་། པི་ཝང་ཅན་དང་། ལུས་ངན་དང་། སུམ་ཅུ་རྩ་གསུམ་དང་། དེ་རྣམས་བཅུ་འགྱུར་དང་། བདུན་འགྱུར་དང་། དེ་ཐམས་ཅད་བརྒྱ་བྱིན་གཅིག་དང་། ཡང་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་བདུན་འགྱུར་དང་། དེ་ཐམས་ཅད་བདུད་ཀྱི་ལྷ་གཅིག་དང་མཉམ་པ་དང་། དེ་ཐམས་ཅད་སྲེད་མེད་ཀྱི་བུ་ཕྱེད་པ་གཅིག་དང་། དེ་གཉིས་ལ་བུ་ཆེན་པོ་གཅིག་དང་། དེ་བཅུ་དགྲ་བཅོམ་པ་སྲིད་པ་ཐ་མ་པ་དང་། དེ་བརྒྱ་སྟོང་གིས་རང་སངས་རྒྱས་བསེ་རུ་ལྟ་བུ་གཅིག་དང་། བྱང་ཆུབ་སེམས་དཔའ་མཐོང་ལམ་ཐོབ་ནས་བསྐལ་པ་བརྒྱ་ལོན་པ་གཅིག་ལ། རང་སངས་རྒྱས་བཅུའི་སྟོབ་དང་། དེ་བཞིན་དུ་བསྐལ་པ་སྟོང་དང་། ཁྲི་དང་། འབུམ་དང་། ས་ཡ་དང་། བྱེ་བ་དང་། བྱེ་བ་བརྒྱ་དང་། སྟོང་དང་། ཁྲི་དང་། འབུམ་དང་། གྲངས་མེད་པ་དང་། ས་བརྒྱད་པ་དང་། དགུ་པ་དང་། བཅུ་པ་དང་། སྲིད་པ་ཐ་མ་དང་བཅས་པའི་འགྱུར་དཔག་ཏུ་མེད་པ་གསུངས་སོ། །དེ་བཞིན་བསོད་ནམས་ཀྱང་། འཇིག་རྟེན་མ་ལུས་ཀུན་བསོད་ནམས། །འཇིག་རྟེན་གཞན་དུ་དཔག་མེད་གང་། །དེ་བཅུར་བསྒྲེས་པར་གྱུར་པ་ཡིས། །བ་སྤུའི་བུ་ག་གཅིག་འགྲུབ་སྟེ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ཏེ། །འདིར་ཡི་གེས་འཇིགས་པའི་ཕྱིར་མ་བཤད་དོ། །ས་བཅུ་བསྟན་པའི་མདོ་ལ་སོགས་པའི་རྣམས་སུ་བལྟ་བར་བྱའོ། །བཞི་པ་དྲི་མ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུ་ལ་བསྟོད་པ་ལ་བཞི་སྟེ། གནས་གྱུར་པའི་ཆོས་སྐུ་རང་གི་ངོ་བོ་དང་། བསམ་གྱིས་མི་ཁྱབ་པ་དང་། རྟོགས་པའི་ཡོན་ཏན་དང་། འཕྲིན་ལས་བཤད་པའོ། །དང་པོ་ནི། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་གནས། །སྤྱོད་པའི་འབྲས་བུ་ཡོངས་འཛིན་པ། །གནས་ནི་ཡོངས་སུ་གྱུར་པ་དེ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུང་སྟེ། གང་གི་ཚེ་ས་བཅུ་པོ་མཐར་ཕྱིན་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཀུན་གཞིའི་རྣམ་པར་ཤེས་པ་མ་རིག་པའི་བག་ཆགས་ཀྱིས་བཅོམ་པར་གྱུར་པ་ན། འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་ཅིང་སངས་རྒྱས་འགྱུར་ཏེ། དེ་ཡང་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་མཐར་ཐུག་པའི་གནས་སྐབས་པ་དུ་མར་སྤྱད་པ་སྤྱོད་པ་དཔག་ཏུ་མེད་པས། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་སྨིག་སྒྱུ་དང་འདྲ་བ་སྦྱངས་ནས། རང་བཞིན་གྱིས་འོད་གསལ་བའི་ཡོངས་སུ་གྲུབ་པའི་ངོ་བོ་ཡོངས་སུ་འཛིན་པ་དེ་ནི་གནས་ཡོངས་སུ་གྱུར་པ་ཞེས་གསུངས་པ་ནི། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ནོ། །དོན་འདི་རྒྱས་པར་ཐེག་བསྡུས་ལས་གསུང་པ་སྟེ། །ཇི་ལྟར་ཆོས་ཀྱི་སྐུ་འདི་འཐོབ་ཅེ་ན། །ཐེག་པ་ཆེན་པོའི་ཆོས་འདྲེས་པ་ལ་དམིགས་པ་རྣམ་པར་མི་རྟོག་པ་དང་། དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་རྣམ་ལྔ་ལེགས་པར་བསྒོམ་པས་ཐམས་ཅད་དུ་ཚོགས་ལེགས་པར་བསགས་པ་དང་། སྒྲིབ་པ་སྲབ་མོ་བཤིག་པར་དཀའ་བ་བཤིག་པའི་ཕྱིར། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེའི་འཇུག་ཐོགས་སུ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིར། དེའི་གནས་གྱུར་པས་ཐོབ་བོ། །ཡང་དབང་འབྱོར་པའི་དུས། ཆོས་ཀྱི་སྐུའི་དབང་འབྱོར་ཐོབ་ཅེ་ན། མདོར་བསྡུས་ན་རྣམ་པ་ལྔས་ཐོབ་སྟེ། གཟུགས་ཀྱི་ཕུང་པོར་གྱུར་པའི་ཕྱིར། །ཞིང་དང་། ལུས་དང་། མཚན་དང་། དཔེ་བྱད་བཟང་པོ་དང་། དབྱངས་མཐའ་ཡས་པ་དང་། སྤྱི་གཙུག་ལྟར་མིང་མངོན་པ་ལ་དབང་འབྱོར་པ་དང་། ཚོར་བའི་ཕུང་པོ་གནས་གྱུར་པའི་ཕྱིར། ཁ་ན་མ་ཐོ་བ་མེད་པ་རྒྱ་ཆེ་བའི་བདེ་བར་གནས་པ་ལ་དབང་འབྱོར་པ་དང་། འདུ་ཤེས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་ཐམས་ཅད་ལ་དབང་འབྱོར་པ་དང་། འདུ་བྱེད་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར་སྤྲུལ་པ་དང་། བསྒྱུར་བ་དང་། འཁོར་བསྡུ་བ་དང་། དཀར་པོའི་ཆོས་བསྡུ་བ་ལ་དབང་འབྱོར་པ་དང་། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པའི་ཕྱིར། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོགས་པ་དང་། བྱ་བ་གྲུབ་པ་ལ་དབང་འབྱོར་པས་ཐོབ་བོ། །ཆོས་ཀྱི་སྐུ་ནི་གནས་པ་དུ་མ་ཞིག་གིས་གནས་པར་རིག་པར་བྱ། ཞེ་ན། མདོར་བསྡུས་ན་གསུམ་གྱིས་གནས་ཏེ། སངས་རྒྱས་ཀྱི་གནས་པ་སྣ་ཚོགས་ཀྱི་གནས་ནི། འདིར་ཚིགས་སུ་བཅད་པ། གང་ཕྱིར་སངས་རྒྱས་རང་གི་དབྱིངས་རྙེད་ནས། །རྣམ་པ་ལྔ་ཡི་བདག་ཉིད་དགྱེས་རྙེད་ལ། །དེ་མ་ཐོབ་པས་དགའ་དང་བྲལ་གྱུར་པ། །དེ་ཕྱིར་དེ་འདོད་པས་ནི་དེ་ཐོབ་བྱོས། །མཐུ་དང་བྱ་བ་གྲུབ་དང་ཆོས་རོ་དང་། །དོན་དང་ཡོན་ཏན་འབྱོར་པ་དཔག་མེད་དང་། །རྟག་ཏུ་མི་བཟད་གཟིགས་པ་སངས་རྒྱས་རྣམས། །དགྱེས་མཆོག་ཁ་ན་མ་ཐོ་མེད་པས་བརྙེས། ལོངས་སྤྱོད་རྫོགས་པའི་སྐུ་སྣ་ཚོགས་ཀྱིས་གནས་པ་ནི། བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་རོ། །སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་གནས་པ་ནི་ཕལ་ཆེར་ཉན་ཐོས་རྣམས་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་རོ། སངས་རྒྱས་ཀྱི་ཆོས་དུ་ཞིག་གིས་ཆོས་ཀྱི་སྐུ་བསྡུས་པར་རིག་པར་བྱ་ཞེ་ན། མདོར་བསྡུས་ན་རྣམ་པ་དྲུག་གིས་བསྡུས་ཏེ། སངས་རྒྱས་ཆོས་ཀྱི་རྣམ་པར་དག་པས་ནི། ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་ནས། །ཆོས་ཀྱི་སྐུ་ཐོབ་པའི་ཕྱིར་རོ། །རྣམ་པར་སྨིན་པས་ནི། །དབང་པོ་གཟུགས་ཅན་གནས་གྱུར་ནས། རྣམ་པར་སྨིན་པའི་ཡེ་ཤེས་ཐོབ་པའི་ཕྱིར་རོ། །གནས་པས་ནི་འདོད་པ་ལ་སྤྱོད་པ་ལ་སོགས་པ་གནས་གྱུར་ནས། ཡེ་ཤེས་ཚད་མེད་པས་གནས་པ་ཐོབ་པའི་ཕྱིར་རོ། །དབང་འབྱོར་པས་ནི་ཡོངས་སུ་འཛིན་པའི་ལས་སྣ་ཚོགས་གནས་འགྱུར་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མེད་པའི་མངོན་པར་ཤེས་པའི་ཡེ་ཤེས་ལ་དབང་འབྱོར་པ་ཐོབ་པའི་ཕྱིར་རོ། །ཐ་སྙད་པས་ནི་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་ཐ་སྙད་བརྗོད་པར་གྱུར་ནས། སེམས་ཅན་ཐམས་ཅད་ཀྱི་སེམས་ཚིམ་པར་བྱེད་པའི་བསྟན་པ་མཁྱེན་པ་ལ་དབང་འབྱོར་པ་ཐོབ་པའི་ཕྱིར་རོ། །སེལ་བས་ནི་གནོད་པ་དང་། ཉེས་པ་ཐམས་ཅད་སེལ་བར་གྱུར་ནས། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་སེལ་བ་མཁྱེན་པའི་ཡེ་ཤེས་བརྙེས་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ཆོས་འདི་དྲུག་གིས་ཆོས་ཀྱི་སྐུ་བསྡུས་པར་རིག་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་བསམ་གྱིས་མི་ཁྱབ་པ་ནི། ཚིགས་སུ་བཅད་པ་གཉིས་ལས། བག་ཆགས་ལས་གྲོལ་བསམ་མི་ཁྱབ། །ཅེས་བྱ་བ་ནི། འཁོར་བའི་རྩ་བ་བག་ཆགས་ཡིན་པས། །དེ་ལས་གྲོལ་བ་ནི་བསམ་པར་བྱ་བ་གྲོལ་བའི་ཕྱིར། བསམ་གྱིས་མི་ཁྱབ་པ་ཞེས་བསྟན་ནས། རྒྱས་པར་བཤད་པའི་ཕྱིར། འཁོར་བའི་བག་ཆགས་བསམ་དུ་ཡོད། །ཁྱོད་ནི་ཀུན་ཏུ་བསམ་མི་ཁྱབ། །གང་གི་ཁྱོད་ནི་ཤེས་པར་ནུས། །ངག་གི་སྤྱོད་ཡུལ་ཀུན་ལས་འདས། །དབང་པོ་ཀུན་གྱི་སྤྱོད་ཡུལ་མིན། །ཞེས་གསུངས་སོ། །འཁོར་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། དེའི་བག་ཆགས་ནི་བསམ་པས་གཞལ་ན། རྒྱུ་དང་རྐྱེན་གྱི་མཚན་ཉིད་ཅན་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། འདི་ནི། སོ་སོའི་སྐྱེ་བོ་བློ་དང་ལྡན་པས་ཀྱང་། །བརྟག་ཅིང་བསམ་དུ་ཡོད་མོད་ཀྱིས། །སངས་རྒྱས་ཡེ་ཤེས་ཁྱོད་ནི་ཀུན་ཏུ་སྟེ། །ཐོག་མར་དྲི་བཅས། བར་དུ་དྲི་མ་སེལ་བཞིན་པ་དང་། མཐར་དྲི་མ་བྲལ་ཡང་། འདུས་མ་བྱས་པ་གསར་དུ་སྐྱེ་བ་མ་ཡིན་པ། འདུ་བྱེད་པ་མ་ཡིན་པ། དྲི་མས་གཏན་མ་ཡིན་པ། ནུས་པ་དང་ཐུགས་རྗེ་མཐའ་མེད་པ་འདི་ནི་བསམ་གྱིས་མི་ཁྱབ་བོ། །དེས་ན་གང་གིས་ཁྱོད་ནི་ཤེས་པར་ནུས་ཏེ། ཤེས་བྱ་དང་ཤེས་བྱེད་མཉམ་པར་འདྲེས་པའི་ཕྱིར་རོ། །ཤེས་བྱ་དང་ཤེས་བྱེད་ཐ་དད་པ་མེད་ན་མིང་དང་། ཚིག་དང་། ཡེ་ཤེས་མི་འབྱུང་བའི་ཕྱིར་ངག་གི་སྤྱོད་ཡུལ་ལས་འདས་པ་ཡིན་ནོ། །གང་སེམས་དང་། གང་གི་སྤྱོད་ཡུལ་མ་ཡིན་པ་ནི། ལུས་ཀྱི་ཆ་མ་ཡིན་པས། མིག་ལ་སོགས་པའི་དབང་པོ་དང་། ཡིད་ཀྱི་དབང་པོའི་བར་གྱི་སྤྱོད་ཡུལ་མ་ཡིན་ཏེ། སྟོང་པའི་ཕྱིར་རོ། །འདི་ལྟར་རྒྱུད་བླ་མར་ཡང་། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཕྱིར། །དོན་དམ་ཕྱིར་ནི་བསམ་པའི་མིན། །ཆོས་ཉིད་ཟབ་མོ་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང་། །ཞེས་འབྱུང་བ་ཡིན་ནོ། དེ་ལྟར་ན་གཏན་ནས་རྟོགས་བྱ་མ་ཡིན་ནམ་ཞེ་ན། ཡིད་ཀྱི་ཤེས་པས་རྟོགས་བྱ་བ། །ཞེས་གསུངས་པ་ནི། ཡིད་ཀྱི་དྲི་མ་དག་ཅིང་དྲི་མ་མེད་པའི་ཡིད་དུ་གྱུར་པས་སོ་སོ་རང་གིས་རིག་ཅིང་རྟོགས་པར་བྱ་བ་སྟེ། སྔར་ཇི་སྐད་དུ་བསྟན་པ་བཞིན་ནོ། །དེས་ན་བརྗོད་དུ་མེད་པ་ལ་གང་གིས་ཀྱང་བརྗོད་པ་དང་བསམ་དུ་མེད་པ་ལ་བསམ་པ་ཐམས་ཅད་མཁྱེན་པ་དང་། བྱེད་པ་མེད་པ་ལ་འཁོར་འདས་ཐམས་ཅད་བྱེད་པ་སྟེ། གང་ཡང་རུང་ལ་ཕྱག་འཚལ་བསྟོད། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ། བཙས་པའི་ཁྱིམ་གནས་བུ་ཆུང་གི །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་། ཞེས་བྱ་བ་དང་། དཔལ་ས་ར་ཧ་པས་ཀྱང་། ཡིད་ཀྱི་དྲི་མ་དག་ན་ལྷན་ཅིག་སྐྱེས་པ་སྟེ། །དེ་ཚེ་མི་མཐུན་ཕྱོགས་ཀྱིས་འཇུག་པ་མེད། །ཅེས་གསུངས་སོ། །དེ་ལྟར་རྟོགས་པ་མཐར་ཐུག་པའི་ཡོན་ཏན་བཤད་པ་ནི་བཞི་ལས། སེམས་དག་པའི་ཚུལ་དང་། ཡེ་ཤེས་ཀྱི་ལུས་རྫོགས་པ་དང་། དག་པའི་ཡོན་ཏན་དང་། ཐོབ་པའི་ཡོན་ཏན་ནོ། །དང་པོ་ནི། རིམ་གྱིས་འཇུག་པའི་ལུས་ཉིད་ཀྱི། །སངས་རྒྱས་སྲས་པོ་གྲགས་ཆེན་རྣམས། །ཆོས་ཀྱི་སྤྲིན་གྱི་ཡེ་ཤེས་ཀྱི། །ཆོས་ཉིད་སྟོང་པ་མཐོང་གྱུར་ན། །གང་ཚེ་སེམས་ནི་རབ་བཀྲུས་པ། །འཁོར་བའི་གཟེབ་ལས་འདས་གྱུར་ནས། །ཞེས་གསུངས་པ་ནི། བྱང་ཆུབ་སེམས་དཔའ་ས་བཅུ་པོ་ལ་ལེགས་པར་རིམ་གྱིས་ཞུགས་ཤིང་ཐོབ་པས་དབང་བསྐུར་བའི་སངས་རྒྱས་ཀྱི་ས་ཐོབ་པ་དེའི་ཚེ། ནམ་མཁའི་མཐའ་ཀླས་པ་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པ་ན། གྲགས་པ་ཆེན་པོ་སྟེ། དེ་ཡང་ཆོས་དཀར་པོའི་འཕྲིན་ལས་ནམ་མཁའ་དང་མཉམ་པའི་ཐུགས་རྗེའི་སྤྲིན་ལས། བྱང་ཆུབ་ཆེན་པོ་ལ་སོགས་པའི་འཕྲིན་ལས་ཀྱི་ཆར་འབད་པ་མེད་པར་འབྱུང་བར་གྱུར་ཅིང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སྤང་བྱ་དང་། གཉེན་པོ་དང་། དེ་བཞིན་ཉིད་དང་། འབྲས་བུ་རྟོགས་པའི་མཚན་མ་སྟེ། བཞི་པོས་སྟོང་པར་གྱུར་མ་ཐག་ཏུ། གང་གི་ཚེ་མ་རིག་པའི་བག་ཆགས་ཀྱི་སའི་རྟེན་གྱི་སེམས་ཀུན་གཞིའི་རྣམ་པར་ཤེས་པ་དག་ཅིང་གྲུབ་པ་སྟེ། འགག་པས་སྤང་བྱ་ཐམས་ཅད་དང་བྲལ་བར་གྱུར་ཏེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞི་བ་ཞེས་བྱའོ། །དེ་ལྟར་སེམས་འགག་པས་ཡེ་ཤེས་ཀྱི་ལུས་རྫོགས་པའི་ཚུལ་ནི། པདྨ་ཆེན་པོའི་རང་བཞིན་གྱིས། བསྟན་ལ་དེ་ནི་རབ་གནས་འགྱུར། །འདབ་མའི་རིན་ཆེན་དུ་མའི་འོད། །འདོད་པར་བྱེད་པའི་ཟེའུ་འབྲུ་ཅན། །པདྨ་བྱེ་བ་དུ་མ་ཡིས། རྣམ་པ་ཀུན་ཏུ་ཡོངས་སུ་བསྐོར། ཞེས་གསུངས་ཏེ། གང་ཚེ་སེམས་འགག་པས་འཁོར་བའི་གཟེབ་ལས་གྲོལ་བར་གྱུར་པ་དེ་ནས་ཡེ་ཤེས་སྐུ་དེ་བཞུགས་པའི་གདན་ཡང་འདི་ལྟ་སྟེ། སངས་རྒྱས་ཀྱི་སྨོན་ལམ་ཚད་མེད་པ་ལས་གྲུབ་པ། བྱང་ཆུབ་ཀྱི་སྙིང་པོའི་ནོར་བུ་དྲི་མ་མེད་པའི་སྙིང་པོ་ཅན། དབང་གི་རྒྱལ་པོ་དང་། བསམ་འཕེལ་དང་། བརྒྱ་བྱིན་ཐོགས་དང་། བཻ་ཌཱུརྻ་དང་། ཐོན་ཁ་ཆེན་པོ་དང་། པདྨ་ར་ག་དང་། སྐར་མདོག་དང་། ཆུ་དང་། ས་དང་། སྤུག་དང་། རྡོའི་སྙིང་པོ་དང་། འཛམ་བུའི་ཆུ་བོའི་གསེར་ལྟ་བུ་ལ་སོགས་པ་ཚད་མེད་པ་བསམ་གྱིས་མི་ཁྱབ་པ། འཇིག་རྟེན་ཐམས་ཅད་ལས་འདས་པ། ནམ་མཁའི་མཐས་གཏུག་པ་རྒྱས་པར་འགེངས་པའི་འོད་ཅན། རྒྱན་ཐམས་ཅད་ཀྱིས་སྤྲས་པ། མདོར་བསྡུས་ན་དེའི་བསྔགས་པ་དང་བཀོད་པ་ནི་ཁ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་བརྗོད་ཀྱང་མཐའ་ཐུག་པར་མི་འགྱུར་བ་དེ་ལྟ་བུའི་པདྨ་བྱེ་བ་དུ་མ་ཡིས། རྣམ་པ་ཀུན་ཏུ་ཡོངས་སུ་བསྐོར་བ་ལ་ཞུགས་པར་འགྱུར་ཏེ། རྒྱས་པར་ནི་ཕལ་པོ་ཆེ་ལས་གསུངས་པ་ལྟ་བུ་ཡིན་ནོ། །དེའི་སྐུའི་བཀོད་པ་ནི། རྒྱལ་བའི་སྲས་ཀུན་ཏུ་བཟང་པོས་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཟིགས་པའི་བཀོད་པ་ལྟ་བུ་སྟེ། འདིར་བརྗོད་ཀྱིས་མི་ལང་ངོ་། །ད་ནི་དེ་ལྟ་བུའི་དག་པའི་ཡོན་ཏན་བསྟན་པ་ནི། སྟོབས་བཅུ་པོ་ཡིས་ཡོངས་སུ་གང་། །མི་འཇིགས་པ་ཡིས་ཡང་དག་ངོམས། །བསམ་མི་ཁྱབ་པའི་སངས་རྒྱས་ཆོས། །སྤྲོས་མེད་རྣམས་ལ་ཉམས་མི་མངའ། །ཞེས་གསུངས་ཏེ། འདི་ནི་ཆོས་ཀྱི་སྐུའི་ཡོན་ཏན་སུམ་ཅུ་རྩ་གཉིས་ཏེ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་བསྟན་ཏེ། འདི་རྣམས་འཕགས་པ་ཆེན་པོ་བྱམས་པས་རྒྱུད་བླ་མར་བསྡུས་པའི་ཚུལ་འདིར་བརྗོད་པ། གནས་དང་གནས་མིན་ལས་རྣམས་ཀྱི། །རྣམ་སྨིན་དང་ནི་དབང་པོ་དང་། །ཁམས་རྣམས་དང་ནི་མོས་པ་དང་། །ཀུན་འགྲོའི་ལམ་ནི་བསམ་གཏན་སོགས། །ཉོན་མོངས་དྲི་མ་མེད་པ་དང་། །གནས་ནི་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཞི་བ་ནི། །མཁྱེན་པའི་སྟོབས་ནི་རྣམ་པ་བཅུ། །ཞེས་སྟོབས་བཅུའོ། ཆོས་ཀུན་རྫོགས་པར་བྱང་ཆུབ་དང་། །གེགས་ནི་འགོག་པར་མཛད་པ་དང་། །ལམ་སྟོན་པ་དང་འགོག་སྟོན་ལ། །མི་འཇིགས་པ་ནི་རྣམ་པ་བཞི། །ཞེས་བྱ་བ་ནི་མི་འཇིགས་པ་སྟེ། ལྷ་དང་། བདུད་དང་། དགེ་སྦྱོང་དང་། བྲམ་ཟེ་གཞན་གྱི་འདི་མ་ཡིན་ཞེས་བརྒལ་དུ་མེད་པའི་ཕྱིར་མི་འཇིགས་པའོ། །འཁྲུལ་དང་ཅ་ཅོ་མི་མངའ་དང་། །སྟོན་པའི་དྲན་པ་ཉམས་མི་མངའ། །མཉམ་པར་མ་བཞག་ཐུགས་མི་མངའ། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ། །མ་བརྟགས་བཏང་སྙོམས་མི་མངའ་སྟེ། །འདུན་པ་བརྩོན་འགྲུས་དྲན་པ་དང་། །ཤེས་རབ་ཏིང་འཛིན་རྣམ་གྲོལ་གྱི། །ཡེ་ཤེས་གཟིགས་པ་ཉམས་མི་མངའ། །ལས་རྣམས་ཡེ་ཤེས་སྔོན་འགྲོ་དང་། །དུས་ལ་ཡེ་ཤེས་སྒྲིབ་པ་མེད། །དེ་ལྟར་བཅོ་བརྒྱད་འདི་དང་གཞན། །སྟོན་པའི་མ་འདྲེས་ཡོན་ཏན་ཡིན། །ཞེས་པ་ནི་གཞན་དང་རྡུལ་ཕྲ་རབ་ཙམ་ཡང་འདྲེས་པ་མེད་པའི་མཆོག་ཏུ་བརྗོད་པ་ཡིན་ནོ། །འདི་རྣམས་རྒྱས་པར་ནི། སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོ་བསྟན་པའི་མདོར་གསུངས་པས་ལྟ་བར་བྱའོ། །ཐོབ་པའི་ཡོན་ཏན་ནི། ལེགས་པར་སྤྱད་པའི་ལས་ཀུན་གྱིས། །བསོད་ནམས་ཡེ་ཤེས་རབ་རྫོགས་པའི། །ཟླ་བ་ཉ་ལ་སྐར་མ་ཡིས། །འཁོར་དུ་རྣམ་པ་ཀུན་གྱིས་བསྐོར། །ཞེས་པ་གསུངས་ཏེ། ལེགས་པར་སྤྱད་པ་ནི་རྣམ་པར་དཀར་བའི་ལས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རབ་ཏུ་བསགས་པའི་ཕྱིར་སྣང་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཏེ། རྣམས་གྲངས་ནི་སྔར་བསྟན་ཟིན་པ་རྣམས་ཡིན་ལ། འདིར་སློབ་དཔོན་ཉིད་ཀྱི་རྒྱུ་དང་སྦྱར་ཏེ། རིན་པོ་ཆེའི་ཕྲེང་བར་གསུངས་པ་ནི། མཆོད་རྟེན་མཆོད་བྱས་འཕགས་པ་དང་། །རྒན་རབ་རྣམས་ནི་ལེགས་བཀུར་བས། །དཔལ་ལྡན་ཕྱག་ཞབས་འཁོར་ལོ་ཡིས། །མཚན་པའི་འཁོར་ལོས་བསྒྱུར་བར་འགྱུར། །རྒྱལ་པོ་ཆོས་ལ་རྟག་པར་ནི། །ཡང་དག་བླངས་པ་བརྟན་པར་མཛོད། །དེས་ནི་ཤིན་ཏུ་ཞབས་གནས་པས། །བྱང་ཆུབ་སེམས་དཔའ་འགྱུར་བ་ལགས། །སྦྱིན་དང་སྙན་པའི་ཚིག་དང་ནི། །ཕན་དང་དོན་གཅིག་སྤྱོད་པ་ཡིས། །དཔལ་ལྡན་ཕྱག་སོར་དྲ་བ་ཡིས། །འབྲེལ་པའི་ཕྱག་རིང་ཅན་དུ་འགྱུར། །བཟའ་བ་དང་ནི་བཏུང་བའི་མཆོག །རབ་ཏུ་མང་པོ་བྱིན་པ་ཡིས། །དཔལ་ལྡན་ཕྱག་དང་ཞབས་མཉེན་ཅིང་། །སྐུ་ཆེ་བདུན་ཡང་མཐོ་བར་འགྱུར། །འཚེ་མེད་བསད་པ་ཐར་བྱས་པས། །སྐུ་མཛེས་དྲང་ཞིང་ཆེ་བ་དང་། །ཚེམ་རིང་སོར་མོ་རིང་བ་དང་། །རྟིང་པ་ཡངས་པ་དག་ཏུ་འགྱུར། །ཡང་དག་བླངས་པའི་ཆོས་ཀྱི་རྣམས། །སྤེལ་བས་དཔལ་ལྡན་མདོག་བཟང་ཞིང་། །ཞབས་ཀྱི་ལོང་བུ་མིང་དོན་དང་། །བ་སྤུ་གྱེན་དུ་ཕྱོགས་མཚན་འགྱུར། །རིགས་དང་བཟོ་ལ་སོགས་པའི་ལས། གུས་པས་ལེན་དང་གུས་སྦྱིན་པས། །ཨེ་ན་ཡ་ཡི་བྱིན་པ་དང་། །ཡིད་རྣོ་ཤེས་རབ་ཆེན་པོར་འགྱུར། །རང་གི་ནོར་དག་བླངས་གྱུར་ན། །མྱུར་དུ་བཏང་བའི་བརཏལ་ཤུགས་ཀྱིས། །ཕྱག་ལེགས་བདེ་བ་འཇིག་རྟེན་གྱི། །རྣམ་པར་འདྲེན་པ་ཉིད་དུ་འགྱུར། །བཤེས་གཉེན་ཕན་ཚུན་འབྱེད་པ་དག །ཡང་དག་བསྡུམ་པར་བྱས་པ་ཡིས། །དཔལ་ལྡན་སྡོམ་གྱི་སྦ་བ་ནི། །སྦུབས་སུ་ནུབ་པའི་རྣམ་པར་འགྱུར། །ཁང་བཟང་དང་ནི་གདིང་བ་དག །བདེ་ཞིང་བཟང་བ་དག་སྦྱིན་པས། །གསེར་ནི་བཙོ་མ་དྲི་མེད་པ། །ཤིན་ཏུ་འཇམ་པའི་མདོག་འདྲར་འགྱུར། །བླ་ན་མེད་པའི་དབང་བྱིན་ཅིང་། །རིགས་པས་བླ་མའི་རྗེས་བཟུང་བས། །དཔལ་ལྡན་བ་སྤུ་ཉག་རེ་དང་། །ཞལ་ནི་མཛོད་སྤུས་བརྒྱན་པར་འགྱུར། །སྙན་ཞིང་དག་པར་སྨྲ་བ་དང་། །ལེགས་པར་སྨྲས་དང་མཐུན་བྱས་པས། །དཔུང་མགོ་ཤིན་ཏུ་ཟླུམ་བྱས་དང་། །རོ་སྟོད་སེང་གེ་འདྲ་བར་འགྱུར། །ནད་པ་རྣམས་ལ་རིམ་འགྲོ་དང་། །གསོས་པས་ཐལ་གོང་རྒྱས་པ་དང་། །བདག་ཉིད་རྣལ་དུ་གནས་པ་དང་། །རོ་བྲོ་བ་ཡི་མཆོག་ཏུ་འགྱུར། །ཆོས་དང་མཐུན་པའི་བྱ་བ་ལ། །ཐོག་དྲངས་པས་ནི་དབུ་གཙུག་ཏོར། །ལེགས་གནས་ནྱ་གྲོ་ཏ་ལྟ་བུར། ཆུ་ཞེང་གབ་པ་དག་ཏུ་འགྱུར། །ཚིག་ནི་བདེན་པར་འཇམ་པོ་དག །ཡུན་རིང་དུས་སུ་བརྗོད་པ་ཡིས། །མི་ཡི་དབང་པོ་ལྗགས་ཡངས་དང་། །ཚངས་པ་ཡི་ནི་དབྱངས་ལྡན་འགྱུར། །བདེན་པའི་ཚིག་ནི་མཁྱེན་བཀྱེས་ནས། །སེང་གེའི་འགྲམ་འདྲ་ཐུབ་དཀར་འགྱུར། །ལེགས་པར་གུས་དང་བཀུར་སྟི་དང་། །ཇི་ལྟར་རིགས་པ་རྗེས་འཇུག་པས། །ཚེམས་ནི་ཤིན་ཏུ་དཀར་བ་དང་། །མདོག་ལྡན་མཉམ་པའི་ཚེམས་སུ་འགྱུར། །བདེན་དང་ཕྲ་མ་མེད་པ་ཡིས། །ཚིག་ནི་ཡུན་རིང་སྒོམ་པ་ཡིས། །དཔལ་ལྡན་ཚེམས་ནི་བཞི་བཅུ་ཐེམ། མཉམ་པར་ཐག་ཀྱང་བཟང་བར་འགྱུར། །ཆགས་དང་སྡང་དང་རྨོངས་མེད་ཅིང་། །བྱམས་པས་སེམས་ཅན་བལྟས་པ་ཡིས། །སྤྱན་ནི་བཀྲག་ཅན་མཐོན་མཐིང་ལ། །རྫི་མ་བ་ཡི་ལྟ་བུར་འགྱུར། །དེ་ལྟར་མངོན་ན་རྒྱུ་བཅས་པའི། །སུམ་ཅུ་རྩ་གཉིས་དེ་དག་ནི། །སྐྱེས་བུ་ཆེན་པོ་སེང་གེ་ཡི། །མཚན་རྣམས་ལགས་པས་མཁྱེན་པར་མཛོད། །ཞེས་གསུངས་པ་ནི། འདིར་དངོས་ཀྱི་རྒྱུ་སེམས་ཀྱི་ཆ་དག་པའི་ཆ་ལུགས་ལྟར། སྣང་བ་ལ་རྐྱེན་གྱི་རྒྱུ་དེ་རྣམས་ཀྱིས་དག་པ་གོང་ནས་གོང་དུ་འཕགས་པར་གསུངས་ཏེ། དེ་ཡང་བཤད་པ། རང་སངས་རྒྱས་ཀུན་ལས་བྱུང་དང་། །སློབ་དང་མི་སློབ་ལས་བྱུང་དང་། །འཇིག་རྟེན་མ་ལུས་བསོད་ནམས་ཀུན། །འཇིག་རྟེན་བཞིན་དུ་དཔག་མེད་གང་། །དེ་བཅུར་བསྒྲེས་པར་གྱུར་པ་ཡིས། །བ་སྤུའི་བུ་ག་གཅིག་འགྲུབ་སྟེ། །བ་སྤུའི་བུ་ག་ཐམས་ཅད་ཀྱི། །བརྒྱ་འགྱུར་དཔེ་བྱད་བཟང་པོ་གཅིག །དཔེ་བྱད་ཀུན་ཀྱང་བརྒྱར་བསྒྱུར་བས། །མཚན་ནི་སུམ་ཅུའི་གཅིག་གི་རྒྱུའོ། །དེ་ཀུན་སྟོང་བསྒྱུར་མཛོད་སྤུའོ། །དེ་འདྲ་སྟོང་ཕྲག་བརྒྱ་བསྡོམ་པས། །སྐྱོབ་པའི་གཙུག་ཏོར་བསྐྱེད་པར་བྱེད། །ཅེས་གཟུགས་སྐུའི་ཡོན་ཏན་རྒྱ་ཆེར་བསྟན་པ་རྟོགས་པར་བྱའོ། །འདིར་ཟླ་བ་ཉ་བ་ལ་སྐར་མས་བསྐོར་བ་ཞེས་བརྗོད་པ་ནི། །འདི་ལྟ་བུ་སྣང་བའི་ཚུལ་ཏེ། རྒྱུད་བླ་མ་ལས་ཀྱང་། ཇི་ལྟར་སྤྲིན་མེད་སྟོན་ཁའི་ཟླ་བའི་གཟུགས། །སྟོན་ཁའི་ཟླ་བའི་ཆུ་སྔོན་མཚོར་ནི་མཐོང་བ་ལྟར། །དེ་བཞིན་རྒྱལ་སྲས་ཚོགས་ཀྱི་ཁྱབ་བདག་གཟུགས། །རྫོགས་སངས་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར། །ཞེས་འབྱུང་ངོ་རྒྱས་པར་ནི་ཁྱེའུ་རིན་ཆེན་གྱིས་ཞུས་པའི་མདོ་དང་། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྒྱ་མཚོའི་མདོ་ལས་གསུངས་སོ། །འཕྲིན་ལས་བཤད་པ་ནི་རྣམ་པ་ལྔ་སྟེ། འཕྲིན་ལས་ཀྱི་གཙོ་བོ་རྒྱལ་བའི་སྲས་དབང་བསྐུར་བར་བརྩོལ་བ་དང་། །འཁོར་བ་ན་འཕྲིན་ལས་མཛད་ཚུལ་དང་། ཞི་བ་རྣམས་བསྐུལ་བ་དང་། མྱ་ངན་ལས་འདས་པའི་དོན་དང་། འབད་པ་མེད་པའི་ཕྲིན་ལས་ཀྱི་དོན་བསྟན་པའོ། །དང་པོ་ནི། སངས་རྒྱས་ཕྱག་གི་ཉི་མ་དེར། །དྲི་མེད་རིན་ཆེན་འབར་འགྱུར་ཏེ། །སྲས་ཀྱི་ཐུ་བོར་དབང་བསྐུར་བས། དབང་བསྐུར་བ་ནི་ཀུན་ཏུ་རྩོལ། །ཞེས་གསུངས་ཏེ། མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དེ་ལ་མཛད་པ་དང་འཕྲིན་ལས་དཔག་ཏུ་མེད་མོད་ཀྱང་། གཙོ་བོ་ནི་འདི་ཡིན་ཏེ། ཆོས་ཀྱི་སྐུ་ལས་མ་གཡོས་པར་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་ཏོ། །དེ་ལས་སྐྱེ་བའི་སྤྲུལ་པ་དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་པོ་ལྟ་བུ་སྟོན་ཏོ། །དེས་བྱང་ཆུབ་སེམས་དཔའི་སྤྲུལ་པ་གང་གིས་གླིང་བཞི་པའི་འཇིག་རྟེན་བྱེ་བ་ཕྲག་བརྒྱར་དུས་གཅིག་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་དཔག་ཏུ་མེད་པའི་དོན་མཛད་མོད་ཀྱིས་ཀྱང་། གཙོ་བོར་བྱང་ཆུབ་སེམས་དཔའ་བྱམས་པ་སྲས་ཀྱི་ཐུ་བོར་དབང་བསྐུར་བ་ལྟ་བུ་དང་། ཕལ་པོ་ཆེ་ལས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱི་བོར་ཕྱག་བཞག་སྟེ། དབང་བསྐུར་བར་བསྟན་པ་ལྟ་བུ་དང་། སངས་རྒྱས་ཀྱི་ཕྱག་གི་ཡེ་ཤེས་ཀྱི་ཉི་མར་བསྒྲིབ་པ་ཐམས་ཅད་བྲལ་བའི་རིན་པོ་ཆེ་འབར་བས་རྒྱལ་བའི་སྲས་རྒྱ་མཚོ་དབང་བསྐུར་བ་རྒྱུན་ཆད་མེད་པར་རྩོལ་བར་མཛད་དོ། དེ་ལྟར་ཡང་། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོའི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་འཁོར་བའི་སེམས་ཅན་གྱི་དོན་མཛད་པའི་ཚུལ་ནི། །རྣལ་འབྱོར་ཆེན་པོ་དེར་གནས་ནས། །རྨོངས་པས་དམན་པའི་སེམས་ཅན་རྣམས། །སྡུག་བསྔལ་གྱིས་གཡེངས་འཇིགས་པ་ལ། །ལྷ་ཡི་སྤྱན་གྱིས་གཟིགས་གྱུར་ནས། །དེ་ཡི་སྐུ་ལས་འོད་ཟེར་རྣམས། །འབད་པ་མེད་པར་འབྱུང་བར་འགྱུར། །རྨོངས་པའི་མུན་པ་ཞུགས་པ་དེའི། །སྒོ་རྣམས་འབྱེད་པར་མཛད་པ་ཡིན། །ཞེས་གསུངས་ཏེ། ཞི་གནས་ལྷག་མཐོང་མཐར་སོན་པས་ན་རྣལ་འབྱོར་ཆེན་པོ་སྟེ། དེ་ལ་གནས་པའི་སངས་རྒྱས་དེ་ནི། རྨོངས་པ་ནི་རང་གི་སངས་རྒྱས་ཀྱི་སྙིང་པོ་མི་ཤེས་པ་དམན་པ་ནི་ངན་སོང་རྣམས་ཏེ། སྡུག་བསྔལ་གྱིས་གཡེངས་པ་འཇིགས་སུ་རུང་བ་རྣམས་སྒྲིབ་པ་མེད་པའི་སངས་རྒྱས་ཀྱི་ལྷའི་སྤྱན་གྱིས་གཟིགས་པར་གྱུར་ནས། མཆོག་གི་སྤྲུལ་པ་ཆེན་པོ་དེའི་སྐུ་ལས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་བྱུང་བར་གྱུར་ནས། རྨོངས་པའི་མུན་པར་ཞུགས་པ་རྣམས་ཀྱི་ཐར་པའི་ལམ་གྱི་སྒོ་ཕྱེ་ནས། ཞི་བའི་ལམ་དུ་འགྲོ་བར་མཛད་དོ། འདི་ཡང་རྒྱས་པར་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་འགྲུབ་པ་བསྟན་པའི་མདོ་བཞིན་ཤེས་པར་བྱའོ། །གསུམ་པ་ཞི་བ་རྣམས་བསྐུལ་བའི་འཕྲིན་ལས་བསྟན་པ་ནི། ལྷག་བཅས་མྱ་ངན་འདས་པ་རྣམས། །ལྷག་མེད་མྱ་ངན་འདས་པར་འདོད། །ཅེས་གསུངས་ཏེ། འདིར་ལྷག་བཅས་ལྷག་མེད་ཉན་ཐོས་ཀྱི་འདོད་པ་དེ་མ་ཡིན་ཏེ། འདི་ལ་ལྷག་བཅས་ནི། ཉན་རང་གི་དགྲ་བཅོམ་པ་དང་། རང་བྱང་ཆུབ་ཐོབ་པ་སྟེ། ཇི་ལྟར་ན་དེ་ལྷག་མ་ཅན་ཡིན་ཞེ་ན། ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་པར་ཤེས་པ་མ་སྤངས་པའི་ཕྱིར་ན་ལྷག་མ་དེ་ཉིད་ཡོད་དོ། །འདི་ཁམས་གསུམ་དུ་སྐྱེ་བའི་ས་བོན་ཅན་དུ་ཉོན་མོངས་པ་ཤེས་རབ་ཀྱིས་བཅད་པས་ཟག་པ་མེད་པའི་དབྱིངས་ན་ཞི་བའི་ཏིང་ངེ་འཛིན་གྱིས་ཡིད་ཀྱི་རང་བཞིན་གྱི་ལུས་ཡོད་པས་ལྷག་བཅས་ཀྱང་ཡིན་ལ། མྱ་ངན་ལས་འདས་པ་ཡང་ཡིན་ནོ། །དེ་ཡང་བྱང་ཆུབ་སེམས་འགྲེལ་ལས། སྲིད་པའི་ལམ་ལ་སྐྱོ་རྣམས་ལ། །ངལ་བསོའི་དོན་དུ་ཐེག་པ་ཆེར། །འབྱུང་བའི་ཡེ་ཤེས་གཉིས་པོ་ཡང་། །གསུངས་པ་ཡིན་ཏེ་དོན་དམ་མིན། །ཇི་སྲིད་སངས་རྒྱས་ཀྱིས་མ་བསྐུལ། །དེ་སྲིད་ཡེ་ཤེས་ལུས་དངོས་ཅན། །ཏིང་འཛིན་མྱོས་པས་བརྒྱལ་གྱུར་པ། །ཉན་ཐོས་དེ་དག་གནས་པར་འགྱུར། །བསྐུལ་ན་སྣ་ཚོགས་གཟིགས་ཀྱིས་ནི། །སེམས་ཅན་དོན་ལ་ཆགས་གྱུར་ཅིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། ཞེས་བསྟན་ནས། འོ་ན་སྲིད་པའི་སྐྱེ་བའི་ས་བོན་སྤྱད་པ་དེ་ཡང་སྲིད་པར་ལུས་ཇི་ལྟར་སྐྱེ་ཞེ་ན། རྒྱུ་ས་བོན་ཐམས་ཅད་པའི་བག་ཆགས་ཀྱི་རྟེན་དང་། རྐྱེན་སངས་རྒྱས་ཀྱི་འོད་ཟེར་གཉིས་ཀྱིས་རུང་སྟེ། གཉིས་ཀྱིས་བག་ཆགས་ཡོད་པའི་ཕྱིར། བག་ཆགས་ས་བོན་བརྗོད་པ་ཡིན། ས་བོན་དེ་དངོས་ཚོགས་པས་ནི། །སྲིད་པའི་མྱུ་གུ་བསྐྱེད་པར་བྱེད། ཅེས་གསུངས་སོ། །རྒྱུད་བླ་མ་ལས་ཀྱང་། མི་རྟག་སྡུག་བསྔལ་བདག་མེད་དང་། །ཞི་བའི་སྒྲ་ཡི་ཐབས་མཁྱེན་ནས། །མྱ་ངན་འདས་ལ་རབ་འཇུག་མཛད། །ཞི་བའི་ལམ་ལ་རབ་ཞུགས་པའི། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དེ་དག་སྔར་འཛིན་ལས་བཟློག་སྟེ། །དམ་ཆོས་པདྨ་དཀར་ལ་སོགས། །ཆོས་ཀྱི་དེ་ཉིད་ཡོངས་བཟུང་སྟེ། །ཐབས་དང་ཤེས་རབ་ཡོངས་བཟུང་ནས། །བྱང་ཆུབ་མཆོག་ཏུ་ལུང་སྟོན་ཏོ། །ཟབ་དང་མཐུ་ནི་སྣ་ཚོགས་དང་། །བྱིས་པའི་དོན་མཐུན་ཉེར་འདྲེན་པས། །འདི་དག་གྲངས་བཞིན་ཟབ་པ་དང་། །རྒྱ་ཆེའི་བདག་ཉིད་ཡིན་ཞེས་བྱ། །ཞེས་གསུངས་པས། འདི་ལྷག་མེད་ཀྱི་མྱ་ངན་ལ་འདས་པ་སངས་རྒྱས་ཏེ། འདི་ལ་འགོད་པས་ནི་འཕྲིན་ལས་སོ། །ཞི་བ་མྱང་འདས་དོན་བཤད་པ་ནི། འདི་ནི་མྱ་ངན་འདས་པ་ཉིད། །དྲི་མ་མེད་པ་སེམས་གྱུར་པ། །སེམས་ཅན་ཀུན་གྱི་དངོས་མེད་པའི། །ངོ་བོ་དེ་ཡང་དེ་སྤྱོད་ཡུལ། །དེ་མཐོང་བྱང་ཆུབ་སེམས་དབང་པོ། ཤིན་ཏུ་དྲི་མེད་ཆོས་ཀྱི་སྐུ། །ཞེས་གསུངས་ཏེ། འདིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མྱ་ངན་ལས་འདས་པ་ཞེས་གསུངས་པ་དེ་ཉིད་འདི་ལྟར་རིག་པར་བྱ་སྟེ། དྲི་མ་མེད་པའི་སེམས་ཞེས་བྱ་བ་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་དཀྲིས་པ་འདི། སྔར་བསྟན་པ་ལྟར་གནས་ཡོངས་སུ་གྱུར་པའི་ངོ་བོ་སེམས་ཅན་ཐམས་ཅད་ལ་གནས་ཀྱང་། སེམས་ཅན་ཀུན་གྱི་བསམ་པ་དང་། གཞལ་བར་བྱ་བའི་དངོས་པོ་བསམ་གྱིས་མི་ཁྱབ་པ་འདི་ནི། ཆུ་ཟླ་ལྟ་བུའི་ངོ་བོ་སྟེ། །བློ་མཆོག་དེའི་སྤྱོད་ཡིན་པས། །དེ་མཐོང་ནས་མཐར་ཐུག་པའི་ཚེ་ཤིན་ཏུ་དྲི་མ་མེད་པའི་སྐུ་ཐོབ་པ་ཞེས་བྱའོ། །དེ་སྐད་དུ་ཡང་། སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་གསུངས་ཏེ། འདི་ནི་དྲི་མ་མེད་པ་ལ་སེམས་ཀྱི་མིང་གིས་བསྟན་པ་ཡིན་ནོ། །སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བའི་སྒྲས་བརྗོད་པ་ནི་རྣམ་པ་ཐམས་ཅད་དུ་དྲི་མ་མེད་པས་དེ་མེད་པར་གྱུར་ན། སངས་རྒྱས་ཞེས་བྱའོ། །འབད་པ་མེད་པའི་འཕྲིན་ལས་ཀྱི་དོན་བསྟན་པ་ནི། དྲི་མ་མེད་པའི་ཆོས་སྐུ་ལས། །ཡེ་ཤེས་རྒྱ་མཚོར་གནས་གྱུར་ནས། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་རྣམས་མཛད། །ཞེས་གསུངས་ཏེ། དྲི་མ་མེད་པའི་ཆོས་ཀྱི་སྐུ་ལས་གནས་གྱུར་པ་དེ་ནི་ཅི་ཡང་མེད་པ་གྱུར་པ་མ་ཡིན་གྱི། ཡེ་ཤེས་ཀྱི་རྒྱ་མཚོར་རྟོག་པའི་ཚོགས་རྒྱ་མཚོར་རྣམས་གནས་གྱུར་པ་སྟེ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མཐར་སོན་པའོ། །དེ་ཡང་རྣམ་པ་ཀུན་ཞེས་བྱ་བ་ཡང་། སྦྱིན་པ་ལ་སོགས་པ་སྔར་བསྟན་པའི་ཁམས་རྒྱས་པར་བྱེད་པའི་ཆོས་ཐམས་ཅད་དོ། །དེའི་མཆོག་གིས་གོང་ན་མེད་པའི་མཐར་སོན་པའོ། །སྟོང་པ་ཉིད་ནི་རང་གི་ངོ་བོས་དག་པ་ཉིད་དུ་སོན་པས་དབྱེ་བ་མེད་པའི་ཕྱིར་ཏེ། འདི་ཡང་རྒྱས་པར་ནི་རྒྱུད་བླ་མར་རི་མོ་མཁན་ཕྱོགས་རེ་ཤེས་པ་ཐམས་ཅད་མ་འཚོགས་ན་རི་མོ་ཐམས་ཅད་རྫོགས་པར་མི་འགྱུར་བའི་དཔེས་བརྗོད་ནས། དེ་རྣམས་དྲི་མེད་གང་དག་ཡིན། སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། །གསལ་དང་འཕྲོ་དང་དག་ཕྱིར་དང་། །ཐ་དད་མེད་ཕྱིར་འོད་དང་ཟེར། ཉི་མའི་དཀྱིལ་འཁོར་ཉིད་དང་མཚུངས། །དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་མཐར་ཐུག་པ་ནའང་། སངས་རྒྱས་ཀྱི་རྒྱུད་ལ་མངའ་བ་རྣམ་པར་མི་རྟོག་པའི་ཤེས་རབ་ནི། ཤེས་བྱའི་དེ་ཁོ་ན་ཉིད་དམ་པའི་མུན་པ་སེལ་བར་ཉེ་བར་གནས་པའི་ཕྱིར། འོད་གསལ་བ་དང་ཆོས་མཚུངས་ལ། དེའི་རྗེས་ལས་ཐོབ་པའི་ཤེས་བྱའི་དངོས་པོ་མ་ལུས་པ་རྣམ་པ་ཐམས་ཅད་ལ་འཇུག་པས་ན། འོད་ཟེར་གྱི་དྲ་བ་འཕྲོ་བ་དང་ཆོས་མཚུངས་སོ། །དེ་གཉིས་ཀའི་རྟེན་སེམས་ཀྱི་རང་བཞིན་རྣམ་པར་གྲོལ་བ་ནི། ཤིན་ཏུ་དྲི་མ་མེད་ཅིང་འོད་གསལ་བ་ཉིད་ཀྱིས་ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་དང་ཆོས་མཚུངས་སོ། །གསུམ་པ་ཡང་ཆོས་དབྱིངས་དང་དབྱེ་བ་མེད་པའི་རང་བཞིན་ཉིད་ཀྱིས་གསུམ་པོ་དེ་རྣམ་པར་དབྱེ་བ་མེད་པ་དང་ཆོས་མཚུངས་པས་ན་གཅིག་མ་རྟོགས་ཀྱང་རྣམ་པར་གྲོལ་བ་མི་རིགས་པས། འོད་ཟེར་སྤངས་ནས་ཉི་མ་མི་མཐོང་བའི་དཔེས་བསྟན་ཏོ། དེ་ལྟར་ཡེ་ཤེས་རྒྱ་མཚོའི་འཕྲིན་ལས་མཛད་པའི་ཚུལ་ཡང་། འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པ་ན། མཆོག་གི་སྤྲུལ་པ་ཆེན་པོ་སྟོན་པར་མཛད་པ་ནི། བཻ་ཌཱུརྻ་ལ་ཤར་བའི་བརྒྱ་བྱིན་གཟུགས་བརྙན་ལྟ་བུ་དང་། །གསུང་གི་ལྷའི་རྔ་བོ་ཆེ་ལྟ་བུ་དང་། སྲིད་པ་ཐམས་ཅད་དུ་མཁྱེན་པ་དང་བརྩེ་བས་ཁྱབ་པ་སྤྲིན་ལྟ་བུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྲུལ་པའི་སྐུ་སྤྲོ་བ་ཚངས་པའི་དཔེ་དང་། ཡེ་ཤེས་འཕྲོས་ནས་སྣང་བར་མཛད་ཀྱང་དྲི་མས་མ་གོས་པ་ཉི་མའི་དཔེ་དང་། ཐུགས་རྟོག་པ་མི་མངའ་བར་སེམས་ཅན་གྱི་རེ་བ་སྐོང་བའི་འཕྲིན་ལས་འབྱུང་བས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་། གསུང་ཉིད་དུ་མི་མཛད་ཀྱང་སོ་སོའི་རྣམ་རིག་དང་མཐུན་པ་བྲག་ཆའི་དཔེ་དང་། སྐུ་ཐམས་ཅད་དུ་ཁྱབ་ཅིང་རྟག་ལ་ཐོགས་པ་དང་བྲལ་བས་ནམ་མཁའ་ལྟ་བུ་དང་། སེམས་ཅན་ཐམས་ཅད་ཀྱི་རྣམ་པར་དཀར་བ་བསྐྱེད་པའི་རྟེན་མཛད་པས་ས་ལྟ་བུ་སྟེ། རྣམ་པ་དགུས་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་རྒྱས་པར་གསུང་པའི་དོན་བསྡུས་ཏེ། བསྟན་ནས་ཀྱང་། གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང་། །ཚངས་ཉི་ཡིད་བཞིན་ནོར་རྒྱལ་རིན་ཆེན་དང་། །སྒྲ་བརྙན་ནམ་མཁའ་ས་བཞིན་སྲིད་པའི་བར། །འབད་མེད་གཞན་དོན་བྱེད་དེ་རྣལ་འབྱོར་རིག །རིན་ཆེན་ལྷ་དབང་སྣང་བཞིན་སྟོན་པ་དེ། ལེགས་པར་འདོམས་མཛད་ལྷ་ཡི་རྔ་དང་མཚུངས། །ཁྱབ་བདག་མཁྱེན་དང་བརྩེ་བའི་སྤྲིན་ཚོགས་ནི། །མཐའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་ཁྱབ། །ཚངས་བཞིན་ཟག་མེད་གནས་ལ་མ་བསྐྱོད་པར། །སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན། །ཉི་བཞིན་ཡེ་ཤེས་སྣང་བ་རབ་འཕྲོ་གང་། །རྣམ་དག་དྲི་མེད་ཡིད་བཞིན་ནོར་འདྲའི་ཐུགས། །རྒྱལ་བ་རྣམས་ཀྱི་གསུང་དེ་བྲག་ཆ་བཞིན་དུ་ཡི་གེ་མེད། །སྐུ་ནི་ནམ་མཁའ་བཞིན་དུ་ཁྱབ་དང་གཟུགས་མེད་རྟག་པ་ཉིད། །ས་བཞིན་འགྲོ་བའི་དཀར་པོ་ཀུན་གྱི་སྨན་རྣམས་མ་ལུས་པའི། །རྣམ་པ་ཀུན་གྱི་གཞིར་གྱུར་པ་ནི་སངས་རྒྱས་ས་ཡིན་ནོ། །ཞེས་བྱམས་པས་བསྡུས་ཏེ་གསུངས་སོ། །འདི་ལ་བློ་གྲོས་དམན་པ་གང་དག སློབ་དཔོན་ཟླ་བ་གྲགས་པས་ཡེ་ཤེས་འདི་རྣམས་མི་འདོད་དོ་སྙམ་ན། དེ་ལྟ་མ་ཡིན་ནོ། དབུ་མ་འཇུག་པ་ལས། སེམས་འགག་པ་དེ་སྐུའི་མངོན་གསུམ་མཛད། དེ་གང་ཞེ་ན། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་ཆོས་ཀྱི་སྐུ་ཤིན་ཏུ་དྲི་མ་མེད་པ་གསལ་བ་དང་། རྣམ་པར་མི་རྟོག་པ་དང་། རྟག་པ་དང་། སྣང་བ་བཞིས་བསྟན་ནས་དེའི་རྒྱུ་མཐུན་པ་ཟབ་པའི་ཆོས་སྐུ་ཞེས་བྱ་བའི་གཟུགས་ཡང་། །ཐུབ་དབང་དུས་གཅིག་ཁོ་ནར་དེ་རྒྱུ་མཐུན། །གཟུགས་སྐུ་སྐད་ཅིག་རང་གི་སྐྱེ་གནས་སྐབས། །སྔར་འགག་གསལ་དང་མ་འཆོལ་འབྱུང་ཚུལ་ནི། མ་ལུས་ཀྱིས་བཀྲ་མཐའ་དག་སྟོན་པར་མཛད། ཅེས་བྱ་བ་ནས། ཇི་སྲིད་འཇིག་རྟེན་མ་ལུས་མཆོག་ཏུ་ཞི་བ་མ་ཐོབ་དང་། ཇི་སྲིད་ནམ་མཁའི་ཁམས་རྣམས་ཐོབ་པར་མ་གྱུར་དེ་སྲིད་དུ། །ཤེས་རབ་ཡུམ་དང་སྙིང་རྗེའི་མ་མས་བསྐྱེད་ཅིང་འཛིན་བྱེད་པས། །རྒྱལ་བ་ཁྱོད་ལ་རབ་ཏུ་ཞི་བར་གྱུར་པ་གང་ལ་མངའ། །ཞེས་བྱ་བའི་བར་དུ་རྒྱ་ཆེར་བསྟན་ཏོ། །མདོར་ན་འདི་རྣམས་ཇི་ལྟ་བར། སློབ་དཔོན་ཆེན་པོ་ཨརྻ་དེ་བ་དང་། དཔའ་བོ་དང་། འབུ་ཏ་པ་ལི་དང་། བྷྱ་ཀ་ར་དང་། ཡེ་ཤེས་སྙིང་པོ་ལ་སོགས་པ་ཐམས་ཅད་ཀྱི་བཞེད་པ་མཐུན་པ་རྒྱ་ཆེར་བསྟན་དུ་ཡོད་ཀྱང་། །ཡི་གེ་མངས་ཀྱིས་དོགས་པའི་ཕྱིར་མ་བཀོད་དོ། འདི་ལ་འཕགས་པ་ཐོགས་མེད་ཀྱང་མཐུན་པར་གསུངས་སོ། །གཞན་སེམས་ཙམ་པ་ལ་ཡང་རྣམ་པར་རིག་པ་སངས་རྒྱས་ཀྱི་ཡེ་ཤེས་བདེན་པར་འདོད་པ་ཡོད་པ་ལ། སློབ་དཔོན་འཕགས་པས། ལུས་མེད་ན་ནི་རྣམ་པར་ཤེས། ཡོད་མ་ཡིན་ཞེས་ཡོངས་རྟོགས་ནས། །དེ་ནི་སོ་སོ་རང་རིག་ཉིད། །ཇི་འདྲ་ཞེས་ནི་བརྗོད་པར་གྱིས། །ཞེས་བྱ་བ་ལ་སོགས་པའི་དགག་པ་མཛད་པ་དང་། གནས་སྐབས་ཀྱིས་བརྗོད་པ་མི་འདྲ་བ་དག་ཡོད་ཀྱིས། དོན་གྱིས་གནས་ལུགས་ལ་ཐ་དད་པ་མེད་དོ། །དེ་བཞིན་དུ་ཐེག་པ་ཐམས་ཅད་ཀྱི་ཡང་དག་པའི་ལྟ་བ་དང་། །རྟོགས་ཤིང་ཐོབ་པར་བྱ་བ་གཅིག་ཏུ་བཤད་ཅིང་ཤེས་པར་བྱ་སྟེ། །ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང་། སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། །འཛིན་པ་ལས་ནི་གང་གནས་པ། །དེ་ལ་ཡེ་ཤེས་ཡོད་མི་འགྱུར། །གང་དག་སྒྲ་ཡིས་བསྟན་པ་ཡིས། །ཆོས་རྣམས་མང་པོ་བསམ་མི་ཁྱབ། །སྒྲ་དེ་ལ་ཡང་གང་ཆགས་པ། །དགོངས་པས་བཤད་པ་མི་ཤེས་སོ། །ཅི་ལས་དགོངས་ཏེ་བཤད་པ་ཡི། །དགོངས་པ་དག་ནི་མི་ཤེས་པ། །ཆོས་ཉིད་ལ་ནི་མ་བསླབ་པར། །ཆོས་མ་ཡིན་པ་ཆོས་སུ་འཆད། །འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མེད་དོ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཚིག་གཅིག་རྣམ་པར་བསྒོམ་ན་ནི། དེ་དག་ཐམས་ཅད་བསྒོམ་པར་འགྱུར། །སངས་རྒྱས་ཇི་སྙེད་ཐམས་ཅད་གྱིས། །ཆོས་རྣམས་མང་པོ་གང་བཤད་པ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །མི་གང་དོན་ལ་མཁས་པ་དང་། །ཚིག་འདི་བསླབ་པར་གྱུར་པ་ལ། སངས་རྒྱས་ཆོས་རྣམས་དཀོན་པ་ཡིན། །ཆོས་ཀུན་སངས་རྒྱས་ཆོས་ཡིན་ཏེ། །ཆོས་ཉིད་ལ་ཡང་གང་བསླབ་པ། །ཆོས་ཉིད་རབ་ཏུ་ཤེས་པ་ནི། །ཆོས་ཉིད་དང་ཡང་འགལ་མི་བྱེད། །ཅེས་གསུངས་སོ། །མདོར་བསྡུས་ན་རང་གི་ལུས་སེམས་མ་རིག་པའི་དྲ་བས་གཡོགས་པ་འདི་ལ་བརྟགས་ལ། རྒྱལ་བའི་དགོངས་པ་བདེན་པ་གཉིས་ཀྱི་གནས་ལུགས་ཤེས་པར་བྱ། ཚོགས་གཉིས་ཟུང་འབྲེལ་དུ་བསླབ་པར་བྱ། སྐུ་གཉིས་དབྱེར་མེད་ཀྱི་འབྲས་བུ་ཐོབ་པར་བྱའོ། །ཆོས་ཀྱི་དབྱིངས་སུ་བསྟོད་པ་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །ཞེས་འགྱུར་བྱེད་པས་བསྣན་པ་སྟེ། ལྷག་མ་མེད་པར་བསྟན་པའོ། །ཆོས་ཀྱི་དབྱིངས་སངས་རྒྱས་ཀྱི་སྙིང་པོ་རྨད་དུ་བྱུང་བ་ལ་བསྟོད་པ་བདག་ཉིད་ཆེན་པོ་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའི་རྣམ་པ་རྒྱ་ཆེར་བཤད་པ། སྙིགས་མའི་དུས་སུ་བྱང་ཕྱོགས་གངས་ཅན་གྱི་རྒྱུད་དུ་བྱུང་བ་རང་བྱུང་རྡོ་རྗེས་མོས་པའི་མཐུ་ལ་བརྟེན་ནས་ཅི་ནུས་ཀྱིས་ཕྱེས་པའོ། །རྒྱལ་བའི་བསྟན་པ་ཟབ་ཅིང་རྒྱ་ཆེ་བ། །འཇམ་པའི་དབྱངས་དང་མ་ཕམ་རྒྱལ་བའི་སྲས། །ནམ་མཁའི་ཁྱོན་དང་མཉམ་པར་འཛིན་པར་མཛད། །འཛམ་བུའི་གླིང་འདིར་མཁས་གྲུབ་དཔག་མེད་ཀྱང་། །ཀུན་གྱི་མཆོག་ཏུ་རྒྱལ་བས་ལུང་བསྟན་པ། །འཕགས་པ་ཀླུ་གྲུབ་ཐོགས་མེད་རྣམ་གཉིས་ཀྱི། །རྗེས་འབྲང་འཛམ་གླིང་རྒྱན་མཆོག་བསྟན་པའི་གཉེན། །མདོ་དང་ཆོས་མངོན་འདུལ་བ་འགྲོ་བའི་དཔལ། །ལུང་རིགས་འོད་ཀྱིས་རྟོག་གེའི་མུན་པ་སེལ། །ཐུགས་རྗེ་ཆ་ཤས་གངས་ཅན་རྒྱུད་དུ་ཤར། །སྐྱེ་བོ་བློ་ལྡན་སྒྲུབ་ཅིང་སེམས་དཔར་བྱེད། །ཐོས་པའི་བྱིས་པ་རྣམས་ཀྱང་ཅ་ཅོ་འབྱིན། །རྒྱལ་བའི་སྙིང་པོ་དྲི་མེད་སྙིང་པོ་ལས། །བསྟོད་འདི་ས་བཅུའི་དབང་ཕྱུག་ཀུན་གྱིས་མཁྱེན། །ལྔ་རིགས་ལྷ་དང་ཉན་རང་རྣམས་ཀྱིས་ཀྱང་། །དད་པའང་དཀའ་ན་ཤེས་པ་སྨོས་ཅི་དགོས། །རང་བྱུང་མིང་ཅན་བླུན་པོ་བདག་འདྲ་ཡི། །སྤྱོད་ཡུལ་མིན་ཀྱང་མོས་པ་ཆེར་སྐྱེས་ནས། །རྒྱ་ཆེའི་མདོ་དང་བསྟན་བཅོས་ཅི་བཞིན་བཤད། །དགེ་བས་འགྲོ་ཀུན་ཐུབ་དབང་ལྟར་གྱུར་ཅིག། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net