དཔལ་དགྱེས་པ་རྡོ་རྗེའི་བརྟག་པ་གཉིས་པའི་འགྲེལ་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་བཞུགས།
༄༅། །དཔལ་དགྱེས་པ་རྡོ་རྗེའི་བརྟག་པ་གཉིས་པའི་འགྲེལ་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་བཞུགས་སོ། །[1]
༄༅། །དཔལ་ལྡན་མཁའ་དང་ཡེ་ཤེས་དྲུག་པའི་ཁམས། །སྲོག་དང་སྒྲ་གཅན་ཐིག་ལེའི་རང་བཞིན་ཅན། །བདག་འཛིན་འཇོམས་བྱེད་བདག་མེད་མར་གྲགས་པ། །རྒྱལ་བ་ཀུན་གྱི་ཡུམ་དེ་ཕྱག་འཚལ་ནས། །སྒྱུ་མ་ལྟ་སོགས་དཔེ་ཡིས་ཕྱག་རྒྱ་ཆེ། །ཟབ་མོ་དབུ་མའི་རང་བཞིན་ཉེར་སྟོན་པ། །མ་ཚང་རྒྱས་བཤད་ངེས་པར་བྱེད་པའི་དོན། །གསལ་བྱེད་བརྟག་པ་གཉིས་པ་རབ་བཤད་བྱ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱི། ལེའུ་དང་པོར་གཞི་ལམ་འབྲས་བུ་གསུམ་གསུངས་པའི་དོན་བརྟག་པ་དང་པོས་རྒྱས་པར་བཤད་ནས། དེ་ཉིད་ཀྱི་མ་ཚང་བ་བསྐོང་ཞིང་ཐེ་ཚོམ་བསལ་ནས་ངེས་པ་སྟེར་བ་དང་། དངོས་གྲུབ་གཏན་ལ་དབབ་པའི་ཕྱིར་བརྟག་པ་གཉིས་པ་འདིས་ཤིན་ཏུ་རྒྱས་པར་བཤད་པ་ལས། འདི་ཉིད་ཀྱི་བརྗོད་བྱ་རྗོད་བྱེད་དང་། འབྲེལ་བ་དང་དགོས་པ་དང་། དགོས་པའི་ཡང་དགོས་པ་རྣམས་ནི་སྔ་མའི་རྗེས་སུ་འབྲངས་ཏེ་ཁོང་དུ་ཆུད་པར་བྱའོ། །འདི་ལ་ལེའུ་བཅུ་གཉིས་ལས། དང་པོ་རབ་གནས་ཀྱི་ལེའུ་འདི་ཡང་། གཞི་ཤེས་བྱེད་ཀྱི་ཐབས་དབང་བསྐུར་བ་དང་། བསྐྱེད་རིམས་ཀྱི་ཡན་ལག་དུ་རྟེན་རབ་ཏུ་གནས་པ་དང་། སྦྱིན་བསྲེག་དང་། ས་སྦྱང་པ་དང་། ཕྱི་ཡི་མཆོད་པ་དང་། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་གསུངས་ཏེ། འདི་ལ་གསུམ། ཞུས་པ་དང་། ལན་དང་། ལེའུ་ཡི་མཚན་ནོ། །དང་པོ་ནི་རྡོ་རྗེ་སྙིང་པོས་གསོལ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཅིག་སྟེ། རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུའི་གཙོ་བོར་གྱུར་པ་རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ཞེས་བོས་ནས་རྡོ་རྗེ་སྙིང་པོ་བདག་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་བརླབས་གཅིག་ཏུ་སྡུད་པའི་བྱེད་ཐབས། རབ་ཏུ་གནས་པ་མཚན་ཉིད་དང་ལྡན་པ། ཐམས་ཅད་དུ་དགེ་སར་བྱེད་པའི་བཟང་པོ་ཉིད་ཀྱི་ཆོ་གའི་རིམ་པ་ཅི་ལྟ་བ་བཞིན་དུ་བཤད་དུ་གསོལ་ཞེས་ཞུས་སོ། །ལན་ལ་ལྔ། རབ་གནས་དང་། སློབ་དཔོན་གྱི་མཚན་ཉིད་དང་། མཆོད་པ་དང་སྦྱིན་བསྲེག་དང་། ས་སླང་པའོ། །དང་པོ་ལ་གཉིས་ལས། སྔོན་དུ་འགྲོ་བ་ནི། བཅོམ་ལྡན་འདས་ཞེས་པའི་ཚིག་རྐང་ལྔ་སྟེ། ཐོག་མར་ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། དེ་ཡང་རབ་དུ་གནས་པ། བསྡུས་པ་ནི་ཏིང་ངེ་འཛིན་གྱི་རིམ་པ་ཙམ་མམ། ཡང་ན་རྡོ་རྗེ་སློབ་དཔོན་ནུས་པ་ཐོབ་པས་ཉི་མ་ཅིག་གི་ཆོ་ག་བྱས་པ་ཡང་རུང་ངོ་། །འདིར་ནི་ཆོ་ག་རྒྱས་པའི་དབང་དུ་བྱས་སྟེ་སྔོན་དུ་གྲངས་དང་མཚན་པའི་བསྙེན་པ་བྱས་ནས། རབ་དུ་གནས་པའི་གནས་དེར་སྔར་སའི་ཆོ་ག་ལ་སོགས་པ་བྱས་པ་མ་ཡིན་ན། ལེའུ་བཅུ་པ་ལས་གསུངས་པ་ལྟ་བུའི་སའི་ཆོ་ག་དང་། བསྲུང་པའི་བར་དུ་བྱས་ནས་ལྷ་སྟ་གོན་དུ་གནས་པ་ཡང་དབང་གི་སྐབས་བཞིན་དུ་བྱའོ། །བུམ་པ་སྟ་གོན་ནི། དབང་བསྐུར་བའི་དོན་དུ་བྱུང་བ་དཀྱིལ་འཁོར་གྱི་ལྷའི་བུམ་པ་ནི་མཚུངས་ལ། དྲི་མ་ཁྲུས་ཀྱི་བུམ་པ་ནི་བྱིན་གྱིས་བརླབ་པ་ཙམ་བྱའོ། །སྦྱིན་བསྲེག་སྟ་གོན་དུ་གནས་པ་ཡང་འོག་ནས་ཅི་སྐད་གསུངས་པའི་རྒྱས་པ་ལ་སོགས་པའི་སྦྱིན་བསྲེག་བྱས་ནས། སློབ་མ་འཇུག་པ་ཡོད་ན་སློབ་མ་སྟ་གོན་ཡང་བྱ། དེ་ལྟར་ནུབ་གཉིས་པའི་བྱ་བ་སྔོན་དུ་རྫོགས་ནས། ནུབ་གསུམ་པ་ལ་བབ་པ་ན། དཀྱིལ་འཁོར་དམ་པ་བཞེངས་པ་ཅེས་པས་ཐིག་བཏབ་སྟེ་ལེགས་པར་བྲིས་ནས་གནས་ཉེ་བར་བརྒྱན་ཏེ་དཀྱིལ་འཁོར་བསྒྲུབ་པ་དང་། རྡོ་རྗེ་སློབ་དཔོན་བདག་འཇུག་ཀྱང་བྱས་ནས་རབ་ཏུ་གནས་པའི་རྟེན་སྟ་གོན་བྱ་བ་ནི། སྔ་བར་ཅེས་པ་སྲོད་ལ་སོགས་པའི་དུས་སུ་སྐུ་གཟུགས་སྦྱང་པ་ནི། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་ཁྲུས་ཀྱི་སྟེགས་བུ་པད་མ་འདབ་བརྒྱད་དང་བཅས་པ་བརྩིགས་པའམ་བྲིས་པ་ཡང་རུང་སྟེ། དེར་རྟེན་བཞུགས་སོ་གསོལ་ནས། རྟེན་སྦྱང་པ་དང་བཀྲུ་ཞིང་ཕྱི་བ་བྱ་སྟེ། བའི་ལྔ་དང་འདག་ཆལ་ལྔ། དྲི་ལྔ་རྣམ་པའི་ཁྱད་པར་གྱིས། །སྐུ་གཟུགས་ལ་ནི་བྱུག་པར་བྱ། །ཞེས་གུར་ལས་གསུངས་པ་བཞིན་དུ། དངོས་སམ་མེ་ལོང་གི་གཟུགས་བརྙན་ལ་བྱ་སྟེ། དེའི་འོག་ཏུ་སྟ་གོན་ལ་སོགས་བྱས་ནས་ནི་ཅེས་པ། རྟེན་དེ་ཉིད་བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེ་མངོན་པར་རྟོགས་པ་བཞིན་དུ་བསྐྱེད་པའམ། ཡང་ན་ལྷ་སོ་སོའི་བསྐྱེད་ཆོག་ཀྱང་རུང་སྟེ་ལེགས་པར་བསྐྱེད་པ་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ཙམ་བྱ་སྟེ། བཅོམ་ལྡན་རྡོ་རྗེ་ཆེ་ན། མཆོག་ལ་སོགས་པའི་ཚིགས་སུ་བཅད་པས་གསོལ་བ་གདབ་ཅིང་རྟེན་དགབ་པར་བྱའོ། །གཉིས་པ་དངོས་གཞི་ནི། ནམ་མཁར་བཞུགས་པའི་སངས་རྒྱས་ཀུན། །སྐུ་གཟུགས་སྙིང་ཀར་རབ་ཏུ་གཞུག །ཞེས་པས། དངོས་གཞིའི་དུས་སུ་སྔ་མ་ལྟ་བུའི་བསྐྱེད་པའི་རིམ་པ་གསལ་བཏབ་སྟེ་དབང་བསྐུར་བ་ཅི་ལྟ་བ་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་འགུག་ཅིང་གཞུག་པ་དང་། དཀྱིལ་འཁོར་གྱི་ལྷའི་བུམ་པས་དབང་བསྐུར་སྟེ་རིག་པའི་དབང་ལྔ། བརཏལ་ཤུགས་ཀྱི་དབང་དང་དྲུག་ཙམ་བསྐུར་རོ། །སློབ་མ་འཇུག་པ་ཡོད་ན་ནི། སྔོན་དུ་ལྷ་ལ་དབང་བསྐུར་བར་བྱ་སྟེ། དེའི་འོག་དུ་མི་ལ་དབང་བསྐུར་བར་བྱའོ། །དེ་ནས་ཉི་མ་ཤར་བ་དང་། མེ་ཏོག་ཕུལ་ཞིང་སྤྱན་ཕྱེ་སྟེ་མངལ་འབུལ་བ་གཞན་ཡང་བྱས་ནས་བརྟན་པར་བཞུགས་སུ་གསོལ་ཞིང་ཡོན་བདག་བསྒོ་བ་དང་ཤིས་པ་བརྗོད་པ་དང་དགའ་སྟོན་དང་བསྔོ་བའི་བར་དུ་བྱའོ། །འདི་ནི་རབ་དུ་གནས་པའི་ཆོ་གའོ། །འདི་ཡི་ངེས་པའི་དོན་ནི། འགྲེལ་ཆེན་ལས། གང་ཞིག་སེམས་ནི་མཚོན་པ་ཅན། །སྐུ་གཟུགས་ལྷ་ཞེས་ཡང་དག་བཤད། །ཞེས་པ་དང་། རྣམ་པར་མི་རྟོག་ངོ་བོ་རུ། །སེམས་ནི་གང་ཞིག་རབ་ཞུགས་པ། རབ་ཏུ་གནས་ཤིང་ལྷ་རྣམས་མཆོད། །དེ་ལས་རང་བྱིན་བརླབ་པར་འགྱུར། །ཞེས་གསུངས་པས། ཕྱག་རྒྱ་བཞི་ལ་དམིགས་པའི་མན་ངག་གིས་ལྷན་ཅིག་སྐྱེས་པ་མངོན་དུ་བྱེད་པ་འདི་ནི་རབ་དུ་གནས་པར་བརྗོད་དོ། །སློབ་དཔོན་གྱི་མཚན་ཉིད་ནི། རང་འདོད་ཞེས་པའི་ཚིག་རྐང་གཉིས་ཏེ། རང་འདོད་པའི་ལྷ་ཧེ་རུ་ཀ་ལ་སོགས་པའི་བསྐྱེད་པའི་རིམ་པ་ལ་མཉམ་པར་འཇོག་ནུས་པའི་རྣལ་འབྱོར་པ། རྫོགས་རིམས་ཀྱི་དོན་རབ་ཏུ་མཐོང་བ། གསང་སྔགས་ཀྱི་ཕ་རོལ་དུ་སོན་པ་མཁས་པའི་བདག་ཉིད་ཅན་འདིས་ནི་རབ་ཏུ་གནས་པ་ལ་སོགས་པ་ཡང་བྱ་རུང་བ་ཡིན་ནོ། །མཆོད་པ་ནི། ཨོཾ་ཞེས་པ་ནས་གོང་མ་བཞིན་ཞེས་པའི་བར་གྱིས་བསྟན་ཏེ། ཨོཾ་ནི་མགོ་འདྲེན་པའམ་སྐུ། བཛྭ་པུཥྤེ་ནི་རྡོ་རྗེ་མེ་ཏོག །ཨ་ཧཱུྃ་ནི་གསུང་དང་ཐུགས་སྭཱཧཱ་ནི་གཞི་ཚུགས་གཅིག་པ་ཡིན་ཟེར་རོ། །དྷུ་པེ་ནི་བདུག་སྤོས། དཱི་པཾ་མར་མེ། གྷན་དྷེ། དྲི་ཆབ། ནིཝེ་ཏེ་ལྷ་བཤོས་སོ། །མཆོད་པ་དེ་ཅི་ལྟར་བྱེད་ན། སྣ་ཚོགས་ཧཱུྃ་ནི་རྫོགས་པ་དང་། ཅེས་པ་ཧཱུྃ་ཞེས་བརྗོད་ཅིང་ཀུ་ཤའི་ཆུས་བསང་རྡོ་རྗེ་ལག་ཏུ་བཟུང་སྟེ་ཧཱུྃ་ཧཱུྃ་ཞེས་བརྗོད་ཅིང་བདེ་སྟོང་དུ་བྱིན་གྱིས་བརླབ་བོ། །དེ་ནས་མེ་ཏོག་ལ་སོགས་པ་འབུལ་ལོ། །རིམ་པ་ཅི་ལྟར་འབུལ་ན། གོང་མ་ནི་སྔ་མ་སྟེ་བྱ་བའི་རྒྱུད་ཀྱི་ཆོ་གའི་རིམ་པ་ལྟར་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་རིམ་པ་བཞིན་ཕུལ་ཏེ། དེ་ནས་མཆོད་པ་གཞན་རྣམས་འབུལ་ལོ། །སྦྱིན་བསྲེག་ལ་ལྔ་ལས། ཐབ་ཁུང་བསྲེག་རྫས་མེ་ལྷ་སྤྱན་འདྲེན་པ། གཤེགས་སུ་གསོལ་བ། མཆོད་ཡོན་ནོ། །དང་པོ་ལ་གསུམ་ལས། དབྱིབས་ནི། ཞི་བ་ཞེས་པའི་ཚིགས་བཅད་གཅིག་སྟེ། སྟ་གོན་དང་ལས་ཚོགས་ལ་སོགས་པས་བསྒྲུབ་པའི་དུས་སུ་སྦྱིན་བསྲེག་གི་ཐབ་ནི་ཞི་བ་ལ་བཟླུམ་པོ། རྒྱས་པ་ལ་གྲུ་བཞི། གསང་བ་ལ་གྲུ་གསུམ། འདི་ཉིད་ལ་ལྷག་མ་གྲུབ་པ་ནི། དབང་དང་འགུག་པ་ལ་ཟླ་གམ་མོ། །ཚད་ནི། ཚིག་རྐང་དྲུག་སྟེ། རྒྱར་ཁྲུ་གང་དང་ནི་ཟབས་སུ་ཁྲུ་ཕྱེད་ཉིད་ཞི་བའི་སྟེང་དང་འོག་ཏུ་ཡིན་ནོ། །ཁྲུ་དོ་དང་ཁྲུ་གང་གི་རྒྱས་པའི་སྟེང་འོག་དུ་བརྗོད་དོ། །སོར་ཉི་ཤུ་དང་དེའི་ཕྱེད་ནི་གསང་བའི་སྟེང་འོག་དུ་སྟེ་དབང་དང་འགུག་པ་ཡང་དེ་དང་མཚུངས་སོ། །ཁ་དོག་ནི་ཚིག་རྐང་དྲུག་སྟེ། ཞི་བ་ལ་ནི་ཁ་དོག་དཀར་པོར་བྱའོ། །དེ་བཞིན་དུ་རྒྱས་པ་ལ་སེར་པོ། གསང་བ་ལ་ནག་པོ། དབང་ལ་དམར་པོ། དབང་ཅི་ལྟ་བཞིན་དུ་འགུག་པ་དང་གསང་བ་བཞིན་དུ་སྡང་པ་ལ་ཡང་བྱའོ། །གཉིས་པ་བསྲེག་རྫས་ནི། ཞི་ལ་ཏིལ་ཞེས་པའི་ཚིགས་བཅད་གཅིག་སྟེ། སྔོན་དུ་སྦྱིན་བསྲེག་གི་ཐབ་གསུངས་པ་བཞིན་དུ་བྱ་སྟེ་སོ་སོ་ལ་ཤིས་པའི་ཤིང་བརྩིགས་ནས་མར་ལ་སོགས་པའི་ཐུན་མོང་གི་བསྲེག་རྫས་གུར་ལས་གསུངས་པ་རྣམས་དང་། བྱེ་བྲག་དུ་མེད་དུ་མི་རུང་པའི་ཞི་བ་ལ་ཏིལ། རྒྱས་པ་ལ་ཞོ། གསང་བ་དང་སྡང་པ་དང་རེངས་པར་བྱེད་པ་ལ་ཚེར་མ། དབང་དང་འགུག་པ་ལ། ཨུཏྤ་ལ་རྣམས་ལེགས་པར་བཤམས་ནས། བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་ཐབ་བསངས་ཏེ་མེ་སྤར་ནས་མེ་ལྷ་དམ་ཚིག་པ་བསྐྱེད་པ་བྱའོ། །མེ་ལྷ་སྤྱན་དྲངས་ནི། ཨོཾ་ཨག་ནེ་ཞེས་པའི་ཚིགས་བཅད་གཅིག་སྟེ། སྔགས་ཀྱི་དོན་ཡང་ཨག་ནེ་ཡེ་མ་ཧཱ་ཏེ་ཛ་ནི། གཟི་བརྗིད་ཆེན་པོ་མེའི་ལྷ་ཞེས་པའོ། །སརྦ་ཀརྨ་པྲ་ས་ཏཱ་ཀ་ནི་ལས་རྣམས་ཐམས་ཅད་སོ་སོར་བསྒྲུབས་ཞེས་སོ། །ཀ་རུ་ནྱ་ཀྲི་ཏ་སརྦ་ཨརྟ་ནི་སྙིང་རྗེའི་དབང་གིས་དོན་རྣམས་གསོལ་ཞེས་སོ། །ཨ་སྨྂ་ནི་ས་ན་ཧི་ཏོ་བྷ་བ་ནི། ཤར་ལྷོའི་མཚམས་སུ་ཐང་གཅིག་བཞུགས་ཞེས་པའོ། །དེ་ལྟར་མེ་ལྷ་བཀུག་སྟེ་མཆོད་ནས། དེའི་འོག་ཏུ་ཡི་དམ་གྱི་ལྷ་བསྐྱེད་ནས་སྦྱིན་བསྲེག་བྱ་སྟེ་འདོད་དོན་ལ་གསོལ་བ་གདབ་པའི་བར་དུ་བྱས་ནས་གཤེགས་སུ་གསོལ་ལོ། །སླར་མེ་ལྷ་ལ་དྲིན་ལན་གྱི་སྦྱིན་བསྲེག་བྱས་ནས་གཤེགས་སུ་གསོལ་བ་ནི། ས་དྷཱ་ནི་ཝ་ཞེས་པའི་ཚིགས་བཅད་གཅིག་སྟེ། བསྒྱུར་ན། བདག་གི་དོན་དང་གཞན་གྱི་དོན། །བསྒྲུབས་ཀྱིས་བཞུད་ཅིག་བྱིན་ཟ་ཁྱོད། །སླར་ཡང་དུས་ལ་བབ་པ་ན། །བདག་གི་དངོས་གྲུབ་ཐམས་ཅད་བསྒྲུབས། །ཞེས་པ་མ་དགའ་བའི་སྔགས་སོ། །མཆོད་ཡོན་གྱི་སྔགས་ནི། ཨོཾ་ཛ་ཧཱུྃ་བྂ་ཧོ་ཁ་རྂ་མཆོད་ཡོན་གྱི་སྔགས་སོ། །ཨོཾ་ནི་རི་ཏི་ཧཱུྃ་ཁྂ་ཞབས་བསིལ་ལོ། །འདི་དག་ཀྱང་ཤྲི་ཧེ་རུ་ཀ་ས་པ་རི་ཝ་ར་ཞེས་པ་དང་སྤེལ་ལོ། །ཨོཾ་དྷྂ་དྷྂ་ནི་ནེ་པེ་ཏེ་དང་གདམ་ཀ་ཡིན་ནོ་ཞེས་ཟེར་རོ། །ས་སྦྱང་བ་ནི། ས་བསླང་པའི་སྐབས་སུ་སའི་ལྷ་མོ་ལ་མཆོད་བསྟོད་སྔོན་དུ་བཏང་ནས་གསོལ་བ་གདབ་པ་ནི། མ་མ་རིན་ཆེན་སྣ་ཚོགས་འཛིན་ཞེས་པའི་ཚིགས་བཅད་འདིས་བྱའོ། །འདི་རྣམས་ཀྱི་ངེས་པའི་དོན་ནི། རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་མན་ངག་གིས་གཏུམ་མོའི་སྦྱིན་བསྲེག་ལ་བརྟེན་ནས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་བག་ཆགས་ཐམས་ཅད་བསྲེག་པར་བྱེད་པའི་རིམ་པ་རྒྱས་པར་ཁ་སྦྱོར་ལས། མགོ་བོའི་ཐོད་པ་ཉིད་ཀྱང་ནི། །སྦྱིན་བསྲེག་སྣོད་དུ་ཉེ་བར་བརྗོད། །རོ་མ་བླུག་གཟར་བཤད་པ་སྟེ། །སྙིང་ཁའི་ཆོས་འཁོར་བརྐྱང་པ་ནི། །དགང་གཟར་བདག་ཉིད་རྣམ་པར་བསྟན། །ལྟེ་བའི་དཀྱིལ་འཁོར་ཉིད་ཀྱང་ཐབ། །ཞེས་པ་ལ་སོགས་གསུངས་སོ། །ལེའུ་ཡི་མཚན་ནི། ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དང་གཉིས་སུ་མེད་པའི་དྲ་བའི་སྡོམ་པ་བསྟན་པ་གཉིས་པའི་བར་དུ་གནས་པ་ལ་སོགས་པ་བསྟན་པའི་ལེའུ་སྟེ་དང་པོའོ།། །།ལེའུ་གཉིས་པ་དངོས་གྲུབ་གཏན་ལ་དབབ་པ་འདི་ཡང་། བརྟག་པ་དང་པོར་གསུངས་པའི་བསྐྱེད་པ་དང་རྫོགས་པའི་རིམ་པ་ཉམས་སུ་ལེན་པར་བྱེད་པའི་ཁྲིགས་དང་། དངོས་གྲུབ་ཀྱི་ངེས་པ་གཏན་ལ་དབབ་པ་སྟོན་ཏེ། འདི་ལ་གསུམ། ཞུས་པ་དང་། གཞུང་དོན་དང་། ལེའུ་ཡི་མཚན་ནོ། །དང་པོ་ནི་རྡོ་རྗེ་སྙིང་པོས་གསོལ་བ་ཞེས་པའི་ཚིགས་བཅད་གཅིག་སྟེ། དེ་ཡང་བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང་པོས་གསོལ་བ། ནམ་མཁའ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པ་སྤྲོས་པ་དང་བྲལ་བ་ལ་རྒྱ་མཚོ་ཆེན་པོའི་ནང་ན་སྐུ་བ་ཡང་བ་དེ་ཤར་གྱི་རླུང་གིས་ནུབ་དུ་དེད། ནུབ་ཀྱི་རླུང་གིས་ཤར་དུ་དེད་དེ་གཏིང་མི་ཚུགས་པ་ལྟར། རང་འདོད་ལྷའི་ཧེ་རུ་ཀའམ། བདག་མེད་མའི་བསྐྱེད་པའི་རིམ་པ་རྣམ་པར་རྟོག་པ་གློ་བུར་བའི་གཏིང་མི་ཚུགས་པར་བསྒོམས་པས། སེམས་ཅན་གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅི་ལྟར་འགྲུབ་པར་འགྱུར་ཞེས་སོ། །གཞུང་ལ་བཞི། བསྐྱེད་པའི་རིམ་པ་ཅི་ལྟར་བསྒོམ་པ་དང་། དེ་བརྟན་པར་བྱེད་པའི་སྤྱོད་པ་དང་། དངོས་གྲུབ་ཀྱི་མཚན་ཉིད་དང་། རིམ་པ་གཉིས་ཀྱི་རྣམ་བཞག་གོ །དང་པོ་ལ་གཉིས་ཏེ། མདོར་བསྟན་དང་། རྒྱས་བཤད་དོ། །དང་པོ་ནི། བཅོམ་ལྡན་འདས་ཞེས་པའི་ཚིག་རྐང་ལྔ་སྟེ། བསྐྱེད་པའི་རིམ་པ་བསྒོམ་དགོས་པར་སྟོན་པ། དེ་ཡང་ཚོགས་བསགས་པའི་གང་ཟག་སྨིན་པར་བྱེད་པའི་དབང་ཐོབ་ནས་ལམ་གྱི་རིམ་པ་མངོན་དུ་བྱེད་པར་འདོད་པས་ཐོག་མར་བདག་མེད་མའི་རྣལ་འབྱོར་དང་ལྡན་པའམ་ཡང་ན་ཧེ་རུ་ཀ་བཞི་ལས་གང་རུང་གི་བསྐྱེད་རིམས་བསྒོམ་པ་ལ་བརྩོན་པར་བྱ་སྟེ། དེ་ལས་གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པས་གཞན་དུ་གནས་པར་མི་བྱའོ། །རྒྱས་པར་བཤད་པ་ལ་གཉིས། ལས་དང་པོ་པའི་བྱ་བ་དང་། བརྟན་པ་ཐོབ་ནས་ཉམས་སུ་བླང་པའི་ཚུལ་ལོ། །དང་པོ་ལ་གསུམ་ལས། ཉམས་སུ་བླང་པའི་གནས་ནི། དང་པོ་ཞེས་པའི་ཚིག་རྐང་ལྔ་སྟེ། དེ་ཡང་ལས་དང་པོ་པས་གོམས་པར་བྱེད་པའི་དུས་ཀྱི་གནས་ནི་གང་དུ་བསྔགས་པ་སྟེ་ཤེས་པའི་གནས་སུ་བསྒོམ། དེ་རང་གང་ཞེ་ན། སེམས་རྩེ་གཅིག་ཏུ་མ་ཡེངས་པར་མཉམ་གཞག་འགྲུབ་པར་འགྱུར་པའི་གནས་ནི་བཟང་པོ་ངེས་པར་བརྟག་སྟེ། རང་གི་ཁྱིམ་ལ་སོགས་པར་མཚན་མོའི་དུས་སུ་བསྒོམ་པའོ། །དེས་ནི་སེམས་བདེ་བས་ཏིང་ངེ་འཛིན་གསལ་བར་འགྱུར་རོ། །མཚན་མོ་དུར་ཁྲོད་ལ་སོགས་པར་མི་བསྒོམ་པ་ནི་ལས་དང་པོ་པ་ལ་ལུས་སྲོག་གི་བར་ཆད་དུ་གྱུར་དུ་དོགས་པའི་ཕྱིར་རོ། །བརྟན་པ་ཐོབ་ནས་དུར་ཁྲོད་རིའི་བྱ་སྐྱིབས་ལ་སོགས་པར་བསྒོམ་མོ། །བསམ་པ་ནི། བདག་ཉིད་གྲུབ་པའི་སེམས་ཀྱིས་ནི་ཅེས་པ་ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་དོན་དུ་ཕྱག་རྒྱ་ཆེན་པོ་གྲུབ་པར་འདོད་པའི་སེམས་ཀྱིས་བསྒོམ་མོ། །ལྷའི་རྣལ་འབྱོར་ནི། ཚིག་གཉིས་ཏེ། བདག་མེད་མའི་རྣལ་འབྱོར་སྐྱེ་བ་མེད་པར་རྟོགས་པའི་ཤེས་རབ་ཅན་གྱིས་བསྒོམ་པའམ། ཡང་ན་དཔལ་ཧེ་རུ་ཀའི་གཟུགས་སུ་བསྒོམ་པའོ། །དེ་ལྟར་ལས་དང་པོ་པའི་སྤྱོད་པ་བསྟན་ནས་བརྟན་པ་ཐོབ་ནས། ཉམས་སུ་བླང་ཚུལ་ལ་གཉིས་ལས། ཐམས་ཅད་དེ་ཉིད་དང་བསྲེ་བ་ནི། རྐང་བ་བཀྲུ་དང་ཞེས་པའི་ཚིག་རྐང་དགུ་སྟེ། དེ་ལྟར་མཉམ་པར་བཞག་པ་ཅུང་ཟད་བརྟན་ནས་རྗེས་ཐོབ་དུ་རྐང་པ་བཀྲུ་བ་དང་། ཟས་ཟ་བ་དང་། འཐོར་འཐུང་དང་སོ་རྩི་ཟ་ཙན་དན་གྱི་བྱུག་པས་ལག་པ་ཉེད་པ་དང་། སྨད་གཡོགས་བཅིང་པ་དང་། འབྱུང་བ་དང་། སྨྲ་བ་དང་། འགྲོ་བ་དང་། འདུག་པ་དང་ཁྲོ་བ་དང་རྒོད་པ་ལ་སོགས་པ་དུས་ཐམས་ཅད་དུ་བཅོམ་ལྡན་འདས་སྒྱུ་མ་ལྟ་བུ་བསྟེན་པ་དང་། བདག་མེད་མའི་ཤེས་རབ་རྟོགས་པའི་བརཏལ་ཤུགས་ཅན་ཉིད་ཀྱིས་རྣལ་འབྱོར་མའམ་ཧེ་རུ་ཀ་རྣམ་པར་བསྒོམ་མོ། །དེ་ལས་གཞན་གྱིས་མི་འགྲུབ་པར་བསྟན་པ་ནི་ཚིགས་བཅད་གཅིག་སྟེ། དེ་ལྟར་མཉམ་རྗེས་མེད་པ་ལས་གཞན་གྱི་ཚུལ་གྱིས་སྐད་ཅིག་ཀྱང་གནས་པར་མི་བྱ་སྟེ། འདུག་པའི་སེམས་རྣམ་པར་འཕྲོ་བ་དང་མ་རིག་པའི་དབང་གིས། དངོས་གྲུབ་འདོད་པ་དང་བཅས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཕྱིར། མཁས་པ་རྣམས་ཀྱིས་རྣམ་པར་གཡེང་བའི་འབད་པས་གནས་པར་མི་བྱའོ། །དེ་ལྟར་བསྐྱེད་པའི་རིམ་པ་གསུངས་ནས། དེ་བརྟན་པར་བྱེད་པ་ཡི་སྤྱོད་པ་ལ་གསུམ། སྤྱོད་པའི་སྔོན་དུ་འགྲོ་བ་དང་། ཧེ་རུ་ཀའི་སྤྱོད་པ་དང་། བདག་མེད་མའི་སྤྱོད་པའོ། །དང་པོ་ལ་ལྔ་ལས། བཤད་པར་དམ་བཅའ་བ་ནི། བསམ་གཏན་ཉོན་མོངས་འཇིག་བྱེད་པ། རྡོ་རྗེ་སྙིང་པོ་ང་ཡིས་བཤད་ཅེས་པ་བསྐྱེད་རྫོགས་ཀྱི་བསམ་གཏན་གྱིས་ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པ་བསྟན་གྱིས་ཉོན་ཅིག་པའོ། །དུས་དང་ཐབས་ཀྱི་ངོ་བོ་ནི། བརྩེ་བས་ཞེས་པའི་ཚིག་རྐང་དྲུག་སྟེ། བསམ་གཏན་ཉོན་མོངས་འཇིག་བྱེད་དེ་ཡང་གཞན་ནས་བསྐྱེད་པའི་རིམ་པ་དེ་ཉིད་ཀྱི་དབང་དུ་མཛད་ནས་ཟླ་བ་ཕྱེད་ལ་སོགས་པར་བསྒོམ་ཏེ་གཞུག་པར་གསུངས་ཀྱང་། འདིར་ནི་ངེས་པའི་དོན་དུ། བསྐྱེད་རིམས་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པས་བླ་མའི་མན་ངག་ལ་བརྟེན་ཏེ། ཕྱག་རྒྱ་བཞིའི་རྫོགས་པའི་རིམ་པ་བསྒོམ་པར་བྱའོ། །འགྲེལ་ཆེན་ལས། བསམ་གཏན་དོན་ནི་ཅི་ཞིག་བརྗོད། །སྡུག་བསྔལ་ཐམས་ཅད་བསྲེག་པ་དང་། །ཉོན་མོངས་ཐམས་ཅད་འཇོམས་པ་ཉིད། །ཤེས་རབ་ལྷན་ཅིག་བསམ་གཏན་ནི། །སྲིད་པ་དུམ་བུར་བྱེད་པའི་མཆོག །ཞེས་པས་བརྩེ་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་ཟླ་བ་ཕྱེད་ལ་སོགས་པར་ཡོངས་སུ་བརྟག་སྟེ། རྣམ་པར་རྟོག་པའི་བསམ་པ་ཐམས་ཅད་ཡོངས་སུ་སྤངས་ནས་སོ་སོར་སྣང་བ་བསྡུས་སྟེ་ལྷའི་གཟུགས་སུ་སེམས་པས་ཉི་མ་གཅིག་ཏུ་མ་ཆད་པར་བསྒོམས་པས། དུ་བ་ལ་སོགས་པའི་རྟགས་ཡོངས་སུ་བརྟག་པར་བྱ་སྟེ། སྲོག་རྩོལ་ལ་སོགས་པའི་སྦྱོར་བས་ཟླ་བ་ཕྱེད་ཙམ་གྱིས་ངེས་པར་སྒྱུ་མ་ལྟ་བུ་མངོན་དུ་འགྱུར་ཏེ། ཀུན་མཁྱེན་ཧེ་རུ་ཀ་དེ་ནི། དངོས་གྲུབ་ཉེར་གནས་བཟློག་པ་མེད། །ཕྱི་ནས་སྒྱུ་མའི་རྣམ་པ་མཚུངས། །རྨི་ལམ་རྣམ་པར་སྐད་ཅིག་འགྱུར། །ཞེས་པ་ལ་སོགས་པ་གསུངས་སོ། །མཆོག་ཏུ་གྱུར་པའི་ངེས་པ་ནི། རང་གཞན་ཞེས་པའི་ཚིགས་བཅད་གཅིག་སྟེ། དེ་ཡང་རང་གཞན་གྱི་དོན་རབ་ཏུ་བསྒྲུབ་པའི་ཕྱིར། འཁོར་བར་ཐབས་ཁྱད་པར་དུ་འཕགས་པ་གཞན་ཡོད་པ་མ་ཡིན་ནོ། །རིག་མ་ནི་ལས་དང་ཆོས་དང་དམ་ཚིག་གི་ཕྱག་རྒྱ་དང་ལྷན་ཅིག་ཏུ་གོམས་པར་བྱས་པས་འཕྲལ་དུ་མྱུར་བར་དྲོད་ལ་སོགས་པའི་རྟགས་མངོན་དུ་བྱེད་པ་ཉིད་ཡིན་ནོ། །དྲོད་ཀྱི་རྟགས་ནི། འཇིགས་སྨྱོ་ཞེས་པའི་ཚིགས་བཅད་གཉིས་ཏེ། དེ་ལྟར་བསྒོམས་པ་ལས་དྲོད་ཀྱི་རྟགས་ཆུང་དུ་ནི། རང་ཉིད་ངན་འགྲོ་ལ་འཇིགས་པ་དང་། སྨྱོ་བ་སྟེ་རྒྱུད་འཁྲུལ་པ་དང་། དེ་བཞིན་དུ་འཁོར་བའི་སྡུག་བསྔལ་དང་མྱ་ངན་གྱི་གདུང་པས་ཡིད་ལ་འཚེ་བ་མེད་པ་འདི་ནི་དང་པོའོ། །གཉིས་པ་ནི། འདོད་ཆགས་དང་ཞེ་སྡང་གཏི་མུག་ཆེན་པོས་བསྒྲུབ་པ་པོ་ཉིད་ཀྱི་རྒྱུད་ཉོན་མོངས་པར་མི་ནུས་པའོ། །དྲོད་ཆེན་པོའི་རྟགས་ནི་ལྟ་སྟངས་ལ་སོགས་པ་ཕན་པ་དང་གནོད་པའི་འབྲས་བུ་འབྱིན་ནུས་པ་འབྱུང་བ་དེ་ལྟར་ངེས་པར་ཤེས་ནས་ཅི་ལྟར་ཉམས་སུ་ལེན་པ་དེ་སྐད་ཅིག་ཀྱང་རྣལ་འབྱོར་པ་རྣམས་ཅ་ཅོ་མི་གནས་པར་བསྒོམ་པར་བྱ་བས་རྟོགས་པར་འགྱུར་རོ། །ཕན་ཡོན་ནི་གཉིས་ལས། སྒྲིབ་པ་ཤས་ཆེ་བས་ཀྱང་འགྲུབ་པ་ནི། མཚམས་མེད་ཞེས་པའི་ཚིག་རྐང་དྲུག་སྟེ་གོང་དུ་གསུངས་པའི་དངོས་གྲུབ་དེ་འབད་པ་དང་ལྡན་པས་བསྒོམས་ན་དམན་པས་ཀྱང་འགྲུབ་པར་འགྱུར་ཏེ། ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ་མཚམས་མེད་ལྔ་བྱེད་པ་དང་། སྲོག་ཆགས་གསོད་ལ་དགའ་བ་ཤན་པ་ལྟ་བུ་དང་། གཞན་ཡང་སྐྱེ་བ་དམན་པ་མ་ནིང་དང་བུད་མེད་དང་རྒྱུད་རྨོངས་པ་དང་མ་རུངས་བ་ལས་ངན་པ་བྱེད་པ་དང་། གཟུགས་ངན་པ་དང་ཡན་ལག་མ་ཚང་པ་ལ་སོགས་པས་ཀྱང་བསྐྱེད་རྫོགས་ཀྱི་རྣལ་འབྱོར་བསམས་པས་བྱང་ཆུབ་ཀྱི་རྟགས་དེ་རྣམས་འགྲུབ་པར་འགྱུར་རོ། །འདིས་ནི་རྡོ་རྗེའི་ཐེག་པའི་ཐབས་ཀྱི་ཆེ་བ་བསྟན་ཏོ། །འོ་ན་རང་བཞིན་བཟང་པོས་མི་འགྲུབ་བམ་ཞེ་ན། སྦྱངས་པ་ཅན་གྱིས་མྱུར་དུ་འགྲུབ་པར་བསྟན་པ། དགེ་བ་བཅུ་ཞེས་པའི་ཚིགས་བཅད་བཞི་སྟེ་ལུས་དང་ངག་དང་ཡིད་ཀྱི་དགེ་བ་བཅུ་ལ་གོམས་པ་དང་། བླ་མ་ལ་གུས་ཤིང་དབང་པོ་དུལ་བ་ང་རྒྱལ་དང་ཁྲོ་བ་ལས་རྒྱུད་རྣམ་པར་གྲོལ་བ་དེས་ནི་རེ་ཤིག་ངེས་པར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །འདི་དག་གི་ངེས་པའི་དོན་ནི། འཁོར་བར་སྐྱེ་བར་བྱེད་པ་ཡི། །མ་རིག་པ་ལ་མ་ཞེས་བརྗོད། །དགའ་བའི་འདོད་ཆགས་ཕ་ཞེས་བརྗོད། །ཕུང་པོའི་ཚོགས་པ་དགེ་འདུན་ཏེ། །དགྲ་བཅོམ་ཆོས་སུ་རྟོག་པ་བསང་། །དེ་བཞིན་གཤེགས་སུ་གང་རྟོག་པ། །འདི་དག་རྣམ་པར་བཅོམ་པས་ན། །མཚམས་མེད་ལྔ་ནི་བྱེད་པ་ཡིན་ཞེས་པ་ལ་སོགས་པ་གསུངས་པས། འདི་ལྟ་བུའི་དོན་དང་ལྡན་པར་སྦྱང་པས་རྡོ་རྗེའི་ཐེག་པ་འགྲུབ་པར་འགྱུར་གྱིས། ངན་པར་སྤྱོད་པ་དག་གིས་མཚན་ཙམ་ལ་ཡང་དད་པར་དཀའ་ན་རྡོ་རྗེའི་ཐེག་པ་དང་ཕྲད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་ཡང་ནམ་མཁའ་དང་མཉམ་པའི་རྒྱུད་ཀུན་ཏུ་སྤྱོད་པ་ལས། བྱིས་པའི་ཤེས་པའི་ཤེས་པ་ཅན། །སེམས་ཅན་ཡོངས་སུ་མ་སྨིན་དང་། །ཕྱི་རོལ་བསྟན་བཅོས་ཀྱིས་འཆལ་པ། །དེ་ཀུན་གྱིས་ཀྱང་སངས་རྒྱས་ཀྱི། །སྤྱོད་ཡུལ་གསང་ཆ་མི་ཤེས་སོ། །ཞེས་གསུངས་སོ། །དེ་ལྟར་སྤྱོད་པའི་སྔོན་འགྲོ་བཤད་ནས། ཧེ་རུ་ཀའི་སྤྱོད་པ་ལ་གཉིས། གསང་སྤྱོད་དང་བརཏལ་ཤུགས་ཀྱི་སྤྱོད་པའོ། །དང་པོ་ནི་རྟག་ཏུ་ཞེས་པའི་ཚིག་རྐང་གསུམ་སྟེ། དེ་ཡང་ཟླ་བ་ཕྱེད་ལ་སོགས་པ་ཁོ་ན་མ་ཡིན་གྱིས་རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས་མཉམ་པར་བཞག་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་པའི་དོན་དུ་ཐོག་མར་ཟླ་བ་གཅིག་ཏུ་གསང་ལ་སྤྱོད་པ་སྤྱད་པར་བྱའོ། །དེས་ནི་རྣམ་པར་རྟོག་པ་ལས་སུ་རུང་བར་འགྱུར་རོ། །བརཏལ་ཤུགས་ཀྱི་སྤྱོད་པ་ལ་བཞི་ལས། སྤྱོད་པའི་གྲོགས་ལུང་སྟོན་པ་ནི་ཅི་སྲིད་ཅེས་པའི་ཚིགས་བཅད་གཉིས་ཏེ། དེ་ཡང་བརཏལ་ཤུགས་ཀྱི་སྤྱོད་པ་སྔར་ལེའུ་དྲུག་པར་གསུངས་པ་ལྟ་བུ་ཡི་བརཏལ་ཤུགས་ཀྱིས་མྱུར་དུ་འགྲུབ་པར་འདོད་ན་གྲོགས་འདི་ལྟ་བུ་དགོས་ཀྱིས་གཞན་དུ་ནི་མ་ཡིན་ནོ། །དེ་ཡང་གསང་སྤྱོད་ནི་ཟླ་བ་གཅིག་ཁོ་ནར་ནི་ངེས་པ་མ་ཡིན་ཏེ། ཅི་སྲིད་མཆོག་གི་ཕྱག་རྒྱ་མ་རྙེད་ཀྱི་བར་གསང་སྟེ་སྤྱོད་པའོ། །གནང་བ་ཅི་ལྟར་རྙེད་པར་འགྱུར་ན། སྔགས་པ་དེ་ལ་རྣལ་འབྱོར་མ་རྣམས་ཀྱིས་ལུང་སྟོན་པར་འགྱུར་ཏེ། ཕྱག་རྒྱ་ཆེ་གེ་མོ་ཞེས་བྱ་བ་ཁྱེར་ལ་བརཏལ་ཤུགས་ཀྱི་སྤྱོད་པས་སེམས་ཅན་གྱི་དོན་གྱིས་ཅིག ཀྱེའི་རྡོ་རྗེ་འཛིན་པ་ཞེས་སྨྲ་བར་འགྱུར་ཏེ། དེ་ཡང་བུམ་པའི་དབང་གི་དུས་སུ་རྡོ་རྗེ་འཛིན་པར་དབང་བསྐུར་བ་ཐོབ་པས་སོ། །རྙེད་པ་དེ་ཡང་ཡོན་ཏན་གྱི་མིག་ཡངས་མ། གཟུགས་དང་ལང་ཚོ་ཡིས་རྣམ་པར་བརྒྱན་མ། སི་ལ་དང་ག་བུར་ཡང་དག་པར་ལྡན་པ་སྟེ་རིགས་སུམ་ཅུ་སོ་དྲུག་གི་རྣལ་འབྱོར་མར་ངེས་པའོ། །དེ་ཅི་ལྟར་སྤྱད་པ་ནི་བྱང་ཆུབ་སེམས་ཞེས་པའི་ཚིག་རྐང་དགུ་སྟེ། ཐོག་མར་དགེ་བ་བཅུ་ལས་བརྩམས་ནས་དེའི་ཆོས་རབ་ཏུ་དབྱེ་བ་ནི། སྡོམ་པ་དང་ལྡན་པ་ཀུན་རྫོབ་པ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་སྦྱངས་པས། ཡི་དམ་གྱི་ལྷའི་གཟུགས་ཀྱི་སེམས་དང་། བསམ་གཏན་གྱི་དམ་ཚིག་གི་སེམས་ཀྱང་གཅིག་པ་ཉིད་དུ་ཟླ་བ་གཅིག་གིས་སྐལ་པ་དང་ལྡན་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །དེ་ལྟར་མཆོག་གི་དངོས་གྲུབ་ཐོབ་པའི་བུད་མེད་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་ཐམས་ཅད་ཡང་དག་པར་སྤངས་པ་ཡིན་པས་དེ་ལྟ་བུ་དང་ལྷན་ཅིག་ཏུ་སྤྱད་པར་བྱ་ཡིས། གཞན་གྱིས་ནི་འགྲུབ་པ་མ་ཡིན་ནོ། །ཡང་ན་ནུས་པས་དགུག་པ་ནི། ཡང་ན་ཞེས་པའི་ཚིག་རྐང་ལྔ་སྟེ། དེ་ལ་སྔ་མ་ལྟར་ལུས་སྟོན་པ་མ་བྱུང་ན་ཅི་ལྟར་བྱ་ཞེ་ན་ཡང་ན་བདག་གི་ནུས་པ་ཡིས་ལྷ་མ་ཡིན་དང་མི་རྣམས་དང་གནོད་སྦྱིན་དང་མིའམ་ཅི་ལས་ཀྱང་དེ་དག་གི་བུ་མོ་རྒྱུད་ལས་གསུངས་པའི་དགུག་པའི་སྦྱོར་བས་ཕྱག་རྒྱ་བཀུག་ལ་སྐལ་པ་དང་ལྡན་མི་ལྡན་རབ་ཏུ་བརྟག་སྟེ། ལྡན་པ་དེ་ཡང་ཁྱེར་ལ་སྤྱོད་པ་སྤྱད་པར་བྱའོ། །དེའི་དགོས་པ་ནི། བདག་གི་ཞེས་པའི་ཚིག་རྐང་ལྔ་སྟེ། དེ་ཡང་བདག་གི་དལ་བ་ཁོ་ན་མངོན་དུ་བྱེད་པའི་ཕྱིར་ལེའུ་དྲུག་པར་གང་བཤད་པའི་ཧེ་རུ་ཀ་འཇིགས་པའི་གཟུགས་ཅན་གྱི་སྤྱོད་པ་བདག་གི་ལོངས་སྤྱོད་ཀྱི་ཕྱིར་མ་གསུངས་སོ། །འོ་ན་གང་གི་ཕྱིར་ཞེ་ན་རང་ཡིད་སྡུག་གི་ཡུལ་ལ་བརྟན་མི་གཡོ་བ་རང་གི་སེམས་ཀྱིས་སོ་སོར་བརྟག་སྟེ་གཅིག་ཏུ་བྱ་བའི་ཕྱིར་རོ། །དེ་ལྟར་ཡང་གདོང་དུ་བབ་པ་འདི་ལྟར་སྣང་བ་ཀུན། །སེམས་ཀྱི་རྩ་བ་སྟོང་པ་ཉིད་དང་ལྷན་ཅིག་བྱོས། །ཞེས་ས་ར་ཧ་པས་གསུངས་སོ། །བདག་མེད་མའི་སྤྱོད་པ་ལ་གཉིས་ལས། ཞུས་པ་ནི། ཚིགས་སུ་བཅད་པ་གཅིག་སྟེ་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་གསོལ་བ། དེ་ལྟར་བརཏལ་ཤུགས་ཀྱི་སྤྱོད་པ་ལ་གྲོགས་ཕྱག་རྒྱ་དགོས་ན་ཡུམ་བདག་མེད་མའི་རྣལ་འབྱོར་དང་ལྡན་པས་ཕྱག་རྒྱ་ཡང་བདག་མེད་མ་ཉིད་ཀྱི་རྣམ་པར་ཅི་ལྟར་བརྗོད་དེ། ཐབས་ཤེས་རབ་གཉིས་མེད་པའི་ཕྱག་རྒྱ་དང་། རང་ཡང་ཤེས་རབ་བདག་མེད་མར་བསྒོམས་པའི་ཕྱག་རྒྱ་གཉིས་དག་གིས། ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་དངོས་གྲུབ་ཅི་ལྟར་འགྲུབ་པར་འགྱུར་ཏེ་མི་འགྱུར་རོ། །དེའི་ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ་ཞེས་པའི་ཚིགས་སུ་བཅད་པ་གསུམ་སྟེ། དེ་ཡང་བདག་མེད་མའི་རྣལ་འབྱོར་གྱི་གཟུགས་ཀྱིས་སྤྱོད་པ་བྱ་བ་ནི་མ་ཡིན་གྱིས། བུད་མེད་ཀྱི་གཟུགས་སྤངས་ནས་བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱ་སྟེ། ཅི་ལྟར་བསྒྱུར་ན་ནུ་མ་སྤངས་པ་བྷོ་ལར་འབྱུང་ཞིང་། ཀཀྐོ་ལ་ནི་ལྟེ་བའི་དབུས་སུ་གནས་ལ། འགྲམ་གཉིས་ནི་དྲིལ་བུ་དང་ཟེའུ་འབྲུ་བྷོ་ལ་ཅན་དུ་འགྱུར་ཏེ། ལུས་ཀྱི་དག་པ་གཞན་རྣམས་ནི་ཧེ་རུ་ཀའི་གཟུགས་ཉིད་ཡིན་པས་ཏིང་ངེ་འཛིན་གྱིས་འབད་པ་མེད་པར་སྐྱེས་བུར་བསྒྱུར་ཞིང་དེ་ལྟར་གསལ་བར་ནུས་པའི་ཕྱིར་རྣལ་འབྱོར་ཅན་གྱིས་ཕྱག་རྒྱའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེ་ལྟར་བརྟན་པར་བྱེད་པའི་སྤྱོད་པ་བཤད་ནས། དེའི་དངོས་གྲུབ་ཀྱིས་མཚན་ཉིད་ལ་གཉིས་ལས། མདོར་བསྟན་ནི། ཆགས་དང་ཞེས་པའི་ཚིག་རྐང་གཉིས་ཏེ། དེ་ལྟར་སྤྱོད་པ་གོམས་པ་ལས་ཆགས་པ་སྟེ་སྐྱེ་བ་དང་འཇིག་པ་འཆི་བ་བདག་གིས་ཀྱང་ཐབས་དང་ཤེས་རབ་ཀྱི་རང་བཞིན་རྟོགས་པ་དེ་ལ་གནོད་པར་མི་འགྱུར་རོ། །དེའི་རྒྱས་པར་བཤད་པ་ནི། གང་ཕྱིར་ཞེས་པའི་ཚིགས་བཅད་དྲུག་སྟེ། དེ་ཡང་གནོད་པ་མེད་པ་གང་གི་ཕྱིར་ཞེ་ན། ཐབས་སྐྱེ་བ་ནི་འབྱུང་བ་ཉིད་ཡིན་ལ། འཇིག་པ་ནི་ཤེས་རབ་ཀྱི་ཆ་སྲིད་པ་མཐར་བྱེད་པ་རྟོགས་པའི་རྣལ་འབྱོར་ཅན་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པའི་ཕྱིར་དེ་ནི་འཆི་བ་ལ་རབ་ཏུ་འཇིགས་པ་ཡོད་པ་མ་ཡིན་ལ། གཞན་གྱི་དོན་དུ་སྒྱུ་མ་ལྷར་སྐྱེ་བ་དེ་ཉིད་ལའང་ཆགས་པ་མེད་པར་འགྱུར་རོ། །མ་རྟོགས་པ་ལ་ལ་དག་འཇིགས་པ་སྟེ་འཆི་བས་འཇིགས་པར་འགྱུར་ཡང་འཇིག་པ་ཉིད་དངོས་པོ་མེད་པའི་ཕྱིར། འཕེལ་བ་དང་ཟད་པར་འགྱུར་བ་མེད་པས་སྐྱེ་འཆི་ནི་རྣམ་པ་རྟོག་པ་ཙམ་མོ། །འདི་ལྟར་རྟོགས་པར་གྱུར་པའི་རྣལ་འབྱོར་ཅན་ནི་སྤྱོད་པ་མཐར་ཕྱིན་པར་བྱ་བའི་ཕྱིར་ཤིན་དུ་སྤྲོས་པ་མེད་པའི་རྣལ་འབྱོར་ལ་འཇུག་པར་བྱའོ། །རིམ་པ་གཉིས་ཀྱི་རྣམ་གཞག་ལ་གསུམ། བསྒོམ་བྱ་རིམ་གཉིས་ངེས་པར་བྱ་བ་དང་། དབྱེར་མེད་དུ་བསྒོམ་པའི་འཐད་པ་དང་། དེས་གྲོལ་བའི་རྒྱུ་མཚན་ནོ། །དང་པོ་ལ་བཞི་ལས་བསྒོམ་པའི་གོ་རིམ་ནི། བསྐྱེད་པའི་ཞེས་པ་ཚིགས་བཅད་གཅིག་སྟེ། དེ་ལྟར་བརཏལ་ཤུགས་ཀྱི་སྤྱད་པ་སྤྱོད་པ་དེའི་རྗེས་སུ་དུར་ཁྲོད་ལ་སོགས་པ་གནས་དབེན་པར་ཞེན་པའི་དངོས་པོ་ཐམས་ཅད་བཏང་སྟེ། རྣལ་འབྱོར་པས་ལས་དང་པོ་པ་བཞིན་བསྐྱེད་པའི་རིམ་པ་ཡན་ལག་དྲུག་ལྡན་གྱི་རྣལ་འབྱོར་ལ་སྐྱེས་བུ་བརཏལ་ཤུགས་ཅན་གྱིས་སྤྲོས་ཏེ་བསྒོམ་པར་བྱའོ། །དེ་ལྟར་སྤྲོས་པ་དེ་ཡང་རྨི་ལམ་དང་འདྲ་བ་སེམས་ཀྱི་སྒྲོ་བཏགས་པར་རིག་པར་བྱས་ནས་སྤྲོས་པ་དེ་དག་སྤྲོས་པ་མེད་པའི་ཕྱག་རྒྱ་ཆེན་པོས་རྒྱས་གདབ་པར་བྱའོ། །དེ་ལྟར་བསྒོམས་ནས་དེ་བརྟན་པར་བྱེད་པ་ལ། བླ་མ་གོང་མ་རྣམས་ཀྱི་བཞེད་པས་དངོས་གྲུབ་མྱུར་བའི་དོན་དུ་ལྟ་ལ་དྲག་ཤུལ་སྦྱང་བའི་ཆོ་ག་བྱས་པས་མྱུར་དུ་འགྲུབ་བོ་ཞེས་བཞེད་དོ། །འདིར་ནི་དེ་ལྟར་བསྒོམས་པ་ལ་བརྟེན་ནས་ཟུང་འཇུག་གི་ལམ་མངོན་དུ་བྱེད་པའོ། །ཟུང་དུ་འཇུག་པ་བསྟན་པ་ནི། ཅི་ལྟར་ཞེས་པའི་ཚིགས་བཅད་གཅིག་སྟེ། ཅི་ལྟར་སྒྱུ་མའི་རྟ་གླང་དང་རྨི་ལམ་གྱི་ཡུལ་དང་། བར་མ་དོའི་སྲིད་པའི་གཟུགས་ལྟར་སྣང་ཡང་བདེན་པ་མེད་པའི་རང་བཞིན་དུ་རྣལ་འབྱོར་ཅན་གྱི་རྟག་ཏུ་གོམས་པའི་སྦྱོར་བ་ལས། དཀྱིལ་འཁོར་གྱི་འཁོར་ལོ་ཉིད་ཀྱང་དེ་བཞིན་དུ་གནས་པར་འདོད་དེ། འདིར་ནི་ངེས་པའི་དོན་དུ་དུ་བ་ལ་སོགས་པ་རྟགས་ཀྱི་རིམ་པ་ཟད་ནས་སྒྱུ་མ་ལྟ་བུའི་དཀྱིལ་འཁོར་རྣལ་འབྱོར་ཅན་གྱིས་མཐོང་སྟེ་ཐམས་ཅད་དེ་ཁོ་ན་དང་དབྱེར་མེད་པར་མངོན་དུ་གྱུར་པ་ཡང་དག་པའི་ལམ་དུ་སྤྱན་རས་གཟིགས་ཀྱིས་གསུངས་སོ། །དེ་གང་ལས་བྱུང་བའི་དབང་ནི། ཕྱག་རྒྱ་ཞེས་པའི་ཚིགས་བཅད་གཅིག་སྟེ། དེ་ལྟར་རྟོགས་པར་བྱེད་པའི་གཞི་ནི་དབང་གསུམ་པ་ལས་སྐྱེས་བའི་ལྷན་ཅིག་སྐྱེས་པའམ། ཡང་ན་བཞི་པ་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བའི་སྐབས་སུ་ཅི་ལྟར་ཤེས་ཤིང་མྱོང་བའི་ཞི་བ་ཆེན་པོ་དེ་མཚོན་པ་ལ་བརྟེན་པས་འདིར་རྟོགས་པ་ནི་དེའི་བྱིན་བརླབས་ཡིན་གྱིས། གཞན་ལས་ལྷན་ཅིག་སྐྱེས་པའི་དཀྱིལ་འཁོར་སྒྱུ་མ་ལྷར་སྐྱེས་པ་ནི་མེད་དོ། །ཡེ་ཤེས་དེ་ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པ་ནི། བདེ་བ་ནག་ཅེས་པའི་ཚིགས་བཅད་གཉིས་ཏེ། འདི་ཡང་བསྐྱེད་པའི་རིམ་པའི་དབང་དུ་ནི། དེ་བཞིན་གཤེགས་པ་རིགས་ལྔ་ཧེ་རུ་ཀ་དང་དྲུག་ཁ་དོག་གིས་མཚོན་ཏེ། བདེ་བ་ཆེན་པོའི་རྣམ་པ་ལས་ཤར་བར་བརྗོད་ལ་དོན་དམ་པར་ནི་ནང་དུ་བདེ་བ་ཆེན་པོ་བརྟན་པས་ནག་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་ལྗང་ཁུ་སྔོན་པོ་སྟེ་ཁ་དོག་དྲུག་དུ་སྣང་བ་དང་། རྒྱུ་བ་དང་མི་རྒྱུ་བ་དང་། ཐབས་དང་ཤེས་རབ་དང་ཀུན་ཏུ་རུ་དང་། དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་རང་བཞིན་སྟོང་པ་དང་སྙིང་རྗེ་རོ་ཅིག་པའི་རྣམ་པ་མངོན་དུ་འགྱུར་བར་བརྗོད་དོ། །དབྱེར་མེད་དུ་བསྒོམ་པའི་འཐད་པ་ལ་གཉིས་ཏེ། ཞུས་ལན་གྱིས་རང་གི་ངོ་བོ་རྟེན་དང་རྟེན་པ་ཡིན་པ་དང་། ཐོབ་བྱའི་འབྲས་བུའོ། །དང་པོ་རྡོ་རྗེ་སྙིང་པོས་གསོལ་པ། ཞེས་པའི་ཚིགས་སུ་བཅད་པ་གསུམ་སྟེ། བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ཀྱིས་ཐམས་ཅད་བདེ་བ་དང་སྟོང་པའི་རང་བཞིན་དབྱེར་མེད་པའི་རྟོགས་པའི་རིག་པའི་རྣལ་འབྱོར་འདི་ནི་སྤྲོས་པ་དང་བྲལ་བ། གནས་སྐབས་སུ་ཡང་ཕྱག་རྒྱ་ལས་སྐྱེས་པའི་བདེ་བ་ལ་སྟོང་པའི་རྒྱས་གདབ་པའི་བདེ་བ་ཆེན་པོར་བརྗོད་ན། དོན་རྫོགས་པ་དེ་ལ་བསྒོམ་པར་བྱ་རྒྱུ་མེད་པའི་ཕྱིར་བསྐྱེད་པའི་རིམ་པ་བསྒོམས་ནས་ཅི་ཞིག་འཚལ་ཞེས་ཞུས་སོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཨེ་མ་ནི་ངོ་མཚར་བའོ། །གཞན་གྱི་དོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་རྡོ་རྗེ་སྙིང་པོ་ལ་བོས་ནས། དེ་ལྟར་བརྗོད་པ་དེ་རྫོགས་རིམས་ལ་དད་པའི་ཤུགས་ཀྱིས་ཐབས་བསྐྱེད་རིམས་ཀྱི་ཆ་ལས་ཉམས་པ་སྟེ། འདི་ལྟར་ཐབས་དང་ཤེས་རབ་མེད་ན་མི་འགྲུབ་པས་གཞིའི་སྐབས་སུ་ལུས་ཀྱི་དངོས་པོ་མེད་ན་དེའི་རྟེན། སེམས་མེད་ལ་དེ་མེད་ན་བདེ་བ་མེད་པར་འགྱུར་རོ། །ལམ་གྱི་སྐབས་སུ་བསྐྱེད་རིམས་ལ་རྟེན་པ་ལུས་མེད་ན་དེ་སྤྲོས་བྲལ་དུ་རྫོགས་པའི་བདེ་བ་ཆེན་པོ་ཡང་མེད་པས། དེའི་ཕྱིར་ལུས་ཀྱི་དངོས་པོ་མེད་པའི་བདེ་བ་གང་ལས་བྱུང་སྟེ། ཁྱབ་བྱ་དང་ཁྱབ་བྱེད་ཀྱི་ཚུལ་གྱིས། ཁྱབ་བྱེད་བདེ་བས་ཁྱབ་བྱ་འགྲོ་བ་ཐམས་ཅད་ལ་ཁྱབ་པ་ཉིད་དེ། དཔེར་ན་ཤིང་གི་སྤྱིས་ཤུག་པ་ལ་སོགས་པའི་བྱེ་བྲག་ཐམས་ཅད་ལ་ཁྱབ་པ་བཞིན་ནོ། །ཡང་བཟློག་པའི་ཚུལ་དུ་ཡང་གསུམ་པ། མེ་ཏོག་ཐམས་ཅད་ལ་དྲི་ཡིས་ཁྱབ་ཀྱང་། ཅི་ལྟར་མེ་ཏོག་པད་མོ་ལ་གནས་པའི་དྲི་མེ་ཏོག་པད་མོའི་དངོས་པོ་དེ་མེད་ན་དྲི་འདི་ནི་པད་མོའི་དྲིའོ་ཞེས་ཤེས་པར་མི་འགྱུར་བ་དེ་བཞིན་དུ། ལྷའི་གཟུགས་ལ་སོགས་པའི་དངོས་པོ་མེད་པས་དེ་རྣམ་པར་དག་པའི་བདེ་བ་ཆེན་པོ་ཉིད་ཀྱང་དམིགས་པར་མི་འགྱུར་པའི་ཕྱིར་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་དབྱེར་མེད་པར་རིག་པར་བྱ་སྟེ་ཀུན་སྤྱོད་ལས། རྒྱུད་འདི་ཡིས་ནི་རྣལ་འབྱོར་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་གསུངས་སོ། །གཉིས་པ་ཐོབ་བྱའི་འབྲས་བུ་ལ་ལྔ་ལས། མདོར་བསྟན་པ་ནི། དངོས་དང་ཞེས་པའི་ཚིགས་བཅད་གཅིག་སྟེ། དེ་ལྟ་བུའི་བདེ་བ་ཆེན་པོ་དེ་ལྟ་བུ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ་སེམས་དྲི་མ་མེད་པ་ཉིད་དོ། །དེ་ནི་དངོས་པོ་སྟེ་ཆོས་ཀྱི་སྐུའི་རང་བཞིན་ནོ། །དངོས་པོ་དེ་མ་ཡིན་པ་ནི་བེམ་པོ་ལ་སོགས་པ་མ་ཡིན་པའོ། །དངོས་པོའི་དོན་དམ་རྟོགས་པར་གྱུར་པ་དེའི་ཕྱིར་སངས་རྒྱས་ཀྱང་དེའོ། །གང་ཞིག་ལེ་ལོས་བསྣུན་པ་ནི་ཡང་དག་པའི་བརྩོན་འགྲུས་མེད་པའམ། ཡང་ན་དབང་པོ་གཉིས་ཀྱི་བདེ་བ་ལ་ཞེན་པའི་རྨོངས་པ་གང་གིས་དེའི་དོན་མི་ཤེས་སོ་ཞེས་འགྲེལ་ཆེན་ལས་སོ། །དེའི་རྟེན་རྣམ་པར་དག་པ་ནི་རྡོ་རྗེ་བཙུན་མོ་ཞེས་པའི་ཚིགས་བཅད་གཅིག་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་དེ་རྟོགས་པར་བྱ་བའི་ཕྱིར་རྡོ་རྗེ་སྟོང་པ་བཙུན་མོའི་སྒྲས་ལེགས་པར་སྦྱངས་པའི་ཕྱག་རྒྱ་བཞི་ཡི་བྷ་ག་ནི་ཨེའི་རྣམ་པའི་ཆ་བྱད་གཟུགས་སྟེ་གླེང་གཞིའི་སྐབས་སུ་བཤད་པ་ལྟ་བུ་སྟོང་པ་ཆེན་པོ་ཡི་གེ་ལྔའོ། །སངས་རྒྱས་རིན་ཆེན་ཟ་མ་ཏོག་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་སངས་རྒྱས་ཐམས་ཅད་དེ་ལས་བྱུང་བའི་ཕྱིར། དེ་རྟོགས་པ་ལས་བདེ་བ་ཅན་དུ་རྟག་ཏུ་བཞུགས་པར་འགྱུར་ཏེ་རྣམ་པར་དག་པའི་དབྱིངས་ཉིད་དུ་ཆུད་པའི་ཕྱིར་རོ། །དེས་ན་ཉམས་སུ་ལེན་པ་ནི་དེའི་ཕྱག་རྒྱ་བཞི་ལས་རྟོགས་པར་བྱའོ། །རྟེན་པ་དོན་དམ་པའི་ཆོས་ཀྱི་སྐུའི་བདག་ཉིད་ནི། འཆད་པ་པོ་ང་ཞེས་པའི་ཚིགས་བཅད་གཉིས་ཏེ། དེ་ལྟར་བདེ་བ་ཅན་དུ་བཞུགས་པའི་ལྷན་ཅིག་སྐྱེས་པ་དེ་ཉིད་འཆད་པ་པོ་ང་སྟེ་སྟོན་པ་རྡོ་རྗེ་འཆང་དང་དོན་དམ་པའི་ཆོས་ཀྱང་ངའོ། །རང་ལས་ཤར་བའི་འཁོར་གྱི་ཚོགས་དང་ལྡན་པ་ཉན་པར་བྱེད་པའང་ངའོ། །འཇིག་རྟེན་ལ་ལམ་སྟོན་པ་དང་འབྲས་བུའི་བསྒྲུབ་བྱ་ཡང་ངའོ། །མ་རྟོགས་པའི་དུས་ན་འཇིག་རྟེན་དང་། རྟོགས་ན་འཇིག་རྟེན་ལས་འདས་པའང་ང་ཡིན་ནོ། །ད་དེ་རང་གང་ཞེ་ན་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་བདེ་སྟོང་དབྱེར་མེད་པའོ། །དེ་ཉིད་རྟོགས་པར་བྱ་བའི་དོན་དུ། མཆོག་དགའི་མ་མཐའ། དགའ་བྲལ་གྱི་དང་པོར་མཚོན་པའི་རྟོག་བྲལ་མ་འཁྲུལ་པ་སྐྱེས་པ་དེ་ལྟ་བུ་མཐར་ཕྱིན་པར་གྱུར་ན་མུན་པ་ལ་མར་མེ་བཏེག་པ་ལྟར་འགྱུར་བའི་ཕྱིར་ཚུལ་དེ་བཞིན་དུ་དཔེ་དོན་གྱི་ཡེ་ཤེས་ཁྱབ་བྱ་དང་ཁྱབ་བྱེད་ལ་ཡང་ཡིད་ཆེས་པར་གྱིས་ཅིག་ཅེས་སོ། །རྟེན་པ་ཀུན་རྫོབ་གཟུགས་སྐུ་བསྟན་པ་ནི། བཙུན་མོ་ཞེས་པའི་ཚིག་རྐང་དྲུག་སྟེ། བདེ་བ་ཆེན་པོ་རྟོགས་པའི་རྟེན་དབང་གི་སྐབས་སུ་བཙུན་མོ་སྔགས་སྐྱེས་མ་ལ་སོགས་པའི་བྷ་གའམ་རང་གི་ལུས་ལ་རྩ་གསུམ་འདུས་པའི་མདོའི་བྷ་ག་བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ལས་གཟུགས་ཀྱི་སྐུའི་སྟོན་པ་སུམ་ཅུ་རྩ་གཉིས་ཀྱི་མཚན་དང་ལྡན་པ་གཙོ་བོ་དཔེ་བྱད་བརྒྱད་ཅུས་སྤྲས་པའི་རྣམ་པར་འགྱུར་བ་དེ་གཞིའི་སྐབས་སུ་རྟེན་ཁུ་བ་ཞེས་བྱ་བའི་རྣམ་པར་གནས་སོ། །ཀུནྡ་ལྟ་བུ་དེ་མེད་པ་ན་དོན་དམ་བདེ་བའི་གཟུགས་ཅན་ཀྱང་མེད་པར་འགྱུར་བས་གཅིག་ཁོ་ན་ལ་ལྷན་སྐྱེས་སྐྱེ་བའི་ནུས་པ་མེད་པའི་ཕྱིར་ཕན་ཚུན་ལྟོས་པ་དང་བཅས་པ་ཡིན་ནོ། །འཇུག་བསྡུ་བ་ནི། ཚིག་རྐང་གསུམ་སྟེ། སྔར་གསུངས་པའི་བསྐྱེད་རིམས་སམ། བྱང་ཆུབ་སེམས་ཀྱི་ལྷའི་རྣལ་འབྱོར་ལས་སྐྱེས་པའི་བདེ་བ་ཡིན་པ་དེའི་ཕྱིར་དེ་སངས་རྒྱས་དངོས་པོ་ཡང་མ་ཡིན་ཏེ་བདེ་བ་ཆེན་པོའི་རྣམ་པ་ཡིན་པས་སོ། །དེ་ཉིད་དངོས་པོ་མེད་པའི་ཚུལ་ཡང་མ་ཡིན་ཏེ་རྣལ་འབྱོར་ཅན་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་རྣམ་པ་འདི་རྟོགས་པར་བྱ་བའི་ཕྱིར་ཐབས་གཞན་ཡོད་པར་མ་གཟིགས་པས་ཀུན་རྫོབ་ཀྱི་གཟུགས་འདི་ཉིད་བསྔགས་པ་མཛད་དོ། །ཞེས་རྡོ་རྗེ་སྙིང་པོས་གསུངས་སོ། །དེས་གྲོལ་བའི་རྒྱུ་མཚན་ལ་གསུམ། དག་པ་གསུམ་གྱི་རང་བཞིན་དང་། ཐབས་ཁྱད་པར་ཅན་དང་། རིགས་དང་རིགས་བདག་གི་དབྱེ་བའོ། །དང་པོ་ནི། ཞལ་ཕྱག་ཞེས་པའི་ཚིག་རྐང་བཅུ་སྟེ། དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་བསྐྱེད་རྫོགས་དེ་ཡང་དབྱེར་མི་ཕྱེད་པའི་དོན་ནི་བསྐྱེད་རིམས་ཞལ་ཕྱག་རྣམ་པའི་གཟུགས་ཅན་ཕུང་པོ་ལ་སོགས་པ་སྦྱོང་བར་བྱེད་ལ་མཆོག་ཏུ་བདེ་བ་ཆེན་པོ་ནི་གཟུགས་སུ་གྲུབ་པ་མེད་པས་ན། ཅི་ལྟར་བུམ་པ་དང་བུམ་པའི་ནམ་མཁའ་བཞིན་སྣང་བ་དེའི་ཕྱིར་འགྲོ་བ་ཀུན་གྱི་ལྷན་ཅིག་སྐྱེས་པའང་དེ་བཞིན་ནོ། །ཚུལ་དེ་ལ་ནི་རང་བཞིན་གྱི་ལྷན་ཅིག་སྐྱེས་པ་ཞེས་ཀྱང་བརྗོད་དེ་རྣམ་པར་དག་པ་འདི་ཡང་ལྷ་ལ་སོགས་པའི་རྣམ་པ་སྣང་བའི་སེམས་ཀྱིས་བརྟགས་ན་དེའི་རང་བཞིན་སྟོང་པ་མྱ་ངན་ལས་འདས་པ་ཉིད་ཡིན་ནོ། །འོ་ན་ལྷའི་རྣམ་པའི་གཟུགས་ཀྱི་བཞིན་ལག་དང་ཁ་དོག་ལ་སོགས་པར་གནས་པ་ནི་བསྒོམས་པས་ཅི་ཞིག་བྱ། རྣམ་པ་སྐྱེས་པ་ཙམ་ཉིད་ཀྱིས་དོན་དམ་པ་ཡང་རྣམ་པར་གནས་ཏེ། བུམ་པ་གྲུབ་པས་དེའི་ནམ་མཁའ་གྲུབ་པ་བཞིན་དུ། ལུས་དང་ལྷ་གྲུབ་པའི་ཚེ་ལྷན་ཅིག་སྐྱེས་པ་གྲུབ་པས་ཐབས་ཀྱི་རྩོལ་བ་དོན་མེད་པར་འགྱུར་རོ་ཞེ་ན། འོན་ཀྱང་བག་ཆགས་ཕལ་པ་སྦྱོང་བར་བྱེད་པའི་དོན་དུ་དེ་དང་དེའི་གཉེན་པོའི་ཆ་བསྟན་པར་བརྗོད་པའོ། །ཐབས་ཁྱད་པར་ཅན་བསྟན་པ་ལ་གཉིས་ལས། དང་པོ་དཔེ་བཞིས་ཐབས་དངོས་བསྟན་པ་ནི། ཚིགས་སུ་བཅད་པ། དྲུག་སྟེ། དེ་ཡང་བག་ཆགས་ཕལ་པ་ལ་སྦྱོང་བར་བྱེད་པ་ལ། ཐབས་ཀྱི་ཡན་ལག་ནི་བསམ་གྱིས་མི་ཁྱབ་མོད་ཀྱིས་མདོར་བསྡུས་ཏེ་གསུངས་པ། དཔེར་ན་བོང་ང་ལ་སོགས་པ་དུག་གི་དུམ་བུ་གང་ཟབ་པ་ཉིད་ཀྱིས་སྐྱེ་བོ་ཐམས་ཅད་འཆི་བར་འགྱུར་བ་ལ། དུག་གི་དེ་ཉིད་ཤེས་པ་དེས། དངུལ་ཆུ་ལ་སོགས་པའི་དུག་གིས་སྔར་གྱི་དུག་རབ་ཏུ་འབིགས་པར་བྱེད་ལ་སྨན་དུ་འགྱུར་བ་བཞིན། རྣམ་པར་རྟོག་པའི་དུག་ཀྱང་གཉེན་པོ་ཐབས་མཁས་པའི་རྟོགས་པས་འབིགས་པར་འགྱུར་རོ། །དེའི་དོན་འོད་སྲུངས་ཀྱིས་ཞུས་པ་ལས་ཀྱང་། འོད་སྲུངས་འདི་ལྟ་སྟེ། ཡེ་ཤེས་དང་ཐབས་མཁས་པས་ཟིན་པའི་ཉོན་མོངས་པའི་དུག་གིས་འཁོར་བར་འཆིང་མི་ནུས་སོ་ཞེས་གསུངས་སོ། །དཔེ་གཉིས་པ་ནི། ཅི་ལྟར་སྐྱ་རྦབ་ཀྱི་རླུང་གིས་ཟིན་པ་དེ་ལ་གྲང་རླུང་གི་རྒྱུ་མོན་སྲན་གྲེའུ་ཡི་ཟ་བ་བྱིན་པས་ཕན་པར་འགྱུར་ཏེ་འདི་ནི་བཟློག་པའི་སྨན་དུ་རྣམ་པར་བརྟགས་པས་དེ་ལྟར་རླུང་གིས་རླུང་ལ་བསྣུན་པར་བྱེད་པ་དང་། རྣམ་པར་རྟོག་པ་ལ་རྣམ་པར་རྟོགས་པས་སུན་འབྱིན་པ་དང་། སྲིད་པ་ལ་སྲིད་པ་ཉིད་ཀྱིས་རྣམ་པར་དག་པར་བྱེད་སྟེ་འདི་ནི་ཐབས་མཆོག་ཏུ་གྱུར་པ་ཡིན་ནོ། །དཔེ་གསུམ་པ་ནི། ཅི་ལྟར་རྣམ་བར་ཆུའི་ཐིགས་པ་ཞུགས་པས་ན་བ་ལ་ཆུ་གཞན་གྱིས་ནི་དགུག་པར་བྱ་བ་དེ་བཞིན་དུ། ཕུང་པོ་ལ་སོགས་པའི་དངོས་པོའི་རྣམ་རྟོག་ཀྱང་དེ་ཉིད་ལྷའི་རྣམ་པར་ངེས་པ་ཡིས་སྦྱངས་བྱའོ། །དཔེ་བཞི་པ་ནི། ཅི་ལྟར་མེ་ཡིས་ཚིགས་པ་ཡིན་ན་མྱུར་དུ་ཞི་བར་འདོད་པས་སླར་ཡང་མེ་ཡིས་གདུང་པར་བྱས་ན་མྱུར་དུ་ཞི་བ་དེ་བཞིན་དུ། འདོད་ཆགས་ཀྱི་མེ་ཡིས་རྒྱུད་ཚིག་པར་གྱུར་པ་ལ་དེ་བས་ཆེས་སྟོབས་ལྡན་དུ་གྱུར་པའི་འདོད་ཆགས་ཀྱི་མེ་ཡིས་གདུང་པར་བྱས་ན་དེ་ཉིད་རྣམ་པར་རྟོག་པ་སུན་ཕྱུང་སྟེ་ཞི་བར་འགྱུར་རོ། །མདོར་ན་སྐྱེ་བོ་རྣམས་ཀྱི་མི་བཟད་པའི་ལས་གང་གིས་འཆིང་བར་འགྱུར་བ་དེ་ལ་ཐབས་དང་བཅས་ན་དེ་ཉིད་ཀྱིས་སྲིད་པའི་འཆིང་བ་ལས་གྲོལ་བར་འགྱུར་ཏེ། ཆགས་པས་འཇིག་རྟེན་ཐམས་ཅད་འཆིང་བར་འགྱུར་བ་ཡིན་ཡང་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བར་འདོད་པའི་འདོད་ཆགས་ཉིད་ཀྱིས་རྣམ་པར་གྲོལ་བའི་སངས་རྒྱས་ཀྱང་ཐོབ་པར་འགྱུར་རོ། །གཞན་ཡང་འཕགས་པ་བུད་མེད་འགྱུར་བའི་མདོ་ལས། གདུག་པའི་སྦྲུལ་གྱིས་ཟིན་པ་ཡི། །དུག་ནི་དུག་གིས་ཞི་བགྱིད་ལྟར། །དེ་བཞིན་འདིས་ནི་བདག་ཅག་གི །འདོད་ཆགས་དུག་ནི་དུག་གིས་བཅོམ། །ཞེས་གསུངས་སོ། །དེ་ཉིད་ཐེག་པ་འོག་མས་མི་ཤེས་པ་ནི་ཚིག་གཉིས་ཏེ། འདི་ལྟ་བུའི་ཐེག་པ་ཆེན་པོའི་བཟློག་པའི་བསྒོམ་པ་འདི་ཉིད་ནི་སངས་རྒྱས་པའི་མུ་སྟེགས་ཅན་ཉན་ཐོས་ལ་སོགས་པ་ཡིས་ཀྱང་མི་ཤེས་ན་གཞན་གྱིས་ཤེས་པ་ལྟ་སྨོས་ཀྱང་ཅི་དགོས། རིགས་དང་རིགས་བདག་གི་དབྱེ་བ་ལ་ཡང་གསུམ་ལས། མདོར་བསྟན་པ་ནི། འབྱུང་བ་ཞེས་པའི་ཚིགས་བཅད་ཅིག་སྟེ། དེ་ལྟར་སྦྱོང་བྱེད་ཐབས་ཀྱི་རིམ་པ་ལ་སྦྱང་གཞི་རྣམ་པར་དབྱེ་བ་ཤེས་དགོས་པས། ཐོག་མར་ལུས་མངོན་པར་འགྲུབ་པའི་དུས་སུ་འབྱུང་བ་ལྔའི་རང་བཞིན་ལས་ཀུན་ཏུ་རུའི་གནས་སྐབས་ལྔ་རུ་གྱུར་ཏེ་དགའ་བ་ཆེན་པོ་ཅིག་ཉིད་ལས་གནས་སྐབས་ཀྱི་དབྱེ་བས་ལྔ་རུ་འགྲོ་བར་འགྱུར་རོ། །དེ་ཉིད་རྒྱས་པར་བཤད་པ། བྷོ་ལ་ཞེས་པའི་ཚིགས་སུ་བཅད་པ་ཕྱེད་དང་དྲུག་སྟེ། དེ་ཡང་གཞིའི་སྐབས་སུ་ཐབས་དང་ཤེས་རབ་ཀྱི་བྷོ་ལ་ཀ་ཀོ་ལ་སྦྱོར་བ་ལས། ཐོག་མར་རེག་པ་སྲ་བའི་བག་ཆགས་ནི་སྲ་བ་སའི་ཁམས་ཡིན་ལ་དེ་ཉིད་གཏི་མུག་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་གཏི་མུག་རྣམ་པར་དག་པ་རྣམ་པར་སྣང་མཛད་དུ་བརྗོད་དོ། །གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་གཤེར་བ་ནི་ཆུའི་ཁམས་སུ་བརྗོད་ལ། ཆུ་ཞེ་སྡང་དག་པ་མི་བསྐྱོད་པ་མེ་ལོང་ལྟ་བུའོ། །གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས་སྐྱེས་པའི་དྲོད་ནི་མེ་འདོད་ཆགས་དག་པ་འོད་དཔག་ཏུ་མེད་པ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཀ་ཀོ་ལར་རླུང་སེམས་རྒྱུ་བ་གཡོ་བ་རླུང་གི་ཁམས་ཕྲག་དོག་དག་པ་དོན་ཡོད་གྲུབ་པ་ཡིན་པས་བྱ་བ་གྲུབ་པའོ། །བདེ་བའི་འདོད་ཆགས་རྣམ་པར་དག་པ་ཁྲག་གི་རང་བཞིན་གྱི་དགའ་བ་ནམ་མཁའི་མཚན་ཉིད་སེར་སྣ་དག་པ་རིན་ཆེན་འབྱུང་ལྡན་དང་མཉམ་པ་ཉིད་ཀྱི་རང་བཞིན་ཏེ། དེ་ལྟར་སེམས་དང་བྱང་ཆུབ་ཀྱི་སེམས་ཆེན་པོ་གཅིག་ལས་གནས་སྐབས་ལྔའི་གཟུགས་ཀྱིས་རྣམ་པར་མཚོན་པས་ལུས་གནས་པ་ན་ཡང་དེ་ལྟར་གནས་ལ། འཆི་བ་ཡང་སྐུ་ལྔའི་བདག་ཉིད་ཅན་དུ་འཆི་བས་སྦྱོང་པར་བྱེད་པ་ལྷའི་ཁམས་ཀྱང་དེ་ལྟར་བསྟན་ལ་འབྲས་བུ་ཡང་གནས་སྐབས་དེ་ཉིད་ཀྱི་དག་པ་ཡིན་ནོ། །རིགས་ཀྱི་དབྱེ་བ་ནི། རིགས་ནི་ཞེས་པའི་ཚིགས་སུ་བཅད་པ་ཕྱེད་དང་བཞི་སྟེ། དེ་ལྟར་རྩ་བའི་རིགས་ལྔ་པོ་དེ་ཉིད་ལས་རིགས་ཀྱི་དབྱེ་བ་སྟོང་ཕྲག་དུ་མ་སྐྱེས་པ་ཉིད་དེ། དེའི་ཕྱིར་འདི་དག་རང་བཞིན་གཅིག་པ་ཉིད་དོ། །གཅིག་པ་དེ་ནི་བདེ་བ་ཆེན་པོ་ཞེས་བྱ་བ་མཆོག་དུ་ཕན་པར་བྱེད་པའི་བདག་ཉིད་ཡིན་མོད་ཀྱི། འདིར་སྒྲིབ་པ་དང་འབྲེལ་བའི་ཆ་ནས་འདོད་ཆགས་ལ་སོགས་པའི་སེམས་ལྔ་ཡིས་དབྱེ་བས་ནི་ལྔ་རུ་འགྲོ་བར་འགྱུར་རོ། །དེ་ལས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་འགྱུར་མོད་ཀྱི། འདིར་རེ་ཤིག་དབྱེ་བ་མཛད་པ། སེམས་ཀྱི་རྒྱལ་པོ་རིགས་ཅིག་ལས་བྱུང་བའི་དེ་བཞིན་གཤེགས་པའི་རིགས་ལྔའོ། །རིགས་དུ་མ་ནི་ཉི་ཤུ་རྩ་ལྔའོ། །དེ་རྣམས་ཀྱི་རིགས་ལས་རིགས་རྣམས་བརྒྱ་ནི་དྲི་མ་མེད་པ་ལས། རྩ་བའི་རིགས་ལྔའི་རེ་རེ་ལ་ལྔ་ལྔར་ཕྱེ་བས་ཉི་ཤུ་རྩ་ལྔའོ། །བདེ་བ་ཆེན་པོ་དང་དྲུག་དྲུག་ཏུ་ཕྱེ་བས་སུམ་ཅུ་སོ་དྲུག་གོ་གོང་མ་ལ་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ལྔ་བཅུའོ། །དེ་ལས་ལུས་དང་བསམ་པའི་དབང་གིས་རིགས་བརྒྱའོ་ཞེས་གསུངས་སོ། །དེ་ལྟར་བརྒྱ་ལས་འབུམ་དང་བྱེ་བ་དང་གྲངས་མེད་པར་ཡང་འགྱུར་ཏེ་ཐམས་ཅད་ཀྱང་མཆོག་ཏུ་དགའ་བའི་རིགས་ལས་བྱུང་བའོ། །ལེའུ་ཡི་མཚན་ནི། ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དྲ་བའི་སྡོམ་པ་ལས་བསྐྱེད་རྫོགས་ཀྱི་དངོས་གྲུབ་གཏན་ལ་དབབ་པའི་ལེའུ་སྟེ་རིམ་པར་ཕྱེ་བའི་གཉིས་པའོ།། །།རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་ལེའུ་འདི་ཡང་བརྟག་པ་དང་པོའི་ཐེ་ཚོམ་གྱི་གནས་ལྔ་ལ་ངེས་པ་སྟེར་བའོ། །འདི་ལ་གསུམ་སྟེ། མཚམས་སྦྱར་བ་དང་། གཞུང་རྒྱས་པར་བཤད་པ། ལེའུ་ཡི་མཚན་ནོ། །དང་པོ་ནི་ལེའུ་གཉིས་པ་བསྟན་པ་དེ་མ་ཐག་པ་ནས། རྡོ་རྗེ་ཅན་གྱིས་བདག་མེད་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་ལ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བའི་ཐབས་བཀའ་སྩལ་བའོ། །གཞུང་ལ་མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ་ནི་སྡོམ་པ་ཞེས་པའི་ཚིགས་བཅད་གཅིག་སྟེ། རྣལ་འབྱོར་ཅན་གྱི་ལུས་གྱི་སྡོམ་པ་དང་། སེམས་ཀྱི་སྡོམ་པའི་དབྱེ་བ་དང་། དེ་བཞིན་དུ་དབང་བཞིའི་དབྱེ་བ་དང་། དེ་བཞིན་དུ་དགོངས་པའི་ཀད་དང་། དགའ་བ་བཞི་དང་། སྐད་ཅིག་མ་བཞིའི་དབྱེ་བ་དང་། གཞན་ཡང་བཟའ་བའི་དམ་ཚིག་ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པ་རྣམས་གསུང་པར་བཞེད་པའོ། །རྒྱས་བཤད་ལའང་ལྔ། ཨེ་བྂ་གི་སྡོམ་པ་དང་། དགའ་བ་དང་སྐད་ཅིག་གི་དབྱེ་བ་དང་། དབང་དང་། མཐར་ཕྱིན་པས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང་། དེ་དུས་ཀྱི་བརྡའོ། །དང་པོ་ལ་གཉིས་ལས། མདོར་བསྟན་ནི། དེ་ལ་ཞེས་པའི་ཚིག་རྐང་ལྔ་སྟེ། དེ་ལ་ཐོག་མར་ཨེ་བྂ་གི་སྡོམ་པ་བཀའ་སྩལ་པ། དེ་ལ་ཡང་ལུས་དང་མཆོག་གི་སྡོམ་པ་གཉིས་ལས། འདིར་མཆོག་གི་སྡོམ་པ་རྣམ་སྣང་ལ་སོགས་པ་རིགས་ལྔའམ། དུས་གསུམ་གྱི་སངས་རྒྱས་ཀུན་གྱི་སྡོམ་པ་ནི་ཨེ་བྂ་གི་རྣམ་པར་རབ་ཏུ་གནས་པ་བདེ་བ་དང་སྟོང་པའམ་ཐབས་དང་ཤེས་རབ་སྟེ་དེ་ལྟ་བུའི་ཨེ་བྂ་གི་རྣམ་པ་རྟོགས་པའི་བདེ་བ་ཆེན་པོ་དབང་ལས་ཡང་དག་པར་ཤེས་པར་འགྱུར་རོ། །རྒྱས་པར་བཤད་པ་ལ། ཞུས་ལན་གཉིས་ལས། ཞུས་པ་ནི། དེ་ནས་ཞེས་པ་ནས་བཤད་དུ་གསོལ་ཞེས་པའི་བར་ཏེ། དེ་ནས་རྣལ་འབྱོར་མ་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་འཆང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞེས་བོས་ནས། གདུལ་བྱ་ལ་ཕྱིན་ཅི་མ་ལོག་པའི་ལམ་སྟོན་པ་དེ་ཉིད་བཀུར་བར་འོས་པས་ན་འགྲོ་བའི་བླ་མ་མཁའ་འགྲོ་མའི་སྡོམ་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འདུས་སམ་མ་འདུས། སྡོམ་པའི་རྟེན་ཨེ་བམ་དུ་འདུས་སམ་མ་འདུས་རིམ་པའི་ཇི་ལྟ་བར་བཤད་དུ་གསོལ་ཞེས་སོ། །ལན་ནི་བཅོམ་ལྡན་འདས་ལ་སོགས་པའི་ཚིག་རྐང་ལྔ་སྟེ། མཁའ་འགྲོ་མ་རྣམས་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེའི་ཆ་བྱད་བཟང་པོ་གང་། དབུས་སུ་བྂ་གིས་རྣམ་པར་བརྒྱན་པ་ནི་འབུམ་ལྔ་ལས། །ཨེ་བྂ་ཞེས་པ་ཕ་དང་མ། ཨེ་བྂ་ཉི་ཟླ་ལྟ་བུར་བསྟན། །ཨེ་བྂ་ཁྲག་དང་ཁུ་བ་དངོས། །ཨེ་བྂ་གཡས་དང་གཡོན་པ་ཡིན། །ཨེ་བྂ་ལིང་ག་སྐྱེ་གནས་བརྗོད། ཨེ་བྂ་ཐབས་དང་ཤེས་རབ་སྟེ། །ཨེ་བྂ་བདེ་སྡུག་ཀུན་གྱི་གཞི། །ཨེ་ནི་ལྟེ་བ་སྤྱི་བོ་བྂ། །ཞེས་གསུངས་པས། བདེ་བ་ཐམས་ཅད་ཀྱི་གནས་གཞི་ལམ་འབྲས་བུ་ཐམས་ཅད་སངས་རྒྱས་ཀྱི་རིན་ཆེན་ཟ་མ་ཏོག་གོ །དགའ་བ་དང་སྐད་ཅིག་གི་དབྱེ་བ་ལ་གསུམ་ལས། མདོར་བསྟན་ནི། སྐད་ཅིག་ཞེས་པའི་ཚིགས་བཅད་གཅིག་སྟེ། དེ་ལྟར་ཨེ་བྂ་ལ་རྟེན་པའི་དགའ་བའི་ཉམས་མྱོང་སྐྱེ་བའི་རིམ་པ་ནི་སྐད་ཅིག་མ་བཞིའི་དབྱེ་བས་ཕྱེ་བའི་དགའ་བ་ཉིད་ཀྱང་ཨེ་བྂ་དེ་ལས་སྐྱེ་བར་འགྱུར་རོ། །དེས་ན་སྐད་ཅིག་གི་དབྱེ་བ་ཤེས་ན་བདེ་བའི་གོ་རིམ་ཤེས་པར་འགྱུར་བས་ཨེ་བྂ་གི་རྣམ་པ་ལ་བརྟེན་པའི་ཚུལ་དུ་རབ་ཏུ་གནས་པའོ། །རྒྱས་པར་བཤད་པ་ནི། སྣ་ཚོགས་ལ་སོགས་པའི་ཚིགས་བཅད་གཅིག་སྟེ་གོང་གི་སྐད་ཅིག་གི་དབྱེ་བ་དེ་གང་ཞེ་ན། རྣམ་པ་སྣ་ཚོགས་དང་། རྣམ་པར་སྨིན་པ་དང་རྣམ་པར་ཉེད་པ་དང་། དེ་བཞིན་དུ་མཚན་ཉིད་ཐམས་ཅད་དང་བྲལ་བའི་སྐད་ཅིག་མ་བཞིའི་དབྱེ་བ་རབ་ཏུ་ཤེས་པས་གོ་རིམ་དེ་ལྟར་རྣལ་འབྱོར་པས་ཤེས་པར་འགྱུར་རོ། །ཤིན་ཏུ་རྒྱས་བཤད་ནི་འཁྱུད་དང་ཞེས་པའི་ཚིགས་བཅད་གསུམ་མོ། །གོང་གི་སྣ་ཚོགས་ལ་སོགས་པ་རང་གང་ཞེ་ན། འཁྱུད་དང་འོ་བྱེད་པ་ལ་སོགས་པའི་བྱ་བ་རྣམ་པ་སྣ་ཚོགས་པ་ཡོད་པས་ན་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མའོ། །རྣམ་པར་སྨིན་པ་དེ་བས་བཟློག་ཅེས་པ་ནི་མི་འདྲ་བར་སྨིན་པ་སྟེ། སྔར་བྱ་བ་མང་བ་ལས་ཉུང་པའམ་བདེ་བ་ཆུང་བ་ལས་ཆེ་བར་སྨིན་པའོ། །དེའི་བདེ་བའི་ཡེ་ཤེས་ཟ་བ་ནི། བྷུན་ཛེ་བ་ལོངས་སྤྱད་པ་སྟེ། བདེ་བའི་རྒྱུན་ཡོད་པ་ལས་བདག་གི་བདེ་བ་ཟོས་པ་སྟེ། བདེ་བར་འཛིན་པའི་རྣམ་རྟོག་ནི་ཟོས་ཏེ་འགགས་བདེ་བའི་རྒྱུན་ཅུང་ཟད་ཙམ་ཡོད་པའོ། །གྲོས་ནི་རྣམ་པར་ཉེད་པ་ཅེས་པ་ཨོ་ལོ་ཙེ་ཅེས་པ་སྟེ། དེ་ལྟར་སྔ་མའི་དོན་ལ་འཇལ་རྟོག་དཔྱོད་པའོ། །དེའི་དབུས་ན་རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་དང་བྲལ་བ་གསུམ་ལས་གཞན་པའོ། །འདི་ལ་རྣམ་པར་རྟོག་པ་མེད་ཀྱང་གོང་གི་ཟླས་དྲངས་ནས་སྐད་ཅིག་མར་བཞག་པའོ། །དེ་ཉིད་ཁོ་ན་ཆགས་པ་ནི་བདེ་བ་ཆེ་བ་དང་དེ་ལ་ཞེན་པའོ། །ཆགས་བྲལ་ནི་སྔ་མའི་དོན་ལ་འཇལ་རྟོག་དཔྱོད་པ་རྣམ་པར་སྤངས་པའོ། །སྐད་ཅིག་མ་བཞི་དགའ་བ་བཞིས་ཇི་ལྟར་དབྱེ་ན། རྣམ་པ་སྣ་ཚོགས་ཀྱི་སྐད་ཅིག་མའི་དུས་སུ་དང་པོ་དགའ་བའི་ཉམས་མྱོང་སྟེ་རྣམ་པ་སྣ་ཚོགས་ཀྱི་སྐད་ཅིག་མའི་དུས་སུ་ཁ་ནང་བལྟས་རྟོག་བྲལ་མ་འཁྲུལ་བའི་ཤེས་པར་ཉམས་སུ་མྱོང་བའོ། །དེ་བཞིན་དུ་རྣམ་སྨིན་ནི་མཆོག་དགའ་རྣམ་ཉེད་ནི་དགའ་བྲལ་མཚན་ཉིད་དང་བྲལ་བ་ནི་ལྷན་ཅིག་སྐྱེས་དགའ་སྟེ་སྔ་མ་དང་གོ་རིམ་མི་མཐུན་པ་ནི་བླ་མའི་མན་ངག་དང་མི་ལྡན་པ་རྣམས་ཀྱིས་རང་དགར་འཇུག་པ་སྤང་པའི་དོན་དུའོ། །འདི་རྣམས་ནི་རྡོ་རྗེའི་རིགས་ཀྱི་ལེའུ་ཡི་སྐད་ཅིག་མ་ལ་སོགས་པའི་རྒྱས་པར་བཤད་པའོ། །དབང་ལ་ལྔ་སྟེ། ཐོག་མར་དབང་གི་དབྱེ་བ་ནི། ཚིག་གཉིས་ཏེ། སློབ་དཔོན་ནི་བུམ་པའི་དབང་སྟེ། ཆོས་ཐམས་ཅད་ཕྱི་རོལ་དོན་གྱི་རྟོགས་པ་བཅད་ནས་སེམས་ཀྱི་ལུས་སུ་ངོ་སྤྲོད་པའོ། །སྐད་ཅིག་མ་བཞི་ལས་རྣམ་པ་སྣ་ཚོགས་ཀྱི་སྐད་ཅིག་མའོ། །དགའ་བ་བཞི་ལས་དགའ་བའོ། །རྒྱུད་བཞི་དག་པ་ལས་རྒོད་པ་ལས་བྱུང་བའོ། །རྣམ་སྣང་གི་རྒྱས་གདབ། དེ་བཞིན་གཤེགས་པའི་དབུགས་དབྱུང་ངོ་། །བུམ་པ་ནི་ཐམས་ཅད་ལ་བུམ་པའི་བྱ་བ་འཇུག་པས་སམ་ཐོག་མར་བྱས་པས་སོ། །ཅིས་དབང་ན་ཨ་བྷི་ཥིཉྩྨ་ཅེས་པ་ལུས་ཀྱི་དྲི་མ་འཁྲུད་པས་སོ། །ཨ་བྷི་ཥེཀ་ཅེས་པ་བསྐྱེད་རིམས་བསྒོམ་པའི་སྐལ་བ་ཅན་དུ་བྱེད་པས་སོ། །འདིས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བས་རྡོ་རྗེ་སློབ་དཔོན་ནི། འདིས་བྱང་ཆུབ་སེམས་དཔའི་ས་ལ་འཇོག་པའོ། །སྐུ་གསུམ་ལས་སྐུ་རྡོ་རྗེ་ཐོབ་པར་བྱེད་པའོ། །གསང་དབང་ནི་བྱང་ཆུབ་ཀྱི་སེམས་དཀར་དམར་གྱིས་རྟོག་པ་བཅད་ནས་རང་རིག་ཏུ་ངོ་སྤྲོད་པའོ། །རྣམ་པར་སྨིན་པ་དང་། མཆོག་དགའ་དང་། བལྟས་པ་ལས་བྱུང་བ་དང་། མི་བསྐྱོད་པའི་རྒྱས་གདབ་དང་། མི་བསྐྱོད་པའི་དབུགས་དབྱུང་ངོ་། །རྒྱུད་སྡེ་འོག་མ་ཡོ་ག་མན་ཆད་ལ་གསང་བས་ན་གསང་བའོ། །དབང་འདིས་ནི་ངག་གི་དྲི་མ་འཁྲུད་པ་དང་། རང་བྱིན་གྱིས་བརླབ་པ་བསྒོམ་པའི་སྐལ་བ་ཅན་དུ་བྱེད་པའོ། །འདིས་སངས་རྒྱས་ཀྱི་སའི་ནུས་པ་འཇོག་པའོ། །སྐུ་གསུམ་ལས་གསུང་རྡོ་རྗེ་ཐོབ་པར་བྱེད་པའོ། །ཤེས་རབ་ཡེ་ཤེས་ནི་སྡུག་བསྔལ་དང་བཏང་སྙོམས་ཀྱི་རྟོག་པ་བཅད་ནས་བདེ་བ། བདེ་བ་དེ་ཡང་དངོས་པོ་ལ་མངོན་པར་ཞེན་པའི་རྟོག་པ་བཅད་ནས་སྤྲོས་བྲལ་དུ་རྟོགས་མཚན་ཉིད་དང་བྲལ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་དང་། གཉིས་སྤྲོད་ལས་བྱུང་བ་དང་། རྡོ་རྗེ་སེམས་དཔའི་རྒྱས་གདབ། རྡོ་རྗེ་འཆང་གི་དབུགས་དབྱུང་ངོ་། །ཤེས་རབ་ཡེ་ཤེས་ནི་སྔར་བཞིན་ནོ། །དབང་ནི་ཡིད་ཀྱི་དྲི་མ་འཁྲུད་པ་དང་། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་བསྒོམ་པའི་སྐལ་བ་ཅན་དུ་བྱེད་དོ། །འདིས་རྡོ་རྗེ་འཆང་གི་སའི་ནུས་པ་འཇོག སྐུ་གསུམ་ལས་ཐུགས་རྡོ་རྗེ་ཐོབ་པར་བྱེད་པའོ། །བཞི་པ་དེ་ཡང་ཅེས་པ་ནི་གོང་མ་ལ་ངེས་པ་བསྐྱེད་པའི་ཐབས་བཞི་པ་ཚིག་དབང་རིན་པོ་ཆེ་སྟེ། དེ་བཞིན་ཞེས་པ་ནི་སྔར་མྱོང་བ་དེ་བཞིན་དུ་ཡིད་ཆེས་པར་བྱེད་པ་སྟེ་འདི་ཡང་རྣམ་ཉེད་དང་དགའ་བྲལ་ལོ། །གཉིས་པ་རྣམ་དག་ནི། དབང་ནི་ཞེས་པའི་ཚིག་རྐང་དྲུག་སྟེ། དབང་བཞིའི་གྲངས་ཀྱིས་དགའ་བ་ལ་སོགས་པའི་རིམ་པ་ཤེས་པར་བྱ་སྟེ་རྒྱུད་བཞི་ཡང་དག་གོ །དེ་ཡང་རྒོད་པ་དག་པ་ནི་འཕྲུལ་དགའི་འདོད་ཆགས་དང་མཐུན་པར་བསྒོམ་པ་ཀྲི་ཡ་སྟེ་བུམ་དབང་ངོ་། །གཞན་འཕྲུལ་དབང་བྱེད་ཀྱི་བལྟས་པ་ལས་བྱུང་བའི་འདོད་ཆགས་མཆོག་དགའ་དག་པ་སྤྱོད་པའི་རྒྱུད་གསང་དབང་ངོ་། །དགའ་ལྡན་གྱི་ལྷའི་ལག་བཅངས་ལས་བྱུང་བའི་འདོད་ཆགས་དགའ་བྲལ་དག་པ་རྣལ་འབྱོར་གྱི་རྒྱུད་ཚིག་དབང་ངོ་། །སུམ་ཅུ་རྩ་གསུམ་མན་ཆད་ཀྱིས་འཁྱུད་པ་ལས་བྱུང་བའི་འདོད་ཆགས་དག་པ་ལྷན་ཅིག་སྐྱེས་པའི་དགའ་བ་བླ་ན་མེད་པའི་རྒྱུད་ཤེས་རབ་ཡེ་ཤེས་སོ། །གསུམ་པ་དགོས་པ་ནི། ཚིག་གཉིས་ཏེ། སེམས་ཅན་རྣམས་ཀྱིས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དངོས་གྲུབ་འགྲུབ་པར་བྱ་བའི་ཕྱིར་དེ་ལྟར་དབང་རྣམ་པ་བཞི་རུ་བཤད་པའོ། །བཞི་པ་ངེས་ཚིག་ནི་ཚིག་གཉིས་ཏེ། གཏོར་དང་ཞེས་པ་ཨ་བྷི་ཥིན་ཙས་དྲི་མ་འཁྲུད་པ་དང་། བླུག་པ་ཞེས་བྱ་བ་སྐལ་པ་འཇོགས་པའི་རིམ་པས་དེས་ན་དབང་ཞེས་བརྗོད་པར་བྱའོ། །ལྔ་པ་དབང་བསྐུར་བའི་ཐབས་ལ་བཞི། བུམ་དབང་གསང་དབང་ཤེས་རབ་ཡེ་ཤེས་བཞི་པའོ། །དང་པོ་ནི་ཤེས་རབ་ཞེས་པའི་ཚིགས་བཅད་གཅིག་སྟེ། དེ་ཡང་ཤེས་རབ་ནི་བརྡར་བྱུང་བ། བཅུ་དྲུག་ལོན་པ་ནི་སྟོང་ཉིད་བཅུ་དྲུག་མཚོན་པའོ། །ལག་པས་འཁྱུད་པ་ནི་སྣང་བས་སྟོང་པ་མ་སྤངས་པ་སྟོང་པས་སྣང་བ་མ་སྤངས་པའི་བརྡའོ། །རྡོ་རྗེ་དང་དྲིལ་བུ་ནི་ཐབས་ཤེས་རབ་གཉིས་ཀྱི་རྡོ་རྗེ་དང་པད་མའོ། །མཉམ་པར་སྦྱོར་བ་ནི་བསྲུབ་པ་དང་བསྲུབ་པའི་སྦྱོར་བ་སྟེ་གཉིས་སུ་མེད་པར་སྙོམས་པར་འཇུག་པའོ། །འདིར་ནི་རིག་པའི་དབང་ལྔའི། དུས་སུ་རིག་མ་སངས་རྒྱས་སྤྱན་ལ་སོགས་པ་ལྔ་དང་སྦྱར་ཏེ་དབང་བསྐུར་བ་བཤད་པ་ཡིན་གསུང་། དེ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་དུ་རབ་ཏུ་བརྗོད་དོ། །འདིར་ཆོས་ཐམས་ཅད་ཕྱི་རོལ་དོན་གྱི་རྟོག་པ་བཅད་ནས་སེམས་ཀྱི་ལུས་སུ་རྟོག་པ་བསྐྱེད་པའོ། །གསང་དབང་ནི། ཤིན་ཏུ་བཞིན་བཟང་ཞེས་པའི་ཚིག་རྐང་དྲུག་སྟེ། སྔགས་སྐྱེས་མ་ལ་སོགས་པ་ཤིན་དུ་བཞིན་བཟང་མིག་ཡངས་པའམ། ཡིད་སྐྱེས་ལ་སོགས་པའི་བྱིན་གྱིས་བརླབས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཐེ་བོང་དང་སྲིན་ལག་དག་གིས་ནི། སློབ་མའི་ཁར་ནི་ལྟུང་བར་བྱ་སྟེ་དེ་ཉིད་དུ་མཉམ་པ་ཉིད་ཀྱི་རོ་རྟོགས་པ་ནི་སློབ་མའི་སྤྱོད་ཡུལ་དུ་བྱའོ། །ཤེས་རབ་ཡེ་ཤེས་ལ་བཞི་ལས། དབང་བསྐུར་བ་དངོས་དང་། སློབ་མའི་བྱ་བ་དང་། གསོལ་བ་གདབ་པ་དང་། མཆོད་པའོ། །དང་པོ་ནི། སྟོན་པ་ཞེས་པའི་ཚིགས་བཅད་གཉིས་ཏེ། སྟོན་པ་རྡོ་རྗེ་འཛིན་པས་ཤེས་རབ་སྔགས་སྐྱེས་མ་ལ་སོགས་པ་རབ་ཏུ་མཆོད་ཅེས་པ་ནི། ཕྱི་དང་གསང་བ་དང་དེ་ཁོ་ནས་མཆོད་ལ་ཚིགས་སུ་བཅད་པ་བརྗོད་ལ་གཏད་པར་བྱ། ཇི་སྐད་བརྗོད་ན་ཚིགས་སུ་བཅད་པ་གཉིས་པ་འོག་ནས་འབྱུང་བའི་འདི་དེའི་དོན་ཡིན་གསུང་། སྟོན་པས་སྨྲས་པ་སེམས་དཔའ་ཆེན་པོ། སྔགས་སྐྱེས་མ་ལ་སོགས་པའི་ཕྱག་རྒྱ་བདེ་བ་དང་ལྡན་པ་ཁྱེར་ཞེས་བརྗོད་ལ་གཏད་དོ། །སློབ་མ་ཇི་ལྟ་བུ་ལ་ཞེ་ན། ཕྲག་དོག་དང་ཁྲོ་བ་ལ་སོགས་པ་རྣམ་པར་འདིར་མ་དཔེ་ལས་ལྡེབ་དྲུག་མ་ཚང་པས་ཀརྨ་ཕྲིན་ལས་ཞབས་ཀྱིས་བརྟག་གཉིས་འགྲེལ་པ་རང་བྱུང་དགོངས་རྒྱན་ནས་ཁ་གསབ་བྱས་ཡོད་པས་རྗེས་མར་མ་དཔེ་དངོས་སུ་རྙེད་ན་འཛུད་གནང་ཞུ། སྤངས་པ། དད་པ་དང་སྙིང་རྗེས་ཀུན་ནས་བསླངས་པ་དང་ལྡན་པའི་སློབ་མ་ཆེན་པོར་གྱུར་པར་ཤེས་ནས་ནི། ཆོས་སྟོན་པ་པོས་སློབ་མ་དེ་ལ་མན་ངག་གི་སྣང་བ་སྦྱིན་ནོ། །ཇི་སྐད་དུ་སྦྱིན་ན། ཀུན་ཏུ་རུ་གྱིས་ཀྱཻ་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། བུམ་དབང་གི་དུས་སུ་རྡོ་རྗེ་འཛིན་པར་དབང་བསྐུར་བས་སོ། །གཉིས་པ་ནི། ཇི་ལྟར་ནས་བྱ་ཞེས་གསུངས་ཏེ། སློབ་མ་དེས་བླ་མ་ལ་ཇི་ལྟར་དབང་བསྐུར་བར་གསོལ་བ་བཏབ་པའི་སློབ་མའི་བྱ་བ་ཡང་བཤད་པར་བྱ་སྟེ། བླ་མ་དང་ཕྱག་རྒྱར་ལྡན་པ་མཐོང་ནས་བསྟོད་པ་དང་། མཆོད་པ་འདི་ནས་འབྱུང་བ་ཇི་ལྟ་བ་བཞིན་དུ་བྱའོ། །གསུམ་པ་ནི། བཅོམ་ལྡན་འདས་སྐྱོབས་ཤེས་གསུ ང་ཏེ། ཀྱཻ་རྡོ་རྗེ་དང་དབྱེར་མེད་པས་བཅོམ་ལྡན་འདས། ནང་དུ་དབང་པོ་མཉམ་པར་བཞག་པས་ན་ཞི་བ་ཆེན་པོ་ཞེས་བསྟོད་པ་སྔོན་དུ་བཏང་སྟེ། ཀྱཻ་ཞེས་བོས་ནས་སྐྱེ་མེད་ཡེ་ཤེས་སྔོན་དུ་སོང་བས་ན་རྡོ་རྗེ་ཐབས་ཤེས་རབ་ཞི་ལྷག་ཟུང་དུ་འབྲེལ་བས་ན་རྣལ་འབྱོར། སེམས་རྩེ་ཅིག་ཏུ་མཉམ་པར་བཞག་པས་ན་གཅིག་བཞེད་པའོ། །ཕྱག་རྒྱ་ཆེན་པོའམ། ཡང་ན་ལྷན་ཅིག་སྐྱེས་པ་དང་སེམས་དབྱེར་མི་ཕྱེད་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཆོག་སྒྲུབ་པ་པོ། རྡོ་རྗེ་སྐྱེ་མེད་ཀྱི་ཡེ་ཤེས་རྟོགས་པའི་རྣལ་འབྱོར་ལ་རྟག་ཏུ་སྦྱོར་བ་ལས་ཡང་དག་པར་འབྱུང་བའི་ཏིང་ངེ་འཛིན་དང་ལྡན་པ་ཞེས་བསྟོད་པའོ། །གསོལ་བ་གདབ་པ་ནི། ཇི་ལྟར་ཁྱོད་ནི་སངས་རྒྱས་ཀྱི་ཡོན་ཏན་དང་ལྡན་པས་བདག་ཉིད་ཆེན་པོ་ཡིན་པ་བཞིན་དུ། གསང་སྔགས་ཀྱི་མངའ་བདག་ཡིན་པས་ན་མངའ་བདག་ཅེས་གསོལ་ནས། སློབ་མ་བདག་ལའང་ཁྱོད་དང་མཚུངས་པའི་ཡོན་ཏན་དང་ལྡན་པ་དེ་ལྟར་དུ་མཛོད་ཅིག །མ་བྱས་ན་ཅི་ཉེས་ཟེར་ན། འཁོར་བ་དེ་ཉིད་བརྒལ་དཀའ་བས་ན་འདི་ཡིན་ལ། འདམ་གྱི་ཚོགས་ཆེན་པོ་དེའི་ནང་དུ་བྱིང་བ་ལ་སྐྱབས་བྱེད་པ་མེད་པ་བདག་ཉིད་ལ་གཟིགས་པའི་ལམ་སྟོན་པ་མེད་པས་ན་སྐྱབས་མེད་བདག་ལ་སྐྱོབས་ཤིག ཅེས་པའོ། །བཞི་པ་ནི། ཞིམ་པའི་ནས་མཆོད་ཅེས་གསུངས་ཏེ། རོ་མཆོག་དང་ལྡན་པས་ཞིམ་པའི་བཟའ་བ་དང་། བཏུང་བ་དང་། བ་ལ་ནི་སྟོབས་ཏེ། དེའི་རྒྱུ་ཤ་ཆེན་པོ་མཆོག་དང་། མ་ད་ན་ནི་མྱོས་བྱེད་དེ་ཆང་བཟང་པོ་དང་། དྲི་བཟང་པོའི་བདུག་པ་དང་། རོ་བཅུད་ལྡན་པའི་ལྷ་བཤོས་དང་། རྒྱན་གྱི་ཕྲེང་བ་དང་། དྲིལ་བུ་སོགས་སིལ་སྙན་དང་། །ཆུ་སྲིན་གྱི་རྒྱལ་མཚན་དང་། དྲི་ཞིམ་པའི་བྱུག་པ་ཡིས་བསྐང་སྟེ། མཆོད་པའི་ཡོ་བྱད་འདི་རྣམས་ཀྱིས་ནི་སློབ་མ་དམ་པས་བླ་མ་རྡོ་རྗེ་འཛིན་པ་ལ་མཆོད་པར་བྱའོ། །འདིའི་ངེས་དོན་ནི། ནཱ་རོ་པས། དྲིལ་བུ་ནཱ་ད་ལ་དམིགས་ནས། མེ་ཏོག་བདུག་སྤོས་རྣམས་ཀྱིས་བརྒྱན། ཞེས་ལུང་དང་སྦྱོར་བར་མཛད་དོ། །དབང་བཞི་པ་བསྐུར་བའི་ཐབས་ལ་བཞི། བཞི་པ་དངོས། ཐབས་གང་གི་སྔོན་དུ་བྱ་བ། དེའི་དམ་ཚིག །སྦྱང་གཞིའོ། །དང་པོ་ལ་གཉིས། གསུམ་པ་བསྒོམ་པར་གདམས་པ་དང་། དེའི་ངོ་བོའོ། །དང་པོ་ནི། མཆོག་ཏུ་ནས་འཛིན་ཞེས་གསུངས་ཏེ། བཤད་པ་དེ་ལྟར་དབང་གསུམ་པ་ལ་བརྟེན་ནས་མཆོག་ཏུ་དགའ་བ་ནི་ཕུལ་དུ་བྱུང་བའི་ལྷན་ཅིག་སྐྱེས་པའི་དགའ་བ་ཡང་དག་པར་ཐོབ་པ་ནི་ཉམས་སུ་མྱོང་བའོ། །དུས་ནམ་ཐོབ་ན་རྣམ་པ་སྣ་ཚོགས་པ་དང་རྣམ་པར་སྨིན་པ་སྤངས་པའི་སྐད་ཅིག་མ་སྟེ་བསམ་གྱིས་མི་ཁྱབ་པའི་དུས་སུའོ། །དེའི་ཚེ་རྡོ་རྗེ་སློབ་དཔོན་གྱིས་ཇི་ལྟར་བརྗོད་ན། ཆོས་སྟོན་པ་པོས་སྨྲས་པ། སེམས་དཔའ་ཆེན་པོ་ཞེས་བོས་ནས། ཟག་པ་མེད་པའི་བདེ་བ་ཆེན་པོ་རྣམ་པར་ཟུང་ལ་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ནི་མ་ཡེངས་པར་བསྒོམས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་གྱིས་ཤིག །ཀྱཻ་རྡོ་རྗེ་འཛིན་པ་ཞེས་བརྗོད་པར་བྱའོ། །གཉིས་པ་ནི། སློབ་མ་ནས་འདོད་ཅེས་གསུངས་ཏེ། སློབ་མ་སྙིང་རྗེ་ཅན་ནི་སེམས་ཅན་ལའམ། ཡང་ན་ཀ་རུ་ཎ་ཞེས་པ། ཀ་སུ་ཀ་ན་བདེ་བ་དང་། རུ་རུ་ན་ཆགས་པ་སྟེ། བདེ་བ་ཆེན་པོའི་རོ་ལ་ཆགས་པར་མཐོང་ནས། ཆོས་སྟོན་པ་པོ་རྡོ་རྗེ་ཅན་གྱིས་འདི་སྐད་བརྗོད་དེ་སྨྲས་པ། དབང་གསུམ་པས་ཉམས་སུ་མྱོང་བ་འདི་ཉིད་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པས་ན་ཡེ་ཤེས་ཆེན་པོ་ཉིད་དོ། །ཡེ་ཤེས་དེ་ནི་འགྲོ་བ་ཐམས་ཅད་ཀྱི་ལུས་ལ་མེའི་ཚ་བ་བཞིན་དུ་རང་ཆས་སུ་རྣམ་པར་གནས་སོ། །དེའི་རང་བཞིན་ཅི་ཞེ་ན། གཉིས་སུ་གནང་བའི་དུས་ན་གཉིས་སུ་མེད་པའི་ཚུལ་དེ་ཉིད་བདེ་བ་དང་རིག་པར་སྣང་བའི་ཆ་ནས་དངོས་པོ་དང་། དེའི་མཚན་ཉིད་སྟོང་པར་རྟོགས་པས་ན་དངོས་མེད། དེ་ཉིད་དབྱེར་མེད་པས་ན་ཟུང་འཇུག་གི་བདག་ཉིད་དུ་གྱུར་པས་གཙོ་བོ་ཆེན་པོ། བརྟན་པ་གནོད་དང་གཡོ་བ་བཅུད་ཐམས་ཅད་ལ་ཁྱབ་ཅེས་པ། དེའི་རང་བཞིན་དུ་གནས་པའོ། །དེའི་རང་བཞིན་ཅི་ཞེ་ན། སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད་པ་ནི་གཞི་ལམ་འབྲས་གསུམ་ཐམས་ཅད་སྒྱུ་མའི་རང་བཞིན་དུ་ཉམས་སུ་མྱོང་ཞིང་དེར་རྟོགས་པའོ། །གཉིས་པ་ཐབས་གང་གིས་སྔོན་དུ་བྱ་བ་ལ་གསུམ། མདོར་བསྟན་པ། ཞུས་ལན་གྱིས་རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དཀྱིལ་འཁོར་ནས་འགྱུར་ཞེས་གསུངས་ཏེ། བཤད་པ་དེ་ལྟ་བུའི་དབང་གི་དོན་རྟོགས་པར་བྱེད་པ་ལ། བདག་བྱིན་བརླབས་དང་། དཀྱིལ་འཁོར་ཚོགས་སྒྲུབ་གཉིས་ལས། འདི་ནི་རིམ་གཉིས་ཀྱི་སྙིང་པོ་ལེན་པའི་དཀྱིལ་འཁོར་གཉིས་འཛིན་གཅོད་པའི་འཁོར་ལོ་བསྒོམ་པའི་ཐབས་ཀྱིས་ནི་རྟག་ཏུ་དྲི་མ་སྦྱོང་ཞིང་། ས་ལམ་གོང་ནས་གོང་དུ་ངེས་པར་འགྲོ་བར་འགྱུར་ཏེ། གམ་ཏིའི་སྒྲ་འགྲོ་བ་དང་རྟོགས་པ་གཉིས་ཀ་ལ་འཇུག་པས་སོ། །གཉིས་པ་ལ་གཉིས། ཞུས་པ་དང་། ལན་ནོ། །དང་པོ་ནི། དེ་ནས་ནས་གསོལ་ཞེས་གསུངས་ཏེ། མདོར་བསྟན་གསུངས་པ་དེ་ནས་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས། རྒྱུད་ཀྱི་བདག་མོ་ཡིན་པས་རྣལ་འབྱོར་མ་སྲིང་མོ་རྣམས་ལ་བཟོད་པར་གསོལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དཀྱིལ་འཁོར་ཞེས་པའི་དཀྱིལ་ནི་ཅི་ལ་བགྱི། འཁོར་ནི་གང་ལ་བགྱི། འཁོར་ལོ་ཞེས་བརྗོད་པ་དེའི་དོན་ཀྱང་ཇི་ལྟ་བུ་ཞེས། དུས་གསུམ་མམ་རིགས་ལྔའི་སངས་རྒྱས་ཀུན་ནི་མ་ལུས་པའི་བདག་ཉིད་ལྷན་ཅིག་སྐྱེས་པའི་གྲོང་ཁྱེར་ལ། བཅོམ་ལྡན་འདས་ཤེས་བོས་ནས། བདག་ནི་ཐེ་ཙོམ་གྱི་འཁྲུལ་བར་གྱུར་པས་ན། དེ་དག་གི་རིམ་པ་ཇི་ལྟར་ལགས་པ་བཤད་དུ་གསོལ། ཞེས་པའོ། །གཉིས་པ་ནི། བཅོམ་ལྡན་འདས་ནས་སྦྱོང་ཞེས་གསུངས་ཏེ། དེ་ལྟར་ཞུས་པའི་ལན་བཅོམ་ལྡན་འདས་ཀྱི་བཀའ་བསྩལ་པས། དཀྱིལ་འཁོར་གྱི་སྐད་དོད་མཎྜྻལ་ཞེས་པའི། མཎྜྻ་དང་ལ་ཕྲལ་བ་ལ་ཡི་གེ་སོ་སོར་བསྣན་ནས་བཤད་ན། དཀྱིལ་ནི་མཎྜྻ་པ་ར་སྟེ་སྙིང་པོ་ཞེས་བརྗོད་དེ། འདི་ཉིད་ནི་ལྷན་ཅིག་སྐྱེས་པ་བྱང་ཆུབ་ཀྱི་སེམས་ནི་བདེ་བ་ཆེན་པོའོ། །འཁོར་བཤད་པ་ནི། ལ་ལ་ཡའི་རྐྱེན་བྱིན་པས་ཡ་ལ་ཞེས་པ་བླང་བའི་ལེན་པར་བྱེད་པས་ཏེ། དབང་གསུམ་པའི་དུས་ཀྱི་བདེ་བ་བླང་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་གཉིས་འདུས་པ་ནི་བྱང་ཆུབ་ཀྱི་སེམས་ཐོག་མཐའ་མེད་པའི་ཡེ་ཤེས་དེ་དབང་གི་དུས་སུ་རྟོགས་པས་ལེན་པ་ཡིན་པས་དཀྱིལ་འཁོར་ཞེས་བྱ་བ་ཉིད་དུ་བརྗོད་པ་ཡིན་ནོ། །འཁོར་ལོ་ཞེས་བྱ་བའི་དོན་ནི་བདེ་བ་ནམ་མཁའི་ཁམས་དེ་དགའ་བ་བཞི་ཡིན་ལ། ཅིའི་ཕྱིར་འཁོར་ལོ་ཞེས་བྱ་ཞེ་ན། དགའ་བ་བཞི་པོ་དེས་ཡུལ་ལ་སོགས་པ་ཐ་མལ་གྱི་རྣམ་རྟོག་ཐམས་ཅད་གཅོད་པས་སོ། །དེ་ཡང་དཀར་དམར་དང་སྡུག་བསྔལ་དང་བཏང་སྙོམས་དང་དངོས་པོ་ལ་མངོན་པར་ཞེན་པ་ལ་སོགས་པ་ཐམས་ཅད་རྣམ་པར་སྦྱོང་ངོ་། །ཞེས་པའི་དོན་ཅན་ནོ། །གསུམ་པ་ནི། བོ་ལ་ནས་འགྱུར་ཞེས་གསུངས་ཏེ། དེ་ལྟ་བུའི་དོན་དེ་ཐབས་ཀྱི་བོ་ལ་དང་ཤེས་རབ་ཀྱི་ཀཀྐོ་ལ་སྦྱོར་བས་ནི་དབང་གསུམ་པའི་དུས་སམ་ཆགས་ཆེན་གྱིས་ལམ་དུ་སློང་བའི་དུས་སུ་དེ་ལས་བྱུང་བའི་ཟག་པ་མེད་པའི་བདེ་བ་ཤེས་པར་འགྱུར། ཞེས་པའོ། །གསུམ་པ་དེའི་དམ་ཚིག་ལ་གསུམ། ཞུས་པ། ལན་དངོས། དེའི་དོན་བཤད་པའོ། །དང་པོ་ནི། རྡོ་རྗེ་ནས་བགྱི་ཞེས་གསུངས་ཏེ། སེམས་དཔའ་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། འདིར་ནི་ཕྱི་དང་ནང་གི་སྡོམ་པ་ཞེས་བྱ་བ་གང་དང་གང་གི་དང་དམ་ཚིག་གང་དང་གང་གིས་གནས་པར་བགྱི་བ་ལགས་ཤེས་ཞུས་པའོ། །གཉིས་པ་ནི། བཅོམ་ལྡན་ནས་གྱིས་ཤེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ཐུན་མོང་མ་ཡིན་པའི་དམ་ཚིག་བཀའ་བ སྩལ་པ། ཁྱོད་ཀྱིས་སྲོག་ཆགས་བསད་པ་དང་། །བརྫུན་གྱི་ཚིག་ཀྱང་སྨྲ་བ་དང་། །ཁྱོད་ཀྱི་མ་བྱིན་པར་ཡང་ལོང་། ཕ་རོལ་བུད་མེད་བསྟེན་པར་གྱིས། ཞེས་སྒྲ་བསྒྱུར་ཏེ་དགོངས་པ་ཅན་དུ་གསུངས་སོ། །གསུམ་པ་ནི། སེམས་གཅིག་ནས་མཛེས་ཤེས་གསུངས་ཏེ། འོ་ན་སྲོག་ཆགས་ཇི་ལྟར་བསད་ཅེ་ན། སྤྱིར་སེམས་ལ་རྟོག་བཅས་རྟོག་མེད་གཉིས་ལས། རྣམ་པར་རྟོག་པ་དང་བཅས་པའི་སེམས་གཅིག་གསོད་པ་དེ་དག །སྲོག་ཆགས་གསོད་པ་ཉིད་ཡིན་པས། དེ་ནི་བསད་པར་བྱ་སྟེ། གང་གི་ཕྱིར་ཞེ་ན། སྲོག་ནི་རྣམ་པར་རྟོག་པ་དང་བཅས་པའི་སེམས་སུ་བརྗོད་དོ། །བརྫུན་ནི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཇིག་རྟེན་འཁོར་བ་ལས་བསྒྲལ་བར་བྱའོ། །ཞེས་བྱ་བ་བརྫུན་གྱི་ཚིག་ཏུ་རབ་ཏུ་བསྒྲགས་པ་ཡིན་ཏེ། དོན་དམ་པར་སེམས་ཅན་མ་གྲུབ་པའི་ཕྱིར་རོ། །དོན་དམ་པའི་བཙུན་མོ་ནི་སྟོང་པ་ཉིད་ཡིན་པས། དེའི་ཁུ་བ་ནི་སྟོང་ཉིད་རྟོགས་པའོ། །ཀུན་རྫོབ་ཀྱི་བཙུན་མོ་ནི་སྔགས་སྐྱེས་མ་ལ་སོགས་པ་དང་། དེའི་ཁུ་བ་བྱང་ཆུབ་ཀྱི་སེམས་དཀར་དམར་མ་བྱིན་པར་རླུང་གི་སྟོབས་ཀྱི་ལེན་པའོ། །གཞན་གྱི་བུད་མེད་ནི་བར་སྲིད་ཅེས་པ་མཆོག་གི་ཕ་རོལ་གྱི་བུད་མེད་རང་འོད་དང་མཚུངས་པའི་མཛེས་མ་བསྒོམ་པའོ། །འདི་ནི་མདོ་ལས། སེམས་ཅན་སྲོག་གི་འདུ་ཤེས་བཅོམ། །དེ་ནི་སྲོག་གཅོད་པ་ཞེས་བྱ། །སེམས་ཅན་དམིགས་པ་མ་ཡིན་ལ། །འཁོར་བ་ལས་གྲོལ་བརྫུན་གྱི་ཚིག །གང་ཕྱིར་ཐེག་པ་ཆེན་པོ་འདི། །གང་གིས་ཀྱང་ནི་བྱིན་མ་ཡིན། །འདི་ཉིད་རྟོགས་པས་མ་བྱིན་བླངས། སྐྱེས་པ་བུད་མེད་ཡོངས་རྟོག་པ། །བཅོམ་པས་ཕ་རོལ་བུད་མེད་བསྟེན། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་པ་འདིར་བསྡུས་ཏེ་བསྟན་པའོ། །བཞི་པ་དེའི་སྦྱང་གཞི་ལ་གསུམ། ཞུས་ལན་གྱིས་ཆོས་ཅན་སྣ་ཚོགས་སུ་དབྱེ་བ་ཆོས་ཉིད་སྐྱེ་མེད་དུ་བསྟན་པ། རྟེན་འབྲེལ་ཙམ་དུ་བསྟན་པའོ། །དང་པོ་ལ། ཞུས། ལན་གཉིས་ལས། དང་པོ་ནི། དེ་ནས་ནས་ལགས་ཤེས་གསུངས་ཏེ། དམ་ཚིག་གསུངས་པའི་རྗེས་དེ་ནས་རྣལ་འབྱོར་མ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས། ཡུལ་དྲུག་པོ་དེ་རྣམས་ཀྱང་ཅི་ལྟ་བུ་ལགས། དབང་པོ་ལྔ་པོ་རྣམས་ནི་གང་ལགས། སྐྱེ་མཆེད་བཅུ་གཉིས་རྣམས་ནི་ཅི་ལགས། ཕུང་པོ་ལྔ་རྣམས་ནི་གང་ལགས། ཁམས་བཅྭོ་བརྒྱད་རྣམས་དེ་ཡང་ཅི་ལགས། འདི་རྣམས་ཀྱི་རྣམ་པ་དང་། རང་བཞིན་ནི་ཅི་ལགས། ཤེས་གསོལ་ཏོ། །གཉིས་པ་ནི་བཅོམ་ལྡན་འདས་ནས་འགྱུར་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ལན་བཀའ་བསྩལ་པ། ཡུལ་དྲུག་ནི། སྔོན་པོ་ལ་སོགས་པའི་གཟུགས་ཉི་ཤུའམ། ཉི་ཤུ་རྩ་ལྔའི་གཟུགས་དང་། སྒྲ་བརྒྱད་དམ་བཅུ་གཅིག་དང་། དེ་བཞིན་དུ་དྲི་བཞིའམ་དྲུག་དང་ནི་རོ་དྲུག་གམ་བཅུ་གཉིས་དང་། དེ་བཞིན་དུ་རེག་བྱ་བཅུ་གཅིག་གམ་ཉི་ཤུ་རྩ་གཉིས་ཉིད་དང་། ཆོས་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཀྱི་རང་བཞིན་བཅུ་དྲུག་པོ་ཉིད་དེ། འདི་རྣམས་ལ་ཡུལ་ནི་དྲུག་ཏུ་བརྗོད་དོ། །དབང་པོ་རྣམས་ནི་དྲུག་སྟེ། མིག་གི་དབང་པོ་ནི་ཟར་མའི་མེ་ཏོག་ལྟ་བུའོ། །རྣ་བའི་དབང་པོ་ནི་གྲོ་གའི་འཛེར་བུ་གཅུས་པ་ལྟ་བུའོ། །སྣའི་དབང་པོ་ནི་ཟངས་མའི་མོ་ཁབ་བཤིབས་པ་ལྟ་བུའོ། །ལྕེའི་དབང་པོ་ནི་ཟླ་བ་བཀས་པ་ལྟ་བུའོ། །ལུས་ཀྱི་དབང་པོ་ནི་བྱ་རེག་འཇམ་གྱི་ལྤགས་པ་ལྟ་བུའོ། །དེ་དག་ལའང་གྲུབ་མཐའི་འདོད་ལུགས་ཀྱིས་ཀུན་གཞིའི་རྣམ་ཤེས་ཀྱི་གཟུང་བྱ་དབང་པོ་ལྔར་སྣང་བ་ལ། དབང་པོར་འདོད་པ་དང་། ས་བོན་ནམ་ནུས་པ་ལ་འདོད་པ་དང་། གཟུགས་ཅན་དང་བ་ལ་འདོད་པ་གསུམ་མོ། །ཡིད་ཀྱི་དབང་པོ་ནི་རྣམ་པར་ཤེས་པའི་ཁམས་དྲུག་དང་། ཉོན་མོངས་པ་ཅན་གྱི་ཡིད་དེ། དེ་བཞིན་ཞེས་པ། སྒོ་ལྔའི་ཤེས་པ་ལ་ཐུན་མོང་མིན་པའི་བདག་སྐྱེན་སོ་སོར་ཡོད་པ་དེ་བཞིན་དུ། དྲུག་པ་ཡིད་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་ནི། རྣམ་པར་ཤེས་པའི་ཁམས་དྲུག་ལ་བཤད་པའི་དོན་དེ་མ་ཐག་ཡིད་དེ། དྲུག་པོ་འགག་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་གསུངས་པ་ལྟར་རོ། །ཡང་ན་ཉོན་མོངས་ཅན་གྱི་ཡིད་ལ་དེར་འདོད་པའང་ཡོད་མོད་ཀྱི། བདུན་ཡིད་འཆད་པ་ན། ཉོན་མོངས་པ་བཞིས་འཁྱུད་པའི་བདུན་ཡིད་དང་། སྦྱིན་སོགས་དཀར་པོའི་ཆོས་ཀྱིས་འཁྱུད་པའི་བདུན་ཡིད་དང་། དེ་གཉིས་གང་དུ་ཡང་མ་འདུས་པའི་བདུན་པ་དེ་མ་ཐག་པ་ཡིད་དང་གསུམ་གྱི་རྣམ་བཞག་ཀྱང་འབྱུང་བས་སོ། །དེ་ལྟར་ན་མིག་ནས་ཡིད་ཀྱི་བར་འདི་རྣམས་ལ་དབང་པོ་དྲུག་ཏུ་བཞེད་དོ། །དྲུག་པོ་དེ་རྣམས་ནི་གཏི་མུག་རྡོ་རྗེ་ལ་སོགས་པ་དྲུག་དང་དབྱེར་མེད་དུ་ལྡན་པའོ། །ཡུལ་གཟུགས་ལ་སོགས་པ་དྲུག་དང་ཡུལ་ཅན་མིག་གི་དབང་པོ་ལ་སོགས་པ་དྲུག་དག་གིས་ནི་སྐྱེ་མཆེད་བཅུ་གཉིས་དག་ཏུ་འགྱུར་ཏེ། སྡུག་བསྔལ་དང་ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པའི་དོན་གྱིས་སོ། །ཕུང་པོ་ལྔ་ནི་རྒྱུ་དང་འབྲས་བུ་ལ་སོགས་པའི་གཟུགས་ཀྱི་ཕུང་པོ་དང་། ལ་སོགས་པས་བསྟན་པ་གཞན་ཡང་བདེ་སྡུག་བཏང་སྙོམས་པའི་ཚོར་བའི་ཕུང་པོ་དང་། མཚན་མ་དང་བཅས་པ་དང་མཚན་མ་མེད་པའི་འདུ་ཤེས་ཀྱི་ཕུང་པོ་དང་། སེམས་དང་མཚུངས་པར་ལྡན་པའི་སེམས་བྱུང་དང་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་གཏོགས་པའི་འདུ་བྱེད་ཀྱི་ཕུང་པོ་དང་། ཕུང་པོ་རྣམས་ཀྱི་ཐ་མར་ནི་བསྟན་པ། རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་ཕུང་པོ་སྟེ། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ཞེས་བོས་ནས་བཤད་མ་ཐག་པ་ལྔ་པོ་འདི་རྣམས་ནི་རིགས་འདྲ་དུ་མ་དཔུངས་པའི་ཕྱིར་ཕུང་པོ་ཡིན་ནོ། །དེ་བཞིན་དུ་དབང་པོ་དྲུག་དང་ནི་ཡུལ་དྲུག་ཉིད་དང་དབང་པོའི་རྣམ་པར་ཤེས་པ་དྲུག་ཉིད་དེ། འདི་རྣམས་བསྡུས་པས་ནི་ཉན་པ་པོ་རྣལ་འབྱོར་མ་རྣམས་ཀྱིས་གོ་བར་བྱ་བའི་ཕྱིར་ཁམས་ནི་བཅོ་བརྒྱད་རྣམས་སུ་འགྱུར་ཏེ་འདི་རྣམས་ནི་ཀུན་རྫོབ་པའི་རང་བཞིན་རྣམས་མདོར་བསྡུས་ཏེ་བཤད་པ་ཡིན་ལ། རྒྱས་པར་ནི་མདོ་ལས། ཕུང་པོ་ལ་སོགས་པ་གཏན་ལ་དབབ་པར་བལྟ་བར་བྱའོ། །འདི་རྣམས་ཀྱིས་སྦྱོང་བར་བྱེད་པའི་ལྷ་དང་ཡེ་ཤེས་ཀྱི་ཁམས་རྣམས་ནི། ཨེ་ཝཾ་གཟུགས་སྒྲུབ་ཀྱི་སྐབས་སུ་བསྟན་པའི་སྟོང་པ་ཆེན་པོ་ཡི་གེ་ལྔ་དང་། ཐིག་ལེ་སྟོང་པ་ཡི་གེ་དྲུག་གི་རང་བཞིན། ཕྱི་ནང་གཞན་གསུམ་གྱི་རིམ་པ་རྒྱས་པར་བཤད་པ་ཡོད་མོད་ཀྱིས། འདིར་མ་བྲིས་སོ། །གཉིས་པ་ཆོས་ཉིད་སྐྱེ་མེད་དུ་བསྟན་པ་ནི། རང་བཞིན་ནས་གྱིས་ཤེས་གསུངས་ཏེ་འདི་རྣམས་ཀྱི་རང་བཞིན་ནི་བརྟགས་ཤིང་དཔྱད་ན་བདེན་པའི་དངོས་པོར་གྲུབ་པར་སྐྱེས་པ་གང་ཡང་མེད་དེ། རང་བཞིན་གདོད་ནས་མ་སྐྱེས་པ། ཞེས་སོ། །འོ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་དག་བརྫུན་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། བརྫུན་མིན་ཞེས་སོ། །འོ་ན་བདེན་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། བདེན་མིན་ཞེས་སོ། །དཔེ་ཇི་ལྟ་བུ་ཞེ་ན་དེ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་ཆུའི་ཟླ་བ་ལྟར་མཁས་པ་རྣམས་འདོད་པས། རྣལ་འབྱོར་མ་རྣམས་ཀྱིས་ཀྱང་ཤེས་པར་གྱིས་ཤིག །ཅེས་སོ། །དེ་ལྟ་བུའི་རྟོགས་པའི་ཡེ་ཤེས་དེ་ནི་ཇི་ལྟར་འཆར་ན་བླ་མ་དམ་པའི་བྱིན་བརླབས་དང་། དམ་ཚིག་དང་སྡོམ་པ་གཙང་བ་དང་། རང་གིས་ཉམས་སུ་བླངས་པའི་སྟོབས་ལས་འཆར་ཏེ། དོ་ཧ་ལས། མེ་ནི་སྤྲ་བ་ཉིད་ལས་རྐྱེན་གྱིས་འབར། །ཞེས་སོ། །འགྲེལ་ཆེན་དྲི་མ་མེད་པའི་འོད་ལས་ཀྱང་། མེ་དག་རྟག་ཏུ་ཤིང་ལ་གནས་ཀྱང་ནི། །བཅད་དང་དབྱེ་བའི་ཐབས་གཞན་མ་གཏོགས་པ། །མདའ་དང་ལག་པ་རྩུབ་ཤིང་བསྲུབ་སྟན་གྱིས། །ཇི་ལྟར་གནས་པ་འདི་ཉིད་མཐོང་བར་འགྱུར། །ཞེས་སོ། །གསུམ་པ་རྟེན་འབྲེལ་ཙམ་དུ་སྟན་པ་ནི། འདི་ལྟ་ནས་ཤིག་ཅེས་གསུངས་ཏེ། བརྩུབ་ཤིང་གི་མེ་དང་རྟོགས་པ་སྐྱེ་བའི་ཚུལ་དོན་ལ་སྦྱར་ན། འདི་ལྟ་སྟེ། མེ་དེ་ནི་བརྩུབ་ཤིང་གཅིག་པུ་ལས་མི་སྐྱེ་བ་ལྟར། རྟོགས་པ་དེ་ཡང་བླ་མའི་བྱིན་བརླབས་རྐྱང་པ་ལས་ཀྱང་མི་སྐྱེའོ། །མེ་དེ་ནི་བརྩུབ་སྟན་རྐྱང་པ་ལས་ཀྱང་མི་སྐྱེ་བ་ལྟར་རྟོགས་པ་དེ་ཡང་སློབ་མའི་མོས་གུས་རྐྱང་པ་ལས་ཀྱང་མི་སྐྱེའོ། །མེ་དེ་ནི་སྐྱེས་བུའི་ལག་པའི་རྩོལ་བ་རྐྱང་པ་ལས་ཀྱང་མི་སྐྱེ་བ་ལྟར། རྟོ་པ་དེ་ཡང་ཉམས་ལེན་ཁོ་ན་ལས་ཀྱང་མི་སྐྱེའོ། །འོ་ན་ཚུལ་ཇི་ལྟར་སྐྱེ་ཞེ་ན། དེའི་ཚུལ་ནི་འདི་ལྟ་སྟེ། སྲ་བའི་བཙུབ་ཤིང་དང་། དེའི་གཞི་བཙུབ་བསྟན་དང་། སྐྱེས་བུའི་ལག་པས་བསྒྲིལ་བའི་རྩོལ་བ་གསུམ་ཚོགས་པའི་རྟེན་འབྲེལ་ལས་གློ་བུར་དུ་མེ་སྐྱེ་བར་འགྱུར་རོ། །དེའི་ཚུལ་ལ་བརྟགས་ཤིང་དཔྱད་ན། མེ་དེ་ནི་བཙུབ་ཤིང་ལ་ཡང་དངོས་སུ་མི་གནས། བརྩུབ་སྟན་ལ་ཡང་དངོས་སུ་གནས་པ་མ་ཡིན། སྐྱེས་བུའི་ལག་པ་དག་ལ་ཡང་དངོས་སུ་གནས་པ་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་དེ་ལྟར་ཡོངས་སུ་བརྟགས་ཤིང་བཙལ་ན་གཅིག་ན་ཡང་ཡོད་པ་མ་ཡིན་པས། མེ་དེ་ཡང་བརྟགས་ན་ཡོད་པ་མ་ཡིན་པས་བདེན་པ་ཡང་མ་ཡིན་ཞིང་། ཚོགས་པ་ལས་མེར་སྐྱེས་པས་བརྫུན་པ་ཡང་མ་ཡིན་ནོ། །དཔེ་དེ་ལྟར། བླ་མའི་བྱིན་བརླབས་དང་། སློབ་མའི་མོས་གུས་དང་། སྐྱེས་བུའི་རྩོལ་བ་གསུམ་ཚོགས་པའི་རྟེན་འབྲེལ་གྱི་ནུས་པ་ལས་རྟོགས་པ་སྐྱེ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་མི་དམིགས་ཀྱང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་མ་བརྟགས་གཅིག་པུར་ཉམས་དགའ་བ་འདི་ནི། ཆུའི་ནང་གི་ཟླ་བའི་གཟུགས་ལྟ་བུ་དང་མཚུངས་སོ། །དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་རྣལ་འབྱོར་མས་རྟེན་འབྲེལ་ཆུ་ཟླ་ལྟ་བུར་ཡིད་ལ་གྱིས་ཤིག །ཅེས་སོ། །དེ་ལྟར་བསྟན་པ་རྣམས་ནི་དབང་བཞི་ལས་རྣམ་པར་འཕྲོས་པ་བསྟན་པ་ཡིན་ནོ། །བཞི་པ་མཐར་ཕྱིན་པས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་བཞི། འཁོར་གྱིས་མཆོད་པ། བདག་བྱིན་བརླབས། ཉོན་ཅིག་པར་གདམས་པ་ཉན་པའི་ཚུལ་བཤད་པ་དངོས་སོ། །དང་པོ་ནི། དེ་ནས་ནས། ངོད་ཞེས་གསུངས་ཏེ། དེ་ལྟར་དབང་ཕྲོས་དང་བཅས་པ་བཤད་པ་དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པ་ཡེ་ཤེས་ཀྱི་རྟོགས་པ་མི་ཕྱེད་པའི་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱི་བདུད་རྩི་ལྔ་ཐོགས་ཤིང་དམ་ཚིག་གི་རྫས་ཤ་ལྔ་ཡང་ཐོགས་ནས། དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་མཆོད་པར་བྱེད། ཀུན་ཏུ་རྒྱུའི་སྦྱོར་བས་བདེ་བ་ཆེན་པོས་མཆོད་ཅིང་རྗེས་སུ་ཆགས་པར་བྱེད། བདག་ཉིད་ཀྱང་བདུད་རྩི་ལྔའི་རོ་ཡང་འཐུང་བར་བྱེད་དོ། །ཞེས་པའོ། །གཉིས་པ་ནི། དེ་ནས་ནས་ཉོན་ཞེས་གསུངས་ཏེ། དེ་ལྟར་འཁོར་གྱིས་མཆོད་པའི་རྗེས་དེ་ནས་གཙོ་བོ་བཅོམ་ལྡན་འདས་དགྱེས་པར་གྱུར་ནས་རང་བྱིན་གྱིས་བརླབས་པའི་རིམ་པས་རྟོགས་པ་བརྟན་པར་བྱེད་པའི་སྤྱོད་པ་བསྟན་པར་བྱ་ཡིས། ཀྱཻ་ཀྱཻ་རྡོ་རྗེ་མཁའ་འགྲོ་མ་རྣམས་ཉོན་ཞིག་ཅེས་རྣ་བ་གཏོད་པར་བསྐུལ་ནས་སངས་རྒྱས་ཀུན་གྱིས་ཕྱག་མཛད་པ་སྟེ གུས་པར་མཛད་པའི་སེམས་ཀྱི་དེ་ཁོ་ན་ཉིད་བློ་དམན་པ་རྣམས་ལ་གསང་བར་མཛད་པ་དེ་ཉིད། ཁྱེད་རྣམས་ཀྱིས་རྡོ་རྗེ་མཆོད་པ་ལ་སོགས་པ་བྱས་པའི་བྱིན་བརླབས་ཀྱིས་བདག་གི་སྤྱོད་པ་དེ་བཤད་པར་བྱ་ཡིས། བདག་མེད་མ་ལ་སོགས་ཁྱེད་རྣམས་འདོད་པས་རབ་ཏུ་ཉོན་ཅིག །ཅེས་བཀའ་བསྩལ་ཏོ། །གསུམ་པ་ནི། ལྷ་མོ་ནས་ཏོ་ཞེས་གསུངས་ཏེ། བདག་མེད་མ་སོགས་ལྷ་མོ་ཐམས་ཅད་སྤྲོ་ཞིང་དགའ་བར་གྱུར། ངོ་མཚར་བས་ཡིད་རངས་པར་གྱུར་ཏེ། གུས་པས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་གལ་བ་དེར་ལོགས་སུ་ཐལ་མོ་སྦྱར་ཏེ། ལུས་བཏུད་ནས་བཅོམ་ལྡན་འདས་ཀྱི་གསུང་གུས་པས་ཉན་ཏོ། །བཞི་པ་བཤད་པ་དངོས་ལ་བཞི། ལུས་ངག་ཡིད་གསུམ་གྱི་ཁྱད་པར་བཟའ་བ། སྤྱོད་ལམ་གོ་ཆ་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ནས་ཉིད་ཅེས་གསུངས་ཏེ། ཉན་པ་པོ་དེ་རྣམས་ལ་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ལ་བསླབ་པར་འདོད་པས། བཟའ་བ་དང་བཏུང་བ་ཇི་ལྟར་སྙེད་པ་ཐམས་ཅད་ལ་བཟའ་བ་དང་མི་བཟའ་བའི་རྣམ་པར་རྟོག་པ་མེད་པ་དང་། བདེ་བ་ཆེན་པོ་གཅིག་ཏུ་བརྟན་པར་གྱུར་པས་བགྲོད་ཅིང་། སྤྱད་པར་བྱ་བའི་ཕྱག་རྒྱ་བསྟེན་པ་དང་། བགྲོད་པར་བྱ་བའི་ཡུལ་མ་ཡིན་པ་ཡང་མི་སྤང་ཞིང་། ཁྲུས་དང་གཙང་སྦྲ་སོགས་མི་བྱ་སྟེ། འཇིག་རྟེན་པ་དང་མཐུན་པའི་གྲོང་གི་ཆོས་བརྒྱད་ནི་རབ་ཏུ་སྤངས་ནས། གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་བློ་དང་ལྡན་པས་ཧཱུཾ་ཕཊ་ལ་སོགས་པའི་སྔགས་ཉིད་མི་བཟླ་ཞིང་། རྟོག་པ་དང་བཅས་པའི་བསམ་གཏན་ཉིད་ནི་དམིགས་པར་མི་བྱའོ། །སྙིང་ག་ཆོས་ཀྱི་འཁོར་ལོ་དངས་མ་བྱང་ཆུབ་ཀྱི་སེམས་བརྟན་པས་གཉིད་མཐུག་པོ་འོད་གསལ་དུ་ཤར་བའི་རྣལ་འབྱོར་པས་གཉིད་ནི་སྤང་བར་མི་བྱ་སྟེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པས་དབང་པོ་རྣམས་ནི་མི་དགག་གོ །བ་ལ་ནི་སྟོབས་སྐྱེད་པའི་དོན་དུ་ཤ་ལྔ་ལ་སོགས་པ་ཐམས་ཅད་བཟའ་བར་བྱ་སྟེ། ཁ་དོག་གི་སྐད་དོད་ཝརྞ་ནི་རིགས་ལ་ཡང་འཇུག་པས། རིགས་རྣམ་པ་ལྔ་ལ་མཉམ་པ་ཉིད་དུ་གཅིག་པར་སྤྱད་དོ། །ལྟུང་བ་ལ་སོགས་པ་དོར་བ་མེད་པའི་སེམས་ཀྱིས་ནི་སངས་རྒྱས་སྤྱན་མ་ལ་སོགས་པའི་རིགས་ཀྱི་བཙུན་མོ་ཐམས་ཅད་དགའ་བར་བྱ་སྟེ། བདེ་བ་ཆེན་པོར་རོ་མཉམ་པར་བྱ་བ་ཡིན་གྱི། མཛའ་བོ་ལ་སྡུག་པ་སྟེ་ཆགས་པར་མི་བྱ་ཞིང་། དེ་བཞིན་དུ་གདུག་པ་ཅན་དགྲ་ལྟ་བུ་ལ་ཡང་ཞེ་སྡང་བ་ཉིད་མེད་པའི་ཚུལ་གྱིས་སྤྱོད་པ་སྤྱད་དེ། བདག་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པས་རྡོ་ཤིང་འཇིམ་པའི་བདག་ཉིད་ཀྱི་ལྷ་འདི་རྣམས་ལ་ཕྱག་མི་བྱའོ། །རིགས་དམན་པ། གཡུང་མོ་དང་གདོལ་བ་མོ་ལ་སོགས་པ་རྣམས་ངེས་དོན་དུ་དེ་ཁོ་ནའི་ལེའུར་བཤད་པ་ལྟར་རིག་པར་བྱ་བ་ཉིད་དོ། །བཟའ་བ་ནི་བདུད་རྩི་ལྔ་ཞེས་པའི་ཚིགས་སུ་བཅད་པ་གསུམ་སྟེ། དེ་ལ་བདུད་རྩི་ལྔ་ནི། གཤང་བ་ཙ་ཏུ་རས་མྂ་བརྗོད་ཅེས་འབྱུང་བས་རོ་བཞི་མཉམ་པ་ནི་ཨ་རུ་ར་ཡིན་ལ་དེ་དང་རླུང་གྲུབ་པའི་རྣལ་འབྱོར་བའི་དྲི་ཆེན་ཆ་ལྔ་ཚེས་ལྔ་ལ་བཟུང་ངོ་ལྕི་བ་ཀས་ཐུ་རི་ཞེས་བརྗོད་པས་དྲི་ཆུ་བར་པ་དང་གླ་རྩི་ཆ་བཞི་ཚེས་བཞི་ལ་བླང་ངོ་། །ཁ་དོག་སེར་བའི་བུད་མེད་ལང་ཚོ་དང་ལྡན་ཞིང་དམ་ཚིག་ལ་གནས་པ་མཆོད་ལ། དུས་ཀྱི་མཚལ་ཆེན་དང་། སི་ལ་ཆ་གསུམ་ཚེས་གསུམ་ལ་བླང་ངོ་། །དེའང་རང་འབྱུང་སི་ལར་ཤེས་པར་བྱ་ཅེས་སོ། །ཚེས་གཉིས་ལ་རོ་ལ་མཆོད་པ་བྱས་ནས། རྐང་དམར་དང་གཞུངས་པ་དང་ཀླད་པ་ལ་སོགས་པ་དང་ཙན་དན་ཆ་གཉིས་བླངས་ཏེ་ཤ་ཆེན་སེ་ལི་ཛམ་ཞེས་བརྗོད་ཅེས་སོ། །ཉ་ལ་ཟླ་བ་གཟས་བཟུང་ནས། སྟོང་ལ་ཉི་མ་བཟུང་བའི་ཚེས་གཅིག་ལ། ལོ་བཅུ་གཉིས་སམ་བཅུ་དྲུག་ལོན་པ་སྔར་སྐྱེས་པས་མ་རྩེས་པ་ལ། ལྷར་དམིགས་ནས་མཆོད་པ་བྱ་སྟེ་ཧཱུྃ་ཕཊ་ཀྱིས། བྱང་སེམས་སྤྲོ་བར་བྱའོ། །སྤྲོས་པ་དེ་ཡང་པད་མའི་སྣོད་དུ་ག་བུར་དང་ཁུ་བ་ཆ་གཅིག་བླངས་ཏེ་ཁུ་བ་ག་བུར་ཞེས་བརྗོད་དོ། །ཅེས་སོ། །དེ་དག་ནི་བདུད་རྩི་ལྔའོ། །ཤ་ལྔ་ནི་བརྟག་པ་དང་པོའི་ལེའུ་བཅུ་གཅིག་པ་ལས། ན་དང་གྷ་ཧ་དང་པོ་དང་། མཐའི་ཤ་དང་དང་པོའི་ཤ། །ཀྱེའི་རྡོ་རྗེའི་དངོས་གྲུབ་ཕྱིར། །ཞེས་བཤད་པས། ཚེས་དྲུག་ལ་རོ་ལ་མཆོད་པ་བྱས་ནས་ནར་མིའི་ཤ་སྟེ་ཆ་གཅིག་བླང་ངོ་། །བདུན་པ་ལ་མཐའི་ཤ་ནི་ཨ་ཤ་ཅེས་པ་རྟའི་ཤ་ཆ་གཉིས་བླང་ངོ་། །བརྒྱད་པ་ལ་ཧ་ཏི་ཅེས་པ་གླང་པོ་ཆེའི་ཤ་སྟེ་ཆ་གསུམ་བླང་ངོ་། །དགུ་པ་ལ་དང་པོའི་ཤ་ནི་ཅེས་པ་ཁྱིའི་ཤ་སྟེ་ཆ་བཞི་བླང་ངོ་། །བཅུ་པ་ལ་གྷའུ་ཅེས་པ་བ་གླང་གི་ཤ་སྟེ་ཆ་ལྔའོ། །དེ་ནས་ཚེས་བཅུ་གཅིག་པ་ལ་ཟས་མི་ཟ་བར་བུ་རམ་ཆང་ལ་སོགས་པའི་ཆང་བཟང་པོ་གང་རྙེད་པ་དང་། དུག་ཅེས་པ་ནི་དན་དྷའི་འབྲས་བུ་དང་། ནིམ་པ་དང་། བུ་བཅས་སྐྱེས་ནི་ཁྲག རོ་དྲུག་དང་། དྲི་ཞིམ་པོ་དང་། དྲི་མི་ཞིམ་པ་ལ་སོགས་པ་རྣམས་དང་། མཆི་མ་དང་། ལུད་པ་དང་། སྣབས་ལ་སོགས་པ་ཐམས་ཅད་སྦྲང་བུའི་རོ་བཅྭོ་ལྔ་དང་ལྷན་ཅིག་ཅི་ལྟར་འདོད་པར་འཐུངས་ནས་སྐྱུག་པར་བྱའོ། །བདུད་རྩི་ལྔ་དང་ཤ་ལྔ་པོ་དེ་དག་པད་མའི་སྣོད་དུ་བླངས་ནས་སྐྱུགས་པ་དང་བསྲེས་ཏེ་བཏག་པར་བྱའོ། །དེ་དག་ཐོད་པ་ཁ་སྦྱོར་གྱི་ནང་དུ་བླུགས་ནས་ལྕེ་སྤྱང་གི་རྐྱལ་པར་བཅུག་སྟེ་སྐྱེས་པ་དང་བུད་མེད་ལྷན་གཅིག་བསྲེགས་པའི་དུར་ཁྲོད་དུ་ས་ཁྲུ་གང་ཙམ་བྲུས་པའི་ནང་དུ་བཅུག་ལ་དྲི་ལ་སོགས་པས་མཆོད་དེ། སྟེང་དུ་དུར་ཁྲོད་ཀྱི་ཐལ་བས་དགང་ངོ་། །དེའི་སྟེང་དུ་རལ་གྲི་བྲི་བར་བྱའོ། །དེ་དག་གི་བྱ་བ་ཐམས་ཅད་ལའང་ཨཥྚ་དང་ཏེ་དྷེ་བ་བི་ཙུ་དང་། སུྂ་བྷ་ནི་ལ་སོགས་པ་བགྲང་ཞིང་ལྷའི་རྣལ་འབྱོར་དང་མ་བྲལ་བར་བྱའོ། །ཚེས་གྲངས་དང་ཆའི་བྱ་བའི་ཚད་ནི་ཕྱག་ན་རྡོ་རྗེའི་འགྲེལ་པའི་ལུགས་ཡིན་ཏེ། ཚེས་གྲངས་དང་བྱ་བའི་ལུགས་གཞན་མ་གྲུབ་ཀྱང་། ཆ་ཆེ་ཆུང་གི་ཚད་ནི་འདི་ལྟར་བྱས་ན་ལེགས་སོ། །བརྒྱུད་པའི་བླ་མ་འདི་རྣམས་ཀྱི་གསུང་གིས་ནི་ཟླ་བ་གང་ཡང་རུང་བའི་ཉི་ཤུ་གསུམ་ཀྱི་ཉིན་པར་ཐོད་པ་ཁ་སྦྱར་གྱི་ནང་དུ་ཤ་ལྔ་བདུད་རྩི་ལྔ་པ་སོགས་ཏེ་དྲི་ཆུས་བཏགས་ལ་བསྒྲུབ་ཅེས་གསུང་ངོ་། །དེ་ཡང་ཐོད་པ་ཁ་སྦྱོར་གཅིག་གམ་ལྔ་ལ་ཤར་དུ་གླང་གི་ཤ་དང་། ལྷོར་ཁྱི་ནུབ་ཏུ་རྟ། བྱང་དུ་གླང་པོ་ཆེ་དབུས་སུ་མི་ཤ། དེའི་སྟེང་དུ་རྡོ་རྗེ་གཟུངས་ཐག་དང་བཅས་པ་བཞག་ལ་ཨོཾ་ཨཱ་ཧཱུྃ་དང་། ཨོཾ་བྷྲཱུྂ་ཨྂ་ཛྃ་ཁྂ་ཧཱུྃ་སྭཱ་ཧཱ་ཞེས་པའི་སྔགས་དང་། གྷོ་ཀུ་ད་ཧ་ན། བི་མུ་མ་ར་ཤུ་ཅེས་པ་དང་། ཡྂ་རྂ་ཀྂ་ལ་སོགས་པའི་སྔགས་རྣམས་སྐབས་སུ་བགྲང་ཞིང་། ཁྱད་པར་ཨོཾ་ཨཱ་ཧཱུྃ་དང་སུམ་བྷ་ནི་རྒྱུན་མི་འཆད་པར་བགྲང་སྟེ། བྱིན་བརླབས་ནི་བརྟག་པ་དང་པོའི་ལེའུ་བདུན་པའི་གཤམ་དུ་བཤད་པ་ལྟར་ཡང་དང་ཡང་དུ་བྱའོ་རེ་ཤིག་ཀྱང་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དང་བུམ་པ་ལེགས་པར་བསྒྲུབ་ནས། དམ་ཚིག་དང་སྡོམ་པ་ལ་གནས་ཤིང་བཟླས་བརྗོད་ལ་བརྩོན་པས་བདེ་བླག་དུ་འགྲུབ་སྟེ། སྒྲ་དང་། དུ་བ་དང་། འོད་དང་། མེ་འབར་བ་དང་། ཁོལ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་དག་གི་རི་ལུ་ནི་བྱ་བ་ཐམས་ཅད་ལ་འཇུག་པས་ངེས་པར་བསྒྲུབ་དགོས་སོ། །རི་ལུ་དེ་བསྲེས་ནས། བསྐྱེད་རྫོགས་གཉིས་མེད་ཡེ་ཤེས་སེམས་ཀྱིས་ནི། མི་བཟའ་ཅུང་ཟད་ཡོད་མ་ཡིན་ཞེས་སོ། །སྤྱོད་ལམ་ནི། སྨད་གཡོགས་ཞེས་པའི་ཚིགས་བཅད་གཅིག་སྟེ། སྤྱོད་པའི་སྐབས་སུ་སྨད་གཡོགས་ཀྱང་རོའི་ཁ་དོག་སྣ་ཚོགས་དང་། རོ་བསྲེགས་པའི་ཐལ་བས་ཀྱང་བརྒྱན་པར་བྱ་སྟེ། མེ་ཏོག་གི་ཕྲེང་བ་མགོ་ལ་བཅིངས་པ་འདི་རྣམས་རྟོག་པ་དང་བྲལ་བའི་དོན་ནོ། །ཞུས་ལན་གྱིས་གོ་ཆ་བསྟན་པ་ནི། ཐོག་མར་ཞུས་པར་ཚིག་ལྔ་སྟེ་བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང་པོས་གསོལ་བ་ཡུལ་རྣམས་ཀྱི་རྣམ་པར་དག་པ་བཅོམ་ལྡན་འདས་ཀྱིས་སྔར་རྣམ་དག་གི་ལེའུར་གསུངས་ནས། དབང་པོ་དྲུག་པོའི་གྲངས་དང་མཐུན་པའི་རྣམ་པར་དག་པས་མཛད་པ་གསུང་དུ་གསོལ་ཞེས་སོ། །ལན་ནི། བཅོམ་ལྡན་འདས་ཞེས་པའི་ཚིག་དགུ་སྟེ། མངོན་པར་རྟོགས་པའི་སྐབས་སུ་བཤད་པ་བཞིན་དུ། མིག་དུ་གཏི་མུག་རྡོ་རྗེ་རྣ་བར་ཞེ་སྡང་རྡོ་རྗེ། སྣ་ལ་སེར་སྣ་རྡོ་རྗེ་ཁ་ལ་འདོད་ཆགས་རྡོ་རྗེ་ལུས་ལ་ཕྲག་དོག་རྡོ་རྗེ། ཡིད་ལ་བདག་མེད་མ་སྟེ། འདི་རྣམས་ནི་རྒྱུད་གཞན་དུ་གྲགས་པའི། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའ་སྙིང་པོ་དང་། སྤྱན་རས་གཟིགས་དང་། སྒྲིབ་པ་སེལ་བ་དང་། ཀུན་ཏུ་བཟང་པོ་དང་ཞེས་སྟེ་སྦྱང་གཞིའི་དབང་པོ་རྣམས་ཀྱི་སྒྲིབ་པ་དག་པར་བྱེད་པའི་ཕྱིར་འདིར་གོ་ཆའི་ཚུལ་དུ་ཡང་དགོད་པར་བྱ་བ་ཡིན་པས། སེམས་དཔའ་ཆེན་པོ་ཞེས་སོ། །དེས་ནི་ཤིན་དུ་སྤྲོས་མེད་ཀྱི་སྤྱོད་པ་བཤད་ནས། དེ་དུས་ཀྱི་བརྡ་ལ་གཉིས་ཏེ། དྲིས་པ་དང་ལན་ནོ། །དང་པོ་ནི་རྡོ་རྗེ་སྙིང་པོས་གསོལ་བ་ཞེས་པའི་ཚིག་རྐང་བཅུ་སྟེ། འདི་ཡང་དཀྱིལ་འཁོར་ཚོགས་བསྒྲུབ་དང་བརཏལ་ཤུགས་ཀྱི་སྤྱོད་པའི་དུས་སུ་དགོངས་པའི་བརྡའི་སྐད་རྡོ་རྗེ་སྙིང་པོ་ཞུས་པ་སྟེ། དགོངས་པའི་སྐད་གང་དུ་བརྗོད་པ་ཅི་ལྟར་བགྱི་བཅོམ་ལྡན་འདས་ཀྱིས་ངེས་པར་གསུང་དགོས་ཏེ། རྣལ་འབྱོར་མ་རྣམས་ཀྱི་དམ་ཚིག་ཆེན་པོ་ཉན་ཐོས་ལ་སོགས་པས་མི་ཤེས་པ། རྒོད་པ་ལས་བྱུང་བའི་འདོད་ཆགས་དག་པའི་རྒྱུད་དང་། བལྟས་པ་ལས་བྱུང་བ་སྤྱོད་པའི་རྒྱུད་དང་། འཁྱུད་པ་ལས་བྱུང་བ་རྣལ་འབྱོར་གྱི་རྒྱུད་དང་། གཉིས་སྤྲོད་ལས་བྱུང་བ་རྣམ་འབྱོར་བླ་ན་མེད་པའི་རྒྱུད་ལ་སོགས་པའོ། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱི་དགོངས་པའི་སྐད་མ་གྲགས་པའི་བརྡའ་བཅོམ་ལྡན་འདས་ཀྱིས་གསུང་དུ་གསོལ་ཞེས་སོ། །ལན་ལ་ལྔ་ལས། དང་པོར་ཉོན་ཅིག་བར་གདམས་པ་ནི་ཚིགས་བཅད་པ་ཅིག་སྟེ་དགོངས་པའི་སྐད་སྐད་གཞན་ལས་ཡོན་ཏན་ཆེན་པོ་དམ་ཚིག་གི་བརྡའ་ཅུང་ཟད་རྒྱས་པར་རྡོ་རྗེའི་སྙིང་པོ་ཁྱོད་ལ་ངས་བཤད་ཀྱིས་རྩེ་གཅིག་པས་སེམས་ཀྱིས་ཉོན་ཅིག་པའོ། །གཉིས་པ་བརྡའ་དངོས་ནི། མ་ད་ནམ་ཆང་ཞེས་པའི་ཚིགས་སུ་བཅད་པ་ལྔ་སྟེ། བརྡའ་འདི་དག་ནི་ཕལ་ཆེ་བ་འབྲས་བུའི་མིང་རྒྱུ་ལ་བཏགས་པ་ཡིན། དེ་ལ་མ་དང་ཞེས་པ་ནི་བཟི་བའི་སྐད་ཡིན་ཏེ་ཆང་ཐུངས་ནས་བཟི་བས་འབྲས་བུ་བཟི་བའི་མིང་རྒྱུ་ཆང་ལ་བཏགས་པའོ། །བྷ་ལ་ནི་སྟོབས་ལ་ཟེར་ཏེ་ཤ་ཟོས་ན་སྟོབས་བསྐྱེད་པས་འབྲས་བུ་སྟོབས་ཀྱི་མིང་རྒྱུ་ལ་བཏགས་པའོ། །མ་ལ་ཡ་ཞེས་པ་ཙན་དན་ཡིན་ཏེ་ཙན་དན་གྱི་དྲི་ཕུན་སུམ་ཚོགས་པ་ལ་སྲོག་ཆགས་འདུ་བ་ལྟར། ཚོགས་ཀྱི་འཁོར་ལོའི་དུས་སུ་ཡང་དཔའ་བོ་དཔའ་མོ་རྣམས་འདུ་བས། འདུ་བ་མ་ལ་ཡ་རྫར་བརྗོད་ཞེས་སོ། །ཁེཊའ། ཞིང་དང་ཉེ་བའི་ཞིང་ལ་སོགས་པ་ནི་ས་རབ་ཏུ་དགའ་བ་ལ་སོགས་པའི་བརྡའ་སྐད་ཡིན་ཏེ་སངས་རྒྱས་ཀྱི་སར་འགྲོ་བའོ། །དེ་བཞིན་དུ་རོ་ནི་རྟོག་པ་མེད་པའི་ཤྲཱ་བ་དང་། ནི་རང་ཤུ་ནི་མེ་རུས་དང་། འོད་པ་ལ་བྲེང་ཁ་ནྂ་ཟེར་བ་དང་། ཅང་ཏིའུ་ཡི་སྒྲ་རྣ་བའི་དབང་པོ་ཚིམ་པས་ཀྲི་བི་ཏྲ་རུ་བརྗོད་དོ། །དུ་དུ་ར་ནི་རིང་པོའི་སྒྲ་སྟེ་སྐལ་མེད་བྱང་ཆུབ་ལས་རིང་བའི་དོན་དུ་དུར་ཞེས་བརྗོད་དོ། །ཀ་ལི་ཉྫྱ་ནི་དུས་ཏེ་དུས་ཚོད་གཅིག་ལ་སྐལ་ལྡན་གྱིས་བྱང་ཆུབ་རྙེད་པའི་དོན་ནོ། །རིགས་ངན་མིས་རེག་དུ་མི་རུང་པ་ལ་ནི། རིག་མིན་དི་ཌི་མྂ་ཞེས་བརྗོད་ཅེས་སོ། །བྷན་ཛ་ནྂ་ནི་ལོངས་སྤྱོད་པ་སྟེ་ཐོད་པའི་ནང་དུ་བཟའ་བ་ལ་ལོངས་སྤྱོད་པས་ཐོད་པ་བང་མ་བྷན་ཛྭ་ནྂ་ཞེས་བྱའོ། །ཏྲི་བི་ཏ་ནི་ཚིམ་པ་ལ་ཟོང་ལ་བཟའ་བས་ཚིམ་པར་བྱེད་པས་ན་བཟའ་བའི་མིང་ངོ་། །མ་ལ་ཡ་ནི་ཙན་དན་ཡིན་ལ་ཙན་དན་ནི་ཤ་ཆེན་པོ་ལ་ཟེར་བས་ཤ་ཆེན་གྱི་ཚོད་མ་ལ་མ་ལ་ཨིན་དྷ་ནྂ་ཞེས་སོ། །གཤང་བ་དང་། ལྕི་བ་དང་། སི་ལ་དང་། ག་བུར་དང་། ཤ་ལི་ཛ་རྣམས་ནི་གོང་དུ་བཤད་དོ། །དབང་པོ་གཉིས་སྦྱོར་ནི་ཀུན་ཏུ་རུའོ། །རྡོ་རྗེ་བྷོ་ལ་ནི་བདེ་བ་ཞེས་བཤད་དོ། །པད་མ་ནི་ཀ་ཀོ་ལ་སྟེ་སྟོང་པ་ཞེས་ཟེར་ཏེ། བདེ་སྟོང་གི་རྟེན་དུ་གྱུར་པས་སོ། །ངེས་དོན་དུ་ནི། བདེ་བའི་ཆང་དང་། ཡེ་ཤེས་ཀྱི་སྟོབས་དང་། འཁོར་ལོ་བཞི་ལ་རླུང་སེམས་འདུ་བ་དང་། དབུ་མར་རླུང་འགྲོ་བའི་རོ་དང་། བྱང་ཆུབ་སེམས་འཆིང་བའི་རྒྱན་དང་། ཐིག་ལེ་བསྐུལ་བའི་འོང་བ་དང་། སྲོག་རླུང་ཚིམ་པར་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་མི་འདོར་བའི་སྐལ་ལྡན་དང་། རྩ་རླུང་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཁམས་རྣམས་གཡོ་བ་མེད་པར་བརྟན་པ་ལ་སོགས་པའི་དོན་དུ་ཁུ་བའི་བདེ་བ་མྱོས་བྱེད་ཆང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དུ་མ་འབུམ་ཕྲག་ལྔ་པ་ལས་གསུངས་པ་རྡོ་རྗེ་སྙིང་པོས་གསུངས་སོ། །གྲོགས་ཕྱག་རྒྱའི་རིགས་བསྡུ་བ་ནི། ཁ་དོག་ཞེས་པའི་ཚིགས་བཅད་གསུམ་སྟེ། ཁ་དོག་ནི་ཝརྣ་དྷི་བ་སྟེ་རིགས་ཀྱི་དབྱེ་བས་ཕྱེ་བས་ཕྱག་རྒྱའི་རིགས་རྣམ་པ་ལྔ་ཡང་བཤད་དེ་འདི་དག་ཀྱང་གསང་བའི་སྐད་ཀྱི་བྱེ་བྲག་ཡིན་ནོ་དེའང་གང་ཞེ་ན། ཕྱག་རྒྱ་ལྔ་རྣམས་ཀྱི་རིགས་བསྡུས་པ་ཉིད་ནི་གཡུང་མོ་ཞེས་བྱ་བ་རྡོ་རྗེའི་རིགས་སུ་བཤད་དོ། །དེ་བཞིན་དུ་གང་མ་ནི་པད་མའི་རིགས་སོ། །རང་འཚེད་མ་ནི་རིན་པོ་ཆེའོ། །སྐྱེ་གཉིས་ནི་དེ་བཞིན་གཤེགས་པའི་རིགས་སོ། །ཚོས་མ་ལས་ཀྱི་རིགས་ཏེ་ཕྱག་རྒྱ་ལྔ་པོ་འདི་རྣམས་ནི་དངོས་གྲུབ་སྦྱིན་པ་སྟེ། འདི་རྣམས་ཀྱི་ཁུ་བ་རྡོ་རྗེ་ནི་མན་ཛྭ་ཞེས་དབུས་ཀྱི་བཅུད་དུ་འགྱུར་བའི་ཕྱིར་བརཏལ་ཤུགས་ཅན་གྱིས་གསང་བའི་མཆོད་པས་བཏུང་བའོ། །གུས་པ་བསྐྱེད་པ་ནི། ཚིགས་སུ་བཅད་པ་གཅིག་སྟེ། རྡོ་རྗེ་སྙིང་པོ་སེམས་དཔའ་ཆེན་པོ་གསང་པའི་སྐད་ངོ་མཚར་ཆེ་བ། ང་ཡིས་གང་བཤད་པ་དེ་རྣམས་ཐམས་ཅད་གུས་པས་ཟུང་གཅིག་ཅེས་པའོ། །མ་བཟུང་པའི་ཉེས་དམིགས་ནི། ཀྱེའི་རྡོ་རྗེ་ཞེས་པའི་ཚིགས་བཅད་གསུམ་སྟེ། རྒྱུད་འདིར་དབང་བསྐུར་བ་ཐོབ་པ་གང་ཞིག་གསང་བའི་སྐད་གྱིས་མི་སྨྲ་བར་སྒྲ་ཇི་བཞིན་དུ་སྨྲ་བ་ནི་དམ་ཚིག་ཉམས་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །དམ་ཚིག་ཉམས་པ་ནི་འཚེ་བ་དང་། རྐུན་མོ་དང་། གདོན་རྣམས་དང་དུག་ལ་སོགས་པས་སངས་རྒྱས་ཀྱང་ཉམས་པར་འགྱུར་ན་གཞན་ལྟ་སྨོས་ཀྱང་ཅི་དགོས། དེའི་ངེས་པ་ཡང་། རང་གི་དམ་ཚིག་གི་རིགས་རྙེད་ནས་འདི་ལྟ་བུའི་ཚུལ་སྟོང་གི་སྒྲ་སྒྲོགས་པའོ། །ཀ་རུ་ཎི་ཀི་ཨ་ཨི་ཎ་རོལ་སྙིང་རྗེས་ཀུ་ཅོ་མི་བྱེད་པ་ཅེས་སོ། །དེའི་བཟའ་བ་དང་བཏུང་བ་ཅི་ཞེ་ན། ཏ་ཧི་བྷ་ལ་ཁ་ཛྫ་ཨི་དེར་ནི་སྒྲིམས་ཏེ་ཤ་ཡང་བཟའ་ཅེས་པའོ། །ནང་དུ་ནི་རྣམ་པར་རྟོག་པའི་ཤ་ཟ་བའོ། །ཕྱི་རོལ་དུ་བདེ་བ་རྒྱས་པའི་དོན་དུའོ། །ག་ཊེ་མ་ཨ་ནི་ཛ་ཨ་ཨི། ཉིན་མཚན་ཆང་ནི་བཏུང་བའོ་ཅེས་པའོ། །ནང་དུ་ནི་དེ་ཁོ་ན་ཉིད་རྟོག་པའི་ཆང་འཐུང་བའོ། །ཕྱི་རོལ་དུ་བདེ་བ་རྒྱས་པའི་དོན་དུའོ། །ཧ་ལེ་ཀཱ་ལིཉྫྱར་པ་ནི་ཨ་ཨི། དམ་ཚིག་ཅན་རྣམས་གཞུག་པར་བྱ། བདེ་སྟོང་གི་རྟོགས་པ་དང་ལྡན་པའི་དབང་ཐོབ་ལ་མ་ཉམས་པ་རྣམས་གཞུག་པའོ། །དྷུ་དྷུ་ར་བཛྭི་ཨ་ཨི། སྐལ་མེད་རྣམས་ནི་མི་གཞུག་སྟེ་ཅེས་པ་དབང་མ་ཐོབ་པ་དང་ཐོབ་ཀྱང་ཉམས་པ་དང་། ལོག་ལྟ་ཅན་རྣམས་རིང་དུ་སྤངས་པའོ། །དེ་དུས་ཀྱི་བཟའ་བ་གང་ཞེ་ན། ཙ་ཨུ་ས་མ་ཀ་ཙྪུ་རི་ཅེས་པ་བཞི་མཉམ་དང་ནི་གླ་ཙི་དང་། ཅེས་སོ། །སི་་ག་པཱུར་ལ་ཨ་ཨི་ཅེས་པ་སི་ལ་དང་ནི་ག་པུར་དང་ཅེས་སོ། །མ་ལཱ་ཨི་ཙན་དན་ནོ། །ཨིནྷ་ནམ་ཚོད་མའོ། །ས་ལི་ཛེ་ཤ་ཆེན་ལས་བྱས་པའི་ཚོད་མའོ། །དྷ་ཧི་བྷ་རུ་ཁ་པི་ཨ་ཨི་ཅེས་པ། དེར་ནི་བཟའ་ཞིང་བཏུང་བར་བྱ་ཅེས་ཕྲོཾ་ཁ་ཎ་ཀྵ་ཊ་ཀ་ར་ནྷེ་ཀ་ར་ནྷེ། འགྲོ་དང་འོང་པ་མི་རྟག་པར་ཅེས་སོ། །ཤུདྷཱ་ཨ་ཤུདྷ་ནི་མ་ཎི་ཨ་ཨི། དེར་ནི་དག་དང་མ་དག་སྤངས་ཅེས་སོ། །དེའི་དུས་ཀྱིས་རྒྱན་ནི། ནི་རང་ཤུ་ཨོཾ་གྷ་ཙཊ་ཝི་ཅེས་པ་མིའི་རུས་པའི་གང་ལགས། རིགས་ཀྱི་ལེའུ་ལས་རྩའི་གཙོ་མོ་སུམ་ཅུ་སོ་གཉིས་བཅུ་དྲུག་པ་གཉིས་སུ་འགྱུར་བ་ནི་དེ་རྣམས་སོ་སོའི་རྣམ་པར་དག་པ་གང་ལགས་བཤད་དུ་གསོལ་ཞེས་སོ། །གཞུང་གི་དོན་ལ་གཉིས་ཏེ། ཞུས་པ་དང་རྗེས་སུ་འབྲེལ་བའི་ལན་དང་། ཐུན་མོང་གི་གསལ་བྱེད་དོ། །དང་པོ་ལ་བཞི། གླུ་གར་ཅི་ལྟར་བྱ་བ། ཕྱག་རྒྱའི་དོན། ལྷ་མོ་རྣམས་ཀྱི་ས་བོན་རྫོགས་པའི་རིམ་པ་རྒྱས་བཤད་དོ། །དང་པོ་ལ་བཞི་ལས་གླུ་གར་དངོས་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས་བསྒོམ་པ་ཉིད་ཞེས་པའི་བར་གྱིས་གླུ་གར་ཏེ། གླུ་གར་གྱི་དུས་ནི། དཀྱིལ་འཁོར་བསྒྲུབ་པ་དང་། ཚོགས་ཀྱི་འཁོར་ལོ་དང་། སྤྱོད་པའི་དུས་སུ་བྱེད་དེ། དུས་ནི་ཚོགས་དང་སྤྱོད་པ་བཞི་ཞེས་བཤད་དོ། །ཕན་ཡོན་ནི་གླུ་གར་གྱི་འོག་ནས་འཆད་དོ། །གླུའི་དོན་ནི་སྨན་ལུགས་པ་མཚོ་སྐྱེས་ཀྱི་བཤད་པ་ལྟར་ཕྱི་ནང་དུ་སྦྱར་ནས་མང་དུ་འཆད་ཀྱང་། ལྷོ་པ་ལ་ཕྱི་བཤད་འདི་ཙམ་ལས་མེད་གསུང་། འདིར་ནི་ཕྱི་ནང་གཉིས་ལས། ཀོ་ལ་ཨི་རི་ཥྛི་ཨ་བྷོ་ལ། བྷོ་ལ་ནི་རྡོ་རྗེ། ཀོ་ལ་ནི་སུ་ཀ་སྟེ་བདེ་བའོ། །ཨི་རིཥྛི་ནི་བྱང་ཆུབ་ཀྱི་སེམས་བཟུང་པོའོ། །མུ་མུ་ནི་རི་ཀ་ཀྐོ་ལ། མུ་མུ་ནིའི་སྒྲས་ལྟེ་བའི་དཀྱིལ་འཁོར་རོ་ཀ་ཀྐོ་ལ་ནི་བུད་མེད་ཀྱི་པད་མ་སྟེ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལས་འདྲེན་པར་བྱེད་པའི་དོན་ནོ། །གྷ་ན་ཀྲི་པི་ཏ་ཧོ་བྷན་ཇཱ་ཨ་ཨི་ཅེས་པ་རྒྱུད་དུ་ཅང་ཏེའུ་སྒྲ་སྒྲོགས་ཅིང་ཅེས་པའོ། །ནང་དུ་དགའ་བ་སྒྱུ་མ་ལྟ་བུའི་སྒྲའོ། །དོན་བདེ་མི་སྤྱོད་པ་ནི་རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་དྭངས་སྙིགས་ཀྱི་གནས་བཞི་ལས་རྣལ་འབྱོར་མ་རྣམས་ཁྲོ་བར་འགྱུར་བའི་ཕྱིར་རོ། །འདི་ནི་རྡོ་རྗེ་ཐེག་པ་ལས་དམ་ཚིག་གཙོ་བོར་བསྟན་པ་ཡིན་ནོ། །ལེའུ་ཡི་མཚན་ནི། ཀྱེའི་རྡོ་རྗེ་མཁའ་འགྲོ་མ། དྲ་བའི་སྡོམ་པ་ལས། རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་བའི་སྐད་ལ་སོགས་པ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།ལེའུ་འདི་ནི་བརྟག་པ་དང་པོའི་ཐེ་ཚོམ་གྱི་གནས་བཞི་སེལ་བ་དང་གཏོར་མ་ལ་སོགས་པ་རྒྱས་པར་འཆད་པའོ། །འདི་ལ་གསུམ། ཞུ་བའི་ཚིག་གིས་མཚམས་སྦྱར་བ་དང་། གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །དང་པོ་ནི་དེ་ནས་ཞེས་པ་ནས་རྣམ་དག་བཤད་དུ་གསོལ་ཞེས་པའི་བར་ཏེ། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་། རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཐེ་ཚོམ་དུ་གྱུར། བློ་ཡི་སྒྲོ་འདོགས་མ་ཆོད་པས་ཡིད་གཉིས་སུ་གྱུར་ཏེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་གསོལ་བ། སྦྱོང་བའི་ལེའུ་ལས་གླུ་དང་གར་དངོས་གྲུབ་སྦྱིན་པས་རྟག་དུ་བྱའོ་ཞེས་གསུང་ན། སྔར་མ་གསུངས་པས་ཐེ་ཚོམ་མཆིས་སྟེ་གླུ་དང་གར་ཅི་ལགས། ལྷའི་ལེའུ་ལས་ཞེ་སྡང་ལ་སོགས་པ་དག་པའི་ཕྱག་རྒྱ་ཡི་རྒྱས་གདབ་དེ་རྣམས་ལ་ཐེ་ཚོམ་མཆིས་ཏེ་ལྷ་མོ་གང་ལ་རིགས་བདག་གང་གིས་རྒྱས་གདབ་པ་ལགས། སྔགས་ཀྱི་ལེའུ་ལས་གསུངས་པའི་བདག་མེད་མ་ལ་སོགས་པའི་ས་བོན་རྒྱན་གྱིས་བརྒྱན་པའོ། །དེའི་གདན་ཅི་ཞེ་ན། ཏ་ཧི་ཛ་ས་ར་རྦ་བ་ནི་ཨ་ཨི་འོག་ཏུ་རོ་ནི་གཞུག་པར་བྱ་ཅེས་སོ། །མ་ལ་ས་ཛེ་ཀུ་དྷུ་དྷུ་བ་ཊ་ཨི་རེར་ནི་རིགས་ནི་མི་སྤང་པར། འཁྲིག་པས་འདུ་བ་ཉིད་དུ་བྱ་ཅེས་སོ། །རིནྷི་མ་ཏ་ཧི་ནཱ་བཛྭ་ཨ་ཨི་ཅེས་པ། རིགས་གཅིག་སྦྱོར་བས་བཟུང་བར་བྱ་ཅེས་སོ། །ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་ཁུ་ཁྲག་གི་རྒྱུ་ལས་བྱུང་བར་རིགས་གཅིག དོན་དམ་པར་ལྷན་ཅིག་སྐྱེས་པའི་བདེ་བ་སྤྲོས་བྲལ་དུ་རོ་གཅིག་པའོ། །འདི་དག་ལ་སློབ་དཔོན་མཚོ་སྐྱེས་ཀྱིས་བཤད་པའི་རྣམ་གྲངས་གསུམ་མཛད་ཀྱང་འདིར་ནི་དེ་ཙམ་དུ་བསྡུས་སོ། །ལེན་པའི་ཐབས་ནི་དང་པོའི་ཚིག་རྐང་གཉིས་པ་ཐ་མའི་ཚིག་རྐང་གཉིས་སྦྱར་ནས་ལེན་པ་ནི་ཛ་མ་ནིའི་སྡེབ་སྦྱོར་ཡིན་ཏེ། དེ་ལྟར་ཚིག་རྐང་གཉིས་གཉིས་པ། ཐ་མ་གཉིས་སྦྱོར་ཛ་མ་ནི་ཅེས་སོ། །དང་པོའི་ཚིག་རྐང་བཞི་ལ། ཐ་མ་ནས་གཉིས་སྦྱར་ནས་ལེན་པ་ནི། ཛ་མ་ནའི་སྡེབ་སྦྱོར་ཡིན་ཧེ། དེ་ལྟར་ཚིག་རྐང་གཉིས་གཉིས་པ། ཐ་མ་ནས་གཉིས་སྦྱར་ནས་ལེན་པ་ནི། དྷུ་ར་ཀ་ཏའི་སྡེབ་སྦྱོར་ཡིན་ཏེ་ཚིག་རྐང་བཞི་ལ་གཉིས་སྦྱར་བ། དྷུ་ར་ཀ་ཏའི་སྡེབ་སྦྱོར་ཏེ། ཅེས་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ནས་སོ། །དེ་ལྟར་ཕྱི་ནང་གི་གླུ་ལེན་པ་ཡང་། དྲན་པའི་རྒྱུན་རྟོག་པ་གཞན་གྱིས་མི་འཕྲོགས་པའི་རྣལ་འབྱོར་པས། ཧེ་རུའི་ཀའི་རྣལ་འབྱོར་གྱི་གཟུགས་ཀྱིས་ལུས་ཀྱི་རྣམ་པ་ཐམས་ཅད་གྱུར་དུ་འགྱུར་ཏེ། ཆགས་བྲལ་ནི་བྱང་ཆུབ་ཀྱི་སེམས་ཉམས་པ་ལ་ཟེར་བས། འདིར་འཛག་པ་མེད་པར་གོམས་པ་ལས་བདེ་བ་ཆེན་པོའི་སེམས་ཀྱི་ཆགས་པའི་སེམས་བསྒོམ་པའོ། །དེ་དུས་ཀྱི་ལྷའི་རྣལ་འབྱོར་ནི། རྡོ་རྗེ་ཆོས་ཞེས་པའི་ཚིགས་བཅད་གཅིག་སྟེ། རྡོ་རྗེ་ཆོས་ནི་གསུང་རྡོ་རྗེ་ལ་སོགས་པའི་སངས་རྒྱས་ལྔའམ། རྣལ་འབྱོར་མ་བདག་མེད་མ་འཁོར་མ་མོ་བརྒྱད་དམ་བཅུ་བཞི་དང་བཅས་པའི་གླུ་དང་གར་འདི་དག་གིས་ལེགས་པར་གླུ་བླང་གར་ཡང་བྱ་ཞེས་སོ། །གླུ་གར་གྱི་ཕན་ཡོན་ནི། འདི་ཉིད་ལ་སོགས་པའི་ཚིག་རྐང་བདུན་ཏེ། གླུ་འདི་ཉིད་ཀྱིས་ཚོགས་བསྲུང་པ་དང་། བདག་ཀྱང་བསྲུང་ཞིང་འཇིག་རྟེན་དབང་དུ་ཡང་བྱེད་དོ། །འདི་ཉིད་ཡིད་སྐྱོབ་པའི་དོན་གྱི་སྔགས་ཀྱི་བཟླས་པ་ཡང་ཡིན་ནོ། །དེ་ལྟ་བུ་ལ་གུས་པས་གླུ་ལེན་པ་དང་གར་བྱེད་པ་ཡང་ཚོགས་ཀྱི་བདག་པོ་སློབ་དཔོན་གྱི་སྔར་བྱས་ནས། དེ་ནས་གཞན་གྱིས་ཀྱང་བྱ་བ་ཡིན་ནོ། །དངོས་གྲུབ་ཀྱི་རྟགས་ནི། དེ་ལ་ཞེས་པའི་ཚིག་རྐང་དགུ་སྟེ། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་སྐབས་སུ་མཁའ་འགྲོ་མ་འདུ་བའི་དྲི་མཚོན་པར་བྱ་སྟེ། ཐོག་མར་འཇིག་རྟེན་གྱིས་མཁའ་འགྲོ་མ་རྣམས་ཀྱི་རྟགས་སུ་སྒོག་པ་དང་བྱ་རྒོད་ཀྱི་དྲིའོ། །ཡེ་ཤེས་པ་ལ་ནི་ག་པུར་དང་ཙན་དན་གྱི་དྲིའོ། །དེ་བཞིན་དུ་ངང་པ་དང་བུང་བའི་སྒྲ་དང་། བ་ལང་ཛི་ནི་ལྕེ་སྤྱང་གི་སྒྲ་ཡང་མཚོན་པ་སྟེ་བྱིན་བརླབ་ཀྱི་རྟགས་སོ། །དེ་ལྟར་གླུ་གར་བསྟན་ནས། ཕྱག་རྒྱའི་དོན་ལ་གསུམ་ལས། ཕྱག་རྒྱའི་དགོས་པ་ནི། ཚིག་རྐང་གཉིས་ཏེ་ཕྱ་རྒྱའི་འདི་དག་ནི་རིགས་སོ་སོ་རྟགས་དང་མཚན་མ་སྟེ་འདིས་ནི་རིགས་མཚོན་པར་བྱའོ། །རྒྱས་མ་བཏབ་པའི་ཉེས་པ་ནི་ཚིག་གཉིས་ཏེ། འདི་ལྟར་རང་གི་རིགས་དང་། ལུས་སེམས་དང་རྒྱུ་འབྲས་ཀྱི་རྒྱས་གདབ་པ་མ་ཡིན་པས་རིཊ་འཚོལ་བ་བསྒོམ་པའི་སྦྱོར་བ་ལས། མཆོག་དང་ཐུན་མོང་གི་དངོས་གྲུབ་མེད་ཅིང་བསྒྲུབ་པ་པོ་མེད་པར་འགྱུར་རོ། །རྒྱས་གདབ་དངོས་ནི། ཞེ་སྡང་ཕྱག་རྒྱ་ལ་སོགས་པའི་ཚིགས་བཅད་བཞི་སྟེ། དེ་ལས་དང་པོ་རང་གི་ངོ་བོ་རྣམ་པར་དག་པའི་རྒྱས་གདབ་ནི། བདག་མེད་པ་ཞེ་སྡང་གིས་ལ་ཞེ་སྡང་གི་དག་པ་མི་བསྐྱོད་པས་རྒྱས་གདབ་བོ། །དེ་བཞིན་དུ་གཏི་མུག་དག་པ་རྣམ་པར་སྣང་མཛད་གྱིས་རྡོ་རྗེ་མ་ལའོ། །སེར་སྣ་དག་པ་རིན་ཆེན་འབྱུང་ལྡན་གྱིས་དཀར་མོ་ལའོ། །འདོད་ཆགས་དག་པ་འོད་དཔག་མེད་ཀྱིས་ཆུ་མ་ལའོ། །ཕྲག་དོག་དག་པ་དོན་ཡོད་གྲུབ་པས་མཁའ་འགྲོ་མ་ལའོ། །དེ་ནས་རྒྱས་གདབ་མ་ལོག་པ་ནི། ཞེ་སྡང་དག་པས་པུ་ཀ་སི་དང་དཀར་མོ་གཉིས་སྐུའི་རང་བཞིན་ལ་ཐུགས་ཀྱི་རྒྱས་གདབ་དང་རི་ཁྲོད་མ་དང་ཆོམ་རྐུན་མ་ཐུགས་ཀྱི་རིགས་ལ་སྐུའི་རྒྱས་གདབ་དང་། གདོལ་པ་མོ་དང་རོ་ལངས་ལ་རྒྱུ་ལ་འབྲས་བུ་རྒྱས་གདབ་དང་། གཡུང་མོ་དང་གྷ་སྨ་རི་ལ་འབྲས་བུ་ལ་རྒྱུ་ཡིས་རྒྱས་གདབ་དང་། དེ་བཞིན་དུ་མཁའ་སྤྱོད་མ་དང་ས་སྤྱོད་མ་ལ་བདེ་བ་ལ་སྟོང་པ་དང་སྟོང་པ་ལ་བདེ་བའི་རྒྱས་གདབ། འོག་ནས་རྒྱས་པར་འཆད་པ་ལྟར་སོ་སོའི་རྒྱས་གདབ་ཏུ་ཤེས་པར་བྱའོ། །ལྷ་མོ་རྣམས་ཀྱི་ས་བོན་ནི། ཨ་ལི་དང་པོ་ཞེས་པའི་ཚིགས་སུ་བཅད་པ་བཞི་སྟེ། དེ་ཡང་ཨ་ཐུང་ངུ་ནི་བདག་མེད་མ། རིང་པོ་ནི་རྡོ་རྗེ་མ། ཨི་ཐུང་ངུ་དཀར་མོ། རིང་པོ་ནི་ཆུའི་རྣལ་འབྱོར་མ། ཨུ་ཐུང་ངུ་ནི་རྡོ་རྗེ་མཁའ་འགྲོ་མ། རིང་པོ་ནི་པུ་ཀ་སི། རི་ཐུང་ངུ་ནི་རི་ཁྲོད་མ། རིང་པོ་ནི་སྨེ་ཤ་ཅན། ལི་ཐུང་ངུ་ནི་གཡུང་མོ། རིང་པོ་ནི་དཀར་མོ། ཨེ་ཐུང་ངུ་ཆོམ་རྐུན་མ། རིང་པོ་རོ་ལངས་མ། ཨོ་ཐུང་ངུ་གྷ་སྨ་རི། རིང་པོ་ས་སྤྱོད་མ། ཨཾ་ནི་མཁའ་སྤྱོད་མ་སྟེ་རྣལ་འབྱོར་མ་རྣམས་ཀྱི་ས་བོན་ནོ། །རྫོགས་པའི་རིམ་པ་རྒྱས་པར་བཤད་པ་ལ་གསུམ། ཡེ་ཤེས་ཀྱི་རྟེན་གྱི་རྣམ་དག དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་མི་སྤང་པར་བསྟན་པ། དེ་སྔོན་དུ་བྱེད་པའི་ཐབས་སོ། །དང་པོ་ནི་གཉིས་ལས། རྩ་རྣམས་ལྷ་མོ་བཅྭོ་ལྔར་དག་པ་ནི། རིགས་ཀྱི་ལེའུ་ཞེས་པའི་ཚིག་རྐང་དྲུག་སྟེ། དེ་ཡང་རྩ་རྣམས་ལེའུ་དང་པོར་རྒྱས་པར་བསྟན་པ་བཞིན་དུ། རྩ་གཉིས་གཉིས་རྣལ་འབྱོར་མ་རེ་རེས་བསྡུས་ཏེ། རྩ་གསུམ་པོ་ནི་བདག་མེད་མས་བསྡུས་ལ། ཤན་ཏི་པ་ནི་བདུད་བྲལ་མ་ཡང་མཁའ་སྤྱོད་མས་བསྡུས་པར་བཞེད་དོ། །འདིར་བཅུ་དྲུག་པ་སྤང་པའི་རྒྱུ་མཚན་ནི། གང་ཕྱིར་ཞེས་པའི་ཚིག་རྐང་བདུན་ཏེ། འདིར་གང་ཕྱིར་བཅུ་དྲུག་གི་ཆ་མེད་པས་ཕྱི་རོལ་གྱི་དུས་སྦྱོར་དང་མཐུན་པར་འབད་པས་ཀུན་གྱི་ལྷག་མ་བདུད་བྲལ་མ་སྤང་པའོ། །ཅིའི་སླད་དུ་ཞེ་ན་བདེ་བ་འཕེལ་བའི་དོན་གྱི་བྱ་བ་མི་བྱེད་པའི་ཕྱིར་རོ། །ལྷ་མོ་བཅོ་ལྔ་དག་པའི་རྩ་སུམ་ཅུས་ཐིག་ལེ་འཕེལ་བའི་བྱ་བ་བྱེ་དེ། དབུ་མ་ནི་གང་བའི་ཆའོ། །དེ་ལྟར་བཅྭོ་ལྔའི་ཆའི་བདག་ཉིད་ཀྱི་ཕྱིར་ཟླ་བ་བྱང་ཆུབ་ཀྱི་སེམས་སུ་གྱུར་བའི་བདེ་བ་ཆེན་པོ་ཨ་ལི་དག་པའི་གཟུགས་ཏེ་རྣལ་འབྱོར་མ་རྣམས་ཀྱང་དེའི་ཆའོ། །དེ་ལྟར་ཡང་དུས་ཀྱི་འཁོར་ལོ་ལས། སོར་མོའི་ཚིགས་ནས་གཙུག་གཏོར་བར་དུ་འགྲོ་སྟེ་ཚེས་ཀྱི་དབང་ལས་ཉའི་མཐར་ཡང་རང་གི་སེམས། ཨ་ནི་གཙུག་གཏོར་ནས་ནི་ནག་པོའི་ཕྱོགས་ཀྱི་མཐར་ཡང་འདིར་ནི་སོར་མོ་རྣམས་སུ་འགྲོ་བར་འགྱུར། ཅེས་པའི་འགྲེལ་པ་ནས། འདིར་དཀར་པོའི་ཕྱོགས་རྐང་པ་གཡོན་པའི་མཐེ་བོང་ལ་སོགས་པའི་ཟླ་བའི་ཆ་འཕེལ་ཏེ། ཚེས་དང་པོ་ནི་སོར་མོའི་ཚིགས་དང་པོ་ཉིད་ལའོ། །ཚེས་གཉིས་པ་ནི་ཚིགས་གཉིས་པའོ། །ཚེས་གསུམ་པ་ནི་སོར་ཚིགས་གསུམ་པ་ལའོ། །ཚེས་བཞི་ལ་ལོང་བུར་རོ། །ལྔ་པ་པུས་མོ་རོ། དྲུག་ལ་དཔྱི་མགོའི་ཚིགས་སོ། །བདུན་པ་ལ་ལག་པ་གཡོན་པའི་སེན་མོའི་ཚིགས་སོ། །བརྒྱད་པ་ལ་ཚིགས་བར་པ་ལའོ། །དགུ་པ་ལ་ཚིག་གསུམ་པ་ལའོ། །བཅུ་པ་ལ་འཁྲིག་མའི་ཚིགས་ལའོ། །བཅུ་ཅིག་ལ་གྲུ་མོའི་ཚིགས་ལའོ། །བཅུ་གཉིས་པ་ལ་ཕྲག་པའི་ཚིགས་ལའོ། །བཅུ་གསུམ་པ་ལ་སྙིང་ཀར་རོ། །བཅུ་བཞི་པ་ལ་མགྲིན་པར་རོ། །ཉ་ལ་དཔྲལ་བར་རོ། །ཉའི་མཐར་གཙུག་གཏོར་དུའོ། །ནག་པོའི་ཚེས་ཅིག་ལ་དཔྲལ་བར་རོ། །གཉིས་ལ་མགྲིན་པར་རོ། །གསུམ་ལ་སྙིང་ཀར་རོ། །དེ་བཞིན་དུ་དཔུང་མགོ་དང་། གྲུ་མོ་དང་། འཁྲིག་མ་དང་། ལག་པ་གཡས་པའི་སོར་མོའི་ཚིགས་པ་ལ་གསུམ་དང་། བརླ་དང་། དཔུས་མོ་དང་། ལོང་བུའི་ཚིགས་ལ་གསུམ་དང་། རྐང་པ་གཡས་པའི་སོར་མོའི་ཚིགས་ལ་གསུམ་སྟེ། གནམ་སྟོང་གི་མཐར་བསྡུད་པའི་རིམ་པས་ནག་པོའི་ཕྱོགས་སོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་རྣལ་འབྱོར་མའི་རང་བཞིན་བདུད་བྲལ་མ་ནི་ཐབས་ཀྱི་ཆ་སྟེ་རིམ་པ་འདི་ནི་སྡོམ་འབྱུང་ལ་སོགས་པ་ནས་ཀྱང་གསུངས་སོ། །དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་མི་སྤང་བར་བསྟན་པ་གཉིས་ལས། ཞུས་པ་ནི། རྡོ་རྗེ་སྙིང་པོས་ཞེས་པའི་ཚིག་ལྔ་སྟེ། དེ་ལྟ་བུའི་ཁམས་བྱང་ཆུབ་ཀྱི་སེམས་ཅི་ལྟར་བསྒྲུབ་པར་བྱ་བ་རྡོ་རྗེ་སྙིང་པོས་གསོལ་བ། རྣལ་འབྱོར་མ་ཀུན་ལ་དཔའ་བོ་དང་སྦྱོར་བ་ལས་བྱུང་བའི་བདེ་བ་ཡབ་ཡུམ་གཉིས་ལྷན་ཅིག་ཚོགས་པ་ལས་སྐྱེས་པའི་ལྷན་ཅིག་སྐྱེས་པའི་དགའ་བ་བཞིའི་རང་བཞིན་འཕེལ་འགྲིབ་མེད་པ་བཏུང་བའི་མཆོག་བདུད་རྩི་དང་མཚུངས་པ་ནི། མཐའ་དབུས་མེད་པ་ནམ་མཁའི་མཚན་ཉིད་དང་འདྲ་བར་འདུག་པས་ག་བུར་གྱི་བདག་ཉིད་ཁུ་བ་ཅིའི་ཕྱིར་མི་སྤང་ཞེས་སོ། །ལན་ནི་ཚིག་གཉིས་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འོག་ནས་ཅི་སྐད་དུ་སྨྲ་བ་དེ་བཞིན་དུ་ཉམས་པ་མེད་པར་བྱའོ། །མངོན་དུ་བྱེད་པའི་ཐབས་ལས་ཞུས་ལན་གཉིས་ལས། ཞུས་པ་ནི་རྡོ་རྗེ་སྙིང་པོས་གསོལ་བ། ཐབས་གང་གིས་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལགས་ཞེས་སོ། །ལན་ལ་གསུམ་ལས། མདོར་བསྟན་དང་། རྒྱས་བཤད་དང་། སྡོམ་པའི་དབྱེ་བ་ཤིན་དུ་རྒྱས་བཤད་དོ། །དང་པོ་ནི་བཅོམ་ལྡན་འདས་ཞེས་པའི་ཚིག་རྐང་བདུན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་དཀྱིལ་འཁོར་འཁོར་ལོའི་ཚོགས་བསྒྲུབ་ཀྱི་ཐབས་དང་། བདག་བྱིན་གྱིས་བརླབས་པའི་རིམ་པས་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རབ་དུ་བསྐྱེད་དོ། །དེ་གང་ཞེ་ན། ཀུན་རྫོབ་ནི་ཀུན་དྷ་ལྟ་བུ་དང་། དོན་དམ་པ་ནི་བདེ་བ་ཆེན་པོའི་གཟུགས་ཅན་ནོ། །རྒྱས་བཤད་ལ་གཉིས་ཏེ་དཀྱིལ་འཁོར་འཁོར་ལོ་དང་། རང་བྱིན་གྱིས་བརླབ་པའོ། །དང་པོ་ལ་ལྔ་ལས། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་གནས་ནི། བུད་མེད་ཞེས་པའི་ཚིག་དྲུག་སྟེ། བྱེ་བྲག་ཏུ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བདེ་བ་འཕེལ་བའི་ཐབས་ཕྱག་རྒྱའི་ཀོ་ལ་སྟེ་མཁའ་བདེ་བ་ཆེན་པོའི་རང་བཞིན་གྱི་ཨེ་བྂ་རྣམ་པར་སྦྱོར་བ་རང་བཞིན་གྱི་བདེ་བ་འཛག་པ་མེད་པར་བསྲུངས་པ་ཉིད་ཀྱི་ཕྱིར་བདེ་བ་ཅན་ཞེས་རབ་ཏུ་བསྒྲགས་པ་མཆོག་ཏུ་མ་འགྱུར་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་པ་རྣམས་ཀྱི་གནས་སུ་བརྗོད་དོ། །བདེན་པ་གཉིས་ཀྱི་རྣམ་བཞག་ནི། དེ་ཉིད་འཁོར་བ་ཞེས་པའི་ཚིགས་སུ་བཅད་པ་ཕྱེད་དང་བཞི་སྟེ། དེ་ལྟར་བདེ་བས་མཚོན་ནས་འཁྲུལ་པ་བརྒྱུད་པ་རང་ངོ་མ་ཤེས་པས་དེ་ཉིད་འཁོར་བ་ཞེས་བྱ་སྟེ། འཁྲུལ་པ་དང་གཟུང་འཛིན་གྱི་རང་ངོ་ཤེས་པ་དེ་ཉིད་མྱ་ངན་ལས་འདས་པ་ཉིད་ཅེས་བྱའོ། །འོ་ན་འཁོར་བའི་རང་བཞིན་གཟུང་འཛིན་སྤངས་པས་མྱ་ངན་ལས་འདས་པ་ཐོབ་བམ་ཞེ་ན། འཁོར་བ་སྤངས་ནས་གཞན་དུ་ནི། མྱ་ངན་ལས་འདས་པ་རྟོགས་མི་འགྱུར་ཅེས་པས། འཁོར་བའི་རང་བཞིན་རྟོགས་པ་ཉིད་མྱ་ང ན་ལས་འདས་པའོ། །འཁོར་བའི་རང་བཞིན་དེ་གང་ཞེ་ན་དབང་པོ་དང་ཡུལ་ལ་བརྟེན་ནས་སྐྱེས་པའི་རྣམ་པར་ཤེས་པས་སོ་སོའི་ཡུལ་ལ་གཟུང་བ་དང་འཛིན་པ་ཞུགས་པས་འཁོར་བ་ཡིན་ཏེ་འཁོར་བ་གཟུགས་དང་སྒྲ་ལ་སོགས་པའོ། །དེ་བཞིན་དུ་འཁོར་བ་ཚོར་བ་ལ་སོགས་བའི་ཕུང་པོར་འཛིན་པ་ཡང་ཡིན་ནོ། །དེ་བཞིན་དུ་དབང་པོ་རྣམས་ཀྱི་གཟུང་འཛིན་ཀྱང་འཁོར་བ་ཉིད་ཡིན་ལ། དེས་བསྐྱེད་པའི་ཞེ་སྡང་ལ་སོགས་བ་རྩ་བའི་ཉོན་མོངས་པ་རྣམས་ཀྱང་བདག་དང་བདག་གི་བ་གཟུང་བ་དང་འཛིན་པའི་རྣམ་པར་ཤར་བ་ཐམས་ཅད་འཁོར་བ་ཉིད་དོ། །འོ་ན་སྔར་བཤད་པའི་ཆོས་དེ་དག་ཐམས་ཅད་འཁོར་བ་ཡིན་གྱིས་མྱ་ངན་ལས་འདས་པའི་ཆ་གཏན་ནས་མེད་དམ་ཞེ་ན་དེ་དག་གི་ཆོས་ཉིད་རྟོགས་པ་ཁོ་ན་མྱ་ངན་ལས་འདས་པ་ཡིན་ཏེ་འདི་རྣམས་ཆོས་ནི་མྱ་ངན་འདས་ཅེས་སོ། །བདག་དང་བདག་གི་བ་དང་གཟུང་འཛིན་གྱིས་རྨོངས་པའི་ཕྱིར་འཁོར་བའི་གཟུགས་ཅན་ཏེ། རྨོངས་པ་དེ་དག་དང་བྲལ་བས་འཁོར་བ་དག་པ་ནི། འཁོར་བའི་རང་བཞིན་མྱ་ངན་ལས་འདས་པར་འགྱུར་པའོ། །དེ་ལྟར་ཡང་སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པས་རྣམ་འགྲེལ་ལས། །བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཀུན་འབྲེལ་བས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་སོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་མྱ་ངན་ལས་འདས་པ་དེ་རྟོགས་པར་བྱེད་པ་ལ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ངོ་བོ་ཉིད་ལ་རྟེན་ནས་ཡེ་ཤེས་དེ་མངོན་དུ་བྱེད་པར་འགྱུར་རོ། །རྟེན་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་ནི། ཤིན་དུ་བཞིན་བཟངས་ཞེས་པའི་ཚིག་རྐང་དྲུག་སྟེ། འདིར་པད་མ་ཅན་ལ་སོགས་པ་ཤིན་དུ་བཞིན་བཟང་ཞིང་ཡོན་ཏན་གྱི་མིག་ཡངས་པ། གཟུགས་དང་ལང་ཚོས་བརྒྱན་པ། མདོག་སྔོ་བསངས་ལ་ཞི་རིགས་ལྔའི་ནང་ནས་བཟང་པ་རྡོ་རྗེའི་རིགས་ཁམས་དཀར་དམར་འབྱུང་བའི་གནས་རང་གིས་དབང་བསྐུར་བ་སྙིང་རྗེ་ཅན་སྐྲ་བཟང་བ་ལག་པའི་ཆད་ཅན་སྒྲུབ་པ་པོ་ལ་དགའ་བ་ནི་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་དོ། །དེ་ཉིད་བསྟེན་པའི་ཐབས་ནི། དེར་ནི་ཞེས་པའི་ཚིག་དྲུག་སྟེ་ཐོག་མར་བྱང་ཆུབ་ཀྱི་སེམས་བསྒྲུབ་པའི་ཕྱིར། མ་ད་ན་དང་བ་ལ་ལ་སོགས་པ་བཟའ་ཞིང་བཏུང་བ་དང་། རང་གཞན་གྱི་དོན་བསྒྲུབ་པའི་ཕྱིར། ལེའུ་བཅུ་ཅིག་པ་ནས་གསུངས་པ་ལྟར་ཕྱག་རྒྱའི་རྗེས་སུ་ཆགས་པས་སྙོམས་པར་འཇུག་པ་བྱེད་པའི་བརཏལ་ཤུགས་ཅན་བྱང་ཆུབ་ཀྱི་སེམས་སྦྱོང་བའོ། །བྱང་ཆུབ་ཀྱི་སེམས་མི་ཉམས་པར་བྱ་བ་འཐད་པ་དང་བཅས་པ་ནི། དེར་ནི་ཞེས་པའི་ཚིག་བཅད་གཉིས་ཏེ། དེ་ལྟར་ཐབས་ཤེས་རབ་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ག་བུར་མཁས་པས་མི་སྤང་སྟེ་བརྟན་པར་བྱའོ། །འོ་ན་ཅི་ལྟར་བྱ་ཞེ་ན། ལག་གིས་དང་དུང་ཆོས་དང་ཉ་ཕྱིས་ལྟ་བུས་བླང་པ་ནི་མ་ཡིན་ཏེ་ངེས་པར་བློ་སྟེ་ཏིང་ངེ་འཛིན་དང་། རླུང་གི་སྟོབས་ཀྱིས་བླང་ངོ་། །དེ་ལྟར་མི་ནུས་པ་རྣམས་ཀྱིས་ཀྱང་གུས་པའི་ཕྱིར་འཆི་བ་མེད་པའི་བཅུད་ལེན་གྱི་དོན་དུ་ལྕེ་ཡིས་བླང་བའོ། །དེ་ཡང་ག་བུར་ནི་བདག་མེད་མའི་རང་བཞིན་བདེ་བའི་ཚུལ་ཡིན་ནོ། །འདི་དག་ནི་དཀྱིལ་འཁོར་ཚོགས་ཀྱི་བསྒྲུབ་པ་གཞན་ལུས་ལ་བརྟེན་པའོ། །རང་བྱིན་གྱིས་བརླབ་པའི་རིམ་པ་ལ་ལྔ་ལས། དོན་དམ་བྱང་ཆུབ་སེམས་ཀྱི་གནས་ནི། ཚིག་གཉིས་ཏེ། དེ་ལྟ་བུའི་བདེ་བ་རྒྱས་གདབ་ཀྱི་དབང་དུ་བྱས་ན་ཕྱག་རྒྱ་ཆེན་པོ། དེའི་རྟེན་ནི་རང་གི་ལྟེ་བའི་དཀྱིལ་འཁོར་ན་གནས་པའོ། །ནང་གི་ཕྱག་རྒྱའི་མཚན་ཉིད་ནི། དང་པོ་ཞེས་པའི་ཚིགས་བཅད་གཉིས་ཏེ། ལྟེ་བར་གནས་པ་དེ་གང་ཞེ་ན། དང་པོའི་དབྱངས་ཡིག་ཨ་ཐུང་གི་རང་བཞིན་ཏེ་དེ་ཉིད་ཤེས་རབ་མ་ཞེས་སངས་རྒྱས་རྣམས་ཀྱིས་བཏགས་སོ། །རང་ལུས་ཐབས་ལྡན་གྱི་རྫོགས་རིམས་ལ་དེ་ཉིད་རྣམ་པར་རྟོག་པ་འཇོམས་ཤིང་བདེ་སྟོང་གི་རྟོགས་པ་དང་ལྡན་པར་བྱེད་པའི་ཤེས་རབ་མ་སྟེ་དེ་ནི་ཨ་རིང་པོ་མ་ཡིན་ལ་ཐུང་བ་མ་ཡིན་ཏེ་ཐམས་ཅད་ལ་ཁྱབ་པ་གྲུ་བཞི་དང་ཟླུམ་པོ་མ་ཡིན་ཏེ་ཟུར་གསུམ། དྲི་རོ་ལ་སོགས་པའི་མྱ་ངན་གཅོད་པར་བྱེད་པའི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེར་བར་བྱེད་པ་ཅན་ཡིན་ནོ། །དེའི་བདེ་བ་ལོངས་སྤྱད་པ་ནི་ཚིག་གཉིས་ཏེ། ཨ་ཐུང་ངུ་དེ་ལས་སྐྱེས་པའི་རྣལ་འབྱོར་པ་དེའི་བདེ་བ་བཟའ་བས་ཏེ་བསྒོམ་པར་བྱ་བ་འགྱུར་རོ། །དེ་ཉིད་ཀྱི་ཡུལ་དྲུག་ལས་རྒྱས་གདབ་པ་ནི། དེ་དང་ཞེས་པའི་ཚིག་རྐང་དྲུག་སྟེ། དེ་ལྟར་ནང་གི་ལྷན་ཅིག་སྐྱེས་པའི་ཕྱག་རྒྱ་དམ་ཚིག་ཆེན་པོ་དེ་ཉིད་བདེ་བ་སྦྱིན་ཅིང་དངོས་གྲུབ་དུ་འགྱུར་པའི་ཕྱིར། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་ཁམས་རྣམས་ཤེས་རབ་དེ་ཉིད་ཀྱིས་རྒྱས་གདབ་ཅིང་སྤྱད་པར་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱའོ། །མདོར་བསྟན་རྒྱས་བཤད་ཀྱིས་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། དེ་ཉིད་ཞེས་པའི་ཚིགས་སུ་བཅད་པ་གསུམ་སྟེ། དོན་དམ་བྱང་ཆུབ་ཀྱི་སེམས་དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས་ཅན་བདེ་ཆེན་བཟང་པོ་ཐབས་ཤེས་རབ་གཉིས་མེད་ཀྱི་རྣལ་འབྱོར་དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་དང་ཡེ་ཤེས་ལྔའི་ངོ་བོ་ཡང་ཡིན་ནོ། །དེ་ཉིད་ལས་ལྡོག་པས་བྱེ་བྲག་དུ་བཤད་ན། ཤེས་བྱའི་དཀྱིལ་འཁོར་མ་ལུས་པའི་གཟུགས་བརྙན་ཤར་ཅིང་མཁྱེན་པས་ན་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མ་འདྲེས་ཤིང་ཅི་ལྟ་བའི་འདུག་ཚུལ་སོ་སོར་རྟོགས་པས་ན་སོ་སོར་རྟོགས་པའི་ཡེ་ཤེས་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ལ་འབད་རྩོལ་མེད་ཀྱང་ནན་ཏན་ཆེ་བ་ལྟར་མཛད་པས་བྱ་བ་ནན་ཏན་གྱི་ཡེ་ཤེས། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་གློ་བུར་གྱི་དྲི་མས་ཀྱང་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཡེ་ཤེས་དེ་ཉིད་དཀྱིལ་འཁོར་གྱི་བདག་པོ་ཡིན་པས་དགྱེས་པའི་རྡོ་རྗེ་ཡང་ཡིན་ལ། གང་ཟག་དང་ཆོས་ལ་སོགས་པའི་བདག་མེད་པར་རྟོགས་པས་བདག་མེད་རྣལ་འབྱོར་མའང་ཡིན་ནོ། །ཡེ་ཤེས་དེས་ཀུན་ལ་ཁྱབ་པས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །དེ་དག་ནི་འབྲས་བུ་སྐྱེ་བའི་རིམ་པ་དང་སྦྱར་བའོ། །དེ་ལྟར་རང་བྱིན་གྱིས་བརླབ་པའི་རིམ་པ་བསྟན་ནས། གསུམ་པ་སྡོམ་པའི་དབྱེ་བས་ཤིན་ཏུ་རྒྱས་བཤད་ལ་ཞུས་ལན་གཉིས་ལས་ཞུས་པ་ནི། རྡོ་རྗེ་སྙིང་པོས་གསོལ་བ་ཞེས་པའི་ཚིགས་བཅད་གཅིག་སྟེ། རྩ་འཁོར་ལོ་ལ་བརྟེན་ཏེ་བསྒོམ་པའི་ལམ་དང་། བསྐྱེད་པའི་རིམ་པའི་ལྷ་རྣམས་ཅི་ལྟར་འབྱུང་བའི་ཚུལ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་སྔར་གསུངས་ན། ལེའུ་དང་པོར་སྡོམ་པའི་དབྱེ་བ་གསུངས་པ་དེའི་རྒྱས་པར་བཤད་པ་དེ་བདག་ལ་བཤད་དུ་གསོལ་ཞེས་སོ། །ལན་ལ་བཞི་མདོར་བསྟན་པ་དང་། ནང་གི་སྙོམས་འཇུག་དང་། འཁོར་ལོ་བཞི་ལ་ཆོས་ཐམས་ཅད་བཞག་པ་དང་། སེམས་ཅན་སངས་རྒྱས་སུ་བསྟན་པའོ། །དང་པོ་ནི་ཚིག་ལྔ་སྟེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རྣལ་འབྱོར་མའི་ལུས་ཀྱི་དབུས་སུ་གནས་པ་ཨ་ལི་རྣམ་པར་དག་པའི་རིམ་པ་ནང་དུ་བཤད་ལ། ཅི་ལྟར་ཕྱི་རོལ་དུ་ཉན་ཐོས་རྩ་བའི་སྡེ་པས་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་སྡོམ་པ་བཞིན་དུ་ནང་དུ་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་དོན་བདེ་བ་ཆེན་པོར་རབ་ཏུ་སྡོམ་པ་དེ་ཉིད་བཤད་པར་བྱའོ། །གཉིས་པ་ནང་གི་སྙོམས་འཇུག་ནི། བྷོ་ལ་ཞེས་པའི་ཚིགས་བཅད་ཅིག་སྟེ། བྷོ་ལ་ཞེས་པ་རྡོ་རྗེའོ། །ཤེས་རབ་དང་བྲལ་ཡང་རྡོ་རྗེ་ལས་སྐྱེས་པའི་བདེ་བ་ནི་ཕྱག་རྒྱའོ། །མིག་ལ་གཏི་མུག་རྡོ་རྗེ་སྟེ་ཞེས་བྱ་བ་ལ་སོགས་པས་སྐྱེ་མཆེད་དང་མཁའ་གསང་བྱིན་གྱིས་བརླབ་ཅིང་རང་ལུས་དགྱེས་པའི་རྡོ་རྗེ་ཡབ་ཡུམ་བསྒོམས་ཏེ་རྡོ་རྗེ་སྐྱེ་མཆེད་ཐམས་ཅད་ཉིད་ཅེས་སོ། །དེ་ལྟ་བུའི་དབབ་བཟློག་འདིས་ནི་གསང་བའི་སྙོམས་པར་འཇུག་པས། ཕྱི་རོལ་གཉིས་གཉིས་བསྟན་པ་མེད་ཅེས་སོ། །སྡོམ་པའི་དབྱེ་བ་འདི་ཡང་ཁོང་སྡོམ་གསུམ་ལས། ལམ་གྱིས་རིམ་པའོ། །འཁོར་ལོ་བཞི་ལ་ཆོས་ཐམས་ཅད་བཞག་པ་ལ་གསུམ། འཁོར་ལོ་གསུམ་དང་སྐུ་གསུམ་སྦྱར་བ། འབྲས་བུ་བཞིར་བཞག་པ་སྡེ་བ་བཞིར་གཞག་པའོ། །དང་པོ་ལ་གསུམ་ལས། མདོར་བསྟན་ནི། སྐུ་གསུམ་ཞེས་པའི་ཚིགས་བཅད་ཅིག་སྟེ། སྐུ་གསུམ་དུ་བརྗོད་པ་དེ་ཡང་རྣལ་འབྱོར་ཅན་གྱི་ལུས་གྱི་ནང་དུ་འཁོར་ལོའི་གཟུགས་ཀྱིས་བརྗོད་པར་བྱ་སྟེ། སྐུ་གསུམ་པོ་ཡོངས་སུ་ཤེས་པར་བྱེད་པ་བདེ་བ་ཆེན་པོའི་འཁོར་ལོ་ཡིན་པས་རྣམ་པ་བཞིར་བརྗོད་དོ། །རྒྱས་བཤད་ནི་ཆོས་དང་ཞེས་པའི་ཚིགས་བཅད་གཅིག་སྟེ། གོང་གི་འཁོར་ལོའི་གཟུགས་དེ་རང་གང་ཞེ་ན། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་དེ་བཞིན་དུ་བདེ་བ་ཆེན་པོ་ཉིད་དེ། ལུས་ཀྱི་འཁོར་ལོ་བཞི་ལ་སྐུ་གསུམ་པོའི་རང་བཞིན་དུ་གནས་སོ། །ཤིན་དུ་རྒྱས་བཤད་ནི། མ་ལུས་པ་ཞེས་པའི་ཚིགས་བཅད་གསུམ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྐྱེ་བའི་གནས་ཞེས་བྱ་བ་ནི། གང་གི་ཕྱིར་ལུས་བསྐྱེད་པ་དང་སྤྲུལ་པའི་རྟེན་བྱེད་པའི་ཕྱིར་གནས་བརྟན་པའི་སྡེ་པ་ཞེས་སྤྲུལ་པའི་སྐུ་དང་སྤྲུལ་པའི་འཁོར་ལོར་བརྗོད་དོ། །སེམས་ནི་ཆོས་ཀྱི་རང་བཞིན་ཡིན་ནོ། །དེ་ཡང་ཆོས་ཀྱི་སྐུ་དང་ཆོས་ཀྱི་འཁོར་ལོ་སྙིང་ཀར་འགྱུར་རོ། །རོ་དྲུག་པོ་རྣམས་ཀྱི་བཟའ་བ་ལ་ལོངས་སྤྱོད་པའི་ཕྱིར་མགྲིན་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་ལོངས་སྤྱོད་ཀྱི་འཁོར་ལོར་བརྗོད་དོ། །སྤྱི་བོ་ན་བདེ་བ་ཆེན་པོའི་རྟེན་བྱང་ཆུབ་ཀྱི་སེམས་ཕལ་ཆེར་གནས་པས་བདེ་བ་ཆེན་པོའི་སྐུ་དང་འཁོར་ལོ་ཞེས་བརྗོད་དོ། །དེ་ལྟར་སྐུ་གསུམ་པོ་བཤད་ནས། འབྲས་བུ་བཞིར་བཤད་པ་ལ་མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི་ཨེ་བྂ་ཞེས་པའི་ཚིག་རྐང་དྲུག་སྟེ། སྐད་ཅིག་མ་བཞིའི་སྐབས་སུ་བཤད་པ་ལྟར་ཨེ་བྂ་ལ་བརྟེན་ནས་ཕྱི་རུ་ཆོས་ཐམས་ཅད་དང་ནང་དུ་དགའ་བའི་གོ་རིམ་ལས་འཁོར་ལོ་བཞི་ལ་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པ་དང་སྐྱེས་བུ་བྱེད་པའི་འབྲས་བུ་དང་། དྲི་མ་མེད་པའི་འབྲས་བུ་རྣམ་པ་བཞིར་འགྱུར་རོ། །དེ་ཉིད་རྒྱས་བཤད་ནི་ལས་ཀྱི་ཞེས་པའི་ཚིགས་སུ་བཅད་པ་གཉིས་ཏེ། ལས་ཀྱི་རླུང་གིས་བསྐུལ་ནས་ཕྱི་ནང་གི་ཕྱག་རྒྱ་ཤེས་རབ་མ་ལ་སྦྱོར་བས། ཅི་ལྟར་བྱས་པ་དེ་ཉིད་ཀྱི་དགའ་བ་ལ་སྤྱོད་པའི་རྒྱུར་གྱུར་པས་རྒྱུ་མཐུན་པའི་འབྲས་བུ་ཞེས་རབ་ཏུ་བསྒྲགས་སོ། །ལས་ཀྱི་རྩོལ་བ་ཆུང་ཞིང་འབྲས་བུ་བདེ་བའི་ཆར་སྨིན་པའི་ཕྱིར། བྱང་ཆུབ་ཀྱི་སེམས་སྙིང་ཁར་བརྟན་པ་ལས་རྣམ་པར་སྨིན་པ་སྟེ་འདི་ནི་གྱེན་དུ་བཟློག་པའི་ཚུལ་ཡིན་ནོ། །དེ་ལྟར་སྐྱེས་བུའི་རྩོལ་བ་ལ་བརྟེན་ནས་མགྲིན་པར་སྒྱུ་མ་ལྟ་བུར་རྟོགས་པའི་དབང་གིས་སྐྱེས་བུ་བྱེད་པའི་འབྲས་བུར་འགྱུར་རོ། །སྤྱི་བོར་དག་ཅིང་དྲི་མ་མེད་པའི་སེམས་བརྟན་པས་རྣལ་འབྱོར་དག་པ་ནི་དྲི་མ་མེད་པའི་འབྲས་བུའོ། །སྡེ་པ་བཞིར་བཞག་པ་ནི། གང་ཕྱིར་ཞེས་པའི་ཚིགས་བཅད་གཉིས་ཏེ། འཁོར་ལོ་བཞི་ལ་སྡེ་པ་བཞིར་བརྗོད་པའི་རྒྱུ་མཚན་ནི། གང་གི་ཕྱིར་ལྟེ་བ་ནས་ལུས་སྤྲུལ་ཞིང་བརྟན་པའི་ཕྱིར་སྤྲུལ་པའི་འཁོར་ལོ་ལ་གནས་བརྟན་པའི་སྡེ་པར་བརྗོད་དོ། །ཆོས་སྨྲ་བ་འབྱུང་བའི་རྟེན་སེམས་ཀྱི་རྒྱལ་པོ་སྙིང་ཀར་གནས་པས་ཆོས་ཀྱི་འཁོར་ལོ་ཐམས་ཅད་ཡོད་སྨྲའོ། །མགྲིན་པ་ནི་རོ་དྲུག་རྣམས་ཀྱི་བཀུར་བའི་ཕྱིར་ལོངས་སྤྱོད་ཀྱི་འཁོར་ལོ་ནི་མང་པོས་བཀུར་བ་ཉིད་དོ། །བདེ་བ་ཆེན་པོའི་རྟེན་ཕལ་ཆེར་མགོ་བོར་གནས་པས་བདེ་བ་ཆེན་པོའི་འཁོར་ལོ་ནི་དགེ་འདུན་ཕལ་ཆེན་ནོ། །འདི་དག་ལ་སྡེ་པར་བཞག་པའི་དོན་ནི་རྩ་རླུང་བྱང་ཆུབ་ཀྱི་སེམས་དུ་མ་འདུས་ཤིང་བདེ་བའི་རྟེན་སྡོམ་པའོ། །དེ་ལྟར་འཁོར་ལོ་བཞི་ལ་ཆོས་ཐམས་ཅད་བཞག་པ་བཤད་ནས། སེམས་ཅན་སངས་རྒྱས་སུ་བསྟན་པ་ལ་ལྔ་ལས། དང་པོ་ཆོས་མཐུན་སྦྱར་བ་ནི། སྡེ་པ་ཞེས་པའི་ཚིགས་བཅད་བཞི་སྟེ། འདི་དག་ནི་གཞིའི་གནས་ལུགས་སྐྱེ་བ་སྤྲུལ་པའི་སྐུ་བསྟན་པ་སྟེ། དེ་ཡང་སྡེ་པ་ལུས་སུ་བརྗོད་པའི་རིམ་པས་ལྟོ་བ་ནི་གནས། སྐྱེ་གནས་ནི་འདོད་ཆགས་དང་བྲལ་བའི་ཚུལ་ཅན། མངལ་གྱི་ཁྲུ་མ་ནི་ཆོས་གོས། མ་ནི་མཁན་པོ་མགོ་བོར་ཐལ་མོ་སྦྱར་བ་ནི་ཕྱག འགྲོ་བའི་བྱ་བ་ཤེས་པ་ནི་ཁྲིམས་སྔགས་ཀྱི་བཟླས་པ་ནི་ཨ་དང་ཧྂ། དེ་ཡང་སྐྱེ་གནས་ལྟེ་བའི་འཁོར་ལོ་ལ་ཨ། བདེ་བ་ཆེན་པོའི་རྣམ་པ་ཧ། གཅེར་བུ་སྐྲ་དང་ཁ་སྤུ་བྲེགས་པ། སྔགས་ཀྱི་དོན་དུ་སྐྱེས་པའི་དགེ་སློང་སྟེ། འདི་དག་མ་རིག་པའི་རྐྱེན་གྱིས་སེམས་ཅན་རྣམས་ཀྱང་རྟོགས་ན་གཉིས་པ་དེ་ལས་ལྷ་མོ་ངོ་མཚར་ནས་བརྒྱལ་བ་ནི། དེ་ནས་ཞེས་པ་ནས་འདར་བར་གྱུར་ཏོའི་བར་ཏེ། དེ་ན་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པའི་ལྷ་མོ་རྣམས་སྔོན་བྱུང་གི་དུས་གཞུང་ནས་བཤད་པ་བཞིན་དུ་ཡིན་ལ། འདིར་ནང་གི་དོན་དུ་ནི། ཕ་མ་གཉིས་ཀྱི་རེག་པ་སྲ་བ་ཉམས་སུ་མྱོང་བ་ནི་སྤྱན་མ་སྟེ་ས། བྱང་སེམས་གཤེར་བ་ནི་མ་མ་ཀི་ཆུ། དྲོད་ནི་གོས་དཀར་མོ་མེ། གཡོ་བ་སྒྲོལ་མ་སྟེ་རླུང་། དེས་མཚོན་ནས་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་མོ་རྣམས་ཀྱང་ཐིག་ལེའི་རྣམ་པར་ཞུ་བས་ཐོས་པ་ནི་བདེ་བ་མྱོང་ནས་མཆོག་ཏུ་ངོ་མཚར་དུ་གྱུར་ཞིང་། བྱང་ཆུབ་ཀྱི་སེམས་གཡོ་བ་ནི་འདར་བ་དང་། ཁམས་ལྷུང་པ་ནི་ས་ལ་འགྱེལ་བ་དང་། རྟོག་མེད་མྱོང་བས་ན་བརྒྱལ་བ་དང་། མ་གས་བལ་དུ་གྱུར་པ་ནི་སྐྲག་པ་ཞེས་བརྗོད་དོ། །གསུམ་པ་བརྒྱལ་བ། བསླར་ནས་ཉོན་ཅིག་བར་བསྐུལ་བ་ནི། ཡང་རྡོ་རྗེ་ཅན་ཞེས་པ་ནས། སྲོག་རྙེད་པར་གྱུར་ཏོ་ཞེས་པའི་བར་ཏེ། སྔོན་བྱུང་གི་དུས་མི་བཞིན་ཡིན་ལ་ནང་དོན་དུ་ནི་འབྱུང་བ་བཞིའི་ལྷ་མོ་དེ་རྣམས་འཁོར་ལོ་བཞི་ལ་སླར་གསོ་བའི་ཕྱིར་བསྟོད་པ་ནི། ས་དང་ཆུ་རླུང་བྱིན་བའི། ལྷ་མོ་སྣོད་ཅན་ནི་ཡོན་ཏན་སྐྱེ་བའི་རྟེན་སུ་ཡིས་ཀྱང་མི་ཤེས་པ་ནི་གྱེན་དུ་བརྟན་པར་བྱེད་པ་དེ་ཉིད་ཀྱི་རིམ་པས་སྤྲོས་པ་ལས་བཅོམ་ལྡན་འདས་ཀྱི་གསུང་རྨི་ལམ་ལྟ་བུ་ཐོས་ཏེ་སྲོག་རྙེད་པ་ནི་ཤིན་དུ་བརྟན་པའི་ཚིག་གོ །བཞི་པ་རང་བཞིན་དག་པ་ལ་གནས་སྐབས་མ་དག་པ་མི་འགལ་བར་བསྟན་པ་ནི། བཅོམ་ལྡན་འདས་ཞེས་པའི་ཚིག་བདུན་ཏེ། དེ་ཡང་སེམས་ཅན་རྣམས་ནི་སངས་རྒྱས་ཀྱི་སྙིང་པོ་ཅན་ཉིད་དེ། འོན་ཀྱང་དྲི་མ་གློ་བུར་བས་བསྒྲིབས་སོ། །དེ་ཡང་ནཱ་རོ་པའི་ཞལ་ནས། འོན་ཀྱང་སེམས་དེ་གློ་བུར་གྱི། །རྣམ་རྟོག་དྲི་མས་ཉོན་མོངས་ཏེ། །ཆུ་དང་གསེར་དང་ནམ་མཁའ་ལྟར། །གནས་སྐབས་དག་དང་མ་དག་གཉིས། །ཞེས་གསུངས་སོ། །འདིར་ནང་གི་དོན་དུ་ནི། ཁམས་འཛག་པ་ལས་དུག་གསུམ་གྱི་སེམས་སྐྱེ་བས། དེ་ཉིད་ཀྱི་དྲི་མ་དེ་འགགས་ཤིང་གསལ་ནས་སངས་རྒྱས་སུ་འགྱུར་རོ། །དེ་ཡང་ལྷ་མོས་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན་ཏེ་བདེན་པ་མ་མཆིས་ཤིང་བརྫུན་པ་མ་མཆིས་སོ་ཞེས་པ་ནི་མཐུན་འགྱུར་གྱི་ཚིག་གོ །ལྔ་པ་འཆིང་གྲོལ་གྱི་ཁྱད་པར་ལ་གཉིས་ཏེ། མདོར་བསྟན་དང་། རྒྱས་བཤད་དོ། །དང་པོ་ནི། བཅོམ་ལྡན་འདས་ཞེས་པའི་ཚིག་དགུ་སྟེ། དེ་ལྟ་བུའི་འཐད་པའི་དཔེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུག་སྔགས་ཤེས་ན་དུག་གི་ནད་ཞི་བར་འགྱུར་ལ་མི་ཤེས་ན་འཆི་བ་ལྟར། ཆགས་པ་ལ་སོགས་པའི་རང་བཞིན་མ་ཤེས་པས་བརྒྱལ་བར་གྱུར་ལ། རྨོངས་པ་དེ་བཅད་ནས་བདེ་བ་ཆེན་པོའི་ཐབས་ཤེས་ཤིང་། ཀྱེའི་རྡོ་རྗེ་སྟོང་པ་དང་སྙིང་རྗེ་ཟུང་འཇུག་དུ་ངལ་བསོ་ན་མ་རིག་པས་མི་བསྒྲིབ་ཅིང་གཏི་མུག་ལ་སོགས་པའི་ཉོན་མོངས་པས་འཆིང་བར་མི་འགྱུར་རོ། །དེ་ཉིད་རྒྱས་པར་བཤད་པ་ལ་ལྔ་ལས། སེམས་ཀྱི་རང་བཞིན་སངས་རྒྱས་སུ་བསྟན་པ་ནི། རང་དང་ཞེས་པའི་ཚིགས་བཅད་གཉིས་སྟེ། དེ་ལ་རང་རང་གི་སྒྲིབ་བྱེད་རྟོགས་ན་རྣམ་པར་དག་པའི་སངས་རྒྱས་མ་ཡིན་པའི་སེམས་ཅན་གཅིག་ཀྱང་ཡོད་པ་མ་ཡིན་ཏེ། དམྱལ་བ་ལ་སོགས་པའི་རིགས་དྲུག་རྣམས་དང་། ཕྲ་བ་གཤང་བའི་སྲིན་བུ་དང་། ཆེ་བ་ལྷ་དང་ལྷ་མ་ཡིན་གྱིས་ཀྱང་བདེ་བ་ཆེན་པོ་མི་ཤེས་པའི་ཕྱིར་འཁོར་ལ། ཤེས་ན་ནི་རྟག་ཏུ་རང་བཞིན་གྱིས་དག་པའི་བདེ་བ་ཅན་ཡིན་ནོ། །སེམས་ལས་སངས་རྒྱས། ཕྱི་རོལ་ན་མེད་པའི་ཚུལ་ནི། འཇིག་རྟེན་ཞེས་པའི་ཚིགས་བཅད་གཅིག་སྟེ། འདི་ལྟར་ནང་དུ་སངས་རྒྱས་མ་རྟོགས་ན་འཇིག་རྟེན་གྱི་ཁམས་གང་དུ་བཙལ་ཡང་ལྷན་ཅིག་སྐྱེས་པའི་སངས་རྒྱས་ནི་རྙེད་པར་མི་འགྱུར་ཏེ། རང་གི་སེམས་རྟོགས་ན་རྫོགས་པའི་སངས་རྒྱས་ཉིད་ཡིན་པའི་ཕྱིར། དེ་རྟོགས་ན་སངས་རྒྱས་དེ་ལས་ལྷག་པ་བསྟན་དུ་མེད་དོ། །དེ་ཡང་སེམས་ནི་ཡེ་ཤེས་ཡིན་རྟོགས་ན། སངས་རྒྱས་གཞན་དུ་མི་བཙལ་ཞེས་གསུངས་སོ། །གྲོལ་བྱེད་ལམ་ཤེས་པའི་ཕན་ཡོན་ནི། གདོལ་པ་ཞེས་པའི་ཚིགས་བཅད་གཅིག་སྟེ། དེ་ལྟར་རང་གི་སེམས་ཉིད་རྟོགས་ན། གདོལ་པ་དང་བསྨྱིག་མ་མཁན་ལ་སོགས་པ་རྣམས་ཀྱང་དགྱེས་པའི་རྡོ་རྗེའི་ལམ་འདི་ཉིད་ཀྱི་གོ་འཕང་མྱུར་དུ་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །མི་ཤེས་པའི་ཉེས་དམིགས་ནི། བྱིས་པ་ཞེས་པ་ཚིགས་བཅད་གཅིག་སྟེ། རག་གི་སེམས་སངས་རྒྱས་སུ་མ་རྟོགས་པའི་བྱིས་པ་མི་ཤེས་པའི་སྒྲིབ་པ་ཅན་སེམས་ཀྱི་གནས་ལུགས་མ་རྟོགས་པས་འགྲོ་བ་དྲུག་གི་སྲིད་པའི་མཐར་ཀུན་དུ་རྨོངས་ཤིང་འཁོར་བར་འགྱུར་རོ། །ལམ་གྱི་རང་བཞིན་འབྲས་བུ་བསྟན་པ་ནི་རྡོ་རྗེ་སྙིང་པོ་ཞེས་པའི་ཚིགས་བཅད་གཅིག་སྟེ། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ཞེས་བོས་ནས། ཀྱེའི་རྡོ་རྗེ་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པའི་བསྐྱེད་རྫོགས་ཀྱི་ཐབས་རྙེད་ནས་ཡུལ་ལ་སོགས་པ་རྣམ་པར་སྦྱོང་སྟེ་མངོན་དུ་བྱས་པ་དེས་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་ལྟར་དེ་དག་ཐམས་ཅད་ཀྱིས་རྫོགས་པའི་རིམ་པ་རྒྱས་པར་བཤད་པ་སྟེ་འདི་རྣམས་གཞི་ལམ་འབྲས་བུ་གསུམ་དུ་ཕྱེ་སྟེ་བཤད་ན་དུ་མར་འགྱུར་མོད་ཀྱི། ཕལ་ཆེར་ལེའུ་དང་པོར་བསྟན་པས་འདིར་མདོར་བསྡུས་པ་ཡིན་ནོ། །གཉིས་པ་ཐུན་མོང་གི་གསལ་བྱེད་ལ་བཞི་སྟེ། ལྷ་མོ་བརྒྱད་ཀྱི་རིགས་བདག་ལ་ཐེ་ཚོམ་བསལ་བ། གཏོར་མའི་ཆོ་ག ལྷ་མོ་གསུམ་གྱི་རིགས་བདག་བསྟན་པ། རིགས་བདག་གི་དབྱེ་བ་བསྟན་པའོ། །དང་པོ་ལ་གཉིས་ལས་མཚམས་མ་བཞིའི་རིགས་བདག་ལ་ཞུས་ལན་ནི། རྡོ་རྗེ་སྙིང་པོས་གསོལ་བ་ཞེས་པ་ནས་གཡུང་མོའི་ཕྱག་རྒྱས་གདབ་ཞེས་པའི་བར་ཏེ། རིགས་ཀྱི་རྒྱས་གདབ་པ་འདི་ཡང་ཁོང་སྡོམ་གསུམ་ཡོད་པ་ལས་ལྂ་གྱི་རིམ་པར་འགྲོ་དེ་ལས་འདི་བསྐྱེད་རིགས་སུ་འགྲོ་དེ་ལའང་འདིར་རྒྱས་གདབ་པའི་ཚུལ་ནི། ས་ནི་པུ་ཀ་སིར་བཤད་པ་ཞེས་པ་ནས། ཇི་ལྟར་མི་བསྐྱོད་ཕྱག་རྒྱ་ལགས་ཞེས་བྱ་བའི་བར་དུ་ཞུས་པ་ཡིན་ཏེ། བུ་ཀ་སི་སའི་རང་བཞིན་ཡིན་ལ། སའི་རང་བཞིན་སྲ་བ་ཡིན་ཞིང་། སྲ་བ་དེ་གཏི་མུག་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་པ་ལ། པུ་ཀ་སི་རྣམ་སྣང་གིས་རྒྱས་མི་འདེབས་པར་མི་བསྐྱོད་པས་རྒྱས་འདེབས་པ་ཅི་ལྟར་ལགས་ཅེས་ཞུས་པའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་སྤངས་པའི་ལུས་མི་མཛེས་པའི་ཕྱིར། སྐུའི་རིགས་པུ་ཀ་སི་ལ། ཐུགས་ཀྱི་རིགས་མི་བསྐྱོད་པས་རྒྱས་གདབ་པའོ། །སྐུ་ལ་ཐུགས་ཀྱི་རྒྱས་གདབ་ཅེས་སོ། །མེ་མཚམས་ཀྱི་ལྷ་མོ་རི་ཁྲོད་མ། ཆུ་དག་པ་ཡིན་པས། མི་བསྐྱོད་པས་རྒྱས་མི་འདེབས་པར་རྣམ་སྣང་གིས་རྒྱས་འདེབས་པ་ཅི་ལྟར་ཡིན་ཞེ་ན། སེམས་ལུས་དང་ལྡན་པ་གནས་པ་ཡིན་ཏེ། སེམས་སྤངས་ནས་ནི་ལུས་ཀྱིས་ནི། །གནས་པ་གཞན་དུ་མཐོང་མི་འགྱུར། །ཞེས་བཤད་པས། ཐུགས་ཀྱི་རིགས་རི་ཁྲོད་མ་ལ། གཏི་མུག་དག་པ་རྒྱལ་བ་རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པ་ཡིན་ཏེ། ཐུགས་ལ་གཏི་མུག་ཕྱག་རྒྱས་གདབ་ཅེས་སོ། །བདེན་བྲལ་གྱི་ལྷ་མོ་གདོལ་པ་མོ་འབྱུང་བ་མེ་དག་པ་ཡིན་པས་འདི་ལ་འོད་དཔག་མེད་ཀྱིས་རྒྱས་འདེབས་པ་དང་ཕྱག་རྒྱ་ཡིན་པ་ལས། ཅི་ལྟར་རིན་ཆེན་ཕྱག་རྒྱ་ལགས་ཞེ་ན། འདོད་ཆགས་ཀྱི་སེམས་ལ་སེར་སྣ་སྐྱེ་བས། འདོད་ཆགས་དག་པ་གདོལ་པ་མོ་ལ་སེར་སྣ་དག་པ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་འདེབས་པ་ཡིན་ཏེ། འདོད་ཆགས་སེར་སྣས་ཕྱག་རྒྱས་གདབ་ཅེས་སོ། །རླུང་མཚམས་ཀྱི་ལྷ་མོ་གཡུང་མོ་ལ། དོན་ཡོད་གྲུབ་པས་རྒྱས་མི་འདེབས་པར། འདོད་ཆགས་དག་པ་འོད་དཔག་མེད་ཀྱིས་རྒྱས་འདེབས་པ་ཅི་ལྟར་ཡིན་ཞེ་ན། འདོད་ཆགས་མ་གཏོགས་ཕྲག་དོག་ནི། གཞན་དུ་འབྱུང་བ་མ་ཡིན་ནོ། །ཅེས་པས་འདོད་ཆགས་ལས་ཕྲག་དོག་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་འདོད་ཆགས་དག་པ་རྒྱལ་བ་འོད་དཔག་མེད་ཀྱིས་རླུང་དང་ཕྲག་དོག་དག་པའི་ལྷ་མོ་གཡུང་མོ་ལ་རྒྱས་གདབ་པའོ། །མཁས་པས་གཡུང་མོ་ཕྱག་རྒྱས་གདབ་ཅེས་སོ། །ཕྱོགས་མ་བཞི་དེ་དང་མཚུངས་པར་བསྟན་པ་ནི། གང་གི་ཕྱིར་ཞེས་པའི་ཚིགས་བཅད་གཉིས་ཏེ། ཤར་གྱི་ལྷ་མོ་དཀར་མོ་ལ་མི་བསྐྱོད་པས་རྒྱས་འདེབས་པ་ཡིན་ཏེ། གང་ཕྱིར་གཟུགས་ནི་སྲ་བ་ཉིད། །ཅེས་པས་ན། སེམས་ཀྱི་བདག་པོའི་ཕྱག་རྒྱས་གདབ་བོ། །དེ་བཞིན་དུ་ལྷོའི་ལྷ་མོ་ཙོ་བོ་རིམ་ལ་རྣམ་པར་སྣང་མཛད་ཀྱིས་རྒྱས་གདབ་བོ། །ནུབ་ཀྱི་ལྷ་མོ་རོ་ལངས་མ་ལ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་གདབ་བོ། །བྱང་གི་གྷསྨ་རི་ལ་འོད་དཔག་མེད་ཀྱིས་རྒྱས་གདབ་སྟེ་མ་ལོག་པའི་ཕྱག་རྒྱའོ། །གཉིས་པ་གཏོར་མའི་ཆོ་ག་ལ་གསུམ་ལས། ཅི་ལྟར་གསུངས་པའི་ཚུལ་དགོས་པ་དང་བཅས་པ་ནི། ཀྱེའི་རྡོ་རྗེ་ཞེས་པའི་ཚིགས་བཅད་གཉིས་ཏེ། ཀྱེའི་རྡོ་རྗེ་མངོན་པར་བྱང་ཆུབ་པ་ལྔའི་རྡོ་རྗེ་འཛིན་པ་སངས་རྒྱས་ཀྱི་ས་ན་ཟག་པ་མེད་པའི་བདེ་བ་ཡོད་པ་མཚོན་པའི་རྟགས་སུ་ཡུམ་དང་གཉིས་སུ་མེད་པར་སྙོམས་པར་ཞུགས་པའི་ལྷ་ཉིད་ལ་སེམས་ཅན་གྱི་དོན་གྱི་ཕྱིར་གཏོར་མ་ཆེ་སྟེ་ཚོགས་གཉིས་ཀྱི་སྟོབས་དང་ལྡན་པ་དེ་བདག་མེད་མས་ཞུས་པའོ། །དེ་ལ་ཨེ་བྂ་ནི་ཐབས་ཤེས་རབ་གཉིས་སུ་མེད་པར་སྙོམས་པར་ཞུགས་ནས། ལུས་དང་སྲོག་ལ་བར་ཆོད་བྱེད་པའི་བགེགས་དང་། ལོག་པར་འདྲེན་པ་ལས་སེམས་ཅན་རྣམས་ཀྱི་སྲོག་བསྲུང་པའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གཏོར་མ་བསྟན་ཏོ། །གང་གསུངས་པའི་སྔགས་དངོས་ནི། ཨི་ཏྂ་ལ་སོགས་པ་སྟེ། འདིའི་ལག་ལེན་གྱི་རིམ་པ་ནི། བསྐྱེད་རིམས་ཀྱི་ཐུན་མཚམས་སུ་གཏོང་བའམ། གཞན་དུ་གཏོང་ན། རང་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་བྱས་ལ་གནས་གསུམ་བྱིན་གྱིས་བརླབས་ནས་གཏང་ངོ་། །དེ་ནི་བདག་གི་དེ་ཁོ་ནའོ། །འགྲོན་གྱི་དེ་ཁོ་ན་ནི། སྐད་ཅིག་གིས་མདུན་གྱི་ནམ་མཁར་ཆོས་འབྱུང་ཁོང་སྟོང་གི་རྣམ་པ། དེའི་སྟེང་དུ་པད་མ་དཀར་པོ་འདབ་མ་བརྒྱད་པ། འོག་ཏུ་དམར་པོ། དབུས་སུ་སྔོན་པོ་བསམ། སྟེང་མ་ལ་ཨོཾ་དཀར་པོའི་འོད་ཟེར་སྤྲོ་བསྡུ་ལས་སྐུ་རྡོ་རྗེ། འཁོར་རྣམས་ནི་ལྷ་ཆེན་པོ་བརྒྱད་ཀྱི་རང་བཞིན། སྐུ་རྡོ་རྗེའི་རྣམ་པ་སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་ཅན་དུ་བསྐྱེད། བར་མར་ཧཱུྃ་ལས་ཐུགས་རྡོ་རྗེའི་ཕྱོགས་སྐྱོང་བརྒྱད་ཀྱང་དེ་ཉིད་ཀྱི་རྣམ་པ་ཅན། འོག་མར་ཨཱ་དམར་པོ་ལས། གསུང་རྡོ་རྗེ་དང་ཀླུ་ཆེན་པོ་ལ་སོགས་པ་གསུང་རྡོ་རྗེའི་གཟུགས་སུ་བསྐྱེད་ལ། ས་བླ་ས་འོག་ས་སྟེང་ན་གནས་པ་རྣམས་རྡོ་རྗེ་གསུམ་པོའི་རང་བཞིན་དུ་བཀུག་ལ། དགུག་གཞུག་བཅིང་པ་བྱ་སྟེ་དབང་བསྐུར་ནས་ཕྱི་ནང་གསང་བའི་མཆོད་པས་མཆོད་དེ། ཐམས་ཅད་ཀྱི་ལྕེ་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པར་བསམ་མོ། །གཏོར་མའི་དེ་ཁོ་ན་ཉིད་ནི་བདུད་རྩི་བྱིན་གྱིས་བརླབ་པ་ལྟར་མེ་རླུང་གི་སྦྱོར་བས་སྤྲོས་ཏེ་ཚིམ་པར་བྱའོ། །སྔགས་འདི་ཉིད་ལའང་། འགྲོན་གྱི་མིང་དང་། གཏོར་མ་འབུལ་བ་དང་། འཕྲིན་ལས་བཅོལ་བ་དང་། བཟོད་པར་གསོལ་བ་དང་། འཁོར་གསུམ་མི་རྟོག་པའི་ཆོས་ཀྱི་སྦྱིན་པ་སྟེ་ལྔའོ། །ཨོཾ་ངེས་པ་ཁོ་ནར། ཨིནྡྲདྲ་དབང་པོ། ཛ་མ་གཤིན་རྗེ། ཛ་ལ་ཆུ་ལྷ་ཛ་ཀྵ་གནོད་སྦྱིན། བྷུ་ཏ་འབྱུང་པོ། བ་ནི་མེ་ལྷ། བ་ཡུ་རླུང་ལྷ། ཡག་ཀྵ་སྲིན་པོ། ཙན་དྲ་ཟླ་བ། སུ་ཛྫ་ཉི་མ། མ་ཏ་མ་པ་བཱ་ཅེས་པ་སྟེ་ཕ་མས་གཙོ་བྱས་པའི་ཚངས་པ་ཆེན་པོ་ལ་སོགས་པའོ། །ཏ་ལ་ས་སྟེང་། པ་ཏཱ་ལྂ་ས་འོག །ཨནྡྲ་བརྒྱད། སཔཱ་སྦྲུལ་ཏེ། ཀླུ་ཆེན་པོ་བརྒྱད། སྭཱ་ཧཱ་ལྷན་ཅིག་པའོ། །གཏོར་མ་འབུལ་བ་ནི། ཨི་དྂ་འདི། བ་ལིང་གཏོར་མ། བྷུན་ཛ་གསོལ་གཅིག །ཛིང་གྷ་སྣོམས་གཅིག །པུཥྤེ་མེ་ཏོག དྷུ་པ་བདུག་སྤོས། མང་ས་ཤ། བྷི་གྷ་ཆང་དང་བཅས་པའོ། །འཕྲིན་ལས་བཅོལ་བ་ནི། ཨད་མ་བདག་གི །ཀ་ཙ་བྱ་བ། སརྦ་ས་ཏ་ཐམས་ཅད་བསྒྲུབས་གཅིག་པའོ། །བཟོད་པར་གསོལ་བ་ནི། ཁན་ཏི་བཟོད་པ། ཁུ་ནི་མཛོད་ཅིག ཕེ་ཏ་གྷ་ཏ་མ་ཚང་བ་རྣམས་གཙང་བའོ། །འཁོར་གསུམ་མི་རྟོག་པ་ཆོས་ཀྱི་སྦྱིན་པ་ནི། ཨོཾ་ཨ་ཀ་རོ་མུ་ཁྂ། སརྦ་དྷ་རྨཱ་ཎྂ་ཨཏྱ་ནུད་པན་ཏྭད་ཏཱ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་གསུངས་པ་ནི་སྔར་བསྟན་པ་བཞིན་ནོ། །དེ་ནས་བཟོད་པར་གསོལ་ཞིང་ཡི་གེ་བརྒྱ་པ་བརྗོད་ནས་གཤེགས་སུ་གསོལ། ཕན་ཡོན་ནི། གལ་ཏེ་འདིར་བཤད་པའི་གཏོར་མས་འབྱུང་པོ་ཐམས་ཅད་མཆོད་པར་བྱེད་ན་རྣལ་འབྱོར་པ་རྣམས་ལ་ལེགས་པར་འགྱུར་རོ། །ཞེས་པ་ནས་རྒྱས་པར་འགྱུར་རོ་ཞེས་ལས་ཐམས་ཅད་འགྲུབ་པར་བསྟན་ཏོ། །ལྷ་མོ་གསུམ་གྱི་རིགས་བདག་ལ་ཞུས་ལན་གཉིས་ལས། ཞུས་པ་ནི། རྡོ་རྗེ་སྙིང་པོས་གསོལ་པ་ནས་ཚིག་བཞི་སྟེ། ལྷ་མོ་གཞན་གྱི་རྒྱས་གདབ་སྔར་གསུངས་ན། མཁའ་སྤྱོད་མ་དང་། ས་སྤྱོད་མ་ལ་ཕྱག་རྒྱ་གང་གིས་རྒྱས་འདེབས་པ། གཙོ་བོ་བདག་གིས་སྔར་མ་འཚལ་ན། བཅོམ་ལྡན་འདས་ཅི་ལྷར་ཕྱག་རྒྱའི་རྒྱས་གདབ་བགྱི་ཞུས་སོ། །ལན་ནི། བཅོམ་ལྡན་འདས་ཞེས་པའི་ཚིགས་བཅད་གསུམ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། གསང་བའི་ལྷ་མོ་གསུམ་གྱི་སྐུ་གསུང་ཐུགས་ཀྱི་དབྱེ་བས། སྟེང་དང་འོག་དང་དབུས་ཀྱི་ཆར་འཁོར་ལོའི་དབུས་སུ་རྣམ་པར་གནས་ཏེ་དེས་ན་ས་སྤྱོད་མ་འོག་ཏུ་གནས་པ་ལ་སྟེང་ཞལ་སྐུའི་རྡོ་རྗེ་དག་པའི་སྐུའི་ཕྱག་རྒྱས་གདབ་བོ་སྟེང་གི་མཁའ་སྤྱོད་མ་ལ་འོག་ཞལ་གསུང་གི་རྡོ་རྗེ་དག་པ་འདོད་ཆགས་འོད་དཔག་མེད་ཀྱིས་རྒྱས་གདབ་བོ། །ཐུགས་ཀྱི་རྡོ་རྗེས་བདག་མེད་མ་ལ་རྒྱས་གདབ་སྟེ་རང་གི་སེམས་ནི་བདག་མེད་མའི་ཚུལ་ཉིད་དོ་དེས་ན་སེམས་ནི་ལུས་ཀྱི་དབུས་སྟེ་དེས་ན་བདག་མེད་མ་དབུས་ཀྱི་ཆར་གནས་པར་བཤད་དོ། །འདི་ནི་སྐུ་གསུམ་རྣམ་པར་དག་པ་སྲིད་པ་དང་ཞི་བ་གཉིས་སུ་མེད་པའི་རང་བཞིན་ནོ། །རིགས་བདག་གི་དབྱེ་བ་བསྡུ་བ་ལ་གཉིས་ལས། ཉོན་ཅིག་པར་བསྐུལ་བ་ནི། རྒྱས་པར་ཞེས་པའི་ཚིགས་བཅད་གཅིག་སྟེ། དེ་ཡང་རིགས་ཀྱི་རྣམས་པ་དུ་མར་རབ་ཏུ་ཕྱེ་བ་རྣམས་ལས་བསྡུས་པས་ནི་རིགས་རྣམ་པ་དྲུག་དང་། ལྔ་དང་གསུམ་ལ་སོགས་པར་འགྱུར་བའི་ཚུལ་བཤད་ཀྱིས་རྣལ་འབྱོར་མ་ཉོན་ཅིག་ཞེས་སོ། །བཤད་པ་དངོས་ནི། མི་བསྐྱོད་ཞེས་པའི་ཚིག་རྐང་བཅུ་གསུམ་སྟེ། དེ་ཡང་རིགས་ལྷས་ཕྱེ་ན། མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་པ་དང་། དོན་ཡོད་གྲུབ་པ་དང་། རྡོ་རྗེ་སེམས་དཔའ་སྟེ་དྲུག་གོ།དེ་བཞིན་དུ་ཞེ་སྡང་དང་། གཏི་མུག་དང་། སེར་སྣ་དང་། འདོད་ཆགས་དང་། ཕྲག་དོག་དང་བདེ་བ་དང་དྲུག་པོ་འདི་ནི་སྦྱང་གཞིའི་རིམ་པས་བསྒོམ་པར་བྱ་བ་ཉིད་དོ། །བདེ་བ་དང་རྡོ་རྗེ་སེམས་དཔའི་རིགས་སྤངས་པས་ནི་རིགས་རྣམ་པ་ལྔར་འགྱུར་རོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཕྱེ་བས་རིགས་རྣམ་པ་གསུམ་དུ་འགྱུར་རོ། །མི་བསྐྱོད་བ་དང་ཞེ་སྡང་དག་པའི་རང་བཞིན་གྱི་ཐུགས་ཀྱི་བདག་པོའི་རིགས་ཅིག་དུའང་འདུ་བར་འགྱུར་ཏེ། ཞེ་སྡང་དག་པའི་རྡོ་རྗེ་སྟེ་སེམས་ཀྱི་བྱིན་བརླབས་ལས་རིགས་ཀྱི་དབྱེ་བ་དང་བསྡུ་བར་བརྗོད་དོ། །ལེའུ་ཡི་མཚན་ནི། ཀྱེའི་རྡོ་རྗེ་ལས་གཞི་ལམ་འབྲས་བུའི་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་གསལ་བར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།ལེའུ་འདི་ཡང་བརྟག་པ་དང་པོའི་ཁ་སྐོང་བའི་དབང་དུ་བྱས་ཏེ། ལེའུ་དང་པོར་སེམས་དཔའ་བཞི་གསུངས་པའི་གསུམ་གྱི་བསྐྱེད་རིམས་སྒོང་སྐྱེས་ལ་སོགས་པ་དང་མཐུན་པར་གསུངས་ནས། ཕྱག་བཅུ་དྲུག་པ་དང་མངལ་སྐྱེས་མ་གསུངས་པ་དེ་འདི་ནས་འཆད་དོ། །དེ་བཞིན་དུ་ལེའུ་གཉིས་པར་མ་གསུངས་པའི་སྙིང་པོ་ཨཥྚ་ན་དང་། ཧེ་རུ་ཀ་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྔར་མ་གསུངས་པ་འདིར་བསྟན་ཏོ། །འདི་ལ་གཉིས་སྟེ་གཞུང་དང་། ལེའུ་ཡི་མཚན་ནོ། །དང་པོ་ལ་གསུམ། ལྷ་བསྐྱེད་པ། བཟླས་པའི་སྔགས། དབང་བསྐུར་བའོ། །དང་པོ་ལ་གཉིས་ལས། ཞུས་པ་ནི། ཕྱག་ནི་བཅུ་དྲུག་ཞེས་པའི་ཚིག་རྐང་བཅུ་སྟེ། དེ་ཡང་དྲུག་པ་རྡོ་རྗེ་འཆང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་སྟོང་པ་ཉིད་བཅུ་དྲུག་མཚོན་པའི་ཕྱག་བཅུ་དྲུག་པ་རྣམ་པར་ཐར་པ་བརྒྱད་ཀྱི་ཞལ་ཅན། བསྡུ་བའི་དངོས་པོའི་ཞབས་བཞི་པ། གདུག་པ་ཅན་ཚར་གཅོད་ཅིང་འཇིགས་པར་བྱེད་པའི་དཔའ་བོ། ཐབས་ཤེས་རབ་གཉིས་སུ་མེད་པའི་བདག་མེད་མས་འཁྱུད་པ། སངས་རྒྱས་ལྔ་དག་པའི་ཕྱག་རྒྱ་འཛིན་པའི་ལྷ་སྟེ། སྟོན་པ་དེ་ལ་བདག་མེད་མ་ཉིད་ཀྱིས་ཞུས་པ། བཅྭོ་ལྔས་ཡོངས་སུ་བསྐོར་བའི་བདག་གི་དཀྱིལ་འཁོར་གྱི་འཁོར་དང་བསྐུར་བ་དང་བཅས་པ་ཁྱོད་ཀྱིས་བཤད་ན། དགྱེས་པའི་རྡོ་རྗེ་ཁྱོད་ཀྱི་དཀྱིལ་འཁོར་ཅི་ལྟར་ལགས་གཙོ་བོ་ཞེས་བོས་ནས། བདག་གིས་སྔར་ཕྱག་བཅུ་དྲུག་པའམ་མངལ་སྐྱེས་ཀྱི་བསྐྱེད་རིམས་མ་འཚལ་བས། གསུང་དུ་གསོལ་ཞེས་པའོ། །ལན་ལ་གཉིས་སྟོན་པའི་མཛད་པ་དང་། ཞུས་པའི་དོན་བཤད་པའོ། །དང་པོ་ནི་བདག་མེད་ཞེས་པའི་ཚིགས་བཅད་ཅིག་སྟེ། དེ་ལ་བཅོམ་ལྡན་འདས་ཀྱིས། མངལ་སྐྱེས་ཀྱིས་འདུལ་བའི་སེམས་ཅན་ཆགས་པ་ཅན་རྣམས་རྗེས་སུ་གཟུང་པའི་དོན་དུ། དགའ་བ་དང་། མཆོག་དགའ་དང་ལྷན་ཅིག་སྐྱེས་དགའི་དོན་མཚོན་པའི་ཕྱིར། འོ་དང་རྡོ་རྗེ་ཐོད་སྦྱོར་དང་། ནུ་མ་མཉེ་བ་ཞེས་བྱ་བའི་སྒྲས་བསྟན་ཏེ། ཉིད་ཀྱི་དཀྱིལ་འཁོར་རབ་ཏུ་གསལ་བར་མཛད་དོ། །ཞུས་པའི་དོན་ལ་གསུམ། རྟེན་གཞལ་ཡས་ཁང་དང་། གདན་དང་། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་འཁོར་ལོ་ཞེས་པའི་ཚིགས་བཅད་ཅིག་སྟེ། འདི་དག་གི་ཉམས་སུ་བླང་པའི་རིམ་པ་ཡང་། སྔོན་དུ་བདག་དང་གནས་དང་རྣལ་འབྱོར་བསྲུང་པ་ལ་སོགས་པ་བྱ་སྟེ། གནས་དབེན་པར། བླ་མ་དག་པ་མཆོད་པ་ཡན་ལག་བདུན་གྱི་རྣལ་འབྱོར་དང་། རྣལ་འབྱོར་བསྲུང་པ་ཚངས་པའི་གནས་བཞི་བསྒོམ་པ་དང་། དོན་དམ་བསྲུང་པ་ཡེ་ཤེས་ཀྱི་ཚོགས་དང་། ཀུན་རྫོབ་བསྲུང་པ་བསྲུང་བའི་འཁོར་ལོ་བསྒོམས་ནས། དེ་ནས་ཕོ་བྲང་རྣམ་པར་དག་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་ནི། སྣ་ཚོགས་རྡོ་རྗེའི་ལྟེ་བར་ཆོས་འབྱུང་གྲུ་གསུམ། དེའི་སྟེང་དུ་སྣ་ཚོགས་པདྨ་དང་ས་དང་། ཆུ་དང་མེ་དང་རླུང་དང་འཁོར་ལོ་དང་ཐིག་ལེ་རྣམས་ཞུ་བ་ལས་གཞལ་ཡས་ཁང་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ། གདན་དང་བཅས་པ་བསམ་པ་ནི་འཁོར་ལོ་ཅི་ལྟར་སྔར་གསུངས་པའོ། །དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན་པ་ནི་དྲ་བ་དང་དྲ་བ་ཕྱེད་པས་བརྒྱན་པའོ། །ཆོས་ཀྱི་དབྱིངས་མི་མཉམ་པ་མེད་པས་ནི་མཚམས་བཞི་པ། དྲན་ནས་དབང་པོའི་སྒོ་བཞི་དག་པའི་རྟགས་སུ་སྒོ་བཞི་པ། ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བའི་རྟགས་སུ་རྡོ་རྗེའི་གདུང་གིས་བསྐོར་བའོ། །དེ་ལ་སོགས་པའི་གཞལ་ཡས་ཁང་ཡོངས་སུ་རྫོགས་པར་བསྒོམས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་ཏ་ལ་བཛྭ་སྭ་བྷཱ་བ་ཨད་མ་ཀོ་ཧཾ་ཞེས་པའི་སྔགས་ཀྱང་བརྗོད་དོ། །གཉིས་པ་གདན་ནི། འོག་གི་ཚངས་པ་དབང་པོ་ལ་སོགས་པའི་ཚིགས་བཅད་ཅིག་འདིར་བླང་སྟེ། གཞལ་ཡས་ཁང་དེའི་དབུས་སུ་ཚངས་པ་སེར་པོ། དབང་པོ་དཀར་པོ། ཉེ་དབང་ནག་པོ། དྲག་པོ་སྔོན་པོ་རྣམས་བསམ། ཕྱོགས་ཀྱི་འཁོར་བཞིའི་གདན་དུ་ཡང་བསམ་མོ། །བྱང་ཤར་དུ་གཤིན་རྗེ་ནག་པོ། ཤར་ལྷོར་ནོར་བདག་སེར་པོ། ལྷོ་ནུབ་དུ་བདེན་བྲལ་སྔོ་ནག་ནུབ་བྱང་དུ་ཐག་ཟངས་རིས་ལྗང་ཁུ་སྟེ་ལྷ་མོ་བརྒྱད་ཀྱི་གདན་ནོ། །གསུམ་པ་བརྟེན་པ་ལྷ་བསྐྱེད་པ་ལ་གསུམ་ལས། དང་པོ་རྒྱུའི་ཧེ་རུ་ཀ་བསྐྱེད་པ་ནི། འདོད་ཆགས་ཆེན་པོ་ཞེས་པའི་ཚིགས་བཅད་དྲུག་སྟེ། འདོད་ཆགས་ཆེན་པོའི་རྗེས་སུ་ཆགས་པས་ལྷན་ཅིག་སྐྱེས་དགའི་རང་བཞིན་ལས། ཟླ་བ་མེ་ལོང་ལྟ་བུ་དང་། ཉི་མ་མཉམ་པ་ཉིད་དང་། ས་བོན་དང་ཕྱག་མཚན་སོ་སོར་རྟོག་པ་དང་། ཐམས་ཅད་འདྲེས་པ་བྱ་བ་ནན་ཏན་དང་། སྐུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མངོན་པར་བྱང་ཆུབ་པ་ལྔ་ལས་བསྐྱེད་པའི་བཅོམ་ལྡན་འདས་བདག་མེད་མ་དང་ལྷན་ཅིག་ཏུ་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པ། ཞལ་བརྒྱད་པ་ཞབས་བཞི་ལ། ཕྱག་བཅུ་དྲུག་པ་བདུད་བཞི་མཉམ་པར་མནན་ཅིང་འཇིགས་པའང་འཇིགས་པར་མཛད་པ། མགོ་བོ་ལྔ་བཅུའི་ཕྲེང་བའི་དོ་ཤལ་ཅན། ཉི་མའི་དཀྱིལ་འཁོར་དུ་བཞུགས་ཤིང་བདེ་བའི་རོལ་མོར་བཅས་པ། མདོག་ནག་པོ་འཇིགས་པ། སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན་པ། ཉིད་ཀྱི་ཞལ་ནས་ཧཱུྃ་ཞེས་སྤྲོ་བ། ཐལ་བས་ལུས་ལ་བྱུགས་པ། བདག་མེད་མ་དང་ལྷན་ཅིག་མཉམ་པར་སྦྱོར་བ། དགའ་བ་དང་སྙིང་རྗེ་སྟོང་པ་རོ་མཉམ་པས་གཉིས་གཉིས་སྙོམས་པར་འཇུག་པ། རྣམ་པར་རྟོག་པའི་རྦ་རླབས་མེད་པའི་བདེ་བ་ཐོབ་པ་རློམ་སེམས་མེད་པའི་རང་བཞིན་ཅན། ཞལ་བརྒྱད་ཀྱི་ཡང་རྩ་བའི་ཞལ་ནག་པོ། གཡས་པ་ནི་ཀུ་མུ་ཏ་ལྟར་དཀར་བ། གཡོན་པ་ནི་དམར་ཞིང་ཆེར་འཇིགས་པར་མཛད་པ། སྤྱི་བོའི་ཞལ་གཙིགས་པ། སྤྱན་ཉི་ཤུ་རྩ་བཞི་པ། ལྷག་མའི་ཞལ་རྣམས་བུང་བའི་མདོག་ལྟར་ནག་པའོ་དེ་ལྟར་བསྐྱེད་པའི་བཅོམ་ལྡན་འདས་ཀྱི་གསང་བར་ཧཱུྃ་ལས་རྡོ་རྗེ། ཨོཾ་ལས་ནོར་བུ་རྗེས་སུ་མཐུན་པའི་སྦུ་གུ་ཅན་དུ་བསྐྱེད་ལ། ཨོཾ་བཛྭ་མཏཱ་དྱེ་ཤའི་སྔགས་ཀྱིས་བྱིན་གྱིས་བརླབ། ཡུམ་གྱི་མཁའ་པཾ་ལས་པད་མ། ཨ་ལས་ཟེ་འབྲུ་པད་མ་སུ་ཀ་དྷ་རའི་སྔགས་ཀྱིས་བྱིན་གྱིས་བརླབ། གཉིས་སུ་མེད་པའི་བདེ་བ་ཉམས་སུ་མྱོང་ཞིང་སརྦ་ཏ་ཐཱ་ག་ཏཱ་ཨ་ནུ་ར་གའི་སྔགས་བརྗོད་རྗེས་སུ་ཆགས་པ་རྡོ་རྗེ་འཆང་གི་ཡན་ལག་གོ །གཉིས་པ་འཁོར་བསྐྱེད་པ་ལ་ལྔ་ལས། དང་པོ་ས་བོན་ནི། འོག་གི་གྂ་ཙྃ་བྂ་གྷྂ། པྂ་ཤྂ་ལྂ་བྷྂ། འདི་ཡིས་ས་བོན་ཕྱུང་པ་དང་ཞེས་པ་ཡབ་ཡུམ་གཉིས་སུ་མེད་པའི་སྙོམས་འཇུག་གི་མཚམས་ནས་གྂ་ལ་སོགས་པ་ཕྱུང་སྟེ་ཉི་ཟླ་ཁ་སྦྱོར་གྱི་བར་དུ་སྤྲོས་ནས་ཕྱག་མཚན་བརྒྱད་དུ་གྱུར་པ་ལས་ལྷ་མོ་བརྒྱད་དུ་བསྐྱེད་དོ་ཞེས་གསུང་མོད་ཀྱི། འདིར་ནི་ས་བོན་བཅོམ་ལྡན་འདས་ཀྱི་གསང་བ་ནས། ཡུམ་གྱི་མཁར་ཕྱུང་ལ་ལྷ་མོར་བསྐྱེད་དེ་ཕྱོགས་མཚམས་སུ་སྤྲོ་བའོ། །ཅི་ལྟར་བསྐྱེད་པའི་ཚུལ་ནི། གྲོང་ཁྱེར་ཞེས་པའི་ཚིགས་སུ་བཅད་པ་དྲུག་སྟེ། ལྷན་ཅིག་སྐྱེས་པའི་གྲོང་ཁྱེར་ཉམས་དགའ་བར་བཅོམ་ལྡན་འདས་ཡབ་ཡུམ་མཆོག་ཏུ་དགའ་བའི་རོལ་པ་ལས་དཀར་མོ་དབང་པོའི་ཕྱོགས་སུ་ཕྱུང་ནས་ཤར་གྱི་སྒོ་རུ་གནས་སོ། །ཡང་བསྲུབ་པའི་སྦྱོར་བ་ལས་ཆོམ་རྐུན་མ་ཕྱུང་ནས་ལྷོ་ཕྱོགས་སུའོ། །ཡང་བྷོ་ལ་ཀ་ཀོ་ལའི་སྦྱོར་བ་ལས་རོ་ལངས་མ་ཕྱུང་ནས་ནུབ་ཀྱི་ཕྱོགས་སུ་བདུད་འཇོམས་མ་གནས་སོ། །དགའ་བ་ཆེན་པོའི་སྙོམས་འཇུག་ལས་གྷསྨ་རི་ཕྱུང་ནས་བྱང་གི་ཕྱོགས་སུ་འཇིགས་པའི་གཟུགས་ཅན་མ་གནས་སོ། །དེ་བཞིན་དུ་གཉིས་ཀྱི་བསྐྱོད་པའི་སྦྱོར་བ་ལས་པུ་ཀ་སི་ཕྱུང་ནས་དབང་ལྡན་མཚམས་སུ་དྲག་པོའི་གཟུགས་ཅན་མ་གནས། ཡང་ནི་བསྲུབ་པའི་སྦྱོར་བ་ལས་མེའི་མཚམས་སུ་རི་ཁྲོད་མ་དང་། སྲིན་པོའི་མཚམས་སུ་གདོལ་པ་མོ་དང་། རླུང་གི་མཚམས་སུ་གཡུང་མོ་རྣམས་ཀྱང་རིམ་པ་བཞིན་དུ་བཀོད་དོ། །གསུམ་པ་ཁ་དོག་ནི། འོག་གི་གྷོ་རི་ཞེས་པའི་ཚིགས་བཅད་གཉིས་ཏེ། དེ་ཡང་གྷོ་རི་ནི་སྐུ་མདོག་ནག་མོ། ཆོམ་རྐུན་མ་ནི་བཙོད། ལྟ་བུ། རོ་ལངས་མ་གསེར་བཙོ་མའི་མདོག་ལྟ་བུ། གྷསྨ་རི་ནི་མར་གད་ལྟ་བུ་ལྗང་གུ།པུ་ཀ་སི་ནི་དབང་སྔོན་གྱི་མདོག་ལྟ་བུ། རི་ཁྲོད་མ་ནི་ཟླ་བ་ནོར་བུའི་འོད་ལྟ་བུ་སྟེ་དཀར་སེར། གཏུམ་མོ་ནི་ནམ་མཁའ་ལྟར་སྔོ་བསངས། གཡུང་མོ་ནི་སྣ་ཚོགས་མདོག་ཅན་བརྗོད་དོ། །བཞི་པ་དེའི་རྣམ་པ་ནི། དཀྱིལ་དཀྲུང་ཞེས་པའི་ཚིགས་བཅད་གཅིག་སྟེ། ལྷ་མོ་དེ་དག་ཀྱང་དཀྱིལ་དཀྲུང་ཕྱེད་པའི་གར་གྱིས་གནས་པ། ཕྱག་གཉིས་པ། སྤྱན་གསུམ་པ། སྐྲ་གྱེན་དུ་བརྫེས་པ། དབུ་རྒྱན་ལ་སོགས་པའི་ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་པའོ། །ཕྱག་མཚན་ནི། དཀར་མོའི་གཡས་ན་ལ་སོགས་པའི་ཚིགས་བཅད་བཞི་སྟེ། དཀར་མོའི་གཡས་རྣམ་པར་རྟོག་པ་གཅོད་པའི་གྲི་གུག་གཡོན་ན་རོ་བཅུད་ཀྱི་ཁམས་དག་པའི་རོ་ཧི་ཏ། ཙོ་རིའི་གཡས་ཆོས་ཀྱི་སྒྲ་སྒྲོགས་པའི་ཅང་ཏེའུ། གཡོན་པ་གཏི་མུག་འཇོམས་པའི་ཕག་པ། རོ་ལངས་མའི་གཡས་རྣམ་རྟོག་སྡུད་པའི་རུས་སྦལ། གཡོན་ན་དངོས་དང་དངོས་མེད་ཀྱི་རྣམ་རྟོག་གཅོད་པའི་ཐོད་པ། གྷསྨ་རིའི་གཡས་ཞེ་སྡང་དག་པའི་སྦྲུལ། གཡོན་ཐོད་པ། པུ་ཀ་སིའི་གཡས་ང་རྒྱལ་འཇོམས་པའི་སེང་གེ །གཡོན་ན་ལོག་ལྟ་གཅོད་པའི་དགྲ་སྟ། རི་ཁྲོད་མའི་གཡས་ཚུལ་ཁྲིམས་དག་པའི་དགེ་སློང་། གཡོན་བདེན་བཞི་དག་པའི་བསིལ་བྱེད། གདོལ་བ་མོའི་གཡས་སྡུག་བསྔལ་གཅོད་པའི་འཁོར་ལོ། གཡོན་པས་ཉོན་མོངས་པའི་ཐབས་བཟློག་པའི་ཐོད་པ། གཡུང་མོའི་གཡས་ན་སྟོད་པ་ཉིད་ཀྱི་རྡོ་རྗེ། གཡོན་ན་བདུད་རྣམས་བསྡིགས་པའི་སྡིག་འཛུབ་བོ། །ཡང་ན་འདི་རྣམས་ཀྱི་དོན། ཉོན་མོངས་པ་གཅོད་པ་དང་། སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པ་དང་། མི་གཡོ་བའི་བདེ་བ་དང་། ཞེ་སྡང་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་རྒྱན་དུ་བཅད་པ་དང་། བྱ་བ་ཐམས་ཅད་ལ་ཐོགས་པ་མེད་པར་བྱ་བ་དང་། དགྲ་བཅོམ་པར་བསྟན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཉོན་མོངས་གཅོད་པའི་ཕྱིར་གཡས་ཀྱི་ཕྱག་མཚན་བརྒྱད་རིམ་པ་བཞིན་ནོ། །དེ་བཞིན་དུ་རེ་འགའ་བདེ་བ་དང་། གཏི་མུག་གསད་པ་དང་། བདེ་བ་བསྐྱང་པ་དང་། ཡེ་ཤེས་བསླབ་པ་དང་། ཉོན་མོངས་ཚར་གཅད་པ་དང་། བདེ་བ་མཚོན་པ་དང་། ཉོན་མོངས་སྨོད་པ་དང་། དྲི་མ་མེད་པའི་གནས་མཚོན་པ་སྟེ་གཡོན་བརྒྱད་རིམ་པ་བཞིན་ནོ། །ཞེས་རྡོ་རྗེ་སྙིང་པོས་གསུངས་སོ། །དེ་དག་རྒྱུའི་ཧེ་རུ་ཀ་འཁོར་རྣལ་འབྱོར་མ་དང་བཅས་པ་བསྐྱེད་པའོ། །ད་ནི་འབྲས་བུའི་ཧེ་རུ་ཀ་བསྐྱེད་པ་ལ་དྲུག་ལས། དང་པོ་ཐིག་ལེར་ཞུ་བ་ནི། དེ་ནས་རྡོ་རྗེ་ཆགས་ཅན་ལས། རིག་མར་བཅས་པ་ཁུ་བར་གྱུར་ཅེས་པ། ནམ་མཁའ་ནས་ནཱ་ད་ཞལ་དུ་ཞུགས་པ་ལས་ཡབ་ཡུམ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་སྟེ། བདེ་བ་ཆེན་པོའི་རང་བཞིན་དུ་བྱའོ། །གཉིས་པ་གླུས་བསྐུལ་བ་ནི། སྣ་ཚོགས་ཞེས་པའི་ཚིགས་བཅད་ཕྱེད་དང་ལྔ་སྟེ། ཚད་མེད་པ་ལ་སོགས་པའི་སྣ་ཚོགས་ཀྱི་གླུའི་མཆོད་པས་ལྷ་མོ་རྣམས་ཀྱིས་བསྐུལ་བར་བྱ་སྟེ། ཐོག་མར་པུ་ཀ་སི་ཡིས་བྱམས་པ་ཚད་མེད་པས་བསྐུལ་བ་ནི། རྗེ་བཙུན་སྙིང་རྗེ་ཆེན་པོའི་ཡིད་ཀྱིས་གཞན་གྱི་དོན་དུ་བཞེངས་ཤིག་བདག་ལ་ཡོངས་སུ་བསྐྱབ་པའི་དོན་དུ། སྟོང་པའི་རང་བཞིན་ནི་ཐིག་ལེའི་གཟུགས་སུ་གནས་པ་དེ་སྤོངས་ལ། བདེ་བ་ཆེན་པོའི་རང་བཞིན་སྦྱོར་བ་ནི་སྟོང་པ་དང་གཉིས་སུ་མེད་པར་མཛོད་ཅིག་པའོ། །སྙིང་རྗེ་ཚད་མེད་པའི། གླུས་བསྐུལ་བ་ནི། ཁྱོད་མེད་ན་བདག་འགུམ་ཞེས་པ་ཐབས་དང་བྲལ་བའི་སྟོང་པས་དོན་བྱེད་པ་མེད་པས། ཀྱེའི་རྡོ་རྗེ་ཁྱོད་བཞེངས་ལ་སྟོང་པའི་རང་བཞིན་ཉིད་སྤངས་པའི་ཚུལ་གྱིས། རི་ཁྲོད་མ་ལ་སོགས་པའི་ཐབས་ཀྱི་འབྲས་བུ་གྲུབ་པར་མཛོད་ཞེས་པའོ། །དགའ་བ་ཚད་མེད་པའི་གླུ་ནི། འཇིག་རྟེན་དུ་དགའ་བར་མཛད་པའི་གཙོ་བོ་གཞན་དོན་འགྲོན་དུ་གཉེར་བའི་བཅོམ་ལྡན་འདས་སྟོང་པ་ཉིད་ལ་ཅིའི་ཕྱིར་བཞུགས། ཁྱོད་མེད་པས་ཐབས་ཀྱི་ཕྱོགས་མི་འཚལ་བས། གདོལ་པ་མོ་བདག་བཞེངས་པར་གསོལ་བ་བགྱིད་དོ་ཞེས་སོ། །བཏང་སྙོམས་ཚད་མེད་པའི་གླུ་ནི། བདག་གིས་ཁྱོད་ཀྱི་ཐུགས་གཞན་གྱི་དོན་ལ་དགོངས་པ་དེ་འཚལ་གྱིས། བསམ་གྱིས་མི་ཁྱབ་པའི་མིག་འཁྲུལ་མངའ་བ་ཁྱོད་བཞེངས་ཤིག གཡུང་མོ་བདག་ཉིད་དྲན་ཉམས་པ་ནི། ཐབས་དང་བྲལ་བའི་སྟོང་པ་ཁོ་ན་ནི་ཉམས་པ་ཡིན་པས་སྙིང་རྗེ་རྒྱུན་ཆད་པ་མ་མཛད་ཅིག་ཅེས་པའོ། །འདི་དག་ཀྱང་མངལ་སྐྱེས་ཀྱི་འབྱུང་བ་ལ་སོགས་པ་དག་པར་བྱེད་པའོ། །གསུམ་པ་ས་བོན་ལས་བཞེངས་པ་ནི། ཨྂ་དང་ཧཱུྃ་གི་ཞེས་པའི་ཚིགས་བཅད་ཅིག་སྟེ། དེ་ཡང་ཐིག་ལེ་དེ་ཉིད་ཨ་དང་ཧཱུྃ་གི་རང་བཞིན་དག་པ་ཁུ་བའི་གཟུགས་ལས་སྔ་མ་ལྟ་བུའི་བཅོམ་ལྡན་འདས་ཡབ་ཡུམ་དུ་བཞེངས་ནས་ཞབས་བཞི་པོ་རྣམས་ས་ལ་རྡེབས་པ་དང་། ལྷ་དང་ལྷ་མ་ཡིན་ལ་སོགས་པ་བསྡིགས་པར་མཛད་པའི་སྐུར་སྒོམ་མོ། །བཞི་པ་ཕྱག་མཚན་ནི། གླང་པོ་ལ་སོགས་པའི་ཚིགས་བཅད་གཉིས་ཏེ། ཕྱག་བཅུ་དྲུག་གི་གཡས་པ་བརྒྱད་ན་རིམ་པ་བཞིན་དུ། གླང་པོ། རྟ། བོང་བུ། གླང་། རྔ་མོ། མི། ཤ་རམ་བྷ། བྱི་ལ་སྟེ་གཡས་པའི་ཐོད་པ་བརྒྱད་ན་གནས་པ་ནི་རིམ་པ་བཞིན་དུ་གློ་ལ་སོགས་པའི་ནད་བརྒྱད་སེལ་བར་ཤེས་པར་བྱའོ། །དེ་བཞིན་དུ། ས་དང་། ཆུ་དང་། རླུང་དང་། མེ་དང་། ཟླ་བ་དང་། ཉི་མའི་ལྷ་དང་། གཤིན་རྗེ་དང་། གནོད་སྦྱིན་རྣམས་རིམ་པ་བཞིན་གཡོན་པའི་ཐོད་པ་བརྒྱད་དུ་བསྣམས་པ་ནི་དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་སྟེར་བའོ། །ལྔ་པ་རྣམ་པ་ནི། སྒེག་པ་ཞེས་པ་ནི་ཚིགས་བཅད་གཅིག་སྟེ། འདི་ཡི་དོན་ཡང་གཞན་དག་ནི་སྒེག་པ་ཡུམ་དང་བཅས་པ། དཔའ་བ་ནི་མཚོན་ཆ་སྣ་ཚོགས་ཐོགས་པ། མི་སྡུག་པ་ནི་རུས་པའི་རྒྱན་ཅན་ལ་སོགས་པ་ཡིན་ནོ་ཞེས་ཟེར་མོད་ཀྱི། འདིར་ནི་དེ་ལྟ་བུ་མ་ཡིན་ཏེ། སྒེག་པ་ལ་སོགས་པ་སྐུའི་གར་གསུམ་དང་། རྒོད་པ་དང་། དྲག་ཤུལ་ཅན་དང་། འཇིགས་སུ་རུང་བ་གསུང་གི་གར་གསུམ་དང་། སྙིང་རྗེ་བ་དང་། རྔམ་པ་དང་། ཞི་བ་ནི་ཐུགས་ཀྱི་གར་གསུམ་སྟེ་དེ་ལྟར་དགུ་དང་ལྡན་པའོ། །དྲུག་པ་སེམས་དཔའ་སུམ་བརྩེག་ཏུ་བྱིན་གྱིས་བརླབ་པ་ནི། བདག་པོའི་ཞེས་པའི་ཚིག་རྐང་དྲུག་སྟེ། གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ་སྔོན་པོ། ཡུམ་གྱི་ཐུགས་ཀར་གྲི་གུག་གི་ཡུ་བ་ལ་ཨོཾ་སྔོན་པོས་མཚན་པ། འཇིགས་པ་སྟེ་འོད་ཟེར་འབར་བ། མ་མོ་བརྒྱད་ཀྱི་དབུས་ན་བཞུགས་པ། སྐུ་མདོག་ནག་པོ་ལོག་འདྲེན་ཐམས་ཅད་འཇིགས་པར་མཛད་པའི་དཔལ་ཧེ་རུ་ཀར་བསྒོམ་མོ། །དེ་ནས་གཏི་མུག་རྡོ་རྗེ་ལ་སོགས་པས་སྐྱེ་མཆེད་རྣམས་བྱིན་གྱིས་བརླབས་པ་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་སྟེ་རྒྱས་བཏབ་ལ། གྷོ་རི་ཨ་གྷུ་ཤ་ཛ་ལ་སོགས་པས་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་སྟེ། ལྷ་དབང་བསྐུར་བ་སྔར་གསུངས་པ་ལྟར་བྱས་ནས། སརྦ་ཏ་ཐཱ་ག་ཏཱ་ཨ་བྷི་ཥིན་ཙའི་སྔགས་ཀྱི་རྒྱས་གདབ་པ་ནི་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་གོ །དེ་ནས་བདུད་རྩི་མྱང་པ་འོད་དཔག་མེད་ཀྱི་ཡན་ལག་བྱ་སྟེ་སརྦ་ཏ་ཐཱ་ག་ཏཱ་ཨ་མྲི་ཏ་ཨ་ས་ཏ་ཡིས་རྒྱས་གདབ་བོ། །དེ་ནས་མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་བྱ་སྟེ། སརྦ་ཏ་ཐཱ་ག་ཏཱ་པུ་ཙ་བཛྭ་ཡིས་རྒྱས་གདབ་བོ། །དེ་ནས་བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་ནི་རྒྱུད་ལས་གསུངས་པ་བཞིན་ཧེ་རུ་ཀ་ལ་སོགས་པ་བསྟོད་པ་གང་རུང་གིས་བསྟོད་ནས་སརྦ་ཐཱ་ག་ཏཱ་ཏུ་ཏི་ར་བཛྭ་ཡིས་རྒྱས་གདབ་བོ། །དེ་ལྟར་བསྐྱེད་པའི་རིམ་པ་ཡན་ལག་དྲུག་ལྡན་དུ་བསྒོམ་མོ། །བཟླས་པ་ལ་གཉིས་ལས། ཞུས་པ་ནི། བྷོ་ལ་གཞིབ་པར་མཛད་ནས་ནི་ཞེས་པའི་ཚིགས་བཅད་གཅིག་སྟེ། དེ་ནས་འཁྱུད་པ་ལ་སོགས་པའི་བདེ་བས་བཅོམ་ལྡན་འདས་གུས་པས་མཆོད་ནས་བདག་མེད་མས་སྔགས་ཞུས་པའོ། །ལན་ལ་གསུམ་ལས། འདི་དབར་མ་དཔེ་ལས་ཡི་གེ་ཚང་མི་འདུག གདམས་པ་ནི། །བུད་མེད་ཞེས་པའི་ཚིགས་བཅད་གསུམ་སྟེ། བུད་མེད་རྣམས་དབང་དུ་བྱེད་ཅིང་། གདུག་པ་དང་ཀླུ་རྣམས་བསྡིགས་པར་བྱེད་པ། ལྷ་དང་ལྷ་མ་ཡིན་ཟིལ་གྱིས་གནོན་པའི་སྔགས་བཤད་པར་བྱ་ཡིས་ཉོན་ཅིག་པའོ། །འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རྒྱུད་གཞན་དུ་མ་བསྟན་ཏེ་འདིའི་སྔགས་ཀྱི་ཡོན་ཏན་གང་འབྱུང་བ་དང་། རྡོ་རྗེ་སེམས་དཔའི་མཛད་པ་ནི་ཤིན་དུ་འཇིགས་པ་སྟེ་འདིར་ལྷ་མོ་ཁྱོད་ལ་བཤད་པར་བྱའོ་ཞེས་པའོ། །དགོས་པ་ནི། འབར་བའི་ཞེས་པ་ནི་ཚིགས་བཅད་གསུམ་སྟེ། སྔགས་འདི་ཉིད་ཀྱིས་ནི་དཀྱིལ་འཁོར་དུ་དབང་། སྦྱིན་པའི་ཕྱིར་ཐིག་ལེ་མཆོག་མ་ལ་སོགས་པ་འགུག་པ་དང་། བཟླས་པ་ཁྲི་ཙམ་གྱིས་ཀྱང་ཕོ་ཉ་མོ་རྣམས་འགུགས་ཤིང་། བསྐྱེད་རིམས་ཀྱི་རྣལ་འབྱོར་དང་ལྡན་པས་བཟླས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །སྔགས་དངོས་ནི། རིག་བྱེད་རྣམས་ཀྱི་ཞེས་པ། དང་པོར་ཨོཾ་སྦྱིན་པའོ། །ཨཥྚ་ན་ནཱ་ཡ་ཞལ་བརྒྱད་དང་ལྡན་པ། བི་ཀ་ལོ་དྷ་ཀེ་ཤ་ཝ་རདྷ་མ་ན་དབུ་སྐྲ་སེར་པོ་གྱེན་དུ་འཁྱིལ་པ། ཙ་ཏུ་བིཾ་ཤ་ཏཱི་ནེ་ཏྲ་ཡ་སྤྱན་ཉི་ཤུ་རྩ་བཞི་དང་ལྡན་པ། འོ་ཌ་ཤ་བྷུ་ཛཱ་ཡཱ་ཕྱག་བཅུ་དྲུག་དང་ལྡན་པ། ཀྲིཥྞ་ཇི་མུ་ཏ་ཝ་པུ་ཤེ་སྐུ་མདོག་ཆར་སྤྲིན་གཞོན་ནུ་ལྟར་གནག་པ། ཀ་པ་ལ་ཐོད་པ། མལ་འཕྲེང་བ། ཨ་ནེ་ཀ་མེད་པ། ཕྲེང་བ་འཛིན་པའོ། །འཕྲིན་ལས་བཅོལ་པ་ནི་ཨ་ཏ་མ་ཏ་ཀྲུ་ར་ཙི་ཏཱ་ཡ་བདག་ལ་གདུག་པའི་སེམས་དང་ལྡན་པ། ཨ་རྟེན་དྷུ་དྷྂཥྚི་ནི་མཆེ་བ་ཟླ་བ་ཕྱེད་པ་ལྟ་བུས། ཨོཾ་མ་ར་ཡ་མ་ར་ཡ། སོད་ཅིག་སོད་ཅིག།ཀརྫ་ཡ་ཀ་རྫ་ཡ་མཛོད་ཅིག་མཛོད་ཅིག །གརྫ་ཡ་གརྫ་ཡ་སྒྲོགས་ཅིག་སྒྲོགས་ཅིག ཏརྫ་ཡ་ཏརྫ་ཡ། སྡིགས་ཅིག་སྡིགས་ཅིག །ཤོ་ཥ་ཡ་ཤོ་ཥ་ཡ། སྐོམས་ཅིག་སྐོམས་ཅིག གང་སྐོཾ། ངས་བ་དྷ་ས་གཱ་ར་ན་རྒྱ་མཚོ་བདུན་སྐོམས་ཅིག སྐམས་ནས་ཅི་བྱེད་ན། ན་བྷ་བྷ་ཆིངས་ཤིག་ཆིངས་ཤིག་གང་ཆིངས་ན། ནཱ་ག་ཨཥྚ་ཀཱ་ཀླུ་བརྒྱད་ཀྱི་ཚོགས་རྣམས། གྲི་་གྲི་་ཟུང་ཟུང་། གང་ཟུང་ན། ཤ་ཏྲུྂ་ན་དགྲ་བོ་སྟེ་བླ་མའི་སྐུ་དགྲ་དང་། དཀོན་མཆོག་གསུམ་གྱི་སྤྱི་དགྲ་དང་། སྔགས་དང་རྒྱུད་ལ་བཞད་གད་དུ་བྱེད་པའོ། །ཧཱ་ཧཱ་ཧཱི་ཧཱི་ལ་སོགས། ལྷ་སྨན་ལུང་བ་དགའ་བ་རོལ་བའི་གདངས་བཞི། སྐད་ཅིག་རོལ་བའི་གདངས་བཞི། དབང་རོལ་བའི་གདངས་བཞི་ཞེས་ཟེར་རོ། །ལྷོ་པའི་བཞེད་པས་རྟེན་འབྲེལ་བཅུ་གཉིས་དག་པའམ། གད་མོ་བཅུ་གཉིས་འཇིག་རྟེན་དུ་སྒྲོགས་ཅིག་བའོ། །ཕཊ་གཏོར་བ། སྭཱ་ཧཱ་གཞི་ཚུགས་ཅིག་པའོ། །སྔགས་ཀྱི་ངེས་པའི་དོན་ནི་སྔར་བསྟན་ཏོ། །ད་ནི་དབང་བསྐུར་བ་ལ་གཉིས་ཏེ། ཞུས་པ། ལན་ནོ། །དང་པོ་ནི། དེ་ནས་ཞེས་པའི་ཚིགས་བཅད་གཅིག་སྟེ། དེ་ལྟར་སྔགས་གསུངས་པ་དེ་མ་ཐག་པ་ནས། ལྷ་མོ་བདག་མེད་མས་ལྷན་ཅིག་སྐྱེས་པའི་སྦྱོར་བས་མཆོད་ནས་དཀྱིལ་འཁོར་ཡིད་དུ་འོང་བར་ཞུས་སོ། །ལན་ལ་གཉིས་ལས། དཀྱིལ་འཁོར་གྱི་བྱ་བ། དབང་བསྐུར་བའོ། །དང་པོ་ལ་ལྔ་ལས། མདོར་བསྟན་ནི། དེ་ལ་སྟོན་པས་ཞེས་པའི་ཚིགས་བཅད་གཅིག་སྟེ། འདི་ལ་ཡང་། ས་ཆོག་དང་། སྟ་གོན་དང་། དངོས་གཞི་གསུམ་ལས། དང་པོ་གཉིས་ནི། དབང་གི་ལེའུར་གསུངས་པ་དང་མཚུངས་ལ། འདིར་ནི་དཀྱིལ་འཁོར་ཞག་གི་ཆོ་ག་ལ་སོགས་པ་དབང་བསྐུར་དངོས་གཞི་བཤད་དེ། དེ་ལ་ཡང་སྔོན་བྱུང་གི་གདུལ་བྱ་ལ་ཕྱིན་ཅི་མ་ལོག་པའི་ལམ་སྟོན་པས་ན་སྟོན་པ། དངོས་པོའི་དེ་ཁོ་ན་ཉིད་རྟོགས་པས་ཡེ་ཤེས་ཆེན་པོ། རྡོ་རྗེ་དང་པད་མ་མཉམ་པར་སྦྱར་བ་ནི་གཉིས་སུ་མེད་པ། དགྱེས་པའི་ཐུགས་ཀྱིས་ཆོས་ཐམས་ཅད་དང་སྤྲོས་པ་དང་བྲལ་བ། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་ཉིད་ཀྱི་དཀྱིལ་འཁོར་བྲི་བར་མཛད་ཟེར་ཡང་བཤད་པར་མཛད་པའོ། །རྗེས་འཇུག་ནི། བླ་མ་ཉིད་ཕྱིན་ཅི་མ་ལོག་བའི་ལམ་སྟོན་པ་ཡེ་ཤེས་ཆེན་པོ་རྟོགས་པས། སྔགས་སྐྱེས་ལ་སོགས་པའི་ཕྱག་རྒྱ་དང་མཉམ་པར་སྦྱར་བས་ཡན་ལག་དྲུག་གི་རྣལ་འབྱོར་མཉམ་པར་གཞག་པ་དང་། དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་བྲི་བར་མཛད་པའོ། །གཉིས་པ་དཀྱིལ་འཁོར་བྲི་བ་ནི། འཕར་མ་གཅིག་དང་ཞེས་པའི་ཚིག་རྐང་དྲུག་སྟེ། སྔོན་དུ་ཐིག་ལེགས་པ་གདབ་ཅིང་བྲི་བ་ནི་འཕར་མ་སྟེ་པད་མ་འདབ་མ་བརྒྱད་དང་། སྒོ་བཞི་པ་འོད་ལྔ་དང་ལྡན་པ་རྟ་བབས་བཞི་རྡོ་རྗེའི་སྲད་བུ་དང་། པཉྩྨ་རེག་ལྔ་དང་ཡང་དག་པར་ལྡན་པ། བཀྲ་ཤིས་ཀྱི་བུམ་པ་བརྒྱད་ཀྱང་ཕྱོགས་སུ་གཉིས་གཉིས་ཀྱིས་མཚན་པ་བྲི་བར་བྱའོ། །གསུམ་པ་ཚོན་ནི། རིན་ཆེན་ཞེས་པའི་ཚིག་རྐང་དྲུག་སྟེ། དེ་ལྟར་དཀྱིལ་འཁོར་བྲི་བ་ལ་ཚོན་འབྲིང་པོ་ནི་ཨིན་ཏྲ་ནི་ལ་ལ་སོགས་པའི་ཕྱེ་མ་ལྔ་འམ། ཐ་མ་འབྲས་ཁ་བསྒྱུར་བ་ལ་སོགས་པ་ཡིས་ཀྱང་རུང་སྟེ། རབ་དུར་ཁྲོད་ཀྱི་སོ་ཕག་དང་སོལ་བ་ལ་སོགས་པའི་པད་མ་འདབ་མ་བརྒྱད་པ་ཟེ་འབྲུ་དང་བཅས་པ་བྲིའོ། །བཞི་པ་ཕྱག་མཚན་དགོད་པ་ནི། སྙིང་པོར་ཞེས་པའི་ཚིགས་སུ་བཅད་པ་ཕྱེད་དང་བཞི་སྟེ། པད་མའི་སྙིང་པོར་སྐྱེས་པའི་ཐོད་པ་དཀར་པོ་དུམ་བུ་གསུམ་པ་བྲིའོ། །དབང་ལྡན་དུ་ཤ་རམ་བྷ། མེར་དགེ་སློང་། བདེན་བྲལ་དུ་འཁོར་ལོ། རླུང་དུ་རྡོ་རྗེ། ཤར་དུ་གྲི་གུག །ལྷོར་ཅང་ཏེའུ། ནུབ་དུ་རུས་སྦལ། བྱང་དུ་སྤྲུལ། ཁ་དོག་ནི་ལྷ་མོའི་དབྱེ་བ་དང་མཚུངས་སྟེ་ཕྱག་མཚན་བརྒྱད་དོ། །ཐོད་པའི་སྟེང་དུ་ཡང་སྣ་ཚོགས་རྡོ་རྗེ་བྲིའོ། །ལྔ་པ་བུམ་པ་དགོད་པ་ནི། དེ་ནས་རྣམ་རྒྱལ་ཞེས་པའི་ཚིག་རྐང་བདུན་ཏེ། དེ་ཡང་རྣམ་པར་རྒྱལ་བའི་བུམ་པ་ཡལ་གའི་རྩེ་མོ་སྟེ་མེ་ཏོག་དང་འབྲས་བུར་བཅས་པ་ཡིས་ཁ་བརྒྱན་ལ། མགྲིན་པ་ནི་གོས་བཟང་པོས་འགུལ་ཆིངས་བྱ་སྟེ། ལྟོ་བ་ནི་རིན་པོ་ཆེ་ལྔ་དང་སྨན་ལྔ་འབྲུ་ལྔ་དྲི་ལྔ་སྙིང་པོ་ལྔ་དང་ས་ལུ་ལས་བསྐྱེད་པ་ནི་ཤ་ཆེན་པོ་སྟེ་དེས་མཚོན་ནས་ཤ་ལྔ་བདུད་རྩི་ལྔའི་རི་ལུ་དང་སྦྱར་བས་དགང་ངོ་། །མདོར་ན་མང་དུ་བརྗོད་པས་ཅི་ཞིག་བྱ། དེ་ཉིད་བསྡུས་པ་ནི་སང་ཀྲ་ཧ་འྂ། ཡང་འདི་ཉིད་ཀྱི་དེ་ཉིད་བསྡུས་པ་གུར་ལས་གསུངས་པ་བཞིན་དུ་དཀྱིལ་འཁོར་བརྒྱན་པར་བྱའོ། །དབང་བསྐུར་བ་ལ་གསུམ་ལས་དཀྱིལ་འཁོར་བསྒྲུབ་པ་དང་། སློབ་མ་འཇུག་པ་དང་། དབང་བསྐུར་བ་དངོས་སོ། །དང་པོ་ལ་གསུམ་ལས། དབང་རྟེན་གྱི་མཚན་ཉིད་ནི། བཅུ་གཉིས་ཞེས་པའི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་སྟེ། འདིར་ནི་ཆགས་ཅན་གྱི་དབང་དུ་མཛད་ནས་དཀྱིལ་འཁོར་བསྒྲུབ་པ་དང་དབང་བསྐུར་བ་ལ་དགོས་པའི་རིག་མ་ནི་བཅུ་ཚན་གཉིས་དང་བརྒྱད་གཉིས་བཅུ་དྲུག་ལོན་པའི་བདེ་བ་ཆེན་པོའི་རྟེན་དུ་གྱུར་པའི་རིག་མ་བརྒྱད་དེ་དོ་ཤལ་རྐང་གདུབ་ཀྱིས་བརྒྱན་པ་དཀྱིལ་འཁོར་དུ་རབ་ཏུ་གཞུག་གོ །བརྒྱད་པོ་རང་གང་ཞེ་ན། རང་ལ་གསང་དབང་བསྐུར་བ་ལ་མ། རང་གི་ཤེས་རབ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྲིང་མོ། རང་གིས་དབང་བསྐུར་བ་ལ་བུ་མོ། རང་གི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་སྲིང་མོའི་བུ་མོ། རང་གི་གསང་བའི་དབང་གི་མ་དང་དུས་ཅིག་དུ་དབང་ཐོག་པ་ལ་མའི་སྤུན་དང་། རང་གི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་སྒྱུག་མོ། རང་གི་གསང་བའི་མ་དང་དུས་གཅིག་དུ་གསང་དབང་ཐོབ་པའི་རྣལ་འབྱོར་པའི་ཆུང་མ་ལ་ཞང་པོའི་ཆུང་མ། རང་ལ་གསང་དབང་བསྐུར་བའི་བླ་མའི་ཤེས་རབ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་ཕའི་སྲིང་མོ་ཉིད་ཅེས་པའོ། །དེ་ལྟར་བརྒྱད་དུ་དབང་ལ་གྲགས་པའོ། །གཉིས་པར་དཀྱིལ་འཁོར་དུ་བསང་གཏོར་བྱ་བ་ནི། དམ་འཁྱུད་ཞེས་པའི་ཚིག་རྐང་དྲུག་སྟེ། སྣང་བས་སྟོང་པ་དང་སྟོང་པས་སྣང་བ་མ་སྤངས་པའི་རྟགས་སུ་དམ་དུ་འཁྱུད་དང་འོ་བྱེད་པས། རིག་མ་བརྒྱད་པོ་འདི་རྣམས་རྣལ་འབྱོར་བས་རྡོ་རྗེ་དང་པད་མ་བྱིན་གྱིས་བརླབས་ནས་མཆོད་པ་དེ་ལས་བྱུང་བས་ག་པུར་བཏུད་པ་དེ་ལོངས་སྤྱོད། དེས་དཀྱིལ་འཁོར་དུ་བསང་གཏོར་བྱ་ཞེས་པའོ། །ཆགས་བྲལ་ཡིན་ན་རང་འོད་ཀྱི་རིག་མ་དང་གཉིས་སུ་མེད་པ་ལས་བྱུང་པའི་ཐིག་ལེ་ཡིན་པར་བསམས་ལ་བདུད་རྩི་བའི་ཆུས་བསང་གཏོར་བྱའོ། །བྱང་སེམས་ཀྱི་ཐིག་ལེའི་ཟེར་མ་ལྟེ་བ་འཕོག་པས་ཐབས་ཤེས་རབ་གཉིས་སུ་མེད་པའི་ངང་ལས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོར་བསྐྱེད། སྐྱེ་མཆེད་དང་གནས་གསུམ་དང་སེམས་དཔའ་སུམ་བརྩེགས་སུ་བྱིན་བརླབས་བྱ། དེ་ནས་སྟ་གོན་གྱི་ལྷ་ནམ་མཁའ་ལ་བཏེག་པ་དེ་ཕབ་ལ་གཉིས་སུ་མེད་པར་བསྲེའོ། །བསང་གཏོར་གྱི་ལྷག་མ་ཅི་ལྟར་བྱ་ན། དེ་ནས་རྣལ་འབྱོར་པས་བཏུད་པར་བྱ། དེ་ལ་དགོས་པ་ཅི་ཡོད་ན་ཐིག་ལེ་མ་ཉམས་པས་བདེ་བ་རྒྱས་ནས། བདེ་བ་དེ་སྤྲོས་བྲལ་དུ་འཆར་བའི་སྒོ་ནས་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་བས་སོ། །གསུམ་པ་སྔོན་འགྲོ་ཚོགས་ཀྱི་འཁོར་ལོ་ནི། དེ་ལ་ཞེས་པའི་ཚིགས་བཅད་གཉིས་ཏེ། དེ་ནས་དཀྱིལ་འཁོར་ཡེ་ཤེས་ཀྱི་ལྟར་བསྒྲུབ་པའི་དོན་དུ། བྷོ་ལ་ཀ་ཀོ་ལ་སྦྱོར་བས་ཞེས་པ། དེ་ཡང་ལས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བའི་དགའ་བ་ལ་སོགས་པའི་གོ་རིམ་བཞིན་དུ། གོས་བྲལ་བ་དང་ཙུམ་བྷ་ན་དང་། བྷོ་ལ་གཞིབ་པ་དང་། གར་དང་གླུ་ཞེས་པས་དེ་ལྟ་བུའི་དགའ་བའི་སྒྲས་སངས་རྒྱས་རྣམས་བསྡུས་ནས། ཞལ་དུ་ཞུགས་ཏེ་སྐུའི་དབྱིབས་བརྒྱུད་ནས་ཡུམ་གྱི་མཁར་ཕབ་ལ་དཀྱིལ་འཁོར་གྱི་འཁོར་ལོར་བསྐྱེད་དེ་དམ་ཚིག་པ་དང་གཉིས་སུ་མེད་པར་བྱའོ། །དཀྱིལ་འཁོར་མཆོད་པ་དང་བྱང་ཆུབ་ཀྱི་སེམས་བསྒྲུབ་པའི་དོན་དུ་ཆང་ཡང་བཏུང་བ་དང་། ཤ་ཆེན་པོས་ལུས་བསྐྱེད་པ་ལ་སོགས་བཟའ་བར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་བདག་འཇུག་གི་རིམ་པ་བྱའོ། །སློབ་མ་འཇུག་པ་ནི། དེ་ནས་ཞེས་པའི་ཚིགས་བཅད་གཅིག་སྟེ། དེ་ནས་དཀྱིལ་འཁོར་བསྒྲུབ་པ་ལ་ལྟོས་ནས་ཐུན་ཚོད་གཉིས་པ་ལ་བླ་མ་ལ་མཎྜྻལ་ཕུལ་གསོལ་གདབ་པ། གོས་ཀྱིས་མིག་ནི་བཀབ་ནས་སུ་ཞེས་པ་གདོང་གཡོགས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་རྣམས་བྱས་ནས། ཕྱི་ནས་དཀྱིལ་འཁོར་རབ་དུ་བསྟན་པ་ནི། ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་མེ་ཏོག་དོར་ནས་སྤྱན་དབྱེ་ནས་ལྷ་ངོ་བསྟན་པའོ། །དེ་བཞིན་དུ་ནང་ལུས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། གསང་བ་བྷ་གའི་དཀྱིལ་འཁོར་དུ་འཇུག་པ་ཡང་དེས་མཚོན་ནོ། །དབང་བསྐུར་བ་ལ་གཉིས། དངོས་དང་། དེ་ཁོ་ན་ཉིད་མཚོན་པའོ། །དང་པོ་ནི་མཚན་མོ་ཞེས་པའི་ཚིག་རྐང་དྲུག་སྟེ། མཚན་མོ་སྐྱེ་བོ་མེད་པའི་ཁྱིམ་དབེན་པ་དེ་ཉིད་དུ་སློབ་དཔོན་ནི་བུམ་པའི་དབང་སྟེ། དེ་ཡང་སྲོད་ལ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཆུ་ཅོད་པན་ལ་སོགས་པ་དང་རིག་པའི་དབང་ལྔ་དང་། བརཏལ་ཤུགས་དང་། རྡོ་རྗེ་སློབ་དཔོན་གྱི་དབང་གི་བར་དུ་བསྐུར་བར་བྱའོ། །ལ་སོགས་རབ་ཏུ་ཕྱེ་བ་ནི་གསང་བའི་དབང་སྟེ། དེ་ཡང་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་གསང་དབང་སྦྱིན་པའི་རིམ་པ། མཐེ་བོང་དང་ནི་སྲིན་ལག་གིས། སློབ་མའི་ཁར་ནི་བཏུང་བར་བྱ་ཞེས་སྔར་གསུངས་པ་བཞིན་དུ་དབང་སྦྱིན་པའོ། །ཤེས་རབ་ཡེ་ཤེས་ནི། དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་བསྐུར་བར་བྱ་སྟེ། དེའི་རིམ་པ་ཡང་། ཅི་ལྟར་མཆོད་པ་དང་བསྟོད་པ་སྔར་ལེའུ་གསུམ་པར་བཤད་པ་བཞིན་དུ་སློབ་མ་བཟང་པོས་སྔོན་དུ་བྱ་སྟེ། ཕྱག་རྒྱ་སྦྱིན་པ་ལ་སོགས་པའི་རིམ་པས་དབང་བསྐུར་བར་བྱའོ། །འདི་རྣམས་སྦྱིན་པའི་ཚིགས་སུ་བཅད་པ་ནི་འོག་མས་འབྱུང་ངོ་། །དེ་ཁོ་ན་ཉིད་མཚོན་པ་ལ་གཉིས། ཆགས་ཅན་དང་ཆགས་བྲལ་ལོ། །དང་པོ་ལ་གཉིས་ལས། གསུམ་པ་ལས་སྐྱེས་པའི་དེ་ཁོ་ན་ཉིད་ནི། དེ་ཉིད་ཞེས་པའི་ཚིགས་བཅད་ཅིག་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་ཀྱི་དོན་བསྟན་པ་ནི་དགའ་བྲལ་གྱི་དང་པོ། མཆོག་དགའི་མཐའ་མར་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་པའོ་དོན་དུ་རྒྱུད་སྡེ་འོག་མ་ཐམས་ཅད་དུ་སྦས་པའི་ཐབས་སྟེ། དེ་ནི་མཆོག་དགའ་དང་དགའ་བྲལ་གྱི་ཡང་མཐའ་དང་མ་མཐའ་གཉིས་ཀྱིས་ཕྱེ་བ་ཉིད་དོ། །དོན་དེ་ཉིད་ཞུས་ལན་གྱིས་རྒྱས་པར་བཤད་པ་ནི། རྡོ་རྗེ་མཆོད་པ་ཞེས་པའི་ཚིག་རྐང་དགུ་སྟེ། རྡོ་རྗེ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས། མཆོད་པ་ནི་དེ་ཁོ་ནའི་མཆོད་པ་ལ་མཉམ་པར་སྦྱར་ནས། ཧེ་རུ་ཀ་དེ་ལ་ལྷ་མོ་དེས་ཞུས་པ། ལྷ་ཞེས་བོས་ནས་དེའི་ཚེ་ཉམས་སུ་མྱོང་བའི་ལྷན་ཅིག་སྐྱེས་པའི་སྐད་ཅིག་ཅི་ལྟར་ལགས་གཙོ་བོ་ཆེན་པོས་བཤད་དུ་གསོལ་ཞེས་ཞུས་པའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་ཐོག་མ་འདི་ནས་སྐྱེས་ཞེས་བྱ་བའི་ཐོག་མའི་མཐའ་མ་དེ། དབུས་འདིར་གནས་པ་དང་། ཐ་མ་འདིར་འགག་པ་མེད་པའོ། །སྲིད་པ་ནི་དགའ་བ་དང་མཆོག་དགའི་རྟོག་པ། མྱ་ངན་ལས་འདས་པ་ནི་དགའ་བྲལ་གྱི་རྟོག་པ། ཡང་ན་སྲིད་པ་འཁོར་བ་དང་འཁོར་བ་དེ་ཡོད་ན་དེ་སྤངས་པའི་མྱ་ངན་ལས་འདས་པ་ཡོད་པ་ལ། མྱ་ངན་ལས་འདས་པ་ཡང་མེད་ཅིང་འདི་ནི་མཆོག་ཏུ་བདེ་བ་ཆེན་པོ་བདག་གཞན་གཉིས་སུ་མེད་པའི་ལྷན་ཅིག་སྐྱེས་པས་ཉིད་དོ། །ཆགས་བྲལ་ལ་ཡང་། དབང་བསྐུར་བ་དངོས་དང་། དེའི་དོན་བཤད་པ་གཉིས་ལས། དང་པོ་ནི། ལོངས་སྤྱོད་ཞེས་པའི་ཚིག་རྐང་ལྔ་སྟེ་དེ་ཡང་གསུམ་པའི་སྐབས་སུ་དགེ་སློང་ལ་སོགས་པ་ལ་རྣམ་པར་མི་རྟོག་པ་མཚོན་པའི་དོན་དུ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྦ་རླབས་ཀྱི་རྩ་གཉིས་རང་གི་ལག་པ་གཡས་པ་དང་གཞན་གཡོན་པའི་མཐེ་བོང་དང་སྲིན་ལག་གིས་བཙིར་བ་ལ་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །གཉིས་པ་ནི་དེ་ལས་ཞེས་པའི་ཚིག་རྐང་ལྔ་སྟེ། དེ་ལ་ཉམས་མྱོང་ཅི་ལྟ་བུ་ཞིག་སྐྱེ་ཞེ་ན། གཞོན་ནུའི་དགའ་བ་ལྟ་བུའམ་ལྐུག་པའི་རྨི་ལམ་ཅི་ལྟ་བུ་ཉམས་སུ་མྱོང་ཡང་བརྗོད་དུ་མེད་པའི་དོན། མཆོག་དགའི་མཐའ་དང་། དགའ་བྲལ་གྱི་དབུས་སུ་ཉམས་སུ་མྱོང་བ་ལྟ་བུ་བདེ་སྟོང་དབྱེར་མེད་པས་ན་སྟོང་པ་དང་སྟོང་མིན་ཧེ་རུ་ཀའི་རང་བཞིན་མངོན་དུ་འགྱུར་རོ། །འདི་ནི་དབང་བཞི་པའི་དོན་ཏོ། །ཆོ་གའི་རིམ་པ་ནི་དབང་གི་ལེའུ་ལས་རྟོགས་པར་བྱའོ། །ལེའུ་ཡི་མཚན་ནི། ཀྱེའི་རྡོ་རྗེ་ལས་སྐུ་དང་གསུང་དང་ཐུགས་མངོན་པར་འབྱུང་པའི་རིམ་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།ལེའུ་འདི་ནས་སྤྱོད་པའི་རྣལ་འབྱོར་གྱི་དུས་སུ་དགོས་པའི་རུས་པའི་རྒྱན་འཛིན་པའི་དོན་དང་བསྐྱེད་རིམས་ཀྱི་ཡན་ལག་དུ་དགོས་པའི་བྲིས་སྐུ་འཆད་དོ། །འདི་ལ་གསུམ། ཕྱག་རྒྱའི་དག་པ་དང་། བྲིས་སྐུ་དང་། ལེའུ་ཡི་མཚན་ནོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། ལྷ་མོ་ལ་ནི་ཞེས་པའི། ཚིགས་བཅད་གཉིས་ཏེ། འདི་ཡང་ཁོང་སྡོམ་གསུམ་ལས་ལམ། རྫོགས་རིམས་ཀྱི་ཡན་ལག་གོ །འདི་ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བདེ་བའི་དོན་ཏེ། ལྷ་མོ་དང་མཉམ་པར་འཁྱུད་ཅིང་། རྡོ་རྗེ་ཐོད་པའི་བདེ་སྟོང་མཉམ་པར་སྦྱར་ནས། ནུ་མ་ལ་སོགས་པ་བདེ་བ་ཆེན་པོའི་གནས་རྣམས་བསྐུལ་བར་མཛད་པ་སྟེ། འདི་ཡི་ངེས་པའི་དོན་ནི། ཆགས་པ་དང་བཅས་པའི་ལྷན་ཅིག་སྐྱེས་པའི་སྦྱོར་བའི་དོན་མཚོན་པར་མཛད་པའོ། །དེ་ལྟར་རོལ་པ་མཛད་ནས་ཕྱག་རྒྱ་ལྔ་རབ་ཏུ་ཕྱེ་སྟེ་གསུངས་སོ། །རྒྱས་པར་བཤད་པ་ནི། བླ་མ་སློབ་དཔོན་ཞེས་པའི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་སྟེ། དེ་ལྟར་རུས་པའི་རྒྱན་ལྔ་འཛིན་པའི་དོན་ཡང་། བླ་མ་དང་རང་འདོད་པའི་ལྷ་ལ་ཕྱག་འཚལ་བའི་དོན་དུ་སྤྱི་བོར་འཁོར་ལོ་འཛིན་པའོ། །རྡོ་རྗེ་འཛིན་པ་ལ་གཞན་གྱིས་སྨོད་ཚིག་མི་ཉན་པའི་ཕྱིར། རྣ་བ་ལ་རྣ་ཆའོ། །སྔགས་ཀྱི་བཟླས་པ་འཛིན་པ་ནི། མགུལ་བརྒྱན་ནོ། །གདུ་གུ་ནི་སྲོག་ཆགས་གསོད་པ་སྤངས་པའི་ཚུལ་ཁྲིམས་སོ། །ཕྱག་རྒྱ་བསྟེན་པ་ནི་སྐེ་རགས་ཏེ་འདི་རྣམས་ནི་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་རྣམ་པར་དག་པས་རྟག་ཏུ་ལུས་ལ་ཕྱག་རྒྱ་འདི་དག་གིས་གདབ་པའོ། །འདི་ཡི་ངེས་དོན་ནི་འགྲེལ་ཆེན་ལས། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་རླུང་རྣམ་པ་ལྔ་བཅིངས་པས་བྱང་ཆུབ་ཀྱི་སེམས་འགོག་པར་བྱེད་པའོ། །བྲིས་སྐུ་ལ་གཉིས་ཏེ། ཞུས་པ་དང་། ལན་ནོ། །དང་པོ་ནི་དེ་ནས་ཞེས་པའི་ཚིག་རྐང་དགུ་སྟེ། འདི་ནི་བསྐྱེད་པའི་རིམ་པའི་ཡན་ལག་ཏུ་རྟེན་བྲིས་སྐུའི་ཆོ་ག་གསུངས་ཏེ། ཕྱག་རྒྱའི་དོན་གསུངས་པ་དེ་ནས་རབ་ཏུ་བཞད་པ་ནི་དགྱེས་པའི་དོན་ནོ། །ཚེམས་ཀྱིས་མ་མཆུ་བཙིར་བ་ནི་བདེ་བས་མཆོད་དེ། ཀྱེའི་རྡོ་རྗེ་ལྷན་ཅིག་སྐྱེས་པའི་གཟུགས་ཅན་ལ་ལྷ་མོ་བདག་མེད་མས་ཞུས་པ། གཙོ་བོ་ཞེས་བོས་ནས་ཆོ་ག་གང་དང་བྱ་བ་གང་གིས་དགྱེས་པའི་རྡོ་རྗེ་བྲིས་སྐུའི་ཆོ་ག་བྱེད་བཅོམ་ལྡན་འདས་ཀྱིས་གསུང་དུ་གསོལ་ཞེས་པའོ། །ལན་ལ་གསུམ་ལས། བྲི་བའི་ཐབས་ནི། བཅོམ་ལྡན་འདས་ཞེས་པའི་ཚིག་རྐང་བཅུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདིར་རི་མོ་བྲི་བར་བྱེད་པའི་བྲི་མཁན་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་ཅན་དང་། བསྒྲུབ་པ་པོ་ཡང་དམ་ཚིག་ཅན་གྱིས་བྲིས་སྐུ་འཇིགས་པ་བྲི་བ་ཉིད་དོ། །བྲི་བའི་ཚོན་རྐོང་ནི་སྐྱེས་པའི་ཐོད་པ་མཚོན་ཁ་དོག་ལྔ་དང་། རོ་ཡི་སྐྲའི་པིར་གྱིས་བྲིས་སྐུ་བླ་ན་མེད་པའི་མཛེས་པ་བྲི་བར་བྱའོ། །བྲིས་གཞི་ཡི་སྐུད་པ་འཁལ་བ་དང་རས་ཡུག་འཐག་པ་ཡང་དམ་ཚིག་དང་ལྡན་པས་བྱས་ན་དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར་རོ། །བྱིན་བརླབས་ཀྱི་རིམ་པ་ནི། དམ་ཚིག་ཞེས་པའི་ཚིག་རྐང་དགུ་སྟེ། དེ་ལྟར་དམ་ཚིག་དང་ལྡན་པའི་རྣལ་འབྱོར་ཅན་གྱིས་བྱིན་གྱིས་བརླབ་པའི་རིམ་པ་ཡང་། ཟླ་བ་ཡར་གྱི་ངོའམ་ཟླ་བ་མར་གྱི་ངོའི་བཅུ་བཞི་པ་ལ་གནས་དབེན་པར་ཉི་མ་ཕྱེད་ནས་མ་རུངས་པ་ནི་བདུད་འདུལ་བའི་སེམས་ཀྱིས་ལུས་ལ་རུས་པའི་རྒྱན་དང་། རྣམ་པར་རྟོག་པ་སྤངས་ཏེ་དམ་ཚིག་གི་བཏུང་བ་ཉུང་ཟད་ཙམ་དང་བཅས་པས་འབགས་པ་དང་མ་དག་པའི་ཉེས་པ་ཐམས་ཅད་བསལ་ཏེ་དམ་ཚིག་གི་དགའ་སྟོན་བྱའོ། །བྱིན་གྱིས་བརླབ་པའི་གྲོགས་ནི། བཞིན་བཟང་ཞེས་པའི་ཚིགས་བཅད་གཅིག་སྟེ། བཞིན་བཟང་ཞིང་སྙིང་རྗེ་དང་ལྡན་པའི་སྐལ་བ་བཟང་མོའི་གྲོགས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །འདི་རྣམས་ཀྱི་ངེས་པའི་དོན་ཡང་། ཆོས་ཀྱི་འབྱུང་གནས་བྲིས་སྐུ་མཆོག བྱང་ཆུབ་སེམས་ནི་ལྷ་རྣམས་ཉིད། །བདེ་བ་ཆེན་པོའི་གཟུགས་ཀྱིས་དེ། །རྣལ་འབྱོར་རིག་པས་རྟག་དུ་མཆོད། །ཞེས་ནཱ་རོ་པས་གསུངས་སོ། །ལེའུ་ཡི་མཚན་ནི་ཀྱེའི་རྡོ་རྗེ་ལས་བྲིས་སྐུ་གསལ་བར་བསྟན་པ་སྟེ་རིམ་པར་ཕྱེ་བའི་དྲུག་པའོ། །ལེའུ་འདི་ནས་གླེགས་བམ་དང་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་བསྐྱེད་རྫོགས་ཀྱི་ཡན་ལག་དུ་གྱུར་པ་བསོད་ནམས་ཀྱི་ཚོགས་སོགས་པར་བྱེད་པའི་རིམ་པ་གསུངས་པ་ལས་གསུམ་སྟེ། གླེགས་བམ་དང་། ཚོགས་ཀྱི་འཁོར་ལོ་དང་། ལེའུ་ཡི་མཚན་ནོ། །དང་པོ་ལ་ཞུས་པ་དང་ལན་ལས་ཞུས་པ་ནི་ཚིག་བཞི་སྟེ་བྲིས་སྐུ་གསུངས་པ་དེ་ནས་ལྷ་མོ་བདག་མེད་མས། བཅོམ་ལྡན་འདས་ལ་གསང་བའི་མཆོད་པས་མཆོད་དེ་གླེགས་བམ་ཇི་ལྟར་དུ་བྲི་བ་ལགས་ཞེས་ཞུས་སོ། །ལན་ལ་ལྔ་ལས། བཤད་པ་ཞལ་གྱིས་བཞེས་པ་ནི། ཚིགས་བཅད་གཅིག་སྟེ། རྡོ་རྗེ་དང་པད་མ་མཉམ་པར་སྦྱོར་བ་ནི། སྟོང་པ་དང་སྙིང་རྗེ་རོ་མཉམ་པའི་དགྱེས་པའི་རྡོ་རྗེས་གླེགས་བམ་ང་ཡིས་བཤད་ཀྱིས་ལྷ་མོ་སྐལ་པ་ཆེན་པོ་ཉོན་ཅིག་ཅེས་པའོ། །བྲི་བའི་ཐབས་ནི་སྦྲང་ཆེན་ཞེས་པའི་ཚིགས་བཅད་ཅིག་སྟེ། སྦྲང་ཆེན་ནི་མིའི་ཚིལ་གྱི་མར་མེའི་དུ་བ་ལ་སྣག་ཚ་བྱས་ནས་མི་རུས་ཀྱི་བསྙུག་གུས་གླེགས་བམ་སོར་བཅུ་གཉིས་པ་གྲོ་ག་ལ་སོགས་པའི་གཞི་ལ་དམ་ཚིག་དང་ལྡན་པས་ལེགས་པར་བྲིའོ། །སྐལ་མེད་ལ་གསང་བ་ནི། ཚིགས་བཅད་གཅིག་སྟེ། དེ་ལྟར་གླེགས་བམ་དང་བྲིས་སྐུ་ཤིན་དུ་སྦ་དགོས་ཏེ། གལ་ཏེ་སྐལ་པ་མེད་པས་མཐོང་ན་གསང་སྒྲོགས་སུ་འགྱུར་བས་འདིར་ནི་དངོས་གྲུབ་མེད་ལ། མ་མོས་ན་གཞན་ལ་གནོད་པར་འགྱུར་བ་དེའི་དབང་གིས་འཇིག་རྟེན་ཕ་རོལ་དུ་ཡང་དངོས་གྲུབ་ཀྱི་སྤྱོད་ཡུལ་མེད་པར་འགྱུར་རོ། །སྐལ་ལྡན་ལ་བཤད་པའི་ཚུལ་ནི། ཚིག་གཉིས་ཏེ། ཡང་དག་པའི་སྐལ་བ་ཅན་ཡང་སྦྱིན་དུ་རུང་བ་དང་ལྡན་པ་རྣམས་ལ་རེས་འགའ་ཙམ་བསྟན་པའོ། །ཅི་ལྟར་བཅད་པའི་ཚུལ་ནི། ཚིག་གཉིས་ཏེ། སྤྱོད་པའི་རྣལ་འབྱོར་ཅན་གྱིས་སྐྲ་དང་མཆན་ཁུང་ཉིད་དུ་སྦ་ཅེས་སོ། །གཉིས་པ་ཚོགས་ཀྱི་འཁོར་ལོ་ལའང་གཉིས་ལས། མདོར་བསྟན་པ་ནི། བྷ་གར་ཞེས་པའི་ཚིག་རྐང་དྲུག་སྟེ། འདི་ཡང་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོར་རོལ་པ་མཛད་དེ། རྡོ་རྗེ་རྣལ་འབྱོར་ཅན་གྱི་བཟའ་བ་ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས་སྙིང་པོ་ལེན་པས་ན་དཀྱིལ་འཁོར་རོ། །དམ་ཚིག་གི་བཟའ་བ་བཤད་པར་བྱ་ཡིས་ཉོན་ཅིག་པའོ། །རྒྱས་བཤད་བདུན་ལས། དགོས་པ་ནི། ཚིག་གཉིས་ཏེ། འདི་ལྟ་བུའི་ཚོགས་ཀྱི་འཁོར་ལོ་གང་དུ་བྱས་ཤིང་ཟོས་པ་ལས་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར་རོ། །གང་དུ་བྱ་བའི་གནས་ནི་ཚིགས་སུ་བཅད་པ་གཅིག་སྟེ། དུར་ཁྲོད་དམ་རིའི་བྱ་སྐྱིབས་སམ་མི་མེད་པའི་གྲོང་ཁྱེར་རམ། ཡང་ན་དབེན་པ་སྟེ་གྲོང་ལས་རྒྱང་གྲགས་གཅིག་གིས་འཕགས་པ་དང་རྒྱ་མཚོའི་འགྲམ་དང་། ཤིང་ཅིག་གི་དྲུང་ངམ་ཚོགས་ཀྱི་ཁང་པ་རིམ་པ་གསུམ་པའི་གནས་སུ་བཟའ་བ་འདི་ཉིད་སྤྱད་པར་བྱའོ། །གདན་ནི། ཚིགས་བཅད་གཅིག་སྟེ། གནས་དེ་ལྟ་བུར་གདན་དུ་བརྟག་པ་ནི། རོའི་གཟུགས་ཅན་དགུ་དང་། ཡང་ན་ཟེར་གྱིས་དང་དེའི་སྟེང་དུ་སྟག་གི་ལྤགས་པ་དང་། དེའི་སྟེང་དུ་དུར་ཁྲོད་ཀྱི་རས་དང་གསུམ་འཚོགས་ན་རབ། དེ་མེད་ན་གང་རུང་རེ་རེ། དེ་མེད་ན་ཡང་དེ་དག་དུ་མོས་པ་བྱའོ། །རྣལ་འབྱོར་གྱི་མཚན་ཉིད་དང་། དུས་དང་། བརཏལ་ཤུགས་གཟུང་པ་གསུམ་ཁ་སྐང་སྟེ། དང་པོ་ནི་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་མ་ཉམས་པའི་དཔའ་བོ་ཆེན་པོ་དང་རྣལ་འབྱོར་མས་ཚོགས་ཀྱི་འཁོར་ལོ་བྱེད་པའོ། །བརཏལ་ཤུགས་གཟུང་པ་ནི་ཧེ་རུ་ཀའི་བརཏལ་ཤུགས་རུས་པའི་སྤྱི་གཙུག་གི་འཁོར་ལོ་ལ་སོགས་པ་གཟུང་བའོ། །དུས་ལ་རིང་པ་ལོའི་དུས་ནི་ཉི་མ་ཐུང་ཚད་ཀྱི་ནུབ་མོ་དང་། མཚན་མོ་ཐུང་ཚད་ཀྱི་ཉིན་མོ་དང་། ཉིན་མཚན་མཉམ་པའི་དུས་གཉིས་དང་བཞིར་ཤེས་པར་བྱའོ། །ཟླ་བའི་དུས་ནི་ཟླ་བ་རེ་རེ་ལ་ལན་རེ་བྱེད་ན་མར་ངོའི་ཚེས་བརྒྱད་དང་བཅུ་བཞི་ལའོ། །ཤིན་དུ་ཉེ་བ་ཞག་གི་དུས་ནི་ཞག་རེ་རེ་བྱེད་ན་མཚན་མོའི་དུས་སུའོ། །བྱ་བའི་ཐབས་ནི་དགུ་སྟེ། སྙན་གསན་དབབ་པ་དང་། གནས་དང་། དལ་གྱི་བཅའ་གཞི་བྱ་བ་དང་། བླ་མ་སྤྱན་དྲང་ཞིང་རྣལ་འབྱོར་ཕོ་མོ་རིམ་གྱིས་འཚོགས་པ་དང་། ལས་ཀྱི་རྣལ་འབྱོར་པས་ཏིང་ངེ་འཛིན་ལ་བསྐུལ་བ་དང་། རྣལ་འབྱོར་པ་རྣམས་རིམ་གྱིས་བསྐྱེད་རིམས་བསྒོམ་པ་དང་། མཆོད་པ་དང་གཏོར་མའི་བྱ་བ་དང་། གླུ་དང་གར་དང་རེག་བྱའི་མཆོད་པ་དང་། སྨོན་ལམ་གདབ་པའོ། །སྙན་གསན་དབབ་པ་ནི། རྣལ་འབྱོར་པ་རྣམས་ལ་ཡོན་བདག་གིས་མེ་ཏོག་གི་ཕྲེང་བ་དབུལ་ཞིང་གསོལ་བ་གདབ། མི་གནང་ན་ཕྲེང་བ་མི་ལེན་ནོ། །གནས་དང་དཀྱིལ་འཁོར་གྱི་བཅའ་གཞི་ནི། གནས་ཁང་དུ་བའི་ལྕི་བ་བྱུགས་ལ་མཎྜྻལ་གྲུ་བཞིའི་སྟེགས་བུ་བྱས་པའི་སྟེང་དུ་ཆོས་འབྱུང་བསྣོལ་མ་བྲིས་དབུས་སུ་གཏོར་མ་གཅིག་གཞག མཆོད་པ་ལྔ་ཡང་བཤམ། ཚོགས་ཀྱི་མཆོད་པའི་རྫས་སྣོད་ཆེན་པོ་སྟག་གི་ལྤགས་པ་ལ་སོགས་པ་ཅིག་ཏུ་སྤུངས་ལ་གཞག ཆང་ཡང་སྣོད་ཆེན་པོ་བཀང་ལ་གཞག གནས་དེར་དགྱེས་པའི་རྡོ་རྗེའི་ལུགས་སྐུའམ་རས་བྲིས་ལ་སོགས་པ་བཀྲམ་མོ། །གཉིས་པ་རིམ་པ་ནི། ཚིགས་བཅད་གཅིག་སྟེ། དབུས་སུ་ཀྱེའི་རྡོ་རྗེའི་གཟུགས་ནི་སྔོན་དུ་དབུས་སུ་བླ་མ་སྟན་བདེ་བ་ལ་འདུག་ནས། ཅི་ལྟར་སྔར་ཕྱོགས་དང་ཕྱོགས་བྲལ་གྱི་རིམ་པ་ཤེས་པས་རྣལ་འབྱོར་མ་རྣམས་དགོད་པ་ནི་ཕྱི་རོལ་དུ་ཁྲུས་བྱས་ལ། ཁྱེད་ཀྱི་དམ་ཚིག་མཛེས་པ་འཇམ་པ་སྡོ་མདོག་ཐུགས། འཁོར་བ་ལས་བརྒལ་དཔའ་བོ་འདུས་པའི་ཚོགས་མཐོང་ནས། རིན་ཆེན་བཀོད་པའི་དབྱིག་པ་ཕྱག་ན་བསྣམས་པ་ཀྱེ། རྣལ་འབྱོར་མ་རྣམས་དབུས་སུ་བདག་མཆི་སྒོ་དབྱེ་གསོལ། ཅེས་བརྗོད་ལ། སྒོ་བསྲུངས་དང་བརྡ་བསྟུན་ལ་མཐུན་ན་ནང་དུ་བླ་མ་ལ་མཎྜྻལ་ཕུལ་ཕྱག་བྱས་ལ་གྲལ་རིམས་མེད་པར་མགྱོགས་གྲལ་དུ་འཁོད་དོ། །དེ་བཞིན་དུ་རྣལ་འབྱོར་པ་ཕྱི་མ་རྣམས་ཀྱིས་ཀྱང་སྔ་མ་བཞིན་དུ་བྱ་སྟེ། སྔ་མ་སྔ་མ་རྣམས་ལ་ཕྱག་དང་མཎྜྻལ་འབུལ་ཞིང་གྲལ་ལ་འཁོད་དོ། །ལས་ཀྱི་རྣལ་འབྱོར་པས་བསྐུལ་པ་ནི། དེ་རྣམས་ལ་མེ་ཏོག་ཕུལ་ཏེ་ཕྱག་བཙལ་ནས་ས་མ་ཏི་ཀྲ་མ་ཧོ་ཞེས་བརྗོད་པས་ཐམས་ཅད་ཏིང་ངེ་འཛིན་ལ་བསྐུལ་བར་བྱའོ། །རྣལ་འབྱོར་པ་རྣམས་ཀྱིས་བསྐྱེད་རིམས་བསྒོམ་པ་ནི། དེ་ནས་སློབ་དཔོན་གྱིས་ཡན་ལག་དྲུག་ལྡན་དུ་བསྒོམ། རྣལ་འབྱོར་པ་གཞན་རྣམས་ཀྱིས་ཀྱང་རང་རང་གི་ལྷ་རྐྱང་པའི་རྣལ་འབྱོར་བསྒོམ་པར་བྱེད་པའམ། ཡང་ན་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་མོ། །དེ་ནས་ལས་ཀྱི་རྣལ་འབྱོར་པས་རིམས་ཀྱིས་རྡོ་རྗེ་སློབ་དཔོན་ནས་བཟུང་ནས་ཡི་གེ་གསུམ་བརྗོད་ཅིང་གནས་གསུམ་དུ་དྲིའི་ཐིག་ལེ་དབུལ། དེ་ནས་གནས་གསུམ་དུ་མཆོད་པ་ལྔས་མཆོད་དོ། །དམ་ཚིག་གི་རྫས་དྲང་པ་ནི། འོག་ནས་སྐྱེས་པའི་ཐོད་ཆེན་ཞེས་པའི་ཚིགས་བཅད་གཉིས་ཏེ། དེ་ནས་རྫས་རྣམས་རྡོ་རྗེ་ཐོད་སྦྱོར་གྱིས་བྱིན་གྱིས་བརླབས་ནས། སྐྱེས་པའི་ཐོད་ཆེན་ཆ་ཅིག་པ་ནི་དུམ་བུ་ཅིག་པའི་ནང་དུ་ཆང་ནི་བཟང་པོས་ཡོངས་བཀང་སྟེ་ཅེས་པ། དེ་ཡང་ཨ་དཀར་པོ་ཅིག་ལས་དུམ་བུ་ཅིག་པར་བསྐྱེད་ནས་བདུད་རྩིས་གང་བར་བསམས་ཏེ་ཚིགས་སུ་བཅད་པ་བརྗོད་ནས་བླ་མ་ལ་དབུལ། འདྲེན་པ་པོ་སྐལ་ལྡན་མ་ཞེས་པའོ། །ཕྱག་རྒྱ་བསྐོར་ལ་པད་མ་འདབ་བརྒྱད་ལྟ་བུའི་ལག་པས་བླང་ངོ་། །ཅེས་པ་སྟེ། དང་པོ་སྦྱིན་བསྲེག་གི་སྒོ་མེ་ལྷ་ཡིན་པ་ལྟར། ལྷ་མཆོད་པའི་སྒོ་ལྕེ་རོའི་ལྷ་མོ་ཡིན་པས་ཡི་གེ་གསུམ་གྱིས་ལྕེ་ལ་མཆོད་དོ། །དེ་ནས་སྙིང་ཀར་ཡེ་ཤེས་སེམས་དཔའ། སྤྱི་བོར་བླ་མ་བསམ་སྟེ་མཆོད་དོ། །དེ་ནས་གནས་གསུམ་དག་གོ་ཆའི་ལྷ་ལ་གཏོར་རོ། །དེ་ནས་སྙིང་ཁར་ལྷ་དགུ་བསམ་སྟེ། ལྷ་མཆོད་པའི་བསམ་པས་ལོངས་སྤྱད་དོ། །དེ་ནས་བླ་མ་རྣལ་འབྱོར་གཉིས་པ་ལ་དེ་ལྟར་བྱེད་པའོ། །ཡང་དང་ཡང་དུ་རབ་ཏུ་འདུད་ཅེས་པ་ནི། དང་པོར་ཆང་། དེ་ནས་ཤ་དང་ཚོད་མ་ལ་སོགས་པས་རིམས་ཀྱིས་མཆོད་པའོ། །དེའི་ཕུད་བསྡུས་ནས་གཏོར་མ་ལ་བླུགས་ལ་གཏོར་མ་བཏང་ངོ་། །དེ་ནས་དམ་ཚིག་གི་རྫས་ལ་ལོངས་སྤྱད་པ་ནི། དམ་ཚིག་ཞེས་པའི། ཚིགས་བཅད་ཅིག་སྟེ། མ་ལ་ཨིཎ་ཌ་ཎྂ་ནི་ཤ་ཆེན་པོའི་ཚོད་མ་ལ་སོགས་པ་སྟག་གི་ལྤགས་པ་ལ་སོགས་པའི་སྡེར་དུ་བཟའ་བའོ། །འབད་པས་བསྒྲུབས་པའི། མཆོག་གི་རྫས་རྒྱལ་པོའི་ས་ལུ་ལས་བསྐྱེད་པའི་བཟའ་བ་དེ་དག་ལ་སོགས་པ་ཟོས་ནས་ལྷག་མ་ནི་ཨུ་ཙིཥྚས་འབྱུང་པོ་ལ་གཏོར་མར་གཏང་ངོ་། །གསང་བའི་མཆོད་པ་ནི། དེར་ནི་ཞེས་པའི་ཚིག་རྐང་དྲུག་སྟེ་དེ་ལྟར་དམ་ཚིག་གི་རྫས་ཟོས་ནས་མ་མོ་མཆོད་པར་བྱ་བ་ནི། མཁའ་འགྲོ་མ་རྣམས་དང་ལྷན་ཅིག་དབང་བསྐུར་བ་ཐོབ་པའི་སྲིང་མོ་རྣམས་དང་། བུ་མོ་ནི་རང་གིས་དབང་བསྐུར་བ་དང་། གཞན་གྱིས་བསྐུར་བའི་སྒྱུག་མོ་ལ་སོགས་པ་མཁའ་འགྲོ་མ་རྣམས་བདེ་བ་ཆེན་པོའི་སྙོམས་འཇུག་གིས་མཆོད་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་རོ། །འདི་རྣམས་ནི་ངེས་པའི་དོན་དུ་རྣལ་འབྱོར་ཅན་གྱིས་རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་རོ་མཉམ་པར་བྱེད་པའི་ཐབས་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་ཟད་པར་བྱེད་པ་ཡིན་ནོ། །ལེའུ་ཡི་མཚན་ནི། གླེགས་བམ་བྲི་བ་དང་ཚོགས་ཀྱི་བཟའ་བ་བསྟན་པ་སྟེ་བདུན་པའོ།། །།ལེའུ་འདི་ཡང་བསྐྱེད་རྫོགས་ཀྱི་ཡན་ལག་ཕྱག་རྒྱ་པད་མ་ཅན་གྱི་མཚན་ཉིད་དང་། ཐུན་མཚམས་ཀྱི་སྨོན་ལམ་གདབ་པ་དང་། ཐེག་པའི་རིམ་འཇུག་གསུངས་པ་ལ་གསུམ་སྟེ། ཞུ་བའི་ཚིག་གིས་མཚམས་སྦྱོར་དང་། གཞུང་དངོས་དང་། ལེའུ་མཚན་ནོ། །དང་པོ་ནི། དེ་ནས་ཞེས་པའི་ཚིགས་བཅད་ཅིག་སྟེ། བཟའ་བ་བཤད་པ་དེ་ནས་རྣལ་འབྱོར་མ་བདག་མེད་མས་ཞུས་པ། ཀུན་རྫོབ་རྣམ་པའི་གཟུགས་སྔགས་སྐྱེས་མ་ལ་སོགས་པ་ལ་བརྟེན་ནས། དེ་ལས་བྱུང་བའི་བདེ་བ་དེས་སྣང་བ་ཐམས་ཅད་ལ་རྒྱས་འདེབས་པས་ན་ཕྱག་རྒྱ་ཆེན་པོ་དེའི་རྒྱུ་རུ་ཇི་ལྟར་འགྱུར། དོན་སྟོང་ཉིད་ལ་སྙིང་རྗེའི་བདེ་བ་སྦྱིན་པའི་རྟགས་སུ། བདག་མེད་མ་ལ་བདེ་བ་སྦྱིན་པའི་ཧེ་རུ་ཀས་བཤད་དུ་གསོལ་ཅེས་པའོ། །གཞུང་ལ་གསུམ་ལས་པད་མ་ཅན་གྱི་མཚན་ཉིད། སྨོན་ལམ། གདུལ་དཀའ་འདུལ་བའི་རིམ་པའོ། །དང་པོ་ནི་བཅོམ་ལྡན་འདས་ཞེས་པའི་ཚིགས་སུ་བཅད་པ་ཕྱེད་དང་ལྔ་སྟེ། ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་རྫོགས་རིམས་ཀྱི་སྐབས་སུ་ཕྱག་རྒྱ་རིགས་ལྔ་གསུངས་པ་རྣམས་ཀྱི་གཙོ་བོར་གྱུར་པ་པད་མ་ཅན་གྱི་མཚན་ཉིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་རྒྱ་འདི་ནི་ཤིན་དུ་རིང་བ་དང་ཐུང་བ་མ་ཡིན་པ། གནག་པ་དང་དཀར་བ་མ་ཡིན་པ་སྔོ་བསངས། མིག་པད་མའི་འདབ་མའི་རྣམ་པ་ཅན། དེའི་དབུགས་དང་རྡུལ་ཡང་རི་དྭགས་ཀྱི་ལྟེ་བའི་དྲི་ཅན། པད་མ་དང་དབང་པོའི་མཆོག་ལས་ཀྱང་པད་མ་ཨུཏྤ་ལ་དང་ཨ་ཀ་རུའི་དྲི་དང་མཚུངས་པའི་བྱང་ཆུབ་ཀྱི་སེམས་འབྱུང་བའི་བཅུད་ཀྱིས་ལེན་གྱི་རྫས་ཆེན་པོར་འགྱུར་རོ། །འདི་ནི་སྤྱོད་ལམ་དལ་ཞིང་སྐྱོན་གྱིས་མི་གཡོ་བ་སྙན་པར་སྨྲ་ཞིང་ཡིད་དུ་འོང་བ། སྐྲ་བཟངས་དཔྲལ་བའི་དབུས་ན་རི་མོ་གསུམ་པ་འདི་ནི་པད་མ་ཅན་དུ་བརྗོད་དེ་ལྷན་ཅིག་སྐྱེས་པའི་གཟུགས་ཅན་མ་འདི་རྙེད་ན་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུར་འགྱུར་ཏེ་འགྲེལ་ཆེན་ལས། ལྷ་མོ་འདི་ཉིད་ཅིག་པུ་ཉིད། མཐའ་ཡས་ཡོན་ཏན་སྟེར་བའོ། །དེ་ནི་བྷ་ག་བཟང་མོར་ཤེས། །སྒྲུབ་པ་པོ་ཡིས་མཆོག་སྟེར་རབ། །ཞེས་གསུངས་སོ། །འདི་ལས་གཞན་པ་རྣམས་ནི། ཡ་མི་ནི་དང་སྐྲག་བྱེད་མ། །ནགས་ཚལ་མ་དང་དེ་བཞིན་འཇིགས། གཟུགས་ཀུན་སྤྱོད་མ་མཛེས་མ་དག །བྷ་སུ་མཁའ་འགྲོ་མ་རྣམས་བདུན། །ཞེས་བྱ་བ་ལ་སོགས་པ་བདེ་མཆོག་བསྡུས་པ་ལས་གསུངས་པ་བཞིན་དུ། འདི་དག་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པར་བྱེད་པ་རྣམས་ཡིན་ནོ། །སྨོན་ལམ་གདབ་པ་ལ་གཉིས་ལས། ཞུས་པ་ནི། དེ་ནས་རྣལ་འབྱོར་མ་བདག་མེད་མས་གསོལ་བ། བཅོམ་ལྡན་འདས་སྨོན་ལམ་ཇི་ལྟར་གདབ་པར་བགྱི་ཞེས་སོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནས་ཚིགས་བཅད་གཉིས་ཏེ། འདིའི་དོན་ཡང་། རིགས་བཟང་པོར་སྐྱེ་བར་ཤོག་ཅིག དེ་བཞིན་དུ་དམ་ཚིག་ཅན་དང་། བསྙོན་ཅིང་བརྩད་དུ་མེད་པའི་ཀྱེའི་རྡོ་རྗེའི་གདམ་ངག་གི་བཀའ་མ་ཉམས་པའི་བླ་མ་དང་ཕྲད་པ་དང་། བླ་མ་དེ་ལ་གུས་པ་དང་། བླ་མ་དང་རང་གཉིས་ཀ་ཡང་སྙིང་རྗེ་དང་ལྡན་པར་ཤོག་ཅིག་ཅེས་པའོ། །སྐྱེ་ཞིང་སྐྱེ་བ་ནི་སྐྱེ་བ་ཐམས་ཅད་དུ། ལག་པས་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་བརྡའ། དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བརྡའ། ཟབ་མོའི་ཆོས་ནི་ཀྱེའི་རྡོ་རྗེའི་རྒྱུད་དེ་ཀློག་པ་དང་ཉན་པ་དང་བཤད་པར་ཤོག་ཅིག་ཅེས་པའོ། །དོན་དམ་པའི་བཙུན་མོ་ནི་སྟོང་ཉིད་དོ། །ཁུ་བ་ནི་སྟོང་པ་ཉིད་རྟོགས་པའོ། །བཟའ་བ་ནི་ལོངས་སྤྱོད་པར་ཤོག་ཅིག་ཅེས་པའོ། །ཀུན་རྫོབ་ཀྱི་བཙུན་མོ་ནི་སྔགས་སྐྱེས་མ་ལ་སོགས་པའོ། །ཁུ་བ་ནི་ཐིག་ལེ་དཀར་དམར་མཉམ་ཟས་ཅན་ནི་རླུང་སྟོབས་ཀྱིས་ལེན་པར་ཤོག་ཅེས་པའོ། །རང་ལུས་ཐབས་ལྡན་ཀྱི་བཙུན་མོ་ནི་འཁོར་ལོ་བཞིའི་རྩ་སུམ་ཅུ་རྩ་གཉིས་སམ་ཨ་ཝཾ་དྷུ་ཏིའོ། །ཁུ་བ་ནི་དེ་ལས་འཛགས་པ་ཉམས་སུ་མྱོང་བའི་བདེ་བའོ། །མཉམ་ཟས་ཅན་ནི་དེ་ལོངས་སྤྱོད་པར་ཤོག་ཅིག་ཅེས་པའོ། །གདུལ་དཀའ་འདུལ་བའི་རིམ་པ་ལ་གསུམ་ལས། ཞུས་པ་ནི། དེ་ནས་ཞེས་པའི་ཚིགས་བཅད་ཅིག་སྟེ། དེ་ལྟར་སྨོན་ལམ་བསྟན་པ་ལ་ལྷ་མོ་དགྱེས་ནས་ཚིག་འདི་ཉིད་ཡང་ཞུས་པའོ། །གང་ཞུས་ན། སྐལ་པ་མེད་པའི་སེམས་ཅན་རྣམས་འདུལ་བར་དཀའ་བས་ཐབས་གང་གི་རིམ་པས་འདུལ་བ་ལགས་ཞེས་སོ། །ཐེག་པའི་རིམ་པ་རྒྱས་བཤད་ནི། བཅོམ་ལྡན་འདས་ཞེས་པའི་ཚིགས་རྐང་དགུ་སྟེ། ལན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དང་པོར་འཁོར་བ་ལས་བློ་ཟློག་ཅིང་མྱ་ངན་ལས་འདས་པ་ལ་འདུན་པར་བྱས་ནས་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་སྦྱིན་པར་བྱའོ། །དེའི་རྗེས་སུ་བསླབ་པའི་གནས་བཅུ་དང་ལྡན་པའི་དགེ་ཚུལ་ལམ། ཡང་ན་དགེ་བསྙེན་ནས་དགེ་སློང་གི་བར་སྦྱིན་པར་བྱའོ། །དེ་ནས་ལྟ་བ་བསྟན་པ་ནི་བྱེ་བྲག་དུ་སྨྲ་བ་དང་མདོ་སྡེ་པའི་གཟུང་བ་རྡུལ་ཕྲན་དང་འཛིན་པ་སྐད་ཅིག་ཆ་བཅས་ཆ་མེད་ལ་སོགས་པ་བསྟན་ནས། དེའི་འོག་ཏུ་རྣལ་འབྱོར་སྤྱོད་པ་ནི་སེམས་ཙམ་སྟེ་ཆོས་ཐམས་ཅད་སེམས་ཙམ་ལ་སོགས་པ་བསྟན་པར་བྱའོ། །དེའི་རྗེས་སུ་དབུ་མ་ནི་སྤྲོས་པའི་མཐའ་བརྒྱད་དང་བྲལ་བས་ན། དེ་ནས་བྱ་སྤྱོད་རྣལ་འབྱོར་གྱི་སྔགས་ཀྱི་རིམ་པ་ཀུན་ཤེས་པར་བྱས་ནས། ཐམས་ཅད་ཀྱི་རྗེས་སུ་ཀྱེའི་རྡོ་རྗེ་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པའི་ཐབས་འདི་ཉིད་བསྟན་པར་བྱའོ། །འདི་དག་ནི་རྒྱས་པར་ཆིངས་ཀྱི་ཐད་ཀར་བཤད་དོ། །གུས་པས་བསླབ་པའི་ཕན་ཡོན་ནི། སློབ་མས་ཞེས་པའི་ཚིག་རྐང་གཉིས་ཏེ། དེ་ལྟ་བུའི་རིམ་པ་སློབ་མས་གུས་པས་བསླབ་པ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །ལེའུ་ཡི་མཚན་ནི། ཀྱེའི་རྡོ་རྗེ་ལས་གདུལ་དཀའ་འདུལ་བའི་ལེའུ་སྟེ་བརྒྱད་པའོ།། །།ལེའུ་འདི་ཡང་བསྐྱེད་རྫོགས་ཀྱི་ཡན་ལག་ཁ་སྦྱོར་དབྱེ་བ་དང་། རྣམ་པར་དག་པ་དང་། གསང་སྔགས་དག་པར་བྱེད་པའི་ཕྱིར་སྔགས་བཏུ་བ་རྣམས་གསུང་སྟེ། འདི་ལ་གཉིས་ལས། གཞུང་དང་། ལེའུ་ཡི་མཚན་ནོ། །དང་པོ་ལ་གསུམ་སྟེ། ཁ་སྦྱོར་དབྱེ་བ་དང་། རྣམ་དག་དང་། སྔགས་བཏུ་བའོ། །དང་པོ་ལ་གཉིས་ལས། བཤད་པར་དམ་བཅའ་བ་ནི། ཚིགས་སུ་བཅད་པ་ཅིག་སྟེ། དེ་ལྟར་གདུལ་དཀའ་འདུལ་བ་གསུངས་པ་དེ་མ་ཐག་པ་ནས། ཁ་སྦྱོར་དབྱེ་བ་ནི། ཕྱི་རོལ་དུ་ལུས་སེམས་ཀྱི་ཁ་སྦྱོར་དབྱེ་བའམ། ནང་དུ་སེམས་དང་། ཉོན་མོངས་ཀྱི་ཁ་སྦྱོར་དབྱེ་བའི་མཚན་ཉིད་བཤད་པར་བྱ་སྟེ། གང་ལ་ལས་འདི་རྣམ་པར་ཤེས་པ་ཙམ་གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུར་འགྱུར་བའོ། །བཤད་པ་དངོས་ལ་ལྔ་ལས། ཏིང་ངེ་འཛིན་གྱི་ཁ་སྦྱོར་དབྱེ་བ་ནི། བསྒྲུབ་བྱའི་ཞེས་པའི་ཚིག་རྐང་དྲུག་སྟེ། དེ་ཡང་བསྒྲུབ་བྱའི་ལྟེ་བའི་རྩ་བ་ཁ་ཕྱེ་ལ་སྙིང་ནུ་མ་གཡོན་ཕྱོགས་སུ་བརྟེན་པ་ཁ་ཐུར་དུ་བལྟས་པ་བསམ་ལ་བརཏལ་ཤུགས་ཅན་གྱིས་དེའི་སྙིང་ཕྱུང་བར་བསམས་ནས་ས་ལ་བརྡབས་པས་ཡེ་ཤེས་སེམས་དཔའི་ངོ་བོ་ཕྱུང་སྟེ་ལྷ་ཉེ་བར་བསྒྲག་པར་བྱ། དེ་ཡང་ཧེ་རུ་ཀ་མཉམ་ཡན་ལག་དྲུག་ལྡན་དུ་བསྒོམས་པའི་རྣལ་འབྱོར་གྱི་ནང་གི་མ་རུངས་པའི་སེམས་ནི་མྱུར་དུ་བསད་པར་འདོད་པའི་བསམ་པས་འདི་ཉིད་བསྒོམས་པ་ཙམ་གྱིས་སངས་རྒྱས་རྣམས་ཀྱང་ངེས་པར་འཇིག་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་སོ། །བསྒྲལ་བའི་ཡུལ་ནི། བསྟན་ལ་ཞེས་པའི་ཚིགས་ཏེ། དེ་ཡང་བསྟན་ལ་གནོད་པ་བྱེད་པ་དང་བླ་མ་དང་སངས་རྒྱས་འཇིག་པ་ནི་མཚམས་མེད་པའི་ལས་བྱེད་པ་རྣམས་ལ་བྱའོ། །སྒྲོལ་བར་བྱེད་པའི་ཚུལ་ནི། བླ་མ་ཐུབ་པ་ལ་ཞུས་ནས་ཞེས་པའི་ཚིག་གཉིས་ཏེ། འདི་ནི་ཉེས་པ་བསྒྲགས་པ་སྟེ། དེ་ཡང་ངན་པར་སྤྱོད་པ་དེ་ཚུལ་བཞིན་མ་ཡིན་པ་བྱེད་པ་ལ། མདུན་གྱི་ནམ་མཁར་བླ་མ་དང་སངས་རྒྱས་ཐམས་ཅད་བཞུགས་པར་བསྒོམས་ནས། གང་ཟག་འདིས་ཚུལ་བཞིན་མ་ཡིན་པ་བྱེད་པ་འདི་བསྒྲལ་བར་ཞུ་འཚལ་ཞེས་བསྒྲགས་པས་གནང་བ་བྱིན་པར་བསམ་སྟེ་འདི་དག་ནི་སྙིང་རྗེ་གཙོ་བོར་གྱུར་པའི་བསད་པ་བྱ་བ་ཡིན་ནོ། །བསད་པའི་ཆོ་ག་དངོས་ནི། ཅི་ལྟར་ཞེས་པའི་ཚིགས་བཅད་གཉིས་ཏེ། བསྒྲུབ་བྱ་ཕྱུགས་ལྟ་བུའི་རང་བཞིན་གྱི་གཟུགས་དེ་ཉིད་ཁྲག་དུ་སྐྱུག་ཅིང་ལུས་འདར་བ་སྐྲ་གྲོལ་བ་ཁ་ཐུར་དུ་བལྟས་པའི་རྣམ་པ་ཅན་དུ་བསྒོམ་ནས། དེའི་འོག་སྒོ་ནས་མེ་ཁབ་ལྟ་བུའི་གཟུགས་ཅན་འཇུག་པར་བསམ་སྟེ། སྙིང་ཁར་རྂ་ལས་མེ་འབར་བས་ཕུང་པོ་ཐམས་ཅད་བསྲེག་པར་བྱེད་པར་བསྒོམས་ན་སྐད་ཅིག་གིས་གསོད་པར་བྱེད་དོ། །བསམས་པ་ཙམ་གྱིས་འགྲུབ་པར་བསྟན་པ་ནི། རྒྱུད་འདི་ཞེས་པའི་ཚིགས་བཅད་ཅིག་ནི། དེ་ལྟར་བསྟན་པའི་ལས་དེ་ནི་མྱུར་དུ་འགྲུབ་པར་འགྱུར་ཏེ་རྒྱུད་འདི་ལ་ནི་སྦྱིན་བསྲེག་དང་འཁྲུལ་འཁོར་ལ་ལ་སོགས་པ་མེད་དོ། །དེ་བཞིན་དུ་ཕྱག་རྒྱ་བཅིང་བ་དང་། ལས་ཀྱི་བྱ་བ་གཞན་ཡང་བྱ་བ་ཡོད་པ་མ་ཡིན་ཏེ། ཀླགས་པ་ཙམ་མམ་བསམ་གཏན་ཙམ་གྱིས་འགྲུབ་པར་འགྱུར་རོ། །དེ་ལྟར་བསྟན་པ་རྣམས་ཀྱི་ལས་རིམ་འདི་དག་ཀྱང་། ཉེས་པ་བསྒྲག་པ་དང་། བསྲུང་བ་གཞོམ་པ་དང་། དགུག་པ་དང་། ཁ་སྦྱོར་དབྱེ་བ་དང་། གནས་སུ་འཕང་པས་ལོགས་པར་བྱ་བ་ཡིན་ནོ། །རྣམ་པར་དག་པ་ལ་གཉིས་ལས། བཤད་པར་དམ་བཅའ་དང་། བཤད་པ་དངོས་སོ། །དང་པོ་ནི་རྟོག་མེད་ཞེས་པའི་ཚིག་བཅད་ཅིག་སྟེ། འདི་ཡང་བསྐྱེད་རིམས་ལ་རྫོགས་པའི་རིམ་པས་རྒྱས་བཏབ་ན་མཆོག་གི་དངོས་གྲུབ་ཀྱི་རྒྱུར་འགྲོ་བར་སྟོན་ཏེ། རྟོག་མེད་ནི་རྫོགས་རིམས་མི་རྟོག་པས་ཟིན་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྦྱིན་པའོ། །ཐ་མལ་པའི་སྲིད་པ་སྦྱོང་ན། དེ་ཁོ་ནའི་རྟོགས་པས་ཟིན་ན་ཐ་མལ་གྱི་རྟོག་པ་གཅོད་པས་ན་སྦྱོང་བ་ཉམས་དགའ་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་ལས་ཤར་བས་སོ། །གསང་བ་ནི་རྒྱུད་སྡེ་འོག་མ་པའམ། ཡང་ན་རྟོགས་པར་དཀའ་བས་སོ། །ཉོན་ཅིག་ལྷ་མོ་ཅེས་པ་བདག་མེད་མ་ལ་བོས་པའོ། །བཤད་པ་དངོས་ལ་གསུམ་སྟེ། ཐབས་ཀྱི་ཟིན་པ་དང་མ་ཟིན་པའི་ཁྱད་པར་ནི། རིན་ཆེན་ཞེས་པའི་ཚིགས་བཅད་གཉིས་ཏེ། རིན་ཆེན་ནི་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་ཉིད་དུ་ཕུན་སུམ་ཚོགས་པ་ཐམས་ཅད་བྱུང་བས་སམ། ཡང་ན་དེ་ཁོ་ནའི་རྟོགས་པས་ཟིན་ན་འདོད་པ་ཐམས་ཅད་འབྱུང་བས་སོ། །གཟི་བརྗིད་འབར་བ་ནི་གཞན་ཟིལ་གྱིས་གནོན་པས་སོ། །ལྟོས་ཅེས་པ་དེ་ལྟ་བུའི་བསྐྱེད་རིམས་དེ་ལའོ། །མ་ཕུག་པ་ཅེས་པ་སེམས་ལྷན་ཅིག་སྐྱེས་པའི་རྟོགས་པས་མ་ཟིན་པས་ནི་ཕྱག་རྒྱ་ཆེན་པོའི་སྦྱོར་བ་དང་བྲལ་བར་འགྱུར། ཕུག་པ་ནི་ཟིན་པས་དགང་བ་སྦྱིན་པར་འགྱུར་རོ། །དེའི་ཚེ་འདོད་པའི་ཡོན་ཏན་སྤང་ངམ་ཞེ་ན་འཁོར་བ་ཉེར་ལེན་གྱི་ཕུང་པོའི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་རིན་པོ་ཆེ་ནི་དེ་ཁོ་ནའི་རྟོགས་པས་ཟིན་ན་ཡོན་ཏན་ཐམས་ཅད་འབྱུང་བའོ། །མ་དག་པས་ནི་དེ་ཁོ་ནའི་རྟོགས་པས་མ་ཟིན་ན་དུག་དུ་འགྲོ་སྟེ། འཁོར་བའི་ཉེས་པ་བསྐྱེད་པར་བྱེད་ལ་དག་པས་ནི་བདུད་རྩི་ལྟ་བུར་འགྱུར་རོ། །རྣམ་དག་མདོར་བསྟན་པ་ནི། འཁོར་བའི་ཞེས་པའི་ཚིགས་བཅད་ཅིག་སྟེ། དེ་ཡང་འཁོར་བའི་རང་བཞིན་རྣམ་པར་དག་པ་དཔལ་ཧེ་རུ་ཀའི་རང་བཞིན་གྱིས་འགྲོ་བ་རྣམས་སྒྲོལ་བའི་དོན་དུ་གཙོ་བོ་བཅོམ་ལྡན་འདས་ཀྱི་རྣམ་པ་གང་གི་གཟུགས་ཀྱིས་གྱུར་པ་བཤད་པར་བྱ་ཅེས་པའོ། །རྒྱས་པར་བཤད་པ་ནི། སྙིང་རྗེའི་སྤྱན་ཞེས་པའི་ཚིགས་བཅད་ཕྱེད་དང་བཞི་སྟེ། དེ་ཡང་ཐུན་མཚམས་སུ་རྣམ་པར་དག་པ་དྲན་པར་བྱེད་པ་ལ་དཔལ་ཧེ་རུ་ཀའི་དག་པ་ནི་སྙིང་རྗེས་འགྲོ་བའི་དོན་མཛད་པ་ལ་ཆགས་པས་སྤྱན་དམར་པོ། བྱམས་པའི་ཐུགས་མི་འགྱུར་བས་སྐུ་མདོག་གནག་པའོ། །བསྡུ་བ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། སྟོང་པ་ཉིད་བཅུ་དྲུག་ནི་སྔར་ལེའུ་དགུ་པར་བསྟན་པ་ལྟ་བུའོ། །གུག་སྐྱེད་ནི་རུས་པའི་རྒྱན་སངས་རྒྱས་ལྔ་དག་པ། གདུག་པ་ཅན་འདུལ་བའི་ཕྱིར་ཁྲོ་བོ། དེ་བཞིན་དུ་ཤ་ནི་པུ་ཀ་སི། ཁྲག་ནི་རི་ཁྲོད་མ་གདོལ་པ་མོ་ཁུ་བ། གཡུང་མོ་རྐང་དང་ཚིལ་བུ། ལྤགས་པ་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་བདུན། རུས་པ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་རྣམ་པར་དག་པ་སྟེ། མདོར་ན་གཞི་ལམ་འབྲས་བུའི་བདག་ཉིད་ཐམས་ཅད་དཔལ་ཧེ་རུ་ཀ་ལ་ཚང་ངོ་། །ཁ་སྦྱོར་དབྱེ་བ་ལ་སོགས་པ་འདི་རྣམས་ཀྱི་ངེས་པའི་དོན་ཡང་འགྲེལ་ཆེན་ལས། ལྟེ་བའི་དབུས་སུ་པད་མ་ཆེ། །སྐུད་པ་བཅུ་དྲུག་ཡང་དག་ལྡན། །ཡི་གེ་ཉིད་ནི་མཉམ་པར་སྦྱོར། །ཁ་སྦྱོར་བྱེད་པ་བླ་ན་མེད། །དེ་དབུས་སྟོང་ཉིད་དམ་པ་ནི། །སྤྲོ་དང་བསྡུ་བ་བྱེད་པ་ཅན། །དེ་འདིར་དེ་ཁོ་ཉིད་དུ་འགྱུར། །རང་བྱུང་ཐམས་ཅད་ཁྱབ་པ་པོ། །ཞེས་བྱ་བའི་རིམ་པ་འདིས་ནི་ཧེ་རུ་ཀ་དང་། ནང་གི་ཁ་སྦྱོར་དབྱེ་བའི་བདག་ཉིད་ནི་ཨ་ཧྂ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་བཅུ་དྲུག་ཚན་པ་གཉིས་ཀྱི་བདག་ཉིད་དོན་དམ་པའི་བདེ་བ་ལ་རབ་ཏུ་ཞུགས་པས་རྣམ་པར་རྟོག་པ་གསོད་པར་འགྱུར་རོ། །སྔགས་བཏུ་བ་ལ་གསུམ། ཞུས་པ་དང་། ལན་མདོར་བསྟན་དང་། བཏུ་བ་དངོས་སོ། །སྔགས་འདི་དག་གི་དོན་ནི་སྔར་ལེའུ་གཉིས་པར་བཤད་པ་ཅི་ལྟ་བ་བཞིན་དུ་ཡིན་ལ། འདིར་བཏུ་བ་བསྟན་པའི་དགོས་པ་ནི་དེ་ཉིད་དག་པར་བྱ་བའི་ཆེད་དུའོ། །དང་པོ་ནི། བདག་མེད་མས་གསོལ་བ་ཞེས་པའི་ཚིག་རྐང་ལྔས་སྔར་སྔགས་གསུངས་པའི་བཏུ་བ་ཅི་ལྟར་ལགས། གང་གི་སྔགས་ཀྱིས་སྐྱེ་བོ་རྣམས་ཀྱི་ཞི་རྒྱས་ལ་སོགས་པའི་དངོས་གྲུབ་འགྲུབ་པར་འགྱུར་པའི་སྔགས་བདེ་བ་ཆེན་པོས་བཤད་དུ་གསོལ་ཞེས་པའོ། །ལན་མདོར་བསྟན་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་སྙིང་པོ་དབྱེར་མེད་པའི་གཟི་བརྗིད་ཆེན་པོས་ཅི་ལྟར་སྔགས་བཏུ་བའི་དོན་ཞུས་པ་ངས་བཤད་ཀྱིས་ལྷ་མོ་ཤེས་རབ་ཆེན་མོ་ཉོན་ཅིག་ཅེས་བཀའ་སྩལ་པའོ། །བཏུ་བ་དངོས་ནི། དང་པོར་ཞེས་པ་ནས་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགས་སོ་ཞེས་པའི་བར་གྱིས་ལས་ཚོགས་ཀྱི་སྔགས་དང་། ཧེ་རུ་ཀ་བཞིའི་སྙིང་པོ་དང་། གྲོང་ཁྱེར་དཀྲུག་པ་དང་། ས་སྦྱང་བ་དང་། བཟའ་བཏུང་བྱིན་གྱིས་བརླབ་པ་དང་། གཏོར་མའི་སྔགས་རྣམས་རིམ་པ་བཞིན་དུ་ཡིན་ཏེ། དེ་ཡང་ཐོག་མར་རྣམ་པར་སྣང་མཛད་ཀྱི་ས་བོན་ནི་ཨོཾ་ཡིན་པས་དང་པོར་སྦྱིན་པའོ། །དེ་ནས་དྲོ་བའི་ཡི་གེ་བཞི་པ་ཧ་བཞག་པའོ། །དེ་ལ་པུ་ཀ་སི་བྱིན་པ་ནི་སུ་དང་སྦྱར་བས་ཧུ་རུ་འགྱུར་བའོ། །སྟོང་པས་མནན་པ་ནི་སྟེང་དུ་ཐིག་ལེ་བྱིན་པའོ། །མདོག་དཀར་ནི་དེའི་སྟེང་དུ་ན་ད། བྱིན་པའོ། །མཐར་སྭཱ་ཧཱ། སྦྱར་བ་ནི་རེངས་པར་བྱེད་པའི་སྔགས་ཡིན་ཏེ། འདིས་ནི་བཟླས་པ་འབུམ་གྱིས་ནི། །འགྲོ་བ་རྟག་ཏུ་རེངས་པར་བྱེད། །ཅེས་སོ། །དབང་དུ་བྱ་བའི་སྔགས་བཏུ་བ་ནི། ཨོཾ་ཨྂ་སྭཱ་ཧཱ། ཞེས་བྱའོ། །དེ་ལའང་དང་པོར་རྣམ་པར་སྣང་མཛད་བཞག་ཅེས་པ་ནི་རྣམ་པར་སྣང་མཛད་ཀྱི་ས་བོན་ཨོཾ་མོ། ས་མཁའ་སྤྱོད་མ་དེ་ནས་ཅེས་པ་མཁའ་སྤྱོད་མའི་ས་བོན་ཨྂ་ངོ་། །མཐར་སྭཱ་ཧཱ་སྦྱར་བ་ནི་དབང་དུ་བྱ་བའི་སྔགས་ཏེ་སངས་རྒྱས་ཀྱང་ནི་དབང་དུ་བྱེད་ཅེས་སོ། །ཨོཾ་ཁྂ་སྭཱ་ཧཱ། སྐྲོད་པར་བྱེད་པའོ། །ཨོཾ་ཛིཾ་སྭཱ་ཧཱ་སྡང་བར་བྱེད་པའོ། །ཨོཾ་བུམ་སྭཱ་ཧཱ། མངོན་སྤྱོད་དོ། །ཨོཾ་ཧཱུྃ་སྭཱ་ཧཱ། འགུགས་པར་བྱེད་པའོ། །ཨོཾ་གྷུ་སྭཱ་ཧཱ། གསོད་པར་བྱེད་པའི་འོ། །དེ་བཞིན་དུ་སྡེ་ཚན་གྱི་ཡི་གེ་རྣམས་ལ་ནང་ཚན་གྱི་ཡི་གེ་གང་ཡིན་པ་དང་། དྲོ་བའི་ཡི་གེ་དང་། མཐར་གནས་ཀྱི་ཡི་གེ་ལས་ལུས་བཏུའོ། །དེ་ཡང་ཨུས་མ་ནི་ཤ་ཡ་ས་ཧ་གྷོ་ཁ་སྟེ་དྲོ་བའི་ཡི་གེའོ། །མཐར་གནས་ནི་ཨ་དྷ་ཥྛ་ཡ་ར་ལ་ཝའོ། །ཡན་ལག་ནི་བརྟག་པ་འོག་མའི་ལེའུ་བཞི་པའི་ལྷ་མོ་བཅོ་ལྔའི་ས་བོན་ལས་བཏུའོ། །སྔགས་ཀྱི་ངོ་བོ་ནི། བརྟག་པ་དང་པོའི་སྔགས་ཀྱི་ལེའུ་བླངས་ལ་འདི་ཡི་བཏུ་བ་དང་སྦྱར་ནས་སྔར་བཞིན་དུ་བཏུས་པས་རྟོགས་སླ་སྟེ་བཤད་པ་བྱས་ནའང་ཡང་དུ་བཟློས་པར་འདུག་པས་ཚུལ་དེ་ལྟར་ཤོད་ཅིག་ལེའུ་ཡི་མཚན་ནི། ཀྱེའི་རྡོ་རྗེ་ལས་སྔགས་བཏུ་བ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།ལེའུ་འདི་ནས་འབྲས་བུ་ལས་ཚོགས་པ་བར་བྱེད་པ་ལ་སོ་སོའི་བཟླས་པའི་ཡུལ་ཕྲེང་བ་དང་བཟའ་བ་གསུངས་ཏེ། འདི་ལ་གསུམ། བཤད་པར་དམ་བཅའ་དང་། གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །དང་པོ་ནི་ཚིགས་བཅད་ཅིག་སྟེ། སྔགས་བཏུ་བ་གསུངས་པ་དེ་ནས་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་སྡོམ་པ་ཅིག་པའི་རྡོ་རྗེ་སེམས་དཔའ། བདེ་སྟོང་དབྱེར་མི་ཕྱེད་པའི་བརྡར་བདག་མེད་མ་དང་མཉམ་པར་སྦྱོར་བ་མཛད་ནས་བཟླས་པའི་ཡུལ་ཕྲེང་བ་རབ་ཏུ་ཕྱེ་བའོ། །གཞུང་ལ་གཉིས་ལས། ཕྲེང་བ་ནི། ཤེལ་གྱིས་ཞེས་པའི་ཚིགས་བཅད་གཉིས་ཏེ། ཤེལ་གྱི་ཕྲེང་བ་ནི་རེངས་པའི་ལས་ལ་ཤིས་སོ། །དེ་བཞིན་དུ་དབང་དང་། མངོན་སྤྱོད་དང་། སྡང་བ་དང་། སྐྲོད་པ་དང་། འགུག་པ་དང་། ཆར་དབབ་པ་དང་གསང་བ་རྣམས། ཙན་དན་ལ་སོགས་པའི་ཕྲེང་བ་སོ་སོ་ལ་བསྔགས་པ་ཡིན་ལ། ངེས་པའི་དོན་དུ་ནི། འདི་དག་ཀྱང་ནང་གི་རྩ་རླུང་གི་སྦྱོར་བ་ཉིད་དུ་གསུངས་ཏེ། པད་མར་རྡོ་རྗེ་རབ་བཞུགས་པ། །སྐུད་པ་ཁ་སྦྱར་དབུས་ཉིད་དུ། །ཐམས་ཅད་དེ་ཉིད་བསྒོམས་པ་ཡི། །ཕྲེང་བ་རབ་ཏུ་གནས་པར་བྱ། །སྔགས་ཀྱི་དེ་ཉིད་གསལ་བ་ནི། ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །རྟོག་གེ་པ་ཡིས་མི་ཤེས་ཤིང་། རྣལ་འབྱོར་པ་ཡི་སྤྱོད་ཡུལ་ཡིན། ཞེས་འགྲེལ་ཆེན་ལས་གསུངས་པ་བཞིན་དུ་རྟོགས་པར་བྱའོ། །གཉིས་པ་བཟའ་བ་ལ་ཡང་གཉིས་ལས། སོ་སོའི་བཟའ་བ་ནི། རེངས་པར་ཞེས་པའི་ཚིག་རྐང་དྲུག་སྟེ། ལས་གང་བསྒྲུབ་པའི་དུས་སུ་བཟའ་བ་གང་ཤིས་ན། རེངས་པའི་ལས་བསྒྲུབ་པའི་དུས་སུ་འོ་མའི་བཏུང་བ་ཤིས་སོ། །དབང་ལ་རང་གི་འདུན་པ་ནི་གང་འདོད་པའམ། ཡང་ན་བདུན་པ་སྟེ། ཟས་ཟོས་པ་བད་ཀན། དེ་ཁྲག །དེ་ཤ། དེ་ཚིལ། དེ་རུས་པ། དེ་རྐང་སྟེ། ཐིག་ལེར་འགྲོ་བས་དཀར་ཆའོ། །ད་པ་ལ་སི་ལ་ནི་དམར་ཆ། དགུག་པ་ལ་བཞི་མཉམ་ནི་དྲི་ཆེན། སྡང་བ་ལ་ས་ལུས་བསྐྱེད་པ་ནི་ཤ་ཆེན། བསྐྲད་པ་ལ་གླ་བ་ནི་དྲི་ཆུར་བརྗོད་དོ། །ཐུན་མོང་གི་བཟའ་བ་ནི། ཡང་ན་ཞེས་པའི་ཚིག་རྐང་གསུམ་སྟེ། མཐའི་ཤ་ནི་ཨ་ཤ་སྟེ་རྟ་ཤ། དང་པོའི་ཤ་ནི་ཤོ་ན་ཁྱི་ཤ། ན་དང་པོ་ན་ར་མི་ཤ། ག་དང་པོ་ག་བྷི་བ་གླང་གི་ཤ། ཧ་དང་པོ་ཧ་ཏི་གླང་པོ་ཆེའི་ཤ་སྟེ་ཤ་ལྔའོ། །འདི་རྣམས་ཀྱི་ངེས་པའི་དོན་ཡང་སྔར་བཤད་དོ། །ལེའུ་ཡི་མཚན་ནི། ཀྱེའི་རྡོ་རྗེ་ལས་བཟླས་པའི་ཡུལ་དང་བཟའ་བ་བསྟན་པ་སྟེ་བཅུ་པའོ།། །།ལེའུ་འདི་ཡང་རྫོགས་རིམས་ཀྱི་ཡན་ལག་དུ་གྱུར་པའི་རིགས་ཀྱི་དབྱེ་བ་དང་། ལས་ཀྱི་ཕྱག་རྒྱ་རྟེན་པའི་ཐབས་གསུངས་པས་འདི་ལ་གསུམ་ལས། ཞུས་པའི་ཚིག་གིས་མཚམས་སྦྱར་བ་དང་། གཞུང་དང་། ལེའུ་ཡི་མཚན་ནོ། །དང་པོ་ནི་ཚིགས་སུ་བཅད་པ་ཅིག་སྟེ། དགྱེས་པའི་རྡོ་རྗེ་ལ་དབང་དང་རོལ་བས་མཆོད་དེ། ལུས་ཅན་རྣམས་ཀྱི་རིགས་ལྔ་ལ་སོགས་པའི་གཟུགས་ཀྱི་རྟགས་བདག་མེད་མས་ཞུས་པའོ། །གཞུང་ལ་གཉིས། རིགས་ཀྱི་རྟགས་དང་། ལྷན་ཅིག་སྐྱེས་པའོ། །དང་པོ་ལ་བཞི་ལས། ཉོན་ཅིག་པར་གདམས་པ་ནི། བྷ་གར་ཞེས་པའི་ཚིགས་བཅད་ཅིག་སྟེ། རྡོ་རྗེ་པད་མ་སྦྱོར་ཞིང་བདེ་བའི་འཁོར་ལོ་འདྲེན་པས་འདི་སྐད་གསུངས་ཏེ། ལུས་ཅན་རྣམས་ཀྱི་རིགས་ཀྱི་རྟགས་བཤད་ཀྱིས། ཤེས་རབ་ཕ་རོལ་ཕྱིན་མ་ཉོན་ཞེས་བཀའ་སྩལ་པའོ། །ཕྱག་མཚན་གྱི་རྟགས་ནི། བུད་མེད་ཞེས་པའི་ཚིགས་བཅད་གཉིས་ཏེ། འདི་ཡང་དྲང་དོན་དུ་ནི་བུད་མེད་དམ་སྐྱེས་པ་གང་གི་སྲིན་ལག་གི་རྩ་བའམ་དཔྲལ་བར་རྡོ་རྗེ་རྩེ་དགུ་པའི་རི་མོ་སྣང་བ་ནི་མི་བསྐྱོད་པའི་རིགས་སོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་འཁོར་ལོ། འོད་དཔག་མེད་ཀྱི་པད་མ། རིན་ཆེན་འབྱུང་ལྡན་གྱི་རིན་པོ་ཆེ། ལས་ཀྱི་རིགས་ཀྱི་རལ་གྲིའོ། །ཁ་དོག་གི་རྟགས་ནི། རྣལ་འབྱོར་པ་གང་ཞེས་པའི་ཚིགས་སུ་བཅད་པ་གསུམ་སྟེ། འདི་རྣམས་ཁ་དོག་ནག་པོ་ལ་སོགས་པ་དྲུག་དང་སངས་རྒྱས་དྲུག་རིམ་པ་བཞིན་སྦྱར་བར་རིག་པར་བྱའོ། །རིགས་ངེས་པ་ནི། སྐྱེ་བོ་ཞེས་པའི་ཚིགས་བཅད་གཉིས་ཏེ། དེ་ལྟ་བུའི་རྟགས་ངེས་པ་དང་ལྡན་པ་རྣམས་ལ། རྣལ་འབྱོར་མཐར་ཕྱིན་པའི་ཡོན་ཏན་ཅན་གྱིས་ཀྱང་། ང་རྒྱལ་མི་བཅག་ཅིང་ཐོ་མི་བརྩམ་མོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་རྫོབ་གཟུགས་སུ་གནས་པ་འདི་དག་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་རིགས་སུ་འགྱུར་བའི་ཕྱིར་རོ། །བུད་མེད་རྣམས་ཀྱི་མཚན་ཉིད་འདི་ཅི་ལྟ་བར་སྐྱེས་པ་ལ་ཡང་དེ་བཞིན་དུ་ཤེས་པར་བྱ་ཞིང་ཀུན་རྫོབ་ཐ་སྙད་དུ་དེ་དང་དེའི་རིགས་ཞེས་བྱ་བར་བརྗོད་པ་ཡིན་ནོ། །འདི་རྣམས་ཀྱི་ངེས་པའི་དོན་ནི། ནང་གི་ཡེ་ཤེས་ཀྱི་ཁམས་ལ་སོགས་པ་དྲུག་དང་མཉམ་པར་སྦྱོར་བའོ། །ལྷན་ཅིག་སྐྱེས་པ་བསྟན་པ་ལ་བཞི་ལས། ཉོན་ཅིག་པར་གདམས་པ་ནི། བྷ་གར་ཞེས་པའི་ཚིགས་བཅད་གཅིག་སྟེ། འདི་ཡང་དབང་དང་ལས་ཀྱི་ཕྱག་རྒྱ་བསྟེན་པའི་སྐབས་སུ་ཐ་མལ་གྱི་ཚུལ་སྤངས་ཏེ་རྟོགས་པའི་ཡེ་ཤེས་བསྐྱེད་པའི་ཕྱིར། བྷ་ག་དང་། ལིང་ག་སྦྱོར་བས་རྡོ་རྗེ་སྟོང་པའི་དགའ་བས་མཉེས་པར་མཛད་དེ། བདག་མེད་མ་ལ་སོགས་པའི་དོན་གོ་བར་མཛད་པའི་ཕྱིར། ལྷ་མོ་སྟེ་ལས་ཀྱི་ཕྱག་རྒྱ་མཆོད་པའི་ཐབས་བཀའ་སྩལ་ཏོ། །གང་དུ་བསྟེན་པའི་གནས་ནི། ཚལ་དང་ཞེས་པའི་ཚིགས་བཅད་ཅིག་སྟེ། ཚལ་ཆེན་པོ་དང་སྐྱེ་བོ་མེད་པའི་གནས་དབེན་པ་རྣམས་སུ་བསྟེན་པར་བྱ་སྟེ། རྣམ་པར་རྟོག་པ་དང་བྲལ་བའི་འབྲས་བུས་ཕྱག་རྒྱ་ཆེན་པོ་བློ་ལ་བྱས་ནས། རྣལ་འབྱོར་པ་དབང་གི་ཡེ་ཤེས་རིག་པ་རྟག་ཏུ་མཆོད་པར་བྱའོ། །ཇི་ལྟར་བསྟེན་པའི་ཚུལ་ནི། འོ་དང་ཞེས་པའི་ཚིགས་བཅད་གསུམ་སྟེ། འདི་དག་ནི་ལས་ཀྱི་ཕྱག་རྒྱའི་སྦྱོར་བ་སྟོན་པ་ལས། དེའི་རིམ་པ་འགྲེལ་ཆེན་ལས་གསུངས་པ་རྣལ་འབྱོར་པས་གལ་ཏེ་གྲོང་པའི་ཆོས་ལ་སོགས་པས་འདོད་པར་མི་བྱ་སྟེ། དེ་ནས་རྗེས་སུ་ཆགས་པ་དང་བཅས་པར་མི་འགྱུར་ཞིང་མངོན་པར་འདོད་པའི་དངོས་གྲུབ་ཀྱང་ཉམས་པར་འགྱུར་བའོ། །ཐོག་མར་ཅི་ལྟར་གསུངས་པ་ལས་སྔགས་པས་གཞན་པ་འདོད་པར་མི་བྱ་ཞེས་པའོ། །དེས་ན་འོ་དང་འཁྱུད་པ་དང་རེག་པ་ནི་དགའ་བའི་དོན་ནོ། །གཞིབ་པ་དང་བཏུང་བ་ནི་མཆོག་དགའོ། །རྟག་ཏུ་མྱོས་པའི་སྒྲས་ནི་ལྷན་ཅིག་སྐྱེས་དགའོ། །བྷོ་ལ་ལྡན་པ་ཞེས་པ་ནི། བདེ་བ་དང་ལྡན་པ་སྟེ་བཞི་པའི་སྐད་ཅིག་མའོ། །དེའི་ཕྱག་རྒྱ་རིགས་ལྔ་ཡོད་པ་ལས། དུང་ཅན་མ་ནི་ཁྱོགས་ལྟ་བུས་བསྟེན་པ་སྟེ། མདུན་དང་རྒྱབ་ཏུ་ན་རི་ཡིས། །རིམ་པས་ཀ་ཏི་མདོ་ལིར་བྱེད། །མོན་མདོ་སྟེང་དུ་ཡང་དག་གནས། །ན་རི་དྷོ་ལིར་རབ་ཏུ་གྲགས། །ཞེས་སོ། །ཞར་ལ་ནི་བརླ་ཞེས་བྱ་སྟེ། །གཡས་ཕབ་པའི་སྦྱོར་བ་ཡིས། །གཡས་ལ་གཡོན་པའི་ལག་པ་དང་། །སྦྱར་བྱ་སྟེང་གི་ཀ་ར་ན། །ཁ་ནི་མངོན་དུ་ཕྱོགས་ནས་གནས། ཞེས་སོ། །ཤིན་དུ་བཀལ་བ་ནི། དུང་ཅན་མ་དང་མཐུན་པ་སྟེ། ངང་པའི་གཤོག་པའི་རྣམ་པ་ཅན། །ཨུད་ཏ་ན་རུ་རབ་ཏུ་གྲགས། །ཞེས་སོ། །དེ་བཞིན་དུ་སྟེང་དང་འོག་ཏུ་ཞེས་པ། པད་མ་ཅན་དང་། གླང་པོ་ཅན་ཞེས་བྱ་བའི་བྱེད་པ་སྟེ། འདི་ལྟར་བསྟེན་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱང་འཐོབ་པར་འགྱུར་ཏེ། སངས་རྒྱས་ཀུན་དང་མཉམ་པར་འགྱུར་པ་ནི། འཛག་པ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་གཙུག་གཏོར་གྱི་མཐར་སོན་པ་ལས་སངས་རྒྱས་སུ་འགྱུར་རོ། །རིམ་པ་འདི་ནི་འགྲེལ་ཆེན་ལས་གསུངས་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་བསྒྲུབ་པའི་བཟའ་བ་ནི། དེ་ལ་ཞེས་པའི་ཚིགས་སུ་བཅད་པ་གཅིག་སྟེ། དེ་ཡང་བྱང་ཆུབ་ཀྱི་སེམས་ག་བུར་གྱེན་དུ་བརྟན་པ་ལ་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་འགྲུབ་པའི་ཕྱིར། བྱང་ཆུབ་ཀྱི་སེམས་འཕེལ་བར་བྱེད་པའི་རྒྱུ་ཤ་རྣམ་པ་ལྔ་བཟའ་བ་དང་ཆང་ཡང་བཏུང་བར་བྱ་བ་ཡིན་ལ། ངེས་པའི་དོན་དུ་ནི་ཤེས་རབ་ཀྱི་སྟོབས་བཟའ་བ་དང་། བདེ་བ་ཆེན་པོའི་རོ་ཐུང་བར་བྱེད་པ་ཉིད་ཡིན་ནོ། །ལེའུ་ཡི་མཚན་ནི། ཀྱེའི་རྡོ་རྗེ་ལས་ལྷན་ཅིག་སྐྱེས་པའི་སྦྱོར་བ་བསྟན་པ་སྟེ་ལེའུ་བཅུ་ཅིག་པའོ།། །།ལེའུ་འདི་ནས་དབང་བཞིའི་ཚིགས་སུ་བཅད་པ་དང་། མཁའ་གསང་བྱིན་གྱིས་བརླབ་པ་བསྟན་ཏེ། གཞི་ཤེས་བྱེད་ཀྱི་ཐབས་དབང་དང་། ལམ་གྱི་རིམ་པ་ལ་ཡང་དེ་ཁོ་ན་རྟོགས་པའི་དོན་དུ་མཁའ་གསང་བྱིན་གྱིས་བརླབ་པ་འདི་དགོས་པས་དེ་འཆད་དོ། །འདི་ལ་གསུམ་ལས། མཚམས་སྦྱར་བ་དང་། གཞུང་དང་། ཡོངས་སུ་རྫོགས་པར་བསྟན་པའོ། །དང་པོ་ནི་ཚིག་གཉིས་ཏེ། ལྷན་སྐྱེས་བསྟན་པ་དེ་ནས་རྡོ་རྗེ་ཅན་གྱིས་དབང་བཞིའི་ཚིགས་སུ་བཅད་པ་བཀའ་སྩལ་པའོ། །གཞུང་ལ་གཉིས་ལས། དབང་གི་ཚིགས་བཅད་དང་། མཁའ་གསང་བྱིན་བརླབས་སོ། །དང་པོ་ལ་བཞི་ལས། རྡོ་རྗེ་སློབ་དཔོན་གྱི་བུམ་པའི་དབང་བསྐུར་བའི་དུས་ཀྱི་ཚིགས་སུ་བཅད་པ་བསྟན་པ་ནི། རྡོ་རྗེ་རབ་གནས་ཞེས་པ་སྟོང་པ་ཉིད་ཀྱི་རྡོ་རྗེ། ཤེས་རབ་ཀྱི་རང་བཞིན་གྱི་དྲིལ་བུ་རབ་ཏུ་བཟུང་བ་ལས་རྡོ་རྗེ་སློབ་དཔོན་དུ་འགྱུར་ཏེ། དེས་ནི་སེམས་ཅན་གྱི་དོན་བྱེད་པ་ལ་དབང་བར་འགྱུར་རོ། །གསང་དབང་སྦྱིན་པའི་ཚིགས་སུ་བཅད་པ་ནི། ཅི་ལྟར་འདས་པའི་སངས་རྒྱས་རྣམས་ཀྱིས་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་དབང་བསྐུར་བ་བཞིན་དུ། འདིར་ཡང་གསང་བའི་དབང་གིས་སེམས་དཀར་དམར་གྱི་རྟོག་པ་གཅོད་པའི་དབང་བསྐུར་བའོ། །ཤེས་རབ་ཡེ་ཤེས་ཀྱི་སྐབས་སུ་ཕྱག་རྒྱ་གཏད་པའི་ཚིགས་སུ་བཅད་པ་ནི། ལྷ་མོ་ཞེས་པ་དགའ་བའི་ཡེ་ཤེས་སྦྱིན་པར་བྱེད་པའི་གནས་རྟོགས་མ་རྟོགས་ཀྱི་བྱེ་བྲག་གིས། འཆིང་བ་དང་གྲོལ་བ་སྣང་བས་སྣ་ཚོགས་གཟུགས་ཅན་ཡིད་དུ་འོང་བ་ཁྱེར་ལ་བདེ་བ་ཆེན་པོའི་མཆོད་པ་གྱིས་ཞེས་པའོ། །བཞི་པའི་དབང་གི་ཚིགས་སུ་བཅད་པ་ནི། ཡེ་ཤེས་ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དོན་འདི་ནི་ཤིན་དུ་ཕྲ་བ། རྡོ་རྗེ་ནི་སྟོང་པ་ཉིད་ནམ་མཁའི་དཀྱིལ་ལྟ་བུ། རྣམ་པར་རྟོག་པའི་རྡུལ་དང་བྲལ་བ། སྲིད་པའི་མཐར་བྱེད་ཅིང་། ཞི་བའི་ལམ་གཞན་ལ་སྟོན་པར་བྱེད་པ། ཁྱོད་རང་ཡང་དེའི་ཕ་ནི་དེའི་བདག་ཉིད་དུ་འགྱུར་ཞེས་པའོ། །མཁའ་གསང་བྱིན་གྱིས་བརླབ་པ་ལ་གཉིས་ལས། བྱིན་གྱིས་བརླབ་པ་དངོས་ནི། བསྐྱེད་པའི་རིམ་པའི་སྐབས་སུ་བསྟན་པ་ལྟ་བུར་བྱིན་གྱིས་བརླབས་ལ། སྔགས་ཀྱི་དོན་ནི། ཨོཾ་ནི་ངེས་པ་ཁོ་ན། པད་མ་ནི་པད་མ་དང་ཆོས་མཚུངས་པ། སུ་ཀ་དྷ་ར་ནི་བདེ་བ་འཛིན་པ། མ་ཧཱ་ར་ག་ནི་འདོད་ཆགས་ཆེན་པོ། སུ་ཁྂ་དྷ་ད་ནི་བདེ་བ་སྟེར་བ། ཙ་ཏུ་ར་ཨ་ནན་ཏ་ནི་དགའ་བ་བཞི། བྷ་གི་ཤ་དོན་བྱེད་པའམ་སྣ་ཚོགས། ཨོཾ་གསུམ་ནི་སྐུ་གསུང་ཐུགས། ཀ་རྻ་མ་ཀུ་རུ་ཤྭ་མེ་ནི་བདག་གི་བྱ་བ་མཛོད་ཅིག་པའོ། །བཛྭ་མ་ཧཱ་དྷ་ཤ་ནི་ཞེ་སྡང་ཆེན་པོའི་རྡོ་རྗེ། ཙ་ཏུ་ར་ཨ་ནན་ཏ་ཡ་ཀ་ནི་སྔ་མ་བཞིན་ནོ། །ཁ་ཁ་མུ་ཁཱེ་ནི་ནམ་མཁའི་སྒོ་སྟེ་རྩ་བྱ་རོག་གི་གདོང་པ་ཅན་ནོ། །ཀ་ར་སོ་ན་ཋ་ནི། བྱ་བ་རྟོགས་པའོ། །ཧཱུྃ་ཧཱུྃ་ཧཱུྃ་ཀ་རྻྂ་ཀུ་རུ་ཤྭ་མེ་ནི་སྔ་མ་བཞིན་ནོ། །གཉིས་པ་ཡི་གེ་རབ་མཆོག་གིས་བཟུང་བའི་དོན་ནི། བྷོ་ལའི་སྤྱི་བོར་ནི་ཨོཾ་གྱི་རྣམ་པས་བུག་པ་བཀག་པ། སྙིང་ཀར་ནི་ཧཱུྃ་སྔོན་པོའི་རྣམ་པ། པད་མའི་ཟེ་འབྲུ་ལ་ནི་ཨའི་རྣཾ་པ་སྟེ་འདི་རྣམས་ནི་བྱང་ཆུབ་ཀྱི་སེམས་ཀྱི་མན་ངག་གོ །སྐུ་གསུང་ཐུགས་བྱིན་བརླབས་དང་གཏོར་མའི་སྔགས་ནི་སྔར་བསྟན་པ་ཡིན་ནོ། །ཡོངས་སུ་རྫོགས་པར་བསྟན་པ་ནི། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དགྱེས་པའི་རྡོ་རྗེ་ལས་བདག་མེད་མས་ཞུས་པ་གཙོ་ཆེ་བར་མཛད་ནས་སྒྱུ་མའི་བརྟག་པ་ཞེས་བྱ་བ། བརྟག་པ་སུམ་ཅུ་སོ་གཉིས་པ་ལས་ཕྱུང་བ་ནི། དོན་ཐམས་ཅད་ཉེ་བར་བསྡུས་པ། བརྟག་པ་གཉིས་ཀྱི་བདག་ཉིད་དུ་བསྟན་པ། རྒྱུད་ཐམས་ཅད་ཀྱི་ནང་ནས། ཟབ་པ་ལས་ཀྱང་ཆེས་ཟབ་པ་གཞི་ལམ་འབྲས་གསུམ་གྱི་དགྱེས་པའི་རྡོ་རྗེ་མཁའ་འགྲོ་མ་དྲ་བའི་སྡོམ་པ་ལས་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྣམ་པར་བཤད་པ་དྲང་བ་དང་ངེས་པའི་དོན་གསལ་བར་བྱེད་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་རྫོགས་སོ།། །།དཔལ་ལྡན་རྒྱུད་རྒྱལ་རྒྱུད་ཀྱི་སྙིང་པོ་གསལ་བར་རྣམ་འགྲེལ་མཛད་པ་གང་། །སྤྱན་རས་གཟིགས་སོགས་བྱང་ཆུབ་སེམས་དཔས་རྣམ་པར་བཤད་པ་པད་མོའི་གཉེན། ལེགས་བཤད་འོད་འཕྲོ་བློའི་མུན་པ་སེལ་མཛད་མཚུངས་མེད་མཆོག་རྣམས་དང་། །མཁས་ཤིང་གྲུབ་པ་རྡོ་རྗེ་འཆང་དབང་རྣལ་འབྱོར་གཟུགས་སུ་སྟོན་མཛད་པ། །དེ་ཉིད་མཐུ་ཐོབ་བླ་མ་དེ་ཡིས་རྣམ་འགྲེལ་མཛད་པ་ཆུ་གཏེར་དབྱིངས། །ཆ་ཤས་ལས་བྱུང་ཡན་ལག་བརྒྱད་ལྡན་གངས་ཅན་རྒྱུད་འདིར་ཅུང་ཟད་འཕྲོ། །རྒྱུད་སྡེ་རྒྱ་མཚོའི་དབུས་ན་སྐྱེས་བཞིན་ཐོགས་པ་མེད་པའི་བློ་མངའ་བ། །བླ་མ་དེ་དང་རིན་ཆེན་འབྱུང་གནས་རབ་ཏུ་ཞི་བའི་ཐུགས་ལྡན་དང་། །རྣལ་འབྱོར་དབང་ཕྱུག་མཁས་གྲུབ་མཆོག་རྣམས་ཐེག་ཆེན་རྒྱ་མཚོའི་དོན་གཟིགས་ཤིང་། །ཕ་རོལ་སོན་གྱུར་རྣམ་བཤད་མཐུ་ཡིས་འདིར་ནི་རྒྱུད་དོན་གསལ་བར་རྙེད། །རང་དགའ་སྤངས་ཏེ་དྲང་དོན་ངེས་དོན་བླ་མའི་མཐུ་ཡིས་བཤད་པ་གང་། །སྒྲིབ་བྱེད་སྤྲིན་བྲལ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་འདིར་བརྗོད་དོ། །དེ་ལྟར་རྒྱུད་ཀྱི་རྒྱལ་པོ་འདི། །སྤས་པའི་དོན་རྣམས་རབ་ཕྱེ་ཞིང་། །མཁས་གྲུབ་རྣམས་ཀྱི་རྣམ་འགྲེལ་ལྟར། རྣམ་པར་བཤད་ལ་སྐྱོན་ཡོད་མིན། །དེ་ལས་བྱུང་བའི་བསོད་ནམས་དག །ཅུང་ཟད་མཐུ་ནི་ཅི་ཡོད་པས། །འགྲོ་ཀུན་ལྷན་ཅིག་སྐྱེས་པའི་དོན། །དྲི་མེད་མངོན་པར་གསལ་འགྱུར་ཅིག །ཐེ་ཚོམ་བློ་ནི་སྤངས་གྱུར་ཅིང་། མཐའ་དྲུག་འཆིང་བ་རབ་བཅད་ནས། །རྡོ་རྗེའི་ཐེག་པ་གསལ་སྟོན་པའི། །རྣམ་བཤད་རྙེད་པར་དཀའ་བ་ཡིན། །དེས་ན་བློ་གྲོས་གསལ་ལྡན་ཞིང་། །རང་གཞན་དོན་གཉིས་ཐོབ་འདོད་པས། །རྒྱལ་བའི་དགོངས་པ་དྲི་མེད་ལ། །ནན་ཏན་གྱིས་ནི་འཇུག་པར་མཛོད། །བསོད་ནམས་དཔལ་འབྱོར་རྒྱ་མཚོའི་དབུས་སྐྱེས་པའི། །དལ་འབྱོར་ལྷུན་པོ་ཡོན་ཏན་ཚོགས་ཀྱིས་མཛེས། སྐྱེ་འགྲོའི་ལྷ་ཚོགས་དུ་མ་རབ་བརྟེན་པ། །ཐ་ཧཱུའི་ཐུགས་དགོངས་རྣམ་པར་དཀར་བ་ཡིས། །ལས་འབྲས་སྟོན་པའི་དྲན་པ་ཉེར་བཞག་ནི། །སྟོང་ཕྲག་གཅིག་ལྷག་ཧོར་གྱི་ཡི་གེར་བཏབ། །འདི་ཡི་སྒྲ་བསྒྱུར་ཤེས་རབ་རིན་ཆེན་ཡིན། རྣལ་འབྱོར་བླ་ན་མེད་པ་ཐམས་ཅད་ཀྱི། །ཚུལ་ཁྲིམས་དམ་ཚིག་གསལ་བར་སྟོན་པ་དང་། །ངེས་དོན་ཕྱི་ནང་གཞན་གསུམ་ཡེ་ཤེས་སུ། །གསལ་བར་སྟོན་པའི་ནང་དོན་རྩ་འགྲེལ་དང་། །དགྱེས་པའི་རྡོ་རྗེ་རྣམ་པར་འགྲེལ་བ་རྣམས། །བརྒྱ་ཕྲག་ལྔ་ལྷག་པར་དུ་བསྒྲུབ་བྱས་ནས། །བཤེས་གཉེན་དོན་གཉེར་ཀུན་ལ་ཕུལ་བ་ཡིས། །རྒྱལ་བའི་བསྟན་པ་ཡུན་དུ་གནས་པ་དང་། །བླ་མེད་སངས་རྒྱས་མྱུར་དུ་ཐོབ་ཕྱིར་རོ། །གནས་སྐབས་སུ་ཡང་བསོད་ནམས་མཐུ་ཆེན་ལས། །མི་དབང་ཐའི་ཧཱུ་ཤེ་གཞིན་བརྒྱུད་པར་བཅས། །སྐུ་ཚེ་རིང་ཞིང་ཆབ་སྲིད་བརྟན་གྱུར་ཅིག །འདི་ཡི་གྲོག་བྱེད་དང་ཆུ་ནུ་ཇིང་དང་། །ཡིག་མཁན་པར་གྱི་བཟོ་བོ་མཁས་རྣམས་དང་། ཧོར་ཡིག་བྲི་བར་བྱེད་པའི་ས་ཏི་མིས། །ཞུ་དག་བྱེད་པའི་སེང་གེ་རྒྱལ་མཚན་སོགས། །ཡིག་མཁན་སེང་གེ་འབུམ་གྱིས་དག་པར་བྲིས། །ཐམས་ཅད་མཁྱེན་པའི་གོང་འཕང་ཐོབ་པར་ཤོག །ཁྱི་ལོ་ཟླ་བ་བཞི་པ་ལ་ཏའི་ཏུའི་མཆོད་རྟེན་སྔོན་པོའི་སྡེར་གྲུབ་པར་བྱས་སོ། །འདི་བསྐུལ་བྱེད་མི་ལོ་ཙཱ་བ་སེང་གེ་ཡིན། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །དྲང་ངེས་དོན་གསལ་འགྲེལ་པ་དྲི་མེད་འདི། །བླ་མའི་གསུང་རྟེན་དབེན་གནས་འདུང་ཕུག་དུ། །རང་བཟོའི་མེད་ཅིང་རྡོ་སྙིང་ནཱ་རོ་པ། །ལ་སོགས་འགྲེལ་པ་རྣམས་རྟེན་དག་པར་བཅོས། །དགེ་འདིས་འགྲོ་རྣམས་ཧེ་རུ་ཀ་ཐོབ་ཤོག །ཆོས་རྗེ་རིན་པོ་ཆེའི་ཕྱག་དཔེའོ།། །།
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net