དཔལ་དུས་ཀྱི་འཁོར་ལོའི་མན་ངག་སྣང་བ་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་སྣང་བ་བཞུགས། །[1]

༄༅། །རྒྱ་གར་སྐད་དུ། ཤྲི་ཀ་ལ་ཙཀྲ་ཨུ་པ་དྷི་ཤ་ཨ་ལོ་ཀ་ན་མ་ཀ་རི་སི། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་མན་ངག་སྣང་བ་ཞེས་བྱ་བའི་ཚིག་ལེའུར་བྱས་པ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །རྣམ་བཅས་རྣམ་པ་མེད་པ་ཡི། །ཀུན་རྫོབ་བདག་ཉིད་ཞི་བ་ཅན། །ཀུན་འགྲོ་ཞེས་བྱའི་རྣམ་པ་སྟོན། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཕྱི་ནང་གཞན་གསུམ་དེ་བཞིན་ཉིད། །གསལ་བར་བྱེད་པ་འདིར་བཤད་བྱ། །རྒྱལ་བས་བརྒྱ་བཅུའི་བར་དག་ཏུ། །སེམས་ཅན་ཀུན་ལ་ཆོས་བསྟན་ཏེ། །དམ་པ་དང་པོའི་དཔལ་ལྡན་རྒྱུད། །དཔྱིད་ཟླ་འབྲིང་པོའི་ཉ་ལ་གསུངས། །དེ་བསྡུས་འགྲེལ་ཆེན་ཟླ་བཟང་གིས། །མཛད་དེ་བྱང་ཕྱོགས་ཤཾ་བྷ་ལར། །ལོ་གཉིས་ནས་ནི་ལྷ་དབང་སོགས། །དྲུག་གི་དྲུག་བརྒྱའི་བར་དུ་ནི། །རྒྱུད་ཀྱི་རྒྱལ་པོ་སྟོན་མཛད་དེ། །དེ་ནས་གྲགས་པས་ལོ་བརྒྱ་ན། །རྒྱུད་ཀྱི་རྒྱལ་པོ་བསྡུ་བར་མཛད། །བརྒྱད་བརྒྱ་ན་ནི་བསྟན་པའི་དགྲ། །ཀླ་ཀློའི་ཐོག་མ་འབྱུང་བར་བསྟན། །མེ་མཁའ་རྒྱ་མཚོ་རྣམས་ལ་ནི། །རབ་སྐྱེས་སྩོགས་བྱིན་ཀླ་ཀློ་ཡི། །འདས་ལོའི་གྲངས་རྣམས་ཤེས་ཕྱིར་རོ། །ལག་པ་གདེངས་ཅན་ཟླ་བས་ཕྲི། །ལྷག་མ་ཟླ་བ་མིག་ལག་ཡོད། །དེ་ལྟར་ལོ་ནི་དག་པ་ལ། །རབ་ཏུ་སྐྱེ་སོགས་བཟླས་པ་སྦྱིན། །ཟླ་བའི་དོན་དུ་ཉི་མས་བསྒྱུར། །ནག་པའི་ཟླ་སོགས་དུ་སོང་བསྲེ། །གནས་གཉིས་འོག་མར་བཞི་ཡིས་བསྒྱུར། །ནམ་མཁའ་མེ་དང་ཟླ་བས་བགོ །རྙེད་པ་སྟེང་གཞུག་ཟླ་དག་འགྱུར། །གནས་གསུམ་བཞག་པའི་དབུས་མ་ལ། །ལག་པ་རྩེ་མོ་ཅན་གྱིས་བསྒྱུར། །འོག་མ་རོས་ཐོབ་བར་མར་དབྲི། །ལྷག་མ་མཁའ་སྦྱིན་བར་ནས་ཅིག །འོག་ཕབ་སྦྱངས་པས་ཆུ་སྲང་འགྱུར། །སྟེང་འོག་མིག་དང་སུམ་ཅུ་བསྲེ། །དྲུག་ཅུ་བགོས་ལྷག་ཆུ་ཚོད་ཡིན། །རྙེད་པ་སྟེ་སྦྱིན་བདུན་གྱི་བགོ །ལྷག་མ་ཚེས་གཟའི་ངེས་པ་ཡིན། །ཟླ་བ་དག་པར་ཉི་ཟླ་བསྲེ། །གནས་གཉིས་འོག་མར་དུས་ཉིས་བགོ །ལྷག་མ་ཆ་ཤས་ཐོབ་ལ་ལྔ། །བསྲེས་ལ་སྟེང་མ་གཉིས་བསྒྱུར་གཞུག །ཀླུ་ལག་དགོས་ལྷག་རིལ་པོའོ། །གནས་གསུམ་དབུ་མར་དྲག་པོས་བསྒྱུར། །འོག་ཏུ་དགུ་མེས་ཐོབ་ལ་གཉིས། །བསྲེས་ཏེ་བར་སྦྱངས་ལྷག་མ་དེ། །མཁའ་དུས་བསྒྱུར་ཐོབ་རོས་བསྒྱུར་ཐོབ། །བར་ནས་ཅིག་ཕབ་རིམས་སྦྱངས་པས། །ཆུ་སྲང་དབུགས་ཡིན་དབུ་མ་ལ། །དྲུག་ཅུས་བགོས་ལྷག་ཆུ་ཚོད་དེ། །སྟེང་མ་གཉིས་བསྒྱུར་རྙེད་པ་གཞུག །དེ་ལ་སྐར་བགོས་ལྷག་སྐར་གནས། །གཟའ་ལ་གཅིག་དང་ཆུ་ཚོད་དུ། །སོ་གཉིས་སྦྱིན་ཞིང་ཆུ་སྲང་ནས། །བཅུ་ཕྲི་རིལ་ཆར་གཉིས་དང་ཅིག །སྐར་མར་གཉིས་དང་ཆུ་ཚོད་དུ། །དྲག་པོ་སྦྱིན་ཞིང་ཆུ་སྲང་ནས། །ཅིག་དང་དབུགས་གསུམ་དོར་བྱས་ལ། །ཟླ་རེ་གྲུབ་པ་གསལ་བར་འགྱུར། །གཟའ་ལ་ཚེས་སྦྱིན་དབྱུག་གུར་དབྲི། །རིང་པོར་ཚེས་སྦྱིན་བཅུ་བཞིས་བསྒོ། །ལྷག་མས་ཟླ་བའི་རྐང་པ་བཟུང་། །འབྱུང་མདའ་འདོད་ཟུང་མེ་མིག་ཟླ། །ཕྱི་མ་ལ་ནི་དེ་ལས་བཟློག །སྟོང་བས་སྟོང་པ་རྣམ་དག་ཅིང་། །བཅུ་གསུམ་ཟླ་བ་རྐང་བ་ལྔ། །གཉིས་དང་བཅུ་གཉིས་ཕྱོགས་ཡིན་ལ། །བཅུ་གཅིག་མེར་ནི་བཅོ་ལྔའོ། །བཅུ་དང་བཞིར་ནི་བཅུ་དགུ་སྟེ། །དགུ་དང་ལྔ་པར་ཉི་ཤུ་གཉིས། །བརྒྱད་དང་དྲུག་པར་ཉི་ཤུ་བཞི། །བདུན་པ་ཉི་ཤུ་རྩ་ལྔ་ཡིན། །རྐང་ཟིན་སྔོན་མས་ཆ་ཤས་བསྒྱུར། །དུས་ཉིས་བསྒོས་ཐོབ་ཆུ་ཚོད་ཡིན། །ལྷག་མ་དྲུག་ཅུས་བསྒྱུར་ཐོབ་པ། །ཆུ་སྲང་དྲུག་གིས་བསྒྱུར་ཐོབ་དབུགས། །སྔར་ཟིན་སྡོམ་པ་ཕྱིས་ཟིན་དབྲི། །ཐོབ་མཉམ་སྦྱིན་དང་མི་མཉམ་དོར། །ཚེས་གྲངས་གནས་གཉིས་སྟེང་ཆུས་བསྒྱུར། །འོག་མ་ཉི་ཤུ་དྲུག་གིས་བསྒྱུར། །དྲུག་ཅུས་བགོས་ཐོབ་སྟེང་ལ་གཞུག །དེ་ལ་བགོས་ཐོབ་སྐར་གནས་གཞུག །ལྷག་མ་ཆུ་ཚོད་ཆུ་སྲང་གཞུག །ཉི་མ་ཕྱེད་ནི་དག་པའོ། །གནས་གཉིས་ཅིག་ལ་སྐར་མ་ནས། །དྲུག་དང་ཆུ་ཚོད་ཞེ་ལྔ་སྦྱང་། །མེད་ན་འཁོར་ལོ་ཕྱེད་བསྲེས་སྦྱང་། །འཁོར་ཕྱེད་ལྷག་ན་དེ་ཉིད་དོར། །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །ཆུ་ཚོད་བསྲེས་ལ་མདའ་ཡོན་བཟླས། །བགོས་པས་ཐོབ་པས་རྐང་བ་བཟུང་། །དྲུག་བཞི་ཟླ་བ་ཕྱི་མ་ཟློག །གཅིག་དང་ལྔ་ལ་དྲུག་ཡིན་ཏེ། །གཉིས་དང་ཆུ་བོ་དག་ལ་ཕྱོགས། །གསུམ་པ་དྲག་པོ་སྟོང་བར་དག །རྐང་བཟུང་སྔོན་མས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་ཐོབ་ཆུ་ཚོད་དེ། །མཁའ་རོས་བསྒྱུར་བ་ཆུ་སྲང་གཞུག །ཐོབ་པ་ཆུ་སྲང་ལྷག་དྲུག་གིས། །བསྒྱུར་ཐོབ་དབུགས་སུ་ཤེས་པར་བྱ། །སྔར་ཟིན་སྡོམ་ཞིང་ཕྱིས་ཟིན་དབྲི། །གཟའ་དང་ཉི་མའི་ལོངས་སྤྱོད་དུ།། ལྷོར་སྒྲོད་དོར་ཞིང་བྱང་བསྒྲོད་སྦྱིན། །ཉི་མར་དུས་དང་རོ་དང་ཀླུ། །བཅུ་དང་འཕྲོག་བྱ་འཕྲོག་བྱེད་དང་། །དྲག་པོ་ཕྱོགས་དང་ཀླུ་དང་དྲུག །མེ་དང་ནམ་མཁའ་ཞེས་བྱ་བ། །ཟླ་ཕྱེད་བཅུ་གཉིས་རིམ་པ་ཡིས། །ལྷོར་བསྒྲོད་དོར་ཞིང་བྱང་བསྒྲོད་སྦྱིན། །ཉི་རྐང་རགས་པའི་ངེས་པའོ། །ཉི་སྐར་ཅིག་ལ་ཚེས་གྲངས་སྦྱིན། །འོག་ཏུ་ཚེས་ལ་རོ་ཡིས་བསྒྱུར། །དེ་ལ་གཟའ་ཡི་ལོངས་སྤྱོད་བསྲེ། །དྲུག་ཅུས་བགོས་ཐོབ་སྐར་གནས་སྦྱང་། །ལྷག་མས་ཆུ་ཚོད་ལ་སོགས་སྦྱང་། །སྦྱངས་པའི་ལྷག་མ་ཟླ་སྐར་ཡིན། །ཉི་ཟླ་གཉིས་བསྲེས་སྦྱོར་བའོ། །ཚེས་ལ་མིག་གིས་བསྒྱུར་བ་ལ། །ཅིག་ཕྲི་རིས་བགོས་བྱེད་པའོ། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་གསལ་བར་བྱེད་པ་ལས་ཡན་ལག་ལྔ་བསྟན་པས་ཏེ་དང་པོའོ།། ༈ །།ཟླ་བ་དག་པ་སུམ་ཅུས་བསྒྱུར། །ད་ལྟའི་ཞག་བྱིན་གནས་གསུམ་བཞག །འོག་མར་རི་མཁའ་རིས་ཐོབ་པ། །དབུས་ཀྱི་ཕུང་པོར་བསྲེ་བར་བྱ། །དེ་ལ་དྲུག་ཅུ་རྩ་བཞིས་བགོ ཐོབ་པས་སྟེང་ལ་དབྲི་བར་བྱ། །དེ་ནི་མི་གསལ་ཉིན་ཞག་རྣམས། །གཟའ་ལྔ་སྤྱི་ཡི་ཉི་མ་སྟེ། །ཅིག་ཕྲི་བདུན་གྱིས་བགོས་ན་ཚེས་གཟའ་དང་མཉམ་ན་དག་ལྷག་གཅིག་ཕྲི་ཆད་ན་ཅིག་སྣོན་ཞལ་གདམས་ཡིན།གསལ་བའི་ཉིན་ཞག་གོ །བཀྲ་ཤིས་གསལ་བར་བྱ་བའི་ཕྱིར། །སྤྱི་ཉིར་རི་དུས་ཟླ་བ་བསྲེ། །དེ་ལ་རི་ཀླུ་རོ་ཡིས་བགོ །ཐོབ་པ་དོར་ལྷག་སྐར་མས་བསྒྱུར། །རི་སོགས་བགོས་ཐོབ་སྐར་མའོ། །ལྷག་མ་མཁའ་རོས་བསྒྱུར་ཐོབ་པ། །དབྱུག་གུའོ་དེ་བཞིན་ཆུ་སྲང་དབུགས། །རིམ་བཞིན་བྱས་པ་ལོངས་སྤྱོད་དོ། །དལ་བ་དག་པ་བྱ་བའི་ཕྱིར། །གནས་གཉིས་གཅིག་ལ་སྐར་མ་ནས། །དགུ་དང་ཆུ་ཚོད་སུམ་ཅུ་སྦྱང་། །མ་ལྡང་འཁོར་ལོ་བསྲེས་ལ་སྦྱང་། །སྦྱངས་ཀྱང་འཁོར་ལོ་ཕྱེད་ལྷག་དོར། །མ་དོར་རིམ་པ་དོར་རིམ་མིན། །དོར་ལྷག་སྐར་གནས་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་བསྲེ། །མདའ་ཡོན་ཟླས་ཐོབ་དལ་རྐང་བཟུང་། །དེ་ཉིད་བཅོ་བརྒྱད་རི་སྔ་རྐང་། །ཕྱི་མ་ལ་ནི་དེ་ལས་བཟློག །རྐང་ཟོས་སྔོན་མས་ལྷག་མ་བསྒྱུར། །མདའ་ཡོན་ཟླ་ཐོབ་ཆུ་ཚོད་དེ། །ལྷག་མ་དྲུག་ཅུས་བསྒྱུར་ལས་ཐོབ། །ཆུ་སྲང་དྲུག་གིས་བསྒྱུར་ཐོབ་དབུགས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །སྔ་རྐང་སྡམ་ཞིང་ཕྱི་ཟིན་དབྲི། །སྔར་གྱི་ལོངས་སྤྱོད་གནས་རྣམས་སུ། །རིམ་མིན་སྦྱིན་ཞིང་རིམ་པས་དོར། །དལ་བའི་ལོངས་སྤྱོད་དག་པའོ། །དལ་དལ་གནས་གཉིས་ཅིག་གིས་ནི། །ཉི་མ་དག་པ་སྦྱང་བར་བྱ། །མེད་ན་འཁོར་བསྲེ་ཕྱེད་ལྷག་དོར། །མ་དོར་རིམ་པ་དོར་རིམ་མིན། །སྦྱངས་ལྷག་སྐར་གནས་ཀྱིས་རྐང་བཟུང་། །རྒྱལ་བ་དང་པོ་གསུམ་མེ་མིག །ལྔ་དང་དྲུག་པར་ཉི་ཤུ་ཅིག །བཅོ་བརྒྱད་ཚེས་དང་དྲག་པོ་དང་། །མེ་རྣམས་ལྔ་རྐང་རིམ་པས་སོ། །དྲག་པོ་སོ་བརྒྱད་བརྒྱ་བཅུ་དང་། །ལྔ་བཅུ་རྩ་གསུམ་ཕྱི་རྐང་ཡིན། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །དྲུག་ཅུས་ཐོབ་པ་རྐང་པའི་ནོར། །ཆུ་ཚོད་ཡིན་ཏེ་ལྷག་དྲུག་ཅུས། །བསྒྱུར་ཐོབ་ཆུ་སྲང་དྲུག་གིས་ནི། །བསྒྱུར་བས་ཐོབ་པ་དབུགས་ཡིན་ནོ། །རྐང་པ་སྔོན་དམར་ཟིན་ན་སྡོམ། །ཕྱི་མར་ཟིན་ན་དབྲི་བར་བྱ། །སྐར་གནས་དྲུག་ཅུས་ལྷག་གྱུར་ན། །དྲུག་བཅུས་དགོས་ཐོབ་སྐར་མ་ཡིན། །དེ་ལྟར་སྐར་མ་ལ་སོགས་ཀྱིས། །སྔར་གྱི་དལ་བ་དག་པ་ལ། །རིམ་མིན་དོར་ཞིང་རིམ་པས་སྦྱིན། །མིག་དམར་མྱུར་བ་དག་པའོ། །ཕུར་བུ་སྤེན་པ་ཉིད་ཀྱང་མཚུངས། །དེ་ནས་གཟའ་ལག་གསལ་བརྗོད་བྱ། །སྤྱི་ཡི་ཉི་མ་བརྒྱ་ཡིས་བསྒྱུར། མེ་དང་ཉི་མ་རི་རྣམས་དབྲི། །རི་སུག་རི་ཀླུས་བགོས་ཐོབ་དོར། །ལྷག་མ་སྐར་མས་བསྒྱུར་ཐོབ་སྐར། །ཆུ་ཚོད་ཆུས་སྲང་དབུགས་རྣམས་ནི། །རིམ་བཞིན་བྱས་པས་ལོངས་སྤྱོད་དོ། །དལ་བ་དག་པར་བྱ་བའི་ཕྱིར། །ཉི་མའི་ཕྱི་དག་གནས་གཉིས་བགོད། །ཅིག་ལ་སྐར་མར་བཅུ་དྲུག་དང་། །ཆུ་ཚོད་ནས་ནི་སུམ་ཅུ་སྦྱང་། །མ་ལྡང་འཁོར་སྲེ་ཕྱེད་ལྷག་དོར། །མ་དོར་རིམ་པ་དོར་རིམ་མིན། །དོར་ལྷག་སྐར་གནས་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མདའ་ཡོན་ཟླས་ཐོབ་དལ་རྐང་བཟུང་། །ཕྱོགས་རི་མེའོ་ཕྱི་རྐང་བཟློག །རྐང་ཟོས་སྔོན་མ་ལྷག་མ་བསྒྱུར། །ཆུ་ཚོད་ཆུ་སྲང་དབུགས་རིམ་བཞིན། །སྔ་རྐང་བསྡམ་ཞིང་ཕྱི་རྐང་དབྲི། །སྔར་གྱི་ཉི་མ་ཕྱེད་དག་ལ། །རིམ་མིན་སྦྱིན་ཞིང་རིམ་པས་དོར། །གཟའ་ལག་དལ་བ་དག་པའོ། །དལ་དག་ཅིག་གིས་ལོངས་སྤྱོད་སྦྱང་། །མེད་ན་འཁོར་བསྲེ་ཕྱེད་ལྷག་དོར། །དོར་ལྷག་སྐར་གནས་ཀྱིས་རྐང་བཟུང་། །བཅུ་དྲུག་ལན་ཅིག་ཚེས་དང་ནི། །བཅུ་བཞི་བཅུ་གསུམ་དྲག་པོ་རི། །མདའ་དང་ནམ་མཁའ་ལྔ་མ་སྟེ། །རིགས་བྱེད་དྲག་པོ་མཁའ་མིག་དང་། །ཉེར་སྤྱོད་སོ་བཞི་ཕྱི་རྐང་ངོ་། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །དྲུག་ཅུས་བགོས་ཐོབ་ཆུ་ཚོད་དེ། །ཆུ་སྲང་དབུགས་ཀྱང་རིམ་བཞིན་བྱ། །སྔར་ཟིན་སྡོམ་ཞིང་ཕྱི་ཟིན་དབྲི། །སྔར་གྱི་དལ་བ་དག་པ་ལ། །རིམ་མིན་དོར་ཞིང་རིམ་པས་སྦྱིན། །གཟའ་ལག་མྱུར་བ་དག་པའོ། །ཕུར་བུ་སྤྱི་ཡི་ཉི་མ་ལ། །མཁའ་མཁའ་རོ་དང་མིག་གིས་ཕྲི། །སོ་མེ་རྒྱ་མཚོ་བགོས་ཐོབ་དོར། །ལྷག་མས་སྐར་མས་བསྒྱུར་ཐོབ་པ། །སྐར་མའི་ཆུ་ཚོད་ཆུ་སྲང་རྣམས། །རིམ་བཞིན་བྱས་པས་ལོངས་སྤྱོད་དོ། །གནས་ཅིག་གཉིས་ལ་སྐར་མ་ནས། །བཅུ་གཉིས་སྦྱངས་པ་དེ་ཉིད་ཀྱིས། །མ་ལྡང་འཁོར་བསྲེ་ཕྱེ་ལྷག་དོར། །མ་དོར་རིམ་པས་དོར་རིམ་མིན། །དོར་ལྷག་སྐར་གནས་དྲུག་བཅུས་བསྒྱུར། །མདའ་ཡོན་བཟླས་ཐོབ་རྐང་པ་བཟུང་། །འཕྲོག་བྱེད་དགུ་མེད་ཕྱི་རྐང་བཟློག །རྐང་ཟོས་སྔོན་མས་ལྷག་མ་བསྒྱུར། །ཆུ་ཚོད་ལ་སོགས་རིམ་པས་བྱ། །སྔ་རྐང་བསྡམ་ཞིང་ཕྱི་རྐང་ཕྲི། །སྔར་གྱི་ལོངས་སྤྱོད་གནས་ཅིག་ལ། །རིམ་མིན་སྦྱིན་ཞིང་རིམ་པས་དོར། །ཕུར་བུ་དག་པ་དག་པའོ། །དལ་དག་གནས་གཉིས་ཅིག་གིས་ནི། །ཉི་མ་དག་པས་སྦྱང་པར་བྱ། །མ་ལྡང་འཁོར་བསྲེ་ཕྱེད་ལྷག་དོར། །མ་དོར་རིམ་པ་དོར་རིམ་མིན། །སྦྱངས་ལྷག་སྐར་གནས་ཀྱིས་རྐང་བཟུང་། །ཕྱོགས་ཕྱོགས་དགུ་བརྒྱད་དྲུག་རོ་དང་། །ལག་པ་ཟླ་བའོ་ཕྱི་མར་ནི། །མེ་རོ་བུག་པ་དྲག་པོ་དང་། །བཅུ་དྲུག་ཐུབ་པ་རིམ་པས་སོ། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །དྲུག་བཅུས་ཐོབ་ནོར་ཆུ་ཚོད་དེ། །ཆུ་སྲང་དབུགས་རྣམས་རིམ་བཞིན་བྱ། །སྔ་རྐང་བསྡམ་ཞིང་ཕྱི་རྐང་ཕྲི། །རིམ་མིན་དོར་ཞིང་རིམ་པས་སྦྱིན། །བླ་མའི་མྱུར་བ་དག་པའོ། །སྤ་སངས་སྤྱི་ཉིར་ཕྱོགས་ཀྱིས་བསྒྱུར། །ཆུ་གཏེར་དང་ནི་ནོར་གྱིས་ཕྲི། །རི་དང་རྒྱལ་བ་མིག་གིས་བགོ །ཐོབ་པ་དང་པོ་དོར་བའི་ལྷག །སྐར་མས་བསྒྱུར་ཐོབ་སྐར་གནས་ཡིན། །ཆུ་ཚོད་སོགས་བྱས་ལོངས་སྤྱོད་དོ། །དལ་བ་དག་པར་བྱ་བའི་ཕྱིར། །ཉི་མ་ཕྱེད་དང་གནས་གཉིས་དགོད། །ཅིག་ལ་སྐར་མ་དྲུག་སྦྱང་བྱ། །མེད་ན་འཁོར་བསྲེ་ཕྱེད་ལྷག་དོར། །མ་དོར་རིམ་པ་དོར་རིམ་མིན། །དོར་ལྷག་སྐར་གནས་དྲུག་བཅུས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མདའ་ཡོན་བཟླས་ཐོབ་དལ་རྐང་བཟུང་། །མདའ་བཟུང་ཟླ་བ་དེ་བཟློག་ཕྱི། །རྐང་ཟོས་སྔོན་མས་ལྷ་མ་བསྒྱུར། །མདའ་ཡོན་བཟླས་ཐོབ་ཆུ་ཚོད་དེ། །ཆུ་སྲང་དབུགས་རྣམས་རིམ་པས་བྱ། །སྔར་རྐང་སྡོམ་ཞིང་ཕྱི་རྐང་དབྲི། །སྔར་གྱི་ཉི་མ་ཕྱེད་དག་ལ། །རིམ་མིན་སྦྱིན་ཞིང་རིམ་པས་དོར། །དེས་ནི་དལ་བ་དག་པའོ། །དལ་བདག་ཅིག་གིས་ལོངས་སྤྱོད་སྦྱང་། །མེད་ན་འཁོར་བསྲེ་ཕྱེད་ལྷག་དོར། །དོར་ལྷག་སྐར་གནས་ཀྱིས་རྐང་བཟུང་། །ཉི་ཤུ་རྩ་ལྔ་གམ་གསུམ་དང་། །རྒྱལ་བ་གནས་གཉིས་ཉེར་གཉིས་གཉིས། །བཅོ་བརྒྱད་ཚེས་ནོར་རྩ་བའོ། །དུས་དང་མཁའ་མེ་གོ་དགུ་དང་། །ཡོན་ཏན་རི་རྣམས་ཕྱི་མའོ། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །དྲུག་ཅུས་དགོས་ཐོབ་ཆུ་ཚོད་དེ། །ཆུ་སྲང་དབུགས་དག་རིམ་པས་བྱ། །སྔ་རྐང་བསྡོམ་ཞིང་ཕྱི་རྐང་ཕྲི། །སྔར་གྱི་དལ་བ་དག་པ་ལ། །རིམ་མིན་དོར་ཞིང་རིམ་པས་སྦྱིན། །སྤ་སངས་མྱུར་བ་དག་པའོ། །སྤེན་པ་སྤྱི་ཡི་ཉི་མ་ལ། །མཁའ་མིག་བརྒྱ་དང་རིགས་བྱེད་དབྲི། །དྲུག་རོ་རི་མཁའ་ཟླ་བས་བགོ །ཐོབ་པ་དང་པོ་དོར་བའི་ལྷག །སྐར་མས་བསྒྱུར་ཐོབ་སྐར་གནས་སོ། །ཆུ་ཚོད་སོགས་བྱ་ལོངས་སྤྱོད་ཡིན། །དེ་ཉིད་གནས་གཉིས་ཅིག་ལ་ནི། །སྐར་མའི་གནས་ནས་བཅོ་བརྒྱད་དོར། །མེད་ན་འཁོར་བསྲེ་ཕྱེད་ལྷག་དོར། །མ་དོར་རིམ་པས་དོར་རིམ་མིན། །དོར་ལྷག་སྐར་གནས་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མདའ་ཡོན་བཟླས་ཐོབ་དལ་རྐང་བཟུང་། །ཉེར་གཉིས་ཚེས་དུས་ཕྱི་རྐང་བཟློག །རྐང་ཟོས་སྔོན་མས་ལྷག་མ་བསྒྱུར། །ཆུ་ཚོད་ཆུ་སྲང་དབུགས་རིམས་བཞིན། །སྔར་ཟིན་བསྡམ་ཞིང་ཕྱི་ཟིན་ཕྲི། །སྔར་གྱི་ལོངས་སྤྱོད་གནས་དེ་ལ། །རིམ་མིན་སྦྱིན་ཞིང་རིམ་པས་དོར། །དལ་བ་དག་པའོ་དེ་གནས་གཉིས། །གཅིག་གིས་ཉི་མ་དག་པ་སྦྱང་། །མ་ལྡང་འཁོར་བསྲེ་ཕྱེད་ལྷག་དོར། །དོར་ལྷག་སྐར་མས་མྱུར་རྐང་བཟུང་། །དྲུག་དང་འབྱུང་མདའ་རིགས་བྱེད་ཆུ། །མིག་དང་ལག་པ་མཁའ་སྔ་རྐང་། །མིག་ཆུ་འབྱུང་བ་རོ་དང་ནོར། །མེ་རྣམས་རིམ་པས་ཕྱི་རྐང་ངོ་། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །དྲུག་ཅུས་ཐོབ་པ་ཆུ་ཚོད་ཡིན། །ཆུ་སྲང་དབུགས་རྣམས་རིམ་པས་བྱ། །སྔ་རྐང་བསྡམ་ཞིང་ཕྱི་རྐང་ཕྲི། །སྔར་གྱི་དལ་བ་དག་པ་ལ། །རིམ་མིན་དོར་ཞིང་རིམ་པས་སྦྱིན།། སྤེན་པའི་མྱུར་བ་དག་པའོ། །གཟའ་རྣམས་རྒྱུ་བའི་རིམ་པ་ལ། །མྱུར་བའི་ལས་ཀྱིས་དུས་སུ་ནི། །མ་རྒལ་མ་དོར་མྱུར་འགྲོས་ཤར། །རྒལ་ལ་མ་དོར་དལ་འགྲོས་ལྷོ། །དོར་ལ་མ་རྒལ་འཁྱོག་འགྲོས་ནུབ། །རྒལ་དོར་འབྱུང་འགྲོས་བྱང་དུའོ། །གཟའ་ལྔའི་རྒྱུ་བ་གསལ་བྱེད་ཡིན། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། གཟའ་ལྔའི་ངེས་པ་གསལ་བ་སྟེ་གཉིས་པའོ།། ༈ །།ཟླ་དག་མིག་དང་ཉི་མ་བསྲེ། །དེ་ལ་མིག་གིས་བསྒྱུར་བར་བྱ། །ཟླ་ཉིར་ཅིག་གཉིས་སོ་སོར་སྦྱིན། །མཁའ་དུས་ཆུ་བོས་དགོས་ཐོབ་དོར། །ལྷག་མ་ཐུབ་པ་ལག་པས་བསྒྱུར། །མཁའ་དུས་སོགས་ཐོབ་ཚེས་སྐར་གནས། །ལྷག་མ་དྲུག་ཅུས་བསྒྱུར་བ་གང་། །སླར་ཐོབ་པ་ནི་ཆུ་ཚོད་ཡིན། །དེ་བཞིན་དུ་ནི་ཆུ་སྲང་དབུགས། །མུན་ཅན་འདས་པའི་དེ་ཡིས་ནི། །རྒྱུ་སྐར་འཁོར་ལོ་ལ་སྦྱངས་སྡོང་། །འཁོར་ལོ་ཕྱེད་བསྲེས་འཇུག་མའོ། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། ཟླ་བ་ཕྱེད་པའི་སྒྲ་གཅན་གསལ་བར་བྱེད་པ་སྟེ་གསུམ་པའོ། ༈ མིག་དང་ཉི་བསྲེས་ཟླ་དག་ལ། །ནམ་མཁའ་མེ་ཡིས་བསྒྱུར་བྱས་ཏེ། །ད་ལྟའི་ཞག་བྱིན་དེ་ལ་ནི། །དྲུག་སྟོང་དགུ་བརྒྱས་བགོས་ཐོབ་དོར། །དོར་རྒྱུ་མེད་ན་དེ་ཉིད་དམ། །ལྷག་མ་སྐར་མས་བསྒྱུར་བ་ལ། དྲུག་སྟོང་དགུ་བརྒྱས་བགོས་ཐོབ་པ། །སྒྲ་གཅན་འདས་པའི་སྐར་མ་ཡིན། །ལྷག་མ་དྲུག་ཅུས་བསྒྱུར་ཐོབ་པ། །ཆུ་ཚོད་ཡིན་ཏེ་ལྷག་དྲུག་ཅུས། །བསྒྱུར་ཐོབ་ཆུ་སྲང་དྲུག་གིས་ནི། །བསྒྱུར་ཐོབ་དབུགས་སུ་ཤེས་པར་བྱ། །དེ་ཡིས་རྒྱུ་སྐར་སྦྱངས་པ་སྡོང་། །རྒྱུ་སྐར་ཕྱེད་བསྲེས་འཇུག་མའོ། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། ཉིན་རེའི་སྒྲ་གཅན་གསལ་བར་བྱེད་པ་སྟེ་བཞི་པའོ།། ༈ །།སྲིན་པོའི་ལོ་ལ་སྲང་གི་ཁྱིམ། །འདས་པའི་མཚམས་ནས་ངེས་བཟུང་བ། །ཟླ་བ་སུམ་ཅུ་སོ་དྲུག་ལ། །མཁའ་མེས་བསྒྱུར་ལ་གནས་གཉིས་བཞག །འོག་མ་མིས་བསྒྱུར་དྲུག་གིས་བགོ །སྟེང་དུ་མིག་གིས་བསྒྱུར་ལ་སྦྱིན། དྲུག་ཅུས་བགོས་པ་སྟེང་དུ་སྦྱིན། །མཇུག་རིངས་འདས་པའི་ལོངས་སྤྱོད་དང་། །ཉི་མར་རིམ་པ་རིམ་མིན་གྱིས། །སྦྱིན་དང་དོར་བར་བྱ་བ་སྟེ། །དལ་བའི་ལོངས་སྤྱོད་དག་པའོ། །དེ་ནས་ཟླ་བ་ཕྱེད་དང་གཉིས། །རིམ་དང་རིམ་མིན་འཐོན་པ་སྟེ། །བྱང་གི་ཕྱོགས་སུ་འགྲོ་བར་བྱེད། །སླར་ཡང་ཟླ་བ་ཕྱེད་པ་ཅིག །རང་གི་ཞིང་ལ་འཇུག་པའི་ཕྱིར། །དེ་ཚེ་ཚེས་གྲངས་གནས་གསུམ་བཞག །སྟེང་མ་དྲུག་གིས་བསྒྱུར་བར་བྱ། །བར་མ་ཉི་ཤུ་བརྒྱད་ཀྱིས་བསྒྱུར། །འོག་ཏུ་མས་བསྒྱུར་དྲུག་གིས་བགོ །བར་མ་སྟེང་མ་དྲུག་ཅུས་བགོ །ཐོབ་པ་སྐར་མ་དང་བཅས་པས། །ཉི་མ་དག་པའི་ལོངས་སྤྱོད་ལ། །རིམས་པས་སྦྱིན་ཞིང་རིམ་མིན་དོར། །དེས་ནི་མྱུར་བ་རྣམ་པར་དག །ཡང་ནི་ཉི་མའི་ལོངས་སྤྱོད་པས། །ལྷན་ཅིག་ཆུ་སྲང་ཕྱེད་དང་གསུམ། །ལྷག་པར་རྒྱུ་བ་ཤེས་པར་བྱ། །དེ་ནི་ཉིན་རེའི་ལོངས་སྤྱོད་ཡིན། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། དུ་བ་འཇུག་རིངས་འཆར་བར་བྱེད་པའི་རྩིས་གསལ་བར་བྱེད་པ་སྟེ་ལྔ་པའོ།། ༈ །།དག་པའི་ལོ་ལ་ཀླུ་བསྲེས་ལ། །དེ་ལ་བཞི་བརྒྱས་བསྒྱུར་བ་བྱ། །ཀླུ་དང་བསྲེས་པའི་ལོ་ཡིས་སྦྱང་། །རི་དང་ཟླ་བ་མེ་ཡིས་བགོ །ཐོབ་པ་སྐར་མའི་གནས་ཡིན་ནོ། །ལྷག་མ་དྲུག་ཅུས་བསྒྱུར་ལ་ཐོབ། །ཆུ་ཚོད་ཡིན་ཏེ་བསྒྱུར་ཐོབ་པ། །ཆུ་སྲང་དྲུག་གིས་བསྒྱུར་ཐོབ་དབུགས། །སྐར་གནས་རིས་བགོས་ལྷག་མ་གཟའ། །གཟའ་ལ་གཉིས་དག་ཆུ་ཚོད་དུ། །མཁའ་མེ་བྱིན་པར་བྱས་པ་ཡིས། །ལོའམ་ཟླ་བ་འཕོ་བར་འགྱུར། །ཁྱིམ་གྱི་འཕོ་བ་བཟུང་བའི་ཕྱིར། །ལུག་སོགས་བཅུ་གཉིས་རིམ་པ་ལྟར། གཟའ་ལ་ཅིག་དང་ཆུ་ཚོད་དུ། །རི་དང་འབྱུང་བ་སྦྱིན་པར་བྱ། །དེ་ནི་ལུག་གི་འཕོ་མཚམས་སོ། །གླང་དུ་རིགས་བྱེད་ཡོན་ཏན་མདའ། །འཁྲིག་པ་ཟླ་བ་རི་དང་ཟླ། །ཀར་ཀ་རིགས་བྱེད་མེ་དང་མདའ། །སེང་གེ་རི་བོང་མིག་དང་ལག །བུ་མོར་རིགས་བྱེད་ཟུང་མིག་སྦྱིན། །སྲང་དུ་དྲུག་དང་འདའ་ཟླ་སྦྱིན། །སྡིག་པར་ཟླ་བ་རི་ཟུང་ངོ་། །གཞུར་ནི་མེ་དག་དྲུག་དང་ཟླ། །ཆུ་སྲིན་རིགས་བྱེད་རི་དང་མེ། །བུམ་པར་དྲུག་དང་རིགས་བྱེད་དོ། །ཉ་ལ་སྟོང་པ་མིག་དང་ཟླ། །བྱིན་པས་ཉི་མ་ཁྱིམ་རྣམས་སུ། །འཕོ་བའི་ངེས་པ་བཟུང་བ་ཡིན། །གཞན་ཡང་ཉི་མའི་འཕོ་བ་ནི། །ཉི་དག་སྐར་མ་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མདའ་ཡོན་བཟླས་ཐོབ་འདས་པའི་ཁྱིམ། །ལྷག་མ་སུམ་ཅུར་བསྒྱུར་བ་ལ། །ཆུ་སྲང་གསུམ་གྱིས་དགོས་ཐོབ་གཞུག མདའ་ཡོན་བཟླས་ཐོབ་ཁྱིམ་དེའི་ཞག །ལྷག་མ་དྲུག་ཅུས་བསྒྱུར་ཐོབ་པ། །ཆུ་ཚོད་དེ་བཞིན་ཆུ་སྲང་དབུགས། །ཉི་མ་འཕོ་བའི་ངེས་པ་ཡིན། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། ལོའི་འཕོ་བ་དང་ཉི་མ་ཁྱིམ་ལ་གསལ་བར་བྱེད་པ་སྟེ་དྲུག་པའོ།། ༈ །།དེ་ནས་ལོ་ཟླ་ཞག་སོགས་ཀྱིས། །ཁྱིམ་དང་སྐར་མ་སྦྱོར་བ་དང་། །བྱེད་པའི་རིམ་པ་གསལ་བཤད་བྱ། །རབ་སྐྱེ་འབྱོར་པ་དཀར་པོ་དང་། །བག་ཡོད་སྐྱེ་དགུའི་བདག་ལུས་འགྲོ། །དཔལ་ཞལ་དངོས་པོ་ལང་ཚོ་དང་། །འཛིན་པ་དབང་ཕྱུག་འབྲུ་མང་པོ། །བག་ཅན་རྣམས་གནོན་མི་བདག་དང་། །རི་མོའི་ཉི་མ་ཉི་མ་བཟང་། །སྒྲོལ་བྱེད་ས་བདག་མ་བཟད་པ། །ཐམས་ཅད་རྒྱལ་བ་ཐམས་ཅད་འཛིན། །འགལ་བ་ཅན་དང་རྣམ་པར་འགྱུར། །བོང་བུ་དགའ་བོ་རྣམ་པར་རྒྱལ། །རྒྱལ་བ་འདོད་པ་ཁ་ངན་པ། །གསེར་འཆང་རྣམ་པར་ཐོགས་པ་དང་། །གྱུར་པ་དང་ནི་ཀུན་ཁྱེར་དང་། །རྒྱལ་བ་དེ་བཞིན་དགེ་བྱས་ཉིད། །བཟང་པོ་ཁྲོད་འཛིན་སྣ་ཚོགས་གནས། །རྙས་པ་འདུ་འཛི་ཕུར་པ་དང་། །ཞི་བ་ཐུན་མོང་འགལ་བ་བྱེད། །ཡོངས་སུ་རྒྱུག་པ་ཞེས་བྱ་དང་། །བག་ཡོད་པ་དང་དགའ་བའོ། །སྲིན་པོ་མེ་དང་སེར་པོ་དང་། །དུས་ཀྱི་ཕོ་ཉ་གྲུབ་པའི་དོན། །དྲག་པོ་བློ་གྲོས་ངན་རྔ་སྒྲ། །ཁྲག་འགྲོ་ཁྲག་གི་མིང་དང་ནི། །ཁྲོ་བོ་ཟད་པ་ཞེས་བྱ་བ། །ལོ་ནི་དྲུག་ཅུ་ཐམས་པའོ། །རྒྱུ་སྐར་ཁྱིམ་གྱི་འཁོར་ལོ་ནི། །ཐ་སྐར་བྲ་ཉེ་སྨིན་དྲུག་གི །རྐང་པ་ཅིག་ནི་ལུག་གི་ཁྱིམ། །སྨིན་དྲུག་རྐང་གསུམ་སྣར་མ་དང་། །མགོའི་ཕྱེད་ནི་གླང་ཞེས་བྱ། །མགོ་ཕྱེད་ལག་དང་ནམ་སོ་ཡི། །རྐང་པ་གསུམ་ནི་འཁྲིག་པའོ། །ནམ་སོའི་བཞི་ཆ་རྒྱལ་དང་སྐག །ཀར་ཀ་ཏ་ཞེས་བརྗོད་པ་ཡིན། །མཆུ་གྲེ་སྦོ་ཡི་རྐང་པ་ཅིག །སེང་གེའི་ཁྱིམ་དུ་ཤེས་པར་བྱ། །སྦོ་ཡི་རྐང་གསུམ་མེ་བཞི་དང་། །ནག་པའི་ཕྱེད་ནི་བུ་མོ་ཡི། །དེའི་ཕྱེད་ས་རི་ས་ག་ཡི། །བཞི་གསུམ་སྲང་གི་ཁྱིམ་དུ་བརྗོད། །ས་གའི་བཞི་ཆ་ལྷ་འཚམས་དང་། །སྣོན་ནི་སྡིག་པའི་ཁྱིམ་ཞེས་བྱ། །སྣུབས་དང་ཆུ་སྟོད་ཆུ་སྨད་ཀྱི། །བཞི་ཆ་གཞུ་ཡི་ཁྱིམ་དུ་ངེས། །ཆུ་སྨད་བཞི་གསུམ་གྲོ་ཞུན་དང་། །མོན་གྲེའི་ཕྱེད་ནི་ཆུ་སྲིན་ཡིན། །དེ་ཕྱེད་མོན་གྲུ་ཁྲུམས་སྟོད་ཀྱི། །རྐང་པ་གསུམ་ནི་བུམ་པའོ། །ཁྲུམས་སྟོད་བཞི་ཆ་ཁྲུམས་སྨད་དང་། །ནམ་གྲུ་ཉ་ཡི་ཁྱིམ་དུ་བརྗོད། །དེ་ལྟར་རྒྱུ་སྐར་ཉི་ཤུ་བདུན། །ཁྱིམ་ནི་བཅུ་གཉིས་རིམ་པས་ཏེ། །དཔྱིད་འབྲིང་ལ་སོགས་ཟླ་བ་བརྗོད། །ཉི་ཟླ་དམར་ལག་ཕུར་སངས་སྤེན། །རེས་ལ་འཆར་བའི་གཟའ་ཞེས་བྱ།། རྣམ་སེལ་དགའ་བ་ཚེ་ལྡན་དང་། །སྐལ་ལྡན་མཛེས་པ་ཤིང་དུ་འཕེལ། །ཟླ་བཟང་འཛིན་པ་ཟུང་རྔུ་དང་། །ཕོལ་དང་འཕེལ་བ་ངེས་པ་དང་། །བར་ཆད་དགའ་བྱེད་རྡོ་རྗེ་དང་། །གྲུབ་པ་ལྟས་ངན་མཆོག་ཅན་དང་། །ཡོངས་འཇོམས་ཞི་བ་བསྒྲུབ་བྱ་དང་། །སྒྲུབ་བྱེད་དགེ་བ་དཀར་པོ་དང་། །ཚངས་པ་དབང་པོ་རྣམ་འཛིན་ཏེ། །སྦྱོར་བ་ཉི་ཤུ་རྩ་བདུན་ནོ། །བ་བང་བ་ལག་བཀོལ་བང་དང་། །ཏོ་ཏི་ལང་དང་གར་ཛང་དང་། །བྷ་ནི་ཛང་དང་བཱི་ཊི་སྟེ། །འདི་དག་ཚེས་ཕྱེད་རིམ་པ་ཡིས། །དཀར་ནག་ཚེས་ལས་འབྱུང་བ་སྟེ། །དཀར་པོའི་ཚེས་ཕྱེད་ཅིག་འབྲི་སྟེ། །ཕྱི་མའི་ཕྱེད་ལ་བ་བང་ངོ་། །དེ་བཞིན་ཀུན་ལ་ཤེས་བྱ་སྟེ། །གཉིས་པར་བ་ལབ་ཀོལ་བང་ངོ་། །གསུམ་པར་ཏོ་ཏི་ལང་གང་ཛང་། །བཞི་པར་བ་ནི་ཛང་བང་ི། །ལྔ་པར་བ་བང་བ་ལབ་སྟེ། །དྲུག་པར་ཀོལ་བང་ཏི་ཏེ་ལང་། །བདུན་པར་གར་རྫང་བ་ཎི་ཛང་། །བརྒྱད་པར་བི་ི་བ་བང་ནས། །ཡང་ནི་སྔར་བཞིན་བཅོ་ལྔའི་བར། །ནག་པོའི་ཚེས་གཅིག་ཕྱེད་ཕྱེད་དུ། །བ་ལང་དང་ནི་ཀོལ་བང་ངོ་། །ཡང་ནི་བརྒྱད་པར་དེ་ཉིད་དེ། །ནག་ཕྱོགས་བཞི་བཅུའི་བར་དུ་ཡིན། །དེ་ཡི་ཕྱེད་དུ་ས་གུ་ནི། །གནམ་སྟོང་རྐང་བཞི་ཀླུ་ཞེས་བྱ། །མཚམས་སུ་བཅུ་དྲུག་པ་ཡི་ཆ། །དེ་ལྟར་བྱེད་པ་བཅུ་གཅིག་འགྱུར། །བཅུ་དྲུག་པ་བི་ིའི་ཆ། །ཀི་སྣུ་གྷན་ས་ཞེས་བྱ་སྟེ། །མི་དགེ་གཞན་དག་དགེ་བར་བྱེད། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། །ལོ་ཟླ་སྐར་མའི་ཁྱིམ་དང་སྦྱོར་བ་བྱེད་པ་གསལ་བར་བྱེད་པ་སྟེ་བདུན་པའོ།། ༈ །།དེ་ནས་ཉི་ཟླ་སྒྲ་གཅན་སོགས། །གཟའ་རྣམས་བརྟག་པའི་ལོངས་སྤྱོད་ནི། །ལོ་གཅིག་མཁའ་དུས་མེ་ཡིས་བསྒྱུར། །གནས་གཉིས་གཉིས་ཀྱིས་བསྒྱུར་བ་འོག །དྲུག་ཅུ་རྩ་ལྔར་ཆས་དགོས་ཐོབ། །སྟེང་གི་ཕུང་པོར་བྱིན་བསྣན་ཏེ། །ལྷག་མ་དྲུག་ཅུ་ཡིས་བསྒྱུར་ལ། །སླར་ཡང་ཆ་ཐོབ་དེ་ནས་འོག །ལྷག་མ་ཡང་ནི་དྲུག་ཅུས་བསྒྱུར། །ཆ་ཐོབ་དེ་ནས་ཡང་ནི་འོག །ཡང་ནི་ལྷག་མ་དྲུག་གིས་བསྒྱུར། །དྲུག་ཅུ་རྩ་ལྔའི་ཆས་དགོས་པ། །ཐོབ་པ་དེ་ཡང་འོག་ཏུ་བཞག །དབུགས་རིལ་པོ་དེ་མི་བདག་པོ། །ཉིན་ཞག་དབྱུག་གུ་ཆུ་སྲང་དང་། །དབུགས་བྱས་དེ་ཡང་གནས་གསུམ་བཞག །འོག་ཏུ་རི་མཁའ་རིས་ཐོབ་པ། །དབུས་ཀྱི་ཕུང་པོར་བྱིན་ལ་བསྲེ། །དེ་ནས་དྲུག་ཅུ་རྩ་བཞིས་ཐོབ། །སྟེང་གི་ཕུང་པོར་དབྲི་བར་བྱ། །འདིར་ནི་ལྷག་པའི་ཉིན་ཞག་དང་། །དབྱུག་གུར་དང་ནི་ཆུ་སྲང་དང་། །དབུགས་དང་ཉི་མའི་དཀྱིལ་འཁོར་སྟེ། །འདིར་ནི་འཁོར་ལོའི་ལོངས་སྤྱོད་འགྱུར། །གང་ཞིག་ཉིན་ཞག་ཅིག་དེ་ལ་སུམ་བརྒྱ་དྲུག་ཅུ་རྩ་ལྔས་བགོ །ལྷག་དྲུག་བཅུས་བསྒྱུར་སྐར་བསྒྱུར། །དེ་ནས་དབྱུག་གུ་དྲུག་བཅུས་ཏེ། །ཉི་མའི་དཀྱིལ་འཁོར་ལོངས་སྤྱོད་ཀྱིས། ཐོབ་པའི་དབྱུག་གུ་ཉིན་རེ་རེ། །སླར་ཡང་དྲུག་ཅུས་བསྒྱུར་ཆུ་སྲང་། །དྲུག་གིས་བསྒྱུར་བ་དབུགས་སུ་འགྱུར། །ལོངས་སྤྱོད་འདི་ཡི་ཉི་སྐར་དང་། །དབྱུག་གུ་ལ་སོགས་རྣམས་སུ་སྦྱོར། བསྒྲོད་པའི་དང་པོ་ཉིན་རེ་བཞིན། །སླར་ཡང་བསྒྲོད་འགྱུར་པ་ཡི་ཆར། །གསུངས་པའི་ལས་རྣམས་ཆོ་ག་ཡིས། །ཉི་མའི་རྐང་བ་སྦྱང་བར་བྱ། །གཞན་དུ་བྱེད་པའི་ལམ་གྱིས་ནི། །ཉི་མ་རྟག་ཏུ་དག་པ་མེད། །ཉི་མའི་ལོངས་སྤྱོད་མ་དག་པས། །སྦྱོར་བ་བཀྲ་ཤིས་ལ་སོགས་པ། ངེས་པས་མི་གསལ་འགྱུར་བས་འདིར། །རྩ་བ་ཉམས་པའི་ཤིང་བཞིན་ནོ། །ཟླ་བའི་དཀྱིལ་འཁོར་བཤད་བྱ་བ། །ཁྱིམ་གྱི་འཁོར་ལོའི་ལོངས་སྤྱོད་ནི། །ཉི་མའི་ཟླ་ཅིག་དབྱུག་གུར་བསྲེས། །སུམ་ཅུ་ཡིས་ནི་ཤས་ཐོབ་པ། །ཆུ་ཚོད་ཡིན་ཏེ་ལྷག་དྲུག་ཅུས། །བསྒྱུར་ཐོབ་ཆུ་སྲང་ཉིད་དུ་འགྱུར། །ཟླ་བའི་ལོངས་སྤྱོད་ཉིན་རེ་ལ། །དབྱུག་གུའི་འཁོར་ལོ་དབྱུག་གུའི་མཐར། །གང་གིས་ཟོས་པ་ཟླ་ཉི་མའོ། །དབྱུག་གུ་ཆུ་སྲང་དབུགས་རྣམས་ཀྱིས། །དེ་ནས་དེ་ཡི་དལ་དུ་འགྱུར། །ཉི་མ་དགུ་བརྒྱ་དྲུག་སྟོང་རྣམས། །སྒྲ་གཅན་གྱི་ནི་དཀྱིལ་འཁོར་རོ། །བཀྲ་ཤིས་ལ་སོགས་རབ་གྲགས་པ། །རང་རང་དཀྱིལ་འཁོར་རྒྱུ་བས་སོ། །ཉིན་ཞག་ཅིག་ལ་སྐར་མར་བསྒྱུར། །དཀྱིལ་འཁོར་གྱི་ནི་རྣམ་པར་དགོས། །ཐོབ་པ་རྣམས་ནི་སྐར་མར་འགྱུར། །ལྷག་མ་དྲུག་ཅུས་བསྒྱུར་ནས་ཡང་། །དབྱུག་གུའི་དཀྱིལ་འཁོར་ཆ་ཡིས་ནི། །ཐོབ་པ་ཆུ་སྲང་དེ་བཞིན་ཡང་། །དབུགས་རྣམས་དལ་བ་ཆ་ཡིས་ནི །རྒྱལ་པོ་གཟའ་རྣམས་སོ་སོ་རྒྱུ། །དེ་ཉིད་བསྣན་པར་བྱས་པ་ནི། །གཟའ་ཡི་ལོངས་སྤྱོད་སྦྱངས་པ་གཟའ། །གཟའ་ཡི་ལོངས་སྤྱོད་མ་དག་ན། །ཟླ་བའི་ཆ་ནི་འཆར་བ་ལས། །ཤེས་བྱ་ཟླ་བའི་ལོངས་སྤྱོད་ཀྱིས། །རི་མོ་དུ་མར་གནས་པ་ཉིད། །དེ་ནས་བསྒྲོད་པས་ཉི་མ་སྦྱོང་། །ཉི་མ་ཡིས་ནི་ཟླ་བ་སྦྱང་། །ཆ་ཅིག་གནས་པ་ལོངས་སྤྱོད་དོ། །ཟླ་བས་བཀྲ་ཤིས་ལ་སོགས་པ། །ཚེས་ལ་སྒྲ་གཅན་ཞུགས་པ་ཡིས། །དུས་ཚིགས་ཟད་པའི་དཀར་ནག་ནི། །ཚེས་དག་གིས་ནི་གཉིས་དབུས་སུ། །ཟླ་བ་ཉི་མ་སྦྱོར་འཛིན་པའོ། །དེ་བཞིན་ཐམས་ཅད་ཡོངས་ཤེས་བྱ། །གྲུབ་པ་མཐའ་ཡི་ལོངས་སྤྱོད་གཞན། །གཞན་དུ་བསྡུད་པ་བྱེད་ལ་སོགས། །འདི་ནི་མ་དག་རྣམ་པར་སྤངས། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། བཅོམ་ལྡན་འདས་ཀྱིས་གསུང་པའི་རྟག་པའི་རྩིས་གསལ་བར་བྱེད་པ་སྟེ་བརྒྱད་པའོ།། ༈ །།དེ་ནས་གཟའ་རྣམས་དག་བྱེད་པ། །མགོ་ལ་ཡང་ནི་ཉི་མ་ཡི། །བསྒྲོད་པ་ཉིན་མཚན་འཕེལ་འགྲིབ་དང་། །དུས་སུ་འཁོར་བ་བཤད་པར་བྱ། །ཐ་སྐར་ནག་པའི་ཕྱེད་བཅས་པ། །མགོ་ལ་མཉམ་པའི་རི་མོ་སྟེ། །ནག་པའི་ཕྱེད་ནས་ནམ་གྲུའི་བར། །ལྷོར་གནས་ཁྱིམ་ནི་གཞུ་ལྟ་བུ། །དེ་བཞིན་ཐ་སྐར་ལ་སོགས་རྣམས། །བྱང་དུ་ཁྱིམ་ནི་པད་མ་འདྲ། །གང་ལྡན་ནས་ནི་མེ་རླུང་བར། །གཟའ་རྣམས་རྒྱུ་བའི་ལམ་ཡིན་ཏེ། །ཐམས་ཅད་ཉི་མའི་རྗེས་འགྲོ་བར། །ཀར་ཀ་ཏ་ཡི་ཁྱིམ་སྐྱེས་པ། །བྱང་བསྒྲོད་མཐར་ཐུག་ནམ་མཁའ་ལ། །དཔག་ཚད་བརྒྱད་ཁྲི་དྲུག་སྟོང་སྟེ། །དེ་ལས་སྟོང་ཕྲག་བཅུ་ཅིག་གིས། །དམའ་བར་ལྷོར་བསྒྲོད་མཐར་ཐུག་ཡིན། །མགོ་ལར་བརྒྱད་ཁྲི་ལྔ་བརྒྱའི་ཚད། །སྟེང་དང་འོག་གི་བསྒྲོད་པར་བཤད། །ལྷོ་དང་བྱང་དུ་ནམ་མཁའ་ལ། །དཔག་ཚད་བདུན་ཁྲི་ལྔ་སྟོང་འགྲོ། །དེ་ཕྱེད་མགོ་ལའི་རི་མོ་ཡིན། །བརྒྱ་དང་བརྒྱ་བཅུ་ཕྱེད་གསུམ་གྱིས། །ཞག་ལ་སྟེང་འོག་ལྷོ་བྱང་འགྲོ། །ཞག་གིས་སྟོང་ཕྲག་བཅུ་ཅིག་བགོས། །རྙེད་པ་ཉིན་ཅིག་སྟེང་འོག་ཚད། །བདུན་ཁྲི་ལྔ་སྟོང་ཞག་གིས་བགོས། །ཐོབ་པ་ཞག་ཅིག་ལྷོ་བྱང་ཡིན། །ལོ་ཅིག་བསྒྲོད་པ་གཉིས་ཡིན་ཕྱིར། །ཉིན་མཚན་རིང་ཐུང་ཤེས་བྱས་ཏེ། །ཞག་རེ་ཆུ་སྲང་བཞི་བཞི་ཡིས། །འཕེལ་འགྲིབ་ལྷ་ཆེན་གྱིས་བསྟན་པ། །ཀེ་ལ་ཤ་ཡི་བྱང་དུ་ཡིན། །རྒྱ་མཚོའི་སྲོག་དང་ཆུ་སྲང་མེ། །གངས་ལྡན་ལྷོ་ཡི་ཕྱོགས་སུ་འགྲོ། །ཤམ་བྷ་རྒྱ་དང་ལི་དང་བོད། །འཕགས་པའི་ཡུལ་རྣམས་རིམ་པ་ཡིས། །དབུགས་གཉིས་དམན་པར་འཕེལ་འགྲིབ་བྱེད། །དབྱུག་གུ་རོ་དང་ཉི་མའི་བར། །མཐར་ཐུག་དུས་སུ་ཤེས་པར་བྱ། །ལུག་དང་སྲང་དུ་སུམ་ཅུར་མཉམ། །དེ་ཕྱིར་གཟའ་རྣམས་ཉི་མས་སྦྱོང་། །འཛམ་གླིང་དཔྱིད་འབྲིང་ཟླ་བ་ལ། །ཤར་འཚམས་དཔྱིད་ཟླ་ཐ་མས་ཏེ། །དེ་འོག་དབྱར་ར་ལུས་འཕགས་འབྲིང་། །བྱང་ཤར་དབྱར་ཐ་སྟོན་རས་ཏེ། །སྒྲ་མི་སྙན་ནི་སྟོན་འབྲིང་ཡིན། །ནུབ་བྱང་སྟོན་ཐ་རྒྱུན་རར་ཤེས། །བ་གླང་སྤྱོད་དུ་རྒུན་འབྲིང་ཡིན། །ལྷོ་ནུབ་རྒུན་ཐ་དཔྱིད་ར་བར། །ས་ཡི་དུམ་བུ་བཅུ་གཉིས་སུ། །དེ་ལྟར་དུས་ནི་ཀུན་དུ་འཁོར། །ཁྱིམ་རྣམས་བསྒྲོད་པའི་དབང་གིས་སོ། །ལྷུན་པོ་གཡས་ནས་བསྐོར་བྱེད་ཅིང་། །རང་འགྲོས་གཡོན་དུ་འགྲོ་བའི་ཕྱིར། །བདུན་པར་འཆར་ཞིང་ནུབ་པ་ཡིན། །རྟག་པར་འབུམ་ཕྲག་དྲུག་ཏུ་འཁོར། །དེ་ཕྱེད་ཉིན་དང་མཚན་མོའི་ཆ། །དུས་བཞི་ཐུན་བརྒྱད་དུས་སྦྱོར་ཉི། །ཡུད་ཙམ་མཁའ་མེ་ཆུ་ཚོད་དང་། །ཆུ་སྲང་དབུགས་དང་སྐད་ཅིག་གི །རིམ་པས་འཇིག་རྟེན་རྒྱུ་བར་སྣང་། །སྒྲ་གཅན་མ་གཏོགས་གཟའ་གཞན་རྣམས། །གདུག་པའི་སྡིག་པ་ཅན་དུ་བརྗོད། །སྒྲ་གཅན་བསོད་ནམས་ལྡན་པའི་འགྲོས། །ཁྱིམ་བཞིན་ལྷག་པར་རྒྱུ་བ་ཡིན། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། མགོ་ལ་དང་ཉི་མའི་བགྲོད་པ་དང་ཉིན་མཚན་དང་གཟའ་ཐམས་ཅད་ཀྱི་འཁོར་ལུགས་བསྟན་པ་སྟེ་དགུ་པའོ།། ༈ །།དེ་ནས་ཉི་མ་ཟླ་བ་ལ། །སྒྲ་གཅན་འཇུག་པ་བཤད་པ་བྱ། །དུས་རྩིག་བཅད་པའི་དཀར་ནག་ཚེས། །འཚམས་སུ་ངེས་པར་འཛིན་བྱེད་པས། །ཉི་མ་དག་པ་གནས་གཉིས་བགོད། །གཅིག་ལ་སྒྲ་གཅན་འདས་པ་བསྲེ། །ཅིག་དང་གདོང་འཇུག་གང་མང་པས། །ཉུང་གིས་སྦྱངས་ལ་ལྷག་མ་གཉིས། །གདོང་ལ་ཕྲི་ཞིང་འཇུག་མ་སྦྱིན། །རྒྱུ་སྐར་རྫོགས་དང་ཕྱེད་ལྷག་དོར། །ལྷག་མ་མེད་ན་ངེས་པར་འཛིན། །གདོང་འཇུག་གོ་བཟློག་འཛིན་མ་ཡིན། །ཡུན་དང་ཆ་བའི་ངེས་པ་ནི། །དབྱུང་གུར་ལྷག་མ་བདུན་གྱི་བར། །བྱུང་ན་ཕྱོགས་སྦྱིན་དེ་བས་ནི། །མང་བར་གྱུར་ན་ལྔ་བྱིན་ལ། །དེ་ཡི་མཁའ་དང་དུས་ལ་ཕྲི། །ལྷག་མ་ཉིས་བསྒྱུར་དྲུག་ཅུས་བགོ །ཐོབ་པས་ཆ་དང་ཆུ་ཚོད་ཤེས། །ཉི་མའི་ཆ་ནི་བཅུ་གཉིས་ཡིན། །ཟླ་བ་རྫོགས་པའི་ལོངས་སྤྱོད་ལ། །ཚེས་གཟའི་ཆུ་ཚོད་མན་ཆད་བསྲེ། །སྒྲ་གཅན་དུས་མེའི་ལོངས་སྤྱོད་དང་། །གང་མང་བ་ལ་ཉུང་གིས་དབྲི། །ལྷག་མ་ཕྱོགས་གསུམ་བྱུང་གྱུར་ན། །མཉམ་དུ་འགྲོགས་ཀྱང་འཛིན་མི་འགྱུར། །སུམ་ཅུས་ལྷག་ན་ཕྱེད་དུ་འགྱུར། །ཀུན་སྟོང་ཐམས་ཅད་འཛིན་པ་སྟེ། །དེ་ལྟར་རིམ་པས་ཤེས་པར་བྱ། །འདི་གསང་པ་ཡི་ངེས་པ་ནི། །ཉི་དག་སྒྲ་གཅན་འདས་པ་བསྲེ། །རྒྱུ་སྐར་རྫོགས་དང་ཕྱེད་ལྷག་དོར། །ལྷག་མ་སྔར་དང་མཚུངས་པར་འགྱུར། །ཟླ་བའི་ཆ་ནི་བཅོ་ལྔ་ཡིན། །ཕྱོགས་ནི་བསྒྲོད་པའི་རིམ་པ་ཡིས། །ངེས་པར་གསལ་བར་འགྱུར་བ་ཡིན། །ཁ་དོག་གདོང་འཇུག་ནག་དང་དམར། །དུས་ནི་ཚེས་ཟླའི་ངེས་པས་བསྟན། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། ཉི་མ་དང་ཟླ་བ་ལ་སྒྲ་གཅན་འཇུག་པ་གསལ་བར་བྱེད་པ་སྟེ་བཅུ་པའོ།། ༈ །།ཚེས་ཀྱི་འཕོ་མཚམས་ངེས་པ་ནི། །དབྱར་དགུན་མཐར་ཐུག་བཅུ་དང་ཕྱེད། །སྣང་མུན་མཉམ་ལ་མདའ་བཞི་ཆ། །སྟོན་དཔྱིད་ར་ཐ་ཐུབ་པ་སྟེ། །དབྱར་རྒུན་ར་ཐ་བརྒྱད་བཞི་གསུམ། །རེས་ཀྱི་གཟའ་ཡི་ཆུ་ཚོད་དུ། །བྱིན་པ་ནམ་ལངས་ནས་བཟུང་ནས། །ཟད་དུས་ཚེས་འཕོ་ཉི་ཟླ་འཛིན། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། ཚེས་ཀྱི་འཕོ་འཚམས་གསལ་བར་བྱེད་པ་སྟེ་ཅུ་གཅིག་པའོ།། ༈ །།དེ་ནས་བྱེད་པ་འཕོ་བ་བཤད། །གྲངས་རྣམས་ཀུན་གྱི་དང་པོ་ལ། །རབ་སྐྱེས་སོགས་སྦྱིན་ལོ་དག་གོ །ཉིས་བསྒྱུར་དཔྱིད་འབྲིང་ལ་སོགས་བསྲེ། །གནས་གཉིས་འོག་མར་གཉིས་ཀྱི་བསྒྱུར། །མདའ་རོས་ཐོབ་པ་བྱིན་ཟླ་དག །གནས་གསུམ་བར་མར་སོ་ཡིས་བསྒྱུར། །འོག་མར་དུག་གིས་རྙེད་པ་ལ། །གཉིས་ཕྲི་བར་སྦྱངས་ལྷག་མ་མཁའ། །བྱིན་པས་བར་ནས་ཅིག་ཕབ་སྦྱངས། །ཆུ་སྲང་ཡིན་ནོ་བར་མ་ནི། །དྲུག་ཅུས་དགོས་ལྷག་ཆུ་ཚོད་དེ། །ཐོབ་པ་གཉིས་ཕྲི་སྟེང་ལ་གཞུག །བདུན་གྱིས་བགོས་པའི་ལྷག་མ་གཟའ། །ཟླ་དག་བརྒྱད་ཁྲི་གནས་གཉིས་བཞག །འོག་མར་དུས་དང་ཉི་མ་ཡིས། །བགོས་ལྷག་ཆ་ཤས་ཐོབ་པ་ལ། །གཉིས་བསྲེ་སྟེང་མ་ལག་བསྒྱུར་གཞུག །ཀླུ་ལག་བགོས་ལྷག་རིལ་པོ་ཡིན། །གནས་གསུམ་བར་མར་དྲག་པོས་བསྒྱུར། །འོག་ཏུ་གསུམ་ཕྲི་དགུ་མེས་བགོ །ཐོབ་པས་བར་སྦྱངས་ལྷག་དྲུག་ཅུས། །བསྒྱུར་ཐོབ་ཡང་ལྷག་དྲུག་བསྒྱུར་ཐོབ། །ཅིག་ཕབ་རིམས་སྦྱངས་ཆུ་སྲང་དབུགས། །དབུས་མར་ཉི་ཤུ་རྩ་ལྔ་བསྲེས། །དྲུག་ཅུས་བགོས་ལྷག་ཆུ་ཚོད་དེ། །ཐོབ་པ་སྟེང་མིག་བསྒྱུར་ལ་གཞུག །དེ་ལས་སྐར་བགོས་ལྷག་སྐར་གནས། །གཞན་དག་སྔར་བཞིན་ཤེས་པར་བྱ། །ཟླ་དག་ཆུ་བོ་དྲག་པོ་བསྲེ། །མིག་གིས་བསྒྱུར་ལ་ཟླ་བར་ཅིག །ཉི་མར་གཉིས་བསྲེ་མཁའ་དུས་ཆུས། །བགོས་ཐོབ་དོར་ཞིང་མ་ཐོབ་ན། །དེ་ཉིད་སྐར་བསྒྱུར་སྔ་མ་བཞིན། །ཟླ་དག་མིག་དང་ལག་པ་བསྲེ། །སུམ་ཅུས་བསྒྱུར་ལ་ཆུ་བོ་ཕྲི། །གནས་གསུམ་འོག་མར་རི་མཁའ་རིས། །ཐོབ་པ་དབུས་བསྲེ་རེ་བཞིས་བགོས། །ཐོབ་པས་སྟེང་ཕྲི་སྤྱི་ཉི་ཡིན། །བཀྲ་ཤིས་དོན་དུ་སྤྱི་ཉི་ལ། །མཁའ་ཀླུ་ཟླ་ཕྲི་རི་ཀླུ་རོས། །བགོས་ཐོབ་དོར་ལྷག་སྔ་མ་བཞིན། །གཟའ་ལག་སྤྱི་ཉིར་བརྒྱ་ཡིས་བསྒྱུར། །རི་མེ་རི་རོ་བུ་ག་ཕྲི། །རི་ཕུག་རིས་ཀླུས་བགོས་ཐོབ་དོར། །ཕུར་བུ་སྤྱི་ཡི་ཉི་མ་ལ། །བུ་ག་ཟླ་བ་རིགས་བྱེད་བསྲེ། །སོ་མེ་རྒྱ་མཚོས་བགོས་ཐོབ་དོར། །སྤ་སངས་སྤྱི་ཉིར་ཕྱོགས་ཀྱིས་བསྒྱུར། །དྲུག་ཅུ་མཁའ་དང་ཀླུ་ཡིས་ཕྲི། །རི་དང་རྒྱལ་བ་མིག་བགོས་དོར། །སྤེན་པ་སྤྱི་ཡི་ཉི་མ་ལ། །མེ་མདའ་ཆུ་བོ་ཟླ་བ་བསྲེ། །དྲུག་རོ་རི་མཁའ་བཟླས་ཐོབ་དོར། །ལྷག་མ་ཐམས་ཅད་སྔར་བཞིན་བྱ། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས་མ་འོངས་པ་ན་འབྱུང་བའི་རྩིས་གཞི་གསལ་བར་བྱེད་པ་སྟེ་བཅུ་གཉིས་པའོ།། ༈ །།ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ལུས་ཅན་རྣམས་ཀྱི་ལུས་ལ་ནི། །ཅི་ལྟར་རླུང་གི་རྒྱུ་བ་ཡི། །དུས་ཀྱི་འཁོར་ལོར་མ་ཚང་མེད། །རྫོགས་པའི་དབུ་མའི་རླུང་རྣམས་ལ། །གཟའ་རྣམས་རྐང་པ་འབྱུང་བས་ཏེ། །གང་དུ་སྒྲ་གཅན་རྩ་བའི་རླུང་། །དེ་ཡི་ཆ་ཤས་བཞི་རུ་འགྱུར། །གཟའ་ལྔའི་མྱུར་དང་དལ་བ་དང་། །མཇུག་རིངས་ཉི་ཟླའི་རྐང་པའོ། །སྐྱེས་བུ་ཚེ་ལོ་བརྒྱ་པ་ཡི། །དབུ་མ་ལོ་གསུམ་ཕྱོགས་གསུམ་ལ། །མངལ་གྱི་ཟླ་དགུའི་དབྱུག་གུ་བསྡུས། །ཞག་དགུར་གྱུར་པ་དེ་ལ་སྦྱིན། །ཆུ་བོ་མེ་དང་དྲག་པོའི་གྲངས། །མྱུར་བའི་རྐང་པ་མ་ལུས་ཡིན། །མིག་དམར་རིགས་བྱེད་དུས་དང་མེ། །གཟའ་ལག་ཆུ་བོ་བུ་ག་ཟླ། །ཕུར་བུ་ཆུ་བོ་མཁའ་ཟླས་ཏེ། །སྤ་སངས་དྲུག་ཟླ་ཆུ་བའི་གྲངས། །སྤེན་པ་རོ་མདར་ངེས་པ་ཡིན། །གང་གིས་དབུ་མའི་ལོ་གསུམ་དང་། །ཟླ་ཕྱེད་ཅིག་བཅས་ནོར་གྱི་བསྒྱུར། །མིག་དང་བུབ་པ་ལག་པའི་གྲངས། །གཟའ་ལྔ་དལ་བའི་རྐང་པ་ཡིན། །མིག་དམར་མཁའ་མཁའ་ཟླ་བ་ལ། །གཟའ་ལག་མཁའ་དང་ཆུ་བོ་ཡིན། །ཕུར་བུ་རོ་དང་རིག་བྱེད་དང་། །སྤ་སངས་མཁའ་དང་ལག་པར་གྲགས། །དྲུག་ནོར་སྤེན་པའི་རྐང་པ་ཡིན། །དེ་ལྟར་དལ་བའི་རྐང་པ་ལས། །ཟླ་བ་ཅིག་ནི་མ་ཟོས་པ། །བཅུ་དྲུག་གིས་བསྒྱུར་ཆ་ཅིག་བཟུང་། །དུ་བ་འཇུག་རིངས་རྐང་པ་སྟེ། །ལྷག་མ་ཉི་ཟླ་རྐང་བའི་མཐར། །མུན་པ་ཅན་གྱི་གཟུགས་ཞེས་པ། །ཆ་ཅིག་རང་བཞིན་ཉིད་དུ་འདོད། །དེ་ལྟར་དབུ་མའི་རྐང་པ་རྣམས། །རྟོགས་ཤིང་མུན་པ་བྲལ་གྱུར་པས། །དཔག་ཏུ་མེད་པ་འཆར་ཤེས་པའི། །ཐམས་ཅད་མཁྱེན་པའི་གོ་འཕང་འགྱུར། །གཟའ་རྣམས་སྟོང་པར་འཇུག་པའི་དུས། །དུས་བཞིའི་རིམ་པ་ཤེས་བྱས་ཏེ། །སྟོང་ཕྲག་སྟོང་དང་བདུན་བརྒྱད་དང་། །སྟོང་ཕྲག་ཉེར་བརྒྱད་རྫོགས་ལྡན་ནོ། །ཁྲི་ཕྲག་བརྒྱ་དང་ཉི་ཤུ་དགུ །དྲུག་སྟོང་གསུམ་ལྡན་ཚད་དུ་ཤེས། །སྟོང་ཕྲག་བརྒྱད་བརྒྱ་དྲུག་ཅུ་བཞི། །གཉིས་ལྡན་རྩོད་དུས་དེ་ཡི་ཕྱེད། །འདི་རྣམས་དུས་ཀྱི་མཐའ་མ་རུ། །ཁྱིམ་སྡོད་གཟའ་རྣམས་རྒྱུ་བ་སྟོང་། །སླར་ཡང་དུས་ཀྱི་ངེས་པ་རྣམས། །སེམས་ཅན་རྟོག་པའི་དབང་གིས་འཆར། །ལོ་ནི་དྲུག་ཅུའི་མཐར་འཕོས་ཏེ། །ཟླ་བ་སོ་གཉིས་ཕྱེད་བཅས་ནས། །ཟླ་ལྷག་འབྱུང་བས་བྱེད་པ་ལ། །གཉིས་འཕར་འགྱུར་ཏེ་ཅིག་ཕྲི་ནས། །ཟླ་ལྷག་འགྲུ་བ་གསལ་བར་འགྱུར། །དབུགས་རོ་ཆུ་ཚོད་ཆུ་སྲང་དུ། །དྲུག་ཅུ་སྐར་མ་ཉི་ཤུ་བདུན། །སྦྱོར་བ་འཕྲོད་ཀྱང་དེ་བཞིན་ཏེ། །རེས་ཀྱི་གཟའ་ལ་ཐུབ་པ་དང་། །རིལ་པོར་ཉེར་བརྒྱད་ཆ་ཤས་སུ། །བརྒྱ་དང་ཉི་ཤུ་རྩ་དྲུག་སྟེ། །གཟའ་རྣམས་རང་རང་དཀྱིལ་འཁོར་ལས། །ལྷག་མ་མེད་ཕྱིར་དེ་དག་གིས། །བགོ་བའི་ངེས་པ་ཤེས་པར་བྱ། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། དབུ་མའི་དབུགས་ལ་གཟའ་རྣམས་ཀྱི་རྐང་པ་འཆར་བ་རྐང་པའི་གྲངས་བསྡུ་བ་དང་། དུས་བཞིའི་མཐར་གཟའ་སྟོང་བ་ལ་འཇུག་པའི་ཚུལ་དང་། བྱེད་པ་མི་འགྱུར་བའི་ངེས་པ་གསལ་བར་བྱེད་པ་སྟེ་བཅུ་གསུམ་པའོ།། ༈ །།དེ་ནས་གཟའ་རྣམས་ཐམས་ཅད་ཀྱིས། །སྐྱེས་ཁྱིམ་ཞིང་དང་རྩོད་པ་དང་། །སྟོབས་དང་སྟོབས་མིན་རིམ་པ་ནི། །གང་དུ་ཉི་ཟླ་འཕེལ་འགྲིབ་ཀྱིས། །གཡས་གཡོན་བསྒྲོད་པ་སྟོབས་ལྡན་ཏེ། །སྒྲ་གཅན་དང་ནི་དུས་ཀྱི་མེ། །རྣམ་ཀུན་སྟོབས་དང་ལྡན་ཞེས་བརྗོད། །མིག་དམར་སྐྱེས་ཁྱིམ་སེང་གེའི་ཁྱིམ། །རྟ་པའི་སྐར་མ་ལ་སྐྱེས་པའོ། །ཞིང་ནི་ལུག་དང་སྡིག་པ་སྟེ། །དགུག་དང་དྲག་པོའི་ལས་ལ་ཤིས། །གཟའ་ལག་སྐྱེས་ཁྱིམ་སྡིག་པ་སྟེ། །ལྷ་འཚམས་ལ་ནི་སྐྱེས་པ་སྟེ། །ཞིང་ནི་འཁྲིག་པ་བུ་མོ་སྟེ། །རྒྱས་པའི་ལས་ལ་བསྔགས་པའོ། །ཕུར་བུའི་སྐྱེས་ཁྱིམ་བུ་མོ་སྟེ། །མེ་བཞི་ལ་ནི་སྐྱེས་པའོ། །ཞིང་ནི་གཞུ་དང་ཉ་ཡིན་ཏེ། །བསྐྲད་པའི་ལས་ནི་གྲུབ་བྱེད་པའོ། །པ་སངས་འཁྲིག་པའི་ཁྱིམ་སྐྱེས་ཏེ། །ལག་ནི་སྐར་མ་ཡིན་པར་ངེས། །ཞིང་ནི་ཁྱུ་མཆོག་སྲང་ཡིན་ནོ། །དབང་གི་ལས་ལ་རབ་ཏུ་བསྔགས། །སྤེན་པའི་སྐྱེས་ཁྱིམ་གཞུ་ཡིན་ཏེ། །སྣུབས་ཀྱི་སྐར་མར་ཤེས་པར་བྱ། །ཞིང་ནི་ཆུ་སྲིན་བུམ་པ་སྟེ། །བསད་པའི་ལས་ལ་རབ་ཏུ་བསྔགས། །མཇུངས་རིངས་ཀར་ཀ་ཏར་ཞིང་སྟེ། །ཆུ་སྨད་སྐྱེ་བའི་སྐར་མར་བརྗོད། །དེ་དག་རྩོད་པར་བྱེད་པ་ནི། །མིག་དམར་དང་ནི་གཟའ་ལག་གཉིས། །ཕུར་བུ་པ་སངས་དེ་བཞིན་ཏེ། །སྤེན་པ་མཇུག་རིངས་ཕན་ཚུན་དུ། །ཞིང་དང་ཁྱིམ་ལ་རྩོད་པར་གྲགས། །གཞན་དུ་རྩོད་པར་བྱེད་མ་ཡིན། །འདི་དག་རང་རང་སྐྱེས་སྐར་ནས། །རྒྱུ་སྐར་དཀྱིལ་འཁོར་ཕྱེད་ཕྱེད་དུ། །དལ་བའི་རིམ་དང་རིམ་མིན་ཏེ། །མྱུར་བ་དེ་ལས་བཟློག་པར་འགྱུར། །ཉི་མའི་དཀྱིལ་འཁོར་ཤར་བ་ལས། །གཟའ་ལག་པ་སངས་མཇུག་རིངས་གསུམ། །གཡོན་ཕྱོགས་འཆར་དང་ནུབ་པར་བྱེད། །ཞི་བའི་གཟའ་རྣམས་བྱང་ཕྱོགས་བསྒྲོད། །བཀྲ་ཤིས་ཕུར་བུ་སྤེན་པ་གསུམ། །གཡས་ཀྱི་ཆར་འགྲོ་དྲག་པོའི་གཟའ། །གཡས་ཕྱོགས་འགྲོ་བར་བྱེད་པ་ཡིན། །མཇུག་རིངས་ལུས་ཞི་སེམས་ནི་དྲག །ཕུར་བུ་སེམས་ཞི་ལུས་དྲག་པས། །མ་ནིང་རིགས་ཞེས་བརྗོད་པ་ཡིན། །ཉི་མའི་ཤར་སོང་མྱུར་བ་སྟེ། །ནུབ་ཏུ་མཐོན་པ་འཁྱོག་པོ་སྟེ། །ལྷོར་ལྟས་བུམ་པའི་འགྲོས་ཞེས་བྱ། །བྱང་དུ་ཕྱོགས་པས་མཐོན་པ་ཡིན། །གཟའ་ལག་དང་ནི་ཕུར་བུ་གཉིས། །མྱུར་བ་སྟོབས་དང་ལྡན་པ་ཡིན། །མིག་དམར་མཇུག་རིངས་འཁྱོག་པོ་ལ། །སྟོབས་ཆེ་སྤེན་པ་པ་སངས་གཉིས། །བུལ་བའི་དུས་སུ་སྟོབས་ལྡན་ཡིན། །རང་རང་སྡེ་ཚན་གནས་པ་ལས། །ཉི་མ་ཕུར་བུ་པ་བ་སངས། །ཉིན་མོ་སྟོབས་དང་ལྡན་པར་འགྱུར། །མིག་དམར་ར་ཧཱུ་སྤེན་པ་ཟླ། །མཚན་ལ་སྟོབས་ཆེར་ལྡན་གྱུར་ཏེ། །ཉིན་དང་མཚན་ལ་སྟོབས་བྱེད་པ། །གཟའ་ལག་ཞེས་བྱར་ཡོངས་སུ་གྲགས། །ཕུར་བུ་དང་ནི་པ་བ་སངས། །དཀར་པོའི་ཕྱོགས་ལ་སྟོབས་ཆེ་སྟེ། །ཉི་མ་དང་ནི་སྤེན་པ་དག །ནག་པོའི་ཕྱོགས་ལ་སྟོབས་སུ་འགྱུར། །གཉིས་ཀ་ལ་ནི་སྟོབས་བྱེད་པ། །ཟླ་བ་མིག་དམར་གཟའ་ལག་གོ །ཟླ་བ་དང་ནི་པ་བ་སངས། །གླང་སོགས་མོ་རྣམས་སྟོབས་ལྡན་སྟེ། །ལྷག་མའི་གཟའ་རྣམས་འཕོ་ཁྱིམ་ལ། །སྟོབས་དང་ལྡན་པར་བརྗོད་པ་ཡིན། །ཚེས་དང་སྐར་མ་གཟའ་རྣམས་དང་། །སྦྱོར་བ་རིམ་པས་སྟོབས་ལྡན་ཡིན། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། གཟའ་རྣམས་ཀྱི་སྐྱེས་སྐར་དང་ཞིང་དང་སྟོབས་ཀྱི་རིམ་པ་གསལ་བར་བྱེད་པ་སྟེ་དང་པོའོ།། ༈ །།ད་ནི་དབྱངས་འཆར་བཤད་པར་བྱ། །སྟོང་པ་ཆེན་པོ་ཡི་གེ་ལྔ། །རང་བཞིན་འཕེལ་བའི་ཡོན་ཏན་དང་། །ཡ་ན་དྷེ་ཤས་བཅོ་ལྔར་འགྱུར། །ཐིག་ལེ་སྟོང་པ་ཡི་གེ་དྲུག །ཨ་ཀུ་ཧ་ཀ་ནམ་མཁའ་སྟེ། །ཁོང་ནས་འབྱུང་བ་ཡོན་ཏན་ཅིག །ཨི་ཙུ་ཡ་ཤ་རྐན་ལས་ཏེ། །བྱུང་བ་རླུང་སྟེ་ཡོན་ཏན་གཉིས། །རི་ཊུ་ར་ཤ་སྤྱི་བོ་ནས། །མེ་སྟེ་ཡོན་ཏན་གསུམ་ལྡན་ནོ། །ཨུ་པུ་པདྨ་མཆུ་ལས་བྱུང་། །ཆུ་ཁམས་ཡོན་ཏན་བཞི་དང་ལྡན། །ལི་ཙུ་ལ་ས་སོ་ལས་འབྱུང་། །ས་སྟེ་ཡོན་ཏན་ལྔ་པའོ། །ཨ་ཀྵ་ཁོང་ནས་འབྱུང་བ་ཉིད། །ཕྱི་ནང་གཞན་གསུམ་འདི་ལ་གནས། །དུས་ལ་འཆར་བའི་ངེས་པ་ཡིན། །ཨ་ཨི་རི་ཨུ་ལི་རྣམས་ནི། །ནམ་མཁའ་རླུང་མེ་ཆུ་ས་སྟེ། །རབ་སྐྱེ་ལ་སོགས་བཅུ་གཉིས་ལ། །ལྔ་པོ་འཆར་བས་དྲུག་ཅུའོ། ལོ་རེ་ལ་ཡང་དབྱངས་ལྔ་ནི། །ཞག་ནི་བདུན་ཅུ་གཉིས་ལ་དབང་། །དུས་དང་ཡོན་ཏན་ཞག་ལ་འཆར། །བསྒྲོད་པ་ཅིག་གིས་དབང་དུ་བརྗོད། །ཉི་མའི་ཞག་ལ་དབྱངས་འབྱུང་བ། །དུས་ཀྱི་དབྱངས་ཞེས་བྱ་བ་ཉིད། གསལ་བྱེད་སྡེ་ཚན་རིམ་པས་ཡིན། །ཚེས་ལ་དབྱངས་འཆར་བརྗོད་པར་བྱ། །དཔྱིད་འབྲིང་ལ་སོགས་དཀར་ཕྱོགས་ལ། །ཨ་ཨི་རི་ཨཱུ་ལི་དང་ནི། །ཨཱ་ཨེ་ཨར་ཨོ་ཨལ་འཕེལ་བ། །ཧ་ཡ་ར་ཝ་ལ་རྐྱེན་འགྱུར། །ཚེས་གཅིག་ནས་ནི་བཅོ་ལྔའི་བར། །མར་ངོ་རིང་པོ་དེ་ལས་བཟློག །ཨ་སོགས་ཚེས་ཀྱི་རིམ་པ་བཞིན། །དགའ་བཟང་རྒྱལ་སྟོང་གང་པ་སྟེ། །ཟླ་ཕྱེད་ལན་གསུམ་འཁོར་བ་ཡིན། །སྐྱེ་དང་གཞོན་ནུ་ལང་ཚོ་དང་། །རྒན་པོ་ནུབ་པ་ཞེས་བྱ་དང་། ཨ་ནི་ལི་ལ་ནུབ་པ་སྟེ། །དེ་བཞིན་ཀུན་ལ་ཤེས་པར་བྱ། །སྒྲ་གཅན་ཟླ་བ་གཟའ་ལག་དང་། །པ་སངས་མཇུགས་རིངས་ཨ་ལ་སོགས། །ཐུང་བ་ལྔ་པོ་རིང་བས་མིན། །དུས་མེ་ཉི་མ་མིག་དམར་དང་། །ཕུར་བུ་སྤེན་པ་རིང་པོའི་དབྱངས། །དཀར་ནག་ཕྱོགས་ཀྱི་ལྷག་པའི་ལྷ། །ཡུད་ཙམ་དབྱངས་ནི་ཐུང་བ་རྣམས། །ཉིན་མོ་རིང་བ་མཚན་མོ་མིན། །ཆུ་ཚོད་རེ་ལ་འཆར་བ་ནི། །ཨ་ཨཱ་ཞེས་འགྱུར་བ་དྲུག་ཅུ། །དེ་ཡི་རིམ་པས་ཚུ་སྲང་དང་། །དབུགས་ལ་འཆར་བ་ཤེས་པར་བྱ། །གསལ་བྱེད་ཚེས་ལ་འཆར་བར་བྱ། །ཀཱ་ཁཱ་གཱ་གྷཱ་ངཱ་རྣམས་ནི། །ཨི་ལི་ཨུ་རི་ཨི་ཨ་ཡིས། །བསྒྱུར་བ་རིང་པོ་སུམ་ཅུ་ནི། །ཆུ་སྲིན་ཁྱིམ་གྱི་ཟླ་བར་འཆར། །ང་གྷ་ག་ཁ་ཀ་ཞེས་པ། །ཨ་ཨི་རི་ཨུ་ལི་ཨཾ་གིས། །བསྒྱུར་བ་རིམ་མིན་སུམ་ཅུ་ནི། །ཐུང་བ་བུམ་པའི་ཁྱིམ་ལ་འཆར། །དེ་བཞིན་ཙཱ་ཚཱ་ཛཱ་ཛྷྱཱ་ཉཱ་གསུམ། །ཨྃ་སོགས་བསྒྱུར་བ་ཉ་ཡི་ཁྱིམ། །ཉ་ཛྷྱ་ཛ་ཚ་ཙ་རིམ་བཞིན། །ཨ་སོགས་བསྒྱུར་བ་ལུགས་ཏུའོ། །དེ་ལྟར་ཊཱ་ཋཱ་ཌཱ་ཌྷྜྷཱ་ཎཱ། །ཨོཾ་སོགས་བསྒྱུར་བ་གླང་གི་ཁྱིམ། །ཎ་དྷ་ཌ་ཋ་ཊ་ཞེས་པ། །ཨ་སོགས་རིམ་བསྒྱུར་འཁྲིག་པའོ། །པཱ་ཕཱ་བཱ་བྷཱ་མཱ་རྣམས་ལ། ཨཾ་སོགས་བསྒྱུར་བ་ཀར་ཀ་ཏ། །མ་བྷ་བ་ཕ་པ་སེང་གེར། །ཨ་སོགས་བསྒྱུར་བ་སུམ་ཅུའོ། །དེ་བཞིན་ཏཱ་ཐཱ་དཱ་དྷ་ན། །ཨཾ་སོགས་ཀྱིས་བསྒྱུར་བུ་མོར་འཆར། །ན་དྷ་ད་ཐཱ་ཏཱ་རྣམས་ལ། །ཨ་སོགས་བསྒྱུར་རྣམས་སྲང་དུ་ཡིན། །པཱ་ཡཱ་བཱ་ཎཱ་ཐཱ་ཞེས་པ། །ཨོཾ་སོགས་བསྒྱུར་བ་སྡིག་པའི་ཁྱིམ། །ྈྐ་ཎ་ཤ་པ་ཉྥ་རྣམས་ནི། །ཨ་སོགས་ཀྱིས་བསྒྱུར་གཞུ་ལའོ། །འབྱུང་ཆེན་ལྔ་བཤད་འབྱུང་ཆུང་ནི། །ཀ་ཙ་ཊ་ཏ་པ་ས་ནི། །ས་ཡིན་ཁ་སོགས་ཆུ་རུ་བཤད། །ག་སོགས་མེ་ལ་གྷ་སོགས་རླུང་། །ང་སོགས་ནམ་མཁར་ཤེས་པར་བྱ། །སྒྲ་གཅན་ཟླ་སོགས་ཐུང་བ་སྟེ། །དུས་མེ་ཉི་སོགས་རིང་པོར་བཤད། །ཉིན་ཅིག་ཡུད་ཙམ་སུམ་ཅུ་ལ། །ཚེས་ལ་ཤར་བའི་གསལ་བྱེད་དེ། །དབྱངས་ནི་ཨ་སོགས་བཅོ་ལྔས་བསྒྱུར། །ཉིན་མོ་འཆར་རོ་མཚན་མོ་ནི། །ལཱ་སོགས་རིང་པོས་བསྒྱུར་བ་འཆར། །ཆུ་ཚོད་རེ་ལ་འཆར་བ་ནི། །དེ་ཉིད་རིང་ཐུང་གཉིས་སུ་ཤེས། །དེ་བཞིན་ཆུ་སྲང་སོ་སོར་འགྱུར། །དབུགས་ལ་འཆར་བའི་རིམ་པ་ནི། །དབུགས་ཀྱི་འཕོ་བ་ཟླ་བ་མཚུངས། །གསལ་བྱེད་སུམ་བརྒྱ་དྲུག་ཅུ་ལ། །དབྱངས་ནི་རིང་ཐུང་སུམ་ཅུས་བསྒྱུར། །མཁའ་མཁའ་ཀླུ་དང་མཁའ་ཟླའི་དབུགས། །རིང་དང་ཤིན་དུ་རིང་པ་ཡི། །དབྱེ་བས་ཉི་ཁྲི་ཅིག་སྟོང་དང་། །དྲུག་བརྒྱའི་དབུགས་ལ་ཞག་ཅིག་འཆར། །གཞན་ཡང་ལོ་བརྒྱའི་ལྷག་མ་ཡིས། །ལོ་གསུམ་ཕྱོགས་སུ་འཆར་བ་བཤད། །ཐུང་རིང་ཤིན་དུ་རིང་བ་ཡི། །དབྱེ་བས་སྟོང་དང་བརྒྱ་བཅུའོ། །ཀྵ་ལ་དབྱངས་ནི་ཐུང་བ་རིང་། །ཤིན་དུ་རིང་པོས་བསྒྱུར་བ་ནི། །ཕྱོགས་གསུམ་དབྱངས་དང་གསལ་བྱེད་ཡིན། །ཟླ་ལྷག་དེ་ཉིད་ཤེས་པར་བྱ། །གང་ཚེ་བཅུ་དྲུག་ཚེས་ཤར་པ། །དེ་ཚེ་ཨ་ཀྵ་ཤར་ཤེས་བྱ། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། དབྱངས་འཆར་བའི་གསལ་བར་བྱ་བ་སྟེ་གཉིས་པའོ།། ༈ །།དེ་ནས་དབྱངས་དང་སྒྱུར་སྐར་གཟའ། །འཛོམ་པའི་འབྲས་བུ་བཤད་པར་བྱ། །དགའ་བཟང་རྒྱལ་སྟོང་རྫོགས་པ་དང་། །དཀར་ནག་ཕྱོགས་ལ་གསུམ་གསུམ་འཆར། །དེ་ཚེ་དམར་ལག་ཕུར་སངས་སྤེན། །རིམ་པས་འཆར་བར་བྱེད་པ་ནི། །དགེ་དང་མི་དགེ་བར་མ་ནི། །འབྲས་བུ་ངེས་པར་གསལ་བར་སྟོན། །དགའ་བའི་ཚེས་ལ་མིག་དམར་དང་། །རྒྱུ་སྐར་སྨིན་དྲུག་ཨ་ཡིག་རྣམས། །འཛོམ་ན་དང་པོ་ཨ་མིང་ཅན། །ན་འཆི་རྨ་འབྱུང་འབྲས་བུ་མེད། །ན་དང་གཡུལ་འགྱེད་བག་མ་དང་། །འགྲོ་འདུག་མཁར་ལན་ལ་སོགས་མིན། །བཟང་པོའི་ཚེས་ལ་གཟའ་ལག་དང་། །མཆུར་འཛོམ་ཨི་མིང་སྔ་མ་བཞིན། །རྒྱལ་བ་ཕུར་བུ་སྐག་ཏུ་འཛོམས། །རི་མིང་ངེས་པར་བདེ་བ་མེད། །སྟོང་པ་སྤ་སངས་མོན་གྲུར་འཛོམ། །ཨུ་ཡི་མིང་ཅན་སྔར་དང་མཚུངས། །རྫོགས་པའི་སྤེན་པ་བྲ་ཉེ་རྣམས། །འཛོམ་ཚེ་ལི་མིང་ཉོན་མོངས་འགྱུར། །དེ་བཞིན་དགའ་བར་ཉི་མ་ཤར། །ལི་མི་ནམ་ཡུན་རིང་བ་དང་། །གཡུལ་དུ་ཡན་ལག་ཉམས་འགྱུར་ཞིང་། །བྱ་བ་གང་ཡང་ཅུང་ཟད་ངན། །ཟླ་བ་ཤར་བས་དགེ་འགྱུར་ཞིང་། །མི་མཐུན་ཕྱོགས་ཀྱི་ཡན་ལག་ཉམས། །གཟའ་ལག་ཤར་ཚེ་དགྲ་བོ་རྣམས། །ཉམས་འགྱུར་བདག་ལ་དགེ་བ་ཡིན། །ཕུར་བུ་ཤར་ཚེ་ཉེན་ཆེ་ཞིང་། །བྱ་བ་གང་ཡང་འབྲིང་དུ་བཤད། །སྤ་སངས་ཤར་ཚེ་ནོར་རྙེད་ལ། །བདག་ལ་དགེ་བར་གནས་པ་ཡིན། །མདོར་ན་ངེས་པར་ལྔ་འཆར་ལ། །རང་རང་འབྲས་བུ་དུ་མ་སྟེ། །རང་ས་གཞོན་ནུ་ལང་ཚོ་དང་། །རྒན་པོ་ནུབ་པ་ཞེས་བྱ་བ། །ཨ་ནི་ལི་ལ་ནུབ་འགྱུར་ཏེ། །དེ་བཞིན་ཀུན་ལ་ཤེས་པར་བྱ། །མིང་གི་དབྱངས་ནུབ་འཆི་བ་སྟེ། །གསལ་བྱེད་ནད་དང་གོད་ཀ་འབྱུང་། །གཞན་ཡང་ལྷག་པའི་ལྷ་རྣམས་ཀྱི། །ངེས་པ་ཤེས་པར་བྱ་བ་སྟེ། །སྤེན་པའི་འཚམས་སུ་སྒྲ་གཅན་དང་། །ཀེ་དུ་ཤར་ཚེ་བྱ་བ་རྣམས། །དུས་ཀྱི་སྦྱོར་བར་ཤེས་པར་བྱ། །དབྱངས་ཚོགས་ཚེས་སོགས་གཟའ་ཚོགས་རྣམས། །ཞི་བས་ཞི་བ་སྟེར་བར་བྱེད། །དྲག་པོས་དྲག་པོའི་འབྲས་བུ་འབྱུང་། །མ་ནིང་ཞེས་བྱ་བར་མར་འགྱུར། །དེ་ཕྱིར་མ་ནོར་འཁྲུལ་མེད་པས། །མཁས་པས་ལེགས་པར་བརྟག་བྱས་ཏེ། །འབྲས་བུ་མ་ནོར་བསྟན་པར་བྱ། །གཞན་ཡང་དག་པའི་ཚེས་ཞེས་པ། །སྐར་མ་ལག་དང་ཉི་མར་འཛོམ། །ཕུར་བུ་དང་ནི་དེ་བཞིན་རྒྱལ། །གཟའ་རྣམས་ལྷ་འཚམས་འཛོམས་པ་དང་། །སྤེན་པ་སྣར་མ་དེ་བཞིན་ཏེ། །ཟླ་བ་གྲོ་བཞིན་ལྷན་ཅིག་དང་། །མིག་དམར་ཐ་སྐར་དེ་བཞིན་ཏེ། །སྤ་བ་སངས་དང་ནམ་གྲུ་རྣམས། །ལྷན་ཅིག་འཛོམ་པས་དོན་ཀུན་གྲུབ། །དམ་པའི་གཟའ་དང་ཚེས་ཞེས་བརྗོད། །ཉི་མ་ལྷ་མཚམས་འཛོམ་པ་དང་། །ཟླ་བ་སྨིན་དྲུག་དེ་བཞིན་ཏེ། །མིག་དམར་མོན་གྲེ་འཛོམ་པ་ངན། །གཟའ་ལག་དང་ནི་ཐ་སྐར་དང་། །ཕུར་བུ་མགོ་དང་ལྷན་ཅིག་པ། །སྤ་སངས་སྣར་མ་དེ་བཞིན་ཏེ། །སྤེན་པ་ལག་དང་ལྷན་ཅིག་འཛོམ། །འཆི་བའི་འཇིགས་སྟེར་ངན་པར་བཤད། །ཉི་མ་ཚེས་ནི་བཅུ་གཉིས་འཛོམ། །བཅུ་ཅིག་ཟླ་བར་འཛོམ་པ་དང་། །མིག་དམར་བཅུ་དང་གཟའ་ལག་གསུམ། །ཕུར་བུ་དྲུག་དང་སྤ་སངས་གཉིས། །སྤེན་པ་ཚེས་བདུན་འཛོམ་པ་རྣམས། །བསྲེག་པའི་ཚེས་ཞེས་བྱ་བ་སྟེ། །དགེ་བའི་བྱ་བ་སྤང་བར་བྱ། །མི་དགེའི་བྱ་བ་སྔགས་པ་ཡིན། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། དབྱངས་དང་གཟའ་ཚེས་འཛོམ་པའི་འབྲས་བུ་བཟང་ངན་གསལ་བར་བྱེད་སྟེ་གསུམ་པའོ།། ༈ །།དེ་ནས་ཁྱིམ་གྱི་འབྲས་བུ་ནི། །ལུག་དང་ཀར་ཀ་ཏ་དང་བསྲང་། །ཆུ་སྲིན་བཞི་ནི་གཡོ་བའོ། །གླང་དང་སེང་གེ་སྡིག་པ་དང་། །བུམ་པ་བཞི་ནི་བརྟན་པའོ། །འཁྲིག་པ་བུ་མོ་གཞུ་དང་ཉ། །བཞི་ནི་གཉིས་ཀྱི་རང་བཞིན་ནོ། །ཇི་ལྟར་ཟླ་བའི་རིམ་པ་བཞིན། །ཞག་ཅིག་དུས་སྦྱོར་བཅུ་གཉིས་ཏེ། །འདྲི་དང་བྱེད་པའི་བྱ་བ་རྣམས། །གཡོ་བས་མྱུར་ལ་བརྟན་པས་སྟན། །གཉིས་ཀའི་དུས་སུ་ངན་པར་བཤད། །གཞན་ཡང་ཉི་མའི་ཁྱིམ་རྣམས་སུ། །སྤྱོད་པའི་འབྲས་བུ་བཤད་པར་བྱ། །ལུག་གི་ཁྱིམ་ལ་འབབ་པའི་ཚེ། །ཚོང་དང་དེ་བཞིན་དམག་དང་ནི། །བརྫུན་ལ་སོགས་པ་བྱ་བར་བཟང་། །གླང་ལ་ཞིང་འདེབས་ཉེན་སྦྱོར་དང་། །སྦྱིན་བསྲེག་རྟ་ཚོང་ལ་སོགས་བཟང་། །འཁྲིག་པ་རིག་པ་སློབ་པ་དང་། །སྨན་དང་བསྒོམ་པ་ལ་སོགས་བཟང་། །ཀར་ཀ་ཏ་ལ་ཟམ་པ་དང་། །གྲུ་རྫིངས་བཅའ་དང་ཁྲོན་པ་འབྲུ། །ཆུ་ཡི་ལས་དཀའ་བྱ་བར་བཟང་། །སེང་གེ་ལ་ནི་དབང་གི་ལས། །བརྩོན་འགྲུས་དྲག་པོ་བརྩོམ་པ་དང་། །རྒྱལ་པོའི་གནས་སུ་འགྲོ་བ་དང་། །དབང་བསྐུར་ལ་སོགས་བྱ་བར་བྱ། །བུ་མོའི་ཁྱིམ་ལ་བབ་པའི་ཚེ། །རབ་ཏུ་འབྱུང་དང་ཚོང་དང་ནི། །ཆུ་ལ་འགྲོ་དང་ཞིང་ལས་བཟང་། །སྲང་ལ་རི་མོ་འབྲི་བ་དང་། །ཚོང་དུས་སུ་ནི་འགྲོ་བ་དང་། །མི་ངན་པ་དང་འགྲོགས་པ་དང་། །བུད་མེད་དོན་དང་གྲོགས་པོའི་དོན། །ར་ཛའི་གྲོགས་རྣམས་བྱ་བར་བཟང་། །སྡིག་པའི་ཁྱིམ་ལ་དོན་ཆུང་དང་། །ཀླུའི་དོན་དང་དུག་སྦྱོར་དང་། །མཚོན་ཆ་མེ་དོན་རྐུ་བ་དང་། །གསོད་དང་འཇོམས་པ་རྣམས་བྱའོ། །གཞུ་ལ་བསྒོམ་དང་བཅའ་ཁྲིམས་དང་། །སྨན་དང་མདོ་ནི་འདོན་པ་དང་། །གླང་པོ་ཆེ་དང་རྟ་རྣམས་ཀྱི། །ལས་ཀ་རྣམས་ནི་ཞུ་བར་བྱ། །ཆུ་སྲིན་ཁྱིམ་ལ་ཤོག་འཕྲིན་དང་། །བྱག་པའི་ལས་དང་བརྫུན་དང་ནི། །མི་དགེ་བ་ཡི་ལས་བྱའོ། །བུམ་པ་ལ་ནི་གཡོག་པོ་དང་། །མགོ་བསྐོར་བ་དང་ངན་ལས་དང་། །ཡུར་བ་བྱ་བར་རབ་ཏུ་ཤིས། །ཉ་ལ་བཀྲ་ཤིས་ལས་དང་ནི། །རྒྱལ་པོ་ལ་སོགས་གཞུ་དང་འདྲ། །དེ་ནས་གཟའ་ཡི་འབྲས་བུ་བཤད། །རྒྱལ་པོ་དབང་བསྐུར་བྱ་བ་དང་། །དབང་པོའི་བྱ་བ་གཞན་རྣམས་དང་། །སྦྱིན་བསྲེག་གི་ནི་ལས་རྣམས་དང་། །ས་སྟེངས་བྱ་བ་གང་ཡིན་པ། །ཉི་མའི་གཟའ་ལ་མཆོག་ཏུ་བཤད། །ཆང་འཚོང་པ་དང་བཅུད་ལེན་དང་། །གསེར་འགྱུར་རྩི་དང་རང་དོན་དང་། །ཆུ་ལ་རྩེད་མོ་བྱེད་པ་དང་། །ལྗོན་ཤིང་བསྐྲུན་དང་རྫིང་ལ་སོགས། །ཟླ་བ་ལ་ནི་བརྩམ་པར་བྱ། །ཕྲ་མ་སྨྲ་དང་འཁོན་བྱ་དང་། །འཐབ་མོ་གྲོང་ཁྱེར་གཤིག་པ་དང་། །རྐུན་མ་དམག་དཔོན་ཇག་པ་སོགས། །མིག་དམར་ལ་ནི་བྱ་བར་བཟང་། །བཤུ་རིངས་འགྲོ་དང་འཁྲུགས་པ་དང་། །སློབ་དཔོན་དག་གིས་བྱ་བ་དང་། །རང་གི་དོན་རྣམས་བྱ་བ་ཀུན། །རིང་པོར་མི་ཐོགས་མྱུར་བ་རུ། །གཟའ་ལག་ལ་ནི་ཉེ་བར་འགྲུབ། །ཚོང་སོགས་ལ་སོགས་རང་དོན་དང་། །དབང་བསྐུར་སྡོམ་པ་ལེན་པ་དང་། །བག་མ་བླང་དང་སྒྱུ་རྩལ་སློབ། །ཞིང་སོགས་ས་བོན་གདབ་པ་ནི། །ཕུར་བུ་གནས་ཚེ་འགྲུབ་པར་འགྱུར། །རྟ་ཞོན་པ་དང་སྟོན་མོ་དང་། །ལམ་པོ་ཆེ་དང་རྒྱན་བཤམ་དང་། །བུ་མོ་བག་མར་བཏང་བ་དང་། །བུད་མེད་དག་ལ་བསྒྲོད་པ་རྣམས། །སྤ་བ་སངས་ལ་ཤིས་པར་འགྱུར། །འཁྲོན་པ་འབྲུ་དང་ཆུ་ལས་དང་། །དེ་ལ་སོགས་པ་གྲོང་གི་ལས། །སྤེན་པ་ལ་ནི་བཟང་བའོ། །ལག་པ་སྤ་སངས་ཕུར་བུ་དང་། །ཟླ་བ་བཞི་ལ་དོན་གཉེར་ན། །སྙེན་བསྐུར་མཆོད་པ་ངེས་པར་ཐོབ། །ཉི་མ་དམག་དཔོན་སྤེན་པ་ལ། །དོན་གཉེར་བར་ཆད་མ་གྱུར་ཞིང་། །འཕྲལ་དུ་ཉོན་མོངས་ལས་མི་འགྲུབ། །འདི་དག་སོ་སོའི་འབྲས་བུ་སྟེ། །གཞན་ཡང་སྟོབས་དང་སྟོབས་མེད་དང་། །བརྩོད་པའི་འབྲས་བུ་གཞན་དུ་འགྱུར། །གཞན་ཡང་རྒྱུ་སྐར་ཉི་ཤུ་བརྒྱད། །ཕྱོགས་བཞི་བདུན་བདུན་བཀོད་པ་ལ། །གཟའ་རྣམས་གང་དུ་གནས་པ་བརྟག །གང་ཡིན་སྐྱེ་བའི་ཐད་ཀ་ལ། །ཐད་ཀར་གདོང་ཟུག་མཆེ་བ་ཟུག །གང་ཡིན་སོ་སོའི་འབྲས་བུ་ཤེས། །སྐྱེས་སྐར་ལས་ནི་བདུན་པ་རུ། །དུས་མེ་ཤར་བར་གྱུར་བ་ན། །དགེ་བའི་བྱ་བ་དོན་གཉེར་འཆི། །ཉི་མར་ཤར་ན་ནད་འབྱུང་ཞིང་། །མིག་དམར་ཤར་བས་རྨ་འབྱུང་འགྱུར། །སྤེན་པ་ཤར་བས་ནོར་ཉམས་བྱེད། །དེ་ཕྱིར་མཁས་པས་འདི་དག་སྤང་། །སྒྲ་གཅན་ཤར་བས་དགྲ་བོ་ཉམས། །ཟླ་བ་ཤར་ཚེ་རྒྱས་པར་འགྱུར། །གཟའ་ལག་ཤར་དུས་རྩོད་ལས་རྒྱལ། །སྤ་སངས་ནོར་རྙེད་བདེ་བར་བྱེད། །འདི་དག་ལྷན་ཅིག་དགེ་བར་འགྱུར། །བཟང་ངན་མཚན་མ་འདི་རྣམས་ཀུན། །ཕྱི་རོལ་སྐྱེས་བུ་འདྲི་བའམ། །སྤྱོད་ཚེ་སོ་སོའི་འབྲས་བུ་འབྱུང་། །དེ་ནས་སྐར་མའི་འབྲས་བུ་ལ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། །མི་བརྟན་འགྱུར་བ་བཞི་ཡོད་ལ། །རབ་ཏུ་བརྟན་པ་དེ་བཞིན་བཞི། །མྱུར་ཞིང་བཟང་བ་རྣམ་བཞི་སྟེ། །འབྲས་བུ་ཤིན་དུ་ངན་པ་བཞི། །མྱུར་བར་གྱུར་པ་ལྔ་ཡོད་དེ། །དེ་བཞིན་བརྟན་པའི་དོན་གྲུབ་ལྔ། །བཏང་སྙོམས་བྱེད་པ་གཉིས་ཡིན་ནོ། །དེ་ལྟར་ཉི་ཤུ་རྩ་བརྒྱད་ཀྱི། །རྒྱལ་དང་ཐ་སྐར་མེ་བཞི་དང་། །བྱི་ཞུན་ཞེས་ནི་བྱ་བ་སྟེ། །མཆོད་ཚོགས་བྱ་དང་སློབ་མ་ལ། །ཆོས་བཤད་སྡོམ་པ་འབོགས་པ་དང་། །གོང་མར་ཕྱུགས་སོགས་འབུལ་བ་དང་། །མྱུར་བར་འགྲུབ་པའི་ལས་རྣམས་བྱ། །དེ་ལས་ཆར་བབ་ཐན་པ་འབྱུང་། །འདི་ལ་སྐྱེས་པའི་སྐྱེས་བུ་དེ། །ཚེ་ལོ་བརྒྱ་བཅུ་འཚོ་བ་སྟེ། །ལྕེ་བདེ་གཟུགས་བཟང་ལག་པ་གཟོ། །བློ་ལུས་མི་བརྟན་འདུག་མི་ཚུགས། །རང་བཞིན་ཤིན་དུ་ངན་པའོ། །ནད་ནི་ཆུང་ངུ་འབྱུང་འགྱུར་ཏེ། །བཏབ་མ་ཐོག་ཏུ་འཚོ་བར་འགྱུར། །རབ་ཏུ་བརྟན་པའི་སྐར་མ་བཞི། །སྣར་མ་སྦོ་དང་ཆུ་སྨད་དང་། །མོན་གྲུ་ཞེས་ནི་བྱ་བ་སྟེ། །ཡུལ་གསར་བཟུང་དང་གནས་བཞི་འཛུགས། །གཞན་གྱི་དཔོན་པོ་བྱེད་པ་དང་། །ཤིང་དང་མེ་ཏོག་བསྐྲུན་པ་དང་། །ལྡུམ་ར་ཀུན་དགའ་ར་བ་སོགས། །བརྟན་ཞིང་ཡུན་དུ་གནས་རྣམས་བྱ། །དེ་ཚེ་ཆར་བྱུང་ཆར་མང་འབབ། །དེ་དག་ལ་ནི་གང་སྐྱེས་པ། །ལོ་ནི་བརྒྱ་ཕྲག་ཅིག་ཏུ་འཚོ། །ཕྱུག་ཅིང་སྦྱིན་ལ་དགའ་བ་སྟེ། །རང་གཞན་ཟས་ལ་སྦྱོར་བ་སྟེ། །རྒྱུན་དུ་བརྫུན་བྲལ་དྲང་པོར་སྨྲ། །རང་བཞིན་ཤིན་དུ་ངན་པ་ཡིན། །ནད་ཀྱིས་བཏབ་པར་གྱུར་པ་ན། །ཅུང་ཟད་ཙམ་གྱིས་འཚོ་བར་འགྱུར། །མྱུར་བར་བཟང་བ་རྣམ་པ་བཞི། །མགོ་དང་ནག་པ་ལྷ་འཚམས་དང་། ནམ་གྲུ་བཞི་ནི་བྱ་བ་སྟེ། །འདི་དག་ལ་ནི་ཞིང་ལས་དང་། །གོས་དང་རྒྱན་གྱི་གཟོ་ལ་སོགས། །མྱུར་བའི་དོན་ནི་འགྲུབ་འགྱུར་ཏེ། །བྱ་བའི་ལས་ཀུན་བསྒྲུབ་ལ་བཞག །གལ་ཏེ་དེ་ལ་ཆར་བབ་ན། །དེ་ནས་ཀྱང་ནི་མྱུར་འབབ་འགྱུར། །སྐར་མ་དེ་དག་ལས་སྐྱེས་བུ། །ལོ་གྲངས་ཉི་ཤུ་རྩ་བརྒྱད་དང་། །ཡང་ན་དགུ་བཅུའི་བར་དུ་འཚོ། །ལྕེ་བདེ་བློ་རྣོ་གཟུགས་བཟང་ཞིང་། །གཏམ་ནི་བདེན་པར་སྨྲ་བ་དང་། །སྙན་གྲགས་ལྡན་ཞིང་སེམས་མྱུར་ལ། །མི་གཞན་དེ་ལ་དགའ་བ་དང་། །ངག་བཙུན་ཉི་ཤུ་སུམ་ཅུའི་བར། །རང་བཞིན་ན་ཡང་སླར་འགྱུར་ནས། །རབ་ཏུ་བཟང་སྟེ་དགེ་བར་འགྱུར། །དེ་ནི་ནད་ཀྱིས་བཏབ་པའི་ཚེ། །རིམས་ཀྱིས་རིམས་ཀྱིས་ཞི་བར་འགྱུར། །ངན་པའི་སྐར་མ་རྣམ་པ་བཞི། །ལག་དང་སྐག་དང་སྣྲོན་དང་ནི། །སྣུབས་ཞེས་བྱ་སྟེ་དེ་དག་ཚེ། །གྲོང་ཁྱེར་གཞོམ་དང་དམག་དྲངས་དང་། །དྲག་པོའི་ལས་རྣམས་ཐམས་ཅད་ལ། །བསད་དང་རྐུ་བ་ལ་སོགས་པ། །ངན་པར་སྤྱོད་པའི་ལས་རྣམས་ཀུན། །དེ་དང་དེ་ལ་རབ་ཏུ་བྱ། །གལ་ཏེ་དེ་ལ་ཆར་བབ་ན། །དེ་ནས་ཀྱང་ནི་མྱུར་འབབ་འགྱུར། །སྐར་མ་དེ་དག་ལས་སྐྱེས་བུ། །ལོ་གྲངས་ཉི་ཤུ་རྩ་བརྒྱད་དང་། །ཡང་ན་དགུ་བཅུའི་བར་དུ་འཚོ། །ལྕེ་བདེ་བློ་རྣོ་གཟུགས་བཟང་ཞིང་། །གཏམ་ནི་བདེན་པར་སྨྲ་བ་དང་། །སྙན་གྲགས་ལྡན་ཞིང་སེམས་མྱུར་ལ། །མི་གཞན་དེ་ལ་དགའ་བ་དང་། །ངག་གཙུན་ཉི་ཤུ་སུམ་བཅུའི་བར། །རང་བཞིན་ན་ཡང་སླར་འགྱུར་ནས། །རབ་ཏུ་བཟང་སྟེ་དགེ་བར་འགྱུར། །དེ་ནི་ནད་ཀྱིས་བཏབ་པའི་ཚེ། །རིམས་ཀྱིས་རིམས་ཀྱིས་ཞི་བར་འགྱུར། །ངན་པའི་སྐར་མ་རྣམ་པ་བཞི། །ལག་དང་སྐག་དང་སྒྲོན་དང་ནི། །སྣུབས་ཞེས་བྱ་སྟེ་དེ་དག་ཚེ། །གྲོང་ཁྱེར་གཞོམ་དང་དམག་དྲངས་དང་། །དྲག་པོའི་ལས་རྣམས་ཐམས་ཅད་ལ། །བསད་དང་རྐུ་བ་ལ་སོགས་པ། །ངན་པར་སྤྱོད་པའི་ལས་རྣམས་ཀུན། །དེ་དང་དེ་ལ་རབ་ཏུ་བྱ། །གལ་ཏེ་དེ་ལས་ཆར་བབ་ན། །ཕྱིར་ཞིང་ཆུང་ངུ་འགྲོ་བའོ། །དེ་དག་ལ་ནི་སྐྱེས་པའི་མི། །ཚེ་ནི་སུམ་ཅུ་ལྔ་བཅུ་དང་། །དྲུག་ཅུ་བདུན་ཅུའི་བར་དུ་འཚོ། །བྱ་བ་བཟང་བ་མི་བྱེད་དེ། །ངན་པའི་ལས་ལ་རབ་ཏུ་བརྩོན། །མ་ཤིའི་བར་དུ་རང་བཞིན་ངན། །ནད་ཀྱིས་ཟིན་པ་འཚོ་བར་སླ། །མྱུར་བར་གྱུར་པའི་སྐར་མ་ནི། །ནམ་སོ་ས་རི་གྲོ་ཞུན་དང་། །མོན་གྲེ་ཁྲུམས་སྨད་ཞེས་བྱ་སྟེ། །གཞན་ཡུལ་ཐག་རིངས་བསྒྲོད་པ་དང་། །ཚོང་སོགས་བརྟན་མིན་ཐམས་ཅད་དང་། །མྱུར་བར་འགྲུབ་པའི་ལས་བྱའོ། །དེ་ཚེ་ཆར་བབ་མྱུར་མང་འབབ། །དེ་ལས་སྐྱེས་པའི་མི་ཡིས་ནི། །ལོ་ནི་དྲུག་ཅུའི་བར་དུ་འཚོ། །སེམས་ནི་རབ་ཏུ་ཟབ་པ་སྟེ། །རང་བཞིན་མཉེན་ཞིང་ཡང་བ་དང་། །བསྒྲོད་པ་དང་ནི་བརྩོན་ལ་སྤྲོ། །ན་ཚ་ཆུང་ངུ་ཆུང་ངུ་ཡང་། །རང་བཞིན་ཉིད་ཀྱིས་ཞི་བར་འགྱུར། །རྟག་པར་བརྫུན་དུ་སྨྲ་ལ་དགའ། །མ་ཤིའི་བར་དུ་རང་བཞིན་ངན། །བརྟན་པའི་དོན་གྲུབ་སྐར་མ་ལྔ། །མཆུ་དང་བྲ་ཉེ་གྲེ་དང་ནི། །ཆུ་སྟོད་ཁྲུམས་སྟོད་རྣམ་པ་ལྔ། །གཉེན་སྦྱོར་བྱ་དང་ཕྱུགས་སོགས་ཉོ། །མི་གཞན་འཁོར་དུ་བསྟེན་པ་དང་། །དབང་བསྐུར་ཚོང་དང་རབ་གནས་དང་། །བཟོ་བྱ་ཁང་སོགས་རྩིག་པ་དང་། །དེ་སོགས་དགེ་བའི་ལས་རྣམས་བྱ། །དེ་ལ་ཆར་བབ་སླར་མ་འབབ། །འདི་དག་ཀུན་ལ་གང་སྐྱེས་མི། །ལོ་ནི་དགུ་བཅུའི་བར་དུ་འཚོ། །བཟོའི་རིགས་བྱེད་མཁས་པ་མིན། །མ་ཤི་བར་དུ་རང་བཞིན་ངན། །ནད་ཀྱིས་བཏབ་ཚེ་ཉེས་མི་འབྱུང་། །བཏང་སྙོམས་བྱེད་པ་རྣམ་གཉིས་ནི། །སྨིན་དྲུག་དང་ནི་ས་ག་སྟེ། །དེ་ལ་དོན་གཉེར་བཏང་སྙོམས་བྱེད། །རིན་ཆེན་ལྔ་དང་སའི་བཟོ། །དེ་ལ་སོགས་པའི་ས་བཟོ་བྱ། །སྦྱིན་བསྲེག་ཆོ་ག་བྱ་བར་བཟང་། །དེ་གཉིས་ལ་ནི་སྐྱེས་པའི་མི། །དང་པོ་ངན་ཡང་ཚེས་སྨད་ལ། །འགྱུར་ཞིང་བཟང་པོ་ཉིད་དུ་འགྲོ། །ནད་ཀྱིས་བཏབ་ཀྱང་གསོ་བ་བསླ། །དེ་དག་དབང་གིས་འགྱུར་ལ་སོགས། །ཐུན་མོང་མཐུན་པའི་ཕྱོགས་བཤད་པའོ། །དེ་ནས་གཞན་ཡང་ཚེས་གྲངས་ཀྱི། །བཟང་ངན་བྱེ་བྲག་བཤད་བྱ་སྟེ། །ཚེས་གཅིག་ལ་ནི་དོན་གཉེར་ན། །ལྟས་བཟང་བཅས་ཏེ་དོན་རྣམས་གྲུབ། །ཚེས་གཉིས་ལ་ནི་སྟོབས་ཆེན་འཐོབ། །ཚེས་གསུམ་ལ་ནི་དོན་ཀུན་འགྲུབ། །བཞི་ལ་འགྲུབ་པའང་མི་འགྲུབ་འགྱུར། །ཚེས་ལྔ་ལ་ནི་ཁེ་བཅས་འགྲུབ། །དྲུག་ལ་དོན་གཉེར་མཚོན་དུ་འཆི། །བདུན་ལ་གང་འདོད་འགྲུབ་པར་འགྱུར། །བརྒྱད་ལ་འཇིགས་པ་འབྱུང་འགྱུར་ཏེ། །དགུ་ལ་འགྲོན་པོ་འཆི་བར་འགྱུར། །བཅུ་ལ་བལྟས་བཟང་མདུན་དུ་འགྲོ། །བཅུ་གཅིག་སྡོམ་པ་འབོགས་པ་བཟང་། །བཅུ་གཉིས་བཟང་པོ་བློན་ལ་འགྲོ། བཅུ་གསུམ་སྟོབས་ཆེན་ལྡན་པར་འགྱུར། བཅུ་བཞི་ལ་ནི་ཆོམ་པོ་འབྱུང་། །བཅོ་ལྔ་པ་ལ་བསྒྲོད་པ་ཡང་། །མར་ངོ་ལ་ཡང་སྦྱར་བར་བྱ། །སྦྱོར་བ་ཉི་ཤུ་རྩ་བདུན་ལ། །ཅིག་པ་བཞི་པ་བཅུ་པ་དང་། །བཅོ་ལྔ་བཅུ་བདུན་བཅུ་དགུ་པ། །ཉི་ཤུ་བདུན་པ་ངན་པ་སྟེ། །དེ་ལས་གཞན་པ་བཟང་པོར་བཤད། །ངན་པ་སྤང་པའི་ངེས་པ་ནི། །སྣབ་སེར་དབྱུག་གུ་གསུམ་སྤང་བྱ། །སྐལ་ལྡན་ཕོལ་དང་རྡོ་རྗེ་ལ། །དབྱུག་གུ་དགུ་དགུ་སྤང་བར་བྱ། །ལྟས་ངན་ཡོངས་འཇོམས་རྣམ་འཛིན་གསུམ། །ངན་པས་ཆུ་ཚོད་གྲངས་ཟུང་སྤང་། །དེ་ནས་བྱེད་པའི་བཟང་ངན་ནི། །གང་གི་བྱེད་པ་དང་པོ་ལ། །སྨན་ལ་སོགས་པ་རྒྱས་པ་ཡི། །ལས་ཀུན་དང་ནི་ཆོས་སྤྱོད་དང་། །བརྩོད་པའི་དོན་དང་དེ་དག་གི །སྔགས་བགྲང་བ་ནི་རབ་ཏུ་བྱ། །གཉིས་པ་ལ་ནི་བསྙེན་བསྐུར་སོགས། །ཞབས་ཏོག་བྱ་ཞིང་གཙང་སྦྲར་སོགས། །བྲམ་ཟེའི་དོན་དང་རབ་བྱུང་ཞིང་། །ཕ་མའི་དོན་དང་སྦྱིན་སོགས་དང་། །བ་ལང་དག་གིས་ལས་རྣམས་བྱ། །གསུམ་པ་ལ་ནི་རང་གཞན་གྱི། །ལས་ཀུན་འགྲུབ་སྟེ་ཁྱད་པར་དུ། །སྐུ་གཟུགས་བཞུགས་དང་རབ་གནས་སོགས། །མི་གཡོ་བ་ཡི་ལས་རྣམས་དང་། །རྩོད་དང་ཚོང་དང་དབང་གི་ལས། །ནོར་བ་སྤོང་བའི་ལས་རྣམས་བྱ། །བཞི་པ་ལ་ནི་རྒྱས་པ་དང་། །དབང་སོགས་བཀྲ་ཤིས་ལས་རྣམས་བྱ། །ལྔ་པ་ལ་ནི་ཞིང་ལས་དང་། །ཁྱིམ་ལ་སོགས་པ་ཤིས་པ་ཡིན། །དྲུག་པ་ལ་ནི་ཉོ་ཚོང་དང་། །བརྟན་པར་བྱེད་པའི་ལས་རྣམས་བྱ། །བདུན་པ་འབྲི་སྟི་ཞེས་བྱ་བ། །ལས་ནི་གང་ཡང་ངན་པའོ། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། ཁྱིམ་དང་གཟའ་དང་སྐར་མ་དང་ཚེས་གྲངས་དང་སྦྱོར་བ་དང་བྱེད་པ་སོ་སོའི་འབྲས་བུ་གསལ་བར་བྱེད་པ་སྟེ་བཞི་པའོ།། ༈ །།དེ་ནས་གཟའ་སྐར་ལྡན་པ་ཡི། །འབྲས་བུ་གཞན་ཡང་བཤད་པར་བྱ། ཉི་མ་དང་ནི་ཐ་སྐར་དང་། །དེ་བཞིན་ཟླ་བ་མགོ་དང་ནི། །མིག་དམར་སྐག་བཅས་ལག་པ་ནི། །མི་བཞི་ལྷ་འཚམས་བླ་མ་སྟེ། །པ་སངས་ཆུ་སྨད་ཉི་མའི་བུ། །མོན་གྲེ་དང་ལྡན་ཤེས་པར་བྱ། །དེ་ལྟར་བདུན་ནི་ཀུན་དགའ་སྟེ། །གཞན་དག་རིམ་པས་ཤེས་པར་བྱ། །ཀུན་དགའ་ལ་ནི་ནོར་རྙེད་དེ། །དུས་ཀྱི་དབྱུག་པ་འཇིགས་པ་ཆེ། །དུལ་བ་ནོར་ཡང་ཕྱུག་པ་སྟེ། །སྐྱེ་དགུའི་བདག་ལ་བུ་སྨད་སྐྱིད། །གཞོན་ལ་བྱ་བ་ཐམས་ཅད་འགྲུབ། །བྱ་རོག་ཁ་བཏབ་འཇིགས་དང་སྐྲག །རྒྱལ་མཚན་གོས་སོགས་ཕུན་སུམ་ཚོགས། །དཔལ་བེའུ་ལ་ནི་རིན་ཆེན་བསྡུད། །རྡོ་རྗེ་ཐོག་དང་རྡོ་རྗེས་འཇིགས། །འཆི་བའི་འཇིགས་པ་ཐོ་བའོ། །གདུགས་ལ་དགྲ་བོ་འཇོམས་པར་འགྱུར། །གྲོགས་ལ་གྲོགས་དང་འཕྲད་པར་འགྱུར། །ཡིད་ལ་དཔལ་ནི་རྙེད་པར་འགྱུར། །འདོད་ལ་བྱ་བ་ཡིད་སྨོན་འགྲུབ། །འགལ་མོ་ལ་ནི་འཐབ་མོ་འབྱུང་། །རྩང་སྟོན་ལ་ནི་ཚེ་ཟད་འགྱུར། །འཆི་བདག་ལ་ནི་འཆི་བའོ། །མདའ་ལ་སྣ་དང་ཡན་ལག་ཉམས། །གྲུབ་ལ་བྱ་བ་གང་བརྩམས་འགྲུབ། །མདུང་ལ་ནད་ཀྱི་འཇིགས་པ་འབྱུང་། །བདུད་རྩི་ལ་ནི་དགྲ་བོ་ཕུང་། །བདུན་ལ་ལྟུན་ཤིང་རིགས་པར་བྱ། །གླང་པོས་དོན་ཀུན་གྲུབ་པར་བྱེད། །སྟག་མོ་ལ་ནི་བཞོན་པ་རྙེད། །ཟད་ལ་ནོར་དང་སྐྱེ་བ་ཟད། །གཡོ་ལ་བྱ་བ་ཐམས་ཅད་འགྲུབ། །བསྟན་ལ་སྲིད་སྡེ་ཕུང་བར་བྱེད། །འཕེལ་བ་ལ་ནི་ནོར་འཕེལ་ལོ། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས་། ལྡན་པའི་འབྲས་བུ་གསལ་བར་བྱེད་པ་སྟེ་ལྔ་པའོ།། ༈ །།དེ་ནས་རྣལ་འབྱོར་ལྡན་པ་ཡི། །དབུགས་ལ་འཆར་དང་འདྲི་ཚིག་གི །ངེས་པ་གསལ་བར་ཤེས་པར་བྱ། །ལུས་ཅན་རྣམས་ནི་སྐྱེས་པའི་དུས། །ཀར་ཀ་ཏའི་ཁྱིམ་ཞེས་བརྗོད། །ཞག་ཅིག་འཕོ་བ་གཉིས་གཉིས་ཏེ། །དབྱུག་གུ་དྲུག་ཅུ་ཐམ་པའོ། །ཆུ་སྲང་སུམ་བརྒྱ་དྲུག་ཅུ་སྟེ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དབུགས། །སུམ་ཅུ་སོ་གཉིས་ཕྱེད་བཅས་པའི། །ཆ་ཅིག་ཡེ་ཤེས་རླུང་ཞེས་བརྗོད། །གཡོན་དང་གཡས་པའི་ལམ་ནས་ནི། །ནམ་མཁའ་རླུང་མེ་ཆུ་དང་ས། །བསྐྱེད་དང་བསྡུད་པའི་རིམ་པས་འབྱུང་། །དེ་ལྟར་དཀྱིལ་འཁོར་དྲུག་ཅུ་ནི། །དྲག་པོ་རྐང་པ་དང་བཅས་པའམ། །དམན་པར་རྒྱུ་བར་སྣང་བྱེད་ཅིང་། །དེ་ཉིད་དབུ་མའི་ལམ་དུ་གྲགས། །གང་ཚེ་སྣའི་བུ་གར་ནི། །ཀ་བ་ལྷུན་པོའི་རང་བཞིན་ཏེ། །ས་ནི་ཐུར་ལ་རྒྱུ་བ་སྟེ། །ཆུ་ནི་ཀ་བའི་ཕྱོགས་སུ་ཤེས། །མེ་ནི་འགྲམ་གྱི་ཕྱོགས་སུ་ཤེས། །རླུང་ནི་སྟེང་གི་ཕྱོགས་སུའོ། །སྟོང་པའི་དཀྱིལ་འཁོར་དབུས་སུ་ཡིན། །གཡས་ཕྱོགས་ས་ཚོགས་རིམ་པ་བཞིན། །སྤེན་པ་ཕུར་བུ་མིག་དམར་དང་། །ཉི་མ་དུས་མེ་རིམ་པས་རྒྱུ། །གཡོན་པ་མཁའ་སོགས་རིམ་པ་བཞིན། །སྒྲ་གཅན་ཟླ་བ་གཟའ་ལྷག་དང་། །སྤ་སངས་འཇུག་རིང་རིམ་པས་འཆར། །དེ་ཚེ་དོན་གཉེར་སྐྱེས་བུ་གང་། །བདག་གམ་གཞན་གྱིས་ཡོངས་སུ་འདྲི། །གསལ་བར་འབྲས་བུ་ངེས་པར་སྟོན། །གཡོན་ནས་རྒྱུ་བ་ངེས་འགྲུབ་ཅིང་། །གཡས་ཕྱོགས་མི་འགྲུབ་ངེས་པ་སྟེ། །དབུ་མར་བཏང་སྙོམས་ལས་རྣམས་འགྱང་། །གཞན་ཡང་གཡས་ཀྱི་དུས་སྦྱོར་དུ། །རྒྱུ་དུས་གཡུལ་འགྱེད་གང་འདྲི་བ། །དུས་མེས་འཆི་བ་སྟོན་པར་ཏེ། །རླུང་དུ་ཉི་མས་ཡན་ལག་ཉམས། །མེར་ནི་མིག་དམར་གྱིས་སྣད་འགྱུར། །ཆུ་ནི་ཕུར་བུ་ཉེན་ཆེན་པོ། །སར་ནི་སྤེན་པ་འཆར་བ་ཡིས། །གཡུལ་དུ་ཡུན་རིང་བརྩོད་པར་འགྱུར། །ནད་པ་རྣམས་ལ་གོ་རིམ་བཞིན། །འཆི་དང་ཉོན་མོངས་རྨ་དོད་དང་། །བཅོས་མཚོ་ན་ཡུན་རིང་བར་འགྱུར། །ཡུལ་གྱི་ལྟད་མོ་བག་མ་དང་། །ཞི་དང་རྒྱས་པའི་ལས་རྣམས་ཀུན། །འདི་དག་བཟང་བ་མ་ཡིན་ནོ། །འབྲས་བུ་སྣ་ཚོགས་སྔ་མ་བཞིན། །གང་གི་གཡོན་པའི་དཀྱིལ་འཁོར་དུ། །སྟོང་པ་སྒྲ་གཅན་འཆར་ཚེ་འདྲི། །དགྲ་རྣམས་ཕར་ལ་འཇོམས་པར་འགྱུར། །ཟླ་བ་རླུང་སྟེ་དགྲ་བོ་ཡི། །ཡན་ལག་འགའ་ཞིག་ཉམས་བྱེད་འགྱུར། །མེ་ལ་གཟའ་ལག་དགྲ་བོ་རྨས། །སྤ་སངས་ཆུ་སྟེ་ནོར་ཐོབ་འགྱུར། །སའི་དཀྱིལ་འཁོར་མཇུག་རིང་འཆར། །དགྲ་རྣམས་རང་གི་དབང་དུ་འགྱུར། །ནད་པ་རྣམས་ནི་འཚེ་བ་དང་། །དགའ་སྟོན་འཇིག་རྟེན་བྱ་བ་ཡི། །ཞི་དང་རྒྱས་ཀུན་མྱུར་འགྲུབ་བྱེད། །སྒྲ་གཅན་མ་གཏོགས་གཞན་དག་རྣམས། །དྲག་པོའི་ལས་ལ་སྟོབས་ལྡན་མིན། །གང་ཞིག་སོ་སོའི་དུས་རྩ་རུ། །དབུ་མར་རླུང་རྒྱུ་དེའི་ཚེ། །མཚོན་དང་དུག་དང་རིམས་ཀྱིས་ཕོག །དེ་ཚེ་མྱུར་དུ་འཆི་ཞེས་བརྗོད། །རྒྱས་པར་དབྱངས་འཆར་རིམ་པ་བཞིན། །དབུགས་ཀྱི་གྲངས་ལ་ཤེས་པར་བྱ། །གཞན་ཡང་དབུགས་དབྱུང་དུས་དེར་འདྲི། །བྱ་བ་གང་ཡང་མི་འགྲུབ་ཅིང་། །ནང་འཇུག་འདྲི་བས་འགྲུབ་པར་བཤད། །བར་མ་བཏང་སྙོམས་རང་བཞིན་འགྱུར། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། དབུགས་ཀྱི་འདྲི་བའི་ལྟས་གསལ་བར་བྱེད་པ་སྟེ་དྲུག་པའོ།། ༈ །།དེ་ནས་གཞན་ཡང་འདྲི་ཚིག་གི །ལྟས་ཀྱི་བྱེ་བྲག་བཤད་པར་བྱ། །ཕོ་ཉས་སྨྲས་པའི་དབྱངས་ལ་ནི། །བཅུས་བསྒྱུར་ཁྱིམ་གྱི་འཁོར་ལོ་བསྲེ། །མདས་བསྒྱུར་དྲུང་གི་སྐྱེ་བོ་བསྣན། །རེས་བགོ་ལྷག་མ་ངེས་པར་རྟག །གཅིག་གསུམ་ལྔ་བདུན་མི་མཉམ་པ། །ཉི་མ་བཀྲ་ཤིས་ཕུར་བུ་དང་། །སྤེན་པས་རིམ་བཞིན་འབྲས་བུ་མེད། །གཉིས་བཞི་དྲུག་རྣམས་གོ་རིམ་བཞིན། །ཟླ་བ་གཟའ་ལག་སྤ་སངས་ཏེ། །མཉམ་པས་ཞི་བྱེད་དོན་ཀུན་གྲུབ། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། འདྲི་ཚིག་གི་བྱེ་བྲག་གསལ་བར་བྱེད་པ་སྟེ་བདུན་པའོ།། ༈ །།དེ་ནས་གདེངས་ཀའི་འཁོར་ལོ་བཤད། །ཐ་སྐར་ནས་ནི་ནམ་གྲུའི་བར། །རྩ་རྒྱུད་གསུམ་གྱི་འཁོར་ལོ་བྲི། །གཟའ་རྣམས་གང་ལ་གནས་པ་ལྟ། །ལམ་འཇུག་ཐད་ཀ་རྒྱུ་སྐར་གནས། །བསོད་ནམས་སྡིག་ཅན་གང་གནས་བརྟག །ཉི་ཟླ་དམར་ལག་ཕུར་སངས་སྤེན། །ར་ཧཱུ་མཇུག་རིངས་རིམ་པ་བཞིན། །འགྲོ་སར་དཔག་ཚད་ཇི་སྙེད་པ། །རྩ་རྒྱུད་ལ་གནས་གཟའ་ཡིས་བསྒྱུར། །དེ་ལ་སྐར་བགོས་ཐོབ་པ་ནི། །དཔག་ཚད་གྲངས་ཡིན་ལྷག་མ་ལ། །བཞིས་བསྒྱུར་ཐོབ་པ་རྐང་པ་སྟེ། །མཁའ་རོས་བསྒྱུར་ཐོབ་མདའ་འཕེན་ནོ། །གང་གནས་གཟའི་འབྲས་བུ་འབྱུང་། །ཉི་མས་འཇིགས་ཀྱང་སྐྱོན་མེད་ལ། །ཟླ་བས་བུད་མེད་ཉམས་པར་བྱེད། །མིག་དམར་འཆི་བདག་གསོད་པ་འབྱུང་། །གཟའ་ལག་རིགས་བྱེད་སྨྲ་དང་ཕྲད། །ཕུར་བུས་ཆོས་དང་སྦྱོར་བར་བྱེད། །པ་སངས་བདག་པོས་མཆོད་པར་འགྱུར། །སྤེན་པས་རྩོད་དང་འཆིང་བར་བྱེད། །ར་ཧུས་ལམ་མེད་མི་དགེ་བྱེད། དགེ་དུས་ཅུང་ཟད་མི་དགེ་བྱེད། །ནད་དང་རྩོད་པའི་དུས་ལ་ནི། །རང་གི་སྐྱེས་སྐར་སྡིག་ཟླར་བཅས། །རྩ་རྒྱུད་ཅིག་ལ་གནས་གྱུར་ན། །གོང་བཞིན་སོ་སོའི་འབྲས་བུ་འབྱུང་། །ཡང་ན་བདུན་པ་འཆར་བ་བཞིན། །འབྲས་བུ་གསལ་བར་འགྱུར་བ་ཡིན། །གཞན་ཡང་ཁྱོ་ཤུགས་དཔོན་གཡོག་གི །འབྲས་བུ་གསལ་བར་བྱེད་པ་ནི། །སོ་སོར་སྐྱེས་པའི་སྐར་མ་ལ། །བཀྲ་ཤིས་ཉི་སྤེན་སྒྲ་གཅན་གནས། །འཆི་དང་ནོར་ཉམས་གཉེན་དང་བྲལ། །གཞན་དུ་ཕྱོགས་དང་སྡུག་བསྔལ་འགྱུར། །བསོད་ནམས་གཟའ་གནས་བདེ་ཚོགས་འབྱུང་། །སྐྱེས་སྐར་རྩ་རྒྱུད་ཅིག་ལ་གནས། །ནོར་རྙེད་ཤིན་དུ་འཐུན་པ་དང་། །དགའ་བར་མཁས་པས་ཤེས་པར་བྱ། །ཆུང་མ་ཁྱོ་དང་ལྷན་ཅིག་ཏུ། །རྩ་ཅིག་ལ་གནས་སྐྱེས་པ་འཆི། །གཞན་ཡང་གདེངས་ཀའི་བྱེ་བྲག་ནི། །སྨིན་དྲུག་ལ་སོགས་རེ་རེ་དོར། །དེ་བཞིན་ལག་སོགས་གསུམ་དོར་བའི། །ཟླ་བ་གང་ལ་སོང་བ་རྟག །རྩ་རྒྱུད་ཅིག་ལ་ཟླ་བ་གནས། །དང་པོར་རྩོད་པ་རྒྱལ་བྱེད་ཅིང་། །ཕྱིར་རོལ་གནས་པ་ཕྱི་མ་རྒྱལ། །དེ་ནི་ངེས་པར་རྒྱལ་བར་འགྱུར། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། །གདེངས་ཀའི་འཁོར་ལོ་གསུམ་གསལ་བར་བྱེད་པ་སྟེ་བརྒྱད་པའོ།། ༈ །།དེ་ནས་ལོ་བདག་འཕོ་བ་བཤད། །རི་བོང་མིག་དང་ལག་པ་ལ། །རབ་སྐྱེས་ལ་སོགས་འདས་པ་བྱིན། །མིག་གིས་ཕྲི་ལ་བདུན་གྱིས་བགོ །ལྷག་མ་ལོའི་བདག་པོའོ། །དེའི་འབྲས་བུ་བསྟན་པ་ནི། །ཉི་མ་ལོར་ཞུགས་ཐན་པ་ཆེ། །རྩི་ཤིང་ངན་ཞིང་ལོ་ནད་མང་། །ཡུལ་འཁྲུག་མི་ནད་ཕྱུགས་ནད་འབྱུང་། །ཟླ་བ་ཆར་ཆེ་རྩི་ཤིང་རྒྱས། །མི་ཕྱུགས་བདེ་ཞིང་ཡོ་ལང་ཆེ། །ཡུལ་བདེ་ལ་ལར་སད་ཕྲན་འབྱུང་། །བཀྲ་ཤིས་ཆར་ཆུང་རྩི་ཤིང་ངན། །ཆོམ་རྐུན་དམག་སོགས་སྡུག་བསྔལ་སྦྱོང་། །ནད་དང་སྦྲུལ་ཚོགས་འཚེ་བ་མང་། །རྒྱལ་པོས་བྱམས་པར་སྐྱོང་མི་འགྱུར། །གཟའ་ལག་འཆར་སྙོམས་འབྲུ་བཅུད་སྨན། །རྒྱས་ཤིང་ངོ་མཚར་སྒྱུ་མ་མཁན། །འགྲོ་བ་བསླུ་ཞིང་རྒྱལ་ཁྲིམས་བདེ། །སྟན་ཆོས་མངོན་ཤེས་བློ་ལྡན་འགྱུར། །ཕུར་བུ་ལོ་ལེགས་རྩི་ཤིང་རྒྱས། །མི་ཕྱུགས་བདེ་ཞིང་ཡ་རབས་དང་། །རྒྱལ་པོ་གཞིར་གནས་འཁྲུག་པ་མེད། །ཆར་ཆེ་མཆོད་སྦྱིན་རྒྱས་པར་འགྱུར། །སྤ་སངས་ཆར་སྙོམས་ལོ་ལེགས་འབྲུ། །རྩི་ཐོག་རྒྱས་པས་དགའ་སྟོན་འཕེལ། །ཕ་རོལ་སྡེ་འཇོམས་བདེ་བར་འགྱུར། །སྤེན་པ་ཆར་ཆུང་ནོར་དང་འབྲུ། །འཕེལ་མིན་ནད་དང་མུ་གེ་འབྱུང་། །སྐྱེ་བོ་འཐུན་མིན་ཆོམ་རྐུན་དང་། །གནོད་པས་སྡུག་བསྔལ་འགྱུར་བར་བསྟན། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། ལོ་བདག་གི་གཟའ་འཆར་བའི་འབྲས་བུ་དང་བཅས་པ་གསལ་བར་བྱེད་པ་སྟེ་དགུ་པའོ།། ༈ །།དེ་ནས་དཔྱིད་ཟླ་འབྲིང་པོ་ཡི། །མགོ་ལར་ཉི་ཟླ་འཛོམ་པའི་ཚེ། །ཉི་ཟླ་བསྒྲོད་པའི་བྱེ་བྲག་གིས། །ཟླ་བའི་ར་ལ་འཐོན་དམན་འབྱུང་། །དེའི་འབྲས་བུ་ངེས་པ་ནི། །མཉམ་པ་ཤིན་དུ་དགེ་བ་སྟེ། །བྱང་ཕྱོགས་འཐོ་བར་གྱུར་པའི་ཚེ། །ཆར་མི་འབབ་ཅིང་མུ་གེ་འབྱུང་། །ལྷོ་ཕྱོགས་འཐོ་བ་ཆར་མང་འབབ། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། ཟླ་བའི་ལྟས་གསལ་བར་བྱེད་པ་སྟེ་བཅུ་པའོ།། ༈ །།དེ་ནས་ཉི་ཟླ་སྒྲ་གཅན་གྱིས། །བཟུང་བའི་འབྲས་བུ་བཤད་པར་བྱ། །ཐ་སྐར་བྲ་ཉེ་སྨིན་དྲུག་དང་། །སྣར་མ་ཉི་ཟླ་འཛིན་གྱུར་ན། །རྣམ་པ་སྣ་ཚོགས་བད་ཀན་ནད། །འཁྲིས་པ་དང་ནི་རླུང་གྱུར་དང་། །དེ་བཞིན་འདྲེས་པར་གྱུར་པ་ནི། །གཞན་ཡང་ལུས་ཅན་ཀུན་ལ་འབྱུང་། །བྱིས་པ་དག་ནི་ཐམས་ཅད་ལ། །རྣམ་པ་དུ་མའི་ནད་རྣམས་འབྱུང་། །མགོ་དང་ལག་དང་ནམ་སོ་དང་། །དེ་བཞིན་རྒྱལ་དང་སྐག་ཉིད་དང་། །ཉི་མ་ཟླ་བ་འདི་དག་ལ། །སྒྲ་གཅན་གྱི་ཟིན་སྣང་གྱུར་ན། །ག་དྷ་རྒྱལ་པོ་གནོད་འགྱུར་ཞིང་། །དེ་བཞིན་ཡུལ་གྱི་མི་དག་ལའང་གནོད། །བློན་པོ་ནད་འཇིགས་ཤེས་པར་བྱ། །འཆི་དང་ཉོན་མོངས་གྲོང་ཁྱེར་འགྱུར། །མཆུ་དང་བྲེ་དང་སྦོ་ཉིད་དང་། །མེ་བཞི་ནག་པ་ས་རི་དང་། །ས་ག་དག་ནི་རྒྱུ་སྐར་གྱི། །དེ་ལ་ཉི་ཟླ་ཤར་བ་ན། །འཛིན་པར་ཐེ་ཚོམ་མེད་འགྱུར་ཞིང་། །ཉི་ཟླ་གཉིས་ནི་ཤར་ཕྱོགས་སུ། །སྒྲ་གཅན་གྱིས་ནི་འཛིན་གྱུར་ན། །ཤར་ཕྱོགས་མིའི་བདག་པོ་དང་། །ལཱ་ཌ་ཡུལ་གྱི་བདག་པོ་དང་། །ཨ་ག་ལ་ག་དྷ་རྒྱལ་པོ། །མིག་གི་ནད་ཀྱིས་ཐེབས་པའམ། །བུ་རྣམས་འཆི་བར་འགྱུར་བའམ། །དེ་བཞིན་འཆི་བས་ཉེར་འཇིགས་འགྱུར། །དགྲ་རྣམས་སྡང་བའི་སེམས་ལྡན་རྣམས། །ཚོགས་ཀྱང་དེ་ཚེ་འབྱུང་བར་འགྱུར། །ལྷ་འཚམས་དང་ནི་སྣྲོན་དག་ལ། །སྒྲ་གཅན་གྱིས་ཟིན་ཀུན་ལ་སྣང་། །དེ་ཚེ་ནད་རྣམས་ཀུན་དུ་འགྲོ། །ཡུལ་མི་ཀུན་ལའང་ནད་རྣམས་འབྱུང་། །བསད་དང་འཆིང་དང་ཉོན་མོངས་དང་། །གནོད་པ་རྣམ་པ་དུ་མ་འབྱུང་། །འཆིང་དང་གཞན་གྱི་དམག་ཚོགས་ནི། །སྐྱེ་བོའི་གཙོ་ལ་དེ་དག་སྐྱེ། །རྒྱུ་སྐར་སྣུབས་ལ་གནས་པ་ལ། །ཉི་མ་དང་ནི་ཟླ་བ་དག །མ་ལུས་ནུབ་པ་ཇི་བཞིན་དུ། །ཉིན་མཚན་ཕྱེད་དུ་བཟུང་གྱུར་ན། །ཤར་ཕྱོགས་གནས་པའི་རྒྱལ་པོ་ནི། །སྡང་བས་གསོད་པར་ཐེ་ཚོམ་མེད། །རང་ཉིད་འཆི་བའི་འཇིགས་པས་སམ། །གཞན་གྱིས་དེ་ཉིད་གསོད་པར་འགྱུར། །གླ་ཀློ་ཡི་ནི་བདག་པོ་ཉིད། །ཤར་ཕྱོགས་སུ་ནི་གསོད་པར་བྱེད། །ཨོ་ཌཱའི་ཡུལ་གྱི་མི་རྣམས་དང་། །དེ་ཚེ་རྡོ་རྗེ་ཞེས་དག་ཀྱང་། །སྣད་པར་འགྱུར་བར་ཤེས་པར་བྱ། །ཆུ་སྟོད་དང་ནི་ཆུ་སྨད་ལ། །ཉི་མའི་དབུས་དང་ཟླ་བ་ནི། །དམར་པོར་འཛིན་པར་སྣང་གྱུར་ན། །རྟག་ཏུ་མུ་གེ་འབྱུང་བར་འགྱུར། །གྲོ་ཞིན་མོན་གྲེ་མོན་གྲུ་དང་། །ཁྲུམས་སྟོད་དུས་སུ་ཉི་ཟླ་བཟུང་། །ཁ་དོག་ནག་པར་སྣང་གྱུར་ན། །མྱ་ངན་ཆེན་པོ་ཉོན་མོངས་དང་། །ཡུལ་ནི་ཀུན་ལ་མུ་གེ་དང་། །རྒྱལ་པོ་རྐུན་མའི་འཇིགས་ཆེན་འབྱུང་། །ཁྲུམས་སྨད་དང་ནི་ནམ་གྲུ་ལ། །ཟླ་བ་ཉི་མའི་དཀྱིལ་འཁོར་དུ། །ཤར་ནས་སྒྲ་གཅན་འཛིན་པ་ན། །ནུབ་ཕྱོགས་ནས་ནི་ཉི་མ་འཛིན། །མ་ག་དྷ་ནི་མི་ཡི་བདག །སེམས་ཅན་རྒྱལ་པོའི་སྟོབས་ཉམས་པར། །ཟླ་ཕྱེད་ཅིག་གིས་སྣང་བར་འགྱུར། །རྟག་ཏུ་སྒྲ་གཅན་འགྲོ་བ་ཡིས། །མཚན་མ་འདི་དག་བསྟན་པ་ཡིན། །ཟླ་བ་ཉི་མའི་དཀྱིལ་འཁོར་གྱི། །ཕྱོགས་ནི་གང་ནས་ཟིན་གྱུར་པ། །དེ་དང་དེ་ཡི་ཕྱོགས་དག་ཏུ། །དགེ་དང་མི་དགེ་འབྱུང་བར་འགྱུར། །གཞན་ཡང་ཉི་ཟླ་གཟས་བཟུང་བའི། །འབྲས་བུ་མང་དུ་གསུངས་མོད་ཀྱི། །ངེས་མེད་འདིར་ནི་མ་བསྟན་ཏོ། དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། ཉི་ཟླ་བཟུང་བའི་འབྲས་བུ་གསལ་བར་བྱེད་པ་སྟེ་བཅུ་གཅིག་པའོ།། ༈ །།དེ་ནས་གཞན་ཡང་གཟའ་རྣམས་ཀྱི། །ཚེའི་ཐ་མའི་འབྲས་བུ་བརྗོད། །འཁོར་ལོའི་རྩིབས་ནི་བརྒྱད་པ་ལ། །ཤར་ནས་དབང་ལྡན་མཐར་ཐུག་པར། །དྲུག་པ་ཚེས་དང་ནོར་བདག་དང་། །ར་ཟླ་མཁའ་ཟླ་བཅུ་དགུ་དང་། །བཅུ་གཉིས་ཟླ་མིག་རིམ་པས་བགོད། །ཉི་མའི་ལོངས་སྤྱོད་ལོ་དྲུག་སྟེ། །ཟླ་བ་ལོ་ནི་བཅོ་ལྔའོ། །མིག་དམར་ལོ་བརྒྱད་དེ་བཞིན་དུ། །གཟའ་ལག་ལོ་ནི་བཅུ་བདུན་ཡིན། །སྤེན་པ་ལོ་བཅུ་ཕུར་བུ་ནི། །བཅུ་དགུ་སྒྲ་གཅན་ལོ་བཅུ་གཉིས། །སྤ་སངས་ལོ་ནི་ཉི་ཤུ་གཅིག །ཐ་སྐར་ནས་ནི་ནམ་གྲུའི་བར། །བྱི་ཞུན་དང་བཅས་ཉི་ཤུ་བརྒྱད། །ཉི་སོགས་ཕྱེད་དང་བཞི་བཞི་སྟེ། །སོ་སོ་དབང་བྱེད་སྐར་མ་ཡིན། །ཨ་ཨི་རི་ཨུ་ལི་ཉི་མ། །ཧ་ཡ་ར་བ་ལ་ཟླ་བ། །ང་གྷ་ག་ཁ་ཀ་མིག་དམར། །ཉ་ཛྷྱ་ཛ་ཚ་ཙ་གཟའ་ལྷག །ཎ་དྷ་ཌ་ཋ་ཊ་སྤེན་པ། །མ་བྷ་བ་ཕ་པ་ཕུར་བུ། །ན་དྷ་ད་ཐ་ཏ་སྒྲ་གཅན། །ཨཱ་ཤཎ་ཨཱ་པ་སྤ་སངས། །ཉི་ཟླ་ནམ་མཁའ་རླུང་དང་མེ། །ཆུ་དང་ས་དང་ཡེ་ཤེས་ཀྱི། །རང་བཞིན་སྡེ་ཚན་རྣམས་ཀྱང་དགོད་། །ཨེ་ཨར་ཨལ་ནི་དབུས་སུ་བྲི། །བཞི་པར་དབྱངས་འཆར་རིམ་པ་བཞིན། །གཟའ་རྣམས་སོ་སོའི་ལོངས་སྤྱོད་ལ། །སྐྱེས་སྐར་གང་ཡིན་ངོས་བཟུང་ནས། །བརྒྱ་རྩ་བརྒྱད་ཀྱི་ལོ་བགོས་བརྟག །རིམ་པས་ཐ་མའི་འབྲས་བུ་ཡིན། །ཡང་ན་གཟའ་རྣམས་སྐྱེས་ཁྱིམ་དང་། །ཞིང་ལ་གནས་ཚེ་སྐྱེས་པའི་མི། །སྐྱེས་སྐར་དེ་ནས་རིམ་པ་བཞིན། །བརྟགས་པས་འབྲས་བུ་ངེས་པར་འགྱུར། །མིང་ཡིག་སྡེ་ཚན་གང་གནས་དང་། །སྐྱེས་སྐར་ཕན་ཚུན་ལྟ་བ་ནི། །ཟླ་བ་སྤ་སངས་གཟའ་ལག་རྣམས། །ཞི་བྱེད་ཉི་སོགས་ཞི་མི་འགྱུར། །སྔོན་དུ་བསྟན་བཞིན་ཤེས་པར་བྱ། །གཞན་ཡང་འདྲི་བའི་ཚིག་ཉིད་དམ། །འཁོར་ལོར་མེ་ཏོག་གཞག་སྟེ་དྲི། །དེའི་འབྲས་བུ་གསལ་བར་འགྱུར། །ཐོག་མར་རང་རང་ལོ་ཡིས་བསྒྱུར། །ཀླུ་མཁའ་ཟླ་བས་བགོས་ཐོབ་པ། །ལོ་ནི་ལྷག་མ་གསུམ་གྱིས་བསྒྱུར། །སུམ་བཅུ་བགོས་ཐོབ་ཟླ་བ་སྟེ། །ལྷག་མ་གཞན་ཡིན་དེ་ལ་ཡང་། །ཆུ་ཚོད་ཆུ་སྲང་དབུགས་རིམ་བཞིན། །རང་རང་ལོ་བསྒོས་གསལ་བར་འགྱུར། །འདི་དག་ལྷ་ཆེན་དྲང་སྲོང་དང་། །གཞུང་གཞན་རྣམས་ལས་གྲགས་པ་ཡིན། །རྒྱལ་བས་ཐམས་ཅད་ལས་བཞིན་དུ། །འབྲས་བུ་སོ་སོར་ངེས་པར་གསུངས། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། ཚེའི་ཐ་མི་འབྲས་བུ་གསལ་བར་བྱེད་པ་སྟེ་བཅུ་གཉིས་པའོ།། ༈ །།དེ་ནས་རྟེན་འབྲེལ་བཅུ་གཉིས་ཀྱི། །ཁྱིམ་གྱི་ཟླ་བ་བཤད་པར་བྱ། །ཆུ་སྲིན་ཁྱིམ་གྱི་ཚེས་ཅིག་ནས། །མ་རིག་པ་སོགས་རིམ་པས་འབྱུང་། །བུམ་པའི་ཟླ་བར་འདུ་བྱེད་དེ། །ཉ་ལ་རྣམ་པར་ཤེས་པའོ། །ལུག་ལ་མིང་དང་གཟུགས་ཡིན་ལ། །གླང་གི་ཟླ་བར་སྐྱེ་མཆེད་དྲུག །འཁྲིག་པའི་ཟླ་བར་རེག་པ་སྟེ། །ཀར་ཀ་ཏ་ལ་ཚོར་བའོ། །སེང་གེ་ཟླ་བར་སྲེད་པ་སྟེ། །བུ་མོར་ཉེ་བར་ལེན་པའོ། །སྲང་ལ་སྲིད་པ་ཞེས་སུ་བརྗོད། །སྡིག་པའི་ཟླ་བར་སྐྱེ་བ་སྟེ། །གཞུ་ལ་རྒ་ཤིས་ཞེས་བྱ་བ། །དགུན་ཟླ་འབྲིང་པོ་ལ་སོགས་པའི། །ཉི་མ་འཕོ་བའི་མཚམས་ཞུགས་པ། །ཉི་ཁྱིམ་དང་སྦྱང་བརྩིས་པ་ཡིན། །ཞག་གི་ཟླ་བར་འཐུན་པ་ནི། །གང་ཚེ་མ་རིག་པ་ཤར་བ། །དགུན་འབྲིང་དཀར་པོའི་ཚེས་ཅིག་ཡིན། །གཉིས་པ་ནས་ནི་བཅུ་གཉིས་བར། །འདུ་བྱེད་རྣམ་ཤེས་མིང་དང་གཟུགས། །སྐྱེ་མཆེད་དྲུག་དང་རེག་པ་དང་། །ཚོར་སྲེད་ལེན་དང་སྲིད་པ་དང་། །སྐྱེ་བ་རྒ་ཤའི་བར་དུ་སྟེ། །བཅུ་གསུམ་བཅུ་བཞི་བཅོ་ལྔ་བར། །མ་རིག་འདུ་བྱེད་རྣམ་ཤེས་ཡིན། །འདི་ནི་ཆུ་སྲིན་ཁྱིམ་ཡིན་ལ། །རིམ་པས་མི་མཉམ་པ་ཞེས་བརྗོད། །ནག་ཕྱོགས་མ་རིགས་པ་ཤར་བ། །བུམ་པའི་ཁྱིམ་གྱི་ཚེས་ཅིག་ཡིན། །ཚེས་གཉིས་ནས་ནི་བཅུ་གཉིས་བར། །རྒ་ཤི་སྐྱེ་བ་སྲིད་པ་ལེན། །སྲིད་དང་ཚོར་བ་རེག་སྐྱེ་མཆེད། །མིང་གཟུག་རྣམ་ཤེས་འདུ་བྱེད་རྣམས། །བཅུ་གསུམ་བཅུ་བཞི་བཅོ་ལྔ་བར། །སྐྱེ་དང་སྲིད་པ་ལེན་པ་སྟེ། །ཚེས་ལྷག་ཤར་ནས་སྲེད་པ་ཡིན། །འདི་དག་ནག་པོའི་ཕྱོགས་ཞེས་བྱ། །མཉམ་པ་ཞེས་བྱ་དུས་སྦྱོར་ཡིན། །བུམ་པའི་ལྷག་མའི་ཟླ་བ་སྟེ། །དཀར་ཕྱོགས་ཚེས་གཅིག་འདུ་བྱེད་དེ། །རྟེན་འབྲེལ་རིམ་པས་མི་མཉམ་འཆར། །ཡང་ནི་ནག་ཕྱོགས་ཉ་ཡི་ཁྱིམ། །རྣམ་པར་ཤེས་ནས་བཟློག་པས་འཆར། །ལྷག་མ་དཀར་ཕྱོགས་རིམ་པ་བཞིན། །དེ་བཞིན་ཀུན་ལ་ཤེས་པར་བྱ། །མདོར་ན་དཀར་ཕྱོགས་མི་མཉམ་སྟེ། །བཟློག་པ་ནག་ཕྱོགས་མཉམ་པ་ཡིན། །གཞན་ཡང་ཁྱིམ་གྱི་མཉམ་མི་མཉམ། །སྔ་མར་བསྟན་པ་བཞིན་ཤེས་བྱ། །བྱེ་བྲག་རྟེན་ཅིང་འབྲེལ་འབྱུང་གི །མ་རིག་རྣམ་ཤེས་ལ་སོགས་དྲུག །མི་མཉམ་པ་ཡི་ཡན་ལག་གོ །འདུ་བྱེད་མིང་གཟུགས་ལ་སོགས་དྲུག །མཉམ་པ་ཞེས་བྱ་སྤེལ་མར་གནས། །མཉམ་པ་རྣམས་ནི་དྲག་པོ་ཡི། །ལས་རྣམས་གྲུབ་པར་བྱེད་པ་སྟེ། །མི་མཉམ་རྣམས་ནི་ཞི་བ་ཡི། །ལས་རྣམས་འགྲུབ་པར་བྱེད་པ་ཡིན། །མདོར་ན་སེམས་ཅན་རྟོག་པ་བཞིན། །རྟེན་འབྲེལ་ངེས་པ་བསྟན་པ་ཡིན། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། རྟེན་འབྲེལ་གྱི་རྩིས་གསལ་བར་བྱེད་པ་སྟེ་བཅུ་གསུམ་པའོ།། ༈ །།དེ་ནས་རྣལ་འབྱོར་མ་བརྒྱད་ཀྱི། འཆར་བའི་ངེས་པ་བརྗོད་པར་བྱ། །ཚེས་ཅིག་ཤར་དུས་ཚངས་མ་སྟེ། །གཉིས་ལ་བྱང་དུ་དྲག་མོའོ། །གསུམ་ལ་ཤར་ལྷོར་གཞོན་ནུ་མ། །བཞི་ལ་ལྷོ་ནུབ་ཁྱབ་འཇུག་མ། །ལྔ་ལ་ལྷོ་ཕྱོགས་ཕག་མོ་སྟེ། །དྲུག་ལ་ནུབ་ཏུ་དབང་མོའོ། །བདུན་ལ་རླུང་དུ་རྩ་མུན་ཏེ། །བརྒྱད་པ་བྱང་ཤར་དཔལ་མོ་ཆེ། །ཡང་ནི་ཚེས་དགུར་ཤར་ཕྱོགས་ནས། །ཚངས་མ་ལ་སོགས་སྔར་བཞིན་ནོ། །མཐའ་མའི་ཚེས་ནི་ཕྱེད་ཕྱེད་ཡིན། །མདོར་ན་དཀར་ནག་རིམ་པ་ཡིས། །ཚེས་ཀྱི་དང་པོར་ལོངས་སྤྱོད་ལ། །ཉིན་མཚན་ལ་ཡང་ལོངས་སྤྱོད་བཅས། །འདི་ནི་སྟོབས་དང་ལྡན་པར་བརྗོད། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། རྣལ་འབྱོར་མ་འཆར་བའི་ངེས་པ་གསལ་བར་བྱེད་པ་སྟེ་བཅུ་བཞི་པའོ།། ༈ །།དེ་ནས་གཞན་ཡང་འབྲི་ཏི་དང་། །དྲག་པོ་འཆར་བའི་ངེས་པ་ནི། །ཡར་ངོའི་ཚེས་བཞི་ཚེས་བརྒྱད་དང་། །བཅུ་གཅིག་ཉ་ལ་རིམ་པ་བཞིན། །ཤར་ལྷོ་ནུབ་བྱང་རིམ་པས་འཆར། །མར་ངོའི་གསུམ་བདུན་བཅུ་པ་དང་། །བཅུ་བཞི་པ་རྣམས་གཡོན་བསྐོར་དུ། །མེ་དང་བདེན་བྲལ་རླུང་དབང་ལྡན། །ཚེས་ལ་འཆར་བའི་སྒྲ་གཅན་ཏེ། །གཞན་དུ་སྒྲ་གཅན་རྒྱུ་ཞེས་གྲགས། །ཟླ་བར་འཕོ་བའི་དྲག་པོ་ནི། །ཉི་མ་བྱང་བསྒྲོད་དུས་སུ་ནི། །ཆུ་སྲིན་བུམ་པའི་ཟླ་གཅིག་ལ། །ཤར་གྱི་ཕྱོགས་སུ་གནས་པ་སྟེ། །བུམ་ཕྱེད་ཉ་ལ་དབང་ལྡན་དུ། །ལུག་དང་གླང་ཕྱེད་བྱང་དུའོ། །གླང་ཕྱེད་འཁྲིག་པར་རླུང་དུ་གནས། །དེ་ནས་ཉི་མ་ལྷོར་བསྒྲོད་ཚེ། །སྦལ་པ་སེང་གེའི་ཕྱེད་ནུབ་ཏུ། །སེང་ཕྱེད་བུ་མོར་ལྷོ་ནུབ་ཏུ། །སྲང་དང་སྡིག་པའི་ཕྱེད་ལ་ལྷོར། །སྡིག་ཕྱེད་གཞུ་ལ་མེ་རུ་འཆར། །དྲག་པོ་གཞན་དག་དོན་མེད་ཅེས། །གསུངས་ཕྱིར་འདིར་ནི་མ་བཀོད་དོ། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། འབྲི་ཏི་དང་དྲག་པོ་འཆར་བར་བྱེད་པ་སྟེ་བཅོ་ལྔ་པའོ།། ༈ །།གཞན་ཡང་ཀླུ་བརྒྱད་འཆར་བ་ནི། །ཚེས་ཀྱི་གཟའ་རྣམས་རིམ་པ་བཞིན། །ཉི་མ་མཐའ་ཡས་ཟླ་བ་ལ། །ནོར་རྒྱས་མིག་དམར་འཇོག་པོར་དྲན། །གཟའ་ལག་སྟོབས་ཀྱི་རྒྱུ་ཞེས་བྱ། །ཕུར་བུ་པད་མ་སྤ་སངས་ཡིན། །པད་མ་ཆེན་པོར་ཤེས་པར་བྱ། །སྤེན་པ་དུང་སྐྱོང་ཤེས་པར་བྱ། །སྤེན་པའི་འཚམས་སུ་ར་ཧུ་དང་། །རིགས་ལྡན་ངེས་པར་འཆར་བར་འགྱུར། །ཉི་མའི་དབུས་སུ་ཆུ་ཚོད་གཅིག །ཟླ་བའི་དབུས་སུ་ཆུ་སྲང་བརྒྱད། །མིག་དམར་ཐོག་མའི་ཆུ་སྲང་དྲུག །གཟའ་ལག་སྔོན་མའི་ཆུ་སྲང་གཉིས། །ཕུར་བུས་ཆུ་སྲང་སུམ་ཅུ་གསུམ། །སྤ་སངས་ཐ་མའི་ཆུ་སྲང་བཞི། །སྤེན་པ་ཆུ་ཚོད་ཆུ་སྲང་རྣམས། །བརྒྱད་ཀྱིས་ཐོབ་སྟེ་རིགས་ལྡན་དེ། །སྤེན་པའི་ཐ་མ་ཆུ་སྲང་བཞི། །རིགས་ལྡན་ཐམས་ཅད་སྤངས་བར་བྱ། །འདི་དུས་དགེ་བའི་བྱ་བ་སྤང་། །དུག་ཟ་ཀླུ་ལ་གནོད་བྱེད་དང་། །སྦྲུལ་གྱིས་སོ་བཏབ་ངེས་པར་འཆི། །དེ་ཕྱིར་བློ་དང་ལྡན་པ་ཡིས། །ལེགས་པར་བརྟགས་ཏེ་དཔྱད་པར་བྱ། དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། རེས་ཀྱི་གཟའ་ལ་ཀླུ་རྣམས་འཆར་བ་དང་ར་ཧཱུ་དང་རིགས་ལྡན་འཆར་བའི་ངེས་པ་གསལ་བར་བྱེད་པ་སྟེ་བཅུ་དྲུག་པའོ།། ༈ །།གཞན་ཡང་ཐུན་ཕྱེད་སྒྲ་གཅན་ནི། །ཉིན་ཅིག་ཐུན་ཆེན་བཞི་ཡིན་ཏེ། །དེ་བཞིན་མཚན་མོའང་བཞི་ཡིན་ནོ། །ཉི་མ་ཤར་ཚེ་ཤར་ཕྱོགས་ནས། །ཐུན་ཕྱེད་དུས་ན་རླུང་དུ་འགྲོ། །ཐུན་ཕྱེད་ཉི་མར་ལྷོ་ཕྱོགས་རྒྱུ། །དྲོ་བར་ཐུན་ཕྱེ་དབང་ལྡན་འཇུག །ཐུན་ཕྱེད་ཉི་མར་ནུབ་ཕྱོགས་འགྲོ། །དེ་ནི་ཉིན་ཕྱེད་དུས་ཡིན་ཏེ། །དེ་ནས་ཐུན་ཕྱེད་ཤར་ལྷོར་འཇུག །དེ་ཡི་ཕྱི་མར་བྱང་དུའོ། །དགོང་ཇའི་ཐུན་ཕྱེད་ལྷོ་ནུབ་ཏུ། །ཕྱི་མར་ཤར་གྱི་ཕྱོགས་སུ་སྟེ། ཡང་ནི་མཚན་མོའི་དང་པོ་ནས། །སྔ་མ་བཞིན་དུ་ཤེས་པར་བྱ། །རྩ་བའི་སྒྲ་གཅན་མ་གཏོགས་པ། །འདི་ཡང་སྟོབས་དང་ལྡན་ཞེས་བརྗོད། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། རླུང་དམར་འཆར་བར་བྱེད་པའི་རྩིས་གསལ་བར་བྱེད་པ་སྟེ་བཅུ་བདུན་པའོ།། ༈ །།དེ་ནས་གཡུལ་ལས་རྒྱལ་བྱེད་པའི། །མིང་དང་ས་སྟོབས་རིམ་པ་ནི། །སོ་སོར་རྩོད་པར་བྱེད་པ་ཡི། །མིང་གི་དབྱངས་དང་གསལ་བྱེད་རྣམས། །ཐུང་དང་རིང་དང་ཤིན་དུ་རིང་། །ཕྱི་མ་ཕྱིར་མར་སྟོབས་ལྡན་ཏེ། །ཉུང་བ་སྟོབས་ཆུང་མང་བ་ཆེ། །མཉམ་པ་དུམ་ཞིང་མི་མཉམ་པས། །ཅུང་ཟད་དུམ་མིན་མཉམ་མི་མཉམ། །ཕན་ཚུན་ཤར་བས་སྟན་མི་དུམ། །གཞན་ཡང་མིང་སྟོབས་བྱེ་བྲག་ནི། །མིང་གི་དབྱངས་ནི་གཉིས་ཀྱིས་བསྒྱུར། །གསལ་བྱེད་བཞི་ཡིས་བསྒྱུར་བྱས་ཏེ། །གཅིག་ལ་བསྡོམས་ལ་བདུན་གྱིས་བགོ །གཉིས་ཀ་མཉམ་ན་དུམ་པ་ཡིན། །མི་མཉམ་སྟོབས་ལ་ལྟས་པས་ཤེས། །མིང་གི་ཡེ་གེ་ཇི་སྙེད་པ། །གཅིག་གིས་ཅིག་ལ་ཕྲི་བར་བྱ། །ལྷག་མ་གང་ཡོད་རྒྱལ་བ་སྟེ། །མ་ལྡང་པ་ནི་འཕམ་པར་འགྱུར། །ལྷག་མེད་མཉམ་པས་དུམ་པར་བྱེད། །མིང་གི་དབྱངས་དང་གསལ་བྱེད་རྣམས། །སོ་སོར་ཕྱ་ལ་ལེགས་པར་བརྟག །ཟུང་གིས་ཕམ་པར་ཤེས་བྱས་ཏེ། །ཁར་ཡར་བས་ནི་རྒྱལ་བར་སྟོན། །དབྱངས་དང་གསལ་བྱེད་ཇི་སྙེད་པ། །སོ་སོར་མཉམ་ན་དུམ་པར་སྟོན། །གཞན་ཡང་རྒྱལ་མཚན་དུ་སོགས་པ། །ངེས་པ་མེད་ཅེས་འདིར་མ་བསྟན། །དེ་ནས་ས་སྟོབས་བྱེ་བྲག་ནི། །རྒྱུ་སྐར་འཁོར་ལོ་གནས་པ་ལ། །ཞག་ཅིག་ཕྱོགས་འཚམས་ཐམས་ཅད་དུ། །གཟའ་སྐར་རྣམས་ནི་འཁོར་བ་ཡིན། །ཉི་མ་མིག་དམར་སྤེན་པ་དང། །མཇུག་རིངས་དགྲ་བོ་མཐར་བྱེད་པ། །གཡས་དང་བདག་གི་རྒྱབ་ཏུ་གནས། །ཟླ་བ་གཟའ་ལག་སྤ་སངས་ཕུར། །ཞི་བ་གཡོན་དང་མདུན་དུ་ཡོད། །བདག་རྒྱལ་དགྲ་རྣམས་ཆོམས་པར་འགྱུར། །དེ་བཞིན་དྲག་པོ་འབྲི་ཏི་དང་། །རྣལ་འབྱོར་མ་དང་ཀླུ་རྣམས་ཀུན། །གཡས་དང་རྒྱབ་ཏུ་བདེ་བ་སྟེར། །དྲག་པོ་གཡོན་དང་མདུན་དུ་གནས། །རང་གི་ཕྱོགས་སུ་ཞི་གཟའ་སོང་། །དེ་ཚེ་རང་ཕྱོགས་ཕམ་པར་འགྱུར། །ཞི་དྲག་ཕྱེད་ཕྱེད་སྤེལ་མར་གནས། །གཉིས་ཀ་ངེས་པར་བརླག་པར་བྱེད། །བྱེ་བྲག་སོ་སོའི་ངེས་པ་ནི། །སྐྱེས་སྐར་དབྱངས་དང་གསལ་བྱེད་རྣམས། །འཆར་བའི་རིམ་པས་ཤེས་པ་ཡིན། །དེ་ལས་རྩ་བའི་སྒྲ་གཅན་གྱི། །ནུས་པ་གསལ་བར་ཤེས་པར་བྱ། །རྒྱུ་སྐར་ཉི་ཤུ་རྩ་བདུན་ལ། །བཅུ་གསུམ་ཕྱེད་དང་བཅས་པ་ནི། །འདིའི་ལུས་ལྡན་གཡས་ཕྱོགས་འགྲོ། །མདུན་དུ་གནས་ན་ཉི་ཟླ་ཡངས། །འཛིན་བྱེད་མུན་པ་ནག་པོ་ཅན། །འཇིགས་བྱེད་སྟོབས་དང་ལྡན་པ་འདི། །གཡོན་དུ་སྒྲ་གཅན་གཡས་དུས་མེ། །བདག་པོའི་ལྟོ་བའི་ཆར་གནས་ན། །སྒྲ་རྣམས་ཁྱབ་མཇུག་སྟོབས་ལྡན་ཡང་། །བདག་ལ་མི་གནོད་ངེས་པར་འཇོམས། །གལ་ཏེ་གདོང་དང་མཇུག་མ་རུ། །ཕན་ཚུན་འཚོགས་ན་གཉིས་ལྟུང་འགྱུར། །དུ་བ་འཁྱུད་དང་སོལ་བ་ཡིས། །རྒྱུ་སྐར་གསུམ་གསུམ་ཁྱབ་པས་ཏེ། །རྒྱུ་སྐར་བཞི་བཞིར་བལྟ་བས་ཁྱབ། །བཞི་ནི་ལྟོ་བའི་དབུས་ཞེས་བྱ། །ཐད་ཀའི་བཞི་ནི་གཉིས་ཀས་མཐོང་། །དེ་ནི་ཉིན་མཚན་བྱེ་བྲག་ལས། །ངེས་པར་བརྟགས་ཏེ་གཡུལ་འགྱེད་པ། །ཕམ་པར་གྱུར་པ་ཡོད་མ་ཡིན། །དྲག་པོ་གཟའ་དང་ཀླུ་ལ་སོགས། །དེ་དག་ཀུན་ལས་སྟོབས་ལྡན་བརྗོད། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། གཡུལ་ངོའི་ངེས་པ་གསལ་བར་བྱེད་པ་སྟེ་བཅོ་བརྒྱད་པའོ།། ༈ །།གཞན་ཡང་རྫོང་གི་འཁོར་ལོ་ནི། །གྲུ་བཞི་རིམ་གསུམ་ལྡན་པ་ལ། །དབང་ལྡན་འཚམས་ནས་སྨིན་དྲུག་སོགས། །འཚམས་བཞི་ནང་དུ་འཇུག་པ་སྟེ། །ཕྱོགས་བཞི་ཕྱི་རོལ་ཐོན་པ་ཡིན། །དཀྱིལ་དུ་དྲག་པོ་རྣམ་བཞི་སྟེ། །ལག་དང་མེ་བཞི་ཆུ་སྟོད་དང་། །ཁྲུམས་སྨད་རྣམས་སུ་གྲགས་པ་ཡིན། །ནང་གི་ར་བར་མགོ་དང་སྦོ། །སྣུབས་དང་ཁྲུམས་སྟོད་འཚམས་སུ་དགོད། །ནམ་སོ་ནག་པ་ཆུ་སྨད་དང་། །ནམ་གྲུ་རྣམས་ནི་ཕྱོགས་སུ་བགོད། །ར་བ་བར་མ་སྣར་མ་དང་། །གྲེ་དང་སྣྲོན་དང་མོན་གྲེ་འཚམས། །རྒྱལ་དང་ས་རི་གྲོ་བཞིན་དང་། །ཐ་སྐར་རྣམས་ནི་ཕྱོགས་སུ་དྲན། །ར་བ་ཕྱི་མར་གནས་པ་ནི། །སྨིན་དྲུག་སྐག་དང་དེ་བཞིན་མཆུ། །ས་ག་ལྷ་འཚམས་བྱི་ཞིན་དང་། །མོན་གྲུ་བྲ་ཉེ་བརྒྱད་པོ་བགོད། །ར་བ་ཕྱི་མར་ནང་མ་ལ། །སྐྱེས་དཀར་དབྱངས་དང་གསལ་བྱེད་རྣམས། །གང་དུ་གནས་པ་བརྟག་པར་བྱ། །གལ་ཏེ་ཕྱི་རོལ་དམག་དཔོན་ནི། །མིང་དང་ཡི་གེས་སྐྱེས་སྐར་རྣམས། །ར་བ་ཕྱི་མར་ཡོད་པ་ན། །བར་མ་ལ་གནས་སྟོབས་ཆུང་སྟེ། །ནང་དུ་སོང་ན་རྫོང་ཐོབ་འགྱུར། །ནང་མ་བཞི་ལ་དྲག་གཟའ་ཡོད། །ཕྱི་རོལ་དམག་གི་དོན་གྲུབ་འགྱུར། །དྲག་གཟའ་ཕྱིར་སོང་དམག་དཔུང་རྣམས། །ཕམ་ཞིང་འཚོགས་པ་དོན་མེད་འགྱུར། །བར་མར་དྲག་པོའི་གཟའ་རྣམས་གནས། །ཕན་ཚུན་འཁྲུག་འགྱུར་རིང་བས་ཐོབ། །མཚམས་ལ་དྲག་གནས་འཇུག་མ་དགེ །ཕྱོགས་དྲག་ཕྱིན་ཐོན་དགེ་བ་ཡིན། །ནང་དུ་བསོད་ནམས་གཟའ་རྣམས་ཡོད། །དྲག་གཟའ་ཕྱིར་སོང་བསྒྲིམ་མི་དགོས། །རྫོང་བདག་རྣམས་ལ་གནོད་པ་མེད། །དེ་ལས་བཟློག་ན་ཕྱི་རོལ་གྱི། །དམག་དཔོན་ཉུང་ཡང་རྫོང་ཐོབ་འགྱུར། །དྲག་པོ་ཕྱི་དང་ནང་དུ་སོང་། །འཁྲུག་པ་ཆེན་པོ་འབྱུང་པར་འགྱུར། །ཞི་བ་ཕྱི་ནང་དུམ་བར་འགྱུར། །བར་མར་འདྲེས་ན་བར་མ་ཡིན། །འབྲས་བུ་ངེས་པར་གསལ་བར་འགྱུར། །ཟླ་བ་གནས་པའི་ཕྱོགས་ནས་འཇུག །ཉི་མ་ཕུར་བུ་སྤེན་པ་གསུམ། །ལྷན་ཅིག་ཡོད་པར་འགྲོ་མི་རུང་། །སྒྲ་གཅན་འཇུག་པ་གཙོ་བོ་ཡིན། །རྫོང་དུ་རྫོང་བདག་སྐར་མ་ལ། །ར་ཧུ་སོང་ཚེ་བརླག་པར་འགྱུར། །དེ་སོགས་བྱེ་བྲག་དཔག་མེད་ན། །དབང་ཕྱུག་གིས་བཤད་འདིར་མ་བསྟན། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། རྫོང་གི་འཁོར་ལོ་གསལ་བར་བྱེད་པ་སྟེ་བཅུ་དགུ་པའོ།། ༈ །།འཕོ་བའི་རྒྱུ་སྐར་ཚེས་བསྲེས་ལ། །སྤྱོད་པ་གཟའ་ཡིས་ལེགས་པར་བསྒྱུར། །མིང་ཡིག་དང་པོའི་གསལ་བྱེད་ནི། །རིམ་པས་བསྲེས་ལ་གསུམ་གྱིས་བགོ །དེའི་ལྷག་མས་དཀོན་མོད་དང་། །རིན་གྱི་བྱེ་བྲག་སྟོན་པར་བྱེད། །ཟོང་དཀོན་རིན་མང་རི་བོང་ཅན། །དབུ་མར་བརྗོད་པ་གཉིས་ལྷག་པ། །མ་ལུས་པ་ལ་རིན་མེད་མོད། །ཟླ་རེ་བཞིན་དུ་བརྟགས་ཏེ་སྨྲ། །གཞན་ཡང་སྟོར་བ་ཚོལ་བ་ནི། །སྐྱེས་བུ་ཇི་སྙེད་སྣང་གྱུར་པ། །མི་རྣམས་རྒན་པའི་རིམ་པ་ཡིས། །དབྱངས་དང་གསལ་བྱེད་ཇི་སྙེད་པ། །རེ་རེ་བྲིས་ལ་གསལ་བྱེད་སྡོམ། །གཉིས་ཀྱིས་བསྒྱུར་ལ་དབྱངས་ཀྱིས་ཕྲི་། །སྐྱེས་བུས་དགོས་ལྷག་རྒན་པོ་ནས། །རིམ་པ་བཞིན་དུ་གང་མཉམ་ཡིན། །སླར་ཡང་གཞན་ཡང་གསལ་བྱེད་རྣམས། །རིམ་པས་བགྲངས་ལ་རེ་རེ་ཕྲི། །དེ་ལ་སྔར་གྱི་ཆོ་ག་ཡིས། །ཆོམ་རྐུན་ཐེ་ཚོམ་མེད་པར་ཤེས། །གཞན་ཡང་དོན་ནི་འགྲུབ་མི་འགྲུབ། །སྔ་མར་འདྲི་ཚིག་བཞིན་ཤེས་བྱ། །གཞན་ཡང་གསལ་བྱེད་རིམ་ཅན་ལ། །སྐྱེས་བུ་བསྲེས་ལ་གསུམ་གྱིས་བགོ །གཅིག་གིས་དོན་རྙེད་གཉིས་བར་མ། །སྟོང་ན་དོན་ཉམས་འགྱུར་བར་བསྟན། །དེ་ནས་སེ་བ་ཙག་ཀྲ་བཤད། །རང་གི་གོང་མར་འཛིན་པ་ཡིས། །སྐར་མ་དང་པོར་བཞག་པ་ལ། །མགོ་བོར་བདུན་ཕྲི་རྒྱབ་ཏུ་བདུན། །སྙིང་ཁར་བདུན་ཏེ་རྐང་པར་བདུན། །རང་གི་སྐར་མར་གང་བརྗོད་པ། །མགོ་བོའི་དབུས་སོང་མཆོག་ཏུ་དགེ །མགོ་བོར་གནས་པ་དགའ་བསྐྱེད་ཅིག །མཆོད་འགྱུར་ལེགས་སྟེར་རྗེས་འཛིན་འགྱུར། །རྒྱབ་ཀྱི་སྐར་མ་ལ་སོགས་ངན། །ཇི་བཞིན་པ་ཡི་བཅུ་ཆ་རྙེད། །གལ་ཏེ་སྙིང་ཁའི་སྐར་མར་སོང་། །བདག་པོའི་དབང་སོང་ཅི་བགྱིད་བྱེད། །ཇི་སྙེད་རྐང་པའི་སྐར་མ་ལ། །ཞུ་བ་དོན་མེད་ཉོན་མོངས་འགྱུར། །མིག་གིས་མི་མཐོང་རེ་ཐག་ཆད། །དེ་ལྟར་ལྷ་ཆེན་གྱིས་བསྟན་ནོ། །དེ་ནས་གཞན་ཡང་སྐྱེས་བུ་ཡི། །མིག་གི་བྱེ་བྲག་ཤེས་ཕྱིར་བཤད། །ཐ་སྐར་མགོ་དང་རྒྱལ་དང་ནི། །མེ་བཞི་ལྷ་འཚམས་གྲོ་ཞིན་དང་། །ནབ་སོ་གང་དང་ལྷན་གཅིག་པ། །དེ་ནི་མིག་གི་དགེ་བ་ཡིན། །བསམ་པའི་དོན་ཀུན་འགྲུབ་པ་དང་། །འགྲོ་ལམ་བརྒྱའི་ཡུ་ཡང་མཐོང་། །ལག་དང་སྣུབས་དང་མོན་གྲེ་དང་། །ས་རི་བྲེ་ག་ཆུ་སྟོད་དང་། །ཁྲུམས་སྟོད་མིག་ནི་ལོང་བ་དང་། །དོན་དང་ལས་ཀུན་འགྲུབ་པ་མེད། །མཆུ་དང་ནག་པ་སྣྲོན་ཞེས་བྱ། །སྣར་མ་སྦོ་དང་ཆུ་སྨད་དང་། །ཁྲུམས་སྨད་རྣམས་ལ་འདྲི་བྱེད་ཀྱི། །མིག་ནི་ཤེལ་ལམ་ཡོ་བར་འགྱུར། །བྲ་ཉེ་སྨིན་དྲུག་དེ་བཞིན་སྐག །མོན་གྲུ་ས་ག་བྱི་ཞིན་དང་། །ནམ་གྲུ་གང་ཡོད་མིག་དམར་ཞིང་། །ཚག་སོར་འགྱུར་ཞིང་དགེ་བ་མེད། །དོན་དང་རྙེད་པ་རབ་འབྱོར་མེད། །ཡིད་ལ་འདོད་པ་རྣམ་པར་སྤངས། །མིག་གི་གསལ་བྱེད་དང་པོ་ལས། །མཉམ་དང་མི་མཉམ་ཡི་གེ་སྣ། །གཡོན་དང་གཡས་དག་རིམ་པ་བཞིན། །མིག་ནི་དང་པོ་འགྲིབ་པར་གྲགས། །དེ་ནས་གཞན་ཡང་བསྟན་པ་ནི། །སྐྱེས་པ་བུད་མེད་གཉིས་ཀྱིས་ནི། །མིང་ནི་ཡི་གེ་ཅི་སྙེད་པ། །དབྱངས་དང་གསལ་བྱེད་སོ་སོར་ཕྱེ། །གྲངས་སྡོམ་གསུམ་གྱིས་བགོད་པ་ཡི། །ལྷག་མར་མཁའ་དང་ཟླ་བ་ཤར། །སྐྱེས་པ་སྔོན་ལ་འཆི་བ་སྟེ། །གཉིས་བྱུང་བུད་མེད་འཆི་བར་བཤད། །གྱེན་དུ་རེ་ག་དགུ་པ་དང་། །འཕྲེད་ལ་རེ་ག་གསུམ་བྲིས་ལ། །ཨ་ཀ་ཙ་ཏྲ་ཏ་པ་ཡ། །ཤ་རྣམས་སྟེང་དགོད་འོག་མ་ལ། །ཀླུ་དང་མདའ་རོ་མཚོ་དང་དགུ །ཟླ་མེ་མིག་རྣམས་རིམ་བཞིན་དགོད། །མིང་གི་ཡི་གེ་ཇི་སྙེད་པ། །འོག་མས་སྟེང་མས་བསྒྱུར་བར་བྱ། །དབྱངས་དང་གསལ་བྱེད་སོ་སོར་སྡོམ། །དབྱངས་ནི་བཞི་ཡིས་བསྒྱུར་བར་བྱ། །གསལ་བྱེད་གཉིས་ཀྱིས་བསྒྱུར་བར་བྱ། །གཅིག་ཏུ་སྡོམས་ལ་གསུམ་གྱིས་བགོ །ལྷག་མ་སྟོང་དང་གཅིག་ཤར་བ། །སྐྱེས་པ་སྔོན་འཆི་གཉིས་ཤར་བ། །བུད་མེད་སྔོན་ལ་འཆི་བ་བརྗོད། །མིང་ཡིག་དང་པོ་དཀར་ནག་གི །ཕྱོགས་དེར་འཆི་བར་འགྱུར་བ་ཡིན། །འདི་དག་བྱིས་པ་རྣམས་ཀྱི་དོན། །རྣམ་པར་ཕྱེ་སྟེ་བཀོད་པའོ། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས་བརྩིས་ཀྱི་བྱེ་བྲག་བྱིས་པ་དྲང་བར་བྱེད་པ་སྟེ་ཉི་ཤུ་པའོ།། ༈ །།དེ་ནས་དེ་དག་ཐམས་ཅད་ཀྱི། །ངོ་ལོན་ཆོ་ག་བཤད་པར་བྱ། །ཀུན་གྱི་གཙོ་བོ་སྒྲ་གཅན་ལ། །ཕྱི་ནང་གཉིས་སུ་ཤེས་བྱས་ཏེ། །གང་ཚེ་ནང་གི་སྒྲ་གཅན་འཁྲུགས། །དེ་ཡི་གཉེན་པོར་ངེས་པར་ནི། །ཡིད་ནི་བདག་མེད་ལམ་དུ་སྦྱང་། །མཆན་ཁུང་རྩ་ནི་ལེགས་བསྡུམས་ཏེ། །བ་སྤུའི་མཐར་ཐུག་རླུང་གིས་དགང་། །གྱེན་རྒྱུ་ཐུར་སེལ་དབང་དུ་བསྡུ། །ཟླ་ཕྱེད་ཀྱིས་ནི་འཆི་བ་འཕྲོག །ཕྱིའི་སྒྲ་གཅན་གནོད་པ་ལ། །རྣལ་འབྱོར་གྱིས་ནི་རྒྱལ་བར་འགྱུར། །གཞན་ཡང་བྱིས་པའི་འགྲོ་བ་ལ། །འབྱུང་བའི་དཀྱིལ་འཁོར་སྒྲ་གཅན་བཅས། །དབུས་སུ་ཚག་དྲག་དན་པའི་ཧཾ། །དབྱངས་དང་གསལ་བྱེད་ཀྱིས་བསྐོར་ཞིང་། །རྟེན་འབྲེལ་ལྡན་པ་བྲིས་བྱས་ཏེ། །རྡོ་རྗེ་ཤུགས་བསྒོམས་གཏོར་མ་སྦྱིན། །སྤེལ་ཚིག་བཅས་པའི་འཁོར་ལོ་དེང་། །བཅངས་པས་དུས་སྦྱོར་གནོད་པ་རྣམས། །ཞི་བྱེད་རྟེན་འབྲེལ་ཆེ་བ་ཡིན། །གཞན་ཡང་གཟའ་རྣམས་སོ་སོ་ཡི། །གཟུངས་འདོན་གཏོར་མ་ལེགས་པར་སྦྱིན། །དྲག་པོ་ལ་ནི་ལྷ་རྣམས་ཀྱི། །གཏོར་མ་སྦྱིན་ཞིང་དེ་ཉིད་བསྒོམ། །ཀླུ་དང་ཚངས་མ་ལ་སོགས་ཀྱང་། །སོ་སོའི་གཏོར་མ་སྦྱིན་བྱ་ཞིང་། །རྒྱུ་སྐར་རྣམས་ལའང་གཏོར་མ་དང་། །སོ་སོའི་ཆོ་ག་ལེགས་པར་བྱ། །ཚུ་ཚོད་ཆུ་སྲང་དབུགས་རྣམས་ཀྱིས། །ལྷ་ཡི་རྣལ་འབྱོར་མ་དྲུག་བཅུ། །ཡིན་ཕྱིར་དེ་ལ་གཏོར་མ་སྦྱིན། །ལུག་གི་ཁྱིམ་དུ་རླུང་ལྷ་སྟེ། །གླང་གི་ཁྱིམ་དུ་མེ་ལྷ་བརྗོད། །འཁྲིག་པའི་ཁྱིམ་དུ་གདོང་དྲུག་སྟེ། །ཀར་ཀ་ཏ་ལ་རྒྱ་མཚོ་ཡིན། །སེང་གེ་ཚོགས་ཀྱི་བདག་པོ་སྟེ། །བུ་མོའི་ཁྱིམ་དུ་དབང་པོ་ཡིན། །སྲང་ལ་ཚངས་པ་ཞེས་བྱ་སྟེ། །སྡིག་པའི་ཁྱིམ་དུ་དྲག་པོ་ལ། །གཞུའི་ཁྱིམ་དུ་གནོད་སྦྱིན་ཏེ། །ཆུ་སྲིན་ཁྱིམ་དུ་ཁྱབ་འཇུག་གོ །བུམ་པར་གཤིན་རྗེ་བསྒོམ་པ་སྟེ། །ཉའི་ཁྱིམ་དུ་བདེན་བྲལ་རྣམས། །སོ་སོའི་གཏོར་མ་ཆོ་ག་བྱ། །སུམ་བརྒྱ་དྲུག་ཅུའི་ཞག་རྣམས་ལ། །དབྱངས་དང་གསལ་བྱེད་འཆར་བ་ཡི། །ཉེས་པ་འབྱུང་བར་འགྱུར་བ་ལ། །ལྷ་བསྒོམ་སོ་སོའི་གཏོར་མ་སྦྱིན། །ནད་པ་རྣམས་ཀྱི་དོན་དུ་ནི། །དྲང་སྲོང་སྐར་མའི་འཁྱུག་དཔྱད་སོགས། །གཉེན་པོའི་ཆོ་ག་བཞིན་དུ་བྱ། །མདོར་ན་མང་པོ་སྨོས་ཅི་དགོས། །མཆོད་དང་སྦྱིན་པའི་བསོད་ནམས་དང་། །དུས་ཀྱི་ལྷ་དང་འབྱུང་པོ་ལ། །གཏོར་མ་རྒྱ་ཆེན་སྦྱིན་པ་དང་། །རྒྱལ་བའི་མདོ་རྣམས་གསུང་བསྒྲག་ཅིང་། །ཚ་ཚ་གདབ་ཅིང་སྲོག་འདོན་བྱ། །འབྱུང་བ་སོ་སོའི་གཉེན་པོ་བཞི། །གསང་སྔགས་བཟླས་བརྗོད་བརྩོན་བྱས་པས། །སྔོན་ལས་མ་གཏོགས་གཟའ་སྐར་དང་། །སྦྱོར་བྱེད་འབྱུང་བའི་གནོད་པ་རྣམས། །ཞི་ཞིང་བཟློག་པར་མི་འགྱུར་མེད། །ཆོས་ཀུན་སེམས་ལས་བྱུང་ཕྱིར་དང་། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར། །རྒྱལ་སྲས་རྣམས་ཀྱིས་བཀའ་བཞིན་དུ། །རྟོགས་པའི་ཕྱིར་ན་བསྟན་པ་ཡིན། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། གཟའ་སྐར་ལ་སོགས་པའི་ཉེས་པ་ལོག་པའི་ངོ་ལེན་གྱི་ཆོ་ག་བསྟན་པ་སྟེ་ཉེར་ཅིག་པའོ།། ༈ །།ཆོས་རྣམས་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཏེ། །རྒྱལ་སྲས་རྣམས་ཀྱིས་དེ་ཡི་དོན་མཁྱེན་ནས། །ཕྱི་ནང་གཞན་གསུམ་ཤེས་བྱའི་དཀྱིལ་འཁོར་ལ། །རྟེན་ཅིང་འབྲེལ་འབྱུང་ཇི་བཞིན་གཟིགས་པའི་ཕྱིར། །བྱིས་པ་དྲང་ཕྱིར་སྣ་ཚོགས་ཐབས་བརྗོད་པ། །གྲངས་ཅན་རྟོག་གེ་ཚངས་དང་ཁྱབ་འཇུག་དང་། །དབང་ཕྱུག་དྲང་སྲོང་སྣ་ཚོགས་འཁྲུལ་པའི་གཞུང་། །དོར་ཞིང་ཤེས་བྱའི་གནས་ལུགས་གསལ་བྱེད་པ། །དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཡངས་པ་ལ། །འཇུག་པ་སྣང་བྱེད་རྩིས་ཀྱི་མན་ངག་རྣམས། །ཇི་བཞིན་རྟོགས་པས་རང་བྱུང་རྡོ་རྗེས་བཀོད། །ཇི་བཞིན་རྟོགས་ལ་འཁྲུལ་པ་མི་སྲིད་ཀྱང་། །འགལ་བར་འགྱུར་ན་འཕགས་ལ་བཟོད་པར་གསོལ། །དགེ་བ་འདི་ཡིས་སེམས་ཅན་ཐམས་ཅད་ཀྱིས། །ཐམས་ཅད་མཁྱེན་པའི་གོ་འཕངས་ཐོབ་པར་ཤོག །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ལས། །རྟོག་པ་སྔོན་མ་བཅུ་གསུམ་པ་དང་། ཕྱི་མའི་ཉི་ཤུ་རྩ་ཅིག་པ་རྫོགས་སོ། །ས་ཕོ་རྟའི་ལོ་དཔྱིད་ཟླ་ཐ་ཆུངས་ཀྱི་ཡར་ཚེས་ལ། རྒྱལ་བའི་མིང་ཅན་བླ་མ་བདག་གིས་བདེ་ཆེན་གྱི་རི་ཁྲོད་དུ་བྲིས་པ་ཡིན། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག འདིའི་མ་བཅུ་དྲུག་གིས་བསྒྱུར་ཟེར་བ་གོང་ན་ཡོད། ཟླ་བ་ཅིག་པོ་གསུམ་གྱིས་བསྒྱུར་བས་བརྒྱད་རང་དུ་འགྲོ་དེའི་དོན་ཉི་མ་རྡུལ་མུན་སྙིང་སྟོབས་གསུམ་དུ། ཟླ་བ་གཟུགས་སྒྲ་དྲི་རོ་རེག་བྱ་དང་ལྔ་ཡིན། རྩིས་ཀྱི་དུས་སུ་རྐང་པའི་དབྱུག་ཐམས་ཅད་ལ་གསུམ་དྲུག་ལས་མེད་དེ་བརྒྱད་ཀྱིས་བསྒྱུར་ནས་བཅུ་གཉིས་ཀྱིས་བགོས་ན་བཅུ་བཞི་ལས་མེད། ལྷག་ཅིག་དུ་བའམ་མུན་ཅན། ཅིག་མུན་པ་མེད་པ་ཡིན། དེས་འདིར་གོ་བར་བྱས་པ་ཡིན། ཡེ་ཤེས་ལེའུ་ན་ངེས་པ་འདི་ཡོད་དོ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net