དཔལ་གསང་བ་འདུས་པའི་མངོན་རྟོགས་བཞུགས།
༄༅། །དཔལ་གསང་བ་འདུས་པའི་མངོན་རྟོགས་བཞུགས། །[1]
༄༅། །དཔལ་གསང་བ་འདུས་པའི་བསྒྲུབ་པའི་ཐབས་ཕྱི་ནང་གཞན་གསུམ་གསལ་བ་ཞེས་བྱ་བ། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཨོཾ་ནི་རྒྱལ་བ་ཀུན་གྱི་སྐུ་སྟེ་མཁའ་འདྲ་སྐུ་གཉིས་རྣམ་པར་འཕྲོ། །ཨཱཿལི་ཀ་ལི་བརྗོད་མེད་གསུང་ནི་རྣམ་དག་གསུང་དབྱངས་དྲུག་ཅུ་ལྡན། །ཧཱུྃ་ནི་རྣམ་ཀུན་མཆོག་ལྡན་ཐུགས་ཏེ་ཡེ་ཤེས་ཐུགས་རྗེ་ཚད་མེད་པ། །སྐུ་གསུམ་དང་ལྡན་དཀྱིལ་འཁོར་འཁོར་ལོ་དེ་ལ་གུས་པས་ཕྱག་འཚལ་ནས། །དཔལ་ལྡན་འདུས་པའི་ལམ་གྱིས་ནི། །སྒྲུབ་པའི་ཐབས་འདི་མདོ་བཞིན་་དུ། །འཕགས་པ་ཐུགས་རྗེ་ཆེ་ལྡན་པས། །མཛད་པ་བདེ་བླག་རྟོགས་ཕྱིར་རོ། །འདིར་རྒྱུད་ཀྱི་རྒྱལ་པོ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པའི་བསྒྲུབ་པ་པོས། ཞེ་སྡང་རྡོ་རྗེའི་རྣལ་འབྱོར་ལ་བརྩོན་པར་འདོད་པས། དགོན་པ་དབེན་པའམ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ། སྟན་འཇམ་པ་ལ་སེམས་དཔའི་དཀྱིལ་མོ་དཀྲུང་གིས་འདུག་སྟེ་བསྒོམ་པར་བྱའོ། །གནས་ཀྱི་ངེས་པའོ། །དེ་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ལ་སྙིང་རྗེ་ཆེན་པོ་ཚད་མེད་པ་བསྐྱེད་ལ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུས་ཡུམ་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པས་རྒྱན་ཐམས་ཅད་དང་ལྡན་པ། ཟླ་བའི་གདན་ལ་རྡོ་རྗེ་དཀྱིལ་དཀྲུང་གིས་བཞུགས་པར་མོས་ཏེ། སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ལས། མཁར་ཨོཾ་ཨཱཿ་ཧཱུྃ་བཛྭ་དྷྲིག་ལས་མི་བསྐྱོད་པ་ཞལ་གསུམ་ཕྱག་དྲུག་པའི་རྣམ་པ་བསྐྱེད་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོས་ལ། མཛད་པ་དུ་མས་སེམས་ཅན་ཞེ་སྡང་ཅན་ལ་སོགས་པ་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པར་བྱས་ནས་སངས་རྒྱས་ཀྱི་སྤྲིན་དུ་གྱུར་ཏེ། ཚུར་འདུས་ནས་རྡོ་རྗེ་འཆང་ལ་བསྡུས་པས་རྒྱལ་བ་ཐམས་ཅད་མཉེས་པར་བྱེད་པའི་མཆོད་པའི་སྤྲིན་དང་བཅས་པར་བལྟས་ཏེ་སྙིང་རྗེ་ཆེན་པོ་ལ་དམིགས་པའོ། །དེ་ནས་བསྡུས་པ་དེ་རྡོ་རྗེ་འཆང་ལ་ཐིམ་པས་ཞེ་སྡང་རྡོ་རྗེ་ཉིད་དུ་གྱུར་ཏེ། སྐུ་མདོག་ཨིན་ཏྲ་ནི་ལ་ལྟ་བུ་ཞལ་གསུམ་ཕྱག་དྲུག་པ་གཡས་དཀར་བ་གཡོན་དམར་བ་རྡོ་རྗེ་འཁོར་ལོ་པད་མ་གཡས་དང་། དྲིལ་བུ་རིན་ཆེན་རལ་གྲི་གཡོན་ན་བསྣམས་པ། ཉི་མ་ལ་བཞུགས་པར་གྱུར་ཏེ། སྤྱི་བོར་ཨོཾ། མགྲིན་པར་ཨཿ སྙིང་ཁར་ཧཱུྃ་བཀོད་ལ་བདག་བསྲུང་བར་བྱའོ། །དེ་ནས་གནས་བསྲུང་བར་བྱ་བའི་དོན་དུ། འོད་ཟེར་ལས་འོག་གི་ཕྱོགས་སུ་ཧཱུྃ་སྤྲོས་པ་ལ་རྡོ་རྗེའི་ས་གཞི་སྲ་ཞིང་བརྟན་པ་དེའི་སྟེང་དུ་བྷྲུྃ་ལས་བྱུང་བའི་འཁོར་ལོ་རྩིབས་བཅུ་པ་དེ་ལ་མ་རིག་པའི་པྃ་ལས་པད་མ་རྃ་ལས་ཉི་མའི་གདན་བཅུ་ལས་བྱུང་བའི་ཁྲོ་བཅུ་སྤྲོ་བ་ནི། ཤར་དུ་གཤིན་རྗེ་གཤེད་ནག་པོ་གཡས་དཀར་གཡོན་དམར་བ། གཡས་ན་དབྱུག་པ་རྡོ་རྗེ་འཁོར་ལོ། གཡོན་ན་སྡིག་འཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་དགྲ་སྟ་ཅན་ནོ། །ལྷོར་ཤེས་རབ་མཐར་བྱེད་དཀར་པོ། གཡས་ནག་གཡོན་དམར་བ། ཕྱག་གཡས་རྣམས་རྡོ་རྗེ་དང་དབྱུག་པ་རལ་གྲི། གཡོན་ཐུགས་ཀར་སྡིག་འཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་དགྲ་སྟ་ཅན་ནོ། །ནུབ་ཏུ་རྟ་མགྲིན་དམར་པོ་གཡས་ནག་གཡོན་དཀར་པོ། ཕྱག་གཡས་རྣམས་པད་མ་རལ་གྲི་གཏུན་ཤིང་། གཡོན་ན་དྲིལ་བུ་དགྲ་སྟ་ཞགས་པ་ཅན་ནོ། །བྱང་དུ་བདུད་རྩི་འཁྱིལ་པ་ལྗང་ཁུ་གཡས་དམར་གཡོན་དཀར་བ། གཡས་རྣམས་སྣ་ཚོགས་རྡོ་རྗེ་འཁོར་ལོ་གཏུན་ཤིང་། གཡོན་སྡིག་འཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་དགྲ་སྟ་ཅན་ནོ། །ཤར་ལྷོར་མི་གཡོ་བ་སྔོན་པོ་གཡས་དམར་གཡོན་དཀར་བ། གཡས་རྣམས་རལ་གྲི་རྡོ་རྗེ་འཁོར་ལོ། གཡོན་སྡིག་འཛུབ་དགྲ་སྟ་ཞགས་པ་ཅན་ནོ། །ལྷོ་ནུབ་ཏུ་འདོད་པའི་རྒྱལ་པོ་སྔོན་པོ་གཡས་དམར་གཡོན་དཀར་བ། ཕྱག་དང་པོ་གཉིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ཅན། གཡས་རྡོ་རྗེ་རལ་གྲི། གཡོན་ཞགས་པ་ལྕགས་ཀྱུའོ། །ནུབ་བྱང་དུ་དབྱུག་སྔོན་སྔོན་པོ་གཡས་དམར་གཡོན་དཀར་བ། གཡས་རྣམས་དབྱུག་པ་རལ་གྲི་འཁོར་ལོ། གཡོན་སྡིག་འཛུབ་པད་མ་དགྲ་སྟ་ཅན་ནོ། །བྱང་ཤར་དུ་སྟོབས་པོ་ཆེ་སྔོན་པོ་གཡས་དམར་གཡོན་དཀར་བ། གཡས་རྣམས་དབྱུག་པ་རལ་གྲི་འཁོར་ལོ། །གཡོན་སྡིག་འཛུབ་དང་བཅས་པའི་ཞགས་པ་དང་། །རལ་གྲི་དགྲ་སྟ་ཅན་ནོ། །སྦྲུལ་གྱི་རྒྱན་པའོ། །སྟེང་དུ་འཁོར་ལོ་འགྱུར་བ་སྐུ་མདོག་སྔོན་པོ་གཡས་དམར་གཡོན་དཀར་བ། ཕྱག་དང་པོ་གཉིས་སྤྱི་བོར་གཙུག་གཏོར་གྱི་ཕྱག་རྒྱ་འཛིན་པ། གཡས་རྡོ་རྗེ་པད་མ་དང་། གཡོན་སྡིག་འཛུབ་རལ་གྲི་ཅན་ནོ། །འོག་ཏུ་གནོད་མཛེས་སྔོན་པོ་གཡས་དམར་གཡོན་དཀར་པོ། གཡས་རྣམས་རྡོ་རྗེ་འཁོར་ལོ་རིན་པོ་ཆེ། གཡོན་སྡིག་འཛུབ་དང་བཅས་པའི་ཞགས་པ་དང་པད་མ་རལ་གྲི་འཛིན་པ་སྟེ། ཐམས་ཅད་གཡོན་བརྐྱང་བས་པད་མ་དང་ཉི་མ་ལ་བཞུགས་པ། ཁྲོས་པ་སྤྱན་གསུམ་པ་མཆེ་བ་གཙིགས་པ། ལྗགས་འདྲིལ་བ་ཁྲོ་བོའི་ཆས་དང་ལྡན་པའོ། །ཡང་གཞན་གཙུག་གཏོར་འདོད་རྒྱལ་མི་གཡོ་བ་གནོད་མཛེས་བཞི་རིན་པོ་ཆེའི་རྒྱན་ཅན། གཞན་རྣམས་སྦྲུལ་གྱིས་བརྒྱན་པ། རང་འོད་ཀྱི་རིག་མ་དང་བཅས་པར་བསྒོམ་པར་བཤད་དོ། །དེ་ནས་གནོད་མཛེས་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ཐོ་བ་དང་གཡོན་ཞགས་པ་ལྕགས་ཀྱུ་ཅན་སྤྲོས་ཏེ། རང་ཉིད་ཀྱི་དྲུང་དུ་འཁོད་པ་ལས་བཀའ་བསྒོ་བ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྷྲི་་གྷྲི་་ཧཱུྃ། གྷྲི་་པ་ཡ་གྷྲི་་པ་ཡ་ཧཱུྃ། ཨ་ན་ཡ་ཧོ། བྷ་ག་བན་བྷྱི་རྻ་ར་ཛ་ཧཱུྃ་ཕཊ། ཞེས་བརྗོད་པས་ཕྱོགས་བཅུར་སྤྲོས་ལ་ཕྱོགས་སྐྱོང་བཅུས་བགེགས་ཀྱི་ཚོགས་རྣམས་རང་དབང་མེད་པར་ལྕགས་ཀྱུས་ཕུག་ཞགས་པས་བཅིངས་ནས་ཁྲོ་བོ་རྣམས་ཀྱི་དྲུང་དུ་བཀུག་ནས། བདུད་རྩི་འཁྱིལ་པ་ལས་སྟོད་རང་འདྲ་བ་སྨད་ཕུར་བུ་ལྟ་བུ་བཅུ་འཕྲོས་པས་བགེགས་རྣམས་ཀྱི་སྤྱི་བོར་གནས་པ་ལ། ཨོཾ་གྷ་གྷ་གྷ་ཏ་ཡ་གྷ་ཏ་ཡཱ། སརྦ་དུ ཥྚན་ཕཊ་ཕཊཿ ཀི་ལཱ་ཡ་ཀི་ལཱ་ཡ། སརྦ་པ་པྃ་ཕཊ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྭ་ཀི་ལཱ་ཡ། བཛྭ་དྷ་ར་ཨག་ཛྙྱ་པ་ཡ་ཏི། སརྦ་བྷིན་ནན་ཀ་ཡ་བཱག་ཙི་ཏ། བཛྭ་ཀི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་ཕུར་བུ་ཐོབ་ཅིག་པར་བཀའ་བསྒོ་བས་གནོད་མཛེས་ཀྱིས་ཕུར་བུ་བཏབ་ཅིང་གཡོ་བ་མེད་པར་བྱས་ཏེ། ཉོན་མོངས་པ་ཐམས་ཅད་བསྒྲལ་ནས་བདེ་བ་ཆེན་པོར་བྱའོ། །དེ་མ་ཐག་ཏུ་ཨོཾ་བཛྭ་ཛྷ་ལ་ཨ་ན་ལ་རྐ་ཧཱུྃ། ཞེས་བརྗོད་པས་རྡོ་རྗེའི་མེ་ཕྱོགས་བཅུར་སྤྲོས་ལ་གནོད་བྱེད་རྣམས་བསྲེག་པར་བྱའོ། །ཡང་ཨོཾ་ཏ་ཀི་ནི་ཧཱུྃ་ཛཱ་ཧཱུྃ་ཀ་ར་ཧཱུྃ། ཞེས་སྟེང་འོག་གི་ས་གཞི་དང་ར་བ་བླ་རེ་རྡོ་རྗེར་བྱིན་གྱིས་བརླབ་པོ། །འདི་ནི་ཀུན་རྫོབ་བསྲུང་བ་བཀའི་འཁོར་ལོ་སྤྲོ་བའོ། །དེ་ནས་དོན་དམ་པའི་བསྲུང་བ་བྱས་ཏེ། དངོས་པོ་མེད་པ་བསྒོམ་པ་མེད། །བསྒོམ་པར་བྱ་བ་བསྒོམས་པ་མེད། །དེ་ལྟར་དངོས་པོ་དངོས་མེད་པ། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་བརྗོད་ལ་སྲིད་པ་གསུམ་གྱི་བརྟན་པ་དང་གཡོ་བ་ཐམས་ཅད་སྟོང་པ་ཉིད་དུ་བྱའོ། །འདི་ནི་ཕྱི་རུ་འཇིག་རྟེན་གྱི་ཁམས་མེ་དང་ཆུ་དང་རླུང་གིས་ཞིག་པ་དང་། ནང་དུ་མཁྲིས་པ་དང་བད་ཀན་དང་། རླུང་གི་ཁམས་ཀྱིས་གཞན་དུ་འཆི་བ་ན། ཕྱི་མ་འགྲུབ་པའི་རྒྱུ་ཉེ་བར་སྦྱོར་བ་སྟེ་སྦྱང་བ་དང་། མཐར་ཐུག་ཏུ་སྟོང་པ་ཉིད་ཁོ་ན་བསྲུང་བའི་མཆོག་ཏུ་བསྟན་པ་ཡིན་ནོ། །བསྲུང་བའི་འཁོར་ལོ་སྟོང་པ་ཉིད་དུ་བསྡུ་བ་དང་བཅས་པའོ། །དེ་ནས་ཕྱི་འཇིག་རྟེན་གྱི་ཁམས་སེམས་ཀྱི་སྣང་བའི་ཆ་ལས་བྱུང་བ་ལྟར་རྟེན་བསྐྱེད་པ་ནི། སེམས་ཀྱི་རྡོ་རྗེ་འཆང་ན་ཐའི་འོད་ཟེར་ལས། ནམ་མཁའི་དབྱིངས་སུ་ཧཱུྃ་གིས་རླུང་གི་དཀྱིལ་འཁོར་ཟླ་གམ་ནག་པོ། ཧཱུྃ་རྃ་ཧཱུྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། ཧཱུྃ་བྃ་ཧཱུྃ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ། ཧཱུྃ་ལྃ་ཧཱུྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ཐམས་ཅད་སྟེང་འོག་ཧཱུྃ་ལས་རྡོ་རྗེས་མཚན་པའོ། །འབྱུང་བཞི་གཅིག་ཏུ་ཞུ་ཞིང་འདྲེས་པ་ལས་རྡོ་རྗེ་རྒྱ་གྲམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་ཀྱི་ལྟེ་བ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། བྷྲུཾ་ལས་བྱུང་བའི་གཞལ་ཡས་ཁང་། །ཟུར་བཞི་དང་ནི་སྒོ་བཞི་དང་། །རྟ་བབས་བཞི་ནི་མཛེས་པར་བྱས། །གདུང་བཞི་དང་ནི་ཡང་དག་ལྡན། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །དྲ་བ་དྲ་བ་ཕྱེད་པ་དང་། །རྡོ་རྗེ་ནོར་བུ་ཟླ་ཕྱེད་བརྒྱན། །སྒོ་དང་སྒོ་ཁྱུད་འཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །བུམ་པ་ཀ་བ་རྡོ་རྗེ་ཆེ། །བྲེ་ཡི་ཕྲེང་བ་རིམ་བཞིན་གནས། །བ་དན་དྲིལ་བུས་རྣམ་པར་མཛེས། །རྔ་ཡབ་ལ་སོགས་ཀྱིས་བརྒྱན་པའོ། །དེའི་ནང་དུ་རང་བཞིན་དུ་གྲུབ་པའི་བརྟེན་པ་བསྐྱེད་པ་ནི་པད་མ་དང་རང་གི་ཕྱག་མཚན་དང་ཁྲོ་བོ་རྣམས་ཉི་མ་ལྷ་མོ་དང་སེམས་དཔའ་ཟླ་བ་ལ། རྒྱལ་བ་རྣམས་ཉི་ཟླའི་སྟེང་དུ་སྐད་ཅིག་གིས་ལྟའོ། །དབུས་སུ་རྡོ་རྗེ་འཆང་ཞལ་གསུམ་ཕྱག་དྲུག་པ་རེག་རྡོ་རྗེ་དང་བཅས་ཞེ་སྡང་རྡོ་རྗེ་ལྟ་བུའོ། །གཞན་ཐམས་ཅད་ཀྱང་འོག་ནས་སྟོན་པའི་ཕྱག་མཚན་དང་རྣམ་པ་ལྟ་བུ་སྟེ། དེ་ལ་རིམ་པ་དང་པོའི་ཤར་ལྷོ་ནུབ་བྱང་དུ། རྣམ་པར་སྣང་མཛད། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པའོ། །མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་དུ། སྤྱན་མ་དང་མ་མ་ཀི་དང་གོས་དཀར་མོ་དང་སྒྲོལ་མའོ། །དེའི་འཚམས་ཕྱི་མ་བཞིར་མེ་ནས་གཟུགས་རྡོ་རྗེ། སྒྲ་རྡོ་རྗེ། དྲི་རྡོ་རྗེ། རོ་རྗེའོ། རེག་ནི་སྔར་བསྟན་ཏོ། །རིམ་པ་གཉིས་པར། ཤར་དུ་བྱམས་པ་དང་སའི་སྙིང་པོ། ལྷོར་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོའོ། །ནུབ་ཏུ་འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ། བྱང་དུ་སྒྲིབ་པ་རྣམ་སེལ་དང་ཀུན་ཏུ་བཟང་པོ་རྣམས་སོ། །རིམ་པ་གསུམ་པར་སྒོ་ལ་སོགས་པ་ཤར་ན་གཤིན་རྗེ་གཤེད་ལ་སོགས་པ་བསྲུང་འཁོར་དུ་བསྟན་པ་བཞིན་ནོ། །དེ་ལྟར་དཀྱིལ་འཁོར་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་དུ་གྲུབ་པ། རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་བསྐུལ་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་དེ། སེམས་ཅན་ཐམས་ཅད་ཀྱིས་དཀྱིལ་འཁོར་མཐོང་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་དཀྱིལ་འཁོར་དུ་ཞུགས་ནས་ལྷར་གྱུར་པར་བསམ་མོ། །དེ་དག་ནི་སའི་ཆ་དང་གཞལ་ཡས་དང་དཀྱིལ་འཁོར་བཀོད་པ་ལྷག་པར་མོས་པའོ། །འདི་ནི་ཕྱི་རོལ་དུ་བསྐལ་པ་དང་པོའི་རྫུས་ཏེ་སྐྱེས་པ་དང་། ནང་དུ་བར་མ་དོའི་དྲི་ཟའི་ལུས་སྦྱོང་བ་སྟེ། འབྲས་བུ་ཆོས་ཀྱི་སྐུ་ལ་ལོངས་སྤྱོད་རྫོགས་པར་སྣང་བའི་དོན་ཏོ། དེ་ནས་རང་ཉིད་ལ་ལུས་ཀྱི་དཀྱིལ་འཁོར་དུ་གཞུག་སྟེ། རྣམ་པར་སྣང་མཛད་ཀྱི་རིགས་ཐམས་ཅད་སྤྱི་བོར་རོ། །དེ་བཞིན་དུ་མགྲིན་པར་འོད་དཔག་མེད། སྙིང་ཀར་མི་བསྐྱོད་པ་ལྟེ་བར་རིན་ཆེན་འབྱུང་ལྡན། རྐང་བ་གཉིས་འདུས་སར་དོན་ཡོད་གྲུབ་པ། སྤྱན་མ་ལ་སོགས་པ་ནི་ཁམས་བཞི་ལ། མིག་ཏུ་སའི་སྙིང་པོ་རྣ་བར་ཕྱག་ན་རྡོ་རྗེ། སྣ་ལ་ནམ་མཁའི་སྙིང་པོ། ལྕེ་ལ་འཇིག་རྟེན་དབང་ཕྱུག ཡིད་ལ་འཇམ་དཔལ། གསང་བར་སྒྲིབ་པ་རྣམ་སེལ། རྩ་ལ་བྱམས་པ། ཚིགས་ལ་ཀུན་ཏུ་བཟང་པོ། ལག་པ་གཡས་གཤིན་རྗེ་གཤེད། གཡོན་གཞན་གྱིས་མི་ཐུབ་པ། ཁ་ལ་རྟ་མགྲིན། རྡོ་རྗེ་ལ་བདུད་རྩི་འཁྱིལ་པ། དཔུང་པ་གཡས་མི་གཡོ་བ། གཡོན་འདོད་པའི་རྒྱལ་པོ། པུས་མོ་གཡས་དབྱུག་སྔོན། གཡོན་སྟོབས་པོ་ཆེ། སྤྱི་བོར་གཙུག་གཏོར་འཁོར་ལོ་བསྒྱུར་བ། རྐང་མཐིལ་དུ་གནོད་མཛེས་རྣམས་བསྡུས་ཏེ་ཐམས་ཅད་རང་ཉིད་དུ་བྱས་ནས། རང་ཉིད་ཀྱང་དོན་དམ་པར་བསྡུས་ཏེ་དེ་ཡང་བདེ་བ་ཆེན་པོའི་འོད་གསལ་བར་བྱས་སོ། །འདི་ནི་བར་དོ་དེ་ཡང་བདེ་བ་ཆེན་པོའི་སྐད་ཅིག་ཏུ་ཞུགས་པས་མངལ་དུ་སྦྱོར་བའི་དོན་ཏོ། །ཡེ་ཤེས་ཀྱི་རིམ་པ་ནི། གཟུགས་ཕུང་གཏོགས་པ་མེ་ལོང་དང་། ས་ཁམས་མིག་གི་དབང་པོ་དང་། །གཟུགས་ཀྱང་ལྔ་པར་འགྱུར་བ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །ཚོར་བའི་ཕུང་པོ་མཉམ་ཉིད་དང་། །ཆུ་ཁམས་སྣ་ཡི་དབང་པོ་དང། །སྒྲ་ཡང་ལྔ་པར་གྱུར་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། འདུ་ཤེས་སོ་སོར་རྟོག་པ་དང་། །བྱིན་ཟ་སྣ་ཡི་དབང་པོ་དང་། དྲི་ཡང་ལྔ་པར་འགྱུར་བ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །འདུ་བྱེད་བྱ་བ་གྲུབ་པ་དང་། །རླུང་ཁམས་ལྕེ་ཡི་དབང་པོ་དང་། །རོ་ཡང་ལྔ་པར་འགྱུར་བ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །སྟེང་འོག་ཁྲོ་བོ་གཉིས་དང་བཅས། །རང་བཞིན་གྱིས་ནི་སྣང་བ་ཉིད། །རྣམ་ཤེས་ཕུང་པོར་ཞུགས་པ་སྟེ། །རྣམ་ཤེས་ཀྱང་ནི་འོད་གསལ་བའོ། །མྱ་ངན་འདས་བཅས་ཀུན་སྟོང་བ། །ཆོས་ཀྱི་སྐུར་ཡང་བཤད་པ་ཡིན། ཞེས་བྱ་བའི་དོན་དྲན་པར་བྱས་ལ། ཨོཾ་ཤུ་ནྱ་ཏ་ཛྙྱ་ན་བཛྭ་ས་བྷ་བ་ཨད་མ་ཀོ་ཧཾ། ཞེས་བརྟན་པར་བྱས་ཏེ་སྣང་བ་མེད་ཅིང་མཚན་མ་མེད་པའི་དོན་དམ་པ་ཉིད་དུ་བཞག་གོ །དོན་དམ་ལ་འཇུག་པའོ། །དེ་ནས་མངལ་ནས་སྐྱེ་བའི་སྤྲུལ་པ་ཆེན་པོ་བསྒྲུབ་པར་བྱ་བའི་ཕྱིར་ལྡང་བར་བྱ་བ་ནི། འོད་གསལ་བ་ལས་ཧཱུྃ་དེ་ལས་འཕྲོ་བའི་སྦྱོར་བས་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་དམར་བའི་རང་བཞིན། དེའི་སྟེང་དུ་ཟླ་བ་གང་བ་མེ་ལོང་ལྟ་བུ་དག་དཀར་ཆའི་ངོ་བོ་དེའི་སྟེང་དུ་པད་མ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་ཨོཾ་ཨཱཿཧཱུྃ་དང་བཅས་པ་སོ་སོར་རྟོག་པ་བར་དོ་རྣམ་ཤེས་སྲོག་རླུང་དང་བཅས་པ། དེ་རྣམས་ཟླ་བ་ལ་ཞུགས་པས་བརྟན་པ་ཁམས་དང་གཡོ་བ་རྣམ་པར་ཤེས་པ་ཅིག་ཏུ་འདྲེས་ཤིང་བྱ་བ་ནན་ཏན་ཡེ་ཤེས་བཞི་ཅིག་ཏུ་བསྟན་པར་བྱ་བའི་ཕྱིར། ཨོཾ་དྷརྨ་དྷར་ཏུ་ས་བྷ་བཱ་ཨད་མ་ཀོ་ཧྃ། ཞེས་བརྗོད་པ་ནི་སྦྱོར་བའོ། །དེ་ནས་ཡི་གེ་གསུམ་དང་བཅས་པའི་ཟླ་བ་ལས་གྱུར་པའི་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས། དང་པོའི་མགོན་པོ་ཞལ་ཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་པ་ཀུ་མུ་ཏ་ལྟར་དཀར་བར་གྱུར་པར་བལྟ་སྟེ། ལུས་རྫོགས་པའི་རྒྱུ་རྗེས་སུ་སྦྱོར་བའོ། །དེ་ལ་སྐད་ཅིག་གིས་རང་བཞིན་གྱིས་མི་སྐྱོད་པར་ཞུགས་པས། ཞལ་གསུམ་ཕྱག་དྲུག་པ་ཨིན་ཏྲ་ནི་ལ་ལྟར་སྔོ་བའི་རྡོ་རྗེ་སེམས་དཔའ་གཡས་རྡོ་རྗེ་འཁོར་ལོ་པད་མ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་ཅན་དུ་གྱུར་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་མངོན་པར་གྲུབ་པའི་ལྷར་དགོད་པ་ནི་། ཕྱི་བོར་ཨོཾ་དཀར་པོ་གཟུགས་ཀྱི་ཕུང་པོའི་རང་བཞིན་རྣམ་པར་སྣང་མཛད། མགྲིན་པར་ཨ་དམར་པོ། འདུ་ཤེས་ཀྱི་ཕུང་པོ་འོད་དཔག་མེད། སྙིང་ཁར་ཧཱུྃ་སྔོན་པོ་རྣམ་པར་ཤེས་པའི་རང་བཞིན་མི་བསྐྱོད་པ། ལྟེ་བར་ས་སེར་པོ་ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན། རྐང་པ་གཉིས་འདུས་པར་ཧ་ལྗང་ཀུ་འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ། ལུས་ཀྱི་སའི་ཁམས་ལ་ལྃ་ལས་སྤྱན་མ། གཤེར་བའི་ཁམས་ལས་མྃ་ལ་མ་མ་ཀི། དྲོ་བའི་ཁམས་ལ་པྃ་ལས་གོས་དཀར་མོ། རླུང་གི་ཁམས་ལ་ཧྃ་ལས་སྒྲོལ་མའོ། །མིག་ཏུ་ཐལྷིཾ་དཀར་པོ་ལས་སའི་སྙིང་པོ་རྣ་བར་ཨོཾ་སྔོན་པོ་ལས་ཕྱག་ན་རྡོ་རྗེ། སྣ་ལ་ཨོཾ་སེར་པོ་ལས་ནམ་མཁའི་སྙིང་པོ། ལྕེ་ལ་ཨཱཿདམར་པོ་ལ་འཇིག་རྟེན་དབང་ཕྱུག སྙིང་ཁར་ཡིད་ལ་ཧཱུྃ་སྔོན་པོ་ལས་འཇམ་དཔལ། ལུས་ལ་ཨོཾ་ལྗང་ཁུ་ལས་སྒྲིབ་པ་རྣམ་སེལ། རྩ་རྒྱུད་ལ་མཱཻ་དཀར་པོ་ལས་བྱམས་པ། ཚིགས་རྣམས་ ལ་སྃ་སྔོན་པོ་ལས་ཀུན་ཏུ་བཟང་པོའོ། །ཁྲོ་བོ་རྣམས་ནི་ཧཱུྃ་ལས་བྱུང་པ་སྟེ་རྟ་མགྲིན་དང་བདུད་རྩི་འཁྱིལ་པ། དམར་བ་དང་ལྗང་ཁུ་གཞན་ཐམས་ཅད་སྔོ་ནག་གོ །ལག་པ་གཡས་གཤིན་རྗེ་གཤེད། གཡོན་གཞན་གྱིས་མི་ཐུབ་པ། ཁ་ལ་རྟ་མགྲིན། གསང་བར་བདུད་རྩི་འཁྱིལ་པ། དཔུང་པ་གཡས་མི་གཡོ་བ་གཡོན་འདོད་པའི་རྒྱལ་པོ། པུས་མོ་གཡས་དབྱུག་སྔོན། གཡོན་སྟོབས་པོ་ཆེ། སྤྱི་བོར་གཙུག་གཏོར་འཁོར་ལོ་བསྒྱུར་བ། རྐང་མཐིང་གཉིས་ལ་གནོད་མཛེས་རྣམས་འགོད་དེ། དེ་ལྟར་སྐུའི་དཀྱིལ་འཁོར་རྫོགས་པ་ནི་ཆོས་དབྱིངས་དག་པ་སྟེ། ཤིན་དུ་སྦྱོར་བ་ཞེས་བྱའོ། །ནང་དུ་ཟླ་བ་བཅུས་ལུས་རྫོགས་པ་དང་། ཕྱིར་ལས་ཀྱི་དངོས་གྲུབ་མངོན་པར་ཤེས་པ་ལ་སོགས་འགྲུབ་པའི་ཕྱིར་བསྒོམ་པར་བྱའོ། །དེ་ནས་སྦྱོར་བ་ཆེན་པོས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། རང་གི་སྤྱི་བོ་ཟླ་བ་ལ་ཨོཾ་དཀར་པོ་འོད་ལྔ་འཕྲོ་བ་བསམས་ཏེ་དེ་ལས་ལྷ་མོ་སྤྱན་མ་དུ་མ་སྤྲོས་ལས། སྐུ་རྡོ་རྗེའི་དཀྱིལ་འཁོར་ནམ་མཁའ་གང་བ་སངས་རྒྱས་ཐམས་ཅད་ཀྱི་སྐུ་སྤྱན་དྲངས་ནས། དེའི་དབུས་ཀྱི་གཙོ་བོ་མཚན་དང་དཔེ་བྱད་ཐམས་ཅད་དང་ལྡན་པ་བསྒོམས་ལ། གསོལ་བ་གདབ་པ། དཔལ་ལྡན་རྡོ་རྗེ་སྐུ་འཆང་པ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུར་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་སྐུར་ནི་མཛད་དུ་གསོལ། །ཞེས་བརྗོད་ནས་སྤྱན་དང་རྣམ་པར་སྣང་མཛད་དབྱེར་མེད་པར་བཅུག་སྟེ། སྐུ་བྱིན་གྱིས་བརླབས་ནས། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་གང་བ། །སངས་རྒྱས་སྐུ་ཡི་ངོ་བོ་ཡིས། །བདག་ཀྱང་དེ་དང་འདྲ་བར་ཤོག །ཨོཾ་སརྦ་ཏ་ཐ་ག་ཏ་ཀ་ཡ་བཛྭ་སྭ་བྷ་ཨད་མ་ཀོ་ཧཾ་གིས་བརྟན་པར་བྱའོ། །ཡང་རང་གི་མགྲིན་པར་པད་མ་ལ་ཨཿདམར་པོ་གནས་པ་ལ་གོས་དཀར་མོ་དུ་མ་སྤྲོས་ནས། སངས་རྒྱས་ཐམས་ཅད་གསུང་རྡོ་རྗེའི་དཀྱིལ་འཁོར་དུ་བཀུག་ནས། ཆོས་ཀྱི་གསུང་མངའ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེ་དག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཞེས་བརྗོད་པས་དབྱེར་མེད་དུ་གྱུར་པར་བསྒོམས་ཏེ་ངག་ལ་བྱིན་གྱིས་བརླབས་པར་བསྒོམས་ལ། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་ཞིང་། །ཆོས་འཛིན་པ་དང་འདྲ་བར་ཤོག ཨོཾ་སརྦ་ཏ་ཐ་ག་ཏ་བཛྭ་སྭ་བྷ་བཱ་ཨད་མ་ཀོ་ཧྃ་ཞེས་བརྟན་པར་བྱའོ། །ཡང་སྙིང་ཁར་ཉི་མ་ལ་ཧཱུྃ་སྔོན་པོ་བསྒོམ་ནས། སྔར་ལྟར་མ་མ་ཀི་སྤྲོས་ལ། ཐུགས་རྗེའི་དཀྱིལ་འཁོར་སྤྱན་དྲངས་ནས། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། ཞེས་བརྗོད་ནས་གཉིས་སུ་མེད་པར་སྙིང་ཁར་བཅུག་ནས་ཐུགས་བྱིན་གྱིས་བརླབས་ཏེ། ཀུན་ཏུ་བཟང་པོའི་ཐུགས་གང་ཡིན། །གསང་བའི་བདག་པོ་བློ་ལྡན་པ། །བདག་ཀྱང་དེ་དང་འདྲར་གྱུར་ཅིང་། །རྡོ་རྗེ་འཛིན་དང་མཚུངས་པར་ཤོག །ཨོཾ་སརྦ་ཏ་ཐ་ག་ཏ་ཙི་ཏ་བཛྭ་སྭ་བྷ་བཱ་ཨད་མ་ཀོ་ཧཾ་ཞེས་བརྟན་པར་བྱའོ། །དེ་ནས་རིགས་གསུམ་བདག་ཉིད་ཡིན་པའི་ང་རྒྱལ་བསྐྱེད་ལ། ཨོཾ་ན་མཿསརྦ་ཏ་ཐཱ་གྷ་ཏ་ཀ་ཡ་བཱ་ག་ཙི་ཏ་བཛྭ་སྭ་བྷ་བཱ་ཨད་མ་ཀོ་ཧྃ། ཞེས་བརྗོད་དོ། །དེ་ལྟར་དམ་ཚིག་སེམས་དཔའ་གྲུབ་མ་ཐག་ཏུ་སངས་རྒྱས་ཐམས་ཅད་དང་གཅིག་ཏུ་གྱུར་པའི་རྟགས་སུ་སྙིང་ཀར་རང་ལྟ་བུའི་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ་ཟླ་བའི་གདན་ལ་བསྐྱེད་དོ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་སྔོན་པོ་ཕྲ་བ་བསྒོམས་ཏེ། རང་གི་རིག་པ་ཡེ་ཤེས་ཀྱི་ཐིག་ལེར་གྱུར་བར་བསམ་མོ། །འདི་རྣམས་ནི་ལུས་ཅན་རྣམས་སྐྱེས་ནས་སོ་སྐྱེས་ཀྱི་བར་དུ་སྐུ་དང་། དེ་ནས་སོ་ལྷུང་གི་བར་ངག་བྱིན་གྱིས་བརླབ་པ་དེ་ནས་ལོ་བཅུ་དྲུག་གི་བར་བསམ་པ་རྫོགས་པར་བྱེད་པ་ཡིད་བྱིན་གྱིས་བརླབ་པ་དང་། དེ་ཉིད་དབང་བསྐུར་བ་བྱིས་པའི་དབང་བདུན་དུའང་གསུངས་སོ། །སེམས་དཔའ་གསུམ་དགོད་པའོ། །དེ་ལྟར་བསྙེན་པ་རྫོགས་ནས་ཕྱག་རྒྱའི་བསྒྲུབ་པ་སྨེ་ཤྭ་ཅན་ནམ། གཞན་མ་མ་ཀི་ཡིད་ལས་བྱུང་བ་གཟུགས་མཛེས་པ་སྔོ་སངས་སྒེག་པ་རྒྱན་ཐམས་ཅད་དང་ལྡན་པ་སྤྲོས་པ་བྱིན་གྱི་བརླབས་ཏེ་སྤྱི་བོར་ཨོཾ་མགྲིན་པར་ཨཱཿསྙིང་ཁར་ཧཱུྃ། ལྟེ་བར་སྭ། རྐང་བར་ཧ། ས་ཆུ་མེ་རླུང་གི་ཁམས་ལ་ནི་སྤྱན་མ་དང་མ་མ་ཀི་གོས་དཀར་མོ་སྒྲོལ་མའོ། །མིག་ཏུ་གཟུགས་རྡོ་རྗེ་མ། རྣ་བར་སྒྲ་རྡོ་རྗེ་མ། སྣ་ལ་དྲི་རྡོ་རྗེ་མ་ལྕེ་ལ་རོ་རྡོ་རྗེ་མ། ལུས་ལ་རེག་རྡོ་རྗེ་མ། ཡང་སྙིང་ཁར་ཡིད་ལ་ཐུགས་རྡོ་རྗེ་མ་ཚིགས་རྣམས་ལ་སྐུ་རྡོ་རྗེ་མའོ། །དེ་བཞིན་དུ་ཁྲོ་མོ་བཅུ་ནི་ལག་པ་གཡས་སུ་རྡོ་རྗེ་རོ་ལངས་མ། གཡོན་དུ་གཞན་གྱིས་མི་ཐུབ་མ། ཁ་ལ་ཁྲོ་གཉེར་མ། གསང་བར་རལ་ཅིག་མ། དཔུང་པ་གཡས་སུ་རྡོ་རྗེ་མ། གཡོན་དུ་སྣ་ཚོགས་རིན་ཆེན་མ། པུས་མོ་གཡས་སྣ་ཚོགས་པད་མ། གཡོན་སྣ་ཚོགས་ལས་མ། སྤྱི་བོར་མཁའ་རྡོ་རྗེ་མ། རྐང་པ་ས་འཛིན་ལྷ་མོ་རྣམས་ལྷའི་རྣམ་པའམ། ས་བོན་ནི་ཐབས་རྣམས་དང་མཐུན་ནོ། །འདི་རྣམས་ནི་ཐབས་དང་ཤེས་རབ་རོ་མཉམ་པར་བྱའོ། དེ་ནས་ཐབས་ཀྱི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཨོཾ་གྱིས་མཚན་པ་དང་། ཤེས་རབ་ཀྱི་མཁའ་ལས་བྱུང་བའི་པད་མ་འདབ་མ་བརྒྱད་པར་བྱིན་གྱིས་བརླབ་པོ། །དེ་ནས་འོད་ཟེར་ལྔའི་འཕྲོ་འདུས་རང་ཉིད་རིན་ཆེན་ཏོག་གི་ང་རྒྱལ་དུ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ཀ་ཏ་བཛྭ་ས་བྷ་བཱ་ཨད་མ་ཀོ་ཧཾ་ཞེས་བརྗོད་དོ། །ཡང་རྡོ་རྗེ་འཛིན་པའི་ང་རྒྱལ་ལེགས་འཆང་ཞིང་། །ཧཱུྃ་གིས་ཀྱང་ནི་རབ་བསྐྱོད་ནས། །རང་གི་བྱང་ཆུབ་སེམས་ནི་འབྱུང་བའི་ཚེ། །དེར་ནི་ཕཊ་ཀྱི་གསང་སྔགས་བརྗོད་པར་བྱ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཆ་ཅིག་གིས་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཐམས་ཅད་བདེ་བ་ཆེན་པོ་དང་མཆོད་པའི་སྤྲིན་གྱིས་མཆོད་ཅིང་། །རྔ་སྒྲའི་ང་རྒྱལ་གྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཙ་བཛྭ་ས་བྷ་བཱ་ཨད་མ་ཀོ་ཧྃ་ཞེས་བྱིན་གྱིས་བརླབ་པོ། །རྗེས་སུ་ཆགས་པ་དང་མཉེས་པར་བྱ་བ་དེས་ནི་སེམས་ཀྱི་རྡོ་རྗེ་འཆང་ལུས་རྫོགས་པ་ཁམས་དྲུག་དང་ལྡན་པར་གྲུབ་ཅིང་སྦྱོང་བར་འགྱུར་རོ། །དེ་ཡན་ཆད་ནི་བདག་གི་དོན་ཕུན་སུམ་ཚོགས་པའི་ཏིང་ངེ་འཛིན་ཏོ།། །།དེ་ནས་གཞན་གྱི་དོན་བསྒྲུབ་པའི་ཕྱིར། ཡུམ་གྱི་མཁའ་ནས་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཨོཾ་ཨཱཿཧཱུྃ་དང་། སོ་སོའི་སྔགས་ལ་ལྷ་ཐམས་ཅད་སྤྲོ་བ་ནི། ཨོཾ་ཨཱཿཧཱུྃ་བཛྭ་དྷྲིག་ཧཱུྃ་ལས་མི་བསྐྱོད་པ་མཐིང་ཀ་ཞལ་གསུམ་ཕྱག་དྲུག་པ་གཡས་དཀར་གཡོན་དམར་བ་སྤྱན་གསུམ་གསུམ་དང་ལྡན་པ་རལ་པའི་ཐོར་ཚུགས་ཅན། སོ་སོའི་གཡས་ཀྱི་ཕྱག་གསུམ་རྡོ་རྗེ་རྩེ་ལྔ་པ་དང་། འཁོར་ལོ་པད་མ་དམར་པོ་གཡོན་གསུམ་གྱིས་དྲིལ་བུ་དང་རིན་པོ་ཆེ་དང་རལ་གྲི་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཡུམ་དང་བཅས་པ་སྤྲོས་པས་ཕྱོགས་བཅུ་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པས་སངས་རྒྱས་ཀྱི་མཛད་པ་ཀུན་མཛད་ནས་སེམས་ཅན་ཐམས་ཅད་ཞེ་སྡང་རྣམ་པར་དག་པ་རྡོ་རྗེ་ཅན་གྱི་གནས་ལ་བཀོད་ནས། ཚུར་འདུས་པས་རང་ཉིད་ལ་ཆུ་ལ་ཆུ་ཐིམ་པ་ལྟར་གྱུར་པས། རང་ཉིད་ཀྱང་ཞེ་སྡང་རྡོ་རྗེ་སྔ་མ་ལས་ཆེས་འོད་འབར་བ་རྩ་བའི་ཞལ་དྲག་པོ་གཡས་ཞི་བ་གཡོན་སྒེག་ཅིང་ཆགས་པ་འོད་ཟེར་དམར་པོ་འབར་བ་ཉི་མའི་གདན་ལ་དཀྱིལ་དཀྲུང་གི་བཞུགས་པ། ཡུམ་རེག་བྱ་རྡོ་རྗེ་མ་རང་ལྟ་བུས་འཁྱུད་པར་གྱུར་པར་བལྟའོ། །དེ་ཡང་འཁོར་སྤྲོ་བ་ནི་ཨོཾ་ཨ་ཛཱི་ནཱ་ཛིག་ཧཱུྃ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པའི་ཞི་བའི་ཚུལ་ཅན། ཞལ་གཡས་སྔོ་གཡོན་དམར་བ། ཕྱག་གཡས་གསུམ་ན་འཁོར་ལོ་རྡོ་རྗེ་པད་མ། གཡོན་གསུམ་ན་དྲིལ་བུ་རིན་ཆེན་རལ་གྲི་ཅན་སྤྲོས་ལ་སེམས་ཅན་ཐམས་ཅད་གཏི་མུག་རྣམ་པར་དག་པའི་གནས་ལ་བཀོད་ནས་ཚུར་བྱོན་ཏེ་ཤར་ཕྱོགས་སུ་ཟླ་བ་ལ་བཞུགས་སོ། །ཨོཾ་ཨཱཿརད་ན་དྷྲིག་ཧཱུྃ་ལས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཞལ་གསུམ་ཕྱག་དྲུག་པ་གཡས་ནག་གཡོན་དཀར་བ། གཡས་རྣམས་རིན་པོ་ཆེ་དང་རྡོ་རྗེ་འཁོར་ལོ། གཡོན་ན་དྲིལ་བུ་པད་མ་སེར་པོ་རལ་གྲི་ཅན་སྤྲོས་ནས་སེམས་ཅན་ཐམས་ཅད་ང་རྒྱལ་རྣམ་པར་དག་པའི་གནས་ལ་བཀོད་ནས། ལྷོར་རིན་པོ་ཆེ་ལ་བཞུགས་སོ། །ཨོཾ་ཨཱཿཨ་རོ་ལིག་ཧཱུྃ་ལས་འོད་དཔག་ཏུ་མེད་པ་དམར་པོ་ཞལ་གཡས་ནག་གཡོན་དཀར་བ། ཕྱག་དྲུག་གི་དང་པོ་གཡོན་གྱིས་དྲིལ་བུ་དང་པད་མའི་སྡོང་པོ་འཛིན་པ། གཡས་ཀྱི་ཐུགས་ཀར་འབྱེད་པ་མཛད་པ་འོག་མ་གཡས་གཉིས་རྡོ་རྗེ་དང་འཁོར་ལོ་གཡོན་གཉིས་རིན་པོ་ཆེ་དང་རལ་གྲི་ཅན། སྒེག་པའི་ཉམས་དང་ལྡན་པ་སྤྲོས་ལ་སེམས་ཅན་ཐམས་ཅད་འདོད་ཆགས་རྣམ་པར་དག་པའི་གནས་ལ་བཀོད་ནས། ནུབ་ཏུ་པད་མ་ལ་བཞུགས་སོ། །ཨོཾ་ཨཱ་པྲད་ཛྙྱ་དྷྲིག་ཧཱུྃ་ལས་དོན་ཡོད་རྡོ་རྗེ་ལྗང་ཁུ་ཞལ་གསུམ་ཕྱག་དྲུག་པ། གཡས་ནག་གཡོན་དཀར་བ། ཕྱག་གཡས་རྣམས་རལ་གྲི་སྣ་ཚོགས་རྡོ་རྗེ་འཁོར་ལོ། གཡོན་རྣམས་དྲིལ་བུ་པད་མ་ལྗང་ཁུ་ནོར་བུ་ཅན་སྤྲོས་ལ་ཕྲག་དོག་ཅན་གྱི་སེམས་ཅན་ཐམས་ཅད་ལོག་པའི་ང་རྒྱལ་རྣམ་པར་དག་པའི་གནས་ལ་བཀོད་ནས། བྱང་དུ་རྒྱ་གྲམ་གྱི་སྟེང་དུ་བཞུགས་སོ། །རྒྱལ་བ་འདི་རྣམས་རྡོ་རྗེའི་དཀྱིལ་དཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་སྟོད་གཡོགས་སྨད་གཡོགས་དང་། རལ་པའི་ཐོར་ཚུགས་ཅན་རིགས་ཀྱི་བདག་པོ་མི་སྐྱོད་པའི་དབུ་རྒྱན་པ་ཡིན་ནོ། །ཨོཾ་ཨ་མོ་ཧ་ར་ཏི་ཧཱུྃ་ལས་སྤྱན་མ་དཀར་མོ་ཞལ་གསུམ་ཕྱག་དྲུག་པ་རྣམ་སྣང་ལྟ་བུ་ལ་གཡས་ཐ་མ་ཨུད་པ་ལ་དཀར་པོ་འཛིན་པ་སྤྲོས་ལ། གདོན་དང་ནད་ཐམས་ཅད་ཞི་བར་མཛད་ནས་མེར་ཟླ་བ་ལ་བཞུགས་སོ། །ཨོཾ་ཨཿདྷ་ཤེ་ར་ཏི་ཧཱུྃ་ལས་མ་མ་ཀི་སྔོན་མོ་མི་བསྐྱོད་པ་ལྟ་བུ་ཞལ་གསུམ་ཕྱག་དྲུག་པ། གཡས་ཐ་མས་ཨུད་པ་ལ་སྔོན་པོ་འཛིན་པ་སྤྲོས་ལ་སེམས་ཅན་ཐམས་ཅད་ཀྱི་བགེགས་བསྲུང་བར་མཛད་ནས་བདེན་བྲལ་དུ་བཞུགས་སོ། ཨོཾ་ཨཱཿར་ག་ར་ཏི་ཧཱུྃ་ལས་གོས་དཀར་མོ་དམར་མོ་འོད་དཔག་མེད་ལྟ་བུ་པད་མའི་དོད་དུ་ཨུད་པ་ལ་དམར་པོ་ཅན་སྤྲོས་ལ་སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཞི་བར་བྱས་ནས་རླུང་མཚམས་སུ་བཞུགས་སོ། །ཨོཾ་ཨཱཿབཛྭ་ར་ཏི་ཧཱུྃ་ལས་སྒྲོལ་མ་ལྗང་ཁུ་ཞལ་དོན་ཡོད་གྲུབ་པ་ལྟ་བུ་ལས་ཕྱག་དྲུག་གི་གཡས་གསུམ་སྣ་ཚོགས་རྡོ་རྗེ་འཁོར་ལོ་ཨུད་པ་ལ་ལྗང་ཁུ། གཡོན་གསུམ་ན་དྲིལ་བུ་རིན་ཆེན་རལ་གྲི་ཅན་སྤྲོས་ལ་སེམས་ཅན་ཐམས་ཅད་དབང་དུ་མཛད་དེ་དབང་ལྡན་དུ་བཞུགས་སོ། །རིམ་པ་གཉིས་པ་མཚམས་བཞིར། ཨོཾ་ཨཱཿརུ་པ་བཛྭ་ཧཱུྃ་ལ་གཟུགས་རྡོ་རྗེ་སྤྱན་མ་ལྟ་བུ་ལ་ཕྱག་དང་པོ་གཉིས་མེ་ལོང་འཛིན་པ་མེ་རུའོ། ཨོཾ་ཨཱཿཤ་པ་ཏ་བཛྭ་ཧཱུྃ་ལས་སྒྲ་རྡོ་རྗེ་སེར་མོ་མ་མ་ཀི་ལྟ་བུ་ལ་ཞལ་གཡས་ནག་གཡོན་དཀར་བ་ཕྱག་དང་པོ་གཉིས་པི་ཝང་རྡེབས་པ་ལྷོ་ནུབ་ཏུའོ། །ཨོཾ་ཨཱཿགྷན་དྷེ་བཛྭ་ཧཱུྃ་ལས་དྲི་རྡོ་རྗེ་མ་གོས་དཀར་མོ་ལྟ་བུ་ཕྱག་དང་པོ་གཉིས་ཀྱིས་དྲིའི་དུང་བསྣམས་པ་ནུབ་བྱང་དུའོ། །ཨོཾ་ཨཿར་ཀྵྼེ་བཛྭ་ཧཱུྃ་ལས་རོ་རྡོ་རྗེ་མ་སྒྲོལ་མ་ལྗང་གུ་་ཕྱག་དང་པོ་གཉིས་ན་ལྷའི་ཞལ་ཟས་འཛིན་པ་བྱང་ཤར་དུའོ། །ཨོཾ་ཨཱཿཔར་ཤེ་བཛྭ་ཧཱུྃ་ལས་རེག་རྡོ་རྗེ་མ་བདག་པོ་ལྟ་བུ་ཡུམ་ཉིད་ལ་བསྡུས་ཏེ་བདེ་བ་ཆེན་པོའི་རང་བཞིན་འདི་རྣམས་སྤྲོས་པས་ནི། སེམས་ཅན་ཐམས་ཅད་ལ་འདོད་པའི་ཡོན་ཏན་སྟེར་ཞིང་ སྦྱོང་ལ་ཚུར་རྒྱལ་བའི་དཀྱིལ་འཁོར་མཉེས་པར་བྱེད་པའོ། །རིམ་པ་གསུམ་པ་ལ་ཤར་དུ་ཨོཾ་ཨཱཿམཱཻ་མེ་ཏྲི་ན་ཐ་ཤྲི་ཧཱུྃ་ལས་བྱམས་པ་རྩ་རྒྱུས་སྦྱོང་ཞིང་བྱམས་པས་ཁྱབ་པར་བྱེད་པའོ། །མེ་རུ་ཨོཾ་ཨཿཐལྷིཾ་ཀྵི་དེ་གརྦ་ཧཱུྃ་ལས་སའི་སྙིང་པོ་མིག་སྦྱོང་ཞིང་ལྷའི་མིག་རྩོལ་བ་སྟེ། གཉིས་ཀ་རྣམ་སྣང་ལྟ་བུ་ལ་བྱམས་པའི་གཡས་དང་པོ་ཀླུ་ཤིང་མེ་ཏོག་བསྣམས་པའོ། །ལྷོ་ཨོཾ་ཨཱཿཨོཾ་བཛྭ་པ་ནི་ཧཱུྃ་ལས་ཕྱག་ན་རྡོ་རྗེ་རྣ་བ་སྦྱོང་ཞིང་སྒྲ་ཐམས་ཅད་མཁྱེན་པར་བྱེད་པའོ། །ལྷོ་ནུབ་དུ་ཨོཾ་ཨཿཨོཾ་ཁ་གྷར་པ་ཧཱུྃ་ལས་ནམ་མཁའི་སྙིང་པོ་སྣ་སྦྱོང་ཞིང་དྲིའི་མངོན་ཤེས་རྩོལ་བ་སྟེ་གཉིས་ཁ་རིན་ཆེན་འབྱུང་ལྡན་ལྟ་བུའོ། །ནུབ་ཏུ་ཨོཾ་ཨཱཿཨོཾ་ལོ་ཀི་ཤྭ་ར་ཧཱུྃ་ལས་འཇིག་རྟེན་དབང་ཕྱུག་ལྕེ་སྦྱོང་ཞིང་རོའི་མངོན་ཤེས་སྟེར་བའོ། །ནུབ་བྱང་དུ་ཨོཾ་ཨཱཿཧཱུྃ་མན་ཛུ་ཤྲི་ཧཱུྃ་ལས་འཇམ་པའི་དབྱངས་ཐམས་ཅད་དུ་འཇུག་པའི་ཡིད་སྦྱོང་ཞིང་གཞན་གྱི་སེམས་ཤེས་རྩོལ་བ་སྟེ་གཉིས་ཀ་འོད་དཔག་མེད་ལྟ་བུའོ། །བྱང་དུ་ཨོཾ་ཨཿཨོཾ་སརྦ་གྷྃ་བྷི་ར་ཧཱུྃ་ལས་སྒྲིབ་པ་ཐམས་ཅད་སེལ་བ་ལུས་དག་པར་བྱེད་ཅིང་རྡོ་རྗེའི་ལུས་རྩོལ་བའོ། །བྱང་ཤར་དུ་ཨོཾ་ཨཱཿསཾ་ས་མན་ཏ་བྷ་ཏྲ་ཧཱུྃ་ལས་ཀུན་ཏུ་བཟང་པོ་ཚིག་རྣམས་སྦྱོང་ཞིང་ལུས་ཀྱི་རྫུ་འཕྲུལ་སྟེར་བར་མཛད་པ་སྟེ་གཉིས་ཀ་རྔ་སྒྲ་ལྟ་བུའོ། །སྒོ་དང་འཚམས་སུ། །ཨོཾ་ཨཿཡ་མན་ཏ་ཀྲིད་ཧཱུྃ་ཕཊ་ལས་གཤིན་རྗེ་གཤེད་ནག་པོ་ཞལ་གསུམ་ཕྱག་དྲུག་པ་གཡས་དཀར་གཡོན་དམར་བ་གཡས་རྣམས་དབྱུག་པ་རྡོ་རྗེ་འཁོར་ལོ་གཡོན་ཐུགས་ཀར་སྡིག་འཛུབ་དང་བཅས་པའི་ཞགས་པ་དང་། དྲིལ་བུ་དགྲ་སྟ་ཅན་དབང་པོའི་གདོན་སྐྲག་པར་མཛད་པ་ཤར་དུའོ། །ཨོཾ་ཨཱཿཔྲ་ཛྙྱ་ཏ་ཀྲིད་ཧཱུྃ་ཕཊ་ལས་ཤེས་རབ་མཐར་བྱེད་དཀར་པོ། གཡས་ནག་གཡོན་དམར་བ་ཕྱག་གཡས་རྡོ་རྗེ་དབྱུག་པ་རལ་གྲི། གཡོན་ཐུགས་ཀར་སྡིག་འཛུབ་དང་བཅས་པའི་ཞགས་པ་དང་། དྲིལ་བུ་དགྲ་སྟ་ཅན། གཤིན་རྗེའི་གདོན་བཅོམ་ནས་ལྷོ་སྒོ་རུའོ། །ཨོཾ་ཨཿཔད་མན་ཏ་ཀྲིད་ཧཱུྃ་ཕཊ་ལས་རྟ་མགྲིན་དམར་པོ་གཡས་ནག་གཡོན་དཀར་པོ། ཕྱག་གཡས་པད་མ་རལ་གྲི་གཏུན་ཤིང་། གཡོན་སྙེམས་པ་དང་བཅས་པས་དྲིལ་བུ་དང་དགྲ་སྟ་ཞགས་པ་ཅན། ཀླུ་རྣམས་སྐྲག་པར་མཛད་པ་ནུབ་ཀྱི་སྒོ་རུའོ། །ཨོཾ་ཨཿབིག་ནན་ཏ་ཀྲིད་ཧཱུྃ་ཕཊ་ལས་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་ཁུ་ཞལ་གཡས་དམར་གཡོན་དཀར་བ། ཕྱག་གཡས་གསུམ་སྣ་ཚོགས་རྡོ་རྗེ། འཁོར་ལོ་གཏུན་ཤིང་། གཡོན་གསུམ་སྡིག་འཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་དགྲ་སྟ་ཅན། བགེགས་ཕུར་བུས་འདེབས་པ་བྱང་གི་སྒོ་རུའོ། །ཨོཾ་ཨཿཨརྻ་ཨ་ཙ་ལ་ཧཱུྃ་ཕཊ་ལས་མི་གཡོ་བ་སྔོན་པོ་ཞལ་གཡས་དམར་བ་གཡོན་དཀར་བ། ཕྱག་གཡས་གསུམ་ན་རལ་གྲི་རྡོ་རྗེ་འཁོར་ལོ་གཡོན་གསུམ་ན་སྡིག་འཛུབ་དགྲ་སྟ་ཞགས་པ་ཅན། ཡམས་ལ་སོགས་པ་བཅོམ་ནས་ཤར་ལྷོ་འཚམས་སུ་བཞུགས་སོ། །ཨོ་ཨཿཏ་ཀྲི་ར་ཙ་ཧཱུྃ་ཕཊ་ལས་འདོད་པའི་རྒྱལ་པོ་སྔོན་པོ་ཞལ་གཡས་དཀར་གཡོན་དམར་བ། ཕྱག་དང་པོ་གཉིས་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ཅན། གཡས་འོག་མ་གཉིས་རྡོ་རྗེ་རལ་གྲི་གཡོན་ཞགས་པ་ལྕགས་ཀྱུ་ཅན་སྲིན་པོའི་གདོན་སྐྲག་པར་མཛད་པ་ལྷོ་ནུབ་ཏུ་བཞུགས་སོ། །ཨོཾ་ཨཿནི་ལ་དྷན་ཏ་ཧཱུྃ་ཕཊ་ལས་དབྱུག་པ་སྔོན་པོ་མཐིང་ཁ་གཡས་དཀར་གཡོན་དམར་བ། ཕྱག་གཡས་གསུམ་དབྱུག་པ་རལ་གྲི་འཁོར་ལོ། གཡོན་གསུམ་སྡིག་འཛུབ་པད་མ་དགྲ་སྟ་ཅན་ནད་ཀྱི་འཇིགས་པ་བསལ་ནས་ནུབ་བྱང་དུ་བཞུགས་སོ། །ཨོཾ་ཨཿམ་ཧཱ་བ་ལ་ཧཱུྃ་ཕཊ་ལས་སྟོབས་པོ་ཆེ་སྔོན་པོ་ཞལ་གཡས་དམར་གཡོན་དཀར་བ་ཕྱག་གཡས་གསུམ་དབྱུག་པ་རལ་གྲི་འཁོར་ལོ། གཡོན་གསུམ་སྙིང་ཁར་སྡིག་འཛུབ་དང་བཅས་པའི་ཞགས་པ་དང་རལ་གྲི་དགྲ་སྟ་ཅན་སྦྲུལ་གྱིས་བརྒྱན་པ་མཁའ་འགྲོའི་འཇིགས་པ་བཅོམ་ནས་བྱང་ཤར་དུ་བཞུགས་སོ། ཨོཾ་ཨཱཿཨུ་ཤྞི་ཤ་ཙཀྲ་ཝར་ཏི་ཧཱུྃ་ཕཊ་ལས་གཙུག་གཏོར་འཁོར་ལོས་བསྒྱུར་བ་སྔོ་བསངས་ཞལ་གཡས་དཀར་གཡོན་དམར་བ་ཕྱག་དང་པོ་གཉིས་གཙུག་གཏོར་འཛིན་པ་གཡས་འོག་མ་གཉིས་རྡོ་རྗེ་པད་མ་གཡོན་གཉིས་སྡིག་འཛུབ་རལ་གྲི་ཅན་འཚེ་བ་ཐམས་ཅད་བཅོམ་ནས་སྟེང་གི་ཕྱོགས་སུ་བཞུགས་སོ། ཨོཾ་ཨཿསུམ་བྷ་ར་ཙ་ཧཱུྃ་ཕཊ་ལས་གནོད་མཛེས་ནམ་མཁའི་མདོག་ཅན་ཞལ་གཡས་དཀར་གཡོན་དམར་བ་ཕྱག་གཡས་གསུམ་ན་རྡོ་རྗེ་འཁོར་ལོ་རིན་པོ་ཆེ་གཡོན་སྡིག་འཛུབ་དང་བཅས་པའི་ཞགས་པ་དང་པད་མ་རལ་གྲི་ཅན་དུག་དང་བགེགས་ཐམས་ཅད་བཅོམ་ནས་ས་འོག་ཏུ་བཞུགས་སོ། །ཁྲོ་བོ་ཐམས་ཅད་ཉི་མ་ལ་གཡོན་བརྐྱང་པའི་ཞབས་ཀྱིས་བཞུགས་པ་རིན་པོ་ཆེའི་རྒྱན་དང་ཁྲོ་བོ་ཆས་དང་ལྡན་པ། གསུས་པ་འཕྱང་བ་སྤྱན་གསུམ་པ་མཆེ་བ་གཙིགས་པས་འཇིགས་པར་བྱེད་པའོ། །ལྷ་ཐམས་ཅད་ཀྱང་སྟེང་འོག་དང་རེག་རྡོ་རྗེ་མི་བསྐྱོད་པས་བརྒྱན་པའོ། །ཤར་དང་མེ་རྣམས་རྣམ་སྣང་ལྷོ་དང་བདེན་བྲལ་གྱི་ལྷ་རྣམས་ལ་རིན་ཆེན་འབྱུང་ལྡན། ནུབ་དང་རླུང་གི་རྣམས་འོད་དཔག་མེད། བྱང་དང་དབང་ལྡན་རྣམས་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན་ནོ། །དེ་ལྟར་གཞན་གྱི་དོན་ཕུན་སུམ་འཚོགས་པའི་དཀྱིལ་འཁོར་ཐམས་ཅད་བསྐྱེད་ནས་སྐུ་གསུང་ཐུགས་བྱིན་བརླབས་དང་ཡེ་ཤེས་སེམས་དཔའ་རང་ཆས་སུ་གནས་པའོ། །ཏིང་འཛིན་སེམས་དཔའ་ནི་ཐུགས་ཁར་སོ་སོའི་ས་བོན་བཀོད་དེ་ངག་གི་བཟླས་པ་ལ་སྤྲོ་བསྡུའི་ཚེ་དགོས་ཕྱིར་རོ། །དེ་ལྟར་གསལ་བར་བསྒོམ་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ཏོ། །འདི་རྣམས་ནི་ཕྱི་རོལ་ཏུ་ལུས་རྫོགས་པའི་སྐྱེས་བུ་བུ་དང་བུ་མོ་འབྱིན་པ་དང་ལས་ཐམས་ཅད་བྱེད་པའི་འཁྲུལ་པའི་སྦྱོར་བ་དང་། མཐར་ཐུག་ཡེ་ཤེས་ཐོབ་པ་ན་གཟུགས་ཀྱི་སྐུ་རྣམ་པ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་ཚུལ་བརྗོད་པ་ཡིན་ནོ། །ཡང་ལྷའི་སྐུ་རྫོགས་པ་ནི་ཕྱག་རྒྱ་ཆེན་པོའོ། བཙུན་མོ་ནི་དམ་ཚིག་གི་ཕྱག་རྒྱ་སྔགས་ཀྱི་ཡི་གེ་ནི་ཆོས་ཀྱི་ཕྱག་རྒྱ་སྣ་ཚོགས་པའི་སེམས་ཅན་གྱི་དོན་བྱེད་ཅིང་ བསྒྲུབ་པ་ལས་ཀྱི་ཕྱག་རྒྱའོ། །དེ་ལྟར་རྒྱས་བཏབ་པ་ནི་གཞན་གྱི་དོན་སྒྲུབ་པར་བྱེད་པའོ། །དེ་ནས་ཕྲ་མོའི་རྣལ་འབྱོར་བསྒོམས་ཏེ་སྔར་བསྟན་པ་ལྟར་ལྷ་ཐམས་ཅད་ཀྱི་མཁའ་གསང་བྱིན་གྱིས་བརླབས་ནས་བདེ་བ་ཆེན་པོའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་བདག་གི་གསང་བར་ཡུངས་དཀར་གྱི་ཚད་ཙམ་ཡི་གེ་གསུམ་གྱིས་མཚན་པ་བསྒོམ་མོ། །སྣ་ཡི་རྩེ་མོར་ཡུངས་དཀར་བསམ། །འགྲོ་དང་མི་འགྲོ་ཡུངས་དཀར་ལ། །གསང་བའི་སྔགས་ཀྱིས་བཏགས་པ་ཡི། །ཡེ་ཤེས་མཆོག་གི་གནས་བསྒོམ་མོ། །ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་ཀྱི་ཕྲ་མོའོ། །རླུང་གི་ཕྲ་མོ་ནི་རང་ཉིད་དང་ལྷ་ཐམས་ཅད་ཀྱིའང་རུང་སྟེ་སྟེང་གི་སྣ་རྩེར་རླུང་ལྔའི་ངོ་བོ་ཁ་དོག་ལྔ་དང་ལྡན་པ་ཡུངས་དཀར་ཙམ་ལ་བརྟན་པར་བཞག་ལ། སེམས་བརྟན་པར་གྱུར་པ་དང་། ཁ་དོག་ལྔ་དང་ལྡན་པའི་འོད་རྒྱ་ཆེར་སྤྲོས་ལ་སྣོད་དང་བཅུད་ཐམས་ཅད་ཁྱབ་ནས་ལྷའི་དཀྱིལ་འཁོར་གྱི་སྤྲིན་དུ་གསལ་བར་བསྒོམ་པར་བྱའོ། །རིན་ཆེན་ཁ་དོག་རྣམ་པ་ལྔ། ཡུངས་དཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །རིན་ཆེན་ལྡན་པར་གྱུར་ནས་སྤྲོ། །བརྟན་པར་མ་གྱུར་དེ་མི་སྤྲོ། །སངས་རྒྱས་འབར་བའི་འོད་མཉམ་པ། །རབ་མཆོག་སྤྲིན་ནི་སྤྲོ་བར་བྱ། །ཞེས་གསུངས་པ་ནི་ཡེ་ཤེས་ཀྱི་རིམ་པ་རྡོ་རྗེའི་བཟླས་པའོ། །རྫོགས་རིམས་ནི་འདིར་མི་བརྗོད་དོ། དེ་ནས་ངག་གི་བཟླས་པ་ནི་སྤྲོ་བསྡུ་དང་ལས་སོ་སོ་ལ་དམིགས་པ་གང་ཡང་རུང་བ། ཨོཾ་ཨཿབཛྭ་དྷིག་ཧཱུྃ་ཕཊ་སྭ་ཧཱ་ཞེས་བྱ་བ་ལ་སོགས་པ་སྔར་བརྗོད་པ་བཟླས་སོ། །དེ་ཡང་ཞི་བ་སྒྲ་ཆུང་ངུ་དང་ཁྲོ་བོ་དྲག་ཏུ་བཟླས་པར་བཤད་དོ། །དེ་ནས་དཀྱིལ་འཁོར་དང་བཟླས་པའི་རིམ་པར་འཛིན་པ་དེ་དོན་དམ་པར་འཇུག་པ་ནི། གཙོ་བོའི་གནས་ལྔ་ན་ས་བོན་གནས་པ་ཐམས་ཅད་སྙིང་ཁའི་ཧཱུྃ་ལ་འོད་ལྔ་དང་ལྡན་པའི་ཐིག་ལེར་བསྡུས་ལ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་བསྒོམ་མོ། །དེ་ལྟར་དེ་བཞིན་ཉིད་དུ་ཞུགས་པ་ལ། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་གླུས་བསྐུལ་བར་བྱ་སྟེ། ཐོག་མར་སྤྱན་མས་བྱམས་པ་ཚད་མེད་པས་བསྐུལ་བ། །སེམས་ཅན་ཁམས་ན་གནས་པའི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པ་བདག་ལ་སྐྱབས་ཏུ་གསོལ། མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོན་པར་མཆིས་བཞེད་ན། སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །མ་མ་ཀིས་སྙིང་རྗེ་ཚད་མེད་པས་བསྐུལ་བ། རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་མཆོག་བསྒྲུབ་རབ་ཏུ་ཕན་པར་གཟིགས། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །གོས་དཀར་མོས་དགའ་བ་ཚད་མེད་པས་བསྐུལ་བ། །ཁྱོད་ནི་རྡོ་རྗེ་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་ནི་དགོས་པའི་དོན་མཛད་པ་ལ་རབ་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སྤྱོད་པ་དྲི་མེད་ཀུན་ཏུ་བཟང་པོ་བདག་ལ་དགྱེས་པར་མཛད་དུ་གསོལ། །སྒྲོལ་མས་བཏང་སྙོམས་ཚད་མེད་པས་བསྐུལ་བ། །ཁྱོད་ནི་རྡོ་རྗེའི་ཐུགས་ཏེ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་པའི་གདུང་མཆོག་མཉམ་པ་ཉིད་གཟིགས་ལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །ཅེས་བསྐུལ་བ་སྔ་མ་ལྟར་བཞེངས་ནས་དེ་མ་ཐག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་པར་མཛད་དེ། ཐོག་མར་ཞེ་སྡང་རྡོ་རྗེ་རང་ཉིད་ཀྱི་ཐུགས་ཀ་ནས་མི་བསྐྱོད་པ་སྤྲོས་པས་བསྟོད་པ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུང་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱིངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་ཀྱིས་བསྟོད་པ། རྣམ་པར་སྣང་མཛད་རབ་ཏུ་དག །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་འབྱུང་ལྡན་གྱིས་བསྟོད་པ། རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །དངོས་ཉིད་དག་པ་གོས་པ་མེད། །གསང་བའི་གསུང་ལ་ཕྱག་འཚལ་ལོ། །འོད་དཔག་མེད་ཀྱིས། རྡོ་རྗེ་མི་མཆི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་གྲུབ་པས་བསྟོད་པ། རྡོ་རྗེ་དག་པ་གདོན་མི་ཟ། །བསམ་པ་ཐམས་ཅད་རྫོགས་མཛད་པ། །སངས་རྒྱས་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་དེའི་འོག་ཏུ་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་དཀྱིལ་འཁོར་ཐམས་ཅད་ལ་མཆོད་ཅིང་། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པས་ལྷ་ཐམས་ཅད་མཉེས་པར་བྱས་ནས་ཐུན་བསྡུ་བར་འདོད་པས་ཐུགས་ཁའི་ཧཱུྃ་ལས་འོད་འཕྲོས་ནས་དཀྱིལ་འཁོར་ཐམས་ཅད་ལུས་ཀྱི་དཀྱིལ་འཁོར་དུ་བསྡུའོ། །ལུས་ཀྱི་དཀྱིལ་འཁོར་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། དེ་ཧཱུྃ་ལས་བསྡུའོ། །ཡང་དེ་མ་ཐག་ཏུ་ཧཱུྃ་ལས་འོད་ཟེར་བྱུང་ནས་ཡི་གེ་ཧཱུྃ་གིས་ནམ་མཁའི་ཁམས་བཀང་སྟེ་སེམས་ཅན་ཐམས་ཅད་ལ་ཐིམ་པས་རྡོ་རྗེ་སེམས་དཔའ་ཞལ་ཅིག་ཕྱག་གཉིས་པར་གྱུར་ཏེ་ཐམས་ཅད་བསྡུས་ནས། མགོན་པོ་བདེ་བ་ཆེན་པོ་ཅིག་ཏུ་ཞུགས་པར་གྱུར་ཏོ། །རིམ་པ་འདི་རྣམས་ནི་འདིར་བདག་ཉིད་ཆེན་པོ་ཀླུ་གྲུབ་ཀྱིས། མིར་གྱུར་པ་ཁམས་བཞི་བརྟས་པར་བྱེད་པའི་ཕྱིར། གཉིད་དང་བཟའ་བ་དང་རེག་པ་དང་ཡིད་ལ་བྱེད་པས་ཡང་ནས་ཡང་དུ་བསྐུལ་བ་དེ་སྦྱོང་བའི་ཕྱིར་ལྷ་མོས་བསྐུལ་བ་དང་། གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་དེས་བརྟས་པས་ན་སངས་རྒྱས་ལྔས་བསྟོད་པར་མཛད་པ་ཉིད་དུ་དགོངས་ནས་རིམ་པ་འདི་མཛད་དོ། །དྲི་མ་མེད་པའི་འོད་དུ་ཀླུའི་དོན་སྐྱེ་བའི་སྐབས་སུ་རླུང་བཞིས་བསྐུལ་བར་གསུངས་སོ། །ཐུན་བསྡུ་བའི་རིམ་པ་ནི་ལུས་ཅན་རྣམས་འཆི་བ་ན། ཐོག་མར་ཡན་ལག་བྲི་བས་ཚིགས་ཉམས་པ་དང་། དེ་ནས་སྣང་བ་ཐིམ་པ་དང་དེ་ནས་རགས་པ་ཐིམ་པ་དང་། ཕྲ་བ་སྣང་མཆེད་ཐོབ་པ་ཐིམ་ནས་འོད་གསལ་བ་ལ་འཇུག་པའི་རིམ་པ་རྣམས་ཇི་ལྟ་བ་ཡིན་ནོ། དེ་རྣམས་སྦྱངས་པས་སྐུ་བཞི་ཐོབ་པ་སྟེ། གཉིད་ལ་སོགས་པ་སེམས་མེད་པ་ནི་ཆོས་སྐུ། རྨི་ལམ་དང་བར་དོ་དེ་ནི་ལོངས་སྐུ། ཐ་མལ་གྱི་སྣང་བ་ནི་སྤྲུལ་སྐུ། ཆགས་པ་ནི་ཡེ་ཤེས་ཀྱི་སྐུ་སྟེ། །དེས་ན་འདི་སྦྱངས་པས་འཁྲུལ་པ་དག་པར་གྱུར་པས་རྣལ་འབྱོར་ཅན་རྣམས་ཀྱིས་རིམ་པ་དེ་ལྟར་སྦྱང་གཞི་དང་སྦྱོང་བྱེད་ཤེས་པར་བྱས་ཏེ་བསྒོམ་མོ། །ཐུན་བསྡུ་བའོ། །ལས་རྒྱལ་པོ་མཆོག་གི་ཡན་ལག་བརྗོད་པར་བྱ་སྟེ། བསྐྱེད་རྫོགས་བསྒོམ་པའི་ཚེ་ལུས་བསྐམ་པ་དང་གྲེ་བ་སྐམ་པར་གྱུར་ན་སྤྱི་བོར་བམ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ་བཅུད་འོ་མ་ལྟ་བུ་བྱུང་བས་ལུས་གང་བར་བསྒོམས་ནས་ལྕེའུ་ཆུང་ཨོཾ་གྱིས་མཚན་པ་ལས་རླུང་དང་ལྕེས་བདུད་རྩི་བླངས་ནས་མིད་ལ་རླུང་ཁ་སྦྱོར་བསྒོམས་ན་བཅུད་ལེན་དུ་འགྱུར་ཞིང་ཚེ་རིང་བར་བྱེད་དོ། །ཡང་ཟས་མང་དུ་ཟ་ན་ནང་གི་སྦྱིན་བསྲེག་བྱ་སྟེ། བཟའ་བ་ནི་མེ་རླུང་དང་ཡི་གེ་གསུམ་གྱི་སྦྱང་ངོ་། །རང་གི་མགྲིན་པར་ཧྲི་ལ་པད་མ་འདབ་བརྒྱད་བསམས་ཏེ་དེའི་སྟེང་དུ་ཧཱུྃ་ལས་ལྕེ་རྡོ་རྗེ་རྩེ་ལྔར་བསྒོམ། རྩ་གསུམ་འདུས་པ་ནས་མེ་མཉམ་གྱི་རླུང་གིས་མེ་སྤར་ལ། ལུས་ལྷའི་དཀྱིལ་འཁོར་མཉེས་པར་བྱའོ། །ལྷག་མ་ནི་ཁ་སྦྱོར་གྱི་རླུང་གིས་བཏུལ་བས་མ་ཞུ་བ་མེད་ཅིང་དུག་ཀྱང་འཕྲོག་པར་བྱེད་དོ། །འདིར་བྱེ་བྲག་ཏུ་བསྟན་པ་ནི་རྡོ་རྗེ་ཕྲེང་བ་ལས་རྣལ་འབྱོར་པ་ཐོག་མར་ཚེ་བསྒྲུབས་ན་ལས་ཐམས་ཅད་འགྲུབ་པར་གསུངས་པའི་དོན་གྱིས་བརྗོད་དོ། །ཞི་རྒྱས་དང་གྲུབ་པ་བརྒྱད་དང་ཕྱི་རོལ་གྱི་གཏོར་མ་གཞན་དུ་བསྟན་ཏོ། །ཟབ་མོ་རྫོགས་པའི་རིམ་པ་ནི་རིམ་པ་ལྔ་དང་བླ་མའི་མན་ངག་ལས་རྟོགས་པར་བྱའོ། །གསང་བ་འདུས་པའི་རྒྱུད་ལས་འཕགས་པ་ཀླུ་གྲུབ་ཀྱིས་བསྡུས་པའི་མདོར་བྱས་པའི་བསྒྲུབ་ཐབས་དང་། མདོ་བསྲེ་དང་། ཨརྻ་དྷེ་བའི་བསྒྲུབ་ཐབས་རིམ་བཞི་རྣམས་ཀྱི་དོན་ཕྱོགས་ཅིག་ཏུ་གསལ་བར་བསྡུས་པ། བསྒྲུབ་པའི་ཐབས་ཕྱི་ནང་གཞན་གསུམ་གསལ་བ་རྫོགས་སོ།། །།བླ་མེད་རྒྱུད་རྒྱལ་གསང་བ་འདུས་པ་ལ། །རྡོ་རྗེ་ཕྲེང་སོགས་བཤད་པའི་རྒྱུད་རྣམས་དང་། །བླ་མའི་གསུང་དང་རང་གི་ཡེ་ཤེས་མཐུས། །འཕགས་པ་ཀླུ་གྲུབ་ཐུགས་རྗེ་མངའ་བས་བསྡུས། །དེ་ཡི་མན་ངག་རྒྱུད་རིམས་ལས་འོངས་པ། དིང་སང་དུས་ན་དོན་དུ་གཉེར་བ་ཉུང་། །དེ་ཕྱིར་བློ་ལྡན་འགའ་ལ་ཕན་སྙམ་ནས། །བསྒྲུབ་པའི་ཐབས་འདི་རང་བྱུང་རྡོ་རྗེས་བྱས། །དེ་ལས་བྱུང་བའི་དགེ་བ་ཅི་ཡོད་པས། །འགྲོ་ཀུན་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །ཕྱི་དང་ནང་གི་རྣམ་བཞག་མང་དུ་ཡོད་པ་བསྒོམ་པ་ལ་མི་བདེ་ཡང་དོན་ངེས་ན་བྱང་ཆུབ་ཏུ་འགྱུར་བ་བྲིས་སོ། །སྤྲེའུ་ལོ་ཟླ་བ་བཅུ་གཉིས་པ་ལ་བདེ་ཆེན་སྟེངས་སུ་སྦྱར་བའོ། །ངག་སྣ་ལ་མ་བརྩེགས་པས་ཡི་གེ་མང་ཙམ་བྱུང་སྟེ་བཟོད་པ་མཛོད། བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག། །།
Notes
- ↑ © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
http://www.leksheyling.net
http://www.dharmadownload.net